ཇ་མཆོད་ཕུན་ཚོགས་འདོད་དགུ་མ་བཅས་བཞུགས་སོ།།

ཆོས་སྤྱོད་དཀར་ཆག

༄། །ཨོཾ་ཨཱཿཧཱུྃ། ཕུན་ཚོགས་འདོད་དགུའི་རྒྱ་མཚོ་ཀུན་གྱི་བཅུད། །ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བྱིན་བརླབས་ནས། །ཡིད་འོང་མཆོད་སྤྲིན་རྒྱ་མཚོ་ཆེན་པོ་འདི། །སྐྱབས་གནས་མཆོད་འོས་རྒྱ་མཚོ་མ་ལུས་མཆོད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྗེ། །རྒྱ་བོད་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། །ཡི་དམ་དཀྱིལ་འཁོར་རྒྱལ་བ་རྒྱ་མཚོའི་ཚོགས། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །སྐྱེ་དགུའི་གཉེན་གཅིག་ཐུབ་དབང་ཤཱཀྱའི་ཏོག །འཕགས་ཡུལ་གྲུབ་པའི་གཙུག་རྒྱན་བི་རཱུ་པ། །གངས་ཅན་བསྟན་པའི་མངའ་བདག་ས་སྐྱ་པ། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །རང་བྱུང་རྡོ་རྗེ་ལུས་ཀྱི་ཕོ་བྲང་དབྱིངས། །སྙིང་དབུས་པདྨོར་བཞུགས་པའི་དྲིན་ཅན་རྗེ། །རྩ་ཁམས་དཔའ་བོ་ཌཱ་ཀིའི་ཚོགས་རྣམས་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །མཆོད་བྱ་མཆོད་བྱེད་དག་པ་གདོད་མའི་གཤིས། །གནས་ལུགས་རང་ངོ་ཤེས་པ་མཆོད་པའི་མཆོག །ཟུང་འཇུག་བདེ་ཆེན་རང་སེམས་བླ་མ་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །རྒྱལ་བའི་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་གྲུབ་པའི་ཚོགས་ཀྱི་གྲོགས་མཛད་པ། །གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ལ། །མཆོད་པ་འབུལ་ལོ་དངོས་གྲུབ་རྣམ་གཉིས་སྩོལ། །སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་རོལ་པ་ཤར། །འདོད་ཡོན་བྱང་ཆུབ་བསྒྲུབ་པའི་གྲོགས་སུ་ཤེས། །འདི་འདྲའི་ལམ་བཟང་རྙེད་པ་བླ་མའི་དྲིན། །དགེས་པ་རོལ་ཅིག་རྡོ་རྗེའི་སྤུན་གྲོགས་རྣམས། །ཞེས་པ་འདིའང་བནྡེ་བློ་གསལ་གྱིས་མང་མཁར་ཐུབ་བསྟན་དགེ་འཕེལ་དུ་སྦྱར།། དགེའོ།།  །། 

༈ །ད་ལམ་ར་སྤུར་དཔལ་ས་སྐྱའི་ཆོས་སྤྱོད་ངོ་མཚར་མེ་ཏོག་ཕྲེང་བ་ཞེས་བྱ་བ་འདི་ཉིད་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྡོ་རྗེ་འཆང་མཆོག་ལ་བཀའ་སློབ་དགོངས་སྐོར་ཞུས་ཏེ། ས་ཆོས་མཁན་པོ་ལས་ཐོགས་པ་ངག་དབང་རྒྱལ་མཚན་མཆོག་ནས་ཞུས་དག་ལན་ཤས་གནང་སྟེ། ཕྱི་ལོ་༢༠༡༡ ལོར་དད་ལྡན་མ་སིངྒ་པུར་གྱི་བུ་མོ་ཏང་ཏོང་ཝའི་ནས་རྒྱུ་འགྲོན་གནང་སྟེ། པོད་གྲངས་༡༠༠༠ རིན་མེད་ཆོས་སྦྱིན་དུ་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་ཕུལ་བས་དགེ་བ་གང་ཐོབ་མ་རྒན་སེམས་ཅན་ཐམས་ཅད་བླ་མེད་རྫོགས་བྱང་རིན་པོ་ཆེ་ཐོབ་པའི་རྒྱུ་རུ་བསྔོའོ།།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*