༸ འཁོན་གདུང་ཨ་ཀཱ་ཤཱ་བཛྲའི་ཞབས་བརྟན།

ཆོས་སྤྱོད་དཀར་ཆག

༈ །༸འཁོན་གདུང་ཨ་ཀཱ་ཤཱ་བཛྲའི་༸ཞབས་བརྟན་སྨོན་ཚིག་འཆི་མེད་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།། 

༈ །རྒྱལ་བ་ཀུན་གྱིས་རབ་བསྔགས་ཚེ་མཐའ་ཡས། །རྣམ་པར་རྒྱལ་མ་ཡིད་བཞིན་འཁོར་ལོ་སོགས། །འཆི་མེད་ཚེ་ལྷ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །དེང་འདིར་རིང་འཚོའི་མེ་ཏོག་ཆར་དུ་ཕོབས། །ངག༷་ལ་དབ༷ང་བསྒྱུར་རྡོ་རྗེ་རྣོན་པོ་དང་། །གཉིས་མེད་བློ༷་གྲོས༷་ནམ༷་མཁ༷འི་ཀློང་ཡངས་ལས། །ཐེག༷་ཆེན༷་འཕྲིན་ལས་འོད་ཟེར་འབུམ་སྤྲོ་བའི། །སྣང་བྱེད་ཆོས༷་ཀྱི༷་རྒྱལ༷་མཚ༷ན་ཞབས་བརྟན་གསོལ། །བརྩེ་ཆེན་བསྟན་པའི་རྒྱལ་སྲིད་སྣ་བདུན་ལ། །རིགས་ཀྱི་ཅོད་པན་འཛིན་པར་མངའ་གསོལ་ནས། །ཟབ་རྒྱས་གདམས་པ་རྒྱ་མཚོར་དབང་འབྱོར་བའི། །འཁོར་ལོས་བསྒྱུར་རྒྱལ་དམ་པར་ཞབས་བརྟན་གསོལ། །ལེགས་བྱས་ཕུང་པོ་མི་ཤིགས་རྡོ་རྗེའི་ཁྲིར། །མངའ་གསོལ་འཁོན་གདུང་རིགས་ཀྱི་མྱུ་གུ་གང་། །ཉི་གཞོན་འོད་ཀྱིས་ཁྱབ་པའི་གསེར་རི་བཞིན། །འཛམ་གླིང་བསྟན་འགྲོའི་མགོན་དུ་ཞབས་བརྟན་གསོལ། །སྐྱབས་གནས་མཆོག་གསུམ་རྒྱ་མཚོའི་བྱིན་རླབས་དང་། །རྟེན་འབྲེལ་ཆོས་ཉིད་བསླུ་བ་མེད་པའི་སྟོབས། །དམ་ལྡན་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ཀྱིས། །སྨོན་པའི་དོན་ཀུན་ཇི་བཞིན་འགྲུབ་གྱུར་ཅིག །    ཅེས་པ་འདི་ཡང་རིགས་མྱུག་ཚ་བོ་འཁོན་གདུང་གཞོན་ནུ་༧སྐུ་འཁྲུངས་སྐབས་ངག་དབང་བློ་གྲོས་ནམ་མཁའ་ཐེག་ཆེན་ཆོས་ཀྱི་རྒྱལ་མཚན་ཞེས་མཚན་གསོལ་དང་འབྲེལ། ཞབས་བརྟན་སྨོན་ཚིག་འདི་བཞིན་དགའ་བའི་ཡིད་ཀྱིས་དྲངས་ཏེ་འཁོན་རིགས་ཁྲི་འཛིན་ངག་དབང་ཀུན་དགས་མ་བསྐུལ་དྭང་བའི་བློས་སྦྱར་བ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*