བསྟན་འབར་རྣམ་འདྲེན་མ།

ཆོས་སྤྱོད་དཀར་ཆག

༈ །རྣམ་འདྲེན་ཐུབ་པའི་དབང་པོ་ཡི། །ཡོངས་རྫོགས་ཆོས་ཀྱི་རྒྱལ་སྲིད་ལ། །དབང་བསྒྱུར་དཔལ་ལྡན་ས་སྐྱ་པའི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཐུབ་པའི་རྒྱལ་ཚབ་ས་སྐྱ་པའི། །རིང་ལུགས་འཛིན་པ་ཀུན་གྱི་མཆོག །རྒྱལ་བ་ཀུན་དགའ་བཟང་པོ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཆོས་ཀྱི་རྒྱལ་པོ་ཨེ་ཝཾ་པའི། །ཐུན་མིན་སྙན་བརྒྱུད་གདམས་པའི་རྒྱུན། །གཅིག་བསྡུས་ཚར་ཆེན་ཆོས་ཀྱི་རྗེའི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །བརྩེ་ཆེན་རྒྱལ་བའི་དབང་པོ་ཡི། །མདོ་རྒྱུད་མན་ངག་ཟབ་མོའི་མཛོད། །འཛིན་མཁས་ཀུན་དགའ་རྣམ་རྒྱལ་གྱི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། །གསང་བདག་བློ་གཏེར་དབང་པོ་ཡི། །བཀའ་སྲོལ་གདམས་པ་ཇི་སྙེད་པ། །ཕྱོགས་དུས་ཀུན་ཏུ་འབར་གྱུར་ཅིག ། ཅེས་པ་འདི་ཡང་རཱ་ཛ་པུར་དཔལ་ས་སྐྱའི་ཆོས་སྒར་གཙུག་ལག་ཁང་གསར་བཞེངས་ལེགས་གྲུབ་ཀྱི་ལྷུམས་ཞུགས་དུས་ཆེན་ཉིན་ཐོག་མའི་རྟེན་འབྲེལ་སྐབས་གསར་རྩོམ་བགྱིས་ཁར། ད་ལམ་ཤིང་བྱ་ལོའི་སྨོན་ལམ་སྟབས་བསྟུན་ཤླཽ་ཀ་གཉིས་གསར་སྣོན་བཅས་འཁོན་རིགས་ཁྲི་འཛིན་སྒྲོལ་མ་ཕོ་བྲང་པ་ངག་དབང་ཀུན་དགས་སྦྱར་བ་དོན་དང་ལྡན་པར་གྱུར་ཅིག། 

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*