ཇ་མཆོད་བསྐལ་བཟང་འཆི་མེད་མ།

ཆོས་སྤྱོད་དཀར་ཆག

༈ །བསྐལ་བཟང་འཆི་མེད་གངས་ཅན་འགྲོ་བའི་དཔལ། །ཕུན་ཚོགས་དགེ་ལེགས་ཀུན་འབྱུང་མཆོད་པའི་རྫས། །འཇིག་རྟེན་ཁམས་ན་ལྷ་མིའི་བཏུང་བའི་མཆོག །དངོས་དང་ཡིད་ལས་སྤྲུལ་ཏེ་འདི་འབུལ་ལོ། །བཙོ་མ་གསེར་གྱི་མདོག་མཚུངས་རོ་མཆོག་ལྡན། །ངད་ནི་རོ་དྲུག་ལྡན་ཞིང་དྭང་ཆ་སྐྱེད། །ངད་པ་ཧ་རིའི་དྲི་བསུང་ཕྱོགས་བཅུར་གཡོ། །ཡེ་ཤེས་བདེ་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །ཨོཾ་ཡིག་ལས་བྱུང་ཡེ་ཤེས་ལྔ་སྦྱར་བའི། །གཏི་མུག་མུན་པ་སེལ་ཞིང་ཨཱ་ཡུར་སྐྱེད། །གུར་གུམ་མདོག་མཚུངས་ངད་དང་ལྡན་པའི་དཔལ། །ཟག་མེད་བདེ་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །ཨཱཿཡིག་ལས་བྱུང་གསེར་དངུལ་སྣོད་བཟང་ནང་། །ལྷ་ཡི་དཔག་བསམ་ཤིང་དང་འབྲས་བུ་དང་། །ལོ་མ་ལས་བྱུང་ཡན་ལག་བརྒྱད་ལྡན་འདི། །ཟག་མེད་བདེ་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །ཧཱུྃ་ཡིག་ལས་བྱུང་འདོད་པའི་ཡོན་ཏན་ལྡན། །མ་ཧཱ་ཙི་ནའི་བདུད་རྩིའི་ཁྱད་པར་རྫས། །སྟོང་གསལ་སྐྱེད་བྱེད་རྒྱ་ཇའི་མཆོད་པ་འདི། །ཟག་མེད་བདེ་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །ཨ་ཡིག་ལས་བྱུང་ནུས་པ་ཀུན་ལྡན་ཅིང་། །ཀུན་ནས་རྙོགས་བྲལ་དུག་ལྔ་སེལ་བྱེད་པའི། །དྲི་ཞིམ་ཡིད་འོང་རྐང་འཐུང་མཆོད་པ་འདི། །ཟག་མེད་བདེ་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །ཧོ་ཡིག་ལས་བྱུང་ཁ་དོག་དྲི་རོ་ལྡན། །རྣམ་པར་རྟོག་བྲལ་དགའ་བཞི་སྐྱེད་བྱེད་པའི། །པྲྀཀྵའི་བདུད་རྩིས་སྟོང་གསུམ་བཀང་སྟེ་འབུལ། །ཟག་མེད་བདེ་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །ཧྲཱིཿཡིག་ལས་བྱུང་རང་བྱུང་བདུད་རྩིའི་མཆོག །འདོད་དགུ་དཔལ་འབྱུང་རྒྱ་ཇའི་མཆོད་པ་དང་། །གཞན་ཡང་མཆོད་པའི་ལོངས་སྤྱོད་དངོས་པོའི་ཚོགས། །འཛིན་མེད་བློ་ཡིས་འབུལ་གྱི་བཞེས་སུ་གསོལ། །མདོར་ན་མཆོད་པའི་བྱེ་བྲག་དཔག་མེད་རྣམས། །འདྲེན་མཆོག་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང་། །ཡི་དམ་སངས་རྒྱས་སེམས་དཔའ་འཕགས་པའི་ཚོགས། །ཆོས་སྲུང་ནོར་ལྷའི་ཚོགས་ཀྱིས་བཞེས་སུ་གསོལ། །བཞེས་ནས་བདག་དང་མ་གྱུར་འགྲོ་བ་རྣམས། །སྲིད་ཞི་དཔལ་འབྱོར་སྙན་གྲགས་རབ་རྒྱས་ནས། །འཕྲིན་ལས་ཉི་ཟླའི་འོད་ཟེར་ཕྱོགས་བཅུར་ཁྱབ། །ཚེ་རབས་ཀུན་ཏུ་བདེ་བའི་ལམ་བགྲོད་ཤོག །འཆི་མེད་སྲིད་པའི་གདུང་སེལ་བདུད་རྩིའི་མཆོག །འཆི་མེད་རྒྱ་ཇའི་མཆོད་སྤྲིན་རྒྱས་པར་འབུལ། །འཆི་མེད་གྲོང་དུ་བདེ་བླགས་འགོད་ནུས་པའི། །འཆི་མེད་ཆོས་སྐུ་མྱུར་དུ་འགྲུབ་པར་ཤོག། 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*