༈ །ཨོཾ་སྭསྟི། ཟབ་གསལ་བློ་འདས་སྤྲོས་མཚན་ཉེ་བར་ཞི། །ཇི་ལྟ་ཇི་སྙེད་ཀུན་ཁྱབ་འདུས་མ་བྱས། །ཆོས་དབྱིངས་འཕོ་འགྱུར་མེད་པའི་བྱིན་རླབས་ཀྱིས། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །རྒྱུ་རྐྱེན་ཚོགས་ལས་རྟེན་ཙམ་འབྲེལ་ཙམ་དུ། །སྣང་བར་རང་གདངས་འགགས་མེད་ཟབ་མོའི་དོན། །ནམ་ཡང་ཚད་མར་གྱུར་དེའི་ནུས་མཐུ་ཡིས། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །མཆོག་ཏུ་ཞི་བའི་ཡེ་ཤེས་མངོན་གྱུར་ཀྱང་། །ཡང་སྲིད་ལ་གཞོལ་ཡོན་ཏན་དཔལ་གྱིས་ལྕི། །རྩ་བརྒྱུད་བཅས་པའི་ཐུགས་རྗེའི་དཔུང་བསྐྱེད་ལ། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །གཞི་གཅིག་ཐབས་ཀྱིས་ཟིན་པའི་འབྲས་བུའི་སྐུ། །རྟག་བརྟན་ལྔ་དང་ཁ་སྦྱོར་བདེ་ཆེན་སོགས། །བདུན་ལྡན་རིགས་ཀྱི་བདག་པོའི་བྱིན་རླབས་ཀྱིས། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །ཕྱག་རྒྱ་གྲུབ་པའི་སྙིང་རྗེའི་ཟློས་གར་གཞན། །ལུམ་བཱིའི་ཚལ་དུ་བསྒྱུར་བའི་མཻཿན་ཀ། །བཅུ་གཉིས་མཛད་པས་སྙེམས་དེའི་བྱིན་གྱིས་ཀྱང་། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །འགོག་ལམ་གཉིས་དང་གང་ལ་འཇུག་བྱེད་ཀྱི། །རྗོད་བྱེད་ཐུབ་མཆོག་བདག་པོའི་རྐྱེན་དག་ལས། །བྱུང་དང་བྱུང་མིན་བཅས་པའི་བདེན་པ་ཡི། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །ཕྱིན་སྡུད་བཅུ་ཡིས་ཤུལ་ཆེན་ཀུན་ཏུ་འོད། །རིངས་པར་སྙོགས་དང་མཐོང་རིགས་བརྒྱད་སྲབ་བྲལ། །བྱས་རྟོགས་ཉན་རང་ལམ་ཞུགས་རྣམས་ཀྱི་མཐུས། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །རྫུ་འཕྲུལ་ཞབས་དང་ཡེ་ཤེས་འདྲེན་བྱེད་ཀྱིས། །ངལ་དུབ་མེད་པར་བསྟན་པའི་མེལ་འཚེ་མཁན། །དམ་ཅན་རྒྱ་མཚོའི་འཕྲིན་ལས་མ་གཡེལ་བར། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །གཞན་ཡང་གནག་མིན་སྐྱོང་བའི་འབྱུང་པོ་རྣམས། །བདེན་ཚིག་འདི་ལ་དགྱེས་པའི་མངོན་ཕྱོགས་ནས། །མཐུན་རྐྱེན་ལས་ཀྱི་ཆོ་ག་ཉེར་བསྐྲུན་ཏེ། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །གང་གིས་ནོར་བཟང་སྤྱོད་པས་བཤེས་གཉེན་བསྟེན། །དེ་ཡིས་སྡེ་སྣོད་རྣམ་གསུམ་སོ་སོའི་གཞུང་། །ཇི་བཞིན་དཀྲི་བའི་རྒྱུན་བཟང་མི་ཉམས་པར། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །འགལ་འབྲེལ་དཔྱོད་པའི་རྟོག་གེའི་རིགས་ལམ་གྱིས། །ཤེས་བྱའི་མུ་མཐའ་གཞལ་ལ་བརྩོན་བྱ་ཞིང་། །ལོག་སྒྲུབ་ལོག་འཕྱན་མ་ལོག་ལམ་ཚུད་ནས། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །ཐོས་པ་ཙམ་གྱིས་མཆོག་ཏུ་མི་ལྟ་བར། །ཚེ་གཅིག་སྐུ་བཞིའི་འཇུག་ངོགས་སྙིང་པོའི་ལམ། །སྒྲུབ་བརྩོན་དམ་ལྡན་ས་སྟེང་ཁྱབ་པར་འཕེལ། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །བསྟན་འཛིན་ཞབས་བརྟན་མཛད་ཕྲིན་བཞེད་དོན་དང་། །ཆབས་ཅིག་དགེ་འདུན་སྡེ་རྣམས་དར་ཞིང་རྒྱས། །འགལ་རྐྱེན་ཉེར་ཞི་འདོད་དོན་ཀུན་འགྲུབ་སྟེ། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །བྱང་ཕྱོགས་སྐྱོང་བའི་སྐྱོབས་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོའི་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག ། དེ་ལྟར་གངས་ཁྲོད་བསྟན་པའི་མངའ་བདག་འཇམ་མགོན་ས་སྐྱ་པའི་རིང་ལུགས་རྒྱ་ཆེར་རྒྱས་ཤིང་མེ་ལྟར་འབར་བའི་བདེན་ཚིག་ལྷོ་ཕྱོགས་དྲི་བཞོན་ཞེས་བྱ་བ་འདི་ནི་མདོ་སྨད་མཁས་པའི་དབང་པོ་ས་སྒང་བླ་མ་ངག་དབང་མཆོག་ལྡན་གང་གི་བཞེད་བསྐོང་ཕྱིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་གུ་ཎ་པ་ཆེན་པོས་རྗེས་སུ་བཟུང་བའི་བཀའ་འབངས་གཟིམ་འོག་སྤྲུལ་མིང་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས་སུ་འབོད་པས་སྣ་ཚོགས་དབྱིག་ཅེས་པ་ཤིང་མོ་སྦྲུལ་གྱི་ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་དྲང་སྲོང་ཕུར་བུ་རྒྱུ་སྐར་རྒྱལ་དང་འགྲོགས་པའི་འགྲུབ་སྦྱོར་བཟང་པོའི་ཉིན་གྲུབ་པར་བགྱིས་པ་འདིས་ཀྱང་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.