གཞི་གསུམ་ཟུར་བཀོལ།

ཆོས་སྤྱོད་དཀར་ཆག 

༄༅། །གཞི་གསུམ་སྐབས་གྲྭ་པ་དཀྱུས་མ་བསྒྲིགས་རྒྱུག་རྣམས་ཀྱིས་བློ་འཛིན་ཟུར་བཀོལ་བཞུགས་སོ།།

༄༅། །ནཱ་མསྶ་སརྦ་ཛྙཱ་ཡ། གཞི་གསུམ་སྐབས་གྲྭ་པ་དཀྱུས་མ་བསྒྲིགས་རྒྱུག་རྣམས་ཀྱིས་བློ་འཛིན་ཟུར་བཀོལ་ལ། ཕྱིར་བཅོས་དུས་གཡས་གྲལ་ལ་དགེ་སློང་རྒན་པ་དགེ་འདུན་དུ་ལོངས་པ་སྟེ་བཞི་ཡན་ཆད་ཙོག་པུར་འདུད་རྒྱས་བཞུགས། གཡོན་གྲལ་ནས་གཞོན་པ་དུ་ཡོད་ཀྱིས་ཕྱག་གསུམ་བཙལ་ལ། འགྲེང་སྟེ་འདུད་རྒྱས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་རྣམས། ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད། རྒན་པའི་གྲལ་འགོ་མས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་པའི་མཐར་གཞོན་པ་རྣམས་ཀྱིས་པུས་བཙུགས་འདུད་རྒྱས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས། ཕམ་ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། ། ཞེས་ལན་གསུམ་བཟླ། ལེན་པ་པོས། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ་ཞེས་དྲི། འཆགས་པ་པོས་མཐོང་ལགས། ལེན་པ་པོས་ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། འཆགས་པ་པོསསྡོམ་ལགས་ཞེས་དང་། ལེན་པ་པོས། ཐབས་ཡིན་ནོ། །འཆགས་པ་པོསལེགས་སོ་ཞེས་བརྗོད། ཡང་གཞོན་པ་རྣམས་ཕྱག་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་སོགས་ནས་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། རྒན་པའི་གྲལ་འགོ་མས། ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས་ཞེས་དང་། ཡང་ཕྱག་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་སོགས་ནས་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་དང་། ལེན་པ་པོས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་དང་། གཞོན་པ་རྣམས་པུས་བཙུགས་འདུད་རྒྱས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་སོགས་ནས་ཉོན་མོངས་པ་མང་བའི་དབང་གིས། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བ་བྱུང་བ་དེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་གསོ་སྦྱོང་མཛད་ལ། སླད་ཀྱི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་ལན་གསུམ་བཟླས་ལ་ལེན་པ་པོས་ཐབས་ཡིན་ནོ་ཞེས་དང་། འཆགས་པ་པོས་ལེགས་སོ། ། ཞེས་བརྗོད། སྔར་བཞིན་གཞོན་པ་རྣམས་ཀྱིས་ཕྱག་གསུམ་དང་། འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་སོགས་ནས་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཞེས་དང་། རྒན་པའི་གྲལ་འགོ་ནས། ཆོས་བཞིན་འདུལ་བ་བཞིན་སོགས་བརྗོད། དེ་ནས་གཞོན་པ་རྣམས་ཙོག་པུར་འདུད་རྒྱས་བཞུགས་པ་ལ། རྒན་པ་རྣམས་བཞེངས་ཏེ་ཕྱག་དབབ་གསུམ་འགྲེང་སྟེ་འདུད་རྒྱས་ཞུ་བ་སོགས་སྔར་བཞིན་གྱིས་ཕྱིར་བཅོས་དང་བྱིན་རླབས་གཉིས་ཀ་བྱ་ཞིང་། གཞོན་པའི་གྲལ་འགོ་མ་དེས་ལན་རྣམས་བྱ། རྒྱུན་ཆགས་གསུམ་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། ། དབྱངས་དང་བཅས་པས་ཚིགས་བཅད་རེའི་མཐར་ཕྱག་འཚལ་ཞིང་། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པའི་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་སོགས། ཤེར་སྙིང་མཇུག་ཏུ། མཁན་པོས། དགེ་བར་གསུང་ཤིག་ཅེས་བསྐུལ་ཏེ་ཐམས་ཅད་ཀྱིས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག།  ༈ །ས་ལ་པུས་བཙུགས་ལག་གཡོན་སྐྱབས་སྦྱིན་དང་། གཡས་མཆོག་སྦྱིན་གྱི་ཕྱག་སྟབས་ཀྱིས། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་བཟའ་བཏུང་འདོད་པའི་ཡོན་ཏན་དུ་མས་གང་བར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ། གཉུག་མར་གནས་པའི་ལྷ་མོ་འཕྲོག་མ་ལ་སོགས་པ་གནས་དང་གཞིའི་བདག་པོ་དང་། གཞན་ཡང་ནགས་ཚལ་དང་། རི་བོ་དང་། ཆུ་ཀླུང་དང་། ངམ་གྲོག་ལ་སོགས་པར་འཁོད་པའི་འབྱུང་པོ་གཏོར་མ་ཟ་བར་འདོད་པ་རྣམས་ཀྱི་ཞལ་དུ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་དང་མཆོག་སྦྱིན་བསྐོར་ཏེ་སེ་གོལ་ཁ་སྦུབ་ཏུ་སྡེབ་པས་ཕུལ་ནས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ། ཅེས་དང་།།  ༈ །མདོའི་མཇུག་ཏུ། ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་གྲུབ་པ་གང་ཡོད་པ། །དེས་ནི་མར་གྱུར་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བསྔོའོ།།  ༈ །དགེ་ཚུལ་གྱི་ཕྱིར་བཅོས་ནི། དགེ་ཚུལ་ཇི་ཡོད་ཀྱིས་ཕྱག་གསུམ་བཙལ་ལ། འགྲེང་སྟེ་འདུད་རྒྱས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། མཁན་པོས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་པའི་མཐར་དགེ་ཚུལ་རྣམས་ཀྱིས་པུས་བཙུགས་འདུད་རྒྱས། མཁན་པོའམ་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་ཉེས་བྱས་གང་དང་གང་བྱུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། མཁན་པོའམདགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། ། ལན་གསུམ། ༈ །མཁན་པོས། ཉེས་བྱས་དེ་དག་ལ་ཉེས་བྱས་དེ་དག་ཏུ་གཟིགས་ལགས་སམ་ཞེས་དྲི། འཆགས་པ་པོས། མཐོང་ལགས། ༈ མཁན་པོས། ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། འཆགས་པ་པོས། སྡོམ་ལགས། ༈ མཁན་པོས། ཐབས་ཡིན་ནོ། ། འཆགས་པ་པོས། ལེགས་སོ། ། ཕྱག་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་སོགས་ནས་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། མཁན་པོས། ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས་ཞེས་བརྗོད། ༈ དགེ་ཚུལ་གྱི་གསོ་སྦྱོང་ནི། ཡང་ཕྱག་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་རྣམས། གསོ་སྦྱོང་གི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་དང་། མཁན་པོས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་དང་། པུས་བཙུགས་འདུད་རྒྱས། མཁན་པོའམ་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ །ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་མཁན་པོའམ་དགེ་འདུན་བཙུན་པ་རྣམས་ཀྱིས་གཟུང་དུ་གསོལ། ཞེས་ལན་གསུམ་དང་། མཁན་པོས། ཐབས་ཡིན་ནོ། ། འཆགས་པ་པོས། ལེགས་སོ་ཞེས་བརྗོད་པར་བྱའོ། །ཕྱག་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་སོགས་ནས་གསོ་སྦྱོང་གི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས་ཞེས་དང་། མཁན་པོས། ཆོས་བཞིན་འདུལ་བ་བཞིན་སོགས་བརྗོད། མདོ་རྗེས་མའི་མཇུག་ཏུ། སོ་སོར་ཐར་པ་བཏོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མ་བྱེད་པར་འགྱུར། །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བཏོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པའི། །ཚུལ་ཁྲིམས་དེ་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །རང་གཅིག་པུ་གཞན་དུ་འགྲོ་བའི་ཚེ་གསོ་སྦྱོང་བྱིན་རླབས་བྱེད་ན། ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོར་ཐར་པའི་མདོ་འདོན་པ་ཡང་འདོན་པར་བགྱིའོ། ། ཞེས་ལན་གསུམ་བརྗོད་ཅིང་ཡིད་ལ་བསམ་མོ། །ཡང་དགེ་སློང་གཉིས་དང་གསུམ་ཡོད་ན་ཕན་ཚུན་གཅིག་གི་མདུན་དུ་གཅིག་འདུག་སྟེ། བཙུན་པ་དགོངས་སུ་གསོལ། ཞེས་དང་། མཐར་བཙུན་པས་བཟུང་དུ་གསོལ་ཞེས་བརྗེ་ཞིང་ཐབས་ལེགས་བྱའོ།། 

༈ །དབྱར་ཁས་བླང་བ་ནི། དབྱར་བདག་གཉིས་ཀྱིས་མཁན་པོ་ལ་ཕྱག་གསུམ་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དབྱར་ཁས་ལེན་གྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད། མཁན་པོས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་དང་། དབྱར་བདག་གཉིས་ནས་པུས་བཙུགས་འདུད་རྒྱས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བདག་ཅག་གི་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་སོགས་དང་། དབྱར་བདག་སོགས་དགེ་སློང་གཞན་ལས་ལེན་པ་རྣམས་ཀྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ་སྦྱིན་པའི་བདག་པོ་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་ཞེས་བགྱི་བ་དང་། ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་དང་བཅས་པ་དུ་མ་དང་། ཞལ་ལྟ་བ་ཆེ་གེ་མོ་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་དེ་རཱ་དུན་ནང་ཁུལ་ཞེས་བགྱི་བ་དང་། བྲོ་གཡོག་པ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་འདི་རྣམས་ལ་བརྟེན་ནས་བདག་གིས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད་ནས། མཁན་པོས། ཐབས་ཡིན་ནོ། །ཞེས་དང་། ཁས་ལེན་པ་པོས། ལེགས་སོ་ཞེས་བརྗོད་པར་བྱའོ། །ཡང་ཕྱག་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དབྱར་ཁས་ལེན་གྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཞེས་དང་། མཁན་པོས། ཆོས་བཞིན་འདུལ་བ་བཞིན་མཛད་པ་ལ་རྗེས་སུ་ཡི་རངས། ཞེས་བརྗོད། དགེ་ཚུལ་ལ་དེས་འགྲེ། ༈ །དབྱར་ནང་ནས་རང་གཅིག་པུ་ཕྱི་རོལ་ཏུ་ཞག་བདུན་ཚུན་ཆད་འགྲོ་དགོས་བྱུང་ན་བྱིན་རླབས་ནི། དབྱར་བདག་སོགས་དགེ་སློང་དེ་རང་ལས་རྒན་ན་ཕྱག་དང་གཞོན་ན་ཕྱག་དབབ་གསུམ་དང་འགྲེང་སྟེ་འདུད་རྒྱས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དབྱར་གནས་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་བརྗོད། དབྱར་བདག་སོགས་བྱིན་རླབས་གནང་བ་པོས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་དང་། བྱིན་རླབས་ཞུ་བ་པོ་ཙོག་པུར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱིས་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་། གནང་བ་པོས། ཐབས་ཡིན་ནོ། །ཞེས་དང་། ཞུ་བ་པོས། ལེགས་སོ། །ཞེས་བརྗོད་པར་བྱའོ། །ཡང་ཕྱག་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དབྱར་གནས་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། གནང་བ་པོས། ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། ཞེས་བརྗོད།།  ༈ །དགག་དབྱེའི་སྦྱོར་ཆོག་ཚོགས་འཕྲལ་ཟིང་ཕྱག་གི་རྗེས་སུ་འགྲེང་འདུད་ཀྱིས། དབྱར་དགེ་འདུན་གྱི་ནང་དུ་ཚུལ་བཞིན་མ་གྱུར་པའི་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། །ཞེས་བརྗོད། ༈ །དགག་དབྱེའི་སྔགས་དངོས་ནི། དབྱར་བདག་གཉིས་ནས་མཁན་པོ་ལ་ཕྱག་གསུམ་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དགག་དབྱེ་བྱ་བའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་དང་། མཁན་པོས། ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་པའི་མཐར་པུས་བཙུགས་འདུད་རྒྱས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བདག་ཅག་གི་མཁན་པོ་དགོངས་སུ་གསོལ། ཞེས་དང་། གཞན་ལས་ལེན་པ་རྣམས་ཀྱིས། བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིས་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་བརྗོད་པ་དང་མཁན་པོས། ཐབས་ཡིན་ནོ། །ཁས་ལེན་པ་པོས། །ལེགས་སོ། །ཞེས་བརྗོད། ཡང་ཕྱག་དང་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེའི་གསལ་བྱེད་སོགས་ནས་དགག་དབྱེ་བྱ་བའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། ཞེས་དང་། མཁན་པོས། ཆོས་བཞིན་འདུལ་བ་བཞིན་མཛད་པ་རྗེས་སུ་ཡི་རངས། ཞེས་བརྗོད་དོ། །དགེ་ཚུལ་ལ་དེས་འགྲེ།     ༈ །ལྟུང་བའི་དགག་དབྱེའི་ལན་ཚོགས་པས། ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །རྫས་ཀྱི་དགག་དབྱེའི་ལན་ནི། ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་།། ༈ །སོ་ཐར་སྡོམ་རྒྱུན་གསོལ་འདེབས་དད་གསུམ་ཀརྞི་ཀའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།།

༈ །མཁྱེན་པའི་རལ་གྲིས་མ་རིག་གཡུལ་ལས་རྒྱལ། །བརྩེ་བའི་ཆུ་རྒྱུན་སྐལ་ལྡན་གདུལ་བྱའི་གཉེན། །ནུས་མཐུའི་དབང་ཕྱུག་ས་སྐྱ་པཎྜི་ཏ། །ཀུན་དགའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །བསྟན་པའི་བདག་པོ་ཐུབ་དབང་ཤཱ་རིའི་བུ། །སྒྲ་གཅན་འཛིན་གཉིས་འཕགས་པ་ཀླུ་སྒྲུབ་ཞབས། །གུ་ཎ་མི་ཏྲ་རིན་ཆེན་བཤེས་གཉེན་དང་། །ཆོས་ཀྱི་བཟང་པོ་རྣམས་ལ་གསོལ་བ་འདེབས། །གུ་ཎ་པ་ཏི་ཆོས་ཀྱི་ཕྲེང་བ་དང་། །འབྱུང་གནས་སྦས་པ་ཁ་ཆེ་པཎ་ཆེན་ཞབས། །ས་སྐྱ་པཎ་ཆེན་འོད་ཟེར་རྒྱལ་མཚན་དང་། །མཉམ་མེད་གྲགས་རྒྱལ་རྣམས་ལ་གསོལ་བ་འདེབས། །གཟུངས་ཀྱི་དཔལ་བ་བོ་དོང་དགེ་བཟང་པ། །ཨ་ནནྟ་པ་དང་ནི་ཆོས་རིན་ཆེན། །བརྩོན་འགྲུས་རྒྱ་མཚོ་ཆོས་རྒྱལ་དཔལ་འབྱོར་མཚན། །ནམ་མཁའ་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ནམ་མཁའ་དབང་ཕྱུག་སངས་རྒྱས་འོད་ཟེར་བ། །ཀླུ་སྒྲུབ་འཇམ་དབྱངས་དགའ་བ་གྲགས་རྣམ་པ། །བསོད་ནམས་བཀྲ་ཤིས་བྱམས་པ་བཀྲ་ཤིས་དང་། །དབང་ཕྱུག་ཕུན་ཚོགས་རྣམས་ལ་གསོལ་བ་འདེབས། །གཞན་ཡང་ཐུབ་བསྟན་ལྷ་ཁང་ཆེན་མོ་ཡི། །བསྙེན་རྫོགས་མཁན་བརྒྱུད་ངག་དབང་ཀུན་རྒྱལ་བ། །ཀུན་དགའ་བསྟན་འཛིན་ཀུན་དགའ་ཟླ་འོད་དང་། །བརྩོན་འགྲུས་ཡེ་ཤེས་རྣམས་ལ་གསོལ་བ་འདེབས། །བཀྲ་ཤིས་ཟུང་དང་ཀུན་དགའ་རྣམ་པ་གཉིས། །རིན་ཆེན་ཆོས་འཕེལ་ངག་དབང་གྲགས་པའི་ཞབས། །བསྟན་འཛིན་འོད་ཟེར་བརྩོན་འགྲུས་བཀྲ་ཤིས་ཏེ། །བློ་གྲོས་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །བྱམས་པ་བཀྲ་ཤིས་དམ་ཆོས་འཕེལ་བའི་གཞི། །དཔལ་བཟང་ཕྲིན་ལས་དགེ་འདུན་ཡར་འཕེལ་དང་། །དངོས་གྲུབ་ཡར་འཕེལ་ཐབས་མཁས་ཆོས་འཕེལ་ཏེ། །ཀུན་དགའ་རབ་རྒྱས་རྣམས་ལ་གསོལ་བ་འདེབས། །མཁྱེན་རབ་འཇམ་དཔལ་དབྱངས་དངོས་བཟང་པོའི་ཕུལ། །གསུང་རབ་བུདྡྷའི་མཚན་ཅན་མང་ཐོས་ཞབས། །རིན་བཟང་བུདྡྷ་ཤཱ་ས་དྷ་ར་སོགས། །མཁན་བརྒྱུད་རིམ་པར་བྱོན་ལ་གསོལ་བ་འདེབས།།  ༈ །བསམ་པ་སེམས་བསྐྱེད་ཆོ་ག་རྣམ་དག་ལས། །སྐྱེས་པའི་ངེས་འབྱུང་ཚུལ་ཁྲིམས་བདུད་རྩི་ཡིས། །བདག་རྒྱུད་བྲན་པའི་བསིལ་བ་ཐོབ་པའི་མོད། །འཕགས་པ་དགྱེས་པའི་རྣམ་ཐར་འཛིན་གྱུར་ཅིག །ཐུབ་པའི་དབང་པོས་ཚུལ་ཁྲིམས་ལྡན་པ་ཉིད། །སངས་རྒྱས་འབྱུང་འཕྲད་རྒྱན་རྣམས་ཀུན་གྱི་མཆོག །དྲི་དང་བྱུག་པ་དགའ་བ་ཀུན་གྱི་གནས། །གདུང་བ་བསིལ་ཆུ་འཇིག་རྟེན་ཀུན་གྱིས་བསྟོད། །འགྲོ་བ་དམ་པ་མནོས་ཤིང་སྦྲུལ་གདུག་པས། །འཚེ་བར་མི་ནུས་འོད་དང་གྲགས་བདེ་ཐོབ། །མིག་དང་རྒྱུ་བྱེད་བུམ་པ་བཟང་པོའི་དཔེས། །བསྔགས་པའི་ཡོན་ཏན་ཆོས་ཀུན་རྫོགས་གྱུར་ཅིག །ལྡོག་པའི་ཚུལ་ཁྲིམས་སྒོ་གསུམ་ཉེས་སྤྱོད་བྲལ། །འཇུག་པའི་ཚུལ་ཁྲིམས་ཉན་སེམས་སྒོམ་པ་ཡིས། །ཞི་ལྷག་རྒྱུ་འབྲས་ཚུལ་བསྐྱེད་ལམ་ལྔ་པ། །རྣམ་གྲོལ་ཟད་མི་སྐྱེ་ཤེས་མངོན་གྱུར་ཅིག །ལུས་ལ་ཆོས་གོས་གསུམ་གྱི་བཀྲ་ཤིས་ཤོག །ངག་ལ་སྡེ་སྣོད་གསུམ་གྱི་བཀྲ་ཤིས་ཤོག །སེམས་ལ་བསླབ་པ་གསུམ་གྱི་བཀྲ་ཤིས་ཤོག །ཀུན་ལ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །སྲིད་གསུམ་སྟོན་པ་མཚུངས་མེད་ཤཱཀྱའི་རྒྱལ། །སྦྱང་བའི་ཡོན་ཏན་གྱིས་འཕགས་འོད་སྲུང་སྟེ། །འདུལ་བ་འཛིན་གཙོ་ཨུ་པ་ལི་ལ་སོགས། །འཕགས་ཚོགས་བཀྲ་ཤིས་སྣང་བ་འབར་གྱུར་ཅིག །བསྟན་པའི་རྩ་བ་ལེགས་གསུངས་འདུལ་བའི་ཆོས། །བཤད་དང་ལག་ལེན་གཏན་ལ་ཕབ་པའི་དབྱངས། །ཡང་སྲིད་ལྔ་པ་ལས་བྱུང་དགེ་མཚན་ནི། །སྲིད་གསུམ་གདུལ་བྱའི་རྣ་བར་སྙན་གྱུར་ཅིག ། ཅེས་པ་འདི་ནི་དགེ་སྦྱོང་གི་རྟགས་ཙམ་འཆང་བ་ཝཱ་གིནྡྲས་སྦྱར་བའོ།།  ༈ །ཐུབ་པའི་དབང་པོ་ཤེས་རབ་ཅན་གྱི་མཆོག །སྒྲ་གཅན་འཛིན་དང་བྲམ་ཟེ་སྒྲ་གཅན་འཛིན། །འཕགས་པ་ཀླུ་སྒྲུབ་གུ་ཎ་མི་ཏྲ་དང་། །རིན་ཆེན་བཤེས་གཉེན་ཆོས་ཀྱི་བཟང་པོའི་ཞབས། །གུ་ཎ་པ་ཏི་ཆོས་ཀྱི་ཕྲེང་བ་དང་། །འབྱུང་གནས་སྦས་པ་པཎ་ཆེན་ཤཱཀྱ་ཤྲཱི། །རྡོ་རྗེ་དཔལ་དང་མཁན་ཆེན་འོད་ཟེར་དཔལ། །བསོད་ནམས་དཔལ་དང་བཀྲ་ཤིས་ཚུལ་ཁྲིམས་དང་། །གནས་བརྟན་ཆེན་པོ་ཡེ་ཤེས་རྒྱལ་མཚན་དང་། །ཀུན་མཁྱེན་ཀུན་བཟང་དཔལ་ལྡན་རྡོ་རྗེ་དང་། །དཀོན་མཆོག་འཕེལ་དང་རྒྱལ་བ་ལྷ་ཡི་མཚན། །སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་དང་། །བསོད་ནམས་ལྷུན་གྲུབ་ཤེས་རབ་འབྱུང་གནས་ཞབས། །ཡེ་ཤེས་བཟང་པོ་ཚུལ་ཁྲིམས་དཔལ་བཟང་པོ། །བསོད་ནམས་བཟང་པོ་ནམ་མཁའ་བསམ་གྲུབ་དང་། །སངས་རྒྱས་གྲགས་པ་ངག་དབང་དམ་ཆོས་མཚན། །དཔལ་ལྡན་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་ཏེ། །མཁན་བརྒྱུད་རིམ་བྱོན་རྣམས་ལ་གསོལ་བ་འདེབས། ། ཡང་ན་ས་པཎ་ལས་བརྒྱུད་པའི་སྡོམ་རྒྱུན་གསོལ་འདེབས་ནི། ཤཱཀྱ་ཤྲཱི་ཞེས་པའི་རྗེས་སུ། ས་སྐྱ་པཎ་ཆེན་འོད་ཟེར་རྒྱལ་མཚན་དང་། །གྲགས་པ་རྒྱལ་མཚན་མཁས་གྲུབ་གཟུངས་ཀྱི་དཔལ། །དགེ་ལེགས་བཟང་པོ་ཆོས་རྗེ་ཨ་ནནྟ། །བྱམས་པ་ཆོས་རིན་བརྩོན་འགྲུས་རྒྱ་མཚོའི་ཞབས། །ཆོས་རྒྱལ་དཔལ་འབྱོར་ནམ་མཁའ་རྒྱལ་མཚན་དང་། །ནམ་མཁའ་དབང་ཕྱུག་སངས་རྒྱས་འོད་ཟེར་མཚན། །ཀླུ་སྒྲུབ་རྒྱ་མཚོ་འཇམ་དབྱངས་དགའ་བའི་བཤེས། །གྲགས་པ་རྣམ་རྒྱལ་བསོད་ནམས་བཀྲ་ཤིས་ཞབས། །བྱམས་པ་བཀྲ་ཤིས་དབང་ཕྱུག་ཕུན་སུམ་ཚོགས། །བརྩོན་འགྲུས་ཡེ་ཤེས་སྦྱིན་པ་བཀྲ་ཤིས་དང་། །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་རྗེ། །བསྟན་པའི་རྒྱལ་མཚན་བློ་གྲོས་སྙིང་པོའི་ཞབས། །ཁྱད་པར་ཆོས་འདུལ་བསྟན་པའི་སྒོར་ཞུགས་ནས། །སྟོན་པ་མཆོག་དང་མཛད་པ་མཚུངས་པ་ཡི། །བཀའ་དྲིན་མཉམ་མེད་གཞན་ཕན་སྙིང་པོ་སོགས། ། ཁ་སྐོང་ཤློ་ཀ་འདི་རྟ་ཐུབ་མཁན་ཆེན་མི་ཕམ་ངག་གི་དབང་ཕྱུག་གིས་མཛད་པའོ། །མཁན་བརྒྱུད་རིམ་བྱོན་རྣམས་ལ་གསོལ་བ་འདེབས། ། ཞེས་པའི་ཚིགས་སུ་བཅད་པའང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་སོ།།  །། 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*