ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པའི་བསྟན་རྒྱས་བདེན་ཚིག

ཆོས་སྤྱོད་དཀར་ཆག

༈ །ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པའི་བསྟན་པ་རྒྱས་པའི་བདེན་ཚིག་བཞུགས་སོ།།

༈ །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང་། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་སྤྱད་གྱུར་དང་། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བུ་དང་བུ་མོ་ཆུང་མ་དང་། །ནོར་དང་གླང་ཆེན་ཤིང་རྟ་དང་། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བསྐལ་པ་བྱེ་བ་དུ་མར་བདག །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང་། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་གིས་ཚུལ་ཁྲིམས་བརྟུལ་ཞུགས་དང་། །དཀའ་ཐུབ་ཡུན་རིང་བསྟེན་བྱས་ཤིང་། །ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བཟོད་བརྟུལ་རྟག་ཏུ་བསྟེན་བྱས་ཤིང་། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །སེམས་ཅན་ངན་བཟོད་བྱས་གྱུར་པས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་སྔོན་བརྩོན་འགྲུས་དང་ལྡན་པས། །རྟག་ཏུ་བརྟན་ཅིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །བདག་བསྟན་ཡུན་རིང་འབར་གྱུར་ཅིག །བསམ་གཏན་རྣམ་ཐར་གཟུགས་མེད་དང་། །ཏིང་འཛིན་གངྒཱའི་བྱེ་སྙེད་པ། །བསྒོམ་པ་དེའི་མཐུས་བདག་གི་ནི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཡེ་ཤེས་དོན་དུ་བདག་གིས་སྔོན། །དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང་། །བསྟན་བཅོས་དུ་མ་ཉེར་བསྟེན་པས། །བདག་གི་བསྟན་པ་འབར་གྱུར་ཅིག །བརྩེ་བའི་རྒྱུ་ཡིས་ཤ་ཁྲག་དང་། །འཚོ་བ་ཡོངས་སུ་བཏང་གྱུར་ཅིག །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །བདག་སྔོན་སྡིག་པའི་སེམས་ཅན་རྣམས། །བྱམས་པས་གསལ་བར་སྨིན་བྱས་ཤིང་། །ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་མཆོད་སྦྱིན་རྒྱས་གྱུར་ཅིག །བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཞིང་། །ཡང་དག་ལྟ་ལ་བཀོད་བྱས་པས། །ཆོས་ནི་རྣམ་པར་འཕེལ་གྱུར་ཅིག །བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་བྱས་ཤིང་། །བདག་དགེ་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག །བདག་གིས་མུ་སྟེགས་ཅན་གཞན་དག །ལྟ་བའི་ཆུ་ལས་བསྒྲལ་བྱས་ཤིང་། །ཡང་དག་ལྟ་ལ་བཀོད་གྱུར་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག །བསྟན་པ་ཡུན་རིང་འབར་གྱུར་ཅིག།  །།འདི་ནི་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་པའོ། དེ་ལྟར་ས་བཅུའི་སྤྱོད་པ་ལ། །བསླབ་དང་སློབ་པར་འགྱུར་བ་ཡི། །སངས་རྒྱས་བྱམས་པ་ཉི་མ་ནི། །རྡོ་རྗེ་མཆོག་གི་གདན་སྤོ་ལ། །ཇི་སྲིད་མངོན་དུ་མ་ཤར་བར། །དེ་སྲིད་བསྟན་པ་འབར་གྱུར་ཅིག། །།དགེའོ།། 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*