༸ གོང་མ་ཁྲི་འཛིན་རིན་པོ་ཆེའི་ཞབས་བརྟན།

ཆོས་སྤྱོད་དཀར་ཆག

༈ །མཚན་མཆོག་གསུམ་ལྡན་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་བརྟན་བཞུགས་འགྱུར་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

༈ །འཆི་མེད་མི་ཤིགས་སྲུང་བའི་གུར་ཁང་ནང་། །འཆི་མེད་ཚེ་སྦྱིན་ལྷ་མོ་སྤྱན་བདུན་མ། །འཆི་མེད་ཚེ་ལ་དབང་བའི་ཚོགས་རྣམས་ཀྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །རིགས་གསུམ་པདྨའི་ཐུགས་བསྐྱེད་ལྷ་ལམ་ནས། །མཁྱེན་བརྩེ་ནུས་མཐུའི་རང་གཟུགས་ཉིན་མོར་བྱེད། །ས་བསྟན་ལུང་རྟོགས་པད་ཚལ་རྒྱས་མཛད་ནས། །གདུལ་བྱ་གླིང་བཞིའི་མགོན་དུ་རྟག་བརྟན་གསོལ། །ངག༷་དབ༷ང་སྒྱུ་འཕྲུལ་ལྷ་རིགས་འཁོན་གྱི་གདུང་། །འགྲོ་ཀུན༷་དག༷འ་མཛད་ཐེག༷་ཆེན༷་མདོ་སྔགས་ལམ། །ཕན་བདེའི་དཔལ༷་དུ་འབ༷ར་བའི་ཕྲིན༷་ལ༷ས་ཅན། །བས༷མ་འཕེ༷ལ་དབ༷ང་གི༷་རྒྱལ༷་པོ༷་ཞབས་བརྟན་གསོལ། །རྣམ་དག་ཁྲིམས་ལྡན་གསེར་གྱི་ས་གཞི་ལ། །ཐོས་བསམ་སྒོམ་པའི་རིན་ཆེན་རྡུལ་མང་བརྩེགས། །འཆད་རྩོད་རྩོམ་དང་རྗེས་བསྟན་བང་རིམ་རྒྱས། །སྐྱབས་མཆོག་རི་དབང་ལྷུན་པོར་བརྟན་བཞུགས་གསོལ། །རྒྱལ་བ་གཉིས་པ་རྗེ་བཙུན་གོང་མ་ལྔས། །རྒྱལ་བསྟན་གཅིག་བསྡུས་སྙན་བརྒྱུད་ཚད་མ་བཞི། །རྒྱལ་བའི་ལམ་བཟང་ཟབ་མོ་སློབ་བཤད་རྣམས། །རྒྱལ་བ་ཇི་བཞིན་སྟོན་མཛད་ཞབས་བརྟན་གསོལ། །ཕུན་ཚོགས་རྒྱལ་སྲིད་བདུན་གྱི་བཀྲ་ཤིས་དཔལ། །དཔལ་ལྡན་ས་སྐྱའི་ཆོས་སྲིད་དཔལ་འབར་གནས། །གནས་མཆོག་འཛམ་གླིང་མཛེས་པའི་རྒྱན་དུ་བྱོན། །བྱོན་བཞིན་གསང་གསུམ་རྡོ་རྗེ་ལྟར་བརྟན་གསོལ། །བསླུ་མེད་བླ་མ་མཆོག་གསུམ་ཐུགས་རྗེ་དང་། །ཡི་དམ་བསྟན་སྲུང་རྒྱ་མཚོའི་མཐུ་སྟོབས་དང་། །ཆོས་ཉིད་ཟབ་མོ་འགྱུར་མེད་བདེན་པའི་མཐུས། །ཇི་ལྟར་གསོལ་བའི་འདོད་དོན་གྲུབ་གྱུར་ཅིག །

ཅེས་མཚན་མཆོག་གསུམ་ལྡན་གདུང་སྲས་ངག༷་དབ༷ང་ཀུན༷་དག༷འ་ཐེག༷་ཆེན༷་དཔ༷ལ་འབ༷ར་ཕྲིན༷་ལས༷་བས༷མ་འཕེ༷ལ་དབ༷ང་གི༷་རྒྱལ༷་པོ༷འི་བརྟན་བཞུགས་འགྱུར་མེད་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས། དཔལ་ནཱ་ལེནྡྲའི་མཁན་མིང་ཤཱཀྱའི་དགེ་སློང་བྱམས་པ་ངག་དབང་བློ་གྲོས་རིན་ཆེན་ནམ། ཐ་སྙད་རིག་པའི་བཏགས་མིང་འཇམ་དབྱངས་དགའ་བའི་བློ་གྲོས་སུ་འབོད་པས་རྩེ་གཅིག་གསོལ་བ་བཏབ་པ་བཞིན་འབད་མེད་ལྷུན་གྱིས་གྲུབ་པར་གྱུར་ཅིག།  །།

 

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*