ཚད་མ་རྣམ་པར་ངེས་པའི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ་ལེའུ་གསུམ་པའི་བཤད་པའོ།། ཀ༽

༄༅། །ཚད་མ་རྣམ་པར་ངེས་པའི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ་ལེའུ་གསུམ་པའི་བཤད་པའོ།། བློ་གྲོས་ཀླུ་དབང་མཆོག་གིས་ལེགས་སྤྲུལ་པ། །ལེགས་བཤད་བརྒྱ་ཡི་ཆུ་འཛིན་བཀོད་པའི་ཚལ། །རྣམ་དག་རིགས་པའི་འབྲུག་སྒྲ་ཆེར་གསལ་ཞིང༌། །རྨད་བྱུང་སྤོབས་པའི་གློག་གི་འཕྲེང་བ་ཅན། །ཐལ་འགྱུར་རིགས་པའི་གནམ་ལྕགས་འབར་བ་ཡིས། །ཕྱི་རྒོལ་ལོག་ལྟའི་རི་བོ་བསྙིལ་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །གཞན་དོན་ལེའུའི་རྣམ་བཤད་བརྩམ་པར་བྱ། །བདུད་ཀྱི་བར་ཆད་མེད་པར་མྱུར་དུ་གྲུབ་གྱུར་ཅིག །རྟགས་ཀྱི་དོན་ཁོང་དུ་ཆུད་ཀྱང་བརྗོད་ཚུལ་ལ་མི་མཁས་པའི་བྱིས་པ་རྗེས་སུ་བཟུང་བའི་དོན་དུ་གཞན་དོན་ལེའུ་འཆད་པ་ལ། སྒྲུབ་པ་དང་སུན་འབྱིན་བཤད་པ་ལ་གཉིས་ལས། དང་པོ་ལའང་སྒྲུབ་པའི་ངག་བཤད་པ་དང༌། བསྒྲུབ་བྱའི་དོན་བཤད་པ་གཉིས་སོ། །དང་པོ་ལ་མདོར་བསྟན་པ་ནི། ཕྱི་རྒོལ་གཞན་གྱི་ཆེད་དུ་བཀོད་པའི་རྗེས་སུ་དཔག་པ་ནི། གསལ་བར་བྱེད་ཅེས་ཁྱད་པར་གྱི་གཞིའོ། །གང་ན། རྒོལ་བ་རང་གི་ཚད་མས་མཐོང་བའོ། །ཡུལ་གྱི་ཁྱད་པར་ཇི་ལྟ་བུ་གསལ་བར་བྱེད་ན། རྟགས་ཀྱི་དོན་ནོ། །གང་གིས་ན། ངག་གི་རྣམ་པར་རིག་བྱེད་ཀྱིས་སོ། །ཇི་ལྟར་ན། རབ་ཏུའོ། །ནི་ཞེས་པ་ནི་རང་དོན་རྗེ་དཔག་ལས་གཞན་དོན་རྗེས་དཔག་དགར་བའི་ཚིག་གོ །དེ་ཉིད་བཤད་པ་ནི། ཕྱི་རྒོལ་སྒྲ་རྟག་མི་རྟག་ཐེ་ཚོམ་ཟ་ནས་དྲིས་པའི་ལན་དུ་གང་བྱས་པ་མི་རྟག་དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་ཞེས་པའི་ངག་ཆོས་ཅན། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ཏེ། ཇི་ལྟར་རྒོལ་བ་རང་ཉིད་ཀྱི་རྒྱུད་ལ་ཚུལ་གསུམ་གྱི་རྟགས་ལས་རྟགས་ཅན་བསྒྲུབ་བྱ་ལ་དམིགས་པའི་ཤེས་པ་སྐྱེས་པ་དེ་ཁོ་ན་ལྟར་ཕྱི་རྒོལ་གཞན་ལ་རྟགས་ཅན་གྱི་ཤེས་པ་བསྐྱེད་པར་འདོད་པའི་ཚུལ་གསུམ་པའི་རྟགས་ཆད་ལྷག་མེད་པར་སྟོན་པར་བྱེད་པའི་ངག་ཡིན་པའི་ཕྱིར། ཚིག་ཇི་ལྟར་རྗེས་དཔག་ཏུ་འགྱུར་ཞེ་ན། ཁྱོད་ལ་རང་གི་འབྲས་བུ་རྗེས་དཔག་གི་མིང་གིས་བཏགས་པ་ལ་རྒྱུ་མཚན་ཡོད་དེ། རང་འབྲས་རྗེས་དཔག་གི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་དངོས་སུ་བསྟན་ནས་དགོས་པ་ནི། སྒྲུབ་ངག་ཡང་དག་ལ་རྗེས་དཔག་གི་མིང་གིས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་ངག་ལས་བྱུང་བའི་ཚད་མ་ནི་ལྐོག་ཏུ་གྱུར་པའི་གཞལ་བྱ་ལ་འཇུག་ལ། དེ་ཡང་སྒྲ་ལས་བྱུང་བའི་ཚད་མ་ཡིན་ནོ་སྙམ་པའི་ལོག་རྟོག་དགག་པའི་ཆེད་ཡོད་པའི་ཕྱིར་རོ། །རྗེས་དཔག་མ་ཡིན་ཏེ། ཚིག་ཡིན་པས་སོ་ཞེས་ལོ་ཙཱའོ། །རྒྱས་པར་བཤད་པ་ལ་མཐོང་བ་དང་དོན་གཉིས་བཤད་པ་དང༌། རབ་གསལ་བྱེད་བཤད་པ་དང་གཉིས་ལས། དང་པོ་ཐུན་མོང་དུ་བཤད་པ་ནི། གཞན་དོན་རྗེས་དཔག་གི་སྐབས་འདིར་རང་གིས་མཐོང་བ་ཞེས་སྨྲོས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། རྒོལ་བའི་ཚད་མས་མ་གྲུབ་པར་ལུང་ལས་གཞན་གྱིས་བཤད་པར་མཐོང་བ་ཙམ་གཞན་དོན་གྱི་སྒྲུབ་བྱེད་རྟགས་ཡང་དག་མིན་ནོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །དོན་ཞེས་སྨོས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། དོན་གྱི་ཆོས་སུ་མེད་པར་གཞན་སེལ་ཕྱིན་ཅི་ལོག་གིས་སྒྲོ་བཏགས་པ་ལས་ཀྱང་བསྒྲུབ་བྱ་འགྲུབ་པ་མིན་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །སོ་སོར་བཤད་པ་ལས་དང་པོ་མཐོང་བའི་རྣམ་གཅོད་བསྟན་པ་ནི། ཇི་ལྟར་སེར་སྐྱ་པ་ཁ་ཅིག་ན་རེ། ཕྱིར་རྒོལ་གཞན་གྱིས་བསྒྲུབ་བྱ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རྒོལ་བ་རང་གིས་མཐོང་བ་མ་ཡིན་ཡང་ཕྱིར་རྒོལ་གཞན་གྱིས་མཐོང་བ་སྒྲུབ་པར་བྱེད་པ་རྟགས་སུ་འགྱུར་བ་ཡིན་ཏེ། དཔེར་ན་བློ་དང་བདེ་བ་ལ་སོགས་པ་ནི་སེམས་པ་མེད་པ་ཡིན་ཏེ། སྔར་མེད་གསར་དུ་སྐྱེ་བ་ཅན་སྔར་ཡོད་ལྡོག་པའི་མི་རྟག་པ་ཡིན་པའི་ཕྱིར། གཟུགས་ལ་སོགས་པ་བཞིན་ནོ་ཞེས་བཀོད་པ་ན་བློ་བདེ་སྐྱེ་འཇིག་ཅན་དུ་སངས་རྒྱས་པའི་ལུང་ལས་བཤད་པས་སངས་རྒྱས་པའི་ལུང་གིས་བློ་བདེ་སེམས་མེད་དུ་འགྲུབ་པ་ལྟ་བུའོ་ཞེས་ཟེར་བ་དགག་པ་ནི། གྲངས་ཅན་ཆོས་ཅན། བློ་བདེ་སྐྱེ་འཇིག་ཅན་དུ་སངས་རྒྱས་པའི་ལུང་ལས་བཤད་པས་སྐྱེ་འཇིག་ཅན་བློ་བདེ་སེམས་མེད་དུ་བསྒྲུབ་པའི་རྟགས་ཡང་དག་ཡིན་པ་དེ་ནི་མི་རིགས་པར་ཐལ། གཟུགས་ལ་སོགས་པ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ་ལུང་ཚིག་ཙམ་ཚད་མ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲུབ་བྱེད་ཀྱི་ཚད་མ་ཡིན་ན་ནི། དངོས་པོ་སྟོབས་ཞུགས་ཀྱི་བསྒྲུབ་བྱ་ལ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པ་རྟགས་ཡང་དག་འཇུག་པར་མི་འགྱུར་བར་ཐལ། དམ་བཅའི་ཚིག་ཙམ་གྱིས་བསྒྲུབ་བྱའི་དོན་བསྒྲུབས་པས་གཏན་ཚིགས་དང་དཔེ་ལ་སོགས་པ་བཀོད་པ་དོན་མེད་པའི་ཕྱིར་རོ། །རྟགས་མ་གྲུབ་ན། བློ་བདེ་སྐྱེ་འཇིག་ཅན་ཆོས་ཅན། ཁྱོད་ཀྱི་སྒྲུབ་བྱེད་དུ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པ་རྟགས་ཡང་དག་འཇུག་པར་མི་འགྱུར་བར་ཐལ། ཚིག་ཙམ་ཁྱོད་སྒྲུབ་བྱེད་ཀྱི་ཚད་མ་ཡིན་པའི་ཕྱིར་རོ། །ཁྱོད་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་དཔེ་ལ་སོགས་པ་བཀོད་པ་དོན་མེད་པ་ཐལ། དམ་བཅའི་ཚིག་ཙམ་གྱིས་ཁྱོད་ཀྱི་དོན་གྲུབ་པའི་ཕྱིར་རོ། །ཚིག་གི་ཁྱད་པར་རིག་བྱེད་ཀྱི་ཚིག་ཚད་མ་ཡིན་པའི་ཕྱིར་ཚིག་ཚད་མ་ཡིན་ན་རྗེས་དཔག་མི་འཇུག་པར་ཐལ་བའི་ཉེས་པ་མེད་དོ་ཞེ་ན། གྲངས་ཅན་ཆོས་ཅན། རིག་བྱེད་ཀྱི་ལུང་ཚིག་ཚད་མ་མ་ཡིན་པར་ཐལ། རིག་བྱེད་ཀྱི་ལུང་གི་ཚིག་ཚད་མ་ཡིན་པ་འདི་ལ་ལུང་གི་ཚད་མ་བསམ་པར་དགག་པ་བཤད་ཟིན་པའི་ཕྱིར། གཞན་ཡང་སངས་རྒྱས་པའི་ལུང་ལ་མི་བསླུ་བའི་ཚད་མ་ཡོད་དམ་མེད། མེད་ན། སངས་རྒྱས་པའི་ལུང་འདི་ཆོས་ཅན། ཁྱོད་ཀྱི་ཁྱད་པར་འགའ་ཞིག་ལ་མི་བསླུ་བའི་ལུང་ཚད་མ་ཡོད་པར་ཡང་མི་འགྱུར་བར་ཐལ། ཁྱོད་ལ་མི་བསླུ་བའི་ལུང་ཚད་མ་མེད་པའི་ཕྱིར། མི་བསླུ་བ་ཡོད་ན་ནི། སངས་རྒྱས་པའི་ལུང་དེ་ཆོས་ཅན། ཁྱོད་ཀྱིས་གྲུབ་པའི་སྐྱེ་འཇིག་ཅན་དེ་ཕ་རོལ་སངས་རྒྱས་པ་འབའ་ཞིག་ལ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ལུང་ཚད་མ་ཡིན་པས་ཁྱོད་ཀྱིས་བསྟན་པའི་སྐྱེ་འཇིག་ཅན་རྒོལ་བ་གཉིས་ཀ་ལ་རྟགས་སུ་འཐད་པའོ། །སངས་རྒྱས་པའི་ལུང་དེས་གྲུབ་པའི་སྐྱེ་འཇིག་ཅན་ཕ་རོལ་སངས་རྒྱས་པ་འབའ་ཞིག་ལ་གྲུབ་པ་མ་ཡིན་པར་ཐལ། ཚད་མས་གྲུབ་པའི་དོན་ཅན་ཕ་རོལ་གྱི་ཚིག་ནི་རྒོལ་བས་ཀྱང་ཁས་བླང་དགོས་པའི་ཕྱིར། ཚིག་ཚད་མ་མ་ཡིན་པ་དེས་ན། རྒོལ་བ་ཆོས་ཅན། ལུང་ཁས་བླངས་ནས་བདེན་རྫུན་གྱི་བརྟག་པ་འཇུག་པ་ནི་རིགས་པ་མ་ཡིན་ཏེ། ལུང་དོན་ལ་དཔྱོད་པ་སྔོན་དུ་མ་སོང་བར་ལུང་ཁས་ལེན་པ་མི་འཐད་པས་སོ། །འོན་ཀྱང་བརྟགས་ནས་བདེན་པའི་དོན་ཅན་དུ་ཤེས་པའི་ཚེ་ཁས་ལེན་རིགས་པ་ཡིན་ཏེ། ལུང་དོན་ལ་དཔྱོད་པ་ནི་ལུང་ཁས་ལེན་པའི་ཐབས་ཡིན་པས་སོ། །བློ་བདེ་སྐྱེ་འཇིག་ཅན་དུ་ལུང་གིས་མི་འགྲུབ་པས་ལུང་སྒྲུབ་བྱེད་དུ་མི་འཐད་པ་དེའི་ཕྱིར། སྐྱེ་འཇིག་ཅན་ནི་ཆོས་ཅན། བློ་བདེ་སེམས་མེད་དུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་མ་ཡིན་པར་ཐལ། རྒོལ་བའི་ཚད་མས་མ་གྲུབ་པར་གཞན་གྱི་ཁས་བླངས་པ་ཙམ་ལས་འགྲུབ་པའི་རྟགས་ཡིན་པས་སོ། །གྲངས་ཅན་ཆོས་ཅན། སངས་རྒྱས་པའི་ལུང་འདི་ལུང་ཚད་མ་མ་ཡིན་པར་ཐལ། སངས་རྒྱས་པའི་ལུང་དེ་ལ་གནོད་པར་བྱ་བའི་ཕྱིར་གཞན་བློ་བདེ་སེམས་མེད་ལ་སྒྲུབ་པར་བྱེད་པ་ཡང་དག་བརྗོད་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བརྗོད་བྱའི་དོན་ལ་ཚད་མས་གནོད་པ་དེའི་ཚེ་ལུང་ཚད་མར་མི་འཐད་པས་སོ། །འདོད་ན། སངས་རྒྱས་པའི་ལུང་དེས་གྲུབ་པའི་སྐྱེ་འཇིག་ཅན་ནི་རྟགས་སུ་གྲུབ་པ་མ་ཡིན་པར་ཐལ། འདོད་རྟགས་སོ། །འདོད་ན། སྐྱེ་འཇིག་ཅན་གྱི་རྟགས་དེ་ལས་བློ་བདེ་སེམས་མེད་འགྲུབ་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། སྐྱེ་འཇིག་ཅན་རྟགས་སུ་གྲུབ་པ་མ་ཡིན་པའི་ཕྱིར། སངས་རྒྱས་པའི་ལུང་དེ་ཆོས་ཅན། ཁྱོད་ལུང་ཚད་མ་ཡིན་པའི་སྒོ་ནས་ཁྱོད་ཀྱིས་གྲུབ་པའི་སྐྱེ་འཇིག་ཅན་ནི་བློ་བདེ་སེམས་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་གྲུབ་པ་མ་ཡིན་པར་ཐལ། འདོད་རྟགས་སོ། །འདོད་ན། ཁྱོད་ཀྱིས་གྲུབ་པའི་སྐྱེ་འཇིག་ཅན་གྱི་རྟགས་དེ་ལས་བློ་བདེ་སེམས་མེད་དུ་གྲུབ་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་ཀྱིས་གྲུབ་པའི་སྐྱེ་འཇིག་ཅན་བློ་བདེ་སེམས་མེད་དུ་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར་རོ། །ལུང་དེ་ཁས་ལེན་དང་ལྡན་པའི་སངས་རྒྱས་པ་ལ་ལུང་ཚད་མར་གྲུབ་པས་དེས་བློ་བདེ་སྐྱི་འཇིག་ཅན་འགྲུབ་པ་ཡིན་ནོ་ཞེ་ན། སངས་རྒྱས་པ་གང་གི་ལུང་ཆོས་ཅན། བློ་བདེ་སྐྱེ་འཇིག་ཅན་དུ་སྒྲུབ་བྱེད་གང་ཡིན་ཏེ་མ་ཡིན་པར་ཐལ། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་སྒྲུབ་བྱེད་དུ་མི་འཇུག་པའི་ཕྱིར། ཛྙ་ན་ཤྲཱིས་སོ། །སངས་རྒྱས་པ་གང་གི་ལུང་ཆོས་ཅན། སངས་རྒྱས་པ་ལ་ལུང་ཚད་མ་གང་ཡིན་ཏེ་མ་ཡིན་པར་ཐལ། སྤྱིར་ཚད་མ་མ་ཡིན་ཞིང་སངས་རྒྱས་པས་ཀྱང་ཚད་མར་ཁས་མ་བླངས་པའི་ཕྱིར། རྒྱན་ནོ། །ཆོས་ཅན་སྔར་ལྟར། སངས་རྒྱས་པ་དང་ཁས་བླངས་པའི་འབྲེལ་བ་མ་གཏོགས་པ་འབྲེལ་པ་གཞན་མེད་ཅིང༌། ཁས་བླངས་པ་ལས་ཕྱིས་ཡིད་གཏན་མེད་པར་མཐོང་བའི་ཚེ་བཏང་བར་འགྱུར་བས་སོ། །ཆོས་མཆོག་གི་དགོངས་པ་ཁོ་བོས་རྟོགས་སོ། །ལུང་འདོར་བ་དུས་གསུམ་ལས་འདིས་དང་པོ་བསྟན་པ་ཡིན་ནོ། །གཉིས་པ་ནི། མངོན་ཞེན་དམ་པས་མ་བཏང་ངོ་ཞེ་ན། ཕྱིར་རྒོལ་ལ་ཡང་ཚད་མ་ཉིད་དུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་ཀྱི་བརྗོད་བྱའི་དོན་ལ་ཚད་མས་གནོད་པའི་ཕྱིར། ངོ་བོ་ཉིད་ཀྱི་འབྲེལ་པ་གྲུབ་པས་ཚད་མའོ་ཞེ་ན། སངས་རྒྱས་པ་དང་ལུང་ངོ་བོ་ཉིད་ཀྱི་འབྲེལ་བ་གྲུབ་པ་མ་ཡིན་པར་ཐལ། སྐྱེ་བོ་རྣམས་ལུང་དང་འབྲེལ་མེད་རེང་བུར་སྐྱེ་བར་འགྱུར་བའི་ཕྱིར་ཅིང་སྡུད་ཚིག་གོ །ལུང་གི་སྐྱོན་དང་ཡོན་ཏན་མ་མཐོང་ཡང་ཁས་བླངས་པས་ཚད་མའོ་ཞེ་ན། ལུང་གི་ཡོན་ཏན་དང་ཉེས་པ་མ་མཐོང་ལ་འོན་ཀྱང་ཁས་བླངས་པས་ཚད་མའོ་ཞེས་པའི་མི་བཟད་པའི་གདོན་དང་འདྲ་བའི་གྲུབ་མཐའ་འདི་ཆོས་ཅན། གྲངས་ཅན་གྱི་གཏི་མུག་ལས་གཞན་སུ་ཡིས་བསྒོས་པ་ཡིན་ཏེ་མ་ཡིན་པར་ཐལ། གྲངས་ཅན་རང་གི་གཏི་མུག་གིས་བསྒོས་པ་ཙམ་དུ་ཟད་པའི་ཕྱིར། ལུང་འདོར་བའི་དུས་གསུམ་པ་ནི། སངས་རྒྱས་པ་ཆོས་ཅན། བློ་བདེ་སེམས་ཡོད་དང་འགལ་བ་སེམས་མེད་དུ་ཁས་ལེན་པར་ཡང་ཇི་ལྟར་རིགས་པར་འགྱུར་ཏེ་མི་རིགས་པར་ཐལ། བློ་བདེ་སེམས་ཡོད་དུ་སྟོན་པའི་ལུང་ཚད་མར་བདེན་པའི་དོན་ཅན་དུ་བྱེད་པ་དེ་ཉིད་ཀྱིས་ལུང་ལ་འགལ་བ་མཐོང་བའི་ཚེ་གཏོང་བར་འགྱུར་རོ། །གལ་ཏེ་སེམས་མེད་དུ་ཁས་བླངས་ན། སངས་རྒྱས་པའི་ལུང་ཆོས་ཅན། སྤང་བར་བྱ་བའི་ཡན་ལག་གི་ལུང་ཡིན་པར་ཐལ། བློ་བདེ་སེམས་ཡོད་དུ་སྟོན་པའི་ལུང་གང་ཞིག་བློ་བདེ་དེ་སེམས་མེད་དུ་ཁས་ལེན་པར་རིགས་པས་སོ། །འདོད་ན། བློ་བདེ་སེམས་མེད་དུ་རྟོགས་པར་བྱེད་པའི་སྐྱེ་འཇིག་ཅན་སྟོན་བྱེད་ཀྱི་ལུང་ཡང་དག་ཏུ་མི་རུང་བར་ཐལ། ལུང་ཚད་མ་མ་ཡིན་པའི་ཕྱིར་རོ། །གྲངས་ཅན་ཆོས་ཅན། སྐྱེ་འཇིག་ཅན་གྱི་རྟགས་ལས་བློ་བདེ་སེམས་མེད་ཀྱི་དངོས་པོ་འགྲུབ་པ་མ་ཡིན་པར་ཐལ། སངས་རྒྱས་པ་དེས་ལུང་ཁས་བླངས་པས་ལུང་ཚད་མར་བྱེད་པ་ཡིན་ལ་ལུང་དེ་ལས་ཀྱང་སྒྲུབ་པར་བྱེད་པའི་ཆོས་སྐྱེ་འཇིག་ཅན་འགྲུབ་པ་ཡིན་ཞིང་སྐྱེ་འཇིག་ཅན་དེ་ལས་བློ་བདེ་སེམས་མེད་ཀྱི་དངོས་པོ་འཇོག་པ་ཙམ་ཡིན་པའི་ཕྱིར་རོ། །ལེགས་པར་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བ་ནི་བསྟིང་ཚིག་གོ །སྐྱེས་བུའི་འདོད་པ་ཙམ་གྱིས་རྟགས་འཇོག་པ་ད་ནི། གྲངས་ཅན་ཆོས་ཅན། ཀུན་རྫོབ་ཀྱི་དངོས་པོ་ལ་གཏན་ཚིགས་ཡང་དག་དང་གཏན་ཚིགས་ཡང་དག་མ་ཡིན་པའི་རྣམ་དབྱེ་ཡང་ཅི་ཙམ་ཡོད་དེ་མེད་པར་ཐལ། སྐྱེས་བུའི་འདོད་པ་ཙམ་གྱིས་གཏན་ཚིགས་དང་དེར་སྣང་བ་དག་གི་དེ་ཉིད་མཚན་ཉིད་རྣམ་པར་འཇོག་པའི་ཕྱིར། ཁྱབ་པ་ཡོད་དེ་སྐྱེས་བུའི་འདོད་པ་དེ་ནི་ཕྱི་རོལ་གྱི་དངོས་པོ་ལ་འཇུག་པར་མ་ངེས་པའི་ཕྱིར། རྟོག་པས་སྤྲུལ་པ་རྟགས་མ་ཡིན་པར་བསྟན་པ་ནི། ཡང་དག་ཀུན་རྫོབ་ཏུ་མེད་པར་རྟོག་པས་སྤྲུལ་པ་ཙམ་གྱི་རྟགས་ཀྱིས་ནི། ལུང་གང་ལས་རྟགས་གཞན་གྱིས་ཁས་བླངས་པ་ཙམ་གྱིས་འགྲུབ་པར་འགྱུར་བར་འདོད་པའི་བློ་བདེ་སེམས་མེད་འགྲུབ་པ་མ་ཡིན་པར་ཐལ། རྟགས་སུ་ཡོད་པའི་དོན་ནི། ཚད་མས་རྟོགས་པ་ལ་ལྟོས་ནས་བསྒྲུབ་བྱ་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་པའི་ཕྱིར་རོ། །རྟགས་མེད་ཀྱང་བློ་བདེ་སེམས་མེད་ཡོད་དོ་ཞེ་ན། བློ་བདེ་སེམས་མེད་ཡོད་དུ་ཆུག་ཀྱང༌། རྟགས་ཀྱི་དངོས་པོས་མ་བྱས་པའི་བློ་བདེ་སེམས་མེད་དུ་རྟོགས་པའི་བློ་ནི་ཆོས་ཅན། མེད་པ་རྟོགས་པའི་ལོག་ཤེས་དང་ཚད་མིན་དུ་ཁྱད་པར་ཡོད་པ་མ་ཡིན་ཏེ། བྱས་པ་ལ་ཡིད་ཆེས་པར་བྱེད་པ་ཅན་དུ་མེད་པའི་ཕྱིར། གསུམ་དུ་མ་འདུས་པ་རྟགས་སུ་མི་རུང་བར་བསྟན་པ་ནི། སྐྱེ་འཇིག་ཅན་ཆོས་ཅན། བློ་བདེ་སེམས་མེད་དུ་སྒྲུབ་པའི་གཞན་དོན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། བློ་བདེ་སེམས་མེད་དུ་སྒྲུབ་པའི་འབྲས་རང་མ་དམིགས་པའི་རྟགས་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འབྲས་བུ་དང་རང་བཞིན་དང་མི་དམིགས་པའི་རྟགས་གྱི་ཁྱད་པར་དག་ལས་ལྐོག་གྱུར་རྟོགས་པའི་ཡན་ལག་གཞན་ནི་མེད་དོ་ཞེས་བདག་དང་འབྲས་བུ་ཞེས་བྱ་གསུམ་ཁོ་ནའོ་ཞེས་པའི་སྐབས་སུ་བཤད་ཟིན་པའི་ཕྱིར། དེ་གསུམ་གང་རུང་ངོ་ཞེ་ན། སྐྱེ་འཇིག་ཅན་དེ་ཆོས་ཅན། གྲངས་ཅན་བདག་ཉིད་ལ་བློ་བདེ་སེམས་མེད་བསྒྲུབ་ཀྱི་ཕྱོགས་ཆོས་སུ་ཇི་ལྟར་མ་གྲུབ་པར་གྱུར་ཏེ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་འབྲས་རང་མ་དམིགས་པའི་རྟགས་གསུམ་པོ་གང་རུང་དུ་དངོས་པོ་ལ་གྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར། འབྲས་རང་མ་དམིགས་གསུམ་པོ་ལས་གཞན་པའི་རྟགས་སོ་ཞེ་ན། ཕ་རོལ་སངས་རྒྱས་པ་ལ་ཡང་བློ་བདེ་སེམས་མེད་དུ་རྟོགས་པར་བྱེད་པའི་རྟགས་སུ་མི་འཐད་པ་ཉིད་དུ་ཐལ། འབྲས་རང་མ་དམིགས་གསུམ་ལས་གཞན་ཡིན་པ་ཉིད་ཀྱིས་སོ། །གཞན་གྱི་ཁས་བླངས་རྟགས་སུ་མི་འཐད་པར་བསྟན་ནས། །རང་གི་ཐལ་འགྱུར་ལ་མཚུངས་པ་སྤང་བ་ལ། དང་པོ་ཕྱོགས་སྔ་མ་བརྗོད་པ་ནི་གཞན་གྱི་ཁས་བླངས་རྟགས་སུ་མི་འགྱུར་ན་ཁྱོད་སྔོན་གཞན་གྱི་ཁས་ལེན་གྱི་རྟགས་ཀྱིས་ཇི་ལྟར་ཆོས་གཞན་ཐལ་བར་སྒྲུབ་ཅེ་ན། སྤྱི་ཆོས་ཅན། དུ་མ་ཡིན་པར་ཐལ། གསལ་བ་དུ་མ་ལ་དོན་དམ་པར་འཕྲོད་འདུས་འབྲེལ་བའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན། ཆོས་ཀྱི་གྲགས་པས་རང་རྒྱུད་ཀྱི་སྦྱོར་བར་བཞེད་པའི་སྒོ་ནས་སྐྱོན་མཚུངས་མ་ཡིན་པར་ཐལ། ཆོས་ཀྱི་གྲགས་པས་བྱེ་བྲག་པ་སོགས་གཞན་གྱིས་ཀུན་བཏགས་པ་རྟགས་སུ་བྱས་ནས་བྱེ་བྲག་པར་མི་འདོད་པ་ཐལ་བར་སྒྲུབ་པའི་ཐལ་སྦྱོར་དུ་བཀོད་པ་ཡིན་པའི་ཕྱིར། ཐལ་རང་དཔེར་བརྗོད་ན། གསལ་བ་དུ་མ་ལ་ཡོད་པའི་སྤྱི་གཅིག་པུ་ནི་ཆོས་ཅན། ཡུལ་དང་དུས་ལ་སོགས་པའི་ཁྱད་པར་གསལ་བ་གཞན་དུ་མ་དང་ལྡན་པ་མ་ཡིན་ཏེ། ཡུལ་ཤར་དང་དུས་ད་ལྟར་དང་འགྲོ་བ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་སོ་སོར་ངེས་པའི་གསལ་བ་གཅིག་དང་འདྲེས་པས་རྣམ་པར་མ་བཅད་ཅིང་ཁྱད་པར་དུ་མ་བྱས་པའི་རང་བཞིན་གཞན་གྱིས་སྟོང་པའི་ཕྱིར་ཞེས་པ་རང་རྒྱུད་དོ། །དུ་མར་ཐལ། གསལ་བ་དུ་མ་ལ་དོན་དམ་པར་འཕྲོད་འདུས་འབྲེལ་བའི་ཕྱིར་ཞེས་པ་ནི་ཐལ་འགྱུར་རོ། །གཞུང་འདིས་རང་རྒྱུད་དངོས་སུ་བསྟན་ཅིང་བསྟན་བྱའི་གཙོ་བོ་ཐལ་འགྱུར་ཤུགས་ལ་འཕངས་སོ། །སྤྱི་གཅིག་པུ་ཆོས་ཅན་དུ་བཞག་པའི་ཚེ་ཆོས་ཅན་མ་གྲུབ་པས་རང་རྒྱུད་མི་འཐད་དོ་ཞེ་ན། འདི་ནི་དབུ་ཚད་ལ་ལེགས་པར་མ་སྦྱངས་པ་ཞེས་འོག་ཏུ་འཆད་དོ། །དུ་མས་སྟོང་པ་དེ་ལྟར་བུའི་རང་བཞིན་ནི་ཆོས་ཅན། ཁྱོད་དུ་མ་ལ་ཡོད་པ་དང་གཞི་མཐུན་པ་མ་ཡིན་པར་ཐལ། ཁྱོད་ཡིན་ན་ཡུལ་དུས་ལ་སོགས་པ་ཐ་དད་པ་ཅན་དང་ལྡན་པར་འགལ་བའི་ཕྱིར་རོ། །དུ་མ་དང་གཞི་མཐུན་པ་མ་ཡིན་པར་ཐལ། དུ་མ་ལ་ཡོད་པ་འགལ་བའི་ཕྱིར་ཞེས་བྱ་བ་ལྟ་བུ་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཅན། དགོས་པ་ཡོད་དེ། དུ་མ་ལ་ཡོད་པའི་ཆོས་གཅིག་ཁས་བླངས་ན་ཆོས་གཞན་དུ་མའང་ཁས་བླང་དགོས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། བྱེ་བྲག་པ་ཆོས་ཅན། དུ་མ་ཁས་མི་ལེན་ན་དུ་མ་ལ་འབྲེལ་བ་དང་དུ་མའི་ཆོས་གཉིས་ཀ་ལྡོག་པར་འགྱུར་ཏེ། དུ་མ་ལ་འབྲེལ་བ་ཁས་ལེན་ཅིང་དུ་མ་ཁས་མི་ལེན་པའི་རྣམ་པར་དབྱེ་བ་བྱ་བར་མི་ནུས་པའི་ཕྱིར་ཏེ། དུ་མ་ལ་འབྲེལ་བ་ཡོད་པ་དེ་ནི་གཞན་དཔེའི་སྟེང་དུ་དུ་མ་ལ་དངོས་སུ་འབྲེལ་བའི་ཕྱིར་རོ། །དེ་ལྟར་ཡིན་པ་ད་ནི་སྤྱི་ཆོས་ཅན། ཇི་ལྟར་དུ་མ་ལ་འབྲེལ་པའི་དོན་འགྲུབ་པར་འགྱུར་ཏེ་མི་འགྱུར་བར་ཐལ། དུ་མ་ཡིན་པ་མེད་པས་སོ་ཞེ་ན། འདོད་པ་ཡིན་ཏེ། འདི་ལྟར་བྱེ་བྲག་པ་ཆོས་ཅན། སྤྱི་གཅིག་པུ་གསལ་བ་དུ་མ་ལ་འབྲེལ་པ་མ་གྲུབ་པ་ཡིན་པར་ཐལ། དུ་མ་གང་ཞིག་སྤྱི་ལ་མི་སྲིད་པས་དུ་མས་ཁྱབ་པ་དུ་མ་དང་འབྲེལ་པ་དེ་ཡང་སྤྱི་དེ་ལ་མི་སྲིད་པའི་ཕྱིར་རོ། །བྱེ་བྲག་པ་ཆོས་ཅན། སྤྱི་དུ་མར་ཐལ་བ་ཁྱོད་ཀྱིས་བཟློག་པར་དཀའ་སྟེ། ཁྱོད་ཀྱིས་སྤྱི་དུ་མ་ལ་ཡོད་པར་ཁས་ལེན་ཅིང་དུ་མ་ལ་ཡོད་པར་ཁས་ལེན་ན་གཞན་དུ་མའང་གདོན་མི་ཟ་བར་འགྱུར་བའི་ཕྱིར། རང་གི་ཐལ་འགྱུར་ལྟར་སྣང་དུ་ཐལ་བའི་སྐྱོན་སྤང་བ་ལ་རྩོད་པ་ནི། ཆོས་གཉིས་ཀྱི་འབྲེལ་པ་བསྟན་པའི་དོན་དུ་ཐལ་བ་བཀོད་པ་དེ་ལྟ་ན་ཡང་སངས་རྒྱས་པ་རང་གི་ཁས་བླངས་པ་སྤྱི་ཡོད་པ་ལས་གཞན་དུ་མེད་པ་ལ་གནས་པའི་ཕྱིར་ཆོས་ཅན་མ་གྲུབ་པར་ཐལ་འགྱུར་གྱི་གཏན་ཚིགས་མི་གྲུབ་པ་དང་སྤྱི་དུ་མར་ཐལ་ཞེས་དམ་བཅས་པ་ལ། བྱེ་བྲག་པས་ཆ་མེད་གཅིག་ཏུ་ཁས་བླངས་པ་དང་ལ་སོགས་པ་སྤྱི་གཅིག་ཡིན་ཏེ་གསལ་བ་དུ་མ་ལ་ངོ་ཤེས་འཇུག་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་པའི་རྗེས་དཔག་དང་ཡན་ལག་ཅན་གྱི་རྫས་མཐོང་བའི་མངོན་སུམ་གྱིས་གནོད་པ་མ་ཡིན་ནམ་ཞེ་ན། སངས་རྒྱས་པ་ཆོས་ཅན། ཁྱོད་ཀྱི་ཐལ་འགྱུར་གྱི་དམ་བཅའ་ལ་བྱེ་བྲག་པའི་ལུང་གིས་གནོད་པ་མ་ཡིན་པར་ཐལ། ལུང་དོན་བརྟག་པའི་དུས་ན་བྱེ་བྲག་པའི་ལུང་འགའ་ཡང་ཁས་བླངས་པ་མེད་པའི་ཕྱིར་རོ། །ཇི་ལྟར་སྤྱི་དུ་མར་ཐལ་བར་བསྒྲུབ་ཅེ་ན། བྱེ་བྲག་པ་དེས་ནི་ཆོས་ཅན། དུ་མ་ལ་ཡོད་པ་དེ་རྟོགས་པའི་ཤུགས་ཀྱིས་འོངས་པའི་དོན་གཞན་དུ་མ་ཡང་ཁས་བླང་དགོས་པ་ཡིན་ཏེ། དུ་མ་ལ་ཡོད་པའི་དོན་གང་རྟོགས་ནས་ཁས་ལེན་པར་བྱེད་པའི་ཕྱིར། སྒྲོན་མའི་འོད་ཁས་བླངས་ན་སྒྲོན་མ་ཁས་བླངས་དགོས་པ་བཞིན་ནོ། །དུ་མ་ལ་ཡོད་པ་དུ་མ་ལ་འབྲེལ་བ་དེའི་ཕྱིར་སངས་རྒྱས་པ་ཆོས་ཅན། རང་གི་ལྟ་བ་སྤྱི་ཡོད་པ་ལས་གཞན་དུ་མེད་པ་ལ་གནས་པས་སྤྱི་དུ་མར་ཐལ་ཞེས་སྐྱོན་བརྗོད་པ་ནི་མ་ཡིན་པར་ཐལ། དུ་མར་ཐལ་བ་དེ་ནི་དུ་མ་ལ་འབྲེལ་བ་རྟོགས་པའི་ཤུགས་ལས་ཐོབ་པ་ཉིད་ཅེས་པའི་དོན་དུ་སྨྲས་པའི་ཕྱིར། བྱེ་བྲག་པ་ཆོས་ཅན། དུ་མ་ལ་འབྲེལ་བ་ཁས་ལེན་པ་དེར་དུ་མའི་དོན་ཇི་སྙེད་རིགས་པའི་སྟོབས་ཀྱིས་ཉེ་བར་གནས་པ་དེ་མཐའ་དག་ཁས་བླང་བར་བྱ་བ་ཡིན་པར་ཐལ། དུ་མ་ལ་འབྲེལ་བ་ཁས་ལེན་པ་དེ་ནི་དུ་མ་དེ་ཁས་ལེན་པའི་དུས་ཡིན་པས་སོ། །ཡང་ན་ནི་དུ་མར་མ་ཟད་དུ་མ་དང་འབྲེལ་བ་འགའ་ཡང་ཁས་བླང་བར་བྱ་བ་མ་ཡིན་པར་ཐལ། དུ་མ་ཁས་ལེན་པ་མི་འཐད་པས་སོ། །གཏན་ཚིགས་མ་གྲུབ་པ་དང་ཞེས་སོགས་ཀྱི་ཕྱོགས་སྔ་ལྷག་མའི་ལན་བསྟན་པ་ནི། སྤྱི་ཆོས་ཅན། དུ་མར་ཐལ། གསལ་བ་དུ་མ་ལ་དོན་དམ་པར་འཕྲོད་འདུས་འབྲེལ་བའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན། སངས་རྒྱས་པས་རང་རྒྱུད་ཀྱི་སྦྱོར་བར་བཀོད་པའི་སྒོ་ནས་ཁྱོད་ཀྱི་གཏན་ཚིགས་མ་གྲུབ་པ་ལ་སོགས་པར་འགྱུར་བའི་སྐྱོན་འབྱུང་བ་ཡང་མ་ཡིན་པར་ཐལ། ཁྱོད་རང་རྒྱུད་ཀྱི་སྦྱོར་བ་བཀོད་པ་མ་ཡིན་གྱི་གལ་ཏེ་དུ་མ་ལ་འབྲེལ་པ་དེ་ལྟར་ཡིན་ན་དུ་མ་འདི་ཡང་འགྱུར་བའམ་མ་ཡིན་ན་ནི་དུ་མ་དང་དུ་མ་ལ་འབྲེལ་བ་གཏན་ཚིགས་གང་ཡང་མི་འགྱུར་རོ་ཞེས་ཆོས་གཉིས་ཀྱི་འབྲེལ་བ་ཉེ་བར་སྟོན་པའི་ཐལ་སྦྱོར་ཡིན་པའི་ཕྱིར་རོ། །འོ་ན་གང་གི་ཚེ་ཐལ་བའི་གཏན་ཚིགས་མ་གྲུབ་པའི་སྐྱོན་དུ་འགྱུར་ཞེ་ན། དུ་མ་ལ་འབྲེལ་པ་སྤྱི་དུ་མར་བསྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་མ་ཡིན་ཏེ་ངེས་པ་ཉིད་དུ་རང་རྒྱུད་ཀྱི་གཏན་ཚིགས་ཉིད་དུ་ཡོངས་སུ་འཛིན་ན་གཏན་ཚིགས་མ་གྲུབ་པའི་སྐྱོན་འདིར་འགྱུར་བའི་ཕྱིར། འོ་ན་ཇི་ལྟར་བཟློག་པ་རང་རྒྱུད་དུ་འཛིན་ཞེ་ན། དུ་མས་སྟོང་པའི་གཏན་ཚིགས་ཆོས་ཅན། སྤྱི་དུ་མ་ལ་ཡོད་པ་མ་ཡིན་པར་བསྒྲུབ་པའི་གཏན་ཚིགས་སུ་མ་གྲུབ་པ་མ་ཡིན་ཏེ། སྤྱིའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར་རོ། །སྤྱི་ནི་ཆོས་ཅན། ཁྱོད་དུ་མ་ལ་འབྲེལ་པ་ཁས་ལེན་ན་དུ་མར་གདོན་མི་ཟ་བ་ཁས་བླང་བར་འོས་པར་ཐལ། ཁྱོད་དུ་མ་ལ་འབྲེལ་བ་ཁས་ལེན་ན་དུ་མ་ཡང་ཁས་ལེན་དགོས་པར་རིགས་པས་བྱས་པའི་ཕྱིར། དུ་མར་ཁས་མི་ལེན་ཏེ། གཅིག་ཏུ་ཁས་བླངས་པས་གནོད་པའི་ཕྱིར་རོ་ཞེ་ན། ཁྱོད་དུ་མར་ཁས་བླངས་པས་དུ་མ་ལ་གནོད་པར་མི་ནུས་པར་ཐལ། ཁྱོད་དུ་མར་རིགས་པའི་སྟོབས་ལ་གནས་པའི་ཕྱིར། ཞེས་རིགས་པས་ཐོབ་པ་ནི་ཚིག་གིས་བཟློག་པར་མི་ནུས་པའི་ཕྱིར་ཞེས་པའི་སྐབས་སུ་བཤད་པར་བྱའོ། །དུ་མ་ལ་འབྲེལ་བའི་ཆོས་གཅིག་ཁས་ལེན་པས་གདོན་མི་ཟ་བར་གཞན་དུ་མའང་ཁས་བླངས་དགོས་པར་ཐལ། དུ་མ་ལ་འབྲེལ་བ་ཁས་ལེན་ན་དུ་མའང་ཁས་བླང་དགོས་པ་རིགས་པས་བྱས་པའི་ཕྱིར་རོ། །ཆོས་གཉིས་ཀྱི་དངོས་པོ་བསྒྲུབ་པར་འབྲེལ་བ་ཉེ་བར་སྟོན་པའི་ཕྱིར་རོ། །ཞེས་གསུངས་པ་མི་འཐད་དེ། གཏན་ཚིགས་ཚད་མས་གྲུབ་པའི་ཕྱིར་ཞེ་ན། གོང་དུ་བཤད་པའི་ཐལ་ངག་འདི་ནི་ཆོས་ཅན། ཁྱོད་ཀྱི་གཏན་ཚིགས་ཚད་མས་མ་གྲུབ་པས་ཆོས་གཅིག་གིས་འབྲེལ་པ་སྟོན་མི་ནུས་པ་མ་ཡིན་པར་ཐལ། ཁྱོད་གཏན་ཚིགས་ཚད་མས་གྲུབ་པ་མེད་ཀྱང་རྩ་བའི་རང་རྒྱུད་ཀྱི་གཏན་ཚིགས་ཀྱི་ཁྱབ་པར་བྱ་བ་རྟགས་དང་ཁྱབ་པར་བྱེད་པ་བསྒྲུབ་བྱའི་ཆོས་ཀྱི་དངོས་པོ་སྒྲུབ་པར་བྱེད་པའི་རྣམ་པ་འཕེན་བྱེད་ཀྱི་ཐལ་སྦྱོར་ཡིན་པ་ཉིད་ཀྱི་ཕྱིར་རོ། །རང་རྒྱུད་ལས་བཟློག་པ་སྤྱིའི་རང་བཞིན་ནི་དུ་མར་སྒྲུབ་པར་བྱེད་པའི་སྦྱོར་བ་ནི་མ་ཡིན་ཏེ། ཁྱོད་ཀྱི་གཏན་ཚིགས་ལ་ཚད་མས་གྲུབ་པ་མེད་པའི་ཕྱིར་རོ། །སྐྱེ་ལྡན་གྱི་རྟགས་ལ་མཚུངས་པ་སྤང་པ་ནི། གལ་ཏེ་གྲངས་ཅན་གྱི་སྦྱོར་བ་འདི་ཡང་བློ་བདེ་ཆོས་ཅན། སེམས་མེད་དུ་ཐལ། སྐྱེ་བ་ཅན་དང་མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་བ་ལས་བཟློག་པའི་རང་རྒྱུད་ཀྱི་རྟགས་སེམས་ཡོད་ཉིད་ཀྱིས་བློ་བདེ་ལ་མི་རྟག་པ་ཉིད་དང་སྐྱེ་བ་དང་ལྡན་པ་འགོག་པར་བྱེད་པ་ཡིན་ནོ་ཞེ་ན། ཐལ་རང་དེ་ལྟར་བྱེད་པའི་སངས་རྒྱས་པ་དང་གྲངས་ཅན་པ་སུ་ཡང་མེད་དེ། གྲངས་ཅན་གྱིས་བློ་བདེ་སེམས་པ་ཅན་དུ་མི་འདོད། སངས་རྒྱས་པ་བློ་བདེ་སྐྱེ་འཇིག་ཅན་མ་ཡིན་པར་མི་འདོད་པའི་ཕྱིར་རོ། །ཐལ་རང་དེ་ལྟར་བྱེད་ནུས་པ་ཉིད་ཀྱང་མ་ཡིན་ཏེ། བློ་བདེ་སེམས་མེད་དུ་ཐལ་བའི་སྒྲུབ་བྱེད་སྐྱེ་འཇིག་ཅན་ཡང་སེམས་མེད་གོ་བྱེད་མ་ཡིན། བཟློག་པ་རང་རྒྱུད་ཀྱི་སྒྲུབ་བྱེད་སེམས་པ་ཅན་ཡང་སྐྱེ་འཇིག་ཅན་དགག་པ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེར་ཐལ། སེམས་པ་ཅན་དང་སྐྱེ་འཇིག་ཅན་དེ་གཉིས་འགལ་བ་མ་གྲུབ་པས་སོ། །དེར་ཐལ། སྔར་རྒྱུ་མ་ཚང་བ་མེད་པ་ཅན་འབྱུང་བ་ལས་འགལ་ཟླ་གཅིག་ཡོད་པས་གཅིག་མེད་པའི་ཕྱིར་རམ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བར་རྟོགས་པ་ཡིན་ན་སྐྱེ་བ་ཅན་དང་མི་རྟག་པ་དག་དང་སེམས་པ་ཡོད་པ་ལ་ནི་འགལ་བ་དེ་གཉིས་གྲུབ་པ་མ་ཡིན་པའི་ཕྱིར་རོ། །མཚུངས་པ་སྤངས་ཟིན་ནས། སྔར་བཤད་པའི་རང་རྒྱུད་ཀྱི་ཁྱབ་བསྒྲུབ་བསྟན་པ་ནི། སྤྱི་གཅིག་པུ་ལ་ནི་ཆོས་ཅན། ཡུལ་དང་དུས་ལ་སོགས་པ་གསལ་བ་ཐ་དད་པ་ཅན་དང་ལྡན་པ་ཡོད་པ་མ་ཡིན་ཏེ། སྔར་ཇི་སྐད་བཤད་པའི་རང་བཞིན་གཞན་ཡུལ་དུས་གནས་སྐབས་ངེས་པའི་གསལ་བ་དང་བྲལ་བར་ཁས་བླངས་པར་འཐད་པ་ཁོ་ནའི་ཕྱིར་རོ། །ཁྱབ་པ་ཡོད་དེ། དུ་མ་དེ་མེད་པ་དང་དུ་མ་དེ་ཡོད་པ་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བའི་ཕྱིར། ཐལ་རང་དེ་ཉིད་སློབ་དཔོན་གྱི་དགོངས་པར་ཡང་བསྟན་པ་ནི། ཆོས་ཀྱི་གྲགས་པ་མ་ཟད་སློབ་དཔོན་དབྱིག་གཉེན་གྱིས་ཀྱང་ཆོས་ཅན། ཐལ་རང་གི་རྣམ་བཞག་བྱས་པ་ཡིན་ཏེ། ཡན་ལག་ཅན་ཆ་མེད་གཅིག་ཏུ་བདེན་པ་དགག་པ་ལ་སོགས་པ་རྣམས་སུ་དུ་མ་ལ་མེད་པར་ཐལ། ཆ་མེད་གཅིག་ཏུ་བདེན་པའི་ཕྱིར། གཅིག་ཏུ་མི་བདེན་ཏེ། དུ་མ་ལ་ཡོད་པའི་ཕྱིར་ཞེས་ཐལ་རང་གི་དོན་དེ་ཉིད་རྣམ་པ་དུ་མའི་སྒོ་ནས་ཉེ་བར་བཀོད་པས་ཡན་ལག་ཅན་གྱི་ལུས་ཆ་མེད་གཅིག་ཏུ་བདེན་པ་རྣམ་པ་དེ་ལྟ་བུའི་རང་བཞིན་འགོག་པར་མཛད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་གཅིག་ཡིན་པ་དུ་མ་ལ་འགོག་ཅེ་ན། གཅིག་ཡིན་ན་དུ་མ་ལ་ཡོད་པ་འགོག་ནུས་ཏེ། གཅིག་ཉིད་ཡིན་ན་དུ་མ་ལ་ཡོད་པར་འགལ་བའི་ཕྱིར་རོ། །སྤྱི་ནི་གཉིས་ཀ་ཡིན་པས་ཁྱབ་པ་མེད་དོ་ཞེ་ན། སྤྱི་དག་ན་ཆོས་ཅན། གཅིག་ཡིན་ན་དུ་མ་ཡིན་པ་འགལ་བ་ཡིན་ཏེ། གཅིག་ཁས་བླངས་པ་ནི་གཞན་དུ་མར་ཁས་བླངས་པ་བཏང་བ་མེད་ན་འཐད་པ་མེད་པའི་ཕྱིར་དང༌། གཅིག་དང་དུ་མའི་ཆོས་གཉིས་ཀ་གཞི་མཐུན་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ལུང་ཁས་ལེན་ན་ལུང་གིས་གནོད་ལ། མི་ལེན་ན་ཆོས་ཅན་མ་གྲུབ་ནས་བྱེ་བྲག་པའི་ལུང་དོན་འགོག་པའི་སྐབས་མེད་དོ་ཞེ་ན། སངས་རྒྱས་པ་ཆོས་ཅན། བྱེ་བྲག་པའི་ལུང་ཁས་མི་ལེན་ན་བྱེ་བྲག་པའི་ལུང་དོན་འགོག་པའི་སྐབས་མེད་པ་མ་ཡིན་པར་ཐལ། བྱེ་བྲག་པའི་གྲུབ་མཐའ་ཁས་ལེན་པའི་རྒྱུ་མཚན་བདེན་རྫུན་དཔྱད་པ་སྐབས་སུ་བབ་པའི་ཚེ་བྱེ་བྲག་པའི་ལུང་དོན་འགོག་པ་ཡིན་པའི་ཕྱིར། ལུང་ཁས་མ་བླངས་པར་འགོག་པ་དེ་ལྟ་མ་ཡིན་པར་ཁས་བླངས་ནས་འགོག་ན་ནི། བྱེ་བྲག་པའི་ལུང་དོན་རྣམ་པར་དཔྱད་ནས་འགོག་པ་མི་འཐད་པར་ཐལ། བྱེ་བྲག་པའི་ལུང་ཡིད་ཆེས་ཀྱི་གནས་སུ་ཁས་བླངས་པའི་ཕྱིར་རོ། །བྱེ་བྲག་པའི་ལུང་ཁས་བླངས་ནས་རྣམ་པར་དཔྱོད་པ་མི་འཐད་པར་ཐལ། དེ་ཡིན་ན་རྟོག་ལྡན་དུ་མི་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །རང་གིས་མཐོང་བའི་རྣམ་བཅད་བསྟན་ཟིན་ནས། དོན་གྱི་རྣམ་གཅོད་བསྟན་པ་ནི། གཞན་དོན་རྗེས་དཔག་གི་མཚན་ཉིད་དུ་དོན་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྟགས་སུ་དགོད་བྱ་དོན་ལ་མེད་པར་རྟོག་པས་སྒྲོ་བཏགས་པ་ཡང་རྟགས་ཡང་དག་མ་ཡིན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། རྟོག་པས་སྒྲོ་བཏགས་པ་དཔེར་ན་སྒྲ་ནི་རྟག་པ་ཡིན་ཏེ། ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པའི་ཕྱིར། མཐུན་དཔེ་བུམ་པ་དང་མི་མཐུན་དཔེ་ནམ་མཁའ་བཞིན། མི་རྟག་པ་ཡིན་ཏེ། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཡིན་པའི་ཕྱིར་རོ། །མཐུན་དཔེ་བུམ་པ་དང་མི་མཐུན་དཔེ་ནམ་མཁའ་བཞིན་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་འདིས་རྟགས་དོན་ལ་གནས་པ་དགོས་པར་བསྟན་ཏོ་ཞེས་སྨྲ་བ་ནི་རྟགས་སུ་དགོད་བྱ་དང་རྟགས་མ་ཕྱེད་པར་སྣང་ངོ༌། །གང་རུང་རྟགས་སུ་བཀོད་པའི་སྐབས་འདིར་ནི་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་ཚེ། དངོས་པོ་ལ་སྒྲ་དང་བུམ་པ་གཉིས་ཉེ་བ་དང་རྟག་པར་བསྒྲུབ་པའི་ཚེ་སྒྲ་དང་ནམ་མཁའ་གཉིས་ཉེ་བ་ཡོད་པ་མ་ཡིན་གྱི། འོན་ཀྱང་རྟགས་སྨྲ་བ་པོའི་བརྗོད་པར་འདོད་པས་བྱས་པ་ཙམ་ཡིན་ཏེ། བརྗོད་པར་འདོད་པ་དེ་མེད་ན་གང་ཞིག་བརྗོད་པར་འདོད་པའི་ཉེ་བ་དང་གཅིག་ཤོས་ཉེ་བ་མ་ཡིན་པ་དག་གི་ཉེ་བ་དང་བསྐལ་བ་ཉིད་མེད་པའི་ཕྱིར་རོ། །དངོས་པོའི་རང་བཞིན་ཡིན་ཡང་བསྒྲུབ་འདོད་ཀྱི་རྗེས་སུ་བྱེད་པ་ཅི་འགལ་ཞེ་ན། བུམ་པ་ཆོས་ཅན། མི་རྟག་པར་བསྒྲུབ་པ་ལས་གཞན་དུ་རྟག་པར་བརྗོད་པར་འདོད་པས་ཉེ་བ་ལས་གཞན་དུ་བསྐལ་བར་འགྱུར་བ་མི་རིགས་པར་ཐལ། ཉེ་བ་དངོས་པོའི་རང་བཞིན་དུ་གནས་པ་ཡིན་པའི་ཕྱིར། གཞན་ཡང་རྒོལ་བ་གཉིས་ཀྱིས་དུས་གཅིག་ཏུ་སྒྲ་རྟག་པ་དང་མི་རྟག་པར་སྒྲུབ་པའི་ཚེ། བུམ་པ་ཆོས་ཅན། ཅིག་ཆར་དུ་ཉེ་བ་དང་བསྐལ་བ་གཉིས་ཀ་ཡིན་པར་ཐལ། ཉེ་བསྐལ་གཉིས་སུ་དངོས་པོ་ལ་གནས་པའི་ཕྱིར། འདོད་མི་ནུས་ཏེ། གཞི་གཅིག་ལ་གཅིག་ཆར་དུ་ཉེ་བསྐལ་གྱི་ཡོན་ཏན་འགལ་བ་གཉིས་ཉེ་བར་བསྡུ་བ་མི་འཐད་པའི་ཕྱིར་རོ། །གཏན་ཚིགས་དེའི་ཕྱིར་གང་རུང་གི་ཆོས་འདི་དག་ནི། རྟགས་འགོད་པར་བྱེད་པ་པོའི་འདོད་པའི་རྗེས་སུ་བྱེད་པ་ཡིན་གྱི་དངོས་པོའི་རང་བཞིན་གྱི་རྗེས་སུ་བྱེད་པ་ནི་མ་ཡིན་ཏེ། དངོས་པོ་དེ་ནི་དེ་ལྟར་འདོད་པས་མི་འཇུག་པའི་ཕྱིར། དོན་གྱི་ཆོས་སུ་མ་གྲུབ་པ་དེའི་ཕྱིར་ཕྱོགས་དང་མཐུན་ཕྱོགས་གང་རུང་གི་རྟགས་དེ་ནི་ཆོས་ཅན། ཁྱོད་ལས་སྒྲ་མི་རྟག་པའི་དོན་མི་འགྲུབ་སྟེ། ཁྱོད་ལས་དངོས་པོའི་རང་བཞིན་སྒྲ་དང་བུམ་པ་དག་ཉེ་བ་དང་སྒྲ་དང་རྟག་པ་བསྐལ་བར་མི་འགྲུབ་པའི་ཕྱིར་རོ། །དོན་ལ་གཏན་ཚིགས་སུ་གྲུབ་ན་གོ་བྱེད་དུ་འགྱུར་ཏེ། དཔེར་ན་གོང་བུ་འགའ་ཞིག་ལ་རྭ་ཅན་ལ་འཁྲུལ་པ་མེད་པའི་རང་བཞིན་གྱི་ཆོས་མཐུན་པ་མཐོང་ནས་གོང་བུ་འདི་ནི་ཆོས་ཅན། རྭ་ཅན་ཡིན་ཏེ་བ་གླང་དང་བ་མེན་གང་ཡང་རུང་བ་ཞིག་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་བཞིན་ནོ། །ཅི་སྟེ་ཡང་དོན་ལ་གནས་པའི་གང་རུང་མ་གྲུབ་ཀྱང་ངས་གང་རུང་དེ་ལྟར་དུ་བརྗོད་པར་འདོད་པའི་ཕྱིར་རོ་ཞེས་གཏན་ཚིགས་སུ་སྨྲ་བ་དེའི་ཚེ་ཆོས་ཅན། གང་རུང་གི་དོན་གྱིས་སྟོང་པའི་བརྗོད་པར་འདོད་པ་ཙམ་ཞིག་འགྲུབ་ཀྱི་འདོད་པ་དེ་ལས་བསྒྲུབ་བྱའི་དོན་འགྲུབ་པ་མ་ཡིན་ཏེ། རྒོལ་བ་དེའི་འདོད་པ་ནི་དངོས་པོའི་གནས་ཚུལ་ལ་འཇུག་པར་ངེས་པ་མེད་པའི་ཕྱིར། མེད་ཚུལ་འདི་ལྟར་སྒྲ་རྟག་པར་བརྗོད་འདོད་ཆོས་ཅན། སྒྲ་རྟག་པར་བསྒྲུབ་པའི་ཁྱབ་པ་འཁྲུལ་བར་འགྱུར་ཏེ། ཁྱོད་ལ་རྟག་པས་ཁྱབ་པ་མ་གྲུབ་པའི་ཕྱིར། རྟགས་གྲུབ་སྟེ། གང་ལ་རྒོལ་བ་དེའི་འདོད་པ་ཡོད་པ་དེར། འདོད་བྱའི་དངོས་པོ་ཡོད་པ་ཡིན་ནོ་ཞེས་དེ་ལྟར་ནི་བལྟ་བར་ནུས་པ་མ་ཡིན་པས་སོ། །བརྗོད་འདོད་གོ་བྱེད་མ་ཡིན་པར་བསྟན་པ་འདིས་ནི། རིགས་ཅན་གཞན་ཡང་བཤད་པ་ཡིན་ཏེ། ངས་ཁས་བླངས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་སྦྱོར་བ་དང་ལུང་ལས་གྲུབ་པ་ཡང་ཁྱབ་པ་འཁྲུལ་བར་བཤད་པ་ཡིན་པའི་ཕྱིར་རོ། །ལུང་ཇི་ལྟར་འཁྲུལ་ཞེ་ན། རྟག་པར་སྟོན་པའི་ལུང་ཚིག་ནི་ཆོས་ཅན། སྒྲ་རྟག་པར་བསྒྲུབ་པ་ལ་ཁྱབ་པ་འཁྲུལ་པ་ཅན་ཡིན་ཏེ། སྨྲ་བ་པོའི་འདོད་པ་ཙམ་གྱིས་འཇུག་པའི་ཚིག་ཡིན་པའི་ཕྱིར། དོན་གྱི་རྣམ་བཅད་བཤད་ཟིན་ཏོ། །མཐོང་བ་དང་དོན་གཉིས་ཀའི་མཇུག་སྡུད་ནི། རྟོག་དེས་བྱས་པའི་གང་རུང་གི་རྟགས་ནི་ཆོས་ཅན། ཁྱོད་དང་ལུང་དག་སྒྲ་རྟག་པར་བསྒྲུབ་པ་ལ་ཁྱབ་པ་འཁྲུལ་བ་ཡིན་ཏེ། རང་བྱེད་པ་པོའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་ཕྱིར་དང༌། དངོས་པོ་ལ་ཡང་ཁྱོད་ཀྱིས་བཟུང་བ་ལས་གཞན་དུ་གནས་པ་སྲིད་པའི་ཕྱིར་རོ། །རབ་གསལ་བྱེད་བཤད་པ་ནི། དོན་གྱིས་ན་ཕྱོགས་ཀྱི་ཚིག་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་སློབ་དཔོན་གྱིས་བཤད་པ་རིག་པར་བྱ་སྟེ། ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་གྱི་བསྒྲུབ་བྱ་བརྗོད་པ་ནི་མ་ཡིན་པའི་ཕྱིར། ཕྱོགས་ཀྱི་ཚིག་ཇི་ལྟར་སྒྲུབ་པར་བྱེད་པ་མ་ཡིན་ཞེ་ན། ཕྱོགས་ཚིག་དེ་ཆོས་ཅན། བསྒྲུབ་བྱ་སྒྲུབ་པར་བྱེད་པའི་སྒྲུབ་ངག་གི་ཡན་ལག་མ་ཡིན་ཏེ། དངོས་སམ་བརྒྱུད་པས་ཁྱོད་ལས་བསྒྲུབ་བྱ་སྒྲུབ་པའི་རྗེས་དཔག་མི་སྐྱེ་བའི་ཕྱིར། དངོས་སུ་སྒྲུབ་བྱེད་ཇི་ལྟ་བུ་ཞེ་ན། རེ་ཞིག་དངོས་སུ་སྒྲུབ་བྱེད་ནི་དུ་བའི་དོན་གྱིས་ནི་ཆོས་ཅན། ལ་དང་མེའི་ཚོགས་དོན་རྟོགས་པར་བྱེད་དེ། ལ་ལ་མེ་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། ཕྱོགས་དང་གཏན་ཚིགས་བརྗོད་པའི་ངག་ཆོས་ཅན། བསྒྲུབ་བྱའི་དོན་ལ་དངོས་སུ་བསྒྲུབ་ནུས་སུ་འཇུག་པ་མེད་དེ། བསྒྲུབ་བྱའི་དོན་དང་འབྲེལ་པ་མེད་པའི་ངག་ཡིན་པའི་ཕྱིར། ཕྱོགས་ཚིག་དང་རྟགས་ཚིག་དེ་དག་ཆོས་ཅན། རང་ཉིད་ལ་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ནུས་པ་གནས་པ་མ་ཡིན་ཏེ། བསྒྲུབ་བྱ་དང་མ་འབྲེལ་བ་དེས་ནའོ། །རྟགས་ཀྱི་དོན་ཉིད་ཀྱིས་ནི་ཆོས་ཅན། བསྒྲུབ་བྱའི་དོན་གོ་བར་བྱེད་དེ། བསྒྲུབ་བྱའི་ཆོས་ལ་འཁྲུལ་པ་མེད་པའི་ཁྱབ་པ་དང་ཕྱོགས་ཆོས་ངེས་པའི་ཕྱིར་རོ། །ཕྱོགས་དང་རྟགས་བརྗོད་པ་ནི་ཆོས་ཅན། བསྒྲུབ་བྱ་དངོས་སུ་སྒྲུབ་བྱེད་མ་ཡིན་ཏེ། བསྒྲུབ་བྱའི་ཆོས་ལ་འབྲེལ་པ་མེད་པའི་ཕྱིར། ཕྱོགས་དང་གཏན་ཚིགས་ཀྱི་ཚིག་རང་ཉིད་ཀྱིས་ནི་ཆོས་ཅན། བསྒྲུབ་བྱའི་དོན་གྲུབ་པའི་ཕྱིར་ནི་སྒྲུབ་པར་བྱེད་པར་བཞག་པ་མ་ཡིན་ཏེ། ཁྱོད་ཀྱིས་བསྒྲུབ་བྱའི་དོན་བསྒྲུབ་པ་མ་ཡིན་པ་དེས་ནའོ། །ཕྱོགས་ཀྱི་ཚིག་ནི་ཆོས་ཅན། བསྒྲུབ་བྱ་དངོས་སུ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཁྱོད་ལས་བསྒྲུབ་བྱའི་དོན་ལ་ཐེ་ཚོམ་ཟ་བ་མཐོང་གི་བསྒྲུབ་བྱ་ངེས་པ་ནི་མ་ཡིན་པའི་ཕྱིར། གཉིས་ཀ་དངོས་སུ་སྒྲུབ་བྱེད་མ་ཡིན་པ་མཚུངས་པར་བསྟན་ནས་བརྒྱུད་ནས་སྒྲུབ་བྱེད་ཡིན་མིན་གྱི་ཁྱད་པར་བཤད་པ་ནི། ཕྱོགས་ཀྱི་ཚིག་ཆོས་ཅན། དངོས་སུ་སྒྲུབ་བྱེད་མིན་པར་མ་ཟད་བརྒྱུད་པས་ཀྱང་སྒྲུབ་བྱེད་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དངོས་སུ་བརྗོད་པའི་ཕྱིར། གཏན་ཚིགས་ཀྱི་ཚིག་ནི་ཆོས་ཅན། དངོས་སུ་སྒྲུབ་བྱེད་དུ་ཉེ་བར་བཏགས་ནས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་འདོད་པ་ཉིད་ཡིན་ཏེ། རང་ཉིད་བསྒྲུབ་བྱ་དངོས་སུ་བསྒྲུབ་པའི་ནུས་པ་མེད་ཀྱང་དངོས་སུ་བསྒྲུབ་པར་ནུས་པ་ཅན་གྱི་རྟགས་རྗོད་པར་བྱེད་པའི་སྒྲུབ་ངག་ཡིན་པའི་ཕྱིར། བསྒྲུབ་བྱ་བརྗོད་ཕྱིར་ཕྱོགས་ཀྱི་ཚིག །བརྒྱུད་པ་ཡིས་ཀྱང་ནུས་པ་མེད། །གཏན་ཚིགས་བརྗོད་པ་རང་ཉིད་ལ། །ནུས་པ་མེད་ཀྱང་ནུས་སྟོན་བྱེད། །ཅེས་གསུངས་པའི་འགྲེལ་པ་ནི། ཕྱོགས་ཚིག་དེ་ལས་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར་ཕྱོགས་ཚིག་དེ་ཡང་བརྒྱུད་ནས་བསྒྲུབ་བྱ་བསྒྲུབ་ནུས་པ་ཉིད་དོ་ཞེ་ན། ཕྱིར་རྒོལ་གྱི་ཐེ་ཚོམ་ཤེས་འདོད་དེ་དག་ལ་ཡང་བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཡོད་པར་ཐལ། ཕྱིར་རྒོལ་གྱི་ཐེ་ཚོམ་ལས་ཤེས་པར་འདོད་པ་དང་གཏན་ཚིགས་འགོད་པའི་སྐབས་འཇུག་པའི་ཕྱིར། གཞན་ཡང་སྒྲ་རྟག་ཅེས་པའི་ཚིག་དེ་ཡང་སྒྲུབ་ངག་དེ་དང་ལྷན་ཅིག་ཏུ་བསྒྲུབ་བྱ་སྒྲུབ་པར་བྱེད་པར་འགྱུར་ཏེ། སྒྲ་རྟག་ཅེས་པའི་མི་མཐུན་པའི་ཚིག་ལས་ཀྱང་འགའ་ཞིག་ཐེ་ཚོམ་ཟ་བ་ན་ཐེ་ཚོམ་དེའི་གཉེན་པོ་གཏན་ཚིགས་ཀྱི་ཚིག་འཇུག་པ་སྲིད་པའི་ཕྱིར། ཕྱོགས་ཚིག་སྒྲུབ་བྱེད་ཡིན་ན་ཧ་ཅང་ཐལ་བ་དེའི་ཕྱིར། ཕྱོགས་ཚིག་དང་རྟགས་ཚིག་གཉིས་ལས་རྟགས་ཚིག་དེ་ཉིད་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིན་ཏེ། ནང་གི་ཡན་ལག་གི་དོན་བསྒྲུབ་བྱ་དངོས་སུ་འགྲུབ་པའི་ནུས་པ་ནི་ཚུལ་གསུམ་ཉིད་ལ་གནས་པ་ཡིན་ལ། ཚུལ་གསུམ་དེ་ལ་དྲན་པ་འཇོག་པར་བྱེད་པ་ནི་ཚུལ་གསུམ་བརྗོད་པ་དེའི་ཚིག་ལ་གནས་པའི་ཕྱིར། གཏན་ཚིགས་ཀྱི་བྱེད་པའི་ཡུལ་མ་བསྟན་ན་གཏན་ཚིགས་ཀྱི་བྱེད་པ་འཇུག་པ་མི་སྲིད་པས། ཕྱོགས་ཚིག་གིས་བྱེད་པའི་ཡུལ་སྟོན་པ་ཉིད་ཀྱིས་བསྒྲུབ་བྱ་བསྒྲུབ་པར་ནུས་པ་ཡིན་ནོ་ཞེ་ན། འདི་ལ་ཐེ་ཚོམ་ལས་ཤེས་པར་འདོད་པ་དང་ཞེས་པའི་སྐབས་སུ་ལན་བཤད་ཟིན་ཏོ། །གཞན་ཡང་ཕྱོགས་འདི་ནི་ངག་གིས་ཟིན་པར་གདོན་མི་ཟ་བར་བསྟན་པར་བྱ་བ་མ་ཡིན་ཏེ། ཕྱོགས་དེ་དངོས་སུ་བརྗོད་པ་མེད་ཀྱང་གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་ལ་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བརྗོད་པས་ཀྱང་སྒྲ་མི་རྟག་པའོ་ཞེས་དོན་གྱི་གོ་བ་ཉིད་ཡིན་པ་དེའི་ཕྱིར། ཕྱོགས་མ་བརྗོད་ཀྱང་ཤུགས་ལ་གོ་བ་དེས་ན་ཕྱོགས་མ་བརྗོད་ཀྱང་བསྒྲུབ་བྱ་འགྲུབ་པ་ལ་གེགས་མེད་པའི་ཕྱིར་སྐྱོན་དུ་མི་འགྱུར་ལ། ཚུལ་གསུམ་ལས་གང་ཡང་རུང་བ་ཞིག་མ་སྨྲས་ན་གེགས་སུ་འགྱུར་བས་སྒྲུབ་པའི་ངག་མ་ཚང་བའི་སྐྱོན་དུ་འགྱུར་རོ་ཞེས་རང་གིས་མཐོང་དོན་རབ་གསལ་བྱེད་དེས་བཤད་པར་རིག་པར་བྱའོ། །སྒྲུབ་པའི་ངག་བཤད་ཟིན་ནས། བསྒྲུབ་བྱ་བཤད་པ་ལ་ནི་རྩོད་པ་སྤོང་བའི་སྒོ་ནས་མཚམས་སྦྱར་བ་ནི། འོ་ན་ད་ནི་སྒྲུབ་པར་བྱེད་པའི་ཡུལ་བསྒྲུབ་བྱ་དེ་བསྟན་པ་མེད་ན་བསྒྲུབ་བྱ་རྟོགས་པ་མེད་པ་མ་ཡིན་པའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་བརྗོད་པར་མི་བྱའོ་ཞེ་ན། ཕྱོགས་ཀྱི་མཚན་ཉིད་ཆོས་ཅན། བརྗོད་པར་བྱ་བ་ཡིན་ཏེ། བསྒྲུབ་པར་བྱ་བ་ཡིན་པ་ལ་མ་ཡིན་པ་དང་བསྒྲུབ་པར་བྱ་བ་མ་ཡིན་པ་ནམ་མཁའི་ཡོན་ཏན་ལ་སོགས་ལ་བསྒྲུབ་བྱར་ཕྱིན་ཅི་ལོག་ཏུ་ལོག་པར་རྟོག་པ་མཐོང་བ་དེ་བཟློག་པའི་དོན་དུ་ཁྱོད་བརྗོད་དགོས་པ་ཡིན་པའི་ཕྱིར། ཕྱོགས་ཀྱི་མཚན་ཉིད་མདོར་བསྟན་པ་ནི་རྗེས་སུ་དཔག་པར་བྱ་བ་སྒྲ་དང་མི་རྟག་པའི་ཚོགས་དོན་དེ་ཡང་ཆོས་ཅན། བསྒྲུབ་བྱ་ཡིན་ཏེ། ངོ་བོ་ཁོ་ན་རང་ཉིད་འདོད་པ་དང་མ་བསལ་བའི་དོན་ཅན་དུ་བསྟན་པར་བྱ་བ་ཡིན་པའི་ཕྱིར། ཕྱོགས་ཀྱི་མཚན་ཉིད་སྟོན་པའི་སྐབས་འདིར། རང་གི་ངོ་བོ་ཞེས་པའི་ཚིག་གིས་ནི་ཆོས་ཅན། གྲུབ་ཟིན་པ་དཔེར་ན་སྒྲ་ནི་མཉན་པར་བྱ་བའོ་ཞེས་བྱ་བ་ལྟ་བུ་གཞན་དོན་བསྒྲུབ་བྱ་ཡིན་པ་བསལ་བ་ཡིན་ཏེ། གཞན་དོན་བསྒྲུབ་བྱ་ཡིན་ན། ཕྱི་རྒོལ་གྱིས་མ་གྲུབ་པ་གཟུང་ངོ་ཞེས་སྟོན་བྱེད་ཀྱི་བདེན་ཚིག་ཏུ་རིག་པར་བྱ་བ་ཡིན་པ་དེས་ནའོ། །ཚིག་ཕྲད་ཆོས་ཅན། ཚད་མས་མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་དཔེར་ན་དཔྱོད་པ་བ་དང་གྲངས་ཅན་ལ་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ཞེས་བཀོད་པ་ན་མངོན་གསལ་དུ་སྨྲ་བ་ལ་མ་གྲུབ་པའི་གཏན་ཚིགས་བྱས་པ་དང་གྲངས་ཅན་ལ་དཔེ་མ་གྲུབ་པ་བུམ་པ་ལྟ་བུ་དག་གཞན་དོན་བསྒྲུབ་བྱ་ཡིན་པ་བསལ་བ་ཡིན་ཏེ། གཞན་དོན་བསྒྲུབ་བྱ་ཡིན་ན་སྒྲུབ་བྱེད་དང་དཔེར་བཀོད་པ་མིན་པ་དགོས་སོ་ཞེས་སྟོན་བྱེད་ཀྱི་ཚིག་ཡིན་པའི་ཕྱིར། འདོད་པ་ཞེས་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་སྒྲུབ་བྱེད་འགོད་པའི་སྐབས་ཀྱི་རྟེན་མ་ཡིན་པ་དཔག་འདོད་མེད་པའི་སྨྲས་ཙམ་གཞན་དོན་བསྒྲུབ་བྱ་ཡིན་པ་སེལ་བ་ཡིན་ཏེ། གཞན་དོན་བསྒྲུབ་བྱ་ཡིན་ན་ནི་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་གཅིག་དགོས་ཞེས་སྟོན་པའི་ཚིག་ཡིན་པའི་ཕྱིར། རང་ཉིད་ཀྱི་ཚིག་ཆོས་ཅན། ཁྱོད་ཀྱིས་བསྟན་བཅོས་ཁས་བླངས་ཀྱང་ནམ་མཁའི་ཡོན་ཏན་ལ་སོགས་པ་མེད་ན་མི་འབྱུང་བ་མིན་པ་བསྒྲུབ་བྱ་དང་མ་འབྲེལ་བས་རྒོལ་བས་ཁས་བླངས་པ་མ་ཡིན་པ་གཞན་དོན་བསྒྲུབ་བྱ་ཡིན་པ་བསལ་བ་ཡིན་ཏེ། གཞན་དོན་བསྒྲུབ་བྱ་ཡིན་ན་རྒོལ་བས་ཁས་བླངས་པ་གཟུང་ངོ་ཞེས་སྟོན་བྱེད་ཀྱི་བདེན་ཚིག་ཡིན་པའི་ཕྱིར། རྒྱས་པར་བཤད་པ་ལ་ངོ་བོ་ལ་ལོག་རྟོག་ཉུང་བ་དང༌། རང་ཉིད་དང་འདོད་པའི་སྒྲ་དག་གིས་ངེས་པར་བཟུང་བའི་དོན་རྟོགས་པའི་ཕྱིར་ཁོ་ན་དང༌། ངོ་བོ་ལ་རྒྱས་བཤད་མ་མཛད་དོ། །ལྷག་མ་སྟོན་པ་ལ་འདོད་པ་དང༌། རང་ཉིད་དང༌། མ་བསལ་བ་ལ་ལོག་རྟོག་སེལ་ཚུལ་བཤད་པ་གསུམ་ལས། དང་པོ་ལ་ཞེ་འདོད་བསྒྲུབ་བྱར་བསྟན་པ་ནི། ཞེ་འདོད་བསྒྲུབ་བྱ་ཡིན་པ་ད་ནི་བསྒྲུབ་བྱ་ཆོས་ཅན། བསྒྲུབ་པར་བྱ་བ་ཉིད་དུ་རྒོལ་བས་འདོད་པ་ཡིན་ནོ་ཞེས་ཇི་ལྟར་རྟོགས་ཏེ་མི་རྟོགས་པར་ཐལ། ངག་ཏུ་མ་བརྗོད་པས་མ་ཐོས་པའི་ཕྱིར་ཞེ་ན། ངག་ཏུ་མ་བརྗོད་པས་བསྒྲུབ་བྱར་མི་རྟོགས་པ་མ་ཡིན་པར་ཐལ། སྒྲུབ་བྱེད་འགོད་པའི་སྐབས་ཀྱི་ཤུགས་ལས་བསྒྲུབ་བྱར་རྟོགས་པས་སོ། །དཔེར་ན། གྲངས་ཅན་གྱིས་སངས་རྒྱས་པ་པ་མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་བཀོད་པ་ན་མིག་ལ་སོགས་པ་འདུས་པ་རྣམས་སྤྱིར་གཞན་གྱི་དོན་ཡིན་པར་སངས་རྒྱས་པ་ལ་གྲུབ་པ་ན་གྲངས་ཅན་ལ་བདག་ནི་གཞན་ཡིན་པས་བདག་གི་དོན་བྱེད་པ་ལ་བསྒྲུབ་འདོད་ཡོད་པར་གོ་བ་ཉིད་བཞིན་ནོ། །གཞན་དོན་བསྒྲུབ་བྱའི་མཚན་ཉིད་གྱི་ཟུར་དུ་འདོད་པ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བདག་དོན་བྱེད་པ་དེ་ནི་མ་སྨྲས་སུ་ཟིན་ཀྱང་རྒོལ་བས་བསྒྲུབ་བྱར་འདོད་པས་ཁྱབ་པའི་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། གཞུང་འདིས་འདུས་བསགས་བདག་དོན་བྱེད་པའི་རྟགས་ཡིན་ན་བདག་དོན་བྱེད་པ་བསྒྲུབ་བྱར་འདོད་དགོས་ཞེས་བསྟན་གྱི། རང་ལུགས་ལ་བདག་དོན་བྱེད་པ་བསྒྲུབ་བྱ་མཚན་ཉིད་པར་མི་འདོད་དོ། །བདག་དོན་བྱེད་པ་འདི་ཉིད་བློས་ཞེན་ཚུལ་ལ་ལྟོས་པ་ལས་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་བཤད་པ་ཡིན་ཏེ། དེ་ལ་ཆོས་ཀྱི་ཁྱད་པར་དུ་འགོད་ཚུལ་ནི། མིག་ལ་སོགས་པ་འདི་དག་ནི་ཆོས་ཅན། རིམ་དང་ཅིག་ཆར་གྱི་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་ཤིང་བསགས་པའི་ཕྱིར་ཞེས་བདེན་ཞེན་གྱིས་བརྗོད་པའི་གྲངས་ཅན་ཆོས་ཅན། བདག་དོན་བྱེད་པ་ཆོས་དེའི་ཁྱད་པར་དུ་གོ་བའི་བློ་ཡོད་པ་ཡིན་ཏེ། བདག་དོན་བྱེད་པ་ཆོས་ཀྱི་ཁྱད་པར་དུ་བློས་ངེས་པར་བཟུང་ཞིང་ངག་གིས་བརྗོད་པའི་ཕྱིར། བདག་དོན་བྱེད་པ་འགོག་པའི་ཆོས་དང་ཆོས་ཅན་གྱི་ཁྱད་པར་སྒྲུབ་པའི་འགལ་རྟགས་ཆོས་ཅན། སྦྱོར་བ་འགོད་ཚུལ་ཐ་དད་པས་བསྒྲུབ་བྱའི་ཆོས་ཀྱི་དོན་ཐ་དད་པ་མ་ཡིན་ཏེ། སྔར་བཤད་པ་དེ་ལྟར་ཁྱེད་གཉིས་ཀྱི་སྦྱོར་བའི་རྣམ་པར་གཞག་པ་ཙམ་ཞིག་ཐ་དད་པར་ཟད་ཀྱི་དོན་ལ་བདག་དོན་བྱེད་པ་གཅིག་པུ་ཁྱེད་གཉིས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། བདག་དོན་བྱེད་པ་ཆོས་སུ་བྱས་པ་ལ་སྐྱོན་བརྗོད་པར་དོགས་ནས་ཆོས་དང་ཆོས་ཅན་གྱི་ཁྱད་པར་བསྒྲུབ་པའི་དུས་སུ་བཤད་པར་གྱུར་པའི་བསྒྲུབ་པར་བྱ་བ་བདག་དོན་བྱེད་པ་དེ་སྐབས་སུ་བབ་པ་ལས་དོན་གཞན་ཡིན་ནོ་ཞེ་ན། བདག་དོན་བྱེད་པ་ཆོས་ཅན། ཁྱོད་གཞན་དོན་བྱེད་པ་དང་འབྲེལ་བ་གང་གིས་གཞན་དོན་བྱེད་དོ་ཞེས་དེ་ལྟར་སྨྲས་པའི་བསྒྲུབ་བྱའི་ཆོས་ཀྱིས་འཕེན་པར་འགྱུར་བ་མ་ཡིན་པར་ཐལ། ཁྱོད་གཞན་དོན་བྱེད་པ་དང་འབྲེལ་བ་ཅི་ཞིག་ཡོད་དེ་མེད་པའི་ཕྱིར། འབྲེལ་པ་མེད་ཀྱང་ཆོས་སུ་འཕེན་ནོ་ཞེ་ན། གཞན་དོན་བྱེད་པ་ཆོས་ཅན། བདག་དོན་བྱེད་པ་དང་མ་འབྲེལ་བཞིན་དུ་བདག་དོན་བྱེད་པ་ཆོས་སུ་འཕེན་པ་མ་ཡིན་པར་ཐལ། དེ་ཡིན་ན་སྐབས་སུ་མ་བབ་པ་ཐམས་ཅད་བསྒྲུབ་བྱར་འཕེན་པ་སོགས་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །འགྱུར་མོད་ཅེ་ན། གྲངས་ཅན་ཆོས་ཅན། གཏན་ཚིགས་ཡང་དག་ཐམས་ཅད་འགལ་བའི་གཏན་ཚིགས་སུ་ཐལ། སྐབས་སུ་མ་བབ་པ་ཐམས་ཅད་བསྒྲུབ་བྱ་ཡིན་པ་དེ་ལྟ་ཡིན་དང་སྟེ་དེའི་ཕྱིར། དཔེ་ཡང་དག་ཐམས་ཅད་བསྒྲུབ་པར་བྱ་བའི་ཆོས་ཀྱིས་སྟོང་པར་འགྱུར་ཏེ། སྐབས་སུ་མ་བབ་པ་ཐམས་ཅད་བསྒྲུབ་བྱའི་ཆོས་ཡིན་ཅིང་སྐབས་སུ་མ་བབ་པའི་ཆོས་ཀྱི་ཚོགས་དེ་སྙེད་ནི་འགར་ཡང་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །འདོད་ན། རྟགས་གང་ལས་ཀྱང་བསྒྲུབ་བྱ་རྟོགས་པར་མི་འགྱུར་བར་ཐལ། རྟགས་ཡང་དག་དང་དཔེ་ཡང་དག་མེད་པ་དེའི་ཕྱིར། སྨྲས་པའི་ཆོས་རྗེས་སུ་འགྲོ་བ་མེད་ན་རྟགས་དང་དཔེའི་སྐྱོན་འདིར་འགྱུར་གྱི་གཞན་མ་སྨྲས་པ་ལ་ནི་སྐྱོན་དེ་གཉིས་ཡོད་པ་མ་ཡིན་ནོ་ཞེ་ན། སྨྲས་པ་དང་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ཆོས་ཅན། ཁྱོད་དེ་གཉིས་དཔེ་ལ་རྗེས་འགྲོ་མེད་པ་ལ་སྐྱོན་དུ་འགྱུར་མི་འགྱུར་གྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་བསྒྲུབ་པར་བྱ་བའི་ཆོས་ཉིད་དུ་ཁྱད་པར་མེད་པའི་ཕྱིར། གཞན་ཡང་ཞེ་འདོད་བཀག་པ་ལ་སྐྱོན་མེད་ན་ནི། ཞེ་འདོད་ཀྱི་བསྒྲུབ་བྱ་ལ་གནོད་པར་བྱེད་པའི་འདུས་བསགས་དེ་ཡང་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ལ་གནོད་པའི་འགལ་རྟགས་སུ་མི་འགྱུར་བར་ཐལ། སྨྲས་པས་བསྒྲུབ་བྱ་མི་འགོག་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་འགལ་རྟགས་སུ་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་པར་བྱ་བའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཉིད་ལ་འཇུག་པས་སོ། །ཁྱབ་པ་ཡོད་དེ། ཞེ་འདོད་ཀྱི་བསྒྲུབ་བྱ་ལས་བཟློག་པ་བསྒྲུབ་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། དེ་ཉིད་སློབ་དཔོན་གྱི་ལུང་དང་སྦྱར་བ་ནི། སློབ་དཔོན་དབྱིག་གཉེན་ཆོས་ཅན། ཇི་སྐད་བཤད་པའི་ཆོས་དང་ཆོས་ཅན་གྱི་ཁྱད་པར་བདག་དོན་བྱེད་པ་ཆོས་སུ་བྱས་པ་ལ་ནི་རྗེས་འགྲོ་མེད་པའི་སྐྱོན་ཡོད་པར་འདོད་པ་ཉིད་དེ། ཇི་སྐད་དུ་གྲངས་ཅན་གྱིས་བདག་ལ་གཞན་གྱི་ཐ་སྙད་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་དཔེ་ལ་རྗེས་འགྲོ་མ་གྲུབ་བོ་ཞེས་ཁྱོད་ཀྱིས་བཤད་པའི་ཕྱིར། ཡིན་ནོ་ཞེས་བྱ་བའི་སྒྲ་ནི་སློབ་དཔོན་གྱི་དགོངས་པར་སྟོན་པའི་ཚིག་གོ །འདུས་བསགས་ཀྱི་ཆོས་ཀྱང་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ལ་གནོད་པའི་འགལ་བའི་རྟགས་སུ་བྱས་པ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག དེ་སྒྲུབ་ཀྱི་འདོད་པའི་བསྒྲུབ་བྱ་དེ་ཉིད་ལ་གནོད་པས་སོ། །ངག་ཏུ་མ་བརྗོད་པའི་ཕྱིར་ཞེ་བས་འདོད་པ་དེ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན། གྲངས་ཅན་ཆོས་ཅན། ད་ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་པར་བྱ་བའི་ཆོས་ཅི་ཡིན་ཏེ་མེད་པར་ཐལ། བདག་ཡོད་དང་མེད་པ་གང་ལ་སངས་རྒྱས་པ་དང་རྩོད་པས་ཡོད་པའི་སྒྲུབ་པར་བྱེད་པ་བཀོད་པའི་བདག་དོན་བྱེད་པ་དེ་ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་པར་བྱ་བའི་ཆོས་མ་ཡིན་པའི་ཕྱིར། སྨྲས་ཙམ་བསྒྲུབ་བྱའོ་ཞེ་ན། ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་བདག་དོན་བྱེད་པ་ལས་ཕྱིན་ཅི་ལོག་ཏུ་གྲུབ་པར་ཐལ། ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་གཞན་དོན་བྱེད་ཙམ་ཡིན་པའི་ཕྱིར་ཏེ། རྒོལ་བ་ལ་བསྒྲུབ་བྱ་ཕྱིན་ཅི་ལོག་དང་ཕྱི་རྒོལ་ལ་སྒྲུབ་བྱེད་དོན་མེད་པར་འགྱུར་ཏེ། དཔག་འདོད་མེད་པའི་སྨྲས་ཙམ་བསྒྲུབ་བྱ་དེ་ལྟ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་བསགས་ཆོས་ཅན། རྒོལ་བའི་འདོད་པ་ལས་ཕྱིན་ཅི་ལོག་ཏུ་འགྱུར་བའི་མི་འདོད་པ་ཁྱོད་ཀྱི་བསྒྲུབ་བྱར་གྲུབ་པར་ཐལ། དཔག་འདོད་མེད་པའི་སྨྲས་ཙམ་ཁྱོད་ཀྱི་བསྒྲུབ་བྱ་དེ་ལྟ་ཡིན་པའི་ཕྱིར། འམ་གྱི་སྒྲ་འབྱེད་སྡུད་གཉིས་ལས་འདིར་སྡུད་པའི་སྒྲའོ། །སངས་རྒྱས་པ་ཆོས་ཅན། ཁྱོད་ཀྱི་ངོར་འདུས་བསགས་དེ་མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པའི་རྟགས་སུ་བཀོད་པ་དོན་མེད་པར་འགྱུར་ཏེ། མིག་སོགས་གཞན་དོན་བྱེད་པར་གྲུབ་ཟིན་མ་བརྗེད་པའི་ཕྱིར། ཞེ་འདོད་བསྒྲུབ་བྱ་མ་ཡིན་ན་ཕྱིན་ཅི་ལོག་ཏུ་འགྱུར་བ་དཔེར་ན། བརྡ་སྤྲོད་པའི་སློབ་མ་གཉིས་ལས་སྒྲ་བྱེ་བྲག་ཏུ་བཤད་དུ་ཡོད་པར་སྨྲ་བ་ནི་བ་ལང་ཞེས་པ་རིགས་ཀྱི་སྒྲ་དང༌། ལྷ་སྦྱིན་ཞེས་པ་མིང་གི་སྒྲ་གཉི་ཀ་ཡང་བརྡའི་སྔོན་རོལ་ནས་ཕྱི་རོལ་གྱི་དོན་ལྡན་ཡིན་གྱི་ངོ་བོའི་དོན་ལྡན་དུ་མི་འདོད་ལ། བཤད་དུ་མེད་སྨྲ་ནི་རིགས་ཀྱི་སྒྲ་དེ་ལྟ་ཡིན་ཡང་མིང་གི་སྒྲ་བརྡའི་སྔོན་རོལ་ནས་ངོ་བོའི་དོན་ལྡན་ཡིན་གྱི་ཕྱི་རོལ་གྱི་དོན་ལྡན་མིན་ནོ་ཞེས་སྨྲ་བ་ལ་གྲངས་ཅན་པ་ཁྱོད་ལྟར་ན་བཤད་དུ་མེད་སྨྲས་ཡོད་སྨྲ་ལ་མིང་གི་སྒྲའི་ངོ་བོ་ནི་ཆོས་ཅན། མིང་ཅན་དང་འབྲེལ་པའི་སྔོན་རོལ་བརྡ་མ་བྱས་པ་ནས་རང་བརྗོད་བྱའི་དོན་དང་ལྡན་པ་ཡིན་ཏེ། སྒྲའི་རྣམ་པར་དབྱེ་བ་བརྒྱད་གང་རུང་དང་ལྡན་པར་མཐོང་བའི་ཕྱིར། རིགས་ཀྱི་སྒྲ་བཞིན་ཞེས་བཀོད་པ་ན། སྒྲའི་རྣམ་པར་དབྱེ་བ་བརྒྱད་གང་རུང་དང་ལྡན་པ་ཆོས་ཅན། ཕྱིན་ཅི་ལོག་མི་འདོད་པ་མིང་གི་སྒྲ་ཕྱི་རོལ་གྱི་དོན་དང་ལྡན་པ་ཉིད་ཁྱོད་ཀྱི་བསྒྲུབ་བྱར་གྲུབ་པར་འགྱུར་བར་ཐལ། མིང་གི་སྒྲ་རང་གི་ངོ་བོ་ཙམ་གྱི་དོན་དང་ལྡན་པ་ནི་མ་སྨྲས་པས་ཁྱེད་ལྟར་ན་བསྒྲུབ་པར་བྱ་བ་མ་ཡིན་ལ། དོན་དང་ལྡན་པ་གསུམ་པ་མེད་ཅིང་ཁྱོད་ཀྱི་རྟགས་ལས་མིང་གི་སྒྲ་དོན་དང་ལྡན་པར་ཡང་མཐོང་བ་དེའི་ཕྱིར། ཞེས་ཆོས་མཆོག་འཆད་དོ། །རང་གི་ངོ་བོ་དང་ཕྱི་རོལ་གྱི་དོན་ལྡན་གྱི་ཁྱད་པར་ནི་སྒྲ་རང་གིས་གོ་བར་བྱེད་པ་དང་ཕྱི་རོལ་གྱི་དོན་གོ་བར་བྱེད་པ་ལ་འདོད་དོ། །ཤཱཀྱ་བློས་ཐལ་བ་གསུམ་ཅར་གྱི་དཔེར་སྦྱོར་བར་སྣང་ངོ༌། །དོན་མེད་པར་ཐལ་བ་བཤད་པ་ནི། འདོད་པ་བསྒྲུབ་བྱ་མ་ཡིན་ན། ཕྱིན་ཅི་ལོག་ཏུ་འགྱུར་བ་དེ་བཞིན་དུ་མིག་ལ་སོགས་པ་ནི་ཆོས་ཅན། གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་བཀོད་པ་ན། འདུས་བསགས་ཆོས་ཅན། སངས་རྒྱས་པའི་ངོར་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པར་བྱེད་པའི་རྟགས་སུ་བཀོད་པ་ལ་འབྲས་བུ་མེད་པ་ཡིན་པར་ཐལ། ཁྱད་པར་མེད་པའི་གཞན་གྱི་དོན་ཙམ་གྲུབ་ཀྱང་བདག་གི་དོན་མ་སྨྲས་པས་ཁྱོད་ཀྱི་རྟགས་ལས་རྟོགས་པ་མ་ཡིན་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། མིག་སོགས་དེ་དག་འདུས་པ་གཞན་རྣམས་མི་རྟག་པའི་དོན་བྱེད་པར་ནི་སངས་རྒྱས་པས་ཚད་མས་གྲུབ་ནས་ཁས་བླངས་པའི་ཕྱིར། ཞེ་འདོད་བསྒྲུབ་བྱར་བསྟན་པ་དང་རྗེས་འགྲོ་མེད་པའི་སྐྱོན་རྒྱས་པར་བསྟན་པའི་མཇུག་བསྡུ་བ་ནི། འདོད་པ་བསྒྲུབ་བྱ་མ་ཡིན་ན་མི་འདོད་པ་འགྲུབ་པ་དང༌། དོན་མེད་པར་ཐལ་བ་དེའི་ཕྱིར་ཀུན་བཏུས་སུ་འདོད་པ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། མ་སྨྲས་ཀྱང་འདོད་པས་ཁྱབ་པ་ནི་བསྒྲུབ་པར་བྱ་བ་ཡིན་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། ཞིང་སྡུད་ཚིག་གོ །བདག་དོན་བྱེད་པ་དེ་ཆོས་ཅན། ཁྱོད་བསྒྲུབ་བྱའི་ཆོས་སུ་བཟུང་བ་ལ་དཔེ་བསྒྲུབ་པར་བྱ་བའི་ཆོས་ཀྱིས་སྟོང་པའི་ཉེས་པ་ཡོད་པ་ཡིན་ཏེ། ཁྱོད་དཔེ་ལ་རྗེས་འགྲོ་མ་ཚང་བའི་ཕྱིར། འདུས་བསགས་ཆོས་ཅན། སོགས་པ་འགལ་རྟགས་ཡིན་ཏེ། ཕྱོགས་ཆོས་གང་ཞིག་སོགས་པ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། ཚུལ་འདི་གཉིས་པ་དང་བཅས་སྦྱོར་བ་ལ་ཡང་མཚུངས་པར་བསྟན་པ་ནི། བདག་དོན་བྱེད་པ་དཔེ་ལ་རྗེས་འགྲོ་མེད་པར་བསྟན་པ་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པ་ཡིན་ཏེ། གཉིས་པ་དང་བཅས་པའི་སྦྱོར་བ་རྣམས་ལ་བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་འགྲོ་མེད་པའི་ཉེས་པ་བཤད་པའི་ཕྱིར། གཉིས་བཅས་ཀྱི་སྦྱོར་བ་དཔེར་བརྗོད་པ་ནི། འབྱུང་བ་བཞི་ནི་མངོན་པར་མི་གསལ་བའི་སེམས་པ་ཅན་དུ་འདོད་ལ་སྐྱེས་བུ་ནི་མངོན་པར་གསལ་བའི་སེམས་པ་ཅན་ཡིན་པ་ལས། བུམ་པ་ནི་ཆོས་ཅན། མངོན་པར་གསལ་བའི་སེམས་པ་ཅན་དང་བུམ་པ་གང་ཡང་རུང་བས་གཉིས་པ་དང་བཅས་པ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་ཕྱིར། བུམ་ལྡན་གྱི་རྩིག་པ་བཞིན་ནོ་ཞེས་བྱ་བ་བཀོད་པ་ལ་རྗེས་འགྲོ་མེད་པའི་ཚུལ་ནི། རྩིག་པ་ནི་ལུས་སེམས་རྫས་གཅིག་པ་དེ་ལྟ་བུར་གྱུར་པའི་སྐྱེས་བུའི་གཉིས་པ་དང་བཅས་པར་མ་གྲུབ་པས་བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་སུ་འགྲོ་བ་མེད་པ་བཞིན་ནོ། །འོན་ཏེ་ལུས་བུམ་གང་རུང་གི་སྤྱི་བསྒྲུབ་པར་བྱ་བར་འདོད་པའི་ཕྱིར་ཁྱད་པར་ལུས་ཀྱི་གཉིས་བཅས་ཆོས་སུ་འཕེན་པ་མ་ཡིན་པས་རྗེས་འགྲོ་མེད་པའི་སྐྱོན་མེད་དོ་ཞེ་ན། ཨུཏྤལ་མ་ཡིན་པའི་རྟགས་འདི་ནི་ཆོས་ཅན། བུམ་པ་ལུས་བུམ་གང་རུང་གི་གཉིས་བཅས་སུ་སྒྲུབ་པར་བྱེད་པའི་རྟགས་སུ་བཀོད་པ་ལ་འབྲས་བུ་ཅི་ཡིན་ཏེ་མེད་པ་ཡིན་པར་ཐལ། བུམ་པ་ལུས་ཀྱི་གཉིས་བཅས་དེ་བསྒྲུབ་བྱར་མི་འཕེན་ཅིང་གཉིས་བཅས་ཙམ་གྲུབ་ཟིན་པའི་ཕྱིར། ཡང་ན་ནི་མི་འདོད་པ་བུམ་པ་བུམ་པའི་གཉིས་བཅས་ཁྱོད་ཀྱི་བསྒྲུབ་བྱར་འགྱུར་ཏེ། བུམ་པ་དང་ལུས་ཀྱི་གཉིས་བཅས་གང་རུང་ཁྱོད་ཀྱི་བསྒྲུབ་བྱར་གང་ཞིག་བུམ་པ་ལུས་ཀྱི་གཉིས་བཅས་ཁྱོད་ཀྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར་རོ་ཞེས་དེ་ལྟར་ཡིན་ན་ཕྱིན་ཅི་ལོག་ཏུ་གྲུབ་པ་ཞེས་པའི་སྐབས་སུ་བཤད་ཟིན་ཏོ། །གལ་ཏེ་ལུས་ཀྱི་གཉིས་བཅས་ནུས་ཡུལ་དུ་བྱས་སམ་མ་བྱས། གལ་ཏེ་མ་བྱས་ན་བུམ་པ་ལུས་ཀྱི་གཉིས་བཅས་དེ་ཆོས་ཅན། ཨུཏྤལ་མ་ཡིན་པའི་རྟགས་དེས་ཇི་ལྟར་འགྲུབ་པར་འགྱུར་ཏེ་དེ་མི་འགྱུར་བར་ཐལ། སྒྲུབ་པར་བྱེད་པ་ཨུཏྤལ་མ་ཡིན་པའི་རྟགས་དེས་ནུས་ཡུལ་དུ་བྱས་པ་མ་ཡིན་པའི་ཕྱིར། ཁྱབ་པ་མེད་ན། ཇི་ལྟར་རྟགས་ཀྱི་ནུས་ཡུལ་མ་ཡིན་ཏེ་ཡིན་པར་ཐལ། རྟགས་ཀྱིས་བསྒྲུབ་བྱར་འགྲུབ་ན་ཡང་ངོ༌། །རྟགས་ཀྱི་ནུས་ཡུལ་དུ་བྱས་པ་ཡིན་ནོ་ཞེ་ན་ནི། བསྒྲུབ་བྱ་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་གཉིས་བཅས་ཆོས་ཅན། ཁྱོད་ཀྱི་ཆོས་སུ་བཟུང་བ་ལ་རང་ལ་བརྟེན་པའི་ཉེས་པའི་རྣམ་པ་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་གྱིས་ཇི་ལྟར་མ་རེག་པར་འགྱུར་ཏེ་རེག་པར་ཐལ། ཁྱོད་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར། དཔེ་ལ་རྗེས་འགྲོ་མེད་ཀྱང་སུན་དབྱུང་བར་བྱ་བ་མིན་ཏེ་ངག་ཏུ་མ་ཟིན་པས་སོ་ཞེ་ན། རྒྱང་འཕེན་པ་དེས་ལུས་ཀྱི་གཉིས་བཅས་དེ་ལ་བརྟེན་པའི་གྲུབ་ངེས་པ་ནི་སྒྲུབ་པར་བྱེད་པ་ཨུཏྤལ་མ་ཡིན་པ་ལས་རྙེད་པར་འགྱུར་ཞིང་ངག་ཏུ་མ་ཟིན་པས་གཞན་གྱིས་སུན་འབྱིན་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་གཞག་འདི་ནི་ཆོས་ཅན། གསལ་བར་ངེས་པར་རྒྱལ་པོ་ངན་པའི་གྲ་སའི་རྣམ་པར་བཞག་པ་དང་འདྲ་བ་ཡིན་ཏེ། རིགས་པའི་བརྟགས་པ་དང་བྲལ་བ་ནན་གྱིས་འཇུག་པའི་རྣམ་གཞག་ཡིན་པའི་ཕྱིར། འདི་ནི་རིགས་པའི་རྣམ་གྲངས་སོ། །རྒྱུ་མཚན་དེས་ན་སྒྲུབ་པར་བྱེད་པ་ཨུཏྤལ་མ་ཡིན་པའི་ནུས་པས་ཁྱབ་པའམ་ཡུལ་དུ་བྱས་པའི་དོན་གྱི་རྣམ་པ་ཅི་སྙེད་པ་དེ་ཐམས་ཅད་ནི་ཆོས་ཅན། རྟགས་ཀྱི་ནུས་པས་ཁྱབ་པར་མ་ཟད་སུན་འབྱིན་ནུས་པས་ཀྱང་ཁྱབ་པ་ཡིན་ཏེ། སུན་འབྱིན་འཇུག་པའི་ཡུལ་ཡིན་པའི་ཕྱིར། སྒྲུབ་བྱེད་ཀྱི་ནུས་པས་ཁྱབ་པའམ་གཏན་ཚིགས་ཡུལ་དུ་སྨྲས་པ་ནི་ཁྱོད་བསྒྲུབ་བྱར་གྲུབ་པ་ཨུཏྤལ་མ་ཡིན་པའི་རྟགས་དེས་འཕེན་པའི་ཕྱིར། སེམས་དང་རྫས་གཅིག་པའི་རྣམ་པ་དེ་ལྟ་བུའི་ལུས་རྗེས་འགྲོ་མེད་པར་དོགས་ནས་བུམ་པ་ལས་དོན་གཞན་གྱི་ངོ་བོར་ཁས་མི་ལེན་པར་གང་རུང་གི་སྤྱི་བསྒྲུབ་བྱར་འདོད་ན། བུམ་པ་ཆོས་ཅན། ལུས་བུམ་གང་རུང་གི་སྤྱི་ཁྱོད་ལས་དོན་གཞན་དུ་བསྒྲུབ་ནུས་པ་ཡང་མི་སྲིད་དེ། ལུས་དང་བུམ་པ་གང་ཡང་རུང་བའི་ཡ་གྱལ་ལུས་དང་བུམ་པ་གཉིས་ཀ་ཁྱོད་ལས་དོན་གཞན་གྱི་ངོ་བོར་མེད་པའི་ཕྱིར། རྒྱང་འཕེན་པ་ཆོས་ཅན། ལུས་དང་བུམ་པ་གཉིས་ཀ་བུམ་པ་ལས་དོན་གཞན་དེ་ལྟ་བུའི་དངོས་པོར་སྲིད་ན་ལུས་དང་བུམ་པ་གང་ཡང་རུང་བའི་སྤྱི་བུམ་པ་ལས་དོན་གཞན་དུ་བརྗོད་པར་ནུས་པ་ཡིན་ཏེ། བརྗོད་ནུས་པ་དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་གཉིས་ཀ་ལ་ཟ་བ་སྲིད་ན་ལྷ་སྦྱིན་དང་མཆོད་སྦྱིན་དག་ལས་གང་ཡང་རུང་བ་ཞིག་ཟའོ་ཞེས་བྱ་བ་དེ་ལྟ་བུ་དང་མཚུངས་པ་ཡིན་པའི་ཕྱིར། ལུས་བུམ་པ་ལས་དོན་གཞན་དུ་མེད་ཅིང་བུམ་པ་ལས་དོན་གཞན་དུ་བརྗོད་འདོད་མེད་ན་ལུས་དང་བུམ་པ་གང་རུང་གི་སྤྱི་བུམ་པ་ལས་དོན་གཞན་དུ་སྨོས་མི་ནུས་ཏེ། རྒྱུ་མཚན་འགའ་ཞིག་ལས་ལྷ་མཆོད་གང་ཡང་རུང་བ་གཅིག་ཟ་མི་སྲིད་པའམ་གང་རུང་གཅིག་ཟ་བ་ལ་སྨྲ་བ་པོ་བརྗོད་པར་འདོད་པ་མེད་ན་ནི་གང་རུང་སྨོས་པར་ནུས་མེད་ཡིན་པ་བཞིན་ནོ། །འོག་ནས་བཤད་པའི་རྟགས་འདི་ལས་ཀྱང་ལུས་བུམ་གང་ཡང་རུང་བའི་སྤྱི་བུམ་པ་ལས་དོན་གཞན་གྱི་ངོ་བོར་མེད་པ་ཡིན་ཏེ། བུམ་པ་རང་ཉིད་ཀྱི་ངོ་བོ་ལས་བུམ་པ་རང་ཉིད་དོན་གཞན་གྱི་ངོ་བོར་ཁས་མ་བླངས་པའི་ཕྱིར་དང་འགལ་བའི་ཕྱིར་རོ། །ཁྱབ་པ་མེད་ན། བུམ་པ་ལུས་བུམ་གང་ཡང་རུང་བའི་གཉིས་བཅས་ཡིན་ཞེས་གང་གི་སྒྲ་སྨོས་པ་ནི་དོན་མེད་པར་ཐལ། བུམ་པ་བུམ་པའི་གཉིས་བཅས་སུ་འགལ་བའི་ཤུགས་ཀྱིས་ལུས་ཉིད་བུམ་པ་ལས་དོན་གཞན་དུ་འགྱུར་བ་ཡིན་ནོ་ཞེས་ཁྱོད་ཀྱི་དམ་བཅའི་ངག་གི་དོན་དུ་རྣམ་པར་གནས་པའི་ཕྱིར། ལུས་ཀྱི་གཉིས་བཅས་དམ་བཅའི་དོན་དུ་གནས་པ་དེ་ལྟ་མ་ཡིན་པར་བུམ་པའི་གཉིས་བཅས་ཡིན་ན་བུམ་པ་ལུས་བུམ་གང་རུང་གི་གཉིས་བཅས་ཡིན་ཞེས་པའི་ཚིག་འདི་ཆོས་ཅན། དམ་བཅའི་ཚིག་འགལ་བར་འགྱུར་ཏེ། བུམ་པ་བུམ་པའི་གཉིས་བཅས་སུ་སྟོན་པའི་དམ་བཅའི་ངག་གང་ཞིག་གི་བུམ་པ་བདག་ཉིད་ནི་བུམ་པ་དེ་མ་ཡིན་པ་དོན་གཞན་གྱི་ངོ་བོར་གནས་པ་འགལ་བའི་ཕྱིར་རོ། །གལ་ཏེ་ལུས་ཉིད་ཀྱི་ངོ་བོ་བུམ་པ་ལས་དོན་གཞན་གྱི་ངོ་བོ་ཡིན་ན་ནི། རྒྱང་འཕེན་པ་དེ་ཉིད་ཆོས་ཅན། ཁྱོད་ཀྱིས་འགལ་བ་སྨྲས་པ་ཡིན་ཏེ། ལུས་ཀྱི་གཉིས་བཅས་ཞེས་དེ་སྐད་དུ་བརྗོད་པར་འགྱུར་ན་ཁྱོད་ཀྱིས་ལུས་བུམ་གང་ཡང་རུང་བ་གཉིས་བཅས་ཡིན་ཞེས་སྨོས་པའི་ཤུགས་ཀྱིས་བུམ་པ་ལས་བུམ་པའི་གཉིས་བཅས་དེ་ལྟར་འགྱུར་བའི་ཕྱིར། བུམ་པ་ལས་གཞན་པའི་ལུས་བུམ་གང་རུང་གི་སྤྱི་བསྒྲུབ་བྱར་འདོད་པ་བཀག་ཟིན་ཏོ། །བུམ་པ་དང་སྐྱེས་བུ་སོ་སོའི་གཉིས་བཅས་མི་རུང་བས་སྤྱི་བསྒྲུབ་བྱ་མ་ཡིན་པར་བསྟན་པ་ནི། ལུས་བུམ་གང་རུང་གི་སྤྱི་བུམ་པ་ལས་དོན་གཞན་བརྟེན་པ་མ་ཡིན་ཏེ་ལུས་ལའང་དོན་གཞན་མི་བརྟེན་ཅིང་བུམ་པ་ལའང་མི་བརྟེན་པ་འདིའི་ཕྱིར་ཡང་ངོ༌། །ཁྱབ་པ་ཡོད་དེ། གསལ་བ་ཐམས་ཅད་ཡོད་པར་མི་སྲིད་ན་དེའི་སྤྱི་མི་འཐད་པའི་ཕྱིར་རོ། །དཔེར་ན་བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པའི་རིགས་བཞི་མ་ཡིན་པ་ཉིད་ལ་རིགས་ཉིད་དམ། དབང་པོ་ལྔ་པོས་གང་ལ་ཡང་མི་བརྟེན་ན་རྟོག་པའི་ཤེས་པ་དབང་པོ་ལ་བརྟེན་པ་ཉིད་མི་སྲིད་པ་བཞིན་ནོ། །མི་བརྟེན་པའི་ཚུལ་འདི་ལྟར། རྟོག་པ་དེ་ཆོས་ཅན། མིག་ལ་བརྟེན་པ་ནི་མ་ཡིན་ཏེ། མིག་དེའི་ཤེས་པ་བཞིན་དུ་དེའི་དོན་གསལ་བར་རྟོགས་པ་མེད་པའི་ཕྱིར་དང༌། མིག་གི་དབང་པོ་དེ་འགྱུར་བའི་རྗེས་སུ་མི་བྱེད་པའི་ཕྱིར་དང་མིག་གི་དབང་པོ་དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དབང་པོ་གཟུགས་ཅན་གཞན་ལ་བརྟེན་པ་ཉིད་མ་ཡིན་ཏེ། མིག་ལ་མི་བརྟེན་པ་དེ་བཞིན་དུ་རྣ་བ་ལ་སོགས་པ་ལ་ཡང་བརྟེན་པ་མ་ཡིན་པའི་ཕྱིར། དབང་པོ་ལ་བརྟེན་པ་ཉིད་མ་ཡིན་ནོ་ཞེས་པ་ནི་དོན་བསྡུ་བའོ། །དཔེ་བསྟན་ནས་དོན་ལ་སྦྱར་བ་ནི། དཔེ་དེ་བཞིན་དུ་ལུས་དང་བུམ་པ་དེ་གཉིས་གང་རུང་གཅིག་བུམ་པ་ལས་དོན་གཞན་དེ་ལྟར་ཁས་ལེན་པར་རིགས་ན་བུམ་པ་དང་ལུས་དག་ལས་གང་ཡང་རུང་བའི་དོན་བུམ་པ་ལས་གཞན་དུ་གྱུར་པ་ཞེས་སྤྱིར་ལུས་བུམ་གང་ཡང་རུང་བའི་དོན་བུམ་པ་ལས་གཞན་གྱི་ངོ་བོ་བསྒྲུབ་བྱར་འགྱུར་བ་ཡིན་ན། བུམ་པ་ཆོས་ཅན། ཁྱོད་ལས་དོན་གཞན་པའི་ལུས་བུམ་གང་རུང་རྟགས་ཡང་དག་གི་བསྒྲུབ་བྱ་དེ་ལྟར་ནི་མ་ཡིན་པར་ཐལ། ལུས་དཔེ་ལ་རྗེས་སུ་འགྲོ་བ་མེད་པར་དོགས་པ་དང༌། བུམ་པ་ཡང་ཁྱོད་ལས་དོན་གཞན་དུ་འགལ་བའི་ཕྱིར། དེའི་ཕྱིར་ཡང་གང་རུང་གི་སྤྱི་དོན་གཞན་སྲིད་པ་མ་ཡིན་ནོ། །ལུས་བུམ་གང་རུང་གི་སྤྱི་བུམ་པ་ལས་གཞན་ཡིན་ན་བུམ་པ་ཡང་གཞན་མ་ཡིན་ལུས་ཀྱང་གཞན་མ་ཡིན་པར་འགལ་ཏེ། དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་དག་ལས་གང་ཡང་རུང་བ་ལ་ཟན་སྦྱིན་པར་བྱ་བ་ཡིན་ཞེས་ལྷ་སྦྱིན་ལ་མ་ཡིན་མཆོད་སྦྱིན་ལ་ཡང་མ་ཡིན་ཞེས་བྱ་བ་འདི་ལ་ཡོད་པ་སྲིད་དམ་སྟེ་མི་སྲིད་པ་ལྟ་བུའོ། །ལྷ་སྦྱིན་ཁོ་ན་ལ་སྦྱིན་པ་དགག་པའི་དོན་དུ་ལྷ་སྦྱིན་འབའ་ཞིག་ལ་སྦྱིན་པ་མ་ཡིན་ནོ་སྙམ་དུ་བསམས་ནས་དགག་ཚིག་གཉིས་སྨོས་པའི་ཕྱིར་གང་རུང་ལ་མི་སྦྱིན་པའི་སྐྱོན་མེད་དོ་ཞེ་ན། རྒྱང་འཕེན་པ་ཆོས་ཅན། ལྷ་མཆོད་གང་རུང་ལ་སྦྱིན་ཞེས་པའི་ངག་ལ་ལྷ་སྦྱིན་ཁོ་ན་ལ་སྦྱིན་སྙམ་པའི་དོགས་པ་སྐྱེས་པ་དགག་པའི་དོན་དུ་དགག་ཚིག་སྨོས་དགོས་པ་མ་ཡིན་པར་ཐལ། ལྷ་མཆོད་གང་ཡང་རུང་བ་ལ་སྦྱིན་ཞེས་སྨོས་པ་ཉིད་ཀྱིས་ལྷ་སྦྱིན་ཁོ་ན་ལ་སྦྱིན་པར་ཐལ་བ་མེད་པའི་ཕྱིར། ངེས་པ་ལ་ཐལ་བ་མེད་པ་དེའི་ཕྱིར་ལུས་དང་བུམ་པ་གཉིས་ཀ་བཟུང་བར་མ་ཟད་གཅིག་བུམ་པ་ལས་དོན་གཞན་དུ་ཡོངས་སུ་བཟུང་ཡང་མི་འགལ་བ་ཡིན་ན་ལུས་བུམ་གང་ཡང་རུང་བའི་སྤྱི་བུམ་པ་ལས་དོན་གཞན་ཞེས་སྨོས་པ་འདི་ནུས་པར་འགྱུར་ཏེ། དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་གཅིག་ཟ་ཡང་གང་ཡང་རུང་བ་ཟ་འོ་ཞེས་བརྗོད་པ་བཞིན་ནོ། །གཅིག་ལ་གང་རུང་གི་སྒྲ་མི་འཐད་དོ་ཞེ་ན། ཡ་གྱལ་གཅིག་ལ་མི་འཇུག་ན་གང་རུང་གི་སྒྲ་མི་འཐད་པ་མ་ཡིན་ཏེ། གང་རུང་གི་སྒྲ་འདིའི་ཡུལ་ནི་རྣམ་པར་བརྟག་པ་ཡིན་པའི་ཕྱིར། དེ་བཞིན་དུ་གཉིས་བཅས་ཀྱི་སྦྱོར་བ་དེ་ལའང་བུམ་པ་ཁོ་ན་འམ་ལུས་ཁོ་ནས་གཉིས་པ་དང་བཅས་པར་མི་འདོད་ཀྱང་གང་སྲིད་པ་དེ་ཡོངས་སུ་འཛིན་པ་ཡིན་ན་སྔར་བཤད་པའི་ཚུལ་གྱིས་གཅིག་ཀྱང་མི་སྲིད་པས་གང་རུང་གི་སྒྲ་ལ་ནུས་པ་མེད་དོ། །བསྒྲུབ་པ་ཙམ་དུའང་མི་རུང་བར་བསྟན་པ་ནི། བུམ་པ་ཆོས་ཅན། ཁྱོད་ལ་ལུས་བུམ་གང་རུང་གི་གཉིས་བཅས་ཀྱི་སྤྱི་སྒྲུབ་པ་མི་རིགས་ཏེ། ཁྱོད་ལ་དེ་བསྒྲུབ་པ་མི་འཐད་པའི་ཕྱིར། དེ་ཉིད་བཤད་པ་ནི། ཨུཏྤལ་མ་ཡིན་པ་ཆོས་ཅན། བུམ་པ་ལ་ལུས་བུམ་གང་རུང་གི་གཉིས་བཅས་ཀྱི་སྤྱི་ཅི་ཞིག་བསྒྲུབ་པར་ནུས་ཏེ་མི་ནུས་པར་ཐལ། ལུས་དང་བུམ་པའི་ཆོས་གཉིས་བུམ་པ་གཅིག་ལ་གཉིས་བཅས་སུ་འབྲེལ་བར་བསྒྲུབ་པ་ལ་གང་རུང་ཡིན་ཞེས་པའི་རྣམ་པར་བརྟག་པ་དང་འདི་ཡང་ཡོད་འདི་ཡང་ཡིན་ཞེས་པའི་བསྡུ་བའི་སྤྱི་ཡང་བསྒྲུབ་པ་མི་འཐད་པའི་ཕྱིར། དེས་ན་བུམ་པ་ལ་ལུས་བུམ་གང་རུང་གི་གཉིས་བཅས་ཀྱི་སྤྱི་བསྒྲུབ་ཅེས་པའི་ཚིག་གི་ཚུལ་ནི་ཆོས་ཅན། གསོག་སྙིང་པོ་མེད་པ་ཡིན་ཏེ། ནུས་ཡུལ་མ་ཡིན་པ་ནུས་ཡུལ་དུ་བརྗོད་པའི་ཕྱིར། ལུས་བུམ་གང་རུང་གི་སྤྱི་བསྒྲུབ་བྱར་བཀག་པ་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པ་ཡིན་ཏེ། སྒྲ་རྟག་པར་བསྒྲུབ་པ་ལ་རྟགས་སུ་བཀོད་པ་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཉིད་ཀྱང་སྒྲ་ལ་ཕྱོགས་ཆོས་སུ་གྲུབ་པ་བསལ་བ་ཡིན་པའི་ཕྱིར། གཞན་ཡང་ཕྱོགས་ཞེས་པའི་སྒྲ་དེ་ཆོས་ཅན། ཁྱོད་ཕྱོགས་དང་མཐུན་ཕྱོགས་གཉིས་ཀར་ཡང་སྲིད་པ་མི་འགལ་བར་ཐལ། ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པ་དེ་ཁྱོད་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་སུ་དེ་ལྟར་འགྲུབ་པར་འགྱུར་བའི་ཕྱིར། ཁྱབ་པ་མེད་ན། ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་དེ། ཁྱོད་རྟག་པར་བསྒྲུབ་པ་ལ་ཕྱོགས་ཆོས་སུ་མ་གྲུབ་པ་ཉིད་དུ་ཐལ། ཁྱོད་ཕྱོགས་དང་མཐུན་ཕྱོགས་གཉིས་ཀར་ཡང་སྲིད་པ་མི་འགལ་བ་དེ་ལྟ་མ་ཡིན་པའི་ཕྱིར། འདིས་ནི་སྒྲུབ་བྱེད་མི་སྲིད་པར་བསྟན་ཏོ། །ཕྱོགས་ཡིན་ན་འདི་ལྟར་ཕྱོགས་སུ་ངེས་པའི་རྣམ་པ་དེ་ལྟ་བུའི་སྒྲ་དེ་ནི་ཆོས་ཅན། ཕྱོགས་དང་མཐུན་པའི་ཕྱོགས་དག་ལ་གང་ཡང་རུང་བར་ངེས་པ་ནི་མ་ཡིན་ཏེ། ཕྱོགས་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྣམ་པར་བརྟག་པ་དང་གཅིག་ཏུ་སོ་སོར་ངེས་པ་འགལ་བའི་ཕྱིར། ངེས་པ་ལ་ནི་གཉིས་པ་མེད་པ་ཡིན་ལ་རྣམ་པར་བརྟག་པ་ལ་ནི་གཉིས་པ་ཡོད་པའི་ཕྱིར། གཅིག་ལ་གཉིས་པ་ཡོད་མེད་གཉིས་ཀར་འགལ་བའི་ཕྱིར། འདིས་ནི་སྒྲུབ་བྱེད་འགལ་བའི་རྒྱུ་མཚན་གྱིས་མ་གྲུབ་པར་བསྟན་ཏོ། །བུམ་པ་ལུས་བུམ་གང་རུང་གི་གཉིས་བཅས་ཡིན་ཞེས་པའི་ངག་ཆོས་ཅན། ལུས་དང་བུམ་པའི་དོན་རྣམས་ལ་གང་རུང་གི་གཉིས་བཅས་ཞེས་སྤྱིར་བརྗོད་ཀྱང་ལུས་ཀྱི་གཉིས་བཅས་ཉིད་ཁྱོད་ཀྱི་བརྗོད་བྱའི་དོན་དུ་རྟོགས་པར་འགྱུར་གྱི། བུམ་པ་བུམ་པའི་གཉིས་བཅས་ནི་ཁྱོད་ཀྱི་དོན་མ་ཡིན་པར་ཐལ། བུམ་པ་བུམ་པའི་གཉིས་བཅས་སུ་འགལ་བའི་ཤུགས་ཀྱིས་ཁྱད་པར་ལུས་ཀྱི་གཉིས་བཅས་ཉིད་ཁྱོད་ཀྱི་ངག་དོན་དུ་གནས་པའི་ཕྱིར། དཔེར་ན་འགའ་ཞིག་འོངས་སོ་ཞེས་བྱ་བའི་འགའ་ཞིག་གི་སྒྲ་སྤྱི་སྒྲ་ཡིན་ཡང་འགྲོ་བའི་བྱ་བ་དང་ལྡན་པ་གོ་ཡི་རིའམ་ཤིང་ལ་དོགས་པར་འགྱུར་བ་མ་ཡིན་པ་བཞིན་ནོ། །གཉིས་བཅས་ཀྱི་སྒྲ་ལས་ལུས་ཀྱི་གཉིས་བཅས་མི་རྟོགས་ཏེ། ཁྱད་པར་གྱི་སྒྲས་མ་ཟིན་པའི་ཕྱིར། ཁྱད་པར་གྱི་སྒྲས་ཟིན་ན་སྤྱི་སྒྲ་ལས་བྱེ་བྲག་གོ་བ་ཡིན་ཏེ། དཔེར་ན་རཱ་མ་སྤྱིའི་དོན་ཅན་ཛ་མད་ཨགྣིའི་བུའི་སྒྲ་དང་འབྲེལ་བས་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ལས་གཞན་པའི་ཁྱད་པར་གོ་བ་བཞིན། རྒྱང་འཕེན་པ་ཆོས་ཅན། སྤྱི་སྒྲ་ལ་ཁྱད་པར་གྱི་ཚིག་གིས་མ་ཟིན་ན་སྤྱི་སྒྲ་ལས་ཁྱད་པར་མི་རྟོགས་པ་ཡིན་པར་ཐལ། སྤྱི་སྒྲ་ལ་ཁྱད་པར་གྱི་སྒྲ་ཉེ་བར་སྦྱར་བར་བྱས་པ་ཉིད་དམ་ཁོ་ན་ནི་སྤྱིའི་སྒྲ་རྣམས་ཀྱིས་ཁྱད་པར་བློ་ཡུལ་དུ་རྣམ་པར་འཇོག་པའི་རྒྱུ་མ་ཡིན་གྱི་འོན་ཀྱང་སྐབས་དང་ཤུགས་ལ་སོགས་པས་ཁྱད་པར་གོ་བ་ཡང་ཡོད་པ་ཡིན་པའི་ཕྱིར། སོགས་པ་བེའུ་དང་བཅས་པའི་དྲུས་མ་ཞེས་ལྡན་པ་དང་བེའུ་མེད་པའི་དྲུས་མ་ཞེས་པའི་བྲལ་བའི་སྒྲ་བཞིན་ནོ། །གཉིས་བཅས་ཀྱི་སྦྱོར་བ་མི་འཐད་པར་རྒྱས་པར་བསྟན་ཟིན་པའི་མཇུག་བསྡུ་བ་ནི། གོང་དུ་བསྟན་པ་དེ་ལྟ་ཡིན་པ་དེའི་ཕྱིར། བུམ་པ་ཆོས་ཅན། ལུས་དང་བུམ་པ་གང་ཡང་རུང་བའི་སྤྱི་ཁྱོད་ལས་དོན་གཞན་དུ་འགྱུར་པ་ཡང་མ་ཡིན་ཏེ། ལུས་དང་བུམ་པ་གཉིས་ཀ་ཁྱོད་ལས་དོན་གཞན་དུ་གྱུར་པ་མི་འཐད་པའི་ཕྱིར་རོ། །ཁྱོད་ལས་དོན་གཞན་དུ་གྱུར་པའི་ལུས་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། ལུས་དང་བུམ་པ་གཉིས་ལས་གཅིག་ཀྱང་ཁྱོད་ལས་དོན་གཞན་དུ་ཁས་བླངས་ཤིང་མི་འཐད་པའི་ཕྱིར། རང་ལ་མཚུངས་པ་སྤང་བ་ནི། སྒྲའི་བྱས་པ་དཔེ་ལ་རྗེས་འགྲོ་མེད་པ་དང་བུམ་པའི་བྱས་པ་སྒྲ་ལ་མ་གྲུབ་པའི་ཁྱད་པར་གྱིས་བརྟགས་ན་ནི་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ལ་ཡང་གཉིས་བཅས་ཀྱི་སྐྱོན་མཚུངས་སོ་ཞེ་ན། བྱས་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལ་གཉིས་བཅས་ཀྱི་སྐྱོན་མཚུངས་པ་མ་ཡིན་པར་ཐལ། མི་རྟག་པའི་སྤྱི་ཉིད་གྲུབ་པ་ན་སྒྲ་དེ་དང་ལྡན་པར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། རྒྱང་འཕེན་པ་ཆོས་ཅན། བུམ་པ་ལས་དོན་གཞན་པའི་ལུས་བུམ་གང་རུང་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། མི་རྟག་པའི་སྤྱི་གྲུབ་པ་དེ་བཞིན་དུ་ལུས་དང་བུམ་པ་འགའ་ཞིག་བུམ་པ་ལས་དོན་གཞན་དུ་གྱུར་པར་ཁས་ལེན་པར་རིགས་ན་ལུས་དང་བུམ་པ་གང་ཡང་རུང་བའི་སྤྱི་བུམ་པ་ལས་དོན་གཞན་གྱི་ངོ་བོར་འགྱུར་བ་ཡིན་ཡང་བུམ་པ་ལས་དོན་གཞན་པའི་ལུས་བུམ་གང་རུང་གི་སྤྱི་མི་སྲིད་པས་སོ། །འདོད་པ་སྨོས་པའི་ཡོངས་གཅོད་ཀྱི་དགོས་པ་བསྟན་ནས། རྣམ་བཅད་ཀྱི་དགོས་པ་བསྟན་པ་ནི། རྒོལ་བའི་འདོད་པ་བསྒྲུབ་བྱར་བརྗོད་པ་འདིས་ནི་ཆོས་ཅན། འདོད་སྒྲའི་རྣམ་བཅད་བསྟན་པ་ཡིན་ཏེ། བྱས་པས་སྒྲ་མི་རྟག་པ་སྒྲུབ་པའི་ཚེ་ཆོས་དག་གིས་ཁྱད་པར་དུ་བྱས་པའི་ཆོས་ཅན་གྱི་སྤྱི་དོན་གཞན་དང་ཆོས་ཅན་དག་གིས་ཁྱད་པར་དུ་བྱས་པའི་ཆོས་ཀྱི་སྤྱི་དོན་གཞན་འགོག་པས་བྱས་པ་འགལ་རྟགས་སུ་འགྱུར་བ་ཡང་བསལ་བ་ཡིན་པའི་ཕྱིར། ཆོས་དག་གིས་ཁྱད་པར་དུ་བྱས་པའི་ཆོས་ཅན་འགོག་པ་དཔེར་ན། སྒྲ་ནི་ཆོས་ཅན། མི་རྟག་པའི་སྒྲ་དོན་གཞན་དང་ལྡན་པ་མ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཞེས་བྱ་བའམ་ཆོས་ཅན་དག་གིས་ཁྱད་པར་དུ་བྱས་པའི་ཆོས་འགོག་པ་དཔེར་ན། སྒྲ་ཆོས་ཅན། སྒྲའི་མི་རྟག་པ་དོན་གཞན་དང་ལྡན་པ་མ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །བྱས་པ་ཆོས་ཅན། ཆོས་ཅན་ལ་མི་འདོད་པའི་ཚོགས་སྤྱི་བཀག་པ་ཙམ་གྱིས་ནི་སྒྲ་མི་རྟག་པར་བསྒྲུབ་པའི་འགལ་རྟགས་སུ་འགྱུར་བ་མེད་དེ། དེ་བཀག་པ་ཙམ་གྱིས་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ལ་གནོད་པ་མ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པ་ཁྱོད་ཀྱི་བསྒྲུབ་བྱ་ཉིད་ཡིན་གྱི་སྒྲ་མི་རྟག་པའི་སྒྲ་དང་ལྡན་པ་ནི་ཁྱོད་ཀྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར། སྒྲ་ལ་མི་རྟག་པའི་སྒྲ་དེ་ལྟ་བུར་གྱུར་པ་བསྒྲུབ་བྱར་འདོད་ན་ནི། སྒྲ་མི་རྟག་པ་བསྒྲུབ་པར་འདོད་པའི་རྒོལ་བ་ཆོས་ཅན། སྒྲ་མི་རྟག་པ་བསྒྲུབ་བྱར་འདོད་པར་མི་འགྱུར་བར་ཐལ། སྒྲ་ལ་མི་རྟག་པའི་སྒྲ་ཙམ་བསྒྲུབ་བྱར་འདོད་པའི་ཕྱིར་རོ། །བྱས་པ་ཆོས་ཅན། སྒྲ་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་སྤྱི་བཀག་པས་འདོད་པའི་ཡུལ་ལ་གནོད་པའི་འགལ་རྟགས་སུ་འགྱུར་བའི་སྐྱོན་འགའ་ཡང་མེད་དེ། སྒྲ་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་སྤྱི་དེ་ཡང་འདོད་ཡུལ་གྱི་བསྒྲུབ་བྱ་ནི་ཡིན་པ་དེའི་ཕྱིར། ཚོགས་སྤྱི་དོན་གཞན་ལ་གནོད་པས་སྒྲ་མི་རྟག་པ་ལ་མི་གནོད་པ་དེའི་ཕྱིར་འདོད་པའི་ཚོགས་སྤྱི་སྒྲ་མི་རྟག་པ་གྲུབ་པར་བྱས་པ་ཡིན་ཏེ། མི་རྟག་པའི་སྒྲ་དོན་གཞན་དང་མི་རྟག་པ་གཉིས་ལས་ཆོས་མི་རྟག་པ་འབའ་ཞིག་ཆོས་ཅན་སྒྲ་ལ་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། སྒྲ་དང་རྟག་པའི་ཚོགས་སྤྱི་ལ་གནོད་པར་བྱས་པ་ཡིན་ཏེ། སྒྲ་མི་རྟག་པར་བསྒྲུབ་པ་ལས་ཕྱིན་ཅི་ལོག་ཏུ་རྟག་པར་བསྒྲུབ་པ་ལ་ཁྱབ་པ་ཕྱིན་ཅི་ལོག་དང་ཕྱོགས་ཆོས་སུ་ངེས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་ཆོས་ཅན་གྱི་ཁྱད་པར་འགོག་པའི་འགལ་རྟགས་ཀྱང་ཡོད་པ་མ་ཡིན་ནམ། ཅིའི་ཕྱིར་ཚོགས་སྤྱི་འགོག་པ་ཁོ་ན་འགལ་རྟགས་སུ་བཞག་ཅེ་ན། འདོད་པའི་ཚོགས་སྤྱི་འགོག་པ་ཁོ་ན་འགལ་རྟགས་སུ་འཐད་དེ། འགལ་བའི་རྟགས་ཇི་སྙེད་ནི་ཐམས་ཅད་དུ་འདོད་པའི་ཚོགས་སྤྱི་དེ་ཕྱིན་ཅི་ལོག་ཏུ་བྱེད་པ་ཁོ་ནའི་དབང་ལས་བཞག་པའི་ཕྱིར། འདོད་སྤྱི་ཕྱིན་ཅི་ལོག་ཏུ་བྱེད་པའི་གཏན་ཚིགས་དེ་ནི་ཆོས་ཅན། རྟགས་ཀྱི་སྦྱོར་ཚུལ་བཞི་པོ་དེ་ལས་འགལ་བའི་རྟགས་ཀྱི་ཐ་སྙད་དུ་བྱེད་པ་ཡིན་ཏེ། རེས་འགའ་ཆོས་ཀྱི་ངོ་བོ་བཀག་པའི་སྒོ་ནས་སམ། ཆོས་ཅན་གྱི་ངོ་བོ་བཀག་པའི་སྒོ་ནས་སམ། ཆོས་དང་ཆོས་ཅན་དེའི་ཁྱད་པར་གྱི་ཆོས་བཀག་པའི་སྒོ་ནས་འགལ་རྟགས་ཀྱི་ཐ་སྙད་བྱེད་པའི་ཕྱིར། ཆོས་ཅན་མ་གྲུབ་པ་ཕྱོགས་ཆོས་ཀྱི་སྐྱོན་དུ་བཤད་པ་ཡང་སྒྲུབ་པའི་རྟགས་ལ་དགོངས་པ་ཡིན་གྱི་དགག་རྟགས་ལ་ནི་མ་ཡིན་ཞེ་ན། རིམ་དང་ཅིག་ཅར་གྱི་དོན་བྱེད་ནུས་པས་སྟོང་པ་གཙོ་བོ་དངོས་པོར་མེད་པར་བསྒྲུབ་པའི་ཕྱིར། ཕྱོགས་ཆོས་སུ་གྲུབ་པའི་ཕྱིར་ཏེ། སྤྱི་གཅིག་པུ་ནི་ཆོས་ཅན། དུ་མར་ཐལ། གསལ་བ་དུ་མ་ལ་དོན་དམ་པར་འཕྲོད་འདུས་འབྲེལ་བའི་ཕྱིར་ཞེས་པའི་ཐལ་འགྱུར་གྱིས་རང་རྒྱུད་འཕེན་པའི་ཕྱིར་རོ། །སྤྱི་གཅིག་པུ་ཆོས་ཅན་ཡིན་པས་རང་རྒྱུད་མི་འཕེན་ནོ་ཞེ་ན། མ་ཡིན་ཏེ། སྤྱི་གཅིག་པུ་ཆོས་ཅན་ཡིན་པ་གཞུང་ཉིད་ནས་གསལ་བའི་ཕྱིར་དང༌། སློབ་དཔོན་ཆོས་མཆོག་གིས་ཀྱང་དེ་དང་མཐུན་པར་བཀྲལ་བའི་ཕྱིར་དང༌། དབུ་མ་རྒྱན་ལས་ཀྱང་གཅིག་དང་དུ་བྲལ་གྱི་རྟགས་བདག་དང་གཞན་གྱིས་སྨྲས་པའི་དངོས་པོ་རང་བཞིན་མེད་པར་བསྒྲུབ་པའི་གཏན་ཚིགས་སུ་བཤད་པའི་ཕྱིར། འདི་ནི་དབུ་ཚད་གཉིས་ཀའི་དགོངས་པའོ། །འདོད་པ་རྒྱས་པར་བཤད་ཟིན་ཏོ། །རང་ཉིད་རྒྱས་པར་བཤད་པ་ལ་བཞི་སྟེ། །རང་ཉིད་སྨོས་པའི་དགོས་པ་བསྟན། དགོས་པ་དེ་ཉིད་རྒྱས་པར་བཤད། དགོས་པ་དེ་ལ་རྩོད་པ་སྤང༌། དགོས་པ་དེ་ཉིད་བསྡུས་ཏེ་བསྟན་པའོ། །དང་པོ་ནི་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་རང་ཉིད་ཀྱི་སྒྲ་སྨོས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཅན་སྒྲ་གཅིག་ལ་ཕྱི་ནང་གི་བསྟན་བཅོས་ལས་རྟག་མི་རྟག་གི་ཆོས་དུ་མ་རྣམ་པར་བཞག་ཀྱང་རྒོལ་བ་རང་གི་བདག་ཉིད་འདོད་པ་དེ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་བསྟན་བཅོས་ཁས་བླངས་སུ་ཟིན་ཀྱང་གཞན་མི་འདོད་པ་ནི་བསྒྲུབ་བྱ་མ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། བསྒྲུབ་བྱར་མི་འདོད་པ་བསྟན་བཅོས་མཁན་གྱི་འདོད་པ་ཐམས་ཅད་བསྒྲུབ་བྱ་ཡིན་པ་འདོད་སྒྲས་བཟློག་ཟིན་པའི་ཕྱིར་རང་ཉིད་ཀྱི་སྒྲ་དོན་མེད་དོ་ཞེ་ན། འདོད་སྒྲ་ཡོད་པ་དེར་གཞན་བསྟན་བཅོས་མཁན་གྱི་འདོད་པ་ཐམས་ཅད་བསྒྲུབ་བྱ་ཡིན་པ་བཟློག་ཏུ་ཟིན་ཀྱང་རང་ཉིད་ཀྱི་སྒྲ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ཀྱིས་ལུང་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པའི་གནས་བཟློག་པའི་ཕྱིར། དོན་འདི་ཉིད་སློབ་དཔོན་ཉིད་ཀྱིས་དམ་བཅས་པ་ཡིན་ཏེ། མདོ་མཛད་པ་ཕྱོགས་ཀྱི་གླང་པོས་རང་གི་འགྲེལ་པར་རང་ཉིད་ཅེས་བྱ་བ་ནི་བསྟན་བཅོས་ལ་མི་ལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ་ཞེས་བཤད་པས་སོ། །ཅིའི་ཕྱིར་དོགས་པ་སྲིད་ཅེ་ན། བྱེ་བྲག་པ་ཆོས་ཅན། གཟེགས་ཟན་གྱི་བསྟན་བཅོས་དེ་ལས་བཤད་པར་མཐོང་བ་ཐམས་ཅད་ཁྱོད་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་དོགས་པ་སྲིད་པར་འགྱུར་ཏེ། ཁྱོད་ཀྱིས་གཟེགས་ཟན་གྱི་བསྟན་བཅོས་ཡིད་ཆེས་སུ་ཁས་བླངས་པའི་ཕྱིར། དགོས་པ་དེ་ཉིད་རྒྱས་པར་བཤད་པ་ལ་གཉིས་ལས་དང་པོ་མུ་སྟེགས་པ་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པ་ལ་ཁས་བླངས་པ་ནི། ལོག་རྟོག་སྲིད་པར་མ་ཟད་དངོས་སུ་ཡང་མཐོང་བ་ཉིད་དེ། བྱེ་བྲག་པས་སྒྲ་མི་རྟག་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་གྲངས་ཅན་པ་དང་དཔྱོད་པ་བ་ཁ་ཅིག་ན་རེ། ཁྱོད་ཀྱི་སྟོན་པ་གཟེགས་ཟན་གྱི་བསྟན་བཅོས་ལས་བཤད་པར་མཐོང་བའི་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དང་དྲི་རྟག་པ་སའི་ཡོན་ཏན་ལ་སོགས་པ་ནི་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ལ་ལུང་གི་དོན་སྒྲ་རྟག་པ་དེ་ལ་བྱས་པས་གནོད་ན་ཡང་གཏན་ཚིགས་འགལ་བ་དང་དམ་བཅའ་ལ་རྗེས་དཔག་དག་གིས་བསལ་བའི་སྐྱོན་ཡོད་པ་ཡིན་ནོ་ཞེས་ཟེར་རོ། །ལུང་ལས་བཤད་པ་ཐམས་ཅད་བསྒྲུབ་བྱ་ཡིན་པར་སྨྲ་བ་དེ་དག་གི་ལྟར་ན། བྱས་པ་ཉིད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་འགལ་བར་འགྱུར་བར་ཐལ། བསྟན་བཅོས་ཀྱི་བརྗོད་བྱ་དྲི་རྟག་པ་སའི་ཡོན་ཏན་བཟློག་པའི་ཕྱིར། དྲི་རྟག་པ་སའི་ཡོན་ཏན་བཀག་པས་འགལ་རྟགས་སུ་འགྱུར་བ་མིན་ཏེ། དྲི་རྟག་པ་སའི་ཡོན་ཏན་སྐབས་སུ་བབ་པའི་བསྒྲུབ་བྱ་མ་ཡིན་པའི་ཕྱིར་ཞེ་ན། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་བཀག་པས་ཀྱང་ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་འགལ་རྟགས་མ་ཡིན་པར་ཐལ། ཁྱོད་ཀྱི་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་པ་དེ་ནི་གཞན་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ལ་ཡང་མཚུངས་པའི་ཕྱིར། མི་མཚུངས་ཏེ། རྟག་པ་ནམ་མཁའི་ཡོན་ཏན་འདིར་དྲི་ཆོས་ཅན་གྱི་སྐབས་སུ་མ་བབ་ཅིང་སྒྲ་ཆོས་ཅན་གྱི་སྐབས་སུ་བབ་པ་ཡིན་པའི་ཕྱིར་ཞེ་ན། སྒྲ་ཆོས་ཅན་གྱི་སྐབས་སུ་བབ་པ་ཡིན་ཡང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པ་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་མ་ཡིན་པར་ཐལ། སྒྲ་ཆོས་ཅན་གྱི་སྐབས་སུ་བབ་པ་ཡིན་ཡང་ཁྱོད་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་གྱི་དངོས་པོ་ལ་འབྲེལ་པ་མེད་པའི་ཕྱིར། འབྲེལ་པ་མེད་པ་འོན་ཀྱང་ནམ་མཁའི་ཡོན་ཏན་འདི་དག་ནི་བསྟན་བཅོས་ཁས་བླངས་པའི་སྒོ་ཁོ་ན་ནས་བསྒྲུབ་བྱར་འབྲེལ་པ་ཡིན་ནོ་ཞེ་ན། བྱེ་བྲག་པ་ཆོས་ཅན། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དང་དྲི་རྟག་པ་སའི་ཡོན་ཏན་འདི་གཉིས་ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པ་ལ་བྱེ་བྲག་མེད་པར་ཐལ། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དང་དྲི་རྟག་པ་སའི་ཡོན་ཏན་ཐམས་ཅད་ལ་ཁྱོད་ཀྱིས་བསྟན་བཅོས་ཁས་བླངས་པ་དེ་ནི་མཚུངས་པའི་ཕྱིར། རྒོལ་བའི་བསྟན་བཅོས་ཁས་བླངས་པ་ཙམ་གྱིས་བསྒྲུབ་བྱར་འཇོག་པ་མིན་པ་འོན་ཏེ་ནམ་མཁའི་ཡོན་ཏན་ཆོས་ཅན། རྒོལ་བས་ཀྱང་འདོད་པའི་ཡུལ་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཚོགས་དོན་གྱི་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པའི་ཁྱད་པར་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་བཞིན་ནོ་ཞེ་ན། བསྒྲུབ་པར་བྱ་བའི་སྤྱིའི་ཕྱོགས་གཅིག་ཏུ་གྱུར་པའི་ཁྱད་པར་ཡིན་པའི་ཕྱིར་ཞེས་བྱ་བ་ཙམ་གྱི་རྟགས་ཆོས་ཅན། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ལ་དཔག་འདོད་ཡོད་པར་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱིས་ནི་སྐབས་སུ་བབ་པ་མ་ཡིན་པ་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ལ་རྒོལ་བའི་དཔག་འདོད་ཡོད་པར་བསྒྲུབ་ནུས་པར་མི་འགྱུར་བའི་ཕྱིར། རྟགས་མ་གྲུབ་ན། རྟག་པ་ནམ་མཁའི་ཡོན་ཏན་གྱི་དོན་ཆོས་ཅན། ཁྱོད་ལ་དཔག་འདོད་ཡོད་པ་དང་སྒྲུབ་བྱེད་འཇུག་པ་དག་རྟག་ཏུ་ལྡོག་པ་མེད་པར་ཐལ། སྤྱིའི་ཕྱོགས་གཅིག་ཏུ་གྱུར་པ་དེའི་ངོ་བོ་རྟག་ཏུ་མི་འདོར་བའི་ཕྱིར། སྤྱིའི་ཕྱོགས་གཅིག་གི་རྟགས་འཁྲུལ་པ་དེའི་ཕྱིར་ན། རྒོལ་བའི་དཔག་འདོད་འདི་ནི་ཆོས་ཅན། ཁྱོད་ནི་རྒྱུ་མེད་མ་ཡིན་ཏེ། བསྒྲུབ་བྱ་བསྟན་འདོད་ཀྱི་བསམ་པ་དང་རྒོལ་ཕྱི་རྒོལ་རྩོད་པའི་སྐབས་འགའ་ཞིག་ལས་སྐྱེ་བར་འགྱུར་བའི་ཕྱིར། ཁྱོད་ཕྱིར་རྒོལ་གྱིས་མི་རྟོགས་པ་མ་ཡིན་ཏེ། མ་འཆོལ་བའི་སྒྲུབ་ངག་དེ་ཉིད་ཀྱི་རྟགས་ལས་ཕྱིར་རྒོལ་གྱིས་ཤེས་པར་བྱ་བ་ཡིན་པའི་ཕྱིར། སྐབས་གཅིག་དང་མི་ལྡན་པ་ནམ་མཁའི་ཡོན་ཏན་དེ་ལ་ནན་གྱིས་རྒོལ་བའི་དཔག་འདོད་ཡོད་དོ་ཞེས་བསྒྲུབ་པ་ནི་ཆོས་ཅན། ཁྱོད་ལ་དགག་པ་འཇུག་ཀྱང་སླ་སྟེ། ཁྱོད་ལས་བཟློག་པའི་དོན་ཉམས་སུ་མྱོང་བ་རང་རིག་མངོན་སུམ་གྱི་སྟོབས་ལས་གྲུབ་པས་སོ། །ཁྱོད་འཐད་པ་དང་བཅས་པ་ཡང་མ་ཡིན་ཏེ། མངོན་སུམ་དང་འགལ་བར་སྤྱོད་པའི་རྣམ་གཞག་ཡིན་པའི་ཕྱིར། རྒོལ་ཕྱིར་རྒོལ་རྩོད་པའི་གནས་སྐབས་འགའ་ཡིས་དཔག་འདོད་སྐྱེ་བར་འགྱུར་ཞིང༌། དཔག་འདོད་རྟོགས་པ་ཡང་སྒྲུབ་ངག་དེ་དག་གི་རྟགས་ལས་ཤེས་པ་ཡིན་ནོ་ཞེས་གོང་དུ་ཡང་བཤད་དོ། །དཔག་འདོད་མེད་བཞིན་དུ་ནན་གྱིས་རྒོལ་བ་ཁྱོད་ནམ་མཁའི་ཡོན་ཏན་འདི་ལ་དཔག་འདོད་ཡོད་ཅེས་པའི་དམ་བཅའ་ཆོས་ཅན། གསལ་བར་དབང་གིས་ཕྱུག་པའི་རྒྱལ་པོ་ངན་པའི་སྤྱོད་པ་དང་འདྲ་བ་ཡིན་ཏེ། རིགས་མི་རིགས་ཀྱི་བརྟག་པ་དང་བྲལ་ནན་གྱིས་འཇུག་པའི་རྣམ་གཞག་ཡིན་པའི་ཕྱིར། སྤྱིའི་ཕྱོགས་གཅིག་ཏུ་གྱུར་པའི་ཁྱད་པར་ཆོས་ཅན། རྟག་པ་ནམ་མཁའི་ཡོན་ཏན་ལ་རྒོལ་བའི་དཔག་འདོད་ཡོད་པར་སྒྲུབ་པའི་འབྲས་བུ་ཡི་རྟགས་ཀྱི་མཚན་ཉིད་ཅན་མིན་པར་བརྗོད་དེ། དེ་བསྒྲུབ་ཀྱི་ཁྱབ་པ་འཁྲུལ་བའི་རྟག་པ་ནམ་མཁའི་ཡོན་ཏན་ལ་དཔག་འདོད་ཡོད་པར་དམ་བཅས་པའི་དོན་ལ་མངོན་སུམ་གྱིས་ནི་གནོད་པར་འགྱུར་བའི་ཕྱིར། བྱས་པ་ཆོས་ཅན། ཁྱོད་ཀྱིས་རྟག་པ་ནམ་མཁའི་ཡོན་ཏན་གྱི་དོན་ལ་གནོད་ཀྱང་གཞན་མི་རྟག་པ་ལ་ཅི་ཞིག་གནོད་དེ་མི་གནོད་པར་ཐལ། མི་རྟག་པ་དང་ནམ་མཁའི་ཡོན་ཏན་མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་པ་མིན་ཞིང་ཐ་དད་པའི་ཕྱིར། རྗེས་དཔག་ལུང་ལ་མི་ལྟོས་པར་བཤད་པ་ནི། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་རང་གི་སྤྱོད་ཡུལ་སྒྲ་མི་རྟག་པར་རྟོགས་པ་ལ་སྒྲ་མི་རྟག་པར་སྟོན་པའི་ལུང་ལ་ལྟོས་པ་མེད་དེ། དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཡིན་པའི་ཕྱིར། སྒྲ་མི་རྟག་པ་དེ་ནི་ཆོས་ཅན། ལུང་གིས་གནོད་མེད་དུ་ལེགས་པར་གྲུབ་པ་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་དེས་གྲུབ་པའི་ཕྱིར། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་དཔྱོད་པ་དེའི་ཚེ་བསྟན་བཅོས་ལ་ལྟོས་པ་མ་ཡིན་ན་དེའི་ཚེ་རྒོལ་བས་རྩོད་པ་འདོར་བར་འགྱུར་རོ་ཞེ་ན། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་དཔྱོད་པ་དེའི་ཚེ་ཆོས་ཅན། ལུང་ཁས་མ་བླངས་པས་རྩོད་པ་འདོར་བ་མིན་པར་ཐལ། ལུང་ཁས་མ་བླངས་པར་ཡང་རྩོད་པའི་ཕྱིར། ལུང་རྣམ་དག་འདི་ནི་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་དཔྱོད་པ་དེའི་ཚེ་ཁྱོད་ཁས་བླངས་ཡོད་ཀྱང་སྒྲུབ་བྱེད་གནོད་མེད་དེའི་རྒྱུ་མིན་ཏེ། ཤིན་ཏུ་ལྐོག་གྱུར་ཁས་ལེན་པའི་ཐབས་ཙམ་ཡིན་པས་སོ། །གོང་དུ་བསྟན་པ་དེ་ལྟར་ཡུལ་མངོན་གྱུར་ལྐོག་གྱུར་གཉིས་ལ་ཐེ་ཚོམ་རྣམ་པར་དག་ཅིང་ཤེས་ནས་ཤིན་ཏུ་ལྐོག་གྱུར་གཏན་ལ་འབེབས་དེའི་ཚེ་ཆོས་ཅན། བསྟན་བཅོས་རྣམ་དག་གི་སྟོབས་ཀྱིས་ནི་རང་འགལ་གྱི་དམ་བཅའི་དོན་ལ་གནོད་པར་འགྱུར་ཏེ། བསྟན་བཅོས་སྒྲུབ་བྱེད་དུ་ཡོངས་སུ་འཛིན་པར་འདོད་པ་སྐབས་སུ་བབ་ཅིང་རིགས་པའི་དུས་ཡིན་པ་དེའི་ཚེའོ། །ལུང་དེས་གྲུབ་པའི་དོན་ལ་ལུང་དེ་དང་ནི་འགལ་བར་སེམས་པའམ་ཁས་ལེན་པར་མི་འཐད་པར་ཐལ། དེ་ཡིན་ན་ཤིན་ཏུ་ལྐོག་གྱུར་ལ་དཔྱོད་པར་མི་རུང་བའི་ཕྱིར། གཞལ་བྱ་གནས་གསུམ་པར་རྟོག་དཔྱོད་འཕོ་བ་ན་ཆོས་ཅན། བསྟན་བཅོས་སྒྲུབ་བྱེད་དུ་ཁས་ལེན་པ་རིགས་པ་དང་ལྡན་པ་ཡིན་ཏེ། བསྟན་བཅོས་སྒྲུབ་བྱེད་དུ་ཁས་མི་ལེན་ན་ཤིན་ཏུ་ལྐོག་གྱུར་ལ་དཔྱོད་པའི་ཐབས་མེད་པའི་ཕྱིར། བསྟན་བཅོས་ཁས་ལེན་པའི་སྐབས་དེར་ཡང་ཆོས་ཅན། བསྒྲུབ་བྱའི་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་ཡུལ་ལ་གནོད་པ་ཉིད་རྟགས་ཡང་དག་ཡིན་པ་སྤང་བར་བྱའི་གཞན་ལུང་དོན་ལ་གནོད་པས་འགལ་རྟགས་སུ་འགྱུར་བ་མིན་ཏེ། ཡིན་ན་དྲི་རྟག་པ་སའི་ཡོན་ཏན་བཀག་པས་འགལ་རྟགས་སུ་འགྱུར་བ་སོགས་ཐུག་པ་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཡིད་ཆེས་པའི་ལུང་ནི་ཀུན་ལ་སྒྲུབ་བྱེད་དུ་འཇུག་དགོས་སོ་ཞེ་ན། དཔྱོད་པ་ཀུན་ལ་བསྟན་བཅོས་དག་སྒྲུབ་བྱེད་དུ་གཟུང་དགོས་ཞེས་པའི་ལུགས་འདི་ཆོས་ཅན། འཐད་པ་དང་བཅས་པ་མ་ཡིན་པར་ཐལ། རིགས་པ་གང་གིས་བྱས་ཏེ་མ་བྱས་པའི་ཕྱིར། རྟགས་མ་གྲུབ་ན། ད་ནི་ལུང་མི་ཤེས་པའི་ཕྱུགས་རྫི་རྣམས་ཆོས་ཅན། ཁྱོད་ཀྱིས་དུ་བའི་རྟགས་ལས་མེ་ནི་འཛིན་པར་མི་འགྱུར་བར་ཐལ། ཁྱོད་གྲུབ་མཐའ་ལ་ཞུགས་པ་མེད་པའི་ཕྱིར། གལ་ཏེ་དཔེ་ལ་བསྟན་བཅོས་ཀྱི་དོན་ཀུན་གྱི་ཁྱབ་པ་སྒྲུབ་པར་བྱེད་པའི་རྟགས་གཅིག་ཉིད་ཀྱིས་བསྟན་པ་ཁོ་ན་བསྒྲུབ་བྱེད་རྟགས་སུ་འགྱུར་དགོས་སོ་ཞེ་ན། རྟགས་ཡིན་ན་དཔེ་ལ་ལུང་དོན་གྱི་ཁྱབ་པ་བསྟན་དགོས་ཞེས་པ་འདི་ནི་ཆོས་ཅན། མི་འཐད་པར་ཐལ། འཇིག་རྟེན་གྱི་རིགས་པ་ལས་འདས་པའི་ལུགས་ཡིན་པའི་ཕྱིར། བྱས་པ་ཆོས་ཅན། རྟག་པ་ནམ་མཁའི་ཡོན་ཏན་གྱི་ཆོས་ནི་མ་གྲུབ་པས་མི་རྟག་པ་མ་གྲུབ་པར་ནི་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། མི་རྟག་པ་རྟག་པ་ནམ་མཁའི་ཡོན་ཏན་དང་འབྲེལ་བ་མེད་ཅིང་ཐ་དད་པའི་ཕྱིར། སྒྲ་མི་རྟག་པ་དེ་ཡི་སྒྲུབ་བྱེད་དུ་བརྗོད་པའི་བྱས་པ་ཆོས་ཅན། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་བཀག་པས་གཏན་ཚིགས་སྐྱོན་ལྡན་ཅི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། སྒྲ་མི་རྟག་པ་དེ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཆོས་ཅན་གྱི་ཆོས་མ་ལུས་པ་རྟགས་ལ་དཔེའི་སྟེང་དུ་ཁྱབ་པ་བསྟན་དགོས་སོ་ཞེ་ན། ཆོས་ཅན་གྱི་ཆོས་མ་ལུས་པ་ནི་ཆོས་ཅན། རྟགས་ལ་དཔེའི་སྟེང་དུ་ཁྱོད་ཀྱི་ཁྱབ་པ་བསྟན་མི་དགོས་པར་ཐལ། རྟགས་ལ་དཔེའི་སྟེང་དུ་ཁྱོད་ཀྱི་ཁྱབ་པ་བསྟན་པ་མེད་པ་ཁོ་ནར་ནི་ཚིག་གིས་འགྲོ་བ་སེམས་ལྡན་དུ་རྗེས་སུ་དཔོག་པར་བྱེད། དུ་སོགས་ཀྱི་རྟགས་ལས་མེ་སོགས་རྗེས་སུ་དཔོག་པར་བྱེད་པའི་ཕྱིར་རོ། །ངོ་བོ་མི་རྟག་པ་དག་སྒྲུབ་པར་བྱེད་པའི་དོན་བྱས་པ་ཆོས་ཅན། རྒོལ་བ་འགའ་ཡིས་སྨྲ་བའི་བསྟན་བཅོས་ཀྱི་དོན་ལ་གནོད་ཀྱང་མི་རྟག་པའི་ངོ་བོ་ཉིད་ལས་འབྲེལ་པ་ལྡོག་པར་འགྱུར་བ་མ་ཡིན་པར་ཐལ། མི་རྟག་པ་ལ་འབྲེལ་བ་མི་འཁྲུལ་བས་སོ། །རྒྱུ་མེ་དག་སྒྲུབ་པར་བྱེད་པའི་དོན་དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་མེད་པ་ལ་གནོད་ཀྱང་མེ་ལ་འབྲེལ་བ་ལྡོག་པར་འགྱུར་བ་མ་ཡིན་པར་ཐལ། མེ་ལ་འབྲེལ་བ་མི་འཁྲུལ་བས་སོ། །ལུང་ལ་གནོད་ན་ལུང་ཤེས་པ་ལ་རྟགས་སུ་མི་འགྱུར་ཞེ་ན། ལུང་ཤེས་པ་གཞན་དག་ཆོས་ཅན། བྱས་པའི་གཏན་ཚིགས་དེ་ལས་སྒྲ་མི་རྟག་པ་ཅི་སྟེ་རྟོགས་པར་འགྱུར་བ་མ་ཡིན་ཏེ་ཡིན་པར་ཐལ། ཁྱོད་ཀྱི་ངོར་བྱས་པ་དེ་ནི་འདོད་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་དང་མེད་ན་མི་འབྱུང་འབྲེལ་བ་གྲུབ་པའི་ཚུལ་གསུམ་ཚད་མས་རྟོགས་པའི་རྟགས་ཡིན་པས་སོ། །གལ་ཏེ་བསྟན་བཅོས་ལ་ལར་རྒོལ་བ་འགའ་ཡིས་སྨྲས་པའི་རིགས་པ་མ་ཡིན་པ་ནམ་མཁའི་ཡོན་ཏན་གྱིས་རིགས་པར་སྨྲ་བས་བཤད་པའི་གཞན་པ་མི་རྟག་པ་དག་ཀྱང་དགག་བྱ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཅན། རྒྱལ་རིགས་ངན་པའི་ཆོས་ལུགས་དང་འདྲ་བ་ཡིན་ཏེ། མི་རིགས་པ་གཅིག་གིས་རིགས་པའི་དོན་བཟློག་པར་བྱེད་པ་ཡིན་པའི་ཕྱིར། འཇིག་རྟེན་ཀུན་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་པར་གཞག་པ་འདི་ཉམས་པར་འགྱུར་ཏེ། བསྟན་བཅོས་ཐམས་ཅད་ཀྱི་དོན་རྣམས་ནི་མཚུངས་པར་བྱས་ནས་སྒྲུབ་བྱེད་ཡང་དག་ཏུ་བརྗོད་པར་ནུས་པ་མ་ཡིན་པའི་ཕྱིར། དངོས་པོ་སྟོབས་ཞུགས་ཀྱི་རྟགས་ལུང་ལ་མི་ལྟོས་པ་དེའི་ཕྱིར་བྱས་པ་ཆོས་ཅན། སྒྲ་རྟག་པ་བསྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། བསྒྲུབ་པར་བྱ་བ་སྒྲ་རྟག་པ་ལ་གནོད་པར་བྱེད་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། གནོད་བྱ་གནོད་བྱེད་མ་ཡིན་པ་མི་རྟག་པ་དང་རྟག་པ་ནམ་མཁའི་ཡོན་ཏན་མ་ཡིན་པ་དག་བྱས་པའི་རྟགས་གཅིག་ལ་གྲུབ་པའི་འགལ་བ་མེད་ཀྱང་གལ་ཏེ་བསྟན་བཅོས་ལ་གནོད་པས་འགལ་བར་འདོད་ན། གྲངས་ཅན་ཆོས་ཅན། རྟགས་གཞན་གྱིས་དྲི་ལ་སའི་ཡོན་ཏན་བཀག་པས་བྱས་པའི་རྟགས་འགལ་བར་འགྱུར་བར་ཐལ། ལུང་དོན་བཀག་པ་དེ་ནི་རྟགས་གཞན་གྱིས་དྲི་ལ་སའི་ཡོན་ཏན་བཀག་པ་ལ་ཡང་མཚུངས་པའི་ཕྱིར། བྱས་པ་དེས་རྟག་པ་ནམ་མཁའི་ཡོན་ཏན་ལ་གནོད་ན་རྟགས་འགལ་བར་འགྱུར་གྱི་དེ་ལྟ་མ་ཡིན་པར་དྲི་རྟག་པ་སའི་ཡོན་ཏན་ལ་གནོད་པས་ནི་མི་འགྱུར་རོ་ཞེ་ན། བྱས་པ་ཆོས་ཅན། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ལ་གནོད་པས་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་བ་མ་ཡིན་པར་ཐལ། སྒྲ་མི་རྟག་པ་ལ་མི་གནོད་པའི་ཕྱིར། ཁྱབ་པ་ཡོད་དེ། གཏན་ཚིགས་ཐམས་ཅད་ཀྱི་སྐྱོན་འགལ་མ་ངེས་མ་གྲུབ་པ་དང་ཡོན་ཏན་ཚུལ་གསུམ་གྲུབ་པ་ནི་རང་གི་བསྒྲུབ་པར་བྱ་བ་ལ་ལྟོས་ནས་བསམ་པར་བྱ་བ་ཡིན་པའི་ཕྱིར། བྱས་པ་དེས་ནི་རང་གི་བསྒྲུབ་པར་བྱ་བ་འགོག་པ་མ་ཡིན་ཡང་བསྟན་བཅོས་ལ་གནོད་པའི་ཕྱིར་འགལ་བར་འདོད་ན། རྟགས་གཞན་གྱིས་ནམ་མཁའི་ཡོན་ཏན་བཀག་པས་བྱས་པ་འགལ་བའི་རྟགས་སུ་འགྱུར་བར་ཐལ། ལུང་དོན་བཀག་པ་དེ་ནི་རྟགས་གཞན་གྱིས་ནམ་མཁའི་ཡོན་ཏན་བཀག་པ་ལ་ཡང་མཚུངས་པའི་ཕྱིར། རྟགས་གཞན་གྱིས་ནམ་མཁའི་ཡོན་ཏན་བཀག་པ་བྱས་ན་ཡང་རྟགས་ཀྱི་སྐྱོན་མ་ཡིན་གྱི་དམ་བཅས་པའི་སྐྱོན་དུ་འགྱུར་བ་ཁོ་ནའོ་ཞེ་ན། དམ་བཅའི་སྐྱོན་དུ་འགྱུར་མོད་ཀྱི། རྟགས་གཞན་གྱིས་ཡུལ་གཞན་དྲི་ལ་སའི་ཡོན་ཏན་བཀག་པ་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའི་སྐྱོན་དུ་ཅི་སྟེ་མི་འགྱུར་ཏེ་འགྱུར་བ་ཐལ། བསྟན་བཅོས་ཀྱི་བརྗོད་བྱ་བཀག་པའི་ཕྱིར། གནོད་པར་བྱ་བའི་ཆོས་རྟག་པ་ནམ་མཁའི་ཡོན་ཏན་དང་ལྡན་པའི་ཆོས་ཅན་གྱི་སྒྲ་ལ་ནམ་མཁའི་ཡོན་ཏན་སྐབས་སུ་བབ་པའི་བསྒྲུབ་བྱར་བརྗོད་པའི་ཕྱིར་སྒྲ་འདི་ཉིད་ལ་རྟག་པ་ནམ་མཁའི་ཡོན་ཏན་བཀག་ན་དམ་བཅའི་སྐྱོན་དུ་འགྱུར་གྱི་གཞན་དྲི་ལ་སའི་ཡོན་ཏན་བཀག་ན་དམ་བཅའི་སྐྱོན་དུ་མི་འགྱུར་རོ་ཞེ་ན། སྒྲ་ལ་རྟག་པ་ནམ་མཁའི་ཡོན་ཏན་བཀག་པས་དམ་བཅའི་སྐྱོན་དུ་འགྱུར་དྲི་ལ་སའི་ཡོན་ཏན་བཀག་པ་ལ་མི་འགྱུར་བའི་རྣམ་དབྱེ་ཡོད་པ་མ་ཡིན་ཏེ། འདི་ལྟར་བྱས་པ་ཆོས་ཅན་གཞན་དྲིའི་སྟེང་དུ་སའི་ཡོན་ཏན་བཀག་པ་ལ་ཡང་ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའི་སྐྱོན་དུ་འགྱུར་བར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྒོལ་བ་བྱེ་བྲག་པས་གནོད་པར་བྱ་བའི་དོན་ཅན་དྲི་རྟག་པ་སའི་ཡོན་ཏན་དུ་སྟོན་པའི་བསྟན་བཅོས་ཁས་བླངས་པས་སོ། །སྐྱོན་ཡོད་པ་དེས་ན་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་བཀག་པ་འདི་ནི་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་དམ་བཅའི་སྐྱོན་གྱི་མཚན་ཉིད་དུ་མི་རིགས་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའི་སྐྱོན་ཡིན་ན་དྲི་ལ་སའི་ཡོན་ཏན་བཀག་པས་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའི་སྐྱོད་དུ་འགྱུར་བ་སོགས་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། ལུང་དོན་བསྒྲུབ་བྱ་ཡིན་པ་ལ་སྐྱོན་གཞན་ཡང༌། གལ་ཏེ་བསྟན་བཅོས་ཁས་བླངས་པའི་བསྟན་བཅོས་ལས་མཐོང་བའི་དོན་ཐམས་ཅད་བསྒྲུབ་བྱ་ཉིད་དུ་འདོད་པ་ཡིན་ན། སྒྲ་མི་རྟག་པར་བསྒྲུབ་པ་ལ་མ་གྲུབ་པའི་གཏན་ཚིགས་ལྡན་པ་དང་རྣམ་དབྱེ་ལས་སྐྱེས་པ་ལུང་ལས་བརྗོད་པ་ཡང་ཆོས་ཅན། བསྒྲུབ་བྱ་མིན་ནམ་ཅི་སྟེ་བསྒྲུབ་བྱར་ཐལ། ལུང་དོན་ཡིན་པའི་ཕྱིར། ཚིག་ཕྲད་སྨོས་པས་སྒྲུབ་བྱེད་དུ་འདོད་པའི་མ་གྲུབ་པ་སྤང་པའི་ཕྱིར་མ་གྲུབ་པའི་གཏན་ཚིགས་བསྒྲུབ་བྱར་ཐལ་བའི་སྐྱོད་མེད་དོ་ཞེ་ན། སྐྱོན་མེད་པ་མ་ཡིན་ཏེ། འདི་ལྟར་ལྡན་པ་དང་རྣམ་དབྱེ་ལས་སྐྱེས་པ་ཆོས་ཅན། བསྒྲུབ་བྱར་རིགས་པས་ཐོབ་པར་ཐལ། ལུང་ལས་བཤད་པའི་ཕྱིར། འདོད་ན། ཁོ་ནའི་ཚིག་གིས་བཟློག་པར་མི་ནུས་པར་ཐལ། འདོད་པ་དེའི་ཕྱིར་རོ། །རང་ཉིད་ཀྱི་སྒྲ་ཆོས་ཅན། ཁྱོད་ཕྱོགས་ཀྱི་མཚན་ཉིད་དུ་སྨོས་པ་ལ་དགོས་པའི་དོན་ཅུང་ཟད་ཀྱང་རྒྱས་པར་མི་བྱེད་པར་ཐལ། ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པའི་དོན་བརྗོད་པའི་ཕྱིར། གལ་ཏེ་རྩོད་པའི་དུས་སུ་བསྟན་བཅོས་འགའ་ཞིག་དོར་ལ་འགའ་ཞིག་ལ་འདོད་པས་འཇུག་གོ་ཞེས་བསྟན་པའི་དོན་དུ་རང་ཉིད་སྨོས་པ་ཡིན་ནོ་ཞེ་ན། རང་ཉིད་ཀྱི་སྒྲ་རྩོམ་པ་པོ་གང་གིས་ཆོས་ཅན། ལུང་ལ་འཇུག་ལྡོག་མི་ནུས་པའི་དོགས་པ་གཅོད་པའི་དོན་དུ་གང་གིས་ན་རང་ཉིད་ཀྱི་སྒྲ་ལ་འབད་པ་བྱེད་པ་དོན་མེད་པར་ཐལ། དེ་འདྲའི་དོགས་པ་འདི་ག་ལས་ཡིན་ཏེ་མེད་པའི་ཕྱིར་རོ། །དོགས་པ་ཅིའི་ཕྱིར་མེད་ཅེ་ན། ལུང་ལ་དཔྱོད་པ་ན་ཆོས་ཅན། རྒོལ་བ་རྟོགས་ལྡན་ལ་དེ་འདྲའི་དོགས་པ་མེད་པར་ཐལ། ལུང་དོན་ཚད་མས་མི་བཟློག་ན་ལུང་དེ་ལ་འཇུག་པ་སུས་བཟློག་སྟེ་བཟློག་ཏུ་མེད་ལ། ལུང་དོན་ཚད་མས་བཟློག་ན་ཡང་སུས་རང་ཉིད་ཀྱི་ཚིག་གིས་འཇུག་པར་བྱེད་མི་ནུས་པའི་ཕྱིར། གཞན་དག་ནི་རང་ཉིད་ཀྱི་སྒྲས་གཞུང་ལུགས་ཐ་དད་ཀྱི་མཚན་ཉིད་ཀྱིས་བསྐྱེད་པ་སྟེ་བརྟག་པའི་ཁྱད་པར་ཆོས་ཅན་ཡིན་པ་ཡོངས་སུ་སྤངས་ནས་གཉིས་ཀ་ལ་རབ་ཏུ་གྲགས་པ་ཆོས་ཅན་ཡོངས་སུ་བཟུང་བའི་དོན་དུ་རང་ཉིད་སྨྲོས་ཞེས་འཛེར་ཏོ། །རང་ཉིད་ཀྱི་དགོས་པ་དེ་ལྟར་འདོད་པ་དེ་ལ་ཡང་ཆོས་ཅན། སྒྲའི་ཁྱད་པར་གྱི་ཆོས་ལ་དཔྱོད་པའི་རྟེན་དུ་སྟོན་པ་ལ་རང་ཉིད་ཀྱི་སྒྲ་འདི་ནི་དགོས་པ་ཅི་ཡང་ཡོད་པ་མ་ཡིན་པར་ཐལ། རང་ཉིད་མ་སྨོས་ཀྱང་སྒྲའི་ཁྱད་པར་གྱི་ཆོས་ལ་དཔྱོད་པའི་སྐབས་ཉིད་ཀྱིས་གཞི་སྒྲ་དེ་གཉིས་ཀ་ལ་རབ་ཏུ་གྲགས་པ་ཡིན་པར་གྲུབ་པའི་ཕྱིར། བརྟགས་པའི་ཆོས་ཅན་སྐབས་ཉིད་ཀྱིས་བཟློག་པ་ནི། རྒོལ་བ་རང་གི་འདོད་པས་བརྟགས་པའི་ཁྱད་པར་ཅན་དགོས་པའི་དོན་ལ་གཙོ་བོར་ཉེ་བར་སྦྱོར་བ་མེད་པའི་དོན་དག་ཆོས་ཅན། ཁྱོད་དཔྱད་གཞིར་བཟུང་ནས་ཉེ་བར་བཀོད་པའི་རྣམ་པར་བཞག་པ་ནི་འགའ་ཡང་བཟློག་པར་བྱ་བ་མ་ཡིན་པར་ཐལ། ཁྱད་པར་གྱི་རྟེན་ཅན་གྱི་རྣམ་པར་དཔྱོད་པའི་ཐ་སྙད་ཀྱི་རྟེན་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ལྟར་རྒོལ་བའི་འདོད་པས་རབ་ཏུ་བཀོད་པ་ཆོས་ཅན། རྒོལ་བ་གཉིས་ཀྱི་རྣམ་དཔྱོད་ཀྱི་རྟེན་མ་ཡིན་པར་ཐལ། རྒོལ་བ་གཉིས་ཀ་ལ་ངོ་བོ་མཚུངས་པར་མ་གྲུབ་པའི་ཕྱིར། འདིས་ནི་རྟགས་ཡང་དག་ལ་ཆོས་ཅན་གྲུབ་དགོས་པ་བསྟན་ཏོ། །གྲུབ་དགོས་པའི་དོན་ནི། རྟགས་ཀྱི་ཆོས་ནི་ཁྱད་པར་གྱི་ཆོས་ལ་དཔྱོད་པའི་རྟེན་ཡིན་ལ། ཁྱད་གཞི་མ་གྲུབ་ན་ཁྱད་ཆོས་ལ་དཔྱོད་པ་མི་རུང་བའི་ཕྱིར་དང༌། ཕྱོགས་མེད་པའི་ཕྱོགས་ཆོས་ཀྱང་མི་འཐད་པའི་ཕྱིར་དང༌། རྒོལ་བ་གཉིས་ཀ་ལ་ངོ་བོ་མཚུངས་པར་གྲུབ་དགོས་པའི་ཕྱིར་རོ། །ཕྱོགས་གཞན་སྟོན་པའི་ཚིག་འོན་ཏེ་འཇིག་རྟེན་ན་རབ་ཏུ་གྲགས་པ་རྒོལ་ཕྱིར་རྒོལ་ལ་ཉེ་བར་བསྟན་པའི་སྒོ་ནས་ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཆོས་ཅན་བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་དོན་དུ་རང་ཉིད་ཀྱི་སྒྲ་བཤད་པ་ཡིན་ནོ་ཞེ་ན། ཕྱིར་རྒོལ་གྱི་གྲུབ་ཟིན་པའི་ཆོས་ཅན་བསྒྲུབ་བྱ་མ་ཡིན་པ་ཆོས་ཅན། ཁྱོད་རྟོགས་པའི་དོན་དུ་རང་ཉིད་ཀྱི་སྒྲ་ངེས་པར་སྨོས་དགོས་པ་མ་ཡིན་པར་ཐལ། རང་གི་ངོ་བོ་ཁོ་ནར་བསྟན་པ་ཞེས་བྱ་བ་འདི་ཉིད་ཀྱི་སྒོ་ནས་ཁྱོད་ཀྱི་དོན་རྟོགས་པའི་ཕྱིར་རོ། །ཇི་ལྟར་རྟོགས་ཞེ་ན། བསྒྲུབ་པར་བྱ་བ་ཁོ་ནར་བསྟན་པར་བྱ་བ་ཞེས་བྱ་བའི་ངག་འདི་ཆོས་ཅན། ཕྱིར་རྒོལ་གྱིས་བསྒྲུབས་ཟིན་མ་བརྗེད་པ་དང་སྒྲུབ་བྱེད་དུ་བཀོད་བཞིན་པ་བསྒྲུབ་བྱ་ཡིན་པ་བསལ་བ་ལ་འབྲས་བུ་དང་བཅས་པར་འགྱུར་ཏེ། ཕྱི་རྒོལ་གྱིས་གྲུབ་ཟིན་མ་བརྗེད་པ་དང་སྒྲུབ་པར་བྱེད་པའི་ངོ་བོར་བསྟན་པ་བསྒྲུབ་བྱ་ཡིན་པར་དོགས་པ་གཅོད་ནུས་ཀྱི་ཚིག་ཡིན་པའི་ཕྱིར། རྒོལ་བ་རང་ཉིད་ཀྱིས་གྲུབ་པའི་ཆོས་ཅན་རྟགས་ཀྱི་དཔག་གཞིར་ཡོངས་སུ་བཟུང་བར་མ་བརྗོད་ན་ཆོས་ཅན་རང་མཚན་པ་ཉིད་བསྒྲུབ་བྱར་འགྱུར་བས་དེ་བཟློག་པའི་དོན་དུ་རང་ཉིད་ཀྱི་སྒྲ་བརྗོད་དོ་ཞེ་ན། ཆོས་ཅན་རང་མཚན་པ་ཉིད་བསྒྲུབ་བྱ་མ་ཡིན་པ་ཆོས་ཅན། ཁྱོད་རྟོགས་པའི་དོན་དུ་རང་ཉིད་ཀྱི་སྒྲ་སྨོས་དགོས་པ་མ་ཡིན་པར་ཐལ། རྗེས་དཔག་སྤྱིའི་ཡུལ་ཅན་དུ་བསྟན་པ་ཉིད་ཀྱིས་ཁྱོད་ཀྱི་དོན་རྟོགས་པའི་ཕྱིར། ཆོས་ཅན་རང་མཚན་པ་བསྒྲུབ་བྱར་བྱས་པ་ལ་སྐྱོན་ཅི་ཡོད་ཅེ་ན། རྟགས་ཡང་དག་ཆོས་ཅན། རང་གི་མཚན་ཉིད་བསྒྲུབ་བྱར་འགྱུར་བར་ཐལ། ཆོས་ཅན་རང་མཚན་པ་དོན་དམ་དུ་ཡོད་པར་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རང་མཚན་བསྒྲུབ་བྱ་ཡིན་པ་དེ་ཡང་རྟགས་སྤྱིའི་ཡུལ་ཅན་དུ་བཤད་དེ་ཞེས་སོགས་ཀྱི་སྐབས་སུ་སྤངས་ཟིན་པའི་ཕྱིར། ཕྱོགས་ཀྱི་མཚན་ཉིད་སྟོན་པའི་སྐབས་འདིར་ཆོས་ཅན། རང་ཉིད་ཀྱི་སྒྲ་དེ་སྐད་མ་བརྗོད་ཀྱང་ཕྱོགས་སུ་འགལ་བའི་ཕྱིར་རང་མཚན་ཕྱོགས་སུ་ཐལ་བའི་སྐྱོན་ཅུང་ཟད་ཀྱང་མེད་པར་ཐལ། རང་མཚན་ཕྱོགས་ཡིན་པ་རྗེས་དཔག་སྤྱིའི་ཡུལ་ཅན་དུ་བསྟན་པས་སྤངས་ཟིན་པ་དེའི་ཕྱིར། ལ་སུ་དང་མཐུན་པར་སྒྲ་མདོ་སུམ་ཅུ་པ་ལས་གསུངས། ཆོས་ཅན་རང་མཚན་པ་སྒྲུབ་པར་བྱེད་པ་བཟློག་པའི་དོན་དུ་རང་ཉིད་ཀྱི་སྒྲ་སྨོས་པར་འདོད་ན། ཆོས་ཅན་རང་མཚན་པ་ཉིད་བསྒྲུབ་བྱར་བྱས་ན་དེ་ལས་སྐྱོན་ཅིར་འགྱུར་དྲིས་པ་ན། ཕ་རོལ་པོས་ལན་སྨྲས་པ། ཆོས་ཅན་རང་མཚན་པ་དེ་ནི་བསྒྲུབ་བྱར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་ནི་ཁྱད་པར་ཆོས་ཅན་རང་མཚན་པ་དང་དཔེ་རང་མཚན་པ་ལ་ལྷན་ཅིག་ཏུ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཞེ་ན། གཏན་ཚིགས་ཤེས་འདོད་ཆོས་ཅན་དང་དཔེ་ལ་རྗེས་འགྲོ་མེད་པ་འདི་ནི་ཆོས་ཅན། གཏན་ཚིགས་དང་དཔེ་དག་གི་སྐྱོན་ཡིན་གྱི་ཕྱོགས་ཀྱི་སྐྱོན་ནི་མ་ཡིན་པར་ཐལ། ནང་གི་ཡན་ལག་བསྒྲུབ་བྱ་ལ་མི་ལྟོས་པར་ཡན་ལག་ཕྱི་མ་རྟགས་དང་དཔེ་ལ་ལྟོས་པའི་སྐྱོན་ཡིན་པའི་ཕྱིར། ཡན་ལག་ཕྱི་མའི་བར་ཕྱོགས་བསྒྲུབ་པ་ལ་གནོད་པས་ཕྱོགས་ཀྱི་སྐྱོན་དུ་འདོད་ན། གཏན་ཚིགས་དང་སོགས་པ་དཔེའི་སྐྱོན་མཐའ་དག་ཆོས་ཅན། ཕྱོགས་ཀྱི་སྐྱོན་ཡིན་པར་ཐལ། ཐམས་ཅད་དུ་ཕྱོགས་ཚད་མས་འགྲུབ་པ་ཉིད་ལ་གནོད་པའི་ཕྱིར། ཕྱོགས་འགྲུབ་པ་ལ་གནོད་པས་ཕྱོགས་སྐྱོན་དུ་འགྱུར་ན་ཧ་ཅང་ཐལ་བ་དེའི་ཕྱིར། སྒྲ་རྟག་ཅེས་པའི་དམ་བཅའ་ཆོས་ཅན། ཁྱོད་རྟགས་དཔེ་ལ་རྗེས་འགྲོ་མེད་པ་གཉིས་ཀྱི་ནང་ནས་ཁྱོད་ཁོ་ན་ཕྱོགས་ཀྱི་སྐྱོན་ཡིན་ཏེ། ཕྱོགས་དེ་ཙམ་དང་རྗེས་སུ་འབྲེལ་བའི་སྐྱོན་ཡིན་པའི་ཕྱིར། དཔེར་ན་མངོན་སུམ་དང་འགལ་བ་སྒྲ་མཉན་བྱ་མིན་ཞེས་པ་དང༌། སོགས་པ་གྲགས་པ་དང་འགལ་བ་རི་བོང་ཅན་ཟླ་བ་མིན་ཞེས་པ་བཞིན་ནོ། །ཕྱོགས་ཀྱི་མཚན་ཉིད་ཡན་ལག་ལྔ་ལྡན་དུ་བརྗོད་པའི་དགོས་པ་བསྟན་པ་ནི། ཕྱོགས་ཀྱི་མཚན་ཉིད་ཡན་ལག་ལྔ་ལྡན་བརྗོད་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། བསྒྲུབ་བྱ་ཤེས་པར་བྱེད་པའི་རྒྱུ་རྟགས་དང་སོགས་པ་དཔེའི་མཚན་ཉིད་ཀྱི་བསལ་བྱ་སེལ་བ་ལ་ལྟོས་པ་མེད་པར་གཞན་དོན་བསྒྲུབ་བྱ་ལ་མ་ཁྱབ་པ་དང་ལྡོག་པ་དང་ནི་སྤང་བའི་ཆེད་ཡིན་པའི་ཕྱིར། འོ་ན་གང་དང་གང་གིས་མ་ཁྱབ་པ་དང་ཁྱབ་ཆེས་པ་སེལ་བར་བྱེད་ཅེ་ན། བདག་ཉིད་དང་ཚིག་ཕྲད་དང་ངོ་བོ་དང་མ་བསལ་བ་དང་བཅས་པའི་སྒྲ་རྣམས་ཆོས་ཅན། གཞན་དོན་བསྒྲུབ་བྱ་ལ་ལྡོག་པ་སྟེ་ཁྱབ་ཆེས་པ་སེལ་བར་བྱེད་པ་ཡིན་ཏེ། ལུང་དོན་བསྒྲུབ་བྱ་ཡིན་པ་དང་སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་དང་གྲུབ་ཟིན་མ་བརྗེད་པ་དང་བསལ་བ་ཞུགས་པ་རྣམས་སོ་སོར་གཞན་དོན་བསྒྲུབ་བྱ་ཡིན་པ་གཅོད་པའི་ཕྱིར། འདོད་ཅེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་གཞན་དོན་བསྒྲུབ་བྱ་ལ་མ་ཁྱབ་པ་སེལ་བར་བྱེད་པ་ཡིན་ཏེ། ཁྱོད་ཀྱིས་དཔག་འདོད་ཀྱིས་དུམ་དུམ་བྱས་པའི་ངག་དུ་མ་བརྗོད་པ་བསྒྲུབ་བྱ་མ་ཡིན་པ་གཅོད་པའི་ཕྱིར། དམ་བཅའ་བརྗོད་པ་སྒྲུབ་ངག་གི་ཡན་ལག་དུ་འདོད་པའི་ངོར་ལོག་རྟོགས་སེལ་བ་ལ་ལྟོས་ཏེ་མཚན་ཉིད་ལྔ་ལྡན་བརྗོད་ནས་རིགས་མི་མཐུན་གཅོད་པའི་དོན་དུ་རང་ལུགས་དོན་དམ་པའི་མཚན་ཉིད་བསྟན་པ་ནི། རྒོལ་བ་རྟོགས་ལྡན་གྱིས་གཞན་དོན་བསྒྲུབ་བྱར་ཁས་བླངས་པ་ནི་ཆོས་ཅན། གཞན་དོན་གྱི་ཕྱོགས་ཀྱི་མཚན་ཉིད་ཡིན་ཏེ། དེའི་རྣམ་པར་འཇོག་བྱེད་ཡིན་པའི་ཕྱིར། ཅིའི་ཕྱིར་གྲུབ་ཟིན་སོགས་ཕྱོགས་སུ་མི་འཐད་ཅེ་ན། ཕྱོགས་ཀྱི་མཚན་ཉིད་སྟོན་པའི་སྐབས་འདིར་ཆོས་ཅན། ཕྱོགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་དེ་རྣམས་ལ་ནི་ཕྱོགས་ཉིད་དུ་གྲུབ་པ་མེད་དེ བསལ་བ་ལ་གནོད་བྱེད་ཡོད་པའི་ཕྱིར་དང༌། ལྷག་མ་གྲུབ་ཟིན་སོགས་ལ་ཕྱོགས་ཀྱི་མཚན་ཉིད་འཇུག་པ་མེད་པའི་ཕྱིར་རོ། །འདོད་པའི་སྒྲས་མི་འདོད་པ་སྒྲུབ་བྱ་ཡིན་པ་བསལ་བའི་ཕྱིར་རང་ཉིད་ཀྱི་སྒྲ་ལ་དོན་མེད་དོ་ཞེ་ན། ཕྱོགས་ཀྱི་མཚན་ཉིད་སྟོན་པའི་སྐབས་འདིར་ནི་བདག་ཉིད་ཀྱི་སྒྲ་སྨོས་པར་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། ལུང་དོན་བསྒྲུབ་བྱར་འཛིན་པའི་ལོག་པར་རྟོག་པ་མཐོང་བ་བཟློག་པའི་ཆེད་ཡོད་པའི་ཕྱིར། འོ་ན་རང་ཉིད་ཀྱི་སྒྲས་དོན་ཅི་བསྟན་ཞེ་ན། རང་ཉིད་ཅེས་པའི་སྒྲ་ཆོས་ཅན། བསྟན་བྱའི་དོན་དང་ལྡན་པ་ཡིན་ཏེ། ལུང་གི་དོན་ལ་གནོད་པས་ཞེ་འདོད་ཀྱི་བསྒྲུབ་པ་ལ་གནོད་པ་མེད་པ་དང༌། ལུང་དོན་བསྒྲུབ་བྱ་མིན་པ་དང༌། ལུང་དོན་བསྒྲུབ་བྱ་ཡིན་ན་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་བཀག་པས་བྱས་པ་འགལ་རྟགས་སུ་འགྱུར་བ་སོགས་ཐུག་པ་མེད་པར་སྟོན་པ་ཡིན་པའི་ཕྱིར། སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་གཅོད་པའི་དོན་དུ་ཁོ་ནའི་སྒྲ་མི་དགོས་པར་ཐལ། རྒོལ་བ་རང་ཉིད་ཀྱི་འདོད་པས་བསྒྲུབ་བྱར་བཟུང་བ་དེ་ཕྱོགས་ཀྱི་མཚན་ཉིད་དུ་བསྟན་པས་བཅད་ཟིན་པའི་ཕྱིར། རྟགས་གྲུབ་སྟེ། སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་རྒོལ་བས་བསྒྲུབ་བྱར་མི་འདོད་པས་སོ་ཞེ་ན། རང་ཉིད་དང་འདོད་པའི་སྒྲ་དག་གིས་ངེས་པར་གཟུང་བའི་གཅད་བྱ་སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་བསྒྲུབ་བྱ་མ་ཡིན་པའི་དོན་རྟོགས་ཀྱང༌། ཕྱོགས་ཀྱི་གླང་པོ་ཆོས་ཅན། ཁྱོད་ཀྱིས་ཁོ་ནའི་སྒྲ་བཤད་པ་ལ་དགོས་པ་ཡོད་པ་ཡིན་ཏེ། ཀུན་བཏུས་ཀྱི་ཕྱོགས་ཀྱི་མཚན་ཉིད་འདིར་ཁོ་ནའི་སྒྲ་མ་བརྗོད་ན་སྒྲུབ་བྱེད་དུ་བཀོད་པའི་སྟོན་འགྱུར་ཕྱོགས་སུ་ཐལ་བར་འགྱུར་བས། དེ་གཅད་པའི་ཆེད་དུ་ཁྱོད་ཀྱིས་ཁོ་ནའི་སྒྲ་བཤད་པའི་ཕྱིར། སྟོན་པར་འགྱུར་བ་ཕྱོགས་སུ་ཐལ་བའི་རྒྱུ་མཚན་ཅི་ཞེ་ན། ཀུན་ལས་བཏུས་ཀྱི་འདོད་པ་ཞེས་པའི་ཚིག་ཆོས་ཅན། ཁོ་ནའི་སྒྲ་མེད་ན་ཁྱོད་ཕྱོགས་ཀྱི་མཚན་ཉིད་དུ་བསྟན་པ་ལ་སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་སྐྱོན་དུ་འཇུག་པར་ཐལ། བྱེད་པ་དང་ལྡན་པའི་མཐའ་ཅན་བསྟན་བྱ་བ་དང་ཁྱད་ཆོས་ཀྱི་ཚུལ་དུ་འབྲེལ་བའི་ཕྱིར། འདོད་པའི་སྒྲ་ལ་རྐྱེན་དུ་བྱིན་པའི་གྱུར་པས་ད་ལྟར་བ་བརྗོད་པའི་ཕྱིར། ཁོ་ནའི་སྒྲ་མེད་ཀྱང་སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་འགོག་པར་བྱེད་དོ་ཞེ་ན། ཀུན་ལས་བཏུས་པ་འདིར་ནི་འདོད་པའི་སྐད་ཀྱི་བྱིངས་ཨིཥ་ལ་རྐྱེན་དུ་བྱིན་པ་རྒྱ་སྐད་དུ་ནིཥྛ་བོད་སྐད་དུ་གྱུར་པ་ཞེས་པའི་ཚིག་ཆོས་ཅན། ཁྱོད་ད་ལྟར་བ་ལ་འཇུག་པས་སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་གཞན་དོན་བསྒྲུབ་བྱ་ཡིན་པ་གཅོད་ནུས་གྱི་ཡན་ལག་མ་ཡིན་པར་ཐལ། མ་འོངས་པ་ལ་འཇུག་པའི་བསྟན་བྱ་བ་ཁྱད་གཞིར་ཡོད་པའི་སྟོབས་ཀྱིས་ཁྱོད་ད་ལྟར་བ་ལ་འཇུག་པའི་ནུས་པ་བཅོམ་པའི་ཕྱིར། དཔེར་ན་ལྷ་སྦྱིན་སོང་བ་མཐོང་བར་འགྱུར་རོ་ཞེས་བརྗོད་པའི་ཚེ་སོང་བ་ད་ལྟར་བ་ལ་འཇུག་ཀྱང་མཐོང་བར་འགྱུར་རོ་ཞེས་མ་འོངས་པ་ལ་འཇུག་པའི་སྒྲས་ནུས་པ་ཉམས་པར་བྱས་པ་བཞིན་ནོ། །འོ་ན་རིགས་སྒོའི་འདོད་པའི་ཚིག་ལ་ཁོ་ནའི་སྒྲ་མེད་པས་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་འགོག་པར་མི་ནུས་སོ་ཞེ་ན། རིགས་སྒོའི་འདོད་པ་ཞེས་པའི་ཚིག་དེ་ཆོས་ཅན། ཁྱོད་ཀྱིས་སྒྲུབ་བྱེད་དུ་བཀོད་པའི་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་སྒྲུབ་བྱ་ཡིན་པ་འགོག་པར་བྱེད་པ་ཡིན་ཏེ། ཁྱོད་སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་ཀྱི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར། རང་ཉིད་དང་འདོད་པའི་སྒྲས་ལོག་རྟོག་གཞན་ཡང་བསལ་བར་བསྟན་པ་ནི། རང་ཉིད་དང་འདོད་པའི་སྒྲས་རྒོལ་བ་བདག་ཉིད་ཀྱི་འདོད་པ་རྗེས་སུ་དཔག་པར་བྱ་བ་ཉིད་དུ་བརྗོད་པ་འདིས་ནི་ཆོས་ཅན། བསྒྲུབ་བྱ་ལ་ལོག་པར་རྟོག་པ་གཞན་ཡང་བསལ་བ་ཡིན་ཏེ། ཁྱོད་ཀྱིས་མི་འདོད་པ་ནམ་མཁའི་ཡོན་ཏན་དང་འདྲེས་པའི་འདོད་པ་མི་རྟག་པ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ཞིང་དེ་ལ་བྱས་པས་གནོད་ན་ཡང་ཕྱོགས་ལ་བསལ་བ་ཞུགས་པ་དང་བྱས་པ་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་བ་མེད་པར་ཁྱོད་ཀྱིས་དོན་མཐུན་དུ་བསྟན་པར་རིག་པར་བྱ་བ་ཡིན་པའི་ཕྱིར། ཇི་ལྟར་སྐྱོན་དུ་འགྱུར་བ་མེད་ཅེ་ན། བྱས་པ་ཆོས་ཅན། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་བཀག་པས་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་གྱུར་བ་མེད་པར་ཐལ། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ལ་གནོད་ཀྱང་ཇི་ལྟར་བསྒྲུབ་པར་བྱ་བ་ཡིན་པ་སྒྲ་དང་མི་རྟག་པའི་ཚོགས་དོན་ལ་གནོད་པ་མེད་པའི་ཕྱིར། ནམ་མཁའི་ཡོན་ཏན་བཀག་ཀྱང་འགལ་རྟགས་སུ་མི་འགྱུར་བ་དཔེར་ན། ནམ་མཁའི་ཡོན་ཏན་དང་དོན་སྒྲ་གཅིག་ལ་འདུ་བ་ཅན་གྱི་མི་རྟག་པ་མེད་ཀྱང་བྱས་པས་སྒྲ་མི་རྟག་པ་སྒྲུབ་པར་བྱེད་ནུས་པ་བཞིན་ནོ། །རང་ཉིད་ཀྱི་སྒྲའི་ཞར་བྱུང་བསྟན་པ་ནི། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་དུས་སུ་སྒྲུབ་བྱེད་བསྟན་བཅོས་ལ་མི་བརྟེན་པར་བརྗོད་པ་འདི་ཉིད་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། ཁྱོད་ཀྱིས་སྐབས་སུ་གཏོགས་པ་མ་ཡིན་པ་ཕྱོགས་སུ་བྱེད་པ་ཡང་རྒོལ་བ་ཡང་དག་ཡིན་པ་བསལ་བ་ཡིན་པའི་ཕྱིར། སྐབས་སུ་མ་བབ་པ་དཔེར་ན་སྒྲ་མི་རྟག་པའམ་རྟག་པ་ཡིན་ཞེས་བྱ་བ་དྲིས་པའི་སྐབས་སུ་སྒྲའི་གསལ་བ་ལས་རྫས་ཐ་དད་པ་ཉན་པའི་དབང་པོས་གཟུང་བར་བྱ་བའི་སྒྲ་ཉིད་ཅེས་པའི་སྤྱི་དང་དོན་གཅིག་ལ་འདུ་བ་ཅན་གྱི་མི་རྟག་པ་ཉིད་དང་སྒྲ་ལྡན་པ་ཡིན་ནོ་ཞེས་བྱ་བ་དམ་བཅས་པ་ལྟ་བུའོ། །སྐབས་སུ་མ་བབ་པ་བསྒྲུབ་བྱ་ཡིན་པ་སེལ་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པ་ནི། རྒོལ་བ་གཉིས་ཀ་བྱེ་བྲག་པའི་བསྟན་བཅོས་ལ་བརྟེན་པའམ་ཕྱིར་རྒོལ་བ་སངས་རྒྱས་པ་དེ་ལུང་དོན་གྱི་མི་རྟག་པ་རྟོགས་པ་དོན་དུ་གཉེར་བ་ཡིན་ན་བྱེ་བྲག་པའི་ལུང་དོན་གྱི་མི་རྟག་པ་དེ་ཕྱོགས་སུ་བྱེད་པར་རིགས་པར་འགྱུར་གྱི། རྒོལ་བ་གཉིས་ཀ་བསྟན་བཅོས་ལ་མི་བརྟེན་པའམ་ཕྱི་རྒོལ་ཤེས་འདོད་ཡོད་པ་དེ་ལྟ་མིན་ན། སྒྲ་མི་རྟག་པ་ཡིན་མིན་དྲིས་པའི་སྐབས་སུ་ནམ་མཁའི་ཡོན་ཏན་དང་དོན་གཅིག་ལ་འདུ་བ་ཅན་གྱི་མི་རྟག་པ་དང་སྒྲ་ལྡན་པ་ཡིན་ཞེས་པའི་དམ་བཅའ་འདི་ཆོས་ཅན། སངས་རྒྱས་པས་ཁྱོད་ལ་རྣ་གཏད་པར་མི་བྱ་བར་ཐལ། ཁྱོད་སྐབས་དང་མ་འབྲེལ་བ་ཉིད་བརྗོད་པ་ཡིན་པས་སོ། །རྒོལ་བ་གཉིས་ཀ་བྱེ་བྲག་པའི་བསྟན་བཅོས་ལ་མི་བརྟེན་པར་འཇིག་རྟེན་ན་གྲགས་པའི་མི་རྟག་པ་ལ་སོགས་པ་འགའ་ཞིག་ཡོངས་སུ་རྟོག་པ་ན་ཆོས་ཅན། བྱེ་བྲག་པའི་ལུང་དོན་གྱི་མི་རྟག་པ་ཕྱོགས་སུ་བྱེད་པའི་གོ་སྐབས་ཅི་ཞིག་ཡོད་དེ་མེད་པར་ཐལ། བྱེ་བྲག་པའི་ལུང་དོན་གྱི་མི་རྟག་པ་བསྒྲུབ་བྱར་སྐབས་སུ་བབ་པ་མ་ཡིན་པའི་ཕྱིར། གལ་ཏེ་སྤྱི་ལ་ཤེས་འདོད་ཡོད་ན་བྱེ་བྲག་ལ་ཡང་ཤེས་འདོད་འབྱུང་སྟེ། ལུང་གི་མི་རྟག་པ་དེ་གྲུབ་ན་འདོད་པ་མི་རྟག་པའི་སྤྱི་ཉིད་གྲུབ་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར། དེར་ཐལ། ཁྱད་པར་གྱིས་སྤྱི་འཕེན་པའི་ཕྱིར་རོ་ཞེ་ན། བྱེ་བྲག་པའི་ལུང་དོན་གྱི་མི་རྟག་པ་ཆོས་ཅན། སྐབས་སུ་བབ་པའི་བསྒྲུབ་བྱ་མ་ཡིན་པར་ཐལ། རྟོགས་པ་པོ་ཕྱི་རྒོལ་གྱིས་ཤེས་པར་འདོད་པ་ནི་སྐབས་སུ་བབ་པའི་བསྒྲུབ་བྱ་ཉིད་ཡིན་ལ་ཁྱོད་ལ་ཕྱིར་རྒོལ་ཤེས་འདོད་མེད་པའི་ཕྱིར། གནས་སྐབས་འགའ་ཡིས་འདོད་འགྱུར་ཞིང༌། ཞེས་པའི་གཞུང་ཚིག་ཆོས་ཅན། ཁྱོད་ཀྱིས་སྒྲུབ་བྱེད་འགོད་པའི་སྐབས་ཀྱི་རྒོལ་བས་བསྒྲུབ་བྱའི་ཆོས་སུ་འདོད་པ་རྟོགས་པ་ཡིན་ནོ་ཞེས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། གཞན་དོན་བསྒྲུབ་བྱ་ཡིན་པ་ལ་ཕྱིར་རྒོལ་གྱི་ཤེས་འདོད་ཡོད་པས་ཁྱབ་པ་དེ་ཉིད་ཀྱི་ཕྱིར། སྤྱི་དོན་དུ་གཉེར་ན་ཁྱད་པར་དོན་དུ་གཉེར་བས་ཁྱབ་སྟེ། སྤྱིས་དོན་བྱེད་པ་ཁྱད་པར་གྱི་མཐར་ཐུག་པའི་ཕྱིར་ཞེ་ན། ཤིང་སྤྱི་ཙམ་དོན་དུ་གཉེར་བའི་ལྷ་སྦྱིན་ནི་ཆོས་ཅན། གདོན་མི་ཟ་བར་སོ་སོར་ངེས་པའི་ཁྱད་པར་ཤ་པ་དོན་དུ་གཉེར་བས་ཁྱབ་པ་མ་ཡིན་པར་ཐལ། ཤིང་སྤྱི་ཙམ་དོན་དུ་གཉེར་བ་ཡིན་པའི་ཕྱིར། ཤིང་གི་སྤྱི་ལ་ཤེས་འདོད་ཡོད་ན་ཤ་པ་ལ་ཤེས་འདོད་ཡོད་པས་མ་ཁྱབ་པར་ཐལ། ཤིང་གི་སྤྱི་ལ་ཤེས་འདོད་ཡོད་ཀྱང་ཁྱད་པར་གཞན་ཤ་པ་སོགས་ལ་རྩོད་པ་མེད་པར་ཚད་མས་གྲུབ་སྲིད་པའི་ཕྱིར་རོ། །མི་རྟག་པ་ཙམ་ལ་རྩོད་པ་བྱེད་པ་དེའི་ཚེ་ཆོས་ཅན། བྱེ་བྲག་པའི་བསྟན་བཅོས་ཀྱི་སྒོ་ནས་མི་རྟག་པ་ཙམ་ལ་རྩོད་པ་བྱེད་པ་མ་ཡིན་ཏེ། བྱེ་བྲག་པའི་བསྟན་བཅོས་ལ་མི་བརྟེན་པ་དེ་མེད་ན་མི་རྟག་པ་ཙམ་ལ་རྩོད་པ་བྱེད་པ་མེད་པ་ཡང་མ་ཡིན་པའི་ཕྱིར། འགའ་ཡང་བྱེ་བྲག་པའི་གཞུང་ལུགས་ལ་མི་གནས་པས་སངས་རྒྱས་པའི་ངོར་བྱེ་བྲག་པའི་ལུང་དོན་རྣམ་པ་དེ་ལྟ་བུའི་ཆོས་ནི་ཆོས་ཅན། རྟགས་ཡང་དག་གི་ནུས་ཡུལ་གྱི་ཆོས་མ་ཡིན་པར་ཐལ། ཁྱོད་དཔེ་ལ་རྗེས་སུ་འགྲོ་བ་གྲུབ་པ་མ་ཡིན་ཞིང་ཁྱོད་སྒྲུབ་བྱེད་ཀྱི་མི་འཁྲུལ་བ་ཅན་གྱི་གཏན་ཚིགས་ཀྱང་ཡོད་པ་མིན་པའི་ཕྱིར། བུམ་པ་ཆོས་ཅན། ལུང་དོན་གྱི་མི་རྟག་པ་དང་བུམ་པ་གང་རུང་གི་ཟླ་བཅས་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཀ་བ་བཞིན་ཞེས་པའི་སྒོ་ནས་འགྲུབ་ཅེ་ན། བྱེ་བྲག་པའི་ལུང་དོན་གྱི་མི་རྟག་པ་ཆོས་ཅན། གཉིས་བཅས་ཀྱི་སྦྱོར་བའི་སྒོ་ནས་འགྲུབ་པ་མ་ཡིན་པར་ཐལ། གཉིས་པ་དང་བཅས་པའི་སྦྱོར་བ་དག་ཀྱང་བསལ་ཟིན་པའི་ཕྱིར་རོ། །བསྟན་བཅོས་ལ་མི་བརྟེན་པ་སྐབས་མ་ཡིན་པར་བཤད་ནས། བསྟན་བཅོས་ལ་བརྟེན་ཀྱང་སྐབས་མིན་པར་སྟོན་པ་ནི། བྱེ་བྲག་པའི་ལུང་དོན་གྱི་མི་རྟག་པ་ཆོས་ཅན། བྱེ་བྲག་པའི་བསྟན་བཅོས་ལ་བརྟེན་ཀྱང་བསྒྲུབ་བྱ་ཡང་དག་མིན་པར་ཐལ། སྐབས་སུ་བབ་པའི་བསྒྲུབ་བྱ་ཡིན་པ་ལས་འདས་པའི་ཕྱིར། སྐབས་ལས་འདས་ཀྱང་བསྒྲུབ་བྱ་ཡིན་ནོ་ཞེ་ན། ཧ་ཅང་ཐལ་བ་ཡིན་ནོ་ཞེས་ཐུག་པ་མེད་པར་ཐལ་པའི་ཕྱིར་རོ་ཞེས་པའི་སྐབས་སུ་བཤད་ཟིན་ཏོ། སྐབས་སུ་གཏོགས་པ་ཁོ་ན་བསྒྲུབ་བྱ་ཡིན་པ་དེའི་ཕྱིར་བསྟན་བཅོས་ལས་བཤད་པའི་ཁྱད་པར་མེད་པའི་སྒྲ་དང་མི་རྟག་པའི་ཆོས་ཙམ་ཉིད་ཆོས་ཅན། སྔ་རྒོལ་གྱིས་བསྒྲུབ་པར་བྱ་བ་དང་ཕྱིར་རྒོལ་གྱིས་རྣ་བ་གཏད་པར་འོས་པ་ཡིན་ཏེ། སྐབས་སུ་གཏོགས་པའི་བསྒྲུབ་བྱ་ཡིན་པའི་ཕྱིར། སྐབས་སུ་བབ་པ་དམ་བཅའ་བ་ལས་གཞན་མ་བབ་པ་དམ་བཅའ་ན་ནི། སྒྲ་མི་རྟག་པ་ཡིན་མིན་དྲིས་པའི་སྐབས་སུ་སྒྲ་རྟག་པར་དམ་འཆའ་བའི་རྒོལ་བ་ཆོས་ཅན། ཚར་གཅད་ཀྱི་གནས་ཡིན་པར་འགྱུར་ཏེ། སྐབས་སུ་བབ་པ་ལས་དོན་གཞན་དུ་འགྲོ་བའི་མ་བབ་པ་དམ་འཆའ་བ་ཡིན་པའི་ཕྱིར། རང་ཉིད་འདོད་པ་ཞར་བྱུང་དང་བཅས་པ་རྒྱས་པར་བསྟན་ཟིན་ནས། མ་བསལ་བ་ལ་ལོག་རྟོག་སེལ་ཚུལ་རྒྱས་པར་བཤད་པ་ལ། དང་པོ་སྤྱིར་བསྟན་པ་ནི། ཀུན་ལས་བཏུས་སུ་མ་བསལ་བ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བསྒྲུབ་བྱར་ཁས་བླངས་པ་དེ་ཡང་མངོན་སུམ་གྱི་དོན་དང་རྗེས་དཔག་དང་ཡིད་ཆེས་པ་དང་གྲགས་པས་མ་བསལ་བ་བསྟན་པར་བྱའོ་ཞེས་སྟོན་པར་བྱེད་པའི་ཕྱིར། ཕྱོགས་བསྟན་བྱ་བ་མིན་པར་མ་བསྟན་ནམ་ཅིའི་ཕྱིར་བསྟན་བྱ་བའི་སྒྲ་སྨོས་ཞེ་ན། ཕྱོགས་ཚིག་སྒྲུབ་པའི་ཡན་ལག་ཏུ་འདོད་པའི་ངོར་མཛད་ནས་སློབ་དཔོན་གྱིས་བསྟན་བྱའི་སྒྲ་སྨོས་པ་ཙམ་ཡིན་ནོ། །གལ་ཏེ་ཕྱོགས་ཚིག་སྒྲུབ་པའི་ཡན་ལག་ཏུ་འདོད་པ་ཁྱོད་ལྟར་ཕྱོགས་བསྟན་པར་བྱ་བ་ཡིན་དུ་ཆུག་ནའང་འདི་ལྟར་བསྟན་དགོས་ཏེ། རྒོལ་བ་རྟོགས་ལྡན་གྱི་བསྒྲུབ་བྱར་ཁས་བླངས་པ་ཆོས་ཅན། ཁྱོད་ཡིན་ན་མངོན་སུམ་གྱི་དོན་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པ་དང་གྲགས་པས་མ་བསལ་བ་ཡིན་ཏེ། ཁྱོད་ཡིན་ན་ཤེས་བྱེད་གཏན་ཚིགས་ལ་ལྟོས་པའི་རྟགས་ཀྱི་ནུས་ཡུལ་ཡིན་པའི་ཕྱིར། ཅིའི་ཕྱིར་མངོན་སུམ་ལ་དོན་སྨོས་ཅེ་ན། མངོན་སུམ་ལ་དོན་སྨོས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། ཟླ་བ་གཉིས་སྣང་ལ་སོགས་པའི་དབང་པོའི་ཤེས་པ་ཁ་ཅིག་དོན་ཕྱིན་ཅི་ལོག་ཏུ་འཛིན་པ་ཡང་དབང་པོ་སོ་སོ་ལ་བརྟེན་པའི་དོན་གྱིས་མངོན་སུམ་ཞེས་མངོན་སུམ་གྱི་སྒྲ་འཇུག་པས་འདི་ཡང་མངོན་སུམ་ཡིན་པས་གནོད་བྱེད་ཡིན་ནམ་སྙམ་ན་དེ་གནོད་བྱེད་ཡིན་པ་སྤངས་ནས་ཡུལ་ཡོངས་སུ་དག་པའི་ཚད་མ་གནོད་བྱེད་དུ་གཟུང་བའི་ཆེད་ཡིན་པའི་ཕྱིར། མ་བསལ་བ་བསྟན་ནས་བསལ་བ་ཕྱོགས་སུ་མི་འཐད་པར་བསྟན་པ་ནི། ཡང་ཅིའི་ཕྱིར་བསལ་བ་ཕྱོགས་མིན་ཞེ་ན། ཚད་མའི་བསལ་བ་ནི་ཆོས་ཅན། ཕྱོགས་ཡང་དག་མིན་པར་ཐལ། གཏན་ཚིགས་ཀྱི་རྟེན་མིན་པའི་ཕྱིར། དེར་ཐལ། ཐེ་ཚོམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། གཏན་ཚིགས་ནི་ཐེ་ཚོམ་འཇུག་པའི་ཡུལ་ལ་ཐེ་ཚོམ་གཅོད་པའི་ཆེད་དུ་བརྗོད་པའི་ཕྱིར། དེ་ཉིད་བཤད་པ་ནི་ཕྱི་རྒོལ་ཆོས་ཅན། ཚད་མས་བསལ་བ་ཞུགས་པའི་སྒྲ་རྟག་པ་ནི་སྒྲ་མི་རྟག་པའི་ཟླ་བོ་སྒྲ་རྟག་པར་འཇལ་བའི་ཚད་མའི་རྟེན་མིན་ཏེ། སྒྲ་རྟག་པ་ལས་བཟློག་པ་མི་རྟག་པ་ལ་འཇལ་བྱེད་ཀྱི་ཚད་མ་ཞུགས་པའི་ཕྱིར་རོ། །དེར་ཐལ། སྒྲ་རྟག་པ་དེ་སྒྲ་མི་རྟག་པར་རྟོགས་པའི་ཚད་མ་དག་གིས་བཟློག་པ་ཡིན་པས་སོ། །སྔ་མ་ལ་ཁྱབ་པ་མེད་དེ་བཟློག་པ་ཚད་མ་ཞུགས་ཀྱང་ཟླ་བོའི་ཚད་མའི་རྟེན་དུ་ཅི་འགལ་ཞེ་ན། སྒྲ་ཆོས་ཅན། ཁྱོད་མི་རྟག་པར་འཇལ་བའི་ཡང་དག་ཤེས་པ་ཡོད་ན། གཅིག་ཁྱོད་རྟག་པ་ཡིན་པ་ལ་ཡང་འཇལ་བྱེད་ཡང་དག་པའི་ཤེས་པ་སྐྱེ་བར་མི་འཐད་པར་ཐལ། ཁྱོད་རྟག་པ་དང་མི་རྟག་པ་དག་ནི་དངོས་སུ་འགལ་བའི་ཕྱིར་རོ། །གསལ་བ་ཆོས་ཅན། ཚད་མའི་བསལ་བ་དེ་ཕྱོགས་མིན་པ་ཉིད་དུ་ཐལ། བསལ་བ་ལ་ནི་སྒྲུབ་བྱེད་ཀྱི་ཡུལ་ཅན་མིན་སྲིད་པའི་ཕྱིར། ཁྱབ་པ་ཡོད་དེ། རྟགས་ཀྱི་ཡུལ་རབ་ཏུ་བསྟན་པའི་ཕྱིར་ཕྱོགས་བརྗོད་པ་ཡིན་པས་སོ། །ཕྱོགས་ལ་ཚད་མས་མ་བསལ་བས་ཁྱབ་པ་དེའི་ཕྱིར། གཏན་ཚིགས་ཀྱི་བྱེད་པ་འཇུག་པའི་ཡུལ་ནི་ཆོས་ཅན། ཁྱོད་ཡིན་ན། ཚད་མས་མ་བསལ་བས་ཁྱབ་སྟེ། ཁྱོད་ཡིན་ན་ཐེ་ཚོམ་གྱི་ཡུལ་ཡིན་པའི་ཕྱིར། བསལ་བ་ཕྱོགས་སུ་མི་འཐད་པར་བསྟན་ནས། གནོད་བྱེད་ཀྱི་དབྱེ་བ་ལས་ཚད་མའི་དབྱེ་བ་བསྟན་པ་ནི། བསལ་བ་འཆད་པའི་སྐབས་འདིར་ཆོས་ཅན། གནོད་བྱེད་ཀྱི་དབྱེ་བ་ལས་མངོན་སུམ་ལ་སོགས་པས་གནོད་པའི་ཕྱོགས་ལྟར་སྣང་དེ་ནི་རྣམ་པར་བཞིར་བཤད་དེ། གནོད་བྱེད་ལ་མངོན་སུམ་གཅིག་དང་རྗེས་སུ་དཔག་པ་གསུམ་དུ་དབྱེ་བ་ཡིས་སོ། །འགྲེལ་བ་ནི། གནོད་བྱེད་གྱི་དབང་གིས་ཚད་མས་གནོད་པའི་ཕྱོགས་ལྟར་སྣང་དེ་རྣམ་པ་བཞིར་བསྟན་ཏེ། གནོད་བྱེད་དེ་ལ་མངོན་སུམ་གཅིག་དང་རྗེས་སུ་དཔག་པ་རྟགས་རྣམ་པ་གསུམ་དུ་ཕྱེ་བས་ནའོ། །རྟགས་གསུམ་ཡོད་པ་དེ་ལ། རྒོལ་བས་ཁས་བླངས་པའི་ལུང་རྣམ་དག་ཆོས་ཅན། འབྲས་རྟགས་ཀྱི་ཁོངས་སུ་འདུས་ཏེ། རང་གི་བརྗོད་བྱ་དོན་གཞན་སྔ་མ་དཔོག་པའི་ཚུལ་གསུམ་ཚང་བ་ཡིན་པའི་ཕྱིར། འགྲོ་བ་ལ་གྲགས་པ་རྟོག་པའི་ཡུལ་ནི་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་བསྒྲུབ་པའི་རང་བཞིན་གྱི་རྟགས་སོ། །དེ་ཉིད་འགྲེལ་པ་ནི། ཡིད་ཆེས་པའི་ཚིག་ནི་བརྗོད་བྱ་དཔོག་པའི་འབྲས་བུ་ཡི་མཚན་ཉིད་ཅན་གྱི་རྟགས་ཡིན་ལ། གྲགས་པའི་གཏན་ཚིགས་ནི་རང་བཞིན་གྱི་མཚན་ཉིད་ཅན་གྱི་རྟགས་ཡིན་ནོ། །བསལ་བའི་དབྱེ་བ་སྤྱིར་བསྟན་ནས། བསལ་བ་སོ་སོར་འཆད་པ་ལ་དང་པོ་ཡིད་ཆེས་པའི་བསལ་བ་འཆད་དེ། འདི་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་ལུང་གནོད་བྱེད་དུ་འདོད་པ་དང༌། གེགས་བྱེད་དུ་འདོད་པའི་ལུགས་གཉིས་ལས། ལུང་གནོད་བྱེད་དུ་འདོད་པའི་ལུགས་ལ་དང་པོ་བསྟན་བཅོས་དང་རང་ཚིག་གཉིས་ཀྱི་ཐུན་མོང་གི་མཚན་ཉིད་བསྟན་པ་ནི། རྒོལ་བ་བདག་གམ་གཞན་བསྟན་བཅོས་རྣམ་དག་རྩོམ་པ་པོ་ནི་ཆོས་ཅན། གཞན་ཡིད་ཆེས་པའི་གནས་སུ་འདོད་པ་ཡིན་ཏེ། བསྟན་བྱའི་དོན་ཇི་ལྟ་བ་བཞིན་དུ་མཐོང་བའི་སྒོ་ནས་བསྟན་བྱའི་དོན་སྟོན་པའི་ངག་དོན་མཐུན་འཇུག་པར་བྱེད་པ་ཅན་ཡིན་པའི་ཕྱིར། སྐྱེས་བུ་དེའི་རང་ཚིག་དང་བསྟན་བཅོས་རྣམ་དག་ནི་ཆོས་ཅན། རང་གི་བརྗོད་བྱ་དོན་གཞན་སྔ་མ་དེའི་འབྲས་བུ་ཡིན་ཏེ། རང་གི་བརྗོད་བྱ་དོན་གཞན་སྔ་མ་དེ་ལྟ་བུའི་དོན་གྱི་དངོས་པོ་མེད་ན་མི་འཇུག་པའི་བདེན་ཚིག་ཡིན་པའི་ཕྱིར། རང་གི་བརྗོད་བྱའི་འབྲས་བུ་རང་ཚིག་དང་བསྟན་བཅོས་ཀྱིས་ཡང་དག་པར་བསྟན་པའི་དོན་དེ་ནི་ཆོས་ཅན། རང་ལས་ཕྱིན་ཅི་ལོག་ཏུ་ཁས་བླངས་པའི་གེགས་བྱེད་དེ། རང་འགལ་གྱི་དམ་བཅའི་དོན་ལ་མཐའ་གཅིག་ཏུ་ངེས་པའི་འགལ་རྐྱེན་ཡིན་པའི་ཕྱིར། རང་ཚིག་དང་བསྟན་བཅོས་གཅིག་ཏུ་འདུས་པའི་རྒྱུ་མཚན་བསྟན་པ་ནི། བརྗོད་བྱའི་དོན་གྱི་འབྲས་བུར་མཚུངས་པ་དེའི་ཕྱིར་རང་ཚིག་དང་བསྟན་བཅོས་ཆོས་ཅན། ཡིད་ཆེས་པ་ཞེས་གཅིག་ཏུ་བསྡུས་ཏེ་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། གོང་དུ་བསྟན་པ་དེ་ལྟར་རང་གི་བརྗོད་བྱའི་དོན་གྱི་འབྲས་བུར་མཚུངས་པས་ནའོ། །གཉིས་པོ་གཅིག་ཏུ་བསྡུས་པའི་དགོས་པ་བསྟན་པ་ནི། བསྟན་བཅོས་འདི་ཆོས་ཅན། ཡིད་ཆེས་པས་ཞེས་རང་གི་ཚིག་དང་ལྷན་ཅིག་ཏུ་བརྗོད་པར་མཛད་པ་ལ་དགོས་པ་ཡོད་དེ། ཇི་ལྟར་རྒོལ་བ་བདག་ཉིད་ཀྱི་ཚིག་བསྟན་བྱའི་དོན་ལ་ཚད་མ་མིན་ན་གཞན་གྱིས་བརྗོད་བྱ་རྟོགས་པའི་དོན་དུ་ཚིག་མི་འཇུག་པ་དེ་བཞིན་དུ་བསྟན་བཅོས་ལ་མ་བརྟེན་པར་བསྟན་བཅོས་དེར་གྲགས་པ་ལ་གནོད་པ་མི་འཇུག་གོ་ཞེས་རང་གི་ཚིག་དང་མཚུངས་པར་བསྟན་པའི་ཆེད་དུ་རང་ཚིག་དང་ལྷན་ཅིག་ཏུ་བརྗོད་པའི་ཕྱིར། དོན་གང་ཞིག་རྟོགས་པའི་ཆེད་དུ་མཚུངས་པར་བསྟན་ཞེ་ན། བརྒྱུད་པའི་དགོས་པ་བསྟན་པ་ནི། བསྟན་བཅོས་རྣམ་དག་ཆོས་ཅན། ཁྱོད་རང་ཚིག་དང་མཚུངས་པར་བསྟན་པ་ལ་དགོས་པ་ཡོད་དེ། རང་ཚིག་རྣམ་དག་འགལ་བའི་དམ་བཅའ་ལ་གནོད་བྱེད་ཡིན་པ་བཞིན་དུ་ཁྱོད་ཀྱང་སྐབས་ཀྱི་རྟེན་ཤིན་ཏུ་ལྐོག་གྱུར་གྱི་ཆོས་ཅན་གྱི་སྟེང་དུ་འགལ་བའི་དམ་བཅའ་ལ་གནོད་པར་བྱེད་པ་ཡིན་ནོ། །ཞེས་བྱ་བ་འདི་བརྗོད་པའི་དོན་དུ་ཁྱོད་རང་ཚིག་དང་མཚུངས་པར་བསྟན་པའི་ཕྱིར། གཉིས་ཀའི་བསལ་བྱའི་དཔེར་བརྗོད་ཀྱང་གཅིག་ཏུ་བསྟན་པ་ནི། རང་ཚིག་འགལ་བ་དང་བསྟན་བཅོས་འགལ་བ་ནི་ཆོས་ཅན། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་པའི་དཔེར་བརྗོད་པ་ཡང་ཁྱེད་གཉིས་ཀ་ལ་འདྲ་བར་མཛད་དེ། །ཁྱེད་གཉིས་ཀྱི་སེལ་བྱེད་ཀྱང་མཚུངས་པ་དེ་ཉིད་ཀྱི་ཕྱིར་རོ། །གཉིས་ཀའི་དཔེར་བརྗོད་དུ་འཐད་པའི་རྒྱུ་མཚན་ནི། གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་དོ་ཞེས་པ་འདི་རང་ཚིག་འགལ་བ་དང་བསྟན་བཅོས་འགལ་བ་གཉིས་ཀའི་དཔེར་འཐད་པར་ཐལ། གཞལ་བྱའི་དོན་ཅན་གྱི་ཚད་མ་རྣམས་མེད་ན་བསྟན་བཅོས་དང་རང་ཚིག་བདེན་པའི་དོན་ཅན་དུ་མི་རུང་བའི་ཕྱིར། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་པའི་ཚིག་འདི་ཆོས་ཅན། རང་ཚིག་འགལ་བ་ལ་གསལ་བའི་དཔེར་བརྗོད་ཡིན་ཏེ། རང་ཚིག་འགལ་བའི་མཚན་གཞིའི་བྱེ་བྲག་རང་ཚིག་འགལ་བ་དཔེར་བརྗོད་དུ་བཀོད་པ་ཡིན་པའི་ཕྱིར་རོ། །ལུང་ལ་ནི་ཕྱོགས་ཙམ་ཞིག་བསྟན་པའི་དཔེ་ཡིན་ཏེ། ལུང་དང་འགལ་བའི་མཚན་གཞིའི་བྱེ་བྲག་མ་ཡིན་ཡང་ལུང་འགལ་དང་ཆ་འདྲ་བས་ལུང་འགལ་གྱི་དཔེར་བཀོད་པ་ཡིན་པའི་ཕྱིར། ལུང་དང་འགལ་བ་འདི་ལ་གསལ་བའི་དཔེར་བརྗོད་པ་ནི། དཀར་པོའི་ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་དམ་བཅས་པ་ལྟ་བུ་ཡིན་ནོ། །འདི་ལ་ཇི་ལྟར་ལུང་གིས་གནོད་ཅེ་ན། ཆོས་ཅན་གྱི་ཁྱད་པར་ལ་ལུང་གནོད་བྱེད་དུ་བསྟན་པ་ནི། དཀར་ཆོས་བདེ་བ་སྟེར་བྱེད་མ་ཡིན་པར་དམ་བཅའ་བའི་རྒོལ་བ་ཆོས་ཅན། ཤིན་ཏུ་ལྐོག་གྱུར་གྱི་རྣམ་པ་དེ་ལྟ་བུའི་ཡུལ་ལ་ལུང་དང་འགལ་བ་དམ་བཅས་པ་ལ་ནི་ལུང་གིས་གནོད་དེ། ཤིན་ཏུ་ལྐོག་གྱུར་གྱི་ཡུལ་ལ་གདོན་མི་ཟ་བར་བསྟན་བཅོས་སྒྲུབ་བྱེད་ཀྱི་ཚད་མར་འགྱུར་དགོས་པའི་ཕྱིར། རྟགས་མ་གྲུབ་ན། གཞི་དཀར་པོའི་ཆོས་མེད་པར་ཐལ། དཀར་པོའི་ཆོས་སྟོན་པའི་ལུང་དེ་ལ་གནོད་བྱེད་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་ཅན་དཀར་ཆོས་རྣམ་པར་བཞག་པ་ལུང་དེ་ལ་བརྟེན་པའི་ཕྱིར། འདོད་ན། དཀར་པོའི་ཆོས་ཀྱི་ཁྱད་པར་ལ་དཔྱོད་པ་མི་འཇུག་པར་ཐལ། གཞི་དཀར་པོའི་ཆོས་མེད་པའི་ཕྱིར། ལུང་གནོད་བྱེད་དུ་བསྟན་ནས་དེ་ལ་རྩོད་པ་འགོད་པ་ནི། ལུང་དང་འགལ་བ་དམ་བཅས་ན་ལུང་གིས་གནོད་པ་ད་ནི། ཇི་ལྟར་འཇུག་ངོགས་སུ་ཁྲུས་བྱས་པ་དང་སོགས་པ་མེ་ལྔ་བསྟེན་པ་ལ་སོགས་པས་ཆོས་མིན་པ་དག་པར་བྱེད་པ་མིན་ནོ་ཞེས། སེམས་ཀྱི་ནང་ན་གནས་པའི་སྐྱོན། །འཇུག་ངོགས་ཁྲུས་ཀྱིས་དག་མི་འགྱུར། །ཞེས་པའི་སངས་རྒྱས་པ་ཁྱོད་གྱི་དམ་བཅའ་ལ་གང་གའི་སྒོ་དང་ཀུ་ཤ་འཁྱིལ། ཞེས་པའི་ཕྱི་རོལ་པས་ཁས་བླངས་པའི་ལུང་གནོད་བྱེད་མ་ཡིན་ནམ་སྟེ་ཡིན་ནོ་ཞེ་ན། ལུང་ལྟར་སྣང་གནོད་བྱེད་མིན་པར་བསྟན་པ་ལ། དང་པོ་ཁས་མ་བླངས་པས་གནོད་བྱེད་མིན་པ་ནི། སངས་རྒྱས་པ་ཆོས་ཅན། གང་གའི་སྒོ་དང་ཀུ་ཤ་འཁྱིལ། ཞེས་པའི་ལུང་དོན་བཀག་པ་ལ་སྐྱོན་ཡོད་པ་མིན་པར་ཐལ། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་སྟོན་པར་བྱེད་པའི་བསྟན་བཅོས་ཐམས་ཅད་ཁྲུས་ཙམ་སྡིག་པ་དག་བྱེད་དེ་སྐད་མི་བརྗོད་པའི་ཕྱིར། རང་གིས་ཁས་ལེན་པའི་རྟེན་གྱིས་བསྟན་བཅོས་རྣམ་དག་དང་འགལ་ན་བསྟན་བཅོས་ཀྱིས་གནོད་པར་འགྱུར་གྱི་གཞན་ཁྲུས་ཙམ་སྡིག་པ་དག་བྱེད་དུ་བཀག་པས་ནི་ཕྱི་རོལ་པའི་ལུང་གིས་གནོད་པ་མིན་པར་ཐལ། ཕྱི་རོལ་པའི་ལུང་ཡིད་ཆེས་སུ་ཁས་མ་བླངས་པའི་ཕྱིར། ཁས་བླངས་ཀྱང་མི་གནོད་པར་བསྟན་པ་ནི། ཁྲུས་ཀྱིས་སྡིག་པ་དག་པར་སྨྲ་བའི་བསྟན་བཅོས་ཆོས་ཅན། ཁྲུས་སྡིག་པ་དག་བྱེད་དུ་བཀག་པ་ལ་གནོད་པ་མ་ཡིན་པར་ཐལ། ཁྲུས་སྡིག་པ་དག་བྱེད་དུ་སྟོན་པ་དེའི་རང་གི་ཚིག་གིས་ཀྱང་ཁྱོད་དོན་དེ་ལ་གནོད་པའི་ཕྱིར། དེ་ཉིད་བཤད་པ་ནི། སྡིག་པ་དུག་གསུམ་གྱི་འབྲས་བུར་སྟོན་བྱེད་ཀྱི་བསྟན་བཅོས་ཐམས་ཅད་ཆོས་ཅན། ཆོས་མིན་པ་མི་དགེ་བ་ཆགས་པ་ལ་སོགས་པའི་རྩ་བ་ཅན་དུ་རྣམ་པར་བཞག་པ་ཡིན་ཏེ། མ་ཆགས་པ་དང་སྡང་བ་མེད་པ་དང་མ་རྨོངས་རྣམས་ཀྱིས་བསྐྱེད་པ་ལ་ནི་སྡིག་པར་ཁས་མི་ལེན་པའི་ཤུགས་ཀྱིས་དུག་གསུམ་སྡིག་པའི་རྒྱུར་ཁྱོད་ཀྱིས་བརྗོད་པའི་ཕྱིར་རོ། །དངོས་སུ་བརྗོད་པ་ནི་མིན་ནོ། །ཁྲུས་སྡིག་པ་དག་བྱེད་དུ་སྟོན་པའི་བསྟན་བཅོས་དེས་ནི་ཆོས་ཅན། ཁྲུས་ལ་སོགས་པས་སྡིག་པ་དག་པར་སྨྲ་བ་ལ་གནོད་པ་ཡིན་ཏེ། སྡིག་པ་དུག་གསུམ་གྱི་འབྲས་བུར་ཤུགས་ལ་རྣམ་པར་གཞག་པའི་ཕྱིར། ཁྲུས་ཆོས་ཅན། སྡིག་པ་དག་བྱེད་མ་ཡིན་པར་ཐལ། དུག་གསུམ་ཟད་བྱེད་མིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་མ་ཟད་ན་འབྲས་བུ་མི་ལྡོག་པའི་ཕྱིར། དཔེར་ན་མངར་བ་དང་བསིལ་བ་དང་སྣུམ་པ་དག་གིས་བད་ཀན་ལ་མི་གནོད་ན་བད་ཀན་ལས་གྱུར་པའི་ནད་ལ་མི་གནོད་པ་བཞིན་ནོ། །ལུང་ལྟར་སྣང་གནོད་བྱེད་མིན་པར་བསྟན་ཟིན་ཏོ། །ལུང་གི་དོན་ལ་དཔྱོད་པའི་ཐབས་བསྟན་པ་ནི། ལུང་གིས་མཐོང་བའི་དོན་ཤིན་ཏུ་ལྐོག་གྱུར་དག་ལ་དཔྱོད་པ་ནི་ཆོས་ཅན། ལུང་ནང་འགལ་བ་བརྗོད་མ་བརྗོད་ཕལ་ཆེར་སེམས་དགོས་པ་ཡིན་ཏེ། ལུང་རྣམ་དག་གནོད་བྱེད་ཡིན་ལྟར་སྣང་གནོད་བྱེད་མིན་པ་དེ་ཉིད་ཀྱི་ཕྱིར། ཕལ་ཆེར་གྱི་སྒྲས་ནི་དེ་མ་ཐག་ཏུ་ལྟར་སྣང་དུ་ངེས་པ་ཡང་ཡོད་པར་སྟོན་ཏོ། །འོ་ན་སྒྲུབ་བྱེད་དུ་གཟུང་བར་བྱ་བ་ཇི་ལྟ་བུ་ཞེ་ན། མངོན་པའི་སྡེ་སྣོད་ཆོས་ཅན། རང་གི་བརྗོད་བྱ་དོན་གཞན་སྔ་མའི་སྒྲུབ་བྱེད་གཟུང་བར་བྱ་བ་ཡིན་ཏེ། གནས་གསུམ་སྟོན་པའི་བསྟན་བཅོས་གང་ཞིག་ཁྱོད་གྱིས་མཐོང་བ་མངོན་གྱུར་དང་ལྐོག་གྱུར་བསྟན་པའི་ཚུལ་ལ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཚད་མས་མི་གནོད། མ་མཐོང་བའི་ཤིན་ཏུ་ལྐོག་གྱུར་དག་སྟོན་པའི་ཚུལ་ལ་རང་གི་ཚིག་གིས་མི་གནོད་པ་ཡིན་པའི་ཕྱིར། ལྐོག་ཏུ་གྱུར་པའི་ལ་རྒྱབ་ཀྱི་མེ་ལྟ་བུ་ཡང་རེས་འགའ་མིག་གིས་མཐོང་བས་མངོན་གྱུར་དང་མཐོང་བ་ཞེས་པའི་སྒྲ་གཅིག་གིས་བསྟན་ཏོ། །ཤིན་ཏུ་ལྐོག་གྱུར་གྱི་ཡུལ་ལ་ལུང་གནོད་བྱེད་དུ་བསྟན་ཟིན་ཏོ། །ལུང་གིས་གྲུབ་པའི་ཆོས་ཅན་ལ་ལུང་གིས་གནོད་ན་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་ཇི་ལྟར་འགྱུར་ཞེ་ན། ཁས་བླངས་ན་གེགས་བྱེད་དུ་འགྱུར་རོ་ཞེས་སྟོན་པ་ནི། སྒྲ་རྟག་པར་སྟོན་པའི་བསྟན་བཅོས་ཁས་ལེན་པ་དང་ལྡན་པའི་དཔྱོད་པ་བས་ལུང་དེ་ལ་མི་བརྟེན་པའི་སྒྲའི་དངོས་པོ་ལ་མི་རྟག་ཅེས་པའི་ཚིག་ནི་ཆོས་ཅན། དཔྱོད་པ་བའི་ངོར་ཁྱོད་ཀྱིས་སྒྲ་རྟག་པ་དང་འགལ་བ་བརྗོད་ཀྱང་ཁྱོད་ལ་སྒྲ་རྟག་པར་སྟོན་པའི་ལུང་གིས་གནོད་པ་མིན་པར་ཐལ། དེའི་ངོར་ཁྱོད་དང་སྒྲ་རྟག་པར་སྟོན་པའི་ལུང་གཉིས་ཕན་ཚུན་གེགས་བྱེད་པར་འགྱུར་བ་ཡིན་པའི་ཕྱིར། དེར་ཐལ། དཔྱོད་པ་པའི་ངོར་ཁྱོད་གཉིས་ཀ་དམ་བཅའ་འགལ་བ་སྟོབས་མཚུངས་པ་ཡིན་པའི་ཕྱིར། དཔེར་ན་རང་གི་ཚིག་ནང་འགལ་བ་བཞིན་ནོ། །ཚད་མས་གྲུབ་པ་འཛིན་པ་དེའི་ཚེ་ནི་སྒྲ་རྟག་པར་སྟོན་པའི་ལུང་ཁས་བླངས་ནས་ཕྱིས་སྒྲ་མི་རྟག་པར་མ་ངེས་ཀྱང་སྒྲ་མི་རྟག་ཅེས་པའི་དཔྱོད་པ་པའི་ཚིག་ནི་ཆོས་ཅན། བསྟན་བཅོས་དང་འགལ་བ་ནི་མིན་པར་ཐལ། དཔྱོད་པ་བ་དེའི་རང་གི་ཚིག་དང་འགལ་བ་ཙམ་ཡིན་པའི་ཕྱིར། སྒྲ་རྟག་པ་དང་མི་རྟག་པའི་དམ་བཅའ་དེ་དག་ལས་ཚད་མས་ངེས་པའི་སྒོ་ནས་སྒྲ་མི་རྟག་ཅེས་པའི་ཚིག་ཡིན་པ་དེ་ནི་ཆོས་ཅན། གཞན་སྒྲ་རྟག་པར་དམ་བཅས་པ་ལ་གནོད་པར་བྱེད་པ་ཡིན་ཏེ། སྒྲ་རྟག་པའི་བཟློག་ཕྱོགས་དམ་བཅས་པའི་རྒྱབ་རྟེན་ཚད་མ་ཡོད་པའི་དམ་བཅའ་ཡིན་པའི་ཕྱིར། གང་རུང་ལ་ཚད་མ་ཡོད་པ་དེ་ལྟར་མིན་པར་གཉིས་ཀ་མ་ངེས་ན། སྒྲ་རྟག་པར་སྟོན་པའི་ལུང་ཁས་བླངས་ནས་མ་ངེས་བཞིན་དུ་སྒྲ་མི་རྟག་ཅེས་པའི་དཔྱོད་པ་པའི་ངག་ཆོས་ཅན། དཔྱོད་པའི་ངོར་སྒྲ་རྟག་པར་སྟོན་པའི་ལུང་དང་གནོད་བྱ་གནོད་བྱེད་མིན་པར་ཐལ། དཔྱོད་པ་པའི་ངོར་སྒྲ་རྟག་པར་སྟོན་པའི་ལུང་དང་དམ་བཅའ་འགལ་བ་སྟོབས་མཚུངས་པ་ཡིན་པའི་ཕྱིར། སྒྲ་རྟག་པ་ནམ་མཁའི་ཡོན་ཏན་ཞེས་པའི་དམ་བཅའ་ཆོས་ཅན། སྒྲུབ་བྱེད་རྗེས་སུ་དཔག་པ་དང་ལྡན་པ་དོན་དུ་ཇི་ལྟ་བ་བཞིན་དུ་འཇུག་པ་སྒྲ་མི་རྟག་པའི་དམ་བཅའ་ལ་ཇི་ལྟར་གནོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་རིགས་པ་མེད་པའི་དམ་བཅའ་ཡིན་པས་སོ། །ལུང་ཚད་མས་འགྲུབ་བོ་ཞེ་ན། ཁྱོད་ལུང་ཚད་མས་འགྲུབ་པ་མིན་པར་ཐལ། ཁྱོད་སྟོན་བྱེད་ཀྱི་ལུང་རྣམས་ཚད་མ་ཡིན་པའང་ལེའུ་གཉིས་པར་བཀག་ཟིན་པའི་ཕྱིར། ཤིན་ཏུ་ལྐོག་གྱུར་གྱི་ཡུལ་ལ་ལུང་གནོད་བྱེད་དང༌། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་གེགས་བྱེད་དུ་བསྟན་པའི་མཇུག་བསྡུ་པ་ནི། བསྟན་བཅོས་རྣམ་དག་ཆོས་ཅན། ལུང་ཁས་བླངས་ནས་ལུང་དོན་དཔྱོད་པའི་ལུང་དང་འགལ་བར་དམ་བཅའ་བ་དག་ལ་ཁྱོད་ཀྱིས་གནོད་པའི་སྐྱོན་འདིར་འགྱུར་ཏེ། ཁྱོད་ཤིན་ཏུ་ལྐོག་གྱུར་གྱི་ཡུལ་ལ་གནོད་བྱེད་ཡིན་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་གནོད་བྱེད་དུ་མི་འཇུག་པ་དེའི་ཕྱིར། མངོན་སུམ་དོན་དང་རྗེས་དཔག་དང་ཞེས་པའི་སྐབས་སུ་ཡིད་ཆེས་དང་དངོས་པོ་སྟོབས་ཞུགས་ཐ་དད་དུ་བྱས་པའི་དགོས་པ་བསྟན་པ་ནི། ཆོས་ཅན་ལུང་གིས་གྲུབ་པ་ཁོ་ན་ལ་ལུང་གནོད་བྱེད་ཡིན་པ་དེ་ཉིད་ཀྱི་ཕྱིར། ལུང་རྣམ་དག་ལ་བརྟེན་པའི་རྗེས་དཔག་ཆོས་ཅན། རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཏེ། རང་འགལ་གྱི་དམ་བཅའ་ལ་གནོད་པར་བྱེད་པར་ཁས་བླངས་པའི་ཚད་མ་གང་ཞིག མངོན་སུམ་མིན་པས་སོ། །རྗེས་དཔག་ལས་ཕྱི་རོལ་དུ་གྱུར་པ་མིན་ཡང་ཁས་བླངས་པའི་རྗེས་དཔག་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་ལོགས་ཤིག་ཏུ་བྱས་པ་ལ་དགོས་པ་ཡོད་དེ། ཁྱོད་ཤིན་ཏུ་ལྐོག་གྱུར་གྱི་ཡུལ་ལ་གནོད་བྱེད་ཡིན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་ཡུལ་ལ་སོ་སོར་གནོད་བྱེད་མ་ཡིན་ནོ་ཞེས་པའི་གནོད་ཡུལ་གྱི་དབྱེ་བ་བསྟན་པའི་ཆེད་དུ་ཁྱོད་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་ཐ་དད་དུ་བྱས་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཡིད་ཆེས་པའི་རྗེས་དཔག་ཆོས་ཅན། རྗེས་དཔག་གི་གསལ་བའི་དབྱེ་བ་བསྟན་པའི་ཆེད་དུ་དངོས་པོ་སྟོབས་ཞུགས་ལས་ལོགས་ཤིག་ཏུ་བྱས་པར་ཧ་ཅང་ཐལ། གནོད་ཡུལ་གྱི་དབྱེ་བ་དང་རྗེས་དཔག་གི་གསལ་བའི་དབྱེ་བ་གང་རུང་གི་ཆེད་དུ་ལོགས་སུ་བྱས་པ་གང་ཞིག གནོད་ཡུལ་གྱི་དབྱེ་བ་བསྟན་པའི་ཆེད་དུ་དངོས་པོ་སྟོབས་ཞུགས་ལས་ལོགས་སུ་བྱས་པ་དེ་ལྟར་མིན་པའི་ཕྱིར། ཁྱབ་པ་མེད་ན། ཁྱོད་དངོས་པོ་སྟོབས་ཞུགས་ལས་ལོགས་ཤིག་ཏུ་བྱས་པ་དོན་མེད་པར་འགྱུར་ཏེ། གནོད་ཡུལ་གྱི་དབྱེ་བ་དང་གསལ་བའི་དབྱེ་བ་གང་རུང་གི་ཆེད་དུ་ཡང་ལོགས་སུ་མ་བྱས་ཤིང་དགོས་པ་གཞན་ཡང་མེད་པའི་ཕྱིར། ཆོས་ཅན་རྣམ་པར་གཞག་པ་དེ་ལ་བརྟེན་པ་ཞེས་པ་ནས་དོན་མེད་པར་འགྱུར་རོ་ཞེས་པའི་བར་གྱིས་ཤིན་དུ་ལྐོག་གྱུར་གྱི་ཡུལ་ལ་ལུང་ཁས་བླངས་པས་གནོད་བྱེད་དུ་འཇུག་པར་བསྟན་ནས། རང་ཚིག་ཙམ་ནི་ཁས་བླངས་ཀྱང་གེགས་བྱེད་དུ་འགྱུར་བར་བསྟན་པ་ནི། རིགས་སྒོར་རང་ཚིག་བསྟན་བཅོས་ལས་ལོགས་ཤིག་ཏུ་བྱེད་པ་ཆོས་ཅན། རྒྱུ་མཚན་ཡོད་དེ། རང་ཚིག་ཙམ་བརྗོད་པ་འགལ་ཟླའི་དམ་བཅའ་ལ་གེགས་བྱེད་དུ་བསྟན་པའི་ཆེད་ཡིན་པའི་ཕྱིར། བསྟན་བཅོས་དང་འགལ་བ་ཁས་བླངས་པ་དེར་ཡང་བསྟན་བཅོས་ཀྱིས་གེགས་བྱེད་པར་འགྱུར་ཏེ། །རྒྱབ་རྟེན་ཚད་མ་ཅན་མ་ཡིན་པ་ཉིད་ནི་བསྟན་བཅོས་ལ་ཡང་མཚུངས་པའི་ཕྱིར་ཞེ་ན། སྒྲ་རྟག་པར་སྟོན་པའི་ལུང་དང་མ་ངེས་བཞིན་དུ་སྒྲ་མི་རྟག་པར་དམ་བཅས་པའི་དཔྱོད་པ་པའི་ཚིག་ཆོས་ཅན། དཔྱོད་པ་པའི་ངོར་ཕན་ཚུན་གེགས་བྱེད་དུ་འགྱུར་བ་ཡིན་ཏེ། དཔྱོད་པ་པའི་ངོར་གཞི་ཚད་མས་ཡོད་པར་མ་ངེས་པའི་སྟེང་དམ་བཅའ་འགལ་བ་སྟོབས་མཚུངས་པའི་ཕྱིར། དཔེར་ན་ཚད་མས་གྲུབ་རྗེས་དཔག་ཚད་མ་མིན་ཞེས་པའི་ཚིག་ལ་ཤུགས་ཀྱི་བརྗོད་བྱ་ཚིག་ལ་བརྟེན་པའི་བློ་ཚད་མ་དང་ཅིག་ཤོས་དངོས་ཀྱི་བརྗོད་བྱ་དག་འགྲུབ་པ་ཕན་ཚུན་གེགས་བྱེད་པ་དང༌། མངོན་སུམ་དུ་གྲུབ་པའི་བུད་མེད་ལ་བུ་བསྐྱེད་པ་དང་ཅིག་ཤོས་ཀྱི་ཆོས་དག་ཕན་ཚུན་གེགས་བྱེད་པ་ཁྱད་པར་གྱི་ཆོས་ལ་བརྟེན་པ་བཞིན་ནོ། །ལུང་གནོད་བྱེད་དུ་མི་འདོད་ཅིང་གེགས་བྱེད་ཙམ་དུ་འདོད་པ་ལ་གནོད་བྱེད་ཀྱི་རིགས་པ་བརྗོད་པ་ནི། ཤིན་ཏུ་ལྐོག་གྱུར་ལ་དཔྱོད་པ་གང་དུ་ལུང་དང་འགལ་བ་དམ་བཅས་པ་དེར་ཆོས་ཅན། དམ་བཅའ་གང་ལ་གང་གིས་གེགས་བྱས་ཏེ་བྱས་པ་མེད་པར་ཐལ། གེགས་བྱ་བའི་གཞི་ཆོས་ཅན་ཉིད་མ་གྲུབ་པའི་ཕྱིར། ཁྱབ་པ་ཡོད་དེ། གེགས་བྱ་སའི་ཆོས་ཅན་མ་གྲུབ་ན་གེགས་བྱེད་པའི་སྐབས་ཉིད་མེད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ཤིན་དུ་ལྐོག་གྱུར་ལ་དཔྱོད་པའི་རྒོལ་བ་ནི་ཆོས་ཅན། བསྟན་བཅོས་རྣམ་དག་སྒྲུབ་བྱེད་ཀྱི་ཚད་མར་བྱེད་དགོས་པ་ཡིན་པར་ཐལ། ཆོས་ཅན་ཤིན་ཏུ་ལྐོག་གྱུར་རྣམ་པར་འཇོག་པར་བྱེད་པའི་ཕྱིར། ལུང་རྣམ་དག་དེ་ནི་ཆོས་ཅན། འགལ་བའི་དམ་བཅའ་ལ་གནོད་པར་བྱེད་པ་ཡིན་ཏེ། སྒྲུབ་བྱེད་ཀྱི་ཚད་མ་ཡིན་པ་དེས་ནའོ། །ལུང་གནོད་བྱེད་དུ་འདོད་པའི་ལུགས་བསྟན་ཟིན་ཏོ། །ཕྱོགས་ཀྱི་གླང་པའི་སློབ་མ་ལུང་གེགས་བྱེད་དུ་འདོད་པས་གནོད་བྱེད་དུ་འདོད་པ་ལ་རྩོད་པ་བརྗོད་པ་ནི། བསྟན་བཅོས་དེ་ཆོས་ཅན། ཇི་ལྟར་ཆོས་ཅན་ཤིན་ཏུ་ལྐོག་གྱུར་རྣམ་པར་འཇོག་པར་བྱེད་པ་ཡིན་ཏེ་མ་ཡིན་པ་ཐལ། དངོས་པོའི་སྟོབས་ཀྱིས་སྒྲུབ་བྱེད་དུ་འཇུག་པའི་ཚད་མ་མིན་པའི་ཕྱིར། རྟགས་ཁས་བླངས་འོ་ན་ནི་ཞེ་ན། ཕྱོགས་ཀྱི་གླང་པོའི་སློབ་མ་ལུང་གནོད་བྱེད་དུ་འདོད་པས་ལན་འདེབས་པ་ནི། དངོས་པོའི་སྟོབས་ཀྱིས་སྒྲུབ་བྱེད་དུ་མི་འཇུག་ཀྱང་ཆོས་ཅན་ཤིན་ཏུ་ལྐོག་གྱུར་འཇོག་བྱེད་ཡིན་པར་ཐལ། རྒོལ་བས་ཤིན་ཏུ་ལྐོག་གྱུར་སྒྲུབ་བྱེད་ཀྱི་ཚད་མར་ཁས་བླངས་པའི་ཕྱིར་རོ། ལུང་གེགས་བྱེད་དུ་འདོད་པས་དེ་ལ་གནོད་བྱེད་བརྗོད་པ་ནི་ཕྱོགས་སྔ་མ་ཁོང་དུ་ཆུད་པ་འོ་ན་ནི། བསྟན་བཅོས་ཆོས་ཅན། ཁྱོད་ཁས་བླངས་པ་ཙམ་ཉིད་ཆོས་ཅན་དཀར་པོའི་ཆོས་རྣམ་པར་འཇོག་པར་བྱེད་པ་ཡིན་པར་ཐལ། ཁྱོད་རྒོལ་བས་ཁས་བླངས་པའི་སྒོ་ནས་དཀར་པོའི་ཆོས་ཀྱི་སྒྲུབ་བྱེད་ཀྱི་ཚད་མར་བྱེད་པའི་ཕྱིར། འདོད་ན། ཆོས་གཞན་བདེ་བ་སྟེར་བ་ཡང་ཁྱོད་ཁས་བླངས་པ་དེ་ཙམ་ཉིད་ཀྱིས་འཇོག་པར་ཐལ། ཁྱོད་ཁས་བླངས་པ་ཉིད་ཆོས་ཅན་དཀར་པོའི་ཆོས་འཇོག་བྱེད་ཡིན་ཞིང་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར། འདོད་ན། བསྟན་བཅོས་ཆོས་ཅན། འགལ་བའི་དམ་བཅའ་ལ་གེགས་བྱེད་པ་ཡིན་གནོད་པར་བྱེད་པ་ནི་མ་ཡིན་པར་ཐལ། ཁྱོད་ཀྱི་བཟློག་ཕྱོགས་བསྟན་བཅོས་དང་འགལ་བ་རང་གི་ཚིག་དང་འགལ་བ་ལས་གེགས་བྱེད་དུ་ཐ་མི་དད་པ་དེས་ན་སྟེ་དེའི་ཕྱིར། ལུང་གནོད་བྱེད་དུ་འདོད་པའི་རྒོལ་བ་ཆོས་ཅན། བསྟན་བཅོས་འགལ་བ་ལ་ཕན་ཚུན་གེགས་བྱེད་པ་ཡིན་གྱི་བསྟན་བཅོས་འགལ་བ་ལ་གནོད་པར་བྱེད་པ་ནི་མ་ཡིན་པར་ཐལ། བསྟན་བཅོས་དང་འགལ་བ་རང་གི་ཚིག་དང་འགལ་བ་ལས་བཟློག་ཕྱོགས་ཀྱི་དམ་བཅའ་འགྲུབ་པ་ལ་གེགས་བྱེད་དུ་ཐ་མི་དད་པ་དེས་ན་སྟེ་དེའི་ཕྱིར། འོ་ན་ད་བསྟན་བཅོས་འགལ་བ་དང་རང་ཚིག་འགལ་བ་འདི་དག་ལ་དབྱེ་བ་ཅི་ཡོད་ཅེ་ན། བསྟན་བཅོས་འགལ་བ་དང་རང་ཚིག་འགལ་བ་ཆོས་ཅན། གེགས་བྱེད་དུ་མི་མཚུངས་པའི་སྒོ་ནས་ནུས་པའི་ཁྱད་པར་ཅུང་ཟད་ཀྱང་མེད་པར་ཐལ། ཁྱོད་གཉིས་གེགས་བྱེད་དུ་མཚུངས་པའི་ཕྱིར། འོ་ན་ཇི་ལྟར་སོ་སོར་བརྗོད་ཅེ་ན། ཁྱེད་གཉིས་སོ་སོར་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། ངག་གི་བརྗོད་ཚུལ་གྱི་དབྱེ་བས་ཁྱོད་གཉིས་སོ་སོ་དེ་ལྟར་དུ་འགྱུར་པའི་ཕྱིར། ཇི་ལྟར་དུ་འགྱུར་ཞེ་ན། དཀར་པོའི་ཆོས་བདེ་བ་སྟེར་བྱེད་མིན་ཞེས་པའི་དམ་བཅའ་ཆོས་ཅན། ཁས་བླངས་པ་དང་འགལ་བ་ཡིན་ཏེ། ངག་སྔ་མས་བཞག་པ་ཕྱི་མས་ཉམས་པར་བྱེད་པའི་དམ་བཅའ་ལྟར་སྣང་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་སྔར་ཁས་བླངས་པ་དང་འགལ་བ་ཞེས་བཤད་དོ། །ཚིག་ཐམས་ཅད་རྫུན་ཡིན་ཞེས་པའི་ངག་དེ་ཉིད་ཆོས་ཅན། རང་གི་ཚིག་དང་འགལ་བ་ཡིན་ཏེ། རང་གི་དངོས་ཀྱི་བརྗོད་བྱའི་དོན་དང་འགལ་བ་ཤུགས་ལ་དམ་བཅས་པའི་ཚིག་ཡིན་པའི་ཕྱིར། དཔེར་ན་རྗེས་སུ་དཔག་པ་ཚད་མ་མིན་ནོ་ཞེས་བྱ་བ་བཞིན་ནོ། །སྒྲུབ་བྱེད་ཚད་མ་ཅན་མིན་ན་གེགས་བྱེད་པར་ཡང་ཇི་ལྟར་འགྱུར་ཞེ་ན། གེགས་བྱེད་པའི་རྒྱུ་མཚན་བསྟན་པ་ནི། ཚད་མ་ཅན་མིན་པ་དེ་ཉིད་ཀྱི་ཕྱིར། སྒྲ་རྟག་པར་སྟོན་པའི་ལུང་དང་མ་ངེས་བཞིན་དུ་སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། རང་ཡིད་ཆེས་སུ་ཁས་ལེན་པའི་ངོར་ཕན་ཚུན་གེགས་བྱེད་པ་ཡིན་པར་ཐལ། རང་ཡིད་ཆེས་སུ་ཁས་ལེན་པའི་ངོར་དམ་བཅའ་འགལ་བ་སྟོབས་མཚུངས་པས་སོ། །གལ་ཏེ་དམ་བཅའ་གཉིས་པོ་དེ་ལ་གཅིག་ཚད་མ་དང་ལྡན་པ་ཡིན་ན། རྒོལ་བ་ཆོས་ཅན། ཚད་མས་ངེས་པའི་སྒོ་ནས་སྒྲ་མི་རྟག་ཅེས་པའི་ཚིག་སྒྲ་རྟག་པར་དམ་བཅའ་བ་ལ་གནོད་བྱེད་དུ་གྲུབ་པ་ཁོ་ནར་འགྱུར་གྱི་གེགས་བྱེད་པར་ནི་མི་འགྱུར་བར་ཐལ། ཚད་མ་དང་ལྡན་པས་ཚད་མ་ཅན་མིན་པ་ལ་གནོད་པར་རིགས་པས་ཐོབ་པའི་ཕྱིར་རོ། །བསྟན་བཅོས་ཆོས་ཅན། འགལ་བའི་དམ་བཅའ་ལ་གནོད་པར་བྱེད་པ་ཁོ་ན་ཡིན་ཏེ། མཐོང་བ་དང་མ་མཐོང་བའི་དངོས་པོ་ཐམས་ཅད་ལ་སྒྲུབ་བྱེད་ཀྱི་ཚད་མ་ཡིན་པས་སོ། །དེར་ཐལ། རྒོལ་བ་དེས་ཚད་མར་ཁས་བླངས་པའི་ཕྱིར་རོ་ཞེ་ན། རྒོལ་བ་ཆོས་ཅན། གཅིག་བསྟན་བཅོས་ནི་ཚད་མ་དང་གནོད་བྱེད་ཡིན་ལ་གཞན་རང་ཚིག་ནི་གནོད་བྱེད་དང་ཚད་མ་མིན་པའི་ཁྱད་པར་ཇི་ལྟར་དེ་མི་འཐད་པར་ཐལ། ཚད་མར་ཁས་བླངས་པར་ཁྱད་པར་མེད་པའི་ཕྱིར། འདོད་ན། བསྟན་བཅོས་དང་རང་ཚིག་ཆོས་ཅན། ཁྱོད་གཉིས་གནོད་བྱེད་ཡིན་མིན་གྱི་ཁྱད་པར་ཡོད་ཅེས་པ་འདི་ནི་གྱི་ན་ལ་གནས་པར་ཐལ། ཁྱོད་གཉིས་གནོད་བྱེད་ཡིན་མིན་གྱི་ཁྱད་པར་མེད་པ་དེ་བས་ནའོ། །ཡང་ཚད་མར་ཁས་བླངས་པས་གནོད་བྱེད་དུ་འདོད་ན། བསྟན་བཅོས་འདི་ཆོས་ཅན། ཁྱོད་བརྗོད་བྱའི་དོན་ལ་ཚད་མར་ཁས་བླངས་པ་ཙམ་གྱིས་གནོད་བྱེད་ཡིན་པ་ཡང་ཡོངས་སུ་བརྗོད་པ་དེ་བཞད་གད་ཀྱི་གནས་ཡིན་པར་ཐལ། ཁྱོད་བརྗོད་བྱའི་དོན་ལ་ཚད་མ་ཉིད་ཡིན་པ་སྐྱེས་བུའི་འདོད་པ་ཙམ་གྱིས་བྱས་པ་ཡིན་པའི་ཕྱིར། གལ་ཏེ་རང་གི་ཚིག་དང་འགལ་བ་དང་བསྟན་བཅོས་དང་འགལ་བ་ལ་གེགས་བྱེད་པའི་སྐྱོན་ཡོད་པ་དེ་ལྟ་ན་ཡང་རང་ཚིག་འགལ་བ་དང་བསྟན་བཅོས་འགལ་བ་འདི་ཆོས་ཅན། ཇི་ལྟར་ཕྱོགས་ཀྱི་སྐྱོན་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་ལས་དམ་བཅའི་དོན་ལ་ཐེ་ཚོམ་དུ་འགྱུར་བ་ཁོ་ནར་ཟད་ལ་ཐེ་ཚོམ་སྐྱེ་བ་དེ་ནི་ཕྱོགས་ཁ་ན་མ་ཐོ་བ་མེད་པར་བསྟན་པ་ལ་ཡང་མཚུངས་པའི་ཕྱིར་རོ་ཞེ་ན། དཀར་པོའི་ཆོས་བདེ་བ་སྟེར་བྱེད་མིན་ཞེས་པའི་ཚིག་ཆོས་ཅན། ཁྱོད་ལས་དམ་བཅའི་དོན་ལ་ངེས་པ་མི་སྐྱེ་བའི་ཕྱིར་ཚིག་གི་སྐྱོན་ཆགས་པར་འཇོག་པར་ནི་མ་ཡིན་པར་ཐལ། འོ་ན་ཇི་ལྟར་ཞེ་ན། དམ་བཅའི་ཚིག་གང་ཞིག སྒྲུབ་བྱེད་ཀྱི་ཚིག་ཅི་ཙམ་གྱིས་བསྒྲུབ་པར་བྱ་བ་ཁྱོད་ཀྱི་བརྗོད་བྱའི་དོན་དེ་བསྒྲུབ་མི་ནུས་པའི་ཆ་ནས་ཁྱོད་ཚིག་སྐྱོན་ཅན་དུ་བཞག་པའི་ཕྱིར། དེ་ཉིད་བཤད་པ་ནི། དཀར་པོའི་ཆོས་བདེ་བ་སྟེར་བྱེད་མ་ཡིན་ཞེས་པའི་ཚིག་དེ་ནི་ཆོས་ཅན། ཚིག་སྐྱོན་ཅན་ཡིན་པར་ཐལ། དམ་བཅའི་ཚིག་གང་ཞིག་དམ་བཅའི་ཡན་ལག་ཏུ་གྱུར་པའི་ཚིག་གིས་ནི་རང་གི་སྨྲ་བ་པོ་དག་གི་བསམ་པས་ཡུལ་དུ་བྱས་པའི་བརྗོད་བྱ་དོན་མཐུན་སྲིད་པར་བསྟན་པར་བྱ་བ་ཡིན་ན་ཁྱོད་བརྗོད་བྱ་དོན་མཐུན་སྲིད་པ་ཡང་མ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་གཅིག་ལ་འགལ་བའི་ཆོས་གཉིས་ཉེ་བར་སྡུད་པའི་ཚིག་ཡིན་པའི་ཕྱིར། དཔེ་ཇི་ལྟར་ན། སྒྲ་རྟག་པར་དམ་བཅས་པའི་དོན་ལ་ཚད་མས་གནོད་ན་སྒྲ་རྟག་པ་མི་སྲིད་པ་བཞིན་ནོ། །ཚིག་ཙམ་ལས་སྐྱོན་དུ་འགྱུར་བའི་སྐབས་བསྟན་པ་ནི། གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་འདིར་ནི་ཆོས་ཅན། དོན་གྱི་སྐྱོན་ཙམ་ནི་གཙོ་བོར་བྱེད་པ་མིན་ཏེ། ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་སྐབས་སུ་བབ་པ་ཡིན་པའི་ཕྱིར། ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པའི་རྒྱུ་མཚན་ཅི་ཞེ་ན། ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ལ་རྒྱུ་ཡོད་དེ། དོན་ལ་སྐྱོན་མེད་ཀྱང་སྒྲས་དོན་ཇི་ལྟ་བ་བཞིན་མིན་པ་བརྗོད་པས་སྨྲ་བ་པོ་ལ་གླན་ཀར་འགྱུར་བ་ཡིན་པའི་ཕྱིར། གལ་ཏེ་རང་གི་ཚིག་འགལ་བ་དང་ཁས་བླངས་པ་དང་འགལ་བ་དག་ལ་གེགས་བྱེད་དུ་བྱེ་བྲག་ཅི་ཡང་མེད་ན། འོ་ན་སྔར་ཁས་བླངས་པའི་ལུང་དང་འགལ་བ་དང་རང་གི་ཚིག་དང་འགལ་བའི་གེགས་བྱེད་པའི་ཡུལ་ལ་བྱེ་བྲག་ཅི་ཡོད་ཅེ་ན། སྔོན་གྱི་སློབ་དཔོན་གཞན་གྱིས་ལན་འདེབས་ཚུལ་བསྟན་པ་ནི། གཞུང་ལུགས་འགའ་ཞིག་ལ་མ་བརྟེན་པར་ཆོས་ཅན་གང་ལ་དཔྱོད་པ་མི་འཇུག་པའི་བསྟན་བཅོས་དེ་ནི་མེད་དེ། དེ་ལ་དཔྱོད་པ་མི་འབྱུང་བའི་ཕྱིར། གདོན་མི་ཟ་བར་ལུང་ལ་བརྟེན་པར་བྱ་བ་ཡིན་ནོ། །ཡིན་པ་དེས་ན་ལུང་འདིའི་གེགས་བྱེད་པའི་ཡུལ་ཤིན་ཏུ་ལྐོག་གྱུར་དེ་ཉིད་ཡིན་ལ་རང་གི་ཚིག་དང་འགལ་བ་ནི་ཆོས་ཅན་ཚད་མས་གྲུབ་མ་གྲུབ་ཐམས་ཅད་དུ་གེགས་བྱེད་དུ་བརྗོད་པ་ཡིན་ནོ་ཞེས་སྨྲའོ། །ལན་འདེབས་ཚུལ་ཡང་དག་མ་ཡིན་པར་བསྟན་པ་ནི། ཤེས་བྱ་ཆོས་ཅན། ལུང་དང་འགལ་བ་འདི་ལ་ཡང་གདོན་མི་ཟ་བར་ལུང་ལ་བརྟེན་པའི་ངེས་པ་ཅི་ཞིག་ཡོད་དེ་ཡོད་པར་མ་ངེས་པར་ཐལ། བྱེ་བྲག་པ་དེ་ཉིད་ཀྱིས་སྒྲ་རྟག་པར་སྟོན་པའི་ལུང་དོན་དེ་གཞན་གཟེགས་ཟན་གྱི་ཁ་ནས་རྣམ་པར་བཞག་ནས་བྱས་པའི་རྟགས་ཀྱིས་སླར་ཡང་འགོག་པར་བྱེད་པར་མཐོང་བའི་ཕྱིར་རོ། །གེགས་བྱེད་དུ་འདོད་པའི་ལུགས་བརྗོད་ཟིན་ཏོ། །འོ་ན་སྡེ་བདུན་མཛད་པའི་དགོངས་པ་གང་དུ་གནས་ཞེ་ན། དཔྱད་པ་གསུམ་གྱིས་དག་པའི་ལུང་ནི་གནོད་བྱེད་དུ་བཞེད་ལ་གཞན་ནི་གེགས་བྱེད་དུ་འདོད་པ་ཡིན་ནོ། །སྔ་རབས་པ་དག་གིས་ལུང་གནོད་བྱེད་དུ་འདོད་པའི་ལུགས་ཐམས་ཅད་དུ་ཕྱོགས་སྔ་མར་བཞག་ནས་དགག་པ་མཛད་པ་ནི་མི་འཐད་དེ། འདོད་པའི་དུས་ཡིན་དེའི་ཆེད། །བསྟན་བཅོས་ཀྱི་ནི་གནོད་པར་འགྱུར། །ཞེས་པ་དང་འགལ་བར་འགྱུར་བས་སོ། །རྣམ་པ་དེ་ལྟ་བུའི་ཡུལ་ལ་ཡང་གདོན་མི་ཟ་བར་བསྟན་བཅོས་ཚད་མར་འགྱུར་དགོས་སོ་ཞེས་བྱ་བ་ཡང་གཞན་གཞུང་དུ་ཁས་ལེན་དགོས་ན། ལེན་པར་ནུས་པ་ཡང་མིན་ཏེ། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་པ་དང་དེ་ཉིད་དོན་གཅིག་ཉིད་དུ་སྣང་བའི་ཕྱིར་རོ། །དེ་ཉིད་ཕྱིར་གནོད་པར་བྱེད་པར་ཁས་བླངས་པས་ན་རྗེས་དཔག་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ཞེས་སོགས་ཀྱང་གཞན་གཞུང་དུ་ཐལ་བར་འགྱུར་ན། འགྱུར་བ་ཡང་མིན་ཏེ། དེས་ན་ཡུལ་གྱི་ཁྱད་པར་ནི། བསྟན་ཕྱིར་གྲགས་པ་རྗེས་དཔག་ལས། །ཕྱི་རོལ་གྱུར་པ་མ་ཡིན་ཡང༌། །ཐ་དད་བྱས་ཡིན་སྔ་མ་བཞིན། །ཞེས་པ་དང་རང་གཞུང་དུ་ངེས་པའི་ཤུགས་ལ་སྔ་མའང་རང་གཞུང་དུ་གསལ་བའི་ཕྱིར། འོན་ཀྱང་ལུང་གནོད་བྱེད་དུ་འདོད་པའི་སྔོན་གྱི་སློབ་དཔོན་དང་ལུང་གནོད་བྱེད་དུ་འདོད་པར་འདྲ་ཡང་ཁས་ལེན་པའི་ཚུལ་མི་འདྲ་སྟེ། སྔོན་གྱི་སློབ་དཔོན་གྱིས་ནི་ཁས་བླངས་པས་གནོད་བྱེད་དུ་བཞེད་ལ། སློབ་དཔོན་ཆོས་ཀྱི་གྲགས་པ་ནི། ཚད་མར་བྱེད་པའི་ཕྱིར་ཞེས་སོགས་དང༌། འདི་ནི་ཚད་མ་ཉིད་སྐྱེས་བུའི་འདོད་པས་བྱས་པ་ཡང་ཡོངས་སུ་བརྗོད་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་གནོད་པའི་ཕྱིར་ཁས་བླངས་པ་ཙམ་གྱིས་གནོད་བྱེད་དུ་འགྱུར་བ་མི་འདོད་དོ། །འོ་ན་ཇི་ལྟར་གནོད་བྱེད་དུ་འདོད་ཅེ་ན། དཔྱད་གསུམ་གྱིས་དག་པ་དང་ཁས་བླངས་པའི་ཁྱད་པར་གཉིས་དང་ལྡན་པས་གནོད་བྱེད་དུ་འགྱུར་བར་འདོད་པ་ཡིན་ནོ། །རྒྱན་གྱིས་ཀྱང༌། གལ་ཏེ་ཡོངས་སུ་བརྟགས་ཡིན་ན། །དེ་ནི་ཚད་མ་གནོད་བྱེད་ཡིན། །གལ་ཏེ་བརྟགས་པ་མི་འཇུག་ན། །རང་གི་ཚིག་ལས་ཁྱད་པར་མེད། །ཅེས་གསུངས་སོ། །མདོར་ན་ལུང་གནོད་བྱེད་དུ་འདོད་པ་དང་གེགས་བྱེད་དུ་འདོད་པའི་ལུགས་གཉིས་ཀ་བརྗོད་ནས། གཉིས་ཀའི་ཕྱོགས་ཀྱི་འཐད་པ་རྣམས་སློབ་དཔོན་ཡང་བཞེད་ལ་མི་འཐད་པ་རྣམས་འགོག་པ་ཡིན་ནོ། །རྒྱས་པར་དཀའ་འགྲེལ་ལས་རྟོགས་པར་བྱའོ། །ཡིད་ཆེས་གཞུང་ལུགས་གསལ་བར་རྣམ་འབྱེད་བདག་བློ་ཉིན་མོར་བྱེད་པའི་འོད་ཅན་གྱིས། །བློ་གྲོས་པད་མོ་རྒྱས་པར་བྱེད་ན་ལོག་རྟོག་ཀུ་མུད་ཟུམ་པར་བྱེད་པ་ཅི། །མི་འཇིགས་སྤོབས་པ་སྟེར་བར་བྱེད་ན་ཕས་རྒོལ་སྤོབས་པ་འཕྲོག་པར་བྱེད་པ་ཅི། །གཞལ་བྱའི་གནས་གསུམ་སྣང་བར་བྱེད་ན་བདག་སྨྲའི་གཞུང་ལུགས་མུན་པར་བྱེད་པ་ཅི། །ཡིད་ཆེས་པའི་བསལ་བ་བསྟན་ཟིན་ཏོ། །མཚན་མོ་གསལ་བར་བྱེད་པ་ནི་རི་བོང་འཛིན་པ་ཞེས་བརྗོད་པར་བྱ་བ་ཡིན་གྱི་ཟླ་བ་ཞེས་པའི་སྒྲས་ནི་བརྗོད་པར་བྱ་བ་མིན་ནོ་ཞེས་གྲགས་པ་འདོར་བར་བྱེད་པའི་བརྡ་སྤྲོད་པ་དགག་པའི་ཆེད་དུ་གྲགས་པའི་བསལ་བ་འཆད་པ་ལ། དང་པོ་གྲགས་པས་གནོད་པའི་ཚུལ་བསྟན་པ་ནི། གྲགས་པའི་རྗེས་དཔག་ཆོས་ཅན། ཡིད་ཆེས་སུ་མ་ཟད་གྲགས་པའི་མིང་ཅན་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་ཡང་འགལ་བ་དོན་གྱི་དམ་བཅའ་བ་བརྗོད་མི་རུང་ལ་གནོད་པར་བྱེད་པ་ཡིན་ཏེ། ཟླ་བ་ཞེས་པའི་སྒྲས་བརྗོད་པར་བྱ་བ་ནི་རྟོག་ཡུལ་གྱི་དོན་རྣམས་ལ་དགག་པར་མི་ནུས་པའི་ཕྱིར་རོ། །རྟགས་མ་གྲུབ་ན། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བརྗོད་རུང་རྟོག་ཡུལ་གྱི་དོན་ལ་དགག་མི་ནུས་པར་ཐལ། སྐྱེས་བུའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་གང་ཞིག་འདོད་པ་ཡང་རྟོག་ཡུལ་གྱི་དོན་ལ་ཐོགས་མེད་དུ་འཇུག་པའི་ཕྱིར། གྲགས་པ་ནི་རྗོད་བྱེད་ལ་འདོད་པ་མིན་ནམ། བརྗོད་པར་བྱ་བ་ལ་གྲགས་པར་ཇི་ལྟར་བརྗོད་ཅེ་ན། རྟོག་ཡུལ་གྱི་དོན་དེ་ནི་ཆོས་ཅན། ཁྱོད་ལ་གྲགས་པའི་སྒྲས་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། ཁྱོད་ངེས་ཤེས་ཀྱིས་ཡུལ་དུ་བྱས་པ་སྒྲའི་ཐ་སྙད་ལས་སྐྱེས་པའི་ཆོས་ཡིན་པའི་ཕྱིར་རོ། །ཞེས་ལོ་ཙཱ་བ་འཆད་དོ། །རྟོག་ཡུལ་གྱི་དོན་ལ་གྲགས་པའི་སྒྲས་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། གྲགས་པས་འགྲུབ་པའི་དོན་གནོད་བྱེད་དུ་བསྟན་པའི་ཆེད་ཡིན་པའི་ཕྱིར། གྲགས་པ་དངོས་ནི་རྗོད་བྱེད་ཀྱི་སྒྲ་ལ་སློབ་དཔོན་བཞེད་དེ། གྲགས་པའང་མིའི་བརྗོད་པ་ཡིན་ཞེས་གསུངས་པའི་ཕྱིར། ཆོས་མཆོག་གིས་གྲགས་པ་ནི་རྣམ་པར་རྟོག་པའི་ཤེས་པ་གཏིང་ཚུགས་པ་སྟེ་ཞེས་བྱ་བ་ནི་གྲགས་པའི་རྗེས་དཔག་ལ་དགོངས་སོ། །བརྗོད་རུང་བརྡ་བྱས་པ་ལ་མི་ལྟོས་པར་བསྟན་པ་ནི། བརྡ་བྱས་པ་དང་མ་བྱས་པའི་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ཆོས་ཅན། རྟོག་ཡུལ་གྱི་དོན་ཐམས་ཅད་ངོ་བོ་ཉིད་ཀྱིས་ཁྱོད་ཀྱི་བརྗོད་བྱར་རུང་བ་ཡིན་ཏེ། བརྡ་འདོད་པ་ཙམ་གྱིས་འཇུག་པའི་ཚིག་ཡིན་པའི་ཕྱིར། རི་བོང་ཅན་ཆོས་ཅན། ཁྱོད་སྔར་བརྡ་བྱུང་བའམ་འབྱུང་བར་འགྱུར་བའི་སྒྲའི་བརྗོད་བྱར་རུང་བ་ཉིད་དེས་ནི། ཁྱོད་སྒྲས་བརྗོད་རུང་དེ་འགོག་པ་ལ་གནོད་པ་ཡིན་ཏེ། དོན་ཙམ་དང་སྒྲས་བརྗོད་རུང་དུ་རྗེས་སུ་འབྲེལ་བ་ཡིན་པའི་ཕྱིར། བརྗོད་རུང་བརྡ་ངེས་པ་ལ་མི་ལྟོས་པར་གྲུབ་པ་ལ་སློབ་དཔོན་གྱི་བཞེད་པ་ཁུངས་སུ་དགོད་པ་ནི། ཕྱོགས་ཀྱི་གླང་པོ་ཆོས་ཅན། བརྗོད་རུང་བརྡ་བྱས་པ་ལ་མི་ལྟོས་པར་གྲུབ་པར་བྱེད་དེ། ཁྱོད་ཀྱི་བུམ་སོགས་དེ་ལ། ཟླ་བར་གྲགས་ཟིན་པ་མེད་ཀྱང་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དེ་གྲུབ་པར་བཤད་པའི་ཕྱིར། བཤད་པའི་རྒྱུ་མཚན་ཅི་ཞེ་ན། བུམ་སོགས་ལ་ཟླ་བར་གྲགས་ཟིན་པ་མེད་ཀྱང་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་གྲུབ་པར་བཤད་པ་ལ་རྒྱུ་མཚན་ཡོད་དེ། རྟོག་ཡུལ་གྱི་དོན་གང་ཡིན་པ་དེ་བརྗོད་བྱར་རུང་བའི་སྟོབས་ཉིད་ཀྱིས་དངོས་སུ་ནི་སྒྲ་ཐམས་ཅད་རྟོག་ཡུལ་གྱི་དོན་དེ་ལ་བརྡའི་འབྲེལ་བ་གྲུབ་ཏུ་རུང་བ་ཡིན་པའི་ཕྱིར། བཤད་བྱེད་ཀྱི་ཚིག་ནི། གང་ལ་ཞེས་པ་ནས་མིན་ནོ་ཞེས་སོགས་པའི་བར་ཡིན་ལ། འདིའི་ཚིག་དོན་ནི། རི་བོང་ཅན་ཆོས་ཅན། ཁྱོད་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དུ་འཇལ་བའི་རྗེས་སུ་དཔག་པ་མེད་པར་ཐལ། ཁྱོད་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་དུ་བསྒྲུབ་པ་གང་ལ་རྟགས་སུ་བཀོད་པ་ཐམས་ཅད་རྩོད་གཞི་དང་དཔེ་ལ་ཐུན་མོང་དུ་འཇུག་པ་མ་ཡིན་པའི་ཕྱིར། ཡིད་ཆེས་བསལ་བར་མ་ཟད་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་དམ་བཅས་པ་དེ་ཡང་ཆོས་ཅན། ཕྱོགས་ཡང་དག་པ་མ་ཡིན་པར་ཐལ། ཁྱོད་དོན་ལ་གྲགས་པའི་བསལ་བ་ཞུགས་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བ་དམ་བཅས་པའི་དམ་བཅའ་ལྟར་སྣང་ཡིན་པའི་དོན་གྱི་ནའོ། །ལུང་གི་དོན་རིགས་པས་བཤད་པ་ལ་གནོད་བྱའི་དབང་དུ་བྱས་པ་དང་རྗེས་དཔག་གི་དབང་དུ་བྱས་པ་གཉིས་ལས། དང་པོ་བཤད་པ་ནི་གྲགས་ཟིན་པ་མེད་ཀྱང་བརྗོད་རུང་དུ་གྲུབ་པ་དེ་ཉིད་ཀྱི་ཕྱིར་གང་ལ་ཐུན་མོང་མིན་པ་ཞེས་གསུངས་སོ། །ལུང་འདི་ཉིད་བཤད་པ་ནི། གྲགས་པའི་རྗེས་དཔག་ཆོས་ཅན། བརྗོད་རུང་ལ་གནོད་བྱེད་དུ་བཀོད་པའི་གཏན་ཚིགས་ཡོད་པ་ནི་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་བསྒྲུབ་པའི་རྩོད་གཞི་དང་དཔེ་ལ་ཐུན་མོང་དུ་འཇུག་པ་མིན་ཏེ། རྟོག་ཡུལ་གྱི་དོན་གང་ལ་ཡང་ཟླ་བའི་སྒྲས་བརྗོད་རུང་མིན་པར་གྲུབ་པའི་ཕྱིར། ལུང་དང་པོའི་དགོས་པ་མདོར་བསྟན་པ་ནི། གང་ལ་ཐུན་མོང་མིན་པ་ཞེས་དེ་སྐད་དུ་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་འདི་དགག་པར་མི་ནུས་པ་ཉིད་དུ་བསྟན་པའི་ཕྱིར། ལུང་གཉིས་པའི་དགོས་པ་མདོར་བསྟན་པ་ནི། སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་སོགས་ཀྱི་ལུང་ཆོས་ཅན། དགོས་པ་ཡོད་དེ། བརྗོད་རུང་གི་ཟླ་བོ་བརྗོད་མི་རུང་དུ་འཇལ་བའི་ཚད་མ་མེད་པས་གྲགས་པ་གནོད་བྱེད་དུ་ངེས་པར་བསྟན་པའི་ཕྱིར་རོ། །ལུང་དང་པོའི་དགོས་པ་རྒྱས་པར་བཤད་པ་ནི། རི་བོང་ཅན་དེ་ཆོས་ཅན། ཁྱོད་སྒྲས་བརྗོད་རུང་དགག་མི་ནུས་པར་ཐལ། ཁྱོད་སྒྲས་བརྗོད་རུང་འགོག་བྱེད་ཚད་མ་མེད་པའི་ཕྱིར། རྟགས་མ་གྲུབ་ན། ཁྱོད་སྒྲ་བརྗོད་རུང་འགོག་པ་ནི་རྗེས་སུ་དཔག་པའི་ཚད་མ་ལས་འགོག་པར་འགྱུར་བར་ཐལ། ཁྱོད་སྒྲས་བརྗོད་རུང་ཚད་མས་འགོག་པ་གང་ཞིག་མངོན་སུམ་གྱིས་ནི་ཁྱོད་སྒྲས་བརྗོད་པར་རུང་བ་བཀག་པ་ཉིད་མི་ངེས་པའི་ཕྱིར་རོ། །ཡོད་པ་གཅིག་པུ་ཐུན་མོང་མིན་པར་བཤད་ཀྱི་གཏན་ཚིགས་གཞན་ནི་མིན་ནོ་ཞེ་ན། རི་བོ་ཅན་ཟླ་བ་མིན་ཏེ་ཡོད་པའི་ཕྱིར་ཞེས་པའི་རྟགས་དཔེར་བརྗོད་པ་ཆོས་ཅན། ཁྱོད་ལ་འབྲས་བུའམ་དགོས་པ་ཡོད་དེ། ཁྱོད་ལ་བརྟེན་ནས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་བསྒྲུབ་པ་གང་ལ་ཡོད་པའི་རྟགས་ཉིད་རྗེས་སུ་འགྲོ་བ་མེད་པ་དེ་ལ་ནི་གཏན་ཚིགས་གཞན་ཐམས་ཅད་ཀྱང་ཐུན་མོང་མིན་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རྟོགས་པར་འགྱུར་བའི་ཕྱིར། ལུང་ཕྱི་མའི་དགོས་པ་རྒྱས་པར་བཤད་པ་ནི། སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྗོད་བྱེད་ཀྱི་སྒྲ་ནི་བརྡ་ལ་བརྟེན་པ་ཡིན་ལ་བརྡ་དེ་ཡང་འདོད་པ་ཙམ་ལ་བརྟེན་པ་ཡིན་ཏེ། ཡིན་པ་དེས་ན་སྒྲས་བརྗོད་རུང་དུ་གྲུབ་པ་དག་ནི་མ་གྲུབ་པ་མིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། །ངེས་པ་ཡུལ་འགྲོ་བ་དེ་རྗོད་བྱེད་ལ་ལྟོས་པས་སྒྲ་ལས་བྱུང་བ་ཞེས་གསུང་གི་སྒྲ་ལས་སྐྱེས་པའི་སྒོ་ནས་ནི་མིན་ནོ། །ཟླ་བོའི་ཚད་མ་མེད་པས་ཞེས་བྱ་བ་དེ་ཉིད་བཤད་པ་ནི། རི་བོང་ཅན་ཆོས་ཅན། ཁྱོད་ཟླ་བའི་སྒྲས་བརྗོད་མི་རུང་དུ་བསྒྲུབ་པའི་གཏན་ཚིགས་མེད་པར་ཐལ། ཁྱོད་ཟླ་བའི་སྒྲས་བརྗོད་རུང་དུ་མཐའ་གཅིག་ཏུ་ངེས་པའི་ཕྱིར། ཁྱབ་པ་ཡོད་དེ། འགལ་བ་ལ་མི་འཁྲུལ་བའི་གེགས་ཡོད་པར་དོགས་པ་རྣམས་ནི་ཐེ་ཚོམ་ཟ་བས་མཐའ་གཅིག་ཏུ་ངེས་པ་མི་འགྲུབ་པའི་ཕྱིར། འགྲན་ཟླ་ཡོད་པ་དང་མེད་པའི་རྗེས་དཔག་གཉིས་ཡོད་པ་ལས་གཉིས་ཀས་ཀྱང་གཞལ་བྱ་མཐའ་གཅིག་ཏུ་ངེས་པའི་ཁྱབ་པ་མེད་དོ་ཞེ་ན། འགྲན་ཟླ་མེད་པར་འདོད་པའི་རྗེས་དཔག་དེ་ཆོས་ཅན། མངོན་ཤེས་མེད་པའི་སྐྱེས་བུ་ཙམ་གྱིས་ཁྱོད་ལ་འགྲན་ཟླ་མེད་པར་མི་ངེས་པར་ཐལ། ཚུལ་གསུམ་ཚང་བའི་རྟགས་གཅིག་ལ་འགྲན་ཟླའི་གཏན་ཚིགས་སྲིད་པ་ཡིན་པའི་ཕྱིར། རྗེས་དཔག་གཞན་ཆོས་ཅན། འགྲན་ཟླ་མེད་དེ། ད་ལྟ་ཁྱོད་ལ་འགྲན་ཟླ་མ་མཐོང་བའི་ཕྱིར་ཞེ་ན། ད་ལྟ་ཁྱོད་ལ་འགྲན་ཟླ་མ་མཐོང་བས་འགྲན་ཟླ་མེད་ངེས་སུ་འཇོག་མི་ནུས་པར་ཐལ། ཡུན་རིང་པོར་མ་མཐོང་བ་རྣམས་ལ་ཡང་ཕྱིས་སྣང་བ་བསྐྱེད་པའི་ཕྱིར། གཏན་ཚིགས་དེས་ན་སྒྲ་ལས་བྱུང་བའི་གྲགས་པ་དང་ཞེས་སོགས་ཀྱི་ལུང་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་ལ་མི་འཁྲུལ་པ་ཅན་མེད་པར་སྟོན་པ་ཡིན་ཏེ། གྲགས་པའི་རྗེས་དཔག་ཚད་མས་གཞལ་བྱ་མཐའ་གཅིག་ངེས་པར་བརྗོད་པའི་ཕྱིར། ཁྱབ་པ་ཡོད་དེ། གྲགས་པའི་རྗེས་དཔག་གིས་གཞལ་བྱ་ངེས་པར་གྲུབ་པ་ན་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་ཅན་མེད་པར་དོན་གྱིས་གོ་བས་སོ། །ཆོས་མཆོག་གིས་ལུང་དང་པོ་ལ་སྦྱོར། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་ཅན་མེད་པར་སྟོན་པ་འདིས་ནི་ཆོས་ཅན། མངོན་སུམ་དང་རྗེས་དཔག་སུ་དཔག་པ་གཉིས་ཀ་དག་ལ་འགྲན་ཟླ་མེད་པར་བཤད་པ་ཡིན་ཏེ། ཚད་མ་ལ་འགྲན་ཟླ་མེད་པར་སྟོན་པ་གང་ཞིག མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀ་ཡང་ཚད་མར་ཁྱད་པར་མེད་པའི་ཕྱིར། མངོན་སུམ་ལ་འགྲན་ཟླ་མེད་ཀྱང་རྗེས་དཔག་ལ་ཡོད་དོ་ཞེ་ན། མངོན་སུམ་ལ་ཡང་འགྲན་ཟླ་ཡོད་པ་དེ་ལྟར་དུ་འགྱུར་བར་ཐལ། ཚད་མའི་མཚན་ཉིད་དང་ལྡན་པའི་རྗེས་དཔག་གཅིག་ལ་འགྲན་ཟླ་མཐོང་བའི་ཕྱིར། མངོན་སུམ་ལ་འགྲན་ཟླ་མེད་པར་འཇོག་བྱེད་གྱི་ཁྱད་པར་གཞན་ཡོད་ཅེ་ན། མངོན་སུམ་གང་ཞིག་ཆོས་ཅན། ཚད་མའི་མཚན་ཉིད་ལས་རྫས་ཐ་དད་པའི་ཁྱད་པར་གཞལ་བྱ་མཐའ་གཅིག་ཏུ་ངེས་པར་སྒྲུབ་པར་བྱེད་པར་འཇོག་པ་ནི་ཡོད་པ་མ་ཡིན་པར་ཐལ། ཚད་མའི་མཚན་ཉིད་མི་སླུ་བ་ལས་རྫས་ཐ་དད་པའི་ཁྱད་པར་ཡོད་པ་ལ་རིགས་པས་གནོད་པའི་ཕྱིར། ཇི་ལྟར་གནོད་ཅེ་ན། རྗེས་སུ་དཔག་པ་ཆོས་ཅན། ཚད་མ་མིན་པར་འགྱུར་བར་ཐལ། གང་གི་ཕྱིར་ན། འགྲན་ཟླ་མེད་པར་འཇོག་བྱེད་ཀྱི་ཁྱད་པར་གཞལ་བྱ་མཐའ་གཅིག་ཏུ་ངེས་པ་དེ་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར། རྗེས་དཔག་ཚད་མ་མ་ཡིན་པར་ཐལ་བའི་ཉེས་སྤོང་བརྗོད་པ་ནི། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ནམ་བཟློག་ཕྱོགས་སྒྲུབ་བྱེད་ཀྱི་རྟགས་མེད་པ་གཏན་ཚིགས་ཀྱི་མཚན་ཉིད་དུ་བཀོད་པ་ཉིད་ཀྱིས་འགྲན་ཟླའི་རྟགས་མ་བསྟན་པ་ཡིན་ལ། འགྲན་ཟླ་མ་བསྟན་པའི་རྟགས་ལ་བརྟེན་པའི་བློ་འགྲན་ཟླ་མེད་པའི་རྗེས་དཔག་ཚད་མ་མ་ཡིན་པར་ཐལ་བའི་ཉེས་པ་མེད་དོ་ཞེ་ན། གྲངས་གཅིག་པ་ཅན་དེ་འགྲན་ཟླ་མེད་པའམ་མ་མཐོང་བ་ཙམ་ཡིན། དང་པོ་ལྟར་ན་དབང་ཕྱུག་སྡེ་ལ་སོགས་པ་ཆོས་ཅན། གྲངས་གཅིག་པ་ཅན་གྱི་གཏན་ཚིགས་འདི་ལ་འགྲན་ཟླ་མེད་དོ་ཞེས་འདི་འདྲ་ངེས་པ་སྲིད་པ་ཡོད་དེ་མེད་པར་ཐལ། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་དང་ལྡན་པར་ཁྱད་པར་མེད་པ་ལ་མཐོང་བའི་འགྲན་ཟླ་དེ་རྟགས་གཞན་ལ་ལྡོག་པར་ངེས་པར་བྱེད་མི་ནུས་པའི་ཕྱིར་རོ། །ཞེས་མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ན་དེས་སུན་ཕྱུང་བར་འགྱུར་རོ་ཞེས་བཤད་ཟིན་ཏོ། །འགྲན་ཟླ་མཐོང་མ་ཙམ་རྟགས་ཀྱི་མཚན་ཉིད་དོ་ཞེ་ན། སྐྱེས་བུའི་སྤོབས་པས་འགྲན་ཟླ་མཐོང་མ་མཐོང་ཙམ་གྱི་དབང་གིས་ཚད་མ་སྟེ་རྟགས་ཡང་དག་གི་མཚན་ཉིད་བརྗོད་པ་ཡང་རིགས་པ་མ་ཡིན་པར་ཐལ། འོ་ན་ཅི་ཞེ་ན། འགྲན་ཟླ་མེད་པར་དངོས་པོ་ལ་གནས་པའི་སྒོ་ནས་རྟགས་ཀྱི་མཚན་ཉིད་འཇོག་པའི་ཕྱིར། དངོས་པོ་ལ་འགྲན་ཟླ་མེད་པར་གནས་པ་དེ་ཡང་ཆོས་ཅན། འགྲན་ཟླ་མེད་ངེས་སུ་ཚད་མའི་སྟོབས་ཀྱིས་ངེས་པར་ནུས་པ་མ་ཡིན་པར་ཐལ། ཚུལ་གསུམ་ཚང་བའི་རྟགས་གཅིག་ལ་འགྲན་ཟླ་ཡོད་པ་དེ་ལྟར་དུ་མཐོང་བའི་ཕྱིར། འགྲན་ཟླ་མེད་པར་ངེས་མི་ནུས་པ་དེས་ན་གྲངས་གཅིག་ཅན་གྱི་གཏན་ཚིགས་དེ་ནི་ཆོས་ཅན། རྟགས་ཡང་དག་གི་ཐ་སྙད་དུ་སྦྱར་མི་རུང་བར་ཐལ། རྟགས་ཀྱི་མཚན་ཉིད་འགྲན་ཟླ་མེད་པ་དང་ལྡན་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། ཕྱོགས་ཀྱི་ཆོས་དང་སོགས་པ་རྗེས་འགྲོ་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་བཞིན་ནོ། །ཁོ་བོ་ཅག་ཁོ་ནར་མ་ཟད་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡང་ཆོས་ཅན། ཐེ་ཚོམ་ཟ་བ་རྟགས་ཡང་དག་མ་ཡིན་པར་བཞེད་དེ། ཁྱོད་ཀྱིས་རྟགས་ཀྱི་མཚན་ཉིད་ལ་ཚུལ་གསུམ་ཚད་མས་ཤེས་པ་ཞེས་སྨོས་པ་ནི་ཡང་ཕྱིར་རོ། །འོ་ན་ཁྱོད་ཀྱིས་རྗེས་དཔག་ལ་འགྲན་ཟླ་མེད་པར་ཇི་ལྟར་ངེས་ཞེ་ན། ཤེས་བྱ་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་ཅན་གྱི་རྟགས་མེད་པ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གསུམ་རྟགས་ལས་དོན་མཐོང་བའི་མཚན་ཉིད་ཅན་གྱི་རྗེས་སུ་དཔག་པ་ལ་ནི་ཚུལ་གསུམ་རྟགས་ལས་དོན་མཐོང་བ་དེའི་མཚན་ཉིད་ཅན་གྱི་འགྲན་ཟླ་མི་སྲིད་པའི་ཕྱིར། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་ཀྱང་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་འདི་ལ་འགལ་བ་ལ་མི་འཁྲུལ་བ་སྲིད་པའི་སྒོ་ནས་རྟགས་ཡང་དག་གི་མཚན་ཉིད་དུ་ཁྱོད་བསྟན་དགོས་པར་མི་འདོད་པ་ཉིད་དེ། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་ཅན་མི་སྲིད་པ་དེའི་ཕྱིར། འོ་ན་གང་ལ་སྲིད་ཅེ་ན། འདིའི་ཡུལ་ནི་ལུང་ལ་བརྟེན་པ་ན་སྲིད་པ་ཡིན་ནོ་ཞེས་བཤད་པར་བྱའོ། །ཟླ་བོའི་ཚད་མ་མེད་པ་རྒྱས་པར་བསྟན་པའི་མཇུག་སྡུད་པ་ནི། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་ཅན་མེད་པ་དེའི་ཕྱིར་གང་ལ་ཐུན་མོང་མིན་པ་ཞེས་པའི་ལུང་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་ཅན་མེད་པར་སྟོན་པ་ཡིན་ཏེ། གྲགས་པའི་རྗེས་དཔག་གཉེན་པོ་དང་བཅས་པ་སྲིད་པ་སེལ་བར་བྱེད་པ་དེའི་ཕྱིར། དེར་ཐལ། གྲགས་པའི་རྗེས་དཔག་དེ་ལས་གཞལ་བྱ་མཐའ་གཅིག་ཏུ་ངེས་པར་བརྗོད་པ་ཡིན་པའི་ཕྱིར། དེར་ཐལ། བཤད་མ་ཐག་པའི་ཚུལ་དེ་ལྟར་གྲགས་པའི་རྗེས་དཔག་ཚད་མ་དག་འགལ་བའི་དམ་བཅའ་ལ་གནོད་པར་བརྗོད་པའི་ཕྱིར་རོ། །གནོད་བྱའི་དབང་དུ་བྱས་པ་བཤད་ཟིན་ཏོ། །བརྗོད་མི་རུང་བསྒྲུབ་པའི་རྟགས་སམ་རྗེས་དཔག་མེད་པར་བསྟན་པ་ལས་ཡང་ན། བརྗོད་རུང་དག་པ་བ་འཇལ་བའི་རྗེས་དཔག་མེད་པར་བསྟན་པ་ལ་གཞུང་ཚིག་དུམ་བུ་གཉིས་ཡོད་པ་ལས་དང་པོ་རྗེས་སུ་དཔག་པ་མེད་ལ་ཞེས་པའི་དོན་བཤད་པ་ནི། རྗེས་སུ་དཔག་པ་མེད་པ་ཞེས་པའི་ལུང་ཆོས་ཅན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དག་པ་བར་བསྒྲུབ་པའི་རྟགས་མེད་པར་བསྟན་ཏེ། འཇིག་རྟེན་གྱི་འདོད་པའི་སྒྲས་བརྗོད་པར་བྱ་བ་ལ་འཇལ་བྱེད་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་མེད་པར་བརྗོད་པའི་ཕྱིར་རོ། །འདོད་པའི་སྒྲས་བརྗོད་པར་བྱ་བ་ལ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་མི་འཇུག་པར་བསྟན་པ་དེས་ནི་ཆོས་ཅན། གྲགས་པའི་རྗེས་དཔག་དང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་ཡུལ་གཅིག་མ་ཡིན་པར་བསྟན་ཏེ། གྲགས་པའི་རྗེས་དཔག་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་ཡུལ་ཐ་དད་པ་ཅན་ཡིན་ནོ་ཞེས་བརྗོད་པར་འགྱུར་བའི་ཕྱིར། དེ་ལྟར་བརྗོད་པས་ཅིར་འགྱུར་ཞེ་ན། རྗེས་སུ་དཔག་པ་མེད་ལ་ཞེས་པའི་ལུང་ཆོས་ཅན། གྲགས་པའི་རྗེས་དཔག་ཡུལ་ལ་དངོས་པོའི་དབང་གིས་འཇུག་པ་མ་ཡིན་ནོ་ཞེས་ཤུགས་ལ་བསྟན་པ་ཡིན་ཏེ། དངོས་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་དངོས་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པ་ལས་གྲགས་པའི་རྗེས་དཔག་ཡུལ་ཐ་དད་པ་ཅན་ཉིད་དུ་བརྗོད་པ་ཡིན་པའི་ཕྱིར། ཐུན་མོང་མ་ཡིན་པ་ཞེས་པའི་ལུང་གི་དོན་བཤད་པ་ནི། སངས་རྒྱས་པ་དེ་ཆོས་ཅན། འཇིག་རྟེན་ན་གྲགས་པའི་སྒྲའི་བརྗོད་བྱ་དངོས་པོ་བ་གཞན་གང་ཞིག་འདོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཟླ་བར་ཤིན་ཏུ་གྲགས་པའི་རི་བོང་ཅན་ཟླ་བ་ཞེས་པའི་སྒྲའི་བརྗོད་བྱ་དངོས་པོར་མི་འདོད་པའི་ཕྱིར། འདོད་ན། རྗེས་སུ་དཔག་པ་རྟོག་ཡུལ་ན་ཡོད་པའི་རྟགས་ཆོས་ཅན། ཁྱོད་ཀྱིས་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དག་པ་བར་བསྒྲུབ་པ་དེ་ལ་མཐུན་དཔེ་ཡང་དག་མེད་པ་ཡིན་ཏེ། བརྗོད་རུང་དག་པ་བ་མེད་པ་དེའི་ཕྱིར། འདོད་ན། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དག་པ་བར་བསྒྲུབ་པའི་མཐུན་དཔེ་དང་ཐུན་མོང་མ་ཡིན་བཤད་དེ། ཁྱོད་དེ་ལྟར་བསྒྲུབ་པའི་མཐུན་དཔེ་མེད་པ་དེས་ན་སྟེ་དེའི་ཕྱིར། རིགས་སྒོའི་འགྲེལ་པ་བྱེད་པ་དག་བརྗོད་རུང་དངོས་པོ་བ་བསྒྲུབ་པ་ལ་རྟགས་ཐུན་མོང་མ་ཡིན་པར་བརྗོད་པ་ནི་མིན་གྱི་འཇིག་རྟེན་ན་ཟླ་བ་གཉིས་པ་མེད་པའི་ཕྱིར་ཟླ་བའི་སྒྲས་བརྗོད་རུང་དཔོག་པ་ལ་དཔེ་མེད་པས་རྟགས་ཐུན་མོང་མིན་པར་བཤད་པ་ཡིན་ནོ་ཞེས་ཕྱོགས་ཀྱི་གླང་པོའི་གཞུང་འཆད་པ་གཞན་དག་གི་འདོད་པ་དགག་པ་ནི། གང་ལ་ཐུན་མོང་མིན་པའི་ཕྱིར། རྗེས་སུ་དཔག་པ་མེད་ལ་ཞེས་དེ་སྐད་གསུངས་པ་ཆོས་ཅན། རི་བོང་ཅན་ཟླ་བ་མིན་ཞེས་པའི་དཔེ་གཅིག་པུ་དེ་ཉིད་ལ་གྲགས་པའི་གནོད་པའི་དབང་དུ་བྱས་ནས་ཁྱོད་བརྗོད་པ་ནི་མ་ཡིན་པར་ཐལ། གང་གི་ཕྱིར་ན་གྲགས་པས་གནོད་པ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་བསྟན་པ་ཡིན་པའི་ཕྱིར། གཞན་ལ་གནོད་པའི་ཚུལ་ཡང་འདི་ལྟར། ཤེས་བྱ་ཆོས་ཅན། རི་བོང་ཅན་ཟླ་བ་མིན་པར་དམ་བཅས་པ་ཁོ་ན་གྲགས་པས་གནོད་པའི་དཔེ་ཡོངས་སུ་རྫོགས་པ་མིན་ཏེ། ཤིང་ཤ་པ་ཤིང་མ་ཡིན་ནོ་ཞེས་བྱ་བར་དམ་བཅས་པ་ལ་ཡང་གྲགས་པས་གནོད་པའི་ཕྱིར་རོ། །ཟླ་བའི་སྒྲས་བརྗོད་རུང་གཉིས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་ཡང་ལན་བརྗོད་པར་བྱ་སྟེ། དཔེར་བརྗོད་གཞན་ལ་ཐུན་མོང་མིན་པར་མི་འགྱུར་བར་མ་ཟད། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དཔོག་པ་འདིར་ཡང་ཆོས་ཅན། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་གཉིས་པ་མེད་པའི་སྒོ་ནས་ཡོད་པའི་རྟགས་ཐུན་མོང་མིན་པ་ཉིད་དུ་མི་འགྱུར་བར་ཐལ། འཇིག་རྟེན་ན་ག་བུར་དང་དངུལ་ལ་སོགས་པ་ལ་ཡང་ཟླ་བ་ཞེས་པའི་སྒྲས་བརྗོད་པར་མཐོང་བའི་ཕྱིར། རྟགས་ལ་ཐ་སྙད་དུས་ཀྱི་བརྗོད་བྱ་ཐུན་མོང་མིན་པ་ཡིན་དུ་ཆུག་ཀྱང་བརྡ་དུས་ཀྱི་བརྗོད་བྱ་ཐུན་མོང་མིན་པ་མི་འཐད་པར་སྟོན་པ་ནི། བརྡ་དུས་ཀྱི་རྗོད་བྱེད་ཀྱི་སྒྲ་འགའ་ཡང་ནི་ཆོས་ཅན། དོན་གཅིག་ཁོ་ན་ལ་ཐུན་མོང་མིན་པར་འཇུག་པ་མེད་དེ། བརྡ་དབང་ལས་རྗོད་བྱེད་དུ་འཇུག་པའི་ཕྱིར། རི་བོང་ཅན་ལ་འཚེད་པ་པོའི་སྒྲས་མི་བརྗོད་པ་ལ་གྲགས་པས་གནོད་པའི་སྐྱོན་ཡོད་པར་ཐལ། རི་བོང་ཅན་ལ་སོགས་པའི་རྟོག་ཡུལ་གྱི་དོན་ཐམས་ཅད་ལ་འཚེད་པ་པོའི་སྒྲ་འཇུག་པའི་ཕྱིར། འདོད་མི་ནུས་ཏེ། སྲེག་བྱེད་ཁོ་ན་ལ་འཚེད་པ་པོ་ཞེས་བརྗོད་ཀྱི་གཞན་ལ་མ་ཡིན་པ་སོགས་སྒྲའི་ཡུལ་སོ་སོར་ངེས་པ་འཇིག་རྟེན་ན་མཐོང་བས་སོ་ཞེ་ན། གལ་ཏེ་རྟོག་པ་པོ་དེ་ལ་སྲེག་བྱེད་དང་ལྡན་པ་འགའ་ཞིག་ཁོ་ན་ལ་འཚེད་པ་པོའི་སྒྲ་རྗོད་བྱེད་དུ་གྲུབ་ན། འཚེད་པ་པོ་ཞེས་པའི་སྒྲ་དེ་ཆོས་ཅན། དངོས་པོའི་དབང་གིས་རྗོད་བྱེད་དུ་གྲུབ་པ་ཡིན་པར་ཐལ། ངོ་བོ་ཉིད་ཀྱིས་སྲེག་བྱེད་ཁོ་ནའི་རྗོད་བྱེད་དུ་ངེས་པའི་ཕྱིར། གནས་སྐབས་ལ་ལར་གྲགས་པས་གྲུབ་པར་ཁས་ལེན་ན་ནི། རི་བོང་ཅན་ལ་ཡང་རྗོད་བྱེད་དུ་འཇུག་པ་མི་བཟློག་པར་ཐལ། བརྡའི་དབང་ལས་རྗོད་བྱེད་དུ་འཇུག་པའི་ཕྱིར། རི་བོང་ཅན་ལ་རྒྱུ་མཚན་གྱི་སྒོ་ནས་འཇུག་པ་བཟློག་གོ་ཞེ་ན། རི་བོང་ཅན་ལ་འཚེད་པ་པོའི་སྒྲ་འཇུག་པའི་རྒྱུ་མཚན་གྲུབ་བམ་མ་གྲུབ། རི་བོང་ཅན་གྱི་དངོས་པོ་ལ་རྒྱུ་མཚན་དེ་གྲུབ་ན། རི་བོང་ཅན་ལ་ཡང་ཆོས་ཅན། འཚེད་པ་པོའི་སྒྲ་རྒྱུ་མཚན་གྱི་སྒོ་ནས་འཇུག་པ་བཟློག་ཏུ་མེད་པ་ཉིད་དུ་ཐལ། ཁྱོད་ལ་འཚེད་པ་པོའི་སྒྲ་འཇུག་པའི་རྒྱུ་མཚན་དེ་གྲུབ་པའི་ཕྱིར། རི་བོང་ཅན་གྱི་དངོས་པོ་ལ་རྒྱུ་མཚན་དེ་མེད་ན་ནི། འཚེད་པ་པོའི་སྒྲ་ཆོས་ཅན། ཁྱོད་རི་བོང་ཅན་ལ་འཇུག་པ་བཟློག་ཀྱང་གྲགས་པས་གནོད་པའི་སྐྱོན་འགའ་ཡང་མེད་པར་ཐལ། རྒྱུ་མཚན་ཅན་གྱི་སྒྲ་གང་ཞིག རི་བོང་ཅན་ལ་ཁྱོད་འཇུག་པའི་བཟློག་པ་རྒྱུ་མཚན་མེད་པའི་ཕྱིར། རྒྱལ་རྔ་བདུན་པའི་གཞུང་གི་ནམ་མཁའ་ལ། །བློ་ལྡན་ཤེས་རབ་ལེགས་བཤད་ཆུ་འཛིན་འཁྲིགས། རིགས་པའི་རལ་གྲིའི་སྤོབས་པའི་གློག་ཕྲེང་གཡོ། །བདག་གི་ལེགས་བཤད་འབྲུག་སྒྲ་དར་དིར་སྒྲོག །ལྷ་དབང་བློའི་དགོངས་པ་ལེགས་བཤད་དུ་བྱེད་པ་རྣམས་ཀྱིས་ནི་གཞུང་གི་འཕྲོས་བརྟག་དགོས་སོ། །རྒྱུ་མཚན་ཅན་གྱི་སྒྲའི་ཡུལ་ངེས་ཀྱང་འདོད་རྒྱལ་བའི་སྒྲ་ཡུལ་མ་ངེས་པ་དེའི་ཕྱིར་དངོས་པོ་ལ་སོ་སོར་ངེས་པ་མིན་པའི་རྗོད་བྱེད་གྱི་བརྡ་ཆོས་ཅན། ཁྱོད་དང་ལྡན་པའི་སྒྲ་ལས་བྱུང་བའི་ཆོས་རྣམས་ཀྱི་རུང་བ་ནི་རྟོག་ཡུལ་གྱི་དོན་ཐམས་ཅད་ལ་འགྲུབ་ཏུ་རུང་བ་ཡིན་ཏེ། འདོད་པ་ཙམ་གྱིས་རྗེས་སུ་བྱེད་པའི་རྗོད་བྱེད་གང་ཞིག་འདོད་པ་རྟོག་པའི་ཡུལ་ཐམས་ཅད་ལ་འཇུག་པ་ལ་གེགས་བྱེད་པ་མེད་པའི་ཕྱིར། བརྗོད་རུང་དོན་ཐམས་ཅད་ལ་ཁྱབ་པར་བསྟན་པ་འདིས་ནི་ཆོས་ཅན། རྟོག་པའི་ཡུལ་གང་ལ་བརྗོད་རུང་བཀག་ན་གྲགས་པས་གནོད་པ་བསྟན་པ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་རྣམས་ནི་དོན་བརྡའི་རྗེས་སུ་བྱེད་པས་དོན་གཅིག་ཁོ་ན་ལ་རྗོད་བྱེད་དུ་འཇུག་པའི་ངེས་པ་འགའ་ཡང་མེད་ལ། རྗོད་བྱེད་ཀྱི་སྒྲ་འདི་དག་དོན་དེ་ལ་འཇུག་པ་འགོག་ན་ཡང་གྲགས་པ་དང་འགལ་བ་ཡིན་ནོ་ཞེས་བཤད་པ་ཡིན་པའི་ཕྱིར། གྲགས་པའི་རྗེས་དཔག་ཡུལ་ལ་དངོས་པོའི་སྟོབས་ཀྱིས་འཇུག་པ་མིན་པར་བསྟན་པའི་མཇུག་བསྡུ་བ་ནི། གྲགས་པའི་རྗེས་དཔག་དངོས་པོའི་སྟོབས་ཀྱིས་འཇུག་པ་མིན་པར་བསྟན་པ་དེས་ནི་ཆོས་ཅན། དགོས་པ་གཞན་ཡང་བསྟན་པ་ཡིན་ཏེ། རྒྱུ་མཚན་ཅན་གྱི་སྒྲ་ཡི་བརྗོད་བྱའི་དོན་ནམ་འདོད་རྒྱལ་བའི་སྒྲ་རྣམས་ཀྱི་བརྗོད་བྱའི་དོན་དོན་དམ་པར་རང་མཚན་ཉིད་ཡིན་པ་འགོག་པ་ལ་གྲགས་པས་གནོད་པ་མེད་པར་བརྗོད་པ་ཡིན་པའི་ཕྱིར། ཐ་དད་དུ་བྱས་པའི་དགོས་པ་བསྟན་པ་ནི། དོན་དམ་པ་སྒྲའི་དངོས་ཀྱི་བརྗོད་བྱར་འགོག་པ་ལ་གྲགས་པས་མི་གནོད་པ་དེས་ན། རྗེས་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མིན་ཡང་གྲགས་པའི་རྗེས་དཔག་དངོས་པོ་སྟོབས་ཞུགས་ལས་ཐ་དད་དུ་བྱས་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། གྲགས་པའི་རྗེས་དཔག་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་གྱི་ཁྱད་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། སྔ་མ་ཡིད་ཆེས་པའི་རྗེས་དཔག་བཞིན་ནོ། །མངོན་སུམ་དང་འགལ་བ་ཡང་འཆད་པ་ནི། ལྡོག་པའི་རང་བཞིན་སྣ་ཚོགས་པ་ཅན་གྱི་སྒྲའི་རང་བཞིན་གང་ཞིག་ཉན་པའི་ཤེས་པ་ལ་གསལ་སྤྱི་གཉིས་མེད་པར་སྣང་བ་དེ་ཉིད་ཆོས་ཅན། ཁྱོད་མཉན་བྱ་ཡིན་པ་སྤོང་ན། མངོན་སུམ་དང་འགལ་བ་ཡིན་ཏེ། ཁྱོད་མཉན་བྱ་ཡིན་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དཔེར་ན་དུང་སྒྲ་ནི་མཉན་པར་བྱ་བ་མིན་ནོ་ཞེས་བྱ་བ་ལྟ་བུའོ། །གསལ་བ་ལས་ཐ་དད་པའི་སྒྲ་སྤྱི་བཀག་པ་ལ་མངོན་སུམ་གྱིས་གནོད་པ་མིན་ནམ་ཞེ་ན། སྒྲ་རང་མཚན་ཆོས་ཅན། ཁྱོད་ལས་རྫས་ཐ་དད་པའི་སྒྲ་སྤྱི་བཀག་པ་ལ་མངོན་སུམ་གྱིས་མི་གནོད་དེ། ཁྱོད་དང་འབྲེལ་བ་ཅན་སྒྲ་སྤྱི་རྫས་གཞན་མེད་པས་སོ། །དེར་ཐལ། ཁྱོད་དང་འདྲེས་པར་སྣང་བའི་སྒྲ་སྤྱི་རྫས་གཞན་འཛིན་པའི་བློ་ཚད་མས་མཐོང་བ་མེད་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ཡང་མངོན་སུམ་ལ་དོན་ཞེས་བཤད་པ་ཡིན་ནོ། །སྔར་བསྟན་པའི་མངོན་སུམ་ལ་དོན་སྨོས་པའི་དགོས་པ་ཡང་ཡང་འདིའི་སྒྲ་ལས་རང་གཞུང་དུ་རྟོགས་སོ། །དོན་སྤོང་བ་ལ་མངོན་སུམ་གྱིས་གནོད་པར་བསྟན་ནས། དོན་མི་སྤོང་བ་ལ་མི་གནོད་པར་བསྟན་པ་ནི། སྤྱི་གསལ་གཉིས་སུ་མེད་པའི་རང་བཞིན་ཉན་ཤེས་ལ་སྣང་བ་དེ་ཉིད་ཆོས་ཅན། སྒྲ་དེ་ལ་དོན་དམ་དུ་གྲུབ་པ་ཡིན་ཏེ། རྣམ་པ་གཏོད་པའི་སྒོ་ནས་ཉན་ཤེས་བསྐྱེད་པའི་མཐུ་དང་ལྡན་པའི་ཕྱིར། རང་མཚན་གྱི་ལྷག་མ་སྤྱི་ནི་ཆོས་ཅན། སྒྲ་ལ་དོན་དམ་དུ་གྲུབ་པ་མེད་དེ། ལྡོག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། ཞེས་གསུངས་སོ། །མངོན་སུམ་གྱི་བསལ་བའི་སྐབས་སུ་མཉན་བྱ་ཡི་སྒྲ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་སྤྱི་མཉན་བྱ་ཡིན་པ་སྤོང་ཡང་དབང་པོའི་མངོན་སུམ་གྱིས་གནོད་པ་མེད་དོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། ཇི་ལྟར་གནོད་པ་མེད་ཅེ་ན། སྒྲ་སྤྱིའི་ཆོས་རྣམས་ནི་ཆོས་ཅན། ཁྱོད་མཉན་བྱ་ཡིན་པ་སྤོང་བ་ལ་དབང་པོའི་མངོན་སུམ་གྱིས་མི་གནོད་དེ། ཁྱོད་དབང་པོའི་མངོན་སུམ་གྱི་ཡུལ་མིན་པར་གྲུབ་པའི་ཕྱིར། ཇི་ལྟར་ཡུལ་མིན་ཞེ་ན། སྒྲ་སྤྱི་ནི་ཆོས་ཅན། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་མིན་པར་ཐལ། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར། སྤྱིའམ་ཆོས་གཞལ་བྱ་སོགས་ལ་སྦྱར་བ་སྣང་ཡང་གཞུང་གི་འཕྲོས་ལ་སྒྲ་སྤྱི་ལ་འདོད་པ་ལེགས་པར་མངོན་ནོ། །ཉན་ཤེས་ཀྱི་སྤྱོད་ཡུལ་དོན་རང་མཚན་ཡིན་ན་དོན་རང་མཚན་གྱི་མིང་གིས་ཅིའི་ཕྱིར་མ་བརྗོད་ཅེ་ན། སྒྲ་རང་མཚན་ཆོས་ཅན། སྒྲ་རང་མཚན་ཞེས་པའི་མིང་གིས་ཀྱང་དངོས་སུ་བརྗོད་པར་མི་ནུས་ཏེ། རྣམ་པ་ཀུན་ཏུ་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མིན་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་མཉན་བྱའི་སྒྲ་བརྗོད་ཅེ་ན། མཉན་བྱ་སྨོས་པའི་དགོས་པ་སྟོན་པ་ནི། མཉན་བྱའི་སྒྲས་ཉན་ཤེས་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་རང་མཚན་མཉན་བྱ་ཡིན་པ་ཉན་ཤེས་དེ་ལ་བརྟེན་ནས་གྲུབ་པ་ན་ཉན་ཤེས་དེའི་སྟོབས་ཀྱིས་སྒྲ་རང་མཚན་མཉན་བྱ་མ་ཡིན་པར་དམ་བཅས་པའི་དོན་ལ་གནོད་པར་བསྟན་པའི་ཕྱིར། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པ་དང་འགལ་བ་ཡང་དཔེར་ན་བུམ་པ་རྟག་གོ་ཞེས་བྱ་བ་ལྟ་བུའོ། །རྟག་པར་དམ་བཅའ་བའི་རྒྱུ་མཚན་ནི། བུམ་པ་ཆོས་ཅན། ཁྱོད་རྟག་པར་དམ་བཅའ་བ་དེ་ལྟར་འགྱུར་བ་སྲིད་དེ། བརྡེགས་པར་བཟོད་པ་མཐོང་བ་དག་གིས་ཁྱོད་ལ་རྟག་པར་འཁྲུལ་བ་སྲིད་པས་སོ། །བུམ་པ་དེ་ཡང་ཆོས་ཅན། ཁྱོད་རྟག་པ་ཡིན་པ་མི་སྲིད་དེ། སྐྱེ་བ་དང་སོགས་པ་འཇིག་པ་དང་ལྡན་པའི་ཕྱིར། མཐོང་བ་འགགས་པའི་བུམ་པ་བཞིན་ནོ། །གཞན་སེལ་གྱི་དབང་དུ་བྱས་སོ། །གལ་ཏེ་མི་རྟག་པའི་བུམ་པ་ནི་འགའ་ཡང་མེད་དེ། བུམ་པ་ཞིག་པ་དེར་ཡང་གསལ་བ་བསྐལ་པ་ཙམ་ཡིན་པའི་ཕྱིར་རོ་ཞེ་ན། རྫ་བུམ་ཆག་པའི་དུམ་བུ་ནི་ཆོས་ཅན། ཁྱོད་མི་རྟག་པ་ཡིན་པར་འཇིག་རྟེན་པ་སྨྲ་བ་ཡིན་ཏེ། བུམ་པའི་གནས་སྐབས་བཏང་ནས་བུམ་པ་དེའི་གནས་སྐབས་མིན་པར་གྱུར་པ་ཡིན་པའི་ཕྱིར། གསེར་བུམ་དེ་ཆོས་ཅན། བུམ་པ་ཉིད་ཡིན་ཏེ། ལྟོ་ལྡིར་ཞབས་ཞུམ་དེའི་གནས་སྐབས་ཅན་ཡིན་པའི་ཕྱིར། བུམ་པ་ཆག་པའི་དུམ་བུ་དེ་ནི་ཆོས་ཅན། བུམ་པ་མ་ཡིན་ཏེ། ཁྱོད་ལ་བུམ་པའི་གནས་སྐབས་ཡོད་པ་མ་ཡིན་པས་སོ། །གྲངས་ཅན་ཆོས་ཅན། སངས་རྒྱས་པས་ཞིག་པའི་ཕྱིར་རམ་ཁྱོད་ཀྱིས་བསྐལ་པའི་ཕྱིར་ཞེས་བྱ་བའི་མིང་ཐ་དད་པ་ཙམ་ལ་འདིར་མངོན་པར་ཞེན་པར་བྱ་བ་མ་ཡིན་ཏེ། ཁྱོད་ཀྱིས་བརྗོད་པའི་བསྐལ་བའི་སྒྲས་ཀྱང་ཞིག་པ་དེ་ཉིད་བརྗོད་པའི་ཕྱིར། གྲངས་ཅན་ནི་ཆོས་ཅན། རང་གི་ཚིག་དོན་གཙོ་བོ་དང་སྐྱེས་བུ་ཐ་དད་དུ་རྣམ་པར་བཞག་པ་ལ་གནོད་པ་བྱས་པ་ཡིན་ཏེ། བུམ་པ་འདིའི་དམིགས་པར་བྱ་བ་འཇིམ་པ་དང་གྱོ་མོའི་དབུས་ཀྱི་རང་བཞིན་བུམ་པའི་གནས་སྐབས་དེ་སྔོན་འཇིམ་པ་དང་ཕྱི་མ་གྱོ་མོའི་མཐར་སྣང་རུང་མ་དམིགས་བཞིན་དུ་ཡོད་དེ་ཞེས་བདེན་ཞེན་གྱིས་སྨྲ་བས་སོ། །ཐ་དད་ཀྱི་རྣམ་གཞག་མི་འདོད་ཅེ་ན། སྙིང་སྟོབས་དང་རྡུལ་དང་མུན་པ་གསུམ་ཆ་མཉམ་པའི་གཙོ་བོ་དང་སེམས་པ་ཡོད་པ་ཤེས་རིག་ནི་ཆོས་ཅན། ཕན་ཚུན་རང་བཞིན་ཐ་དད་པར་རྣམ་པར་བཞག་པར་མི་རུང་བར་ཐལ། གཅིག་ལ་གཅིག་སྣང་རུང་མ་དམིགས་པས་གཅིག་ལ་གཅིག་མེད་པར་མི་འགྲུབ་པ་དེ་ལྟར་ན་ནི་སྟེ་དེའི་ཕྱིར། ཁྱབ་པ་ཡོད་དེ། གཙོ་བོ་དང་སྐྱེས་བུ་ཐ་དད་པ་དེ་ལ་ཡང་གཅིག་ལ་གཅིག་མ་དམིགས་པ་ལས་མ་གཏོགས་པ་ཐ་དད་པར་རྣམ་པར་བཞག་པའི་རྟེན་གཞན་ནི་འགའ་ཡང་མེད་པའི་ཕྱིར། བདག་སྐྱེ་འགོག་པ་ནི། མ་དམིགས་ཀྱང་ཡོད་ན་གྲངས་ཅན་རང་ལ་གནོད་པ་དེའི་ཕྱིར་ཞོ་ལ་སོགས་པ་ནི་ཆོས་ཅན། འོ་མ་ལ་སོགས་པ་དག་ལ་ངོ་བོ་གཅིག་ཏུ་མེད་དེ། ཁྱོད་འོ་མ་དང་དངོས་པོ་གཅིག་པ་དེ་ལྟར་ཡོད་ན་དམིགས་པའི་མཚན་ཉིད་ཀྱི་གྱུར་པ་ལས་མ་དམིགས་པའི་ཕྱིར། འོ་མ་ཡང་ཆོས་ཅན། ཞོ་དེ་ལ་ངོ་བོ་གཅིག་ཏུ་མེད་དེ། ཞོ་དེ་དང་ངོ་བོ་གཅིག་ཏུ་ཡོད་པ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་བྱ་བ་འདི་ནི་རིགས་པ་ཡིན་ནོ། །ཞོ་ལ་སོགས་པ་འོ་མ་ལ་སོགས་པ་དག་ལ་དམིགས་པའི་མངོན་སུམ་མེད་ཀྱང་རྗེས་སུ་དཔག་པ་ཡོད་པ་ཉིད་དེ། ཞོ་ཆོས་ཅན། འོ་མ་དང་ངོ་བོ་གཅིག་པ་ཡིན་ཏེ། འོ་མ་ལས་འབྱུང་བའི་ཕྱིར། ཁྱབ་པ་ཡོད་དེ། བསྐྱེད་པར་མི་ནུས་པ་ལས་མི་འབྱུང་བའི་ཕྱིར་རོ་ཞེ་ན། ཞོ་དེ་ནི་ཆོས་ཅན། ཁྱོད་འོ་མ་དང་ངོ་བོ་གཅིག་ཏུ་བ་དེ་འདྲ་བའི་དངོས་པོ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་པར་ཐལ། ཁྱོད་འོ་མ་དང་ངོ་བོ་གཅིག་ཏུ་ཡོད་ན་བལྟར་རུང་བ་ཉིད་ཡིན་པ་ལས་མ་དམིགས་པའི་ཕྱིར། གལ་ཏེ་ངོ་བོ་གཅིག་ཏུ་ཡོད་ན། འོ་མ་ཆོས་ཅན། དབུས་ཀྱི་གནས་སྐབས་ཞོ་བཞིན་དུ་ཞོ་ཡི་དུས་སུ་ཡང་དམིགས་པར་འགྱུར་བར་ཐལ། ཞོ་དང་ངོ་བོ་གཅིག་པའི་ཕྱིར། ཞོ་དུས་སུ་བལྟ་རུང་བ་མ་ཡིན་གྱི་མེད་པ་ནི་མིན་ནོ་ཞེ་ན། ཞོ་དུས་ཆོས་ཅན། འོ་མ་དེའི་བདག་ཉིད་འཇིག་པ་ཡིན་པར་ཐལ། འོ་མ་དེའི་མཚན་ཉིད་སྔར་ཡོད་བཏང་བ་ཉིད་ཡིན་པའི་ཕྱིར། ཞོ་ཆོས་ཅན། འོ་མ་ལས་གཞན་ཡིན་ཏེ། འོ་མ་དང་མཚན་ཉིད་མི་མཐུན་པའི་ཕྱིར། ཁྱབ་པ་ཡོད་དེ། མཚན་ཉིད་ཐ་དད་པ་ནི་འགལ་བའི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར། ཞེས་ཡན་ལག་ཅན་འགོག་པ་ལ་སོགས་པ་རྣམས་སུ་མང་དུ་བཤད་ཟིན་ཏོ། །འོ་མ་དེ་ལས་སྐྱེས་པའི་རྟགས་ནི་ཆོས་ཅན། འོ་མ་ཞོ་དེའི་ངོ་བོར་བསྒྲུབ་པའི་རྟགས་ཡང་དག་ནི་མ་ཡིན་པར་ཐལ། རྒྱུ་འོ་མ་དེ་ཞོ་དེ་སྐྱེད་པའི་རང་བཞིན་ཡིན་པར་འགྲུབ་པར་བྱེད་ཀྱི་ཁྱོད་ཀྱིས་ཞོ་འོ་མ་དང་ངོ་བོ་གཅིག་ཏུ་བསྒྲུབ་པའི་ཁྱབ་པའི་ཚུལ་གཉིས་མེད་པའི་ཕྱིར། གལ་ཏེ་ཞོ་མེད་པའི་འོ་མ་ལས་ཞོ་སྐྱེ་ན། ཁྱོད་དང་རི་བོང་གི་རྭ་གཉིས་ཀ་ཅིའི་ཕྱིར་འོ་མ་ལས་སྐྱེ་བ་མིན་ཏེ་སྐྱེ་བར་ཐལ། ཁྱོད་དང་རི་བོང་གི་རྭ་འོ་མ་ལ་མེད་པར་ཁྱད་པར་མེད་པ་ལ་འོ་མས་བསྐྱེད་མི་བསྐྱེད་ཀྱི་ཁྱད་པར་ཅི་ཞིག་ཡོད་དེ་མེད་པའི་ཕྱིར་ཞེ་ན། འོ་མ་ཆོས་ཅན། ཞོ་བསྐྱེད་པ་ལྟར་རི་བོང་གི་རྭ་བསྐྱེད་པ་མ་ཡིན་པར་ཐལ། རི་བོང་གི་རྭ་ནི་རྒྱུའི་རང་བཞིན་ལས་ཐ་དད་པ་སྟེ་ལོག་པའི་སྒོ་ནས་ཞོ་སྐྱེད་བྱེད་དུ་བཞག་པའི་ཕྱིར། དེ་ཉིད་བཤད་པ་ནི། འོ་མ་དེའི་ངོ་བོ་ཆོས་ཅན། ཞོ་དེའི་བདག་ཉིད་མིན་ཡང་ཞོ་སྐྱེད་པར་བྱེད་ལ་རི་བོང་གི་རྭ་སྐྱེད་པར་མི་བྱེད་དེ། ཁྱོད་ཀྱིས་ཞོ་སྐྱེད་པར་བྱེད་ལ་རི་བོང་གི་རྭ་སྐྱེད་པར་མི་བྱེད་པ་གང་ཡིན་པ་དེ་ནི་ཁྱོད་ཀྱི་རང་བཞིན་ཡིན་པའི་ཕྱིར། འོ་མ་དེ་ཞོའི་རྒྱུ་ཡིན་ལ་རི་བོང་རྭའི་རྒྱུ་མ་ཡིན་པ་གང་ལས་ཤེས་ན། འོ་མ་ཆོས་ཅན། ཁྱོད་ཞོའི་རྒྱུ་ཡིན་རི་བོང་རྭ་ཡི་རྒྱུ་མིན་ཏེ། ཁྱོད་ཞོའི་རྒྱུ་ཡིན། རི་བོང་རྭའི་རྒྱུ་མ་ཡིན་པར་རང་གི་རྒྱུ་སྔ་མས་བསྐྱེད་པ་ཡིན་པའི་ཕྱིར། ཕྱི་མ་རྣམས་སྔ་མ་ལས་སྐྱེས་པའི་ཚུལ་དེ་ལྟར་ན་རྒྱུའི་རང་བཞིན་ཐོག་མ་མེད་པ་ནས་བརྒྱུད་པ་ཡིན་ནོ། །ཐོག་མེད་ནས་བརྒྱུད་པ་དེའི་ཕྱིར་འོ་མ་ཆོས་ཅན། རི་བོང་གི་རྭ་མི་སྐྱེ་སྟེ། ཁྱོད་ལ་རི་བོང་གི་རྭ་སྐྱེད་པར་བྱེད་པའི་རང་བཞིན་གྱི་རྒྱུ་ཉིད་མེད་པའི་ཕྱིར། ཞོ་སྐྱེད་པར་བྱེད་པ་ཡིན་ཏེ། གཞན་ཞོ་ལ་ནི་ཕན་འདོགས་པའི་ནུས་པ་ཡོད་པའི་ཕྱིར་རོ། །ཅི་སྟེ་ཡང་འོ་མ་དང་ཞོ་གཅིག་ཏུ་བསྒྲུབ་པའི་རྟགས་ཞོ་སྐྱེད་པར་བྱེད་པའི་ནུས་པ་ཞེས་བྱ་བ་འདི་ཅི་ཞིག ཞོ་ཡི་དངོས་པོ་དེ་ཉིད་ཡིན་ནམ་འོན་ཏེ་གཞན་ཅུང་ཟད་ཅིག་ཡིན་ཞེས་དྲིས་པ་ན། ཞོ་དེ་ཉིད་དོ་ཞེ་ན། འོ་མ་ཆོས་ཅན། ཞོ་དེ་ཁོ་ན་ལྟར་དམིགས་པར་འགྱུར་བར་ཐལ། ཞོ་དེ་དང་ངོ་བོ་ཁྱད་པར་མེད་པ་གཅིག་ཏུ་གནས་པའི་ཕྱིར། ཁྱད་པར་ཡོད་ན་ཡང་མཚན་ཉིད་མི་མཐུན་པ་ཡང་གཞན་ཡིན་ནོ་ཞེས་ལན་བརྗོད་ཟིན་ཏོ། །ཞོ་ལས་གཞན་ཡིན་ནོ་ཞེ་ན། ཞོ་སྐྱེད་བྱེད་ཀྱི་ནུས་པ་དེ་ཆོས་ཅན། ཇི་ལྟར་ཁྱོད་ཡོད་ན་ཞོ་ཡོད་པར་འགྱུར་བར་ཏེ་མི་འགྱུར་བར་ཐལ། ཞོ་ལས་རྫས་གཞན་ཡིན་པའི་ཕྱིར། གཞན་སེལ་གྱི་དབང་དུ་བྱས་སོ། །རྒྱུ་ཡོད་ན་འབྲས་བུ་ཡོད་ཅེས་འཇིག་རྟེན་ན་མཐོང་བ་མ་ཡིན་ནམ་ཞེ་ན། རྒྱུ་ལ་འབྲས་བུ་ཡི་མིང་ཉེ་བར་བཏགས་པ་ཙམ་དུ་ནི་འགྱུར་རོ། །རྒྱུ་ལ་འབྲས་བུ་ངོ་བོ་གཅིག་ཏུ་མེད་པར་བསྟན་པ་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་བསྟན་པ་ཡིན་ཏེ། ཕྱི་མ་འབྲས་བུ་ལ་རྒྱུ་ངོ་བོ་གཅིག་ཏུ་ཡོད་པ་ཡང་བསལ་བ་ཡིན་པའི་ཕྱིར། དྲི་མེད་ལེགས་བཤད་བསིལ་བའི་ཆུ་གང་ཞིག །རྣམ་དག་རིགས་པའི་རླབས་འཕྲེང་རབ་ཏུ་གཡོ། །རྟོག་གེའི་གཞུང་ལུགས་ཆུ་གཏེར་གཏིང་ཟབ་ལ། །ཐབས་ཤེས་གཉིས་ལྡན་བདག་བློའི་དེད་དཔོན་གྱིས། །རྣམ་དཔྱོད་བརྩོན་པའི་གྲུ་གཟིངས་ཕུན་ཚོགས་བཅས། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་ཏེ། །དཔལ་ལྡན་གྲགས་པའི་གསུང་རབ་གཏིང་ཟབ་ལས། །རྣམ་ངེས་གཞུང་གི་དགོངས་དོན་ནོར་བུ་རྙེད། །བསྒྲུབ་བྱ་བསྟན་ཟིན་ཏོ།།  །།རྨད་བྱུང་ཕྲིན་ལས་འོད་ཀྱི་གོས་བཟང་ཅན། །དོན་གཉིས་གྲུབ་པ་ཕུན་ཚོགས་ཟླ་བའི་གཟུགས། །ཁྲོ་རྒྱལ་མི་གཡོའི་ངག་གི་ལྷག་པའི་ལྷ། །གང་གི་ལེགས་བཤད་བསིལ་བའི་ཆུ་རྒྱུན་གྱིས། །བདག་བློའི་མཚོ་ཆེན་ཀུན་ནས་འགེང་བར་མཛོད། །ཕྱོགས་ཆོས་ཀྱི་རབ་ཏུ་དབྱེ་བས་གཏན་ཚིགས་ཀྱི་སྐབས་ཀྱི་དོན་མདོར་བསྡུས་ནས་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་དབྱེ་བ་བདེ་བླག་ཏུ་གཟུང་བའི་ཆེད་ཡོད་པའི་ཕྱིར། དེ་ལ་དབྱེ་བ་བསྟན་པ་ནི། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། ཁྱོད་ལ་མཐུན་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་གཉིས་པ་ཅན་དང་གསུམ་ཡོད་པའི་ཕྱིར། གསུམ་པོ་རེ་རེ་དག་ལ་ཡང་ཆོས་ཅན། རྣམ་པ་གསུམ་ཡོད་དེ། མི་མཐུན་ཕྱོགས་ལ་ཡང་ཡོད་པ་དང༌། མེད་པ་དང༌། རྣམ་པ་གཉིས་སུ་འཇུག་པ་རྣམས་ཡོད་པའི་ཕྱིར། དེ་ལ་ཕྱོགས་ནི་ཤེས་འདོད་ཆོས་ཅན་ཡིན་ནོ། །དབང་ཕྱུག་སྡེ་ན་རེ། དགོས་པ་དང་རྒྱུ་མཚན་མེད་པའི་ཕྱིར་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཀྱི་མིང་གིས་ཉེ་བར་བཏགས་པ་མི་བྱའོ་ཞེ་ན། ཤེས་འདོད་ཆོས་ཅན། ཁྱོད་ལ་ཕྱོགས་ཞེས་བཏགས་པ་ལ་དགོས་པ་དང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ཁྱོད་ལ་ཕྱོགས་ཞེས་བཏགས་པས་ཕྱོགས་སུ་ཉེ་བར་གདགས་རུང་གི་ཆོས་ཅན་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཕྱོགས་དེའི་ཕྱོགས་གཅིག་ཡིན་པས་སོ། །བརྒྱུད་པའི་དགོས་པ་ནི། མཐུན་དཔེ་ལ་སོགས་པ་ཆོས་ཅན་ཐམས་ཅད་ནི་ཆོས་ཚུལ་དང་པོ་ཡིན་པ་དགག་པའི་ཆེད་ཡིན་པའི་ཕྱིར། ཁྱོད་ལ་ཕྱོགས་ཞེས་བཏགས་པས་ཁྱོད་ཕྱོགས་སུ་གདགས་རུང་གི་ཆོས་ཅན་རྟོགས་པར་འགྱུར་བ་དེ་ལྟར་ཡིན་པ་དེའི་ཕྱིར། ཤེས་འདོད་ཆོས་ཅན་ཆོས་ཅན། ཁྱོད་ལ་ཕྱོགས་ཞེས་བཏགས་པས་སྒྲ་མི་རྟག་སྟེ་མིག་གི་གཟུང་བྱ་ཡིན་པའི་ཕྱིར་ཞེས་བྱའི་རྟགས་དང་ཁང་པ་ནག་པོ་ཁང་བཟང་དཀར་པོར་བསྒྲུབ་པའི་ཚུལ་དང་པོ་ཡིན་པ་སྤངས་པ་ཡིན་ཏེ། གལ་ཏེ་ཆོས་ཞེས་བརྗོད་པས་ཀྱང་ཆོས་ཅན་ཡིན་པར་གཞི་ལྟར་གྲུབ་སྟེ། ཆོས་དང་ཆོས་ཅན་འབྲེལ་པས་ཆོས་ཞེས་བརྗོད་པས་ཤུགས་ལ་ཆོས་ཅན་འགྲུབ་པའི་ཕྱིར། འགྲུབ་བཞིན་དུ་ཆོས་ཅན་ཞེས་བསྣན་ནས་སྨོས་པའི་ཤུགས་ཀྱིས་བློ་ལ་ཉེ་བ་ཡིན་པའི་ཕྱིར། ཆོས་ཅན་གྱི་ཆོས་ཞེས་བརྗོད་པའི་ཆོས་ཅན་དེ་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་འགྲུབ་བོ་ཞེ་ན། ཆོས་ཅན་དེ་ཆོས་ཅན། རྗེས་སུ་དཔག་པའི་དུས་སུ་བློ་ལ་ཉེ་བས་ཁྱོད་ཤེས་འདོད་ཆོས་ཅན་དུ་འགྲུབ་པ་མ་ཡིན་པར་ཐལ། རྗེས་སུ་དཔག་པའི་དུས་སུ་དཔེའི་ཆོས་ཅན་ཡང་བློ་ལ་ཉེ་བ་ཡིན་པའི་ཕྱིར། རྗེས་འགྲོ་སྟོན་པའི་སྒྲས་རྟགས་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པས་མཐུན་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་ཟིན་པའི་ཕྱིར། ཆོས་ཅན་གྱི་ཆོས་ཞེས་བརྗོད་པས་ཆོས་ཅན་དེ་བསྒྲུབ་བྱའི་ཆོས་ཅན་ཡིན་པར་ཡོངས་སུ་གཟུང་ངོ་ཞེ་ན། ཚུལ་དང་པོ་ཆོས་ཅན། ཁྱོད་ལ་ཕྱོགས་ཆོས་ཞེས་བསྟན་པ་ལ་དགོས་པ་ཡོད་དེ། ཆོས་ཅན་གྱི་ཆོས་ཞེས་དེ་ལྟར་བཤད་པར་བྱ་བ་ལ། དངོས་བརྒྱུད་ཀྱི་རྩོད་ལན་གྱི་འབད་པ་དེ་ནི་ཁྱོད་ལ་ཕྱོགས་ཆོས་ཞེས་བསྟན་པས་སྤངས་པ་ཡིན་པའི་ཕྱིར། སྐྱོན་སྤངས་པར་མ་ཟད་ཆོས་ཅན་གྱི་ཆོས་ཞེས་བརྗོད་པའི་ཤུགས་ཀྱིས་ཤེས་འདོད་ཆོས་ཅན་གྱི་དོན་གོ་བར་བྱེད་ན་རྟོགས་པར་དཀའ་བ་ཡིན་ལ་དེ་ཡོངས་སུ་སྤངས་པ་ཡི་ཡང་ཕྱིར་རོ། །གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་ཆོས་དེའི་ཁྱད་པར་དུ་བྱས་པ་ལ་ལྟོས་པ་ཡིན་ལ་ལྟོས་ན་གཞན་ལ་མི་འཇུག་པའི་ཕྱིར་ཐུན་མོང་མིན་པ་ཉིད་དོ་ཞེ་ན། བྱས་པ་ཆོས་ཅན། ཁྱོད་སྒྲས་ཁྱད་པར་དུ་བྱས་པས་སྒྲ་ལས་གཞན་ལ་མི་འཇུག་པ་མ་ཡིན་པར་ཐལ། དཔེར་ན་ནག་པ་འཕོང་སྐྱེན་ཞེས་བྱ་བ་ལྟ་བུར་སྒྲས་མ་འབྲེལ་བ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར་ད་ང༌། དཔེར་ན་སྲིད་སྒྲུབ་འཕོང་སྐྱེན་ཞེས་བྱ་བ་ལྟ་བུར་སྒྲས་གཞན་དང་ལྡན་པ་རྣམ་པར་གཅོད་པས་ནི་ཁྱད་པར་དུ་བྱས་པ་མིན་པའི་ཕྱིར་ཞེས་མང་དུ་བཤད་ཟིན་ཏོ། །ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་ཞེས་སོགས་ཀྱི་དངོས་ཀྱི་འབྲེལ་པ་ནི། ཕྱོགས་ཀྱི་ཆོས་དེ་ཆོས་ཅན། རྣམ་པ་གསུམ་དུ་དབྱེ་སྟེ། མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་པ་གཉིས་ཀ་ཅན་དང་གསུམ་ཡོད་པའི་ཕྱིར་རོ། །མཐུན་ཕྱོགས་ལ་ཡོད་མེད་ཆ་གཉིས་པའི་ཕྱོགས་ཆོས་ཅན་རྣམ་པ་གསུམ་པོ་དེ་ནི་ཆོས་ཅན། ཁྱོད་རེ་རེ་ལ་ཡང་རྣམ་པ་གསུམ་གསུམ་དུ་འགྱུར་ཏེ། འདི་ལྟར་ཁྱོད་དེ་རེ་རེ་ལ་ཡང་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་རྣམ་པ་གཉིས་ཀ་ཅན་རྣམས་ཡོད་པའི་ཕྱིར། མཐུན་པའི་ཕྱོགས་གང་ཞེ་ན། སྒྲུབ་ངག་བཀོད་པ་གཞིར་བཟུང་ནས་བུམ་པ་ནི་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་པའི་ཕྱོགས་ཡིན་ཏེ། དེ་སྒྲུབ་ཀྱི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པའི་ཕྱིར། འདུས་མ་བྱས་ཀྱི་ནམ་མཁའ་ནི་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་པའི་ཕྱོགས་ཡིན་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་སྤྱིས་དོན་མཐུན་པ་དེ་མེད་པ་ཡིན་པའི་ཕྱིར། ད་ནི་ཇི་ལྟར་མི་མཐུན་ཕྱོགས་དངོས་པོ་མེད་པ་ལ་རྟགས་ཡོད་དོ་ཞེས་བརྗོད་ཅེ་ན། ཤེས་བྱ་ཆོས་ཅན། བསྒྲུབ་བྱའི་ཆོས་དེ་བཀག་པ་ཙམ་ནི་མི་མཐུན་པའི་ཕྱོགས་མིན་ཏེ། འོ་ན་ཅི་ཞེ་ན། བསྒྲུབ་བྱའི་ཆོས་ལས་ལྡོག་པ་ཆོས་ཅན་མེད་པ་དང༌། མིན་པ་དེ་ཐམས་ཅད་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ནི། བསྒྲུབ་བྱའི་ཆོས་དེ་ཉིད་མིན་པའི་མཚན་ཉིད་དམ་རང་བཞིན་ཡིན་པའི་ཕྱིར། བསྒྲུབ་བྱའི་ཆོས་མེད་པ་དེ་ནི་མི་མཐུན་ཕྱོགས་སུ་བརྗོད་པར་འདོད་པའི་མཐུན་ཕྱོགས་ལས་ལྡོག་པ་གཞན་པ་དང་འགལ་བ་ཐམས་ཅད་ལ་མཚུངས་པ་ཡིན་ཏེ། བསྒྲུབ་བྱའི་ཆོས་ལྡོག་པའི་བདག་ཉིད་དུ་ཚད་མས་རྟོགས་པ་གཞན་པ་དང་འགལ་བའི་མི་མཐུན་ཕྱོགས་ཐམས་ཅད་ལ་མཚུངས་པའི་ཕྱིར། ཇི་ལྟར་རྟོགས་ཤེ་ན། མེད་པའི་མི་མཐུན་ཕྱོགས་ལ་དངོས་སམ་གཞན་པ་དང་འགལ་བ་ལ་ཤུགས་ཀྱིས་ཆོས་མེད་པར་རྟོགས་པ་ཡིན་ནོ། །ཚུལ་གསུམ་གོ་བྱེད་དུ་འགྱུར་བ་ཡོད་ཙམ་གྱིས་རུང་ངམ་ངེས་པ་ལས་ལྟོས་ཤེ་ན། ཕྱོགས་ཀྱི་ཆོས་སུ་གྲུབ་པ་དགུར་བཤད་པ་འདིའི་ནང་ནས་འདོད་པ་གསལ་བར་བྱེད་པའི་རྟགས་ཡང་དག་ནི་ཆོས་ཅན། ཇི་ལྟར་རིགས་པར་རྒོལ་བ་རང་ཉིད་ཀྱིས་བསྒྲུབ་བྱ་རྟོགས་པར་བྱེད་པའི་སྒྲུབ་པར་བྱེད་པ་དེ་ཁོ་ན་ཉིད་ཕྱོགས་ཆོས་དང་མཐུན་པའི་ཕྱོགས་ལ་ཡོད་པའི་རྗེས་འགྲོ་དང་མི་མཐུན་པའི་ཕྱོགས་ལ་མེད་པའི་ལྡོག་པ་ནི་གཏན་ཚིགས་དག་ལ་ཚད་མས་གྲུབ་པ་ཇི་ལྟ་བུ་ཕྱིར་རྒོལ་དག་གིས་ངེས་པ་བཟུང་སྟེ། རྟགས་ལ་ཐེ་ཚོམ་ཟ་བ་དང་ཁྱབ་པ་ཕྱིན་ཅི་ལོག་གི་རང་བཞིན་དུ་གྱུར་ན་རྟགས་དེ་ངེས་པའི་རྟོགས་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར། བརྡ་ཕྱིན་ཅི་ལོག་དང་བརྡ་ལ་ཐེ་ཚོམ་ཅན་གྱི་རྟོག་པ་ཅན་གྱི་སྒྲ་བཞིན་ནོ། །མི་འདོད་པ་གསལ་བར་བྱེད་པའི་འགལ་རྟགས་ཆོས་ཅན། སོགས་པ་འགལ་རྟགས་ལ་ཕྱོགས་ཆོས་དང་ཁྱབ་པ་ཕྱིན་ཅི་ལོག་ཏུ་རྒོལ་ཕྱིར་རྒོལ་གྱིས་ངེས་པ་བཟུང་སྟེ། རྟགས་ལ་ཐེ་ཚོམ་མི་ཟ་བ་དང་ཁྱབ་པ་རྣལ་མ་ངེས་པ་ནི་མི་འདོད་པ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །མ་ངེས་པའི་གཏན་ཚིགས་ལ་ནི་ཕྱོགས་ཆོས་ཉིད་ངེས་པར་བཟུང་སྟེ། ཆོས་ཅན་དང་རྟགས་མ་འབྲེལ་བ་ལས་ནི་བསྒྲུབ་བྱ་ལ་ཐེ་ཚོམ་གྱི་རྟོག་པ་སྐྱེ་མི་རུང་བའི་ཕྱིར་རོ། །འོ་ན་ཕྱོགས་གཉིས་ལ་ཡོད་མེད་དུ་ངེས་པ་ལ་ཡང་ལྟོས་དགོས་ཤེ་ན། ཤེས་བྱ་ཆོས་ཅན། མ་ངེས་པའི་གཏན་ཚིགས་རྣམས་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་ཡོད་པའམ་མེད་པ་ཉིད་དུ་ཚད་མས་ངེས་པ་ལ་ལྟོས་པ་ནི་ཡིན་ཏེ། ཕྱོགས་གཉིས་ལ་ཡོད་པར་མ་ངེས་པའི་མཉན་བྱ་དང་ཡོད་པར་ངེས་པའི་གཞལ་བྱ་ལ་ཡང་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བར་བྱེད་པ་ཉིད་ཀྱི་སྒོ་ནས་རྟགས་ཀྱི་སྐྱོན་མ་ངེས་པ་དག་ཏུ་འགྱུར་ལ། བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བར་བྱེད་པ་དེ་ནི་མ་ངེས་པ་ཐམས་ཅད་ལ་ཡང་མཚུངས་པའི་ཕྱིར། གཞལ་བྱ་རྟགས་ཡང་དག་ཏུ་འདོད་པའི་རྒོལ་བ་ལ་ཁྱབ་པ་མ་ངེས་པའི་སྐྱོན་གྱི་རྣམ་པ་དེ་ལྟ་བུ་བརྗོད་པ་ཡང་ཆོས་ཅན། འདིར་རྒོལ་བ་ལ་སུན་འབྱིན་དུ་འཇུག་པ་ཡིན་ཏེ། རྒོལ་བའི་འདོད་དོན་འགྲུབ་པའི་གེགས་བྱེད་ཀྱི་རྩོད་ངག་ཡིན་པའི་ཕྱིར། ཁྱབ་པ་གཉིས་ཀ་ལ་ཐེ་ཚོམ་ཟ་བ་མཉན་བྱའམ་ལྡོག་པའམ་རྗེས་འགྲོ་གཅིག་པུ་ལ་ཐེ་ཚོམ་ཟ་བ་ཡང་དག་ལྷག་ལྡན་ནམ་འགལ་བའི་ལྷག་ལྡན་ལྟ་བུའམ་གཅིག་རྗེས་འགྲོ་ཕྱིན་ཅི་ལོག་ཏུ་གྱུར་པའི་གཞལ་བྱ་རྣམས་ནི་ཆོས་ཅན། མ་ངེས་པའི་གཏན་ཚིགས་ལས་གཞན་རྟགས་ཡང་དག་ཏུ་འགྱུར་བ་ནི་མ་ཡིན་ཏེ། རང་གི་བསྒྲུབ་བྱ་བསྒྲུབ་པ་ཡང་མིན་ཞིང་སུན་འབྱིན་པ་ཡང་མ་ཡིན་པའི་ཕྱིར། དེར་ཐལ། ཁྱབ་པ་རྣལ་མར་ཡང་མ་ངེས། ཁྱབ་པ་ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པའི་ཕྱིར། ཁྱབ་པ་ཡོད་དེ། བསྒྲུབ་པའི་ཡན་ལག་ཁྱབ་པ་རྣལ་མར་མ་ངེས་པ་དེ་ལྟ་བུ་ལ་ནི་བསྒྲུབ་བྱ་བསྒྲུབ་པ་དང་འགོག་པའི་ནུས་པ་མེད་པ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་མ་ངེས་པར་ནི་ཁ་ཅིག་ཐུན་མོང་མིན་པ་མི་རྟོགས་པའི་རྒྱུ་ཡིན་གྱི་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནོ་ཞེས་སྨྲ་བ་དེ་དག་འགོག་པ་ནི། གཞལ་བྱ་སོགས་སུ་མ་ཟད་ཐུན་མོང་མིན་པ་མཉན་བྱ་ཡང་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་གང་ཞིག་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འཇུག་པ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བ་ཉིད་ཀྱི་ཕྱིར་རོ། །དེར་ཐལ། རྟག་མི་རྟག་གཉིས་ལས་ཕྱི་རོལ་ཏུ་གྱུར་པ་མི་སྲིད་པས་ཁྱོད་རྟག་མི་རྟག་གཉིས་ཀ་ལས་ལྡོག་པ་ངེས་པ་མི་འཐད་པའི་ཕྱིར་དང༌། རྟག་མི་རྟག་གཉིས་ལས་གཅིག་ལ་ཡང་ཡོད་པར་རྟོགས་པའི་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ། །དཔེར་ན་ལྷས་སྦྱིན་དང་མཆོད་སྦྱིན་གྱི་སྐྱེས་བུ་རྣམས་ལས་སྐྱེས་བུ་གཞན་ལས་མ་བྱུང་བར་ངེས་ཤིང་གཉིས་ཀ་ལ་མངལ་འཇོག་པའི་ཡོན་ཏན་མཚུངས་པའི་སྐྱེས་བུ་དག་ལས་སྲིད་པའི་བུད་མེད་ཀྱི་མངལ་གང་གིས་བཞག་ཐེ་ཚོམ་ཟ་བ་བཞིན་ནོ། །དེ་ལ་རྟགས་གོང་མས་ལྡོག་པ་མ་ངེས་པར་བསྟན་ལ། ཕྱི་མས་རྗེས་འགྲོ་མ་ངེས་པར་བསྟན་ཏོ། །དེ་ཉིད་ལ་སློབ་དཔོན་གྱི་ལུང་དགོད་པ་ནི། ཇི་སྐད་དུ་བསྒྲུབ་བྱའི་ཆོས་ཅན་སྒྲའི་ཆོས་ཐུན་མོང་མ་ཡིན་པ་མཉན་བྱ་གང་ཡིན་པ་དེ་ནི་ཆོས་ཅན། རྟག་མི་རྟག་གི་ཁྱད་པར་ཇི་སྙེད་ཀྱིས་ཤེས་བྱ་ཐམས་ཅད་བསྡུས་པའི་རྟག་མི་རྟག་གི་ཁྱད་པར་དེ་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ཏེ། དེ་དང་ལྡན་པ་རྟག་མི་རྟག་དེས་བསྡུས་པའི་ཕྱིར་དང༌། མཐའ་གཅིག་ཏུ་རྟག་པའམ་མི་རྟག་པར་ངེས་པ་བཟློག་པའི་ཕྱིར་ཞེས་བཤད་པ་ལྟ་བུའོ། །ལུང་གི་དོན་བཤད་པ་ནི། དེ་དང་ལྡན་པ་དེས་བསྡུས་པའི་ཕྱིར་ཞེས་བྱ་བའི་གཞུང་ཚིག་ནི་ཆོས་ཅན། དགོས་པ་ཡོད་དེ། རྟག་མི་རྟག་གཉིས་ལས་གཞན་པའི་ཕུང་གསུམ་གང་ལ་དངོས་པོའི་ཆོས་མཉན་བྱ་འདི་གནས་པར་འགྱུར་བ་རྟག་མི་རྟག་གི་རྣམ་པའི་ཁྱད་པར་དག་ལས་ཕྱི་རོལ་ཏུ་གྱུར་པ་མེད་པར་བཤད་པའི་ཕྱིར། གཅིག་ཏུ་ངེས་པ་ལྡོག་པའི་ཕྱིར་ཞེས་པའི་གཞུང་ཚིག་ནི་ཆོས་ཅན། ཁྱོད་ལ་དགོས་པ་ཡོད་དེ། མཉན་བྱ་རྟག་མི་རྟག་གཅིག་གི་དངོས་པོར་རྟོགས་པའི་སྒྲུབ་པར་བྱེད་པ་མེད་པར་བཤད་པ་ཡིན་པའི་ཕྱིར། དེ་དང་ལྡན་པ་དེས་བསྡུས་པ་དང་གཅིག་ཏུ་ངེས་པ་ལྡོག་པའི་ཕྱིར་ཞེས་པའི་གཏན་ཚིག་གཉིས་པོ་འདི་ཐུན་མོང་མིན་པའི་རྟགས་ཐེ་ཚོམ་ཟ་བའི་རྒྱུ་མཚན་གཅིག་ཏུ་བསྡུས་པ་ནི་ཆོས་ཅན། ཁྱོད་ལ་དགོས་པ་ཡོད་དེ། ཁྱོད་ཀྱིས་མཉན་བྱ་རྟག་མི་རྟག་གི་རྣམ་པའི་ཁྱད་པར་ཐམས་ཅད་ལ་ཐེ་ཚོམ་ཟ་བའི་རྟགས་སུ་བསྟན་པའི་ཕྱིར། ལྡོག་པ་ངེས་ན་སྐྱོན་ཅི་ཡོད་ཅེ་ན། མཉན་བྱ་ཆོས་ཅན། ཁྱོད་སྒྲ་ལ་རྟག་པ་དང་མི་རྟག་པའི་ཁྱད་པར་རྣམ་པར་གཅོད་པའི་གཏན་ཚིགས་ཉིད་ཡིན་པ་གང་གིས་བཟློག་སྟེ་བཟློག་མི་ནུས་པར་ཐལ། ཁྱོད་སྒྲ་ལ་རྟག་པ་དང་མི་རྟག་པ་སྒྲུབ་པའི་ལྡོག་པ་ཚད་མས་ངེས་པ་ཡིན་པའི་ཕྱིར་རོ། །ལེའུ་གཉིས་པར་བཤད་ཟིན་ཏོ། །ཡོད་པའམ་མེད་པ་ཉིད་དུ་ངེས་པ་ལ་ལྟོས་པ་ནི་མ་ཡིན་ཞེས་པ་དང༌། ཐེ་ཚོམ་ཟ་བ་ཉིད་ཀྱི་སྒོ་ནས་སྐྱོན་དུ་འགྱུར་ཞེས་པའི་གཞུང་ལས་འཕྲོས་པའི་རྩོད་པ་བརྗོད་པ་ནི། དོན་ལ་ཚུལ་གཉིས་ངེས་པའི་གཏན་ཚིགས་ལ་བློས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཡང་ཆོས་ཅན། མ་ངེས་པའི་རྟགས་མིན་པར་ཐལ། སྨྲ་བ་བོ་ཚུལ་གཉིས་བསྒྲུབ་པ་ལ་སྤོབས་པ་མེད་པའི་ཕྱིར་དང་ཁྱོད་ལས་ཉན་པ་པོ་ཐེ་ཚོམ་དུ་འགྱུར་བའི་ཕྱིར། འདོད་ན། རྟགས་དེ་ཡང་ཆོས་ཅན། མཐའ་གཅིག་ཏུ་ངེས་པར་མ་ངེས་པའི་རྟགས་ཉིད་དུ་འགྱུར་བ་ནི་མ་ཡིན་པར་ཐལ། དོན་ལ་ཁྱབ་པའི་ཚུལ་གཉིས་ངེས་པ་ཡིན་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་མ་ངེས་པ་དེའི་ངོ་བོ་ངེས་པ་ནི་རྒོལ་བས་བསྟན་པའི་ཡོན་ཏན་ཕྱོགས་གཉིས་ལ་ཡོད་མེད་དུ་ངེས་པ་ཉིད་ལས་ཡིན་པའི་ཕྱིར་རོ། །ཕྱོགས་གཉིས་ལ་ཡོད་མེད་དུ་ངེས་པ་མེད་པ་ནི་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐབས་འདིར་ཆོས་ཅན། རྒོལ་བས་ཁྱབ་པ་མ་ངེས་པར་བརྗོད་པས་ཕྱི་རྒོལ་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ན་དོན་ལ་སྐྱོན་མེད་ཀྱང་རྟགས་ཡང་དག་ཏུ་མི་འགྱུར་བར་ཐལ། རྟགས་ཀྱི་དངོས་པོ་ཡི་ཆོས་ཉིད་ལ་བརྟེན་ནས་བསྒྲུབ་པའི་སྐྱོན་བརྗོད་པར་ནི་མ་ཟད་འོན་ཀྱང་རྟགས་སྨྲ་བ་པོའི་རྟགས་ཀྱི་སྒྲ་སྐྱོན་ཡང་སྐྱོན་ཡིན་པའི་ཕྱིར། སྒྲ་སྐྱོན་ཇི་ལྟ་བུ་ཞེ་ན། ཚུལ་མ་ཚང་བ་དང་རྗེས་སུ་འགྲོ་བ་མེད་པ་དང་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་བརྗོད་པ་བཞིན་ནོ། །འདི་ནི་དཔེར་བརྗོད་གསུམ་པོ་ལ་མི་འདུ་བས་སྐྱོན་མིན་ནོ་ཞེ་ན། དོན་ལ་སྐྱོན་མེད་ཀྱང་རྒོལ་བས་ཁྱབ་པ་ཚད་མར་བརྗོད་པས་ཕྱིར་རྒོལ་ཐེ་ཚོམ་ཟ་བའི་རྟགས་ཆོས་ཅན། རྟགས་སྐྱོན་ཅན་ཉིད་ཡིན་ཏེ། རྒོལ་བ་དེས་ངེས་པར་བརྗོད་པར་བྱ་བའི་ཡོན་ཏན་ཁྱབ་པ་ངེས་པར་བརྗོད་པ་ལས་གཞན་དུ་མ་ངེས་པར་བརྗོད་པའི་རྟགས་ཡིན་པའི་ཕྱིར། འོ་ན་དོན་ལ་སྐྱོན་མེད་ཀྱང་ཕྱོགས་ཀྱི་ཆོས་ལ་ཐེ་ཚོམ་ཟ་བ་དང་རྒོལ་ཕྱི་རྒོལ་གང་ཡང་རུང་བ་ལ། མ་གྲུབ་པ་བཀོད་པ་ལ་ཡང་མ་གྲུབ་པའི་སྒོ་ནས་སྐྱོན་བརྗོད་པ་སུན་འབྱིན་པར་འགྱུར་རོ་ཞེ་ན། ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་རྟགས་སུ་འགོད་པའི་རྒོལ་བ་ལ་ཕྱོགས་ཆོས་མ་གྲུབ་པར་བརྗོད་པའི་རྩོད་པ་དེ་ནི་ཆོས་ཅན། ཕྱོགས་ཆོས་མ་གྲུབ་པ་རྟགས་སུ་སྨྲ་བའི་རྒོལ་བ་ལ་སུན་འབྱིན་དུ་འཇུག་པ་དེ་ལྟ་ཡིན་ཏེ། རྒོལ་བ་དེའི་འདོད་པ་མ་གྲུབ་པར་བྱེད་པའི་རྩོད་ངག་ཡིན་པའི་ཕྱིར། ཕྱོགས་ཆོས་མ་གྲུབ་བརྗོད་པའི་རྩོད་ངག་ཆོས་ཅན། སུན་འབྱིན་མ་ཡིན་པར་ཐལ། རྒོལ་བའི་འདོད་པ་མ་གྲུབ་པར་བྱེད་པ་ནི་མིན་པར་མ་ཟད་རྒོལ་བའི་འདོད་པ་ཕྱིན་ཅི་ལོག་ཏུ་གྲུབ་པར་བྱེད་པ་ཡང་མེད་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་ཞེ་ན། རྒོལ་བའི་འདོད་པ་ཕྱིན་ཅི་ལོག་ཏུ་གྲུབ་པར་བྱེད་པ་ཁོ་ནས་ཁྱོད་སུན་འབྱིན་དུ་འཇོག་པ་མིན་པར་ཐལ། འོ་ན་ཅི་ཞེ་ན། ཁྱོད་ཀྱིས་སྔ་རྒོལ་གྱི་སྒྲུབ་པར་བྱེད་པའི་ནུས་པ་བཅོམ་པས་ཁྱོད་སུན་འབྱིན་དུ་བཞག་པའི་ཕྱིར། གལ་ཏེ་སུན་འབྱིན་འཇུག་པ་ལ་ཕྱིན་ཅི་ལོག་ཏུ་གྲུབ་པ་དགོས་ན་དོན་ཕྱིན་ཅི་ལོག་ཏུ་གྲུབ་དགོས་སམ་ངེས་པ་ཕྱིན་ཅི་ལོག་ཏུ་གྲུབ་པ་དགོས། དང་པོ་ལྟར་ན། གཞལ་བྱ་ཉིད་ལ་སོགས་པ་དག་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སུ་དམ་བཅས་པ་ལ་ཡང་སུན་འབྱིན་མི་འཇུག་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལ་དོན་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། སོགས་པས་མ་ངེས་པ་གཞན་གསུམ་སྡུད་པ་ལ་སྡུད་ཚིག་གོ །གཉིས་པ་ལྟར་ན། མིག་གིས་གཟུང་བ་ཉིད་ལ་ཡང་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སུ་དམ་བཅས་པ་ལ་ཡང་སུན་འབྱིན་མི་འཇུག་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལ་ངེས་པ་ཕྱིན་ཅི་ལོག་ཏུ་གྲུབ་པ་ཅི་ཞིག་ཡོད་དེ་མེད་པའི་ཕྱིར་རོ། །གལ་ཏེ་རྟགས་རྒོལ་བ་གཉིས་ཀ་ལ་མ་གྲུབ་པ་ནི་ངེས་པ་ཕྱིན་ཅི་ལོག་ཡིན་ནོ་ཞེ་ན། འོ་ན་འདིར་ཡང་ཐེ་ཚོམ་ཟ་བ་དང་གང་ཡང་རུང་བ་ལ་མ་གྲུབ་པ་བཀོད་པ་ཆོས་ཅན། ངེས་པ་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་པར་ཐལ། རྟགས་རྒོལ་བ་གཉིས་ཀ་ལ་ངེས་པར་བསྟན་པར་བྱ་བ་གཉིས་ཀ་ལ་མ་ངེས་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་གཏན་ཚིགས་ཡང་དག་ཆོས་ཅན། རང་གི་བསྒྲུབ་བྱ་བསྒྲུབ་པར་འགྱུར་བ་ཡིན་ཏེ། ཕྱོགས་ཆོས་གང་ཞིག་ཁྱབ་པ་རྣལ་མར་ངེས་པའི་ཕྱིར། འགལ་བ་གཏན་ཚིགས་ཆོས་ཅན། རང་གི་བསྒྲུབ་བྱ་སུན་འབྱིན་པར་འགྱུར་བ་ཡིན་ཏེ། ཕྱོགས་ཆོས་གང་ཞིག ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱིར། མཐུན་ཕྱོགས་ལ་ཡོད་མེད་ལ་སོགས་པའི་ཕྱོགས་ཀྱི་ཆོས་རྣམ་པ་དགུར་བསྟན་པ་དེ་དག་ནི་མཐུན་ཕྱོགས་ལ་ཡོད་པ་མཐུན་པའི་ཕྱོགས་ཀྱི་སྒོ་ནས་ཕྱེ་བ་གསུམ་ནི། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན། མི་རྟག་སྟེ། བྱས་པའི་ཕྱིར། རྩོལ་བ་ལས་བྱུང་བ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། ཞེས་བྱ་བ་དང་གསུམ་ཡོད། མཐུན་ཕྱོགས་ལ་མེད་པ་མི་མཐུན་ཕྱོགས་ཀྱི་སྒོ་ནས་དབྱེ་བ་གསུམ་ནི། རྟག་སྟེ་བྱས་པའི་ཕྱིར་དང༌། གསོན་པོའི་ལུས་ནི་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་དང༌། རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར། ཞེས་བྱ་བ་ཡིན་ནོ། །མཐུན་ཕྱོགས་ལ་རྣམ་པ་གཉིས་པ་ཅན་ལ་མི་མཐུན་ཕྱོགས་ཀྱི་སྒོ་ནས་དབྱེ་བ་གསུམ་ནི། རྩོལ་བ་ལས་མ་བྱུང་བ་ཡིན་ཏེ། མི་རྟག་པའི་ཕྱིར་དང༌། མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་དང༌། རྟག་སྟེ། ལུས་ཅན་མ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཕྱི་མ་འདི་རྡུལ་ཕྲན་རྟག་པར་འདོད་པ་དང་བསྟུན་ནས་མཐུན་ཕྱོགས་ལ་རྣམ་པ་གཉིས་པར་བཞག་གོ །རེ་མིག་དགུ་ལ་རིམ་པ་བཞིན་དགོད། སྟེང་འོག་གཉིས་ལ་ཡང་དག་གཉིས། །ལོག་གཉིས་དག་ཏུ་འགལ་བའོ། །ཟུར་བཞི་རྣམས་སུ་ཐུན་མོང་ནི། །མ་ངེས་པ་དང་དབུས་སུ་ཡང༌། །ཐུན་མོང་མིན་པ་དགོད་པར་བྱ། །མི་མཐུན་པའི་ཕྱོགས་ཆོས་ཅན། ཁྱོད་ལ་ལྟོས་ནས་རྟགས་ཡོད་པའམ་མེད་པའི་དབྱེ་བ་བྱེད་པ་ཇི་ལྟར་འཐད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་དངོས་པོར་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། མེད་པ་ནི་གཞི་མ་ཡིན་པའི་ཕྱིར་རོ་ཞེ་ན། རྩོད་པ་འདི་ལ་མི་མཐུན་ཕྱོགས་ཆོས་ཅན། ཁྱོད་ལ་ཇི་ལྟར་རྟགས་འགོག་སྟེ་མི་རིགས་པར་ཐལ། དངོས་པོར་མེད་པ་ཡིན་པའི་ཕྱིར་དང༌། མི་མཐུན་པའི་ཕྱོགས་ནི། བསྒྲུབ་བྱའི་ཆོས་དེ་མིན་པའི་མཚན་ཉིད་གཞན་པ་དང་འགལ་བ་ཡང་ཡིན་ནོ་ཞེས་ལན་བཤད་ཟིན་ཏོ། །གལ་ཏེ་གཞན་པ་འདི་མི་མཐུན་པའི་ཕྱོགས་ཡིན་ན། གཏན་ཚིགས་མེད་པར་ཐལ་བར་འགྱུར་ཏེ། བུམ་པ་ལ་སོགས་པའི་མཐུན་དཔེ་ཐམས་ཅད་བསྒྲུབ་བྱའི་ཆོས་ལས་ལྡོག་པ་གཞན་དང་ལྡན་པའི་ཕྱིར་རོ་ཞེ་ན། ཤེས་བྱ་ཆོས་ཅན། གཞན་པ་མི་མཐུན་ཕྱོགས་ཡིན་པས་གཏན་ཚིགས་མེད་པར་མི་འགྱུར་བར་ཐལ། གཞན་པ་མི་མཐུན་ཕྱོགས་ཡིན་ཡང་བསྒྲུབ་བྱའི་ཆོས་ལས་ལྡོག་གཞན་ཡིན་ན་མི་མཐུན་ཕྱོགས་མིན་མི་དགོས་པའི་ཕྱིར། འཇིག་རྟེན་ན་བྲམ་ཟེ་ལས་གཞན་པ་ལ་བྲམ་ཟེ་མིན་པ་ཞེས་བརྗོད་པས་བྲམ་ཟེ་ལས་ལྡོག་གཞན་ཡིན་ན། བྲམ་ཟེ་མིན་པ་ཞེས་བྱ་བར་བརྗོད་པར་བྱ་བ་མིན་པ་བཞིན་ནོ། །བྲམ་ཟེ་ལས་ལྡོག་གཞན་ཡིན་ན་འཇིག་རྟེན་ན་ཡང་བྲམ་ཟེའི་ཁྱེའུ་དེ་ཉིད་ཆོས་ཅན། བྲམ་ཟེ་མ་ཡིན་པར་ཐལ། བྲམ་ཟེ་ལས་ལྡོག་ཆོས་གཞན་དང་འབྲེལ་བའི་ཕྱིར། འདོད་ན། བྲམ་ཟེ་ཡིན་པར་ཐལ། བྲམ་ཟེ་དེའི་རིགས་དང་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར་དང༌། ཁྱོད་བྲམ་ཟེ་མིན་པར་ནི་འཇིག་རྟེན་ན་ཡང་རྟོག་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་བྲམ་ཟེ་མིན་པར་བརྗོད་ཅེ་ན། རྒྱལ་རིགས་ཆོས་ཅན། བྲམ་ཟེ་མིན་པར་ཐལ། བྲམ་ཟེར་བརྗོད་པར་འདོད་པའི་ཆོས་མི་རྟེན་པའི་དངོས་པོ་ཡིན་པའི་ཕྱིར། བྲམ་ཟེ་ལས་གཞན་པ་ལ་བྲམ་ཟེ་མིན་པར་བརྗོད་ན་ལྡོག་གཞན་ཡིན་ན་ཡང་ཅིའི་ཕྱིར་མི་བརྗོད་ཅེ་ན། ལྷ་སྦྱིན་ཆོས་ཅན། བྲམ་ཟེ་དགག་པའི་ཡུལ་གཞན་ཡིན་ཡང་བྲམ་ཟེ་ཞེས་བརྡ་སྦྱོར་བ་ནི་བྲམ་ཟེ་ཡིན་མིན་དུ་རྣམ་པར་ཕྱེ་ནས་འཇུག་པའི་ཕྱིར་རོ། །བྲམ་ཟེ་ལས་ལྡོག་གཞན་ཡིན་ན་བྲམ་ཟེ་མིན་མི་དགོས་པར་ཐལ། གལ་ཏེ་ལྡོག་གཞན་ཡིན་ན་མི་མཐུན་ཕྱོགས་སུ་འདོད་ན། སློབ་དཔོན་ཕྱུག་སྡེ་ཆོས་ཅན། བསྒྲུབ་བྱའི་ཆོས་ལས་ལྡོག་གཞན་ཡིན་ན་མི་མཐུན་ཕྱོགས་དེ་ལྟར་དུ་ཚད་མས་རྟོགས་པ་མ་ཡིན་པར་ཐལ། དེ་ཡིན་ན་འཇིག་རྟེན་དང་འགལ་བར་མ་ཟད་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་དང་འགལ་བའི་སྐྱོན་ཡོད་པའི་ཕྱིར་ཡང་ངོ༌། །མཐུན་ཕྱོགས་ཀྱི་མཚན་ཉིད་དུ་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཚུངས་པ་ཞེས་བྱ་བ་འདི་ལ་ཁྱོད་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས་ཞེས་བྱ་བ་འདོད་དགོས་ལ། གལ་ཏེ་འདོད་པ་ཡིན་ན། སློབ་དཔོན་དབང་ཕྱུག་སྡེ་ཆོས་ཅན། མཐུན་པའི་ཕྱོགས་འགའ་ཡང་མེད་པར་འགྱུར་ཏེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཁོ་ནས་མཚུངས་པའི་རྣམ་པ་དེ་ལྟ་བུ་ནི་མི་སྲིད་པའི་ཕྱིར། བསྒྲུབ་བྱའི་ཆོས་དང་ལྡོག་གཞན་ཡིན་པས་མི་མཐུན་ཕྱོགས་སུ་འཐད་པ་མིན་པ་དེའི་ཕྱིར། བུམ་པ་ལ་སོགས་པ་ནི་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་མཐུན་པའི་ཕྱོགས་སུ་བྱེད་དེ། ཆོས་གཞན་མ་སྤངས་པ་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་མི་རྟག་པ་དང་བསྒྲུབ་འགོད་དང་མཐུན་པར་འབྲེལ་བའི་ཕྱིར། བསྒྲུབ་བྱའི་ཆོས་ལས་ལྡོག་པ་གཞན་དང་ལྡན་པའི་བུམ་པ་ལ་སོགས་པ་ཐམས་ཅད་ཆོས་ཅན། མི་མཐུན་པའི་ཕྱོགས་ཞེས་བྱ་བའི་སྒྲ་ལ་བརྟེན་ནས་ནི་ཁྱོད་མི་མཐུན་ཕྱོགས་སུ་ཚད་མས་རྟོགས་པ་ནི་རིགས་པ་མ་ཡིན་པར་ཐལ། མཐུན་ཕྱོགས་ཡིན་པ་དེས་ནའོ། །འོ་ན་མི་མཐུན་ཕྱོགས་སུ་ཅི་ལྟ་བུ་བཟུང་ཞེ་ན། འགལ་བ་དང་མེད་པའི་མི་མཐུན་ཕྱོགས་སུ་བཟུང་བ་ལ་སྐྱོན་མེད་པར་མ་ཟད། གཞན་པའི་མི་མཐུན་ཕྱོགས་ཆོས་ཅན། ཁྱོད་མི་མཐུན་ཕྱོགས་སུ་བཟུང་བ་ལ་ཡང་སྐྱོན་མེད་པར་ཐལ། བསྒྲུབ་བྱའི་ཆོས་དེས་སྟོང་པའི་ཕྱིར། ཕྱོགས་ཆོས་ཀྱི་དབྱེ་བ་བསྟན་ཟིན་ཏོ། །དགུར་ཕྱེ་བའི་དགོས་པ་འཆད་པ་ལ་ཡང་རྒྱུ་མཚན་ཅིའི་ཕྱིར་ཕྱོགས་ཀྱི་ཆོས་རྣམ་པ་དགུར་ཕྱེ་ཞེ་ན་ཞེས་པས་མཚམས་སྦྱར་ནས་རྩ་བ་སྟོན་པ་ནི། གཏན་ཚིགས་གཉིས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། རང་བཞིན་དང་འབྲས་བུ་ཡི་གཏན་ཚིགས་གོ་བྱེད་དུ་གྲུབ་པའི་དོན་དུ་བསྟན་པའི་ཕྱིར། ལྡོག་པ་འགལ་རྟགས་གཉིས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། བཟློག་ན་ཕྱིན་ཅི་ལོག་ཏུ་བྱེད་པ་ཡིན་ནོ་ཞེས་འགལ་རྟགས་གཉིས་རྟོགས་པའི་དོན་དུ་བསྟན་པའི་ཕྱིར། ཁྱད་པར་སྲོག་སོགས་དང་སྤྱི་གཞལ་བྱ་དག་ཆོས་ཅན། ཁྱོད་གཉིས་བསྟན་པ་ལ་དགོས་པ་ཡོད་དེ། ཁྱོད་གཉིས་རྩོད་པའི་གནས་ཡིན་པའི་ཕྱིར། ཕྱོགས་ཆོས་ལྷག་མ་གསུམ་པོ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། རྟགས་ཡང་དག་རྣམས་མི་མཐུན་ཕྱོགས་ལས་ལྡོག་པའི་སྒྲུབ་བྱེད་དུ་བསྟན་པའི་ཕྱིར། ཚིག་བཅད་དང་པོ་གཉིས་བཤད་པ་ནི། མི་རྟག་སྟེ་བྱས་པའི་ཕྱིར་དང་བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་བྱ་བ་གཏན་ཚིགས་གཉིས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། རང་བཞིན་དང་འབྲས་བུ་ཡི་གཏན་ཚིགས་དག་བསྒྲུབ་བྱའི་ཆོས་ལ་བདག་ཉིད་དམ་རང་བཞིན་འབྲེལ་བའི་ཕྱིར་གོ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། རྟག་སྟེ། བྱས་པའི་ཕྱིར་དང་རྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ་ཞེས་འགལ་བ་གཉིས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། རང་བཞིན་དང་འབྲས་བུ་ཡི་གཏན་ཚིགས་བཟློག་པ་ན་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། །དེ་ལ་རང་བཞིན་མཐུན་ཕྱོགས་ལ་ཁྱབ་པ་ཡིན་ལ། འབྲས་བུ་ནི་ཆ་གཉིས་པ་ཡིན་ནོ། །ཅིའི་ཕྱིར་འབྲས་བུ་མཐུན་ཕྱོགས་ལ་ཆ་གཉིས་པ་ཡིན་ཞེ་ན། རང་བཞིན་ལས་གཞན་འབྲས་བུ་རྩོལ་བྱུང་ཉན་ཤེས་ནི་ཆོས་ཅན། དུང་སྒྲ་ཐོས་པའི་ཉན་ཤེས་ལ་རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་བར་བསྒྲུབ་པའི་མཐུན་ཕྱོགས་ཐམས་ཅད་ལ་ཡོད་པ་མི་སྲིད་དེ། ཁྱོད་ཡིན་ན་རང་རྒྱུ་སྒྲ་མི་རྟག་པའི་འབྲས་བུ་ཡིན། རྒྱུ་སྒྲ་མི་རྟག་པ་འབྲས་བུ་ཁྱོད་བསྐྱེད་པ་ལ་འཁྲུལ་བའི་ཕྱིར་རོ། །འཁྲུལ་བ་དེའི་ཕྱིར། འབྲས་བུ་རྩོལ་བྱུང་ཉན་ཤེས་ནི་ཆོས་ཅན། དུང་སྒྲ་ཐོས་པའི་ཉན་ཤེས་ལ་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་བར་བསྒྲུབ་པའི་མཐུན་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་པ་ཡིན་ནོ། །ཇི་ལྟར་འཁྲུལ་ཞེ་ན། རྒྱུ་སྒྲ་མི་རྟག་པ་ཆོས་ཅན། འབྲས་བུ་རྩོལ་བྱུང་ཉན་ཤེས་བསྐྱེད་པ་ལ་འཁྲུལ་ཏེ། ཁྱོད་ཡིན་པ་ཙམ་གྱིས་ན་ཐམས་ཅད་དུ་འབྲས་བུ་བརྩལ་མ་ཐག་ཏུ་འབྱུང་བ་ཅན་གྱི་ཤེས་པ་རྩོམ་པར་ངེས་པ་མིན་པའི་ཕྱིར། དེས་ན་རྩོལ་བྱུང་ཉན་ཤེས་དེ་ནི་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་གནས་སོ། །རྩོལ་བྱུང་འབྲས་བུའི་གཏན་ཚིགས་སུ་བསྟན་པ་ལ་ཁྱབ་པ་འཁྲུལ་པར་བསམས་ནས་དཔྱོད་པ་པས་རྩོད་པ་བརྗོད་པ་ནི། བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཚད་མས་རྟོགས་ཏེ་མི་རྟོགས་པར་ཐལ། ཁྱོད་ཀྱི་རྒྱུ་སྒྲ་རྩོལ་བའི་སྔར་ན་ཡོད་པའི་རྟག་པ་ཡིན་པའི་ཕྱིར་ཞེ་ན། དུང་སྒྲ་ཐོས་པའི་ཉན་ཤེས་ནི་ཆོས་ཅན། རང་རྒྱུ་དུང་སྒྲའི་མཐུན་རྐྱེན་རྩོལ་བ་བརྩལ་མ་ཐག་ཏུ་འབྱུང་བར་རིགས་པ་མ་ཡིན་པར་ཐལ། ཁྱོད་ཀྱི་དམིགས་རྐྱེན་དུང་སྒྲ་རྩོལ་བའི་སྔར་ནས་ཡོད་པའི་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་མེད་ན། དུང་སྒྲ་དག་ཆོས་ཅན། ཁྱོད་རྟག་པ་ཡིན་ན། ཁྱོད་ཀྱི་མཐུན་རྐྱེན་རྩོལ་བ་བརྩལ་མ་ཐག་ཏུ་ཁྱོད་ཉན་པའི་ཤེས་པ་འབྱུང་བར་མི་འཐད་པར་ཐལ། ཁྱོད་རྟག་པ་ཡིན་ན་ཁྱོད་ལ་དམིགས་པའི་སྒྲིབ་བྱེད་སེལ་བ་དང༌། ཁྱོད་ཉན་པའི་དབང་པོ་དང་ཁྱོད་ལ་ཁྱོད་ཀྱི་མཐུན་རྐྱེན་རྩོལ་བས་ཕན་པ་ཉེ་བར་སྦྱོར་བ་མེད་པའི་ཕྱིར་རོ། །རྟགས་གསུམ་ཡོད་པ་ལས་དང་པོ་རྟག་པ་ལ་སྒྲིབ་བྱེད་མི་འཐད་པར་བསྟན་པ་ནི། དུང་སྒྲ་དེ་ཆོས་ཅན། ཁྱོད་མཐུན་རྐྱེན་རྩོལ་བས་ཁྱོད་ལ་དམིགས་པའི་སྒྲིབ་བྱེད་སེལ་བར་མི་འཐད་པར་ཐལ། ཁྱོད་ལ་དམིགས་པའི་སྒྲིབ་པ་སྲིད་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་རྟག་པའི་ཕྱིར། ཁྱོད་ཀྱིས་མ་མཐོང་བའི་སྒྲིབ་པ་ཡོད་ཅེ་ན། ཁོ་བོས་མ་མཐོང་བའི་སྒྲིབ་པ་འགའ་ཞིག་ཡོད་དུ་ཆུག་ཀྱང་དུང་སྒྲ་ལ་དམིགས་པའི་སྒྲིབ་བྱེད་ཆོས་ཅན། དུང་སྒྲས་དུང་སྒྲ་ཉན་པའི་ཤེས་པ་བསྐྱེད་པའི་ནུས་པ་ཁྱོད་ཀྱིས་བཟློག་པར་མི་རུང་བར་ཐལ། ཁྱོད་ཀྱིས་དུང་སྒྲ་དེའི་བདག་ཉིད་ཉམས་པར་མ་བྱས་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཡོད་དེ། སྒྲ་དེ་ལ་མི་མཐུན་པའི་ཁྱད་པར་བསྐྱེད་པ་མེད་པར་ནི་སྒྲའི་ནུས་པ་ལ་ཕན་གནོད་ཅུང་ཟད་བྱེད་པ་ཞེས་བྱ་བ་མ་ཡིན་པས་སོ། །ནུས་པ་ལ་ཕན་གནོད་ཅུང་ཟད་མི་བྱེད་ཀྱང་སྒྲིབ་བྱེད་དུ་འདོད་པ་ཡང་ཅི་འགལ་ཞེ་ན། ཇི་ལྟར་དུང་སྒྲ་ལ་དམིགས་པ་གང་གིས་སྒྲིབ་པར་བྱེད་པའམ་གཞན་འགལ་བ་དང་ཁྱད་པར་སྒྲུབ་པའི་རྐྱེན་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། དུང་སྒྲའི་ནུས་པ་ལ་ཕན་གནོད་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར། དེ་ལ་ཕ་རོལ་པོས་མཚུངས་པ་བརྗོད་པ་ནི། ནུས་པ་བཟློག་པའམ་སྒྲུབ་པ་གང་གིས་སྒྲིབ་པར་བྱེད་པར་ཁྱོད་འདོད་པའི་རྩིག་པ་ལ་སོགས་པ་ཆོས་ཅན། མིག་ཤེས་ཀྱིས་བུམ་གཟུགས་མཐོང་བའི་སྒྲིབ་བྱེད་མིན་པར་ཐལ། བུམ་པ་ལ་སོགས་པ་དག་ལ་མི་མཐུན་པའི་ཁྱད་པར་ཅི་ཞིག་བསྐྱེད་པའམ་ཕན་པའི་ཁྱད་པར་ཅི་ཞིག་ཉམས་པར་བྱས་ཏེ་མ་བྱས་པའི་ཕྱིར་ཞེ་ན། ཁྱད་པར་མི་བྱེད་ཀྱང་སྒྲིབ་བྱེད་དུ་འཐད་དོ་ཞེས་བསྟན་པ་ནི། རྩིག་སོགས་དེ་དག་ཆོས་ཅན། བུམ་གཟུགས་ལ་ཁྱད་པར་ཅུང་ཟད་བྱེད་པར་ནི་མི་སྨྲའི་འོན་ཀྱང་མིག་ཤེས་ཀྱིས་བུམ་གཟུགས་མཐོང་བའི་སྒྲིབ་བྱེད་དུ་བརྗོད་དུ་རུང་སྟེ། ཁྱོད་ཀྱི་སྟོབས་ཀྱིས་བུམ་པ་དམིགས་བྱེད་ཀྱི་ཤེས་པའི་རྒྱུ་མཚན་མ་ཚང་བས་བུམ་གཟུགས་དམིགས་བྱེད་ཀྱི་ཤེས་པ་མི་སྐྱེ་བས་སོ། །འོ་ན་རྒྱུ་མིན་པ་དང་རྒྱུ་ནི་གང༌། གེགས་བྱེད་ཚུལ་ནི་ཇི་ལྟ་བུ་ཞེ་ན། བུམ་པའི་སྐད་ཅིག་སྔ་ཕྱི་ཐམས་ཅད་ནི་ཆོས་ཅན། གང་ཟག་ཐམས་ཅད་ཀྱི་དབང་པོ་ཤེས་པའི་རྒྱུ་མ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་མ་ཡིན་པའི་ཕྱིར་རོ། །འོ་ན་རྒྱུ་ཇི་ལྟ་བུ་ཞེ་ན། ཕན་ཚུན་ལྷན་ཅིག་ཏུ་གྱུར་པའི་ཡུལ་དང་དབང་པོ་དང་སྣང་བ་དག་ཆོས་ཅན། རང་འབྲས་རྣམ་པར་ཤེས་པའི་རྒྱུ་ཡིན་ཏེ། རང་འབྲས་རྣམ་ཤེས་ལ་ནུས་པ་དངོས་སུ་འཇུག་པའི་ཕན་ཚུན་ཁྱད་པར་ཅན་གྱི་སྐད་ཅིག་གཞན་བསྐྱེད་པའི་ཕྱིར། ཇི་ལྟར་ན་ཕན་ཚུན་ཁྱད་པར་དུ་བྱེད་པ་ཡིན་ཞེ་ན། རང་འབྲས་རྣམ་ཤེས་བསྐྱེད་པ་ལ་རང་གི་སྐད་ཅིག་སྔ་མ་རྣམས་ཀྱིས་ཕན་ཚུན་ཁྱད་པར་དུ་བསྐྱེད་པ་ལ་ལྟོས་པར་མི་རུང་བར་ཐལ། རང་འབྲས་རྣམ་ཤེས་བསྐྱེད་པ་ལ་རང་གི་སྐད་ཅིག་སྔ་མ་རྣམས་ཀྱིས་ཕན་ཚུན་ཁྱད་པར་ཅན་དུ་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར། འདོད་ན། རྣམ་ཤེས་བསྐྱེད་པའི་ནུས་པའི་རང་བཞིན་ཡུལ་དབང་དང་སྣང་བ་ཕྱི་མ་རྣམས་ཆོས་ཅན། རྟག་ཏུ་རང་འབྲས་རྣམ་ཤེས་བསྐྱེད་པའམ་ཡང་ན་གཏན་ནས་མི་བསྐྱེད་པར་ཐལ་བར་འགྱུར་ཏེ། རང་འབྲས་རྣམ་ཤེས་བསྐྱེད་པ་ལ་རང་གི་སྐད་ཅིག་མ་སྔ་མ་རྣམས་ཀྱིས་ཁྱད་པར་ཅན་དུ་བསྐྱེད་པ་དེ་ལྟ་མིན་ནའོ། །དེས་ན་སྔ་མས་ཕྱི་མ་ལ་ཕན་གདགས་པར་མ་ཟད། དབང་པོ་དང་སྣང་བ་དེ་དག་ཀྱང་ཆོས་ཅན། ཡུལ་དང་ཐོགས་པར་བྱེད་པ་སྒྲིབ་བྱེད་གཞན་གྱིས་བར་དུ་མ་ཆོད་ན་རང་འབྲས་རྣམ་ཤེས་བསྐྱེད་པ་ལ་ཕན་ཚུན་ཕན་འདོགས་པ་སྲིད་པ་ཡིན་ཏེ། སྒྲིབ་པས་བར་དུ་མ་ཆོད་པའི་ཡུལ་རུང་བ་དེ་དག་གི་རང་འབྲས་རྣམ་ཤེས་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་རོ། །གེགས་བྱེད་པའི་ཚུལ་སྟོན་པ་ནི། བར་ཆོད་སྔར་ནས་ཡོད་པའི་དབང་དུ་བྱས་ན། བུམ་གཟུགས་དང་མིག་དབང་བར་དུ་སྔར་ནས་ཆོད་པའི་རྩིག་སོགས་ཆོས་ཅན། བུམ་གཟུགས་ལ་མི་མཐུན་པའི་ཁྱད་པར་མི་བསྐྱེད་ཀྱང་མིག་ཤེས་གྱི་བུམ་གཟུགས་མཐོང་བའི་སྒྲིབ་བྱེད་དུ་བརྗོད་དུ་རུང་སྟེ། བུམ་གཟུགས་དང་མིག་དབང་བར་དུ་ཁྱོད་ཡོད་ན་ཡུལ་བུམ་གཟུགས་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར། དེར་ཐལ། ཁྱོད་ཡོད་ན་བུམ་གཟུགས་འཛིན་པའི་མིག་ཤེས་ཀྱི་ལྷན་ཅིག་བྱེད་རྐྱེན་འདུས་པའི་རྒྱུ་མེད་པས་བུམ་གཟུགས་འཛིན་པའི་མིག་ཤེས་དངོས་སུ་བསྐྱེད་པར་ནུས་པའི་སྐད་ཅིག་གཞན་མི་སྐྱེ་བའི་ཕྱིར་རོ། །རམ་ནི་འདམ་ག་མཛད་པའོ། །སྒྲིབ་བྱེད་གསར་དུ་ཞུགས་པའི་དབང་དུ་བྱས་པ་ནི། ཡུལ་དབང་བར་དུ་ཆོད་བྱེད་ཀྱི་རྩིག་པ་ལ་སོགས་པ་ཆོས་ཅན། ཡུལ་དབང་བར་དུ་ཁྱོད་གསར་དུ་ཞུགས་ན་བུམ་གཟུགས་འཛིན་པའི་མིག་གི་ཤེས་པ་མི་སྐྱེ་བའི་ཕྱིར་མིག་ཤེས་ཀྱིས་བུམ་གཟུགས་མཐོང་བའི་སྒྲིབ་པར་བརྗོད་ཀྱི་མིག་ཤེས་དངོས་སུ་བསྐྱེད་པར་རུང་བའི་རྒྱུའི་གེགས་བྱེད་པར་ནི་སྒྲིབ་བྱེད་དུ་འཇོག་པ་མིན་ཏེ། མིག་ཤེས་དངོས་སུ་བསྐྱེད་རུང་དེ་ནི་ནུས་པ་ཐོགས་མེད་ཡིན་པས་རང་གི་ངོ་བོ་ནུས་ཅན་ལས་ནུས་མེད་དུ་མི་འཕོ་བའི་ཕྱིར། མིག་ཤེས་ཀྱིས་བུམ་གཟུགས་མཐོང་བའི་སྒྲིབ་པར་བརྗོད་དུ་རུང་སྟེ། བུམ་གཟུགས་དང་མིག་དབང་བར་དུ་ཁྱོད་གསར་དུ་ཞུགས་ན་བུམ་གཟུགས་འཛིན་པའི་མིག་ཤེས་ཀྱི་རྒྱུ་མ་ཚང་བས་བུམ་གཟུགས་འཛིན་པའི་མིག་གི་ཤེས་པ་མི་སྐྱེ་བའི་ཕྱིར། ཅིའི་ཕྱིར་མ་ཚང་ཞེ་ན། རྒྱུ་ཚོགས་མ་ཚང་བར་ཐལ། ཡུལ་བུམ་གཟུགས་དང་མིག་དབང་བར་དུ་ཁྱོད་ཞུགས་པའི་ཚེ་སྔར་སྐྱེས་པའི་བུམ་གཟུགས་འཛིན་པའི་མིག་ཤེས་བསྐྱེད་པའི་ནུས་པ་ངང་གིས་འགགས་པའི་ཕྱིར་དང༌། བུམ་གཟུགས་འཛིན་པའི་མིག་ཤེས་ཀྱི་ལྷན་ཅིག་འདུས་པའི་རྒྱུ་མེད་པས་སྐྱེ་བར་འདོད་པ་གཞན་རྒྱུ་ཚོགས་ཕྱི་མ་ཡང་མ་སྐྱེས་པའི་ཕྱིར། མིག་ཤེས་དངོས་སུ་བསྐྱེད་པར་རུང་བའི་རྒྱུའམ་གེགས་བྱེད་པའི་ཕྱིར་ནི་སྒྲིབ་བྱེད་དུ་འཇོག་པ་མིན་ཏེ། མིག་ཤེས་དངོས་སུ་བསྐྱེད་རུང་དག་ནི་རང་གིས་ངོ་བོ་ནུས་པ་ཅན་ལས་ནུས་མེད་དུ་མི་འཕོ་བའི་ཕྱིར་རོ། །སྒྲིབ་པས་ཁྱད་པར་མི་བྱེད་པར་བསྟན་པ་ལས་ཡང་ན་གེགས་བྱེད་པར་བསྟན་པ་ནི། དཔྱོད་པ་པ་ཆོས་ཅན། བསྒྲིབ་བྱ་རྟག་པ་ལ་ཁྱད་པར་མི་བྱེད་པས་སྒྲིབ་བྱེད་ཀྱི་དངོས་པོས་བསྒྲིབ་བྱ་ལ་ཁྱད་པར་མི་བྱེད་པར་ཚད་མས་ངེས་པ་མ་ཡིན་པར་ཐལ། བསྒྲིབ་བྱ་དང་སྒྲིབ་བྱེད་ཀྱི་དངོས་པོ་སྐད་ཅིག་མ་རྣམས་ནི་ཕན་ཚུན་ཕན་འདོགས་པ་སྲིད་པ་ཡང་ཡིན་པའི་ཕྱིར། མི་འཐད་དེ་མ་མཐོང་བས་སོ་ཞེ་ན། བསྒྲིབ་བྱ་དང་སྒྲིབ་བྱེད་ཀྱི་དངོས་པོ་ཕན་ཚུན་ཕན་འདོགས་པའི་ཚུལ་ཁྱོད་ཀྱིས་མ་མཐོང་བས་མེད་མི་དགོས་པར་ཐལ། ཁྱོད་སོ་སྐྱེ་ཐ་མལ་པ་གང་ཞིག ཐག་རིང་པོར་གནས་པའི་རྡོ་ཁབ་ལེན་གྱིས་ལྕགས་འདྲེན་པ་ལ་སོགས་པ་རྒྱུ་དང་རྐྱེན་གྱི་ནུས་པ་མཐའ་ཡས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རིང་པོར་གནས་པ་ཡང་རྒྱུ་ཡིན་པ་དེས་ན། གལ་ཏེ་དབང་པོ་དང་ཡུལ་གྱི་བར་ན་གནས་པའི་སྒྲིབ་བྱེད་རྩིག་པ་ལ་སོགས་པས་སྒྲིབ་པ་ལ་ཁྱད་པར་བྱེད་ཚུལ་རིགས་པས་གསལ་བར་བསྟན་པ་ནི། སྒྲ་དང་རྣ་དབང་བར་གྱི་སྒྲིབ་པའི་སྲབ་མཐུག་གི་བྱེ་བྲག་དག་གིས་ཆོས་ཅན། སྒྲ་དང་རྣ་དབང་དེ་གཉིས་ལ་སྒྲ་ཐོས་པའི་རྣམ་པར་ཤེས་པ་བསྐྱེད་པ་དང་མི་མཐུན་པའི་ཁྱད་པར་ཆེས་ཆེར་བྱེད་པ་ཡང་ཡིན་ཏེ། ཉན་ཤེས་ཀྱིས་སྒྲ་ལ་སོགས་པ་གསལ་བ་དང་མི་གསལ་བ་ཐོས་པའི་བྱ་བ་བྱེད་པའི་ཕྱིར། ཁྱད་པར་མི་བྱེད་པ་ཐལ་འགྱུར་གྱིས་འགོག་པ་ནི། སྒྲ་དང་རྣ་དབང་བར་གྱི་རྩིག་པ་ལ་སོགས་པ་འདི་ཆོས་ཅན། ཁྱོད་སྒྲ་དང་རྣ་དབང་འདིའི་སྒྲིབ་བྱེད་ཡིན་ཞེས་དྲུག་པའི་སྒྲས་སྒྲ་དང་རྣ་དབང་གི་སྒྲིབ་བྱེད་དུ་ཉེ་བར་བསྡུ་བ་ནི་རྣམ་པར་རྟོག་པས་སྤྲུལ་པ་ཙམ་ཉིད་དུ་འགྱུར་བར་ཐལ། རང་གི་བསྒྲིབ་བྱ་སྒྲ་དང་རྣ་དབང་ལ་ཁྱད་པར་བྱེད་པ་དེ་ལྟ་མ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། བསྒྲིབ་བྱ་གང་ལའང་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པ་ནི་སྒྲིབ་བྱེད་དུ་ཡོད་ཀྱང་མེད་པ་དང་མཚུངས་པའི་ཕྱིར་རོ། །འདོད་ན། དངོས་པོ་ལ་བརྟེན་པའི་སྒྲིབ་པ་ནི་མ་ཡིན་པར་ཐལ། ཁྱོད་སྒྲིབ་བྱེད་དུ་རྟོག་པས་སྤྲུལ་པ་ཙམ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། སྒྲིབ་བྱེད་དུ་སྒྲོ་བཏགས་པའི་རྗེས་སུ་བྱེད་པ་ཅན་གྱི་སྒྲིབ་པའི་དོན་བྱེད་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར། སྒྲིབ་བྱེད་དུ་སྒྲོ་བཏགས་པས་སྒྲིབ་བྱེད་དུ་ཇི་ལྟར་མི་འགྱུར་ཞེ་ན། བློ་གསལ་བའི་རྒྱུ་མཚན་གྱིས་མེར་སྒྲོ་བཏགས་པའི་བྲམ་ཟེའི་ཁྱེའུ་ཆོས་ཅན། མེ་ཡིན་པར་ཐལ། མེར་ཉེ་བར་སྒྲོ་བཏགས་པས་སོ། །འདོད་ན་མ་ཡིན་པར་ཐལ། འཚེད་པ་ཉེ་བར་སྒྲུབ་པར་བྱེད་པར་མི་འགྱུར་བས་སོ། །དཔྱོད་པ་བ་ཆོས་ཅན། སྒྲིབ་བྱེད་དུ་སྒྲོ་འདོགས་པའི་རྟོག་པ་དེ་ཡོད་ཀྱང་རྟོག་པ་དེས་དངོས་པོ་རྣམས་སྒྲིབ་བྱེད་དུ་འགྱུར་བ་མིན་པར་ཐལ། དངོས་པོ་རྣམས་རྟོག་པའི་རྗེས་སུ་མི་བྱེད་པ་དེའི་ཕྱིར། འོ་ན་ཅི་ཞེ་ན། རང་རང་གི་ངོ་བོ་ཇི་ལྟ་བ་བཞིན་དོན་བྱེད་པར་གནས་པ་ཉིད་དོ། །དེས་ན་རྣ་བའི་དབང་པོ་དང་སྒྲ་ལ་སོགས་པ་ཆོས་ཅན། སྒྲིབ་བྱེད་ཀྱི་དངོས་པོས་བསྒྲིབ་བྱ་ལ་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པ་མིན་པར་ཐལ། བར་དུ་སྒྲིབ་པ་ཡོད་ཀྱང་ཁྱོད་ཀྱིས་རང་འབྲས་རྣམ་པར་ཤེས་པ་བསྐྱེད་པར་ཐལ་བར་འགྱུར་ན་དེ་ལྟར་ཡང་མིན་པས་སོ། །རྒྱུ་མཚན་དེའི་ཕྱིར། སྒྲིབ་བྱེད་དེ་བསྒྲིབ་བྱ་ལ་ཁྱད་པར་བྱས་པར་ཚད་མས་རྟོགས་པ་ཡིན་ནོ། །སྒྲིབ་བྱེད་སེལ་བར་མི་འཐད་པ་བསྟན་ཟིན་ཏོ། །རྩོལ་བས་སྒྲ་རྟག་པ་ལ་ཕན་མི་གདགས་པར་བཤད་པ་ནི། དུང་སྒྲ་ལ་སོགས་པ་རྣམས་ནི་ཆོས་ཅན། མི་རྟག་པ་ལ་ཉམས་པ་དང་སྐྱེ་བ་ཡོད་པ་དེ་ལྟར་དུ་འགལ་རྐྱེན་འགའ་ཞིག་ཡོད་ན། ཁྱོད་ཀྱི་ཁྱད་པར་ཉམས་པའམ་ཁྱོད་ཀྱི་མཐུན་རྐྱེན་ལས་ཁྱོད་ཀྱི་ནུས་པ་སྐྱེ་བ་མ་ཡིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། གལ་ཏེ་སྒྲ་རྟག་པ་དེ་དག་ཤེས་པ་བསྐྱེད་པའི་རང་བཞིན་ཡིན་ན། གང་ཟག་ཐམས་ཅད་ལ་དུས་ཐམས་ཅད་ཀྱི་ཚེ་རང་གི་ཡུལ་ཅན་ཤེས་པ་ཐམས་ཅད་བསྐྱེད་པར་ཐལ། རྟག་པ་གང་ཞིག རང་འབྲས་ཤེས་པ་བསྐྱེད་པ་དེས་ནའོ། །དུས་ཐམས་ཅད་ཀྱི་ཚེ་མི་བསྐྱེད་དོ་ཞེ་ན། འོ་ན་དུས་ནམ་ཡང་གང་ཟག་གང་ལ་ཡང་རང་འབྲས་ཤེས་པ་འགའ་ཡང་བསྐྱེད་པ་མ་ཡིན་པ་ཞེས་བྱ་བ་འདི་ནི་མཐའ་གཅིག་ཏུ་ངེས་པ་ཡིན་པར་ཐལ། རྟག་པ་གང་ཞིག་རང་འབྲས་ཤེས་པ་བསྐྱེད་པ་དེ་ལྟ་མིན་ནའོ། །འདི་སྙམ་དུ་སྒྲིབ་པས་སྒྲའི་ནུས་པ་བཟློག་པའི་ཕྱིར་སྒྲ་ཐམས་ཅད་མ་ཐོས་པ་ནི་མིན་གྱི་འོན་ཀྱང་སྒྲ་དེ་དག་རྟོགས་པ་ལ་དབང་པོ་ལ་ཕན་འདོགས་པའམ་གཞན་སྒྲ་ལ་ཕན་འདོགས་ཡང་རུང་སྒྲ་སོ་སོ་ལ་ལྷན་ཅིག་བྱེད་པའི་རྐྱེན་སོ་སོར་ངེས་པ་ཅུང་ཟད་ཡོད་པ་ཡིན་ལ། ལྷན་ཅིག་བྱེད་པའི་རྐྱེན་སོ་སོ་བ་དེ་དུས་རེས་འགའ་སྒྲ་འགའ་ཞིག་ལ་ཉེ་བར་འགྱུར་བའི་ཕྱིར། སྒྲ་འདི་དག་ནི་དུས་རེས་འགའ་ཡུལ་འགའ་ཞིག་ཏུ་ཉན་ཤེས་ཀྱིས་ཐོས་པ་ནི་རྐྱེན་སོ་སོ་བ་དེས་བྱས་པ་ཡིན་ནོ་སྙམ་ན། སངས་རྒྱས་པ་ཁོ་བོ་ཅག་རྒྱུ་རྣམས་ཀྱི་ལྷན་ཅིག་བྱེད་པ་སྤོང་བ་ནི་མ་ཡིན་ཏེ། འོན་ཀྱང་མྱུ་གུ་ལ་སོགས་པའི་རྒྱུ་རྣམས་ནི་ཆོས་ཅན། ཁྱོད་ཀྱིས་རང་གི་འབྲས་བུ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་མེད་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་རང་གི་འབྲས་བུ་བསྐྱེད་པ་ལ་ལྷན་ཅིག་བྱེད་རྐྱེན་དེའི་གནས་སྐབས་ཀྱི་ཕན་འདོགས་པའི་དོན་ལ་ལྟོས་པ་ཉིད་ཡིན་པའི་ཕྱིར། དེར་ཐལ། རང་གི་ལྷན་ཅིག་བྱེད་རྐྱེན་དེ་ལས་ཁྱད་པར་ཐོབ་པ་དག་གིས་རང་གི་འབྲས་བུ་ལ་ཕན་པ་ཉེ་བར་སྦྱོར་བའི་ཕྱིར་རོ། །གལ་ཏེ་སྒྲ་ཡང་ཆོས་ཅན། རྒྱུས་འབྲས་བུ་བསྐྱེད་པ་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་པ་དེ་བཞིན་དུ་ཁྱོད་ཀྱིས་རྐྱེན་འགའ་ཞིག་ལ་ལྟོས་ནས་རང་གི་འབྲས་བུ་བྱེད་ན་ནི་བྱེད་ལ་རག་སྟེ། རྐྱེན་ལ་ལྟོས་ནས་རང་གི་འབྲས་བུ་བསྐྱེད་པ་ནི་འཐད་པའི་ཕྱིར། སྔར་གྱི་རང་བཞིན་ལ་ངེས་པ་ཞེས་བྱ་བའི་རྟག་པ་དེ་ལྟར་དུ་ནི་མི་འགྱུར་བར་ཐལ། ཁྱོད་ཀྱི་སྔར་གྱི་རང་བཞིན་དེ་ནི་ཉམས་པའི་ཕྱིར་རོ། །དེར་ཐལ། ལྟོས་པར་བྱ་བའི་རང་གི་མཐུན་རྐྱེན་རྩོལ་བའམ་རྩོལ་བས་ལེགས་པར་བྱས་པའི་དབང་པོའམ་གཞན་དབང་དོན་ཕྲད་པ་ལས་སྔར་གྱི་རང་བཞིན་ལས་གཞན་པའི་རང་འཛིན་ཉན་ཤེས་བསྐྱེད་པའི་ནུས་པ་གསར་དུ་ཐོབ་པའི་ཕྱིར། རྩོལ་བས་སྔར་ཡོད་གསལ་བར་བྱེད་པ་ཡིན་གྱི་སྒྲ་ལ་ཕན་འདོགས་པ་ནི་མིན་ཞེ་ན། དུང་སྒྲ་ནི་ཆོས་ཅན། ཁྱོད་ཀྱིས་རང་འཛིན་ཉན་ཤེས་བསྐྱེད་པ་ལ་རང་གི་མཐུན་རྐྱེན་རྩོལ་བས་ཕན་འདོགས་པ་ལ་ལྟོས་པར་བྱ་བ་མ་ཡིན་པར་ཐལ། ཁྱོད་ཀྱིས་རང་འབྲས་ཉན་ཤེས་བསྐྱེད་པ་ལ་རང་གི་མཐུན་རྐྱེན་རྩོལ་བས་ཕན་འདོགས་པ་མིན་པའི་ཕྱིར་ཞེས་བྱ་བ་དང༌། ཕན་པ་དོན་གཞན་དུ་འདོད་ན། སྒྲའི་ཕན་པ་ཆོས་ཅན། སྒྲ་དེའི་ཕན་པ་ཞེས་སྒྲ་ལ་འབྲེལ་བ་ཡང་མེད་པར་ཐལ། སྒྲ་ལས་དོན་གཞན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དང༌། སོགས་པ་ཐུག་པ་མེད་པར་ཐལ་བ་ལ་སོགས་པ་ཡང་ལེའུ་གཉིས་པར་བཤད་ཟིན་ཏོ། །སྒྲ་དེ་ཆོས་ཅན། རང་འཛིན་ཉན་ཤེས་ཀྱི་ཤེས་བྱའམ་དམིགས་རྐྱེན་མིན་པར་ཡང་ཐལ་བར་འགྱུར་ཏེ། རང་གི་ཕན་པ་རང་ལས་དོན་གཞན་ཉིད་ལས་རང་འཛིན་ཤེས་པ་སྐྱེ་བའི་ཕྱིར་རོ། །རྐྱེན་ལ་ལྟོས་པ་ལ་མི་རྟག་པས་ཁྱབ་པ་དེའི་ཕྱིར་དཔྱོད་པ་པས་རྟག་པར་ཁས་བླངས་པའི་སྒྲ་འདི་ནི་ཆོས་ཅན། དབང་པོའམ་ཕྲད་པའམ་གང་ཟག་བདག་གམ་གཞན་ཡང་རུང་སྟེ་རང་གི་ཤེས་པ་བསྐྱེད་པ་ལ་རང་འབྲས་ཤེས་པ་བསྐྱེད་པའི་རྐྱེན་འགའ་ཞིག་ལ་ལྟོས་པ་ནི་མིན་པར་ཐལ། རང་གི་རྐྱེན་ཐམས་ཅད་ཀྱིས་རང་འབྲས་ཤེས་པ་བསྐྱེད་པ་ལ་ཕན་པ་ཅུང་ཟད་ཀྱང་མི་བྱེད་པ་དེའི་ཕྱིར་རོ། །རྟགས་ཁས་བླངས་སོ། །རྟག་པ་རྐྱེན་ལ་ལྟོས་པ་བཀག་པ་འདིས་ནི་ཆོས་ཅན། རྩོལ་བས་སྒྲ་རྟག་པ་ལ་ཉན་པའི་དབང་པོ་དང་སྒྲ་རྟག་པ་ལ་ཕན་པ་ཉེ་བར་སྦྱོར་བའི་ཕྱིར་རམ་རྒྱུ་མཚན་གྱིས་རྩོལ་བ་འབྲས་བུ་དང་བཅས་པར་འདོད་པ་ཡང་བསལ་བ་ཡིན་ཏེ། རྩོལ་བས་སྒྲ་རྟག་པ་ཉན་པའི་དབང་པོ་དང་སྒྲ་རྟག་པ་ལ་ཕན་པ་སྦྱོར་བ་བཀག་པའི་ཕྱིར། སྒྲ་རྟག་པ་ལ་ཕན་མི་འདོགས་པ་བཤད་ཟིན་ཏོ། །དབང་པོ་ལ་ཕན་མི་འདོགས་པར་བཤད་པ་ལ་ཕྱོགས་སྔ་མ་ནི། སྒྲ་ལ་ཕན་མི་འདོགས་ཀྱང་དབང་པོ་ལ་ཕན་འདོགས་སོ་ཞེ་ན། རྩོལ་བ་ཆོས་ཅན། ཁྱོད་སྒྲའི་འབྲས་བུ་ཉན་ཤེས་བསྐྱེད་པ་དེའི་ལྷན་ཅིག་བྱེད་རྐྱེན་དུ་འདོད་པ་དེ་ཡང་བསལ་བ་ཡིན་ཏེ། ཁྱོད་ཀྱིས་ཉན་ཤེས་ཀྱི་བདག་རྐྱེན་དབང་པོ་ལ་ཕན་བཏགས་པས་ཀྱང་སྒྲའི་འབྲས་བུ་ཉན་ཤེས་བསྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་དུ་འགྱུར་ན། སྒྲས་ཉན་ཤེས་བསྐྱེད་པ་ཁྱོད་ལ་ལྟོས་པ་མེད་པའི་ཕྱིར། རྟགས་ཁས་བླངས། རྟག་པ་རྐྱེན་ལ་མི་ལྟོས་པ་དེའི་ཕྱིར་ཉན་ཤེས་ཀྱིས་དམིགས་པར་བྱ་བའི་རང་བཞིན་སྒྲ་དེ་ཆོས་ཅན། རྟག་ཏུ་ཉན་ཤེས་ཀྱིས་དམིགས་པར་ཐལ། རང་གི་སྔར་གྱི་རང་བཞིན་ལས་མ་འཕོས་པར་རྟག་ཏུ་ཉན་ཤེས་ཀྱི་ཐོས་བྱར་གནས་པའི་ཕྱིར། སྒྲ་རྟག་ཀྱང་ནུས་པ་མི་རྟག་པས་རྟག་ཏུ་དམིགས་པར་ཐལ་བའི་སྐྱོན་མེད་དོ་ཞེ་ན། སྒྲ་དེ་ཆོས་ཅན། ཁྱོད་ཀྱི་ནུས་པ་དེ་རྟག་པར་འགྱུར་བ་ཡིན་པར་ཐལ། རང་གི་མཐུན་རྐྱེན་འགའ་ཞིག་ལས་རང་འཛིན་ཉན་ཤེས་བསྐྱེད་པའི་ནུས་པ་འཐོབ་པ་ཡིན་པའམ་རང་གི་འགལ་རྐྱེན་ལས་ནུས་ལ་ཉམས་པར་མི་འགྱུར་བ་དེ་ལྟར་ན་སྟེ་དེའི་ཕྱིར་རོ། །ཁྱབ་པ་ཡོད་དེ། ཁྱོད་ཀྱིས་རང་འཛིན་ཤེས་པ་བསྐྱེད་པའི་ནུས་པ་ཁྱོད་ལས་དོན་གཞན་མིན་པའི་ཕྱིར། དོན་གཞན་ཡིན་ནོ་ཞེ་ན། དོན་གཞན་མིན་པར་ཐལ། དོན་གཞན་ཡིན་ན་ཡང་ཐུག་པ་མེད་པ་ལ་སོགས་པའི་སྐྱོན་དུ་གྱུར་བའི་ཕྱིར། རྩོལ་བྱུང་འབྲས་བུ་ཡི་གཏན་ཚིགས་ཀྱི་ཁྱབ་པ་འཁྲུལ་པའི་རྩོད་པ་སྤངས་ཟིན་ཏོ། །ཕྱོགས་ཆོས་མ་གྲུབ་པའི་རྩོད་པ་སྤང་བ་ལ་ཕྱོགས་སྔ་མ་ནི། རྩོལ་བྱུང་འབྲས་བུ་ཡི་གཏན་ཚིགས་ཀྱིས་དུང་སྒྲ་འཛིན་པའི་ཉན་ཤེས་རྩོལ་བྱུང་དུ་མི་གྲུབ་བོ་ཞེ་ན། དུང་སྒྲ་འཛིན་པའི་ཉན་ཤེས་འདི་ཆོས་ཅན། རང་རྒྱུ་རྩོལ་བ་ལས་བྱུང་བར་ཐལ། ཁྱོད་རང་རྒྱུ་རྩོལ་བ་མ་བརྩམས་པ་དང་རང་རྒྱུ་རྩོལ་བ་ཆད་པ་ན་ནི་ནམ་ཡང་མ་དམིགས་པའི་ཕྱིར། རྒྱུ་མཚན་དེས་ན་དུང་སྒྲའི་མཐུན་རྐྱེན་རྩོལ་བ་འདི་ཆོས་ཅན། དུང་སྒྲ་འཛིན་པའི་ཉན་ཤེས་དེའི་བདག་ཉིད་ལ་ཕན་པ་ཅུང་ཟད་བྱེད་པར་ཚད་མས་རྟོགས་པ་ཡིན་ཏེ། དུང་སྒྲ་འཛིན་པའི་ཉན་ཤེས་ལ་ཕན་འདོགས་པར་བྱེད་པ་པོའི་ཆོས་སུ་ཚད་མས་མཐོང་བའི་ཕྱིར་རོ། །དུང་སྒྲའི་མཐུན་རྐྱེན་རྩོལ་བ་བརྩལ་མ་ཐག་ཏུ་བྱུང་བའི་དུང་སྒྲ་འཛིན་པའི་ཤེས་པ་ཆོས་ཅན། རང་རྒྱུ་སྒྲ་མི་རྟག་པའི་རང་བཞིན་ཅན་གྱི་འབྲས་བུར་འགྲུབ་སྟེ། རང་རྒྱུ་སྒྲ་མི་རྟག་པས་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་འགྲོ་ལྡོག་བྱེད་པ་དེའི་ཕྱིར། རྩོལ་བྱུང་འབྲས་བུ་ཡི་གཏན་ཚིགས་ཀྱི་ཁྱབ་པ་དང་ཕྱོགས་ཆོས་བསྒྲུབ་པ་རྒྱས་པར་བསྟན་ཟིན་ཏོ། །ཚིགས་སུ་བཅད་པས་སྡུད་པའི་བཤད་པ་ནི། དུང་སྒྲ་ཆོས་ཅན། ཁྱོད་ཉན་པའི་ཤེས་པ་ནི། ཁྱོད་ཀྱི་མཐུན་རྐྱེན་རྩོལ་བ་བརྩལ་མ་ཐག་ཏུ་འབྱུང་བར་ངེས་པ་ཡིན་པར་ཐལ། ཁྱོད་རྩོལ་བའི་སྔར་ནས་ཡོད་པའི་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཁྱོད་རྟག་པ་ཡིན་ན་ཁྱོད་ཀྱི་མཐུན་རྐྱེན་རྩོལ་བས་ཁྱོད་ལ་དམིགས་པའི་སྒྲིབ་བྱེད་སེལ་བ་དང་ཁྱོད་ཉན་པའི་དབང་པོ་དང་རང་གི་ངོ་བོ་རྣམ་པ་ཀུན་ཏུ་ཕན་པ་ཉེ་བར་སྦྱོར་བ་མེད་པའི་ཕྱིར། ཁྱབ་པ་མེད་ན། དུས་རེས་འགའི་ཚེ་འབྲས་བུ་མི་བྱེད་པར་འགལ་བར་ཐལ། རྐྱེན་ལས་ལྟོས་པ་མེད་པར་འབྲས་བུ་བྱེད་པའི་ཕྱིར། རྩོལ་བས་བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་འདི་འདྲ་བ་ཆོས་ཅན། དུང་སྒྲ་འཛིན་པའི་ཤེས་པ་ལ་རང་རྒྱུ་སྒྲ་མི་རྟག་པ་དེ་སྔོན་དུ་སོང་བར་བསྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག མཐུན་དཔེའི་སྟེང་དུ་རང་རྒྱུ་སྒྲ་རེས་འགའ་བའི་འབྲས་བུར་ཚད་མས་གྲུབ་པས་སོ། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །རྟགས་ཀྱི་ངོ་བོ་ལ་རྩོད་པ་སྤངས་པ་བསྟན་ཟིན་ཏོ། །དཔེར་བརྗོད་པའི་དགོས་པ་བསྟན་པ་ནི། རྩོལ་བྱུང་གི་དཔེས་གཉིས་ཀ་བསྟན་པར་ནུས་པ་མིན་ནམ་ཅིའི་ཕྱིར་བྱས་པ་ལ་ལོགས་ཤིག་ཏུ་རང་བཞིན་རྟགས་ཀྱི་དཔེར་བརྗོད་མཛད་ཅེ་ན། རྩོལ་བྱུང་གི་དཔེར་བརྗོད་པ་འདི་ཉིད་ཀྱིས་གཏན་ཚིགས་གཉིས་ཀྱི་མཚན་ཉིད་ཀྱི་ཡུལ་མཚན་གཞི་བསྟན་པ་ཡིན་ཡང་འབྲས་བུ་ཡི་དཔེར་བརྗོད་པ་ལས་རང་བཞིན་ལ་ལོགས་ཤིག་ཏུ་དཔེར་བརྗོད་བྱས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། གཏན་ཚིགས་ཐམས་ཅད་མཐུན་ཕྱོགས་ལ་ཆ་གཉིས་པ་དེའི་བདག་ཉིད་དུ་རྟོགས་པར་མི་འགྱུར་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་དོན་རང་དོན་ལེའུར་བཤད་ཟིན་པ་མ་ཡིན་ནམ་ཅིའི་ཕྱིར་སླར་ཡང་འདིར་འཆད་ཅེ་ན། གཏན་ཚིགས་ཀྱི་དོན་རང་དོན་དུ་བཤད་ཀྱང་གཞན་དོན་རྗེས་སུ་དཔག་པར་གཏན་ཚིགས་ཀྱི་དབྱེ་བ་བརྗོད་པའི་དབང་དུ་བྱས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། མཐུན་ཕྱོགས་ལ་ཁྱབ་བྱེད་དང་ཆ་གཉིས་པ་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེས་ན་གཞན་དོན་འདིར་དབྱེ་བ་ཙམ་ཞིག་བཤད་དེ། མཚན་ཉིད་ནི་རང་དོན་དུ་བཤད་པ་དེ་ཉིད་ཡིན་ནོ། །འབྲས་བུ་ཡི་གཏན་ཚིགས་ཀྱི་དཔེར་བརྗོད་པ་འདིས་ནི་ཆོས་ཅན། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་བརྟེན་པའི་རང་བཞིན་གྱི་གཏན་ཚིགས་ཀྱང་བཤད་པར་རིག་པར་བྱ་སྟེ། མཐུན་ཕྱོགས་ལ་ཆ་གཉིས་པའི་རང་བཞིན་གྱི་གཏན་ཚིགས་བསྟན་པའི་ཕྱིར། བསྟན་པ་དེ་ཉིད་ཀྱིས་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། མཐུན་ཕྱོགས་ལ་ཆ་གཉིས་པའི་གཏན་ཚིགས་གཉིས་ཀྱི་དཔེར་བརྗོད་པ་ཡང་འདྲ་བར་གསུངས་ཏེ། རྩོལ་བས་བརྩལ་མ་དག་ཏུ་བྱུང་བའི་དམིགས་རྐྱེན་རྩོལ་སྒྲ་གསལ་བའི་ཤེས་པ་འབྲས་བུའི་གཏན་ཚིགས་དང་རྩོལ་བ་ལས་སྐྱེ་བ་རང་བཞིན་གྱི་གཏན་ཚིགས་དག་ལ་ཐུན་མོང་དུ་བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་དེ་ལྟར་དཔེར་བརྗོད་པར་མཛད་པའི་ཕྱིར་རོ། །གཏན་ཚིགས་གཉིས་པོའི་དཔེར་བརྗོད་ཀྱི་དགོས་པ་ལ་གཉིས་ལས། དང་པོ་དངོས་བསྟན་ཡོངས་གཅོད་ཀྱི་དགོས་པ་ནི། ཕྱོགས་ཆོས་རབ་དབྱེའི་སྐབས་སུ་འབྲས་རང་གཉིས་པོ་དེའི་དཔེར་བརྗོད་རབ་ཏུ་ཕྱེ་བ་ཆོས་ཅན། དགོས་པ་ཡོད་དེ། འབྲས་བུ་ཡི་ཡོད་པ་གང་རྒྱུ་མེད་ན་མི་འབྱུང་བའམ་རང་གི་བདག་ཉིད་བསྒྲུབ་བྱའི་ཆོས་དང་དབྱེར་མེད་པ་ཅན་གྱི་གཏན་ཚིགས་གང་ཡིན་པ་དེ་ནི་བསྒྲུབ་བྱའི་ཆོས་དེ་དང་འབྲེལ་བ་གཉིས་ཀྱིས་འཁྲུལ་བར་མི་འགྱུར་ཞེས་ཤེས་པར་བྱའི་དོན་དུའམ་ཆེད་ཡིན་པའི་ཕྱིར། རྣམ་གཅོད་ཀྱི་དགོས་པ་ནི་ལྡན་པ་ཅན་མེ་ལ་དུ་བ་ལྟ་བུའམ་སོགས་པ་འདུ་བའི་འབྲེལ་བ་གྲུབ་པར་རིགས་པ་ཅན་པས་སྒྲོ་བཏགས་པའི་རྟགས་གང་དག་ཆོས་ཅན། གཏན་ཚིགས་ཡང་དག་མིན་ཏེ། བསྒྲུབ་བྱའི་ཆོས་ལ་བདག་གཅིག་དེ་བྱུང་དེ་འདྲའི་འབྲེལ་བ་ཡོད་པ་མིན་པས་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དེ་དག་ལ་འཁྲུལ་པ་སྲིད་པའི་ཕྱིར་ཞེས་རྩ་ཚིག་གི་ཤུགས་ལ་བཤད་པ་ཡིན་ནོ། །འབྲེལ་པ་ཡོད་ཅེ་ན། རིགས་པ་ཅན་པ་ཆོས་ཅན། འབྲེལ་པ་ཡོད་པ་ཡིན་ན་ཡང་འབྲེལ་བ་དེ་ཉིད་ལས་རྟགས་ཡང་དག་རྣམས་བསྒྲུབ་བྱ་རྟོགས་པར་བྱེད་པའི་སྒྲུབ་བྱེད་ཡིན་ཏེ། བསྒྲུབ་བྱ་གོ་བྱེད་དུ་ངེས་པ་ནི་བསྒྲུབ་བྱའི་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པ་ལས་ཡིན་གྱི་བསྒྲུབ་བྱའི་ཆོས་དང་འབྲེལ་པ་ངེས་པ་མེད་ན་སྒྲུབ་བྱེད་རྟགས་ཡང་དག་མིན་པའི་ཕྱིར། གལ་ཏེ་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་མི་དམིགས་པ་འགའ་ཞིག་ཀྱང་འབྲས་རང་གཉིས་ལས་གཞན་པའི་གཏན་ཚིགས་གསུམ་པ་མ་ཡིན་ནམ། དེ་ཅིའི་ཕྱིར་ཕྱོགས་ཆོས་རབ་དབྱེར་དཔེར་མ་བརྗོད་ཅེ་ན། རང་བཞིན་མ་དམིགས་པའི་རྟགས་དེ་ཡང་ཆོས་ཅན། རང་བཞིན་གྱི་རྟགས་དཔེར་བརྗོད་པས་ཁྱོད་ཤུགས་ལ་དཔེར་བརྗོད་པ་ཁོ་ན་སྟེ། ཁྱོད་རང་བཞིན་གྱི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པའི་ཕྱིར། འདུས་ཚུལ་འདི་ལྟར། བུམ་པ་དམིགས་རུང་མེད་པ་དག་ལ་ནི་ཆོས་ཅན། ལྟོ་ལྡིར་བ་སྣང་རུང་མ་དམིགས་པ་ལས་གཞན་པའི་ཁྱོད་ཀྱི་དོན་ཚད་མས་མ་དམིགས་ཏེ། ལྟོ་ལྡིར་བ་སྣང་རུང་མ་དམིགས་པ་ལས་གཞན་པའི་ཁྱོད་ཀྱི་དོན་མེད་པ་ཉིད་ཀྱི་ཕྱིར། མེད་པ་དེས་ན་དོན་མི་བསྒྲུབ་བོ། །འོ་ན་ཅི་བསྒྲུབ་ཅེ་ན། ལྟོ་ལྡིར་བ་སྣང་རུང་མ་དམིགས་པ་དེ་ཆོས་ཅན། བུམ་པ་ཚད་མས་མ་དམིགས་པའི་ཕྱོགས་སུ། ལྟོ་ལྡིར་བ་མ་དམིགས་པ་དེའི་རྒྱུ་མཚན་ཅན་གྱི་བུམ་པ་མེད་པའི་སྒྲ་དང་ཤེས་པའི་ཐ་སྙད་བྱར་རུང་བསྒྲུབ་སྟེ། དེ་སྒྲུབ་ཀྱི་རྗེས་ཁྱབ་གང་ཞིག ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ལས་སོ། །འགྲེལ་པ་ནི། བལྟར་རུང་བའི་རང་བཞིན་མེད་པའི་དོན་ནི་སྣང་རུང་མི་དམིགས་པ་ལས་གཞན་མིན་པས་དོན་མི་བསྒྲུབ་ལ། འོན་ཀྱང་ལྟོ་ལྡིར་བ་སྣང་རུང་མ་དམིགས་པ་དེ་ཆོས་ཅན། ལྟོ་ལྡིར་བ་དེའི་རྒྱུ་མཚན་ཅན་བུམ་པ་མེད་པར་ངེས་པའི་ཤེས་པ་དང་བུམ་པ་མེད་དོ་ཞེས་པའི་སྒྲའི་ཐ་སྙད་བྱར་རུང་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་སྒྲུབ་ཀྱི་རྗེས་ཁྱབ་གང་ཞིག ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་འགྲུབ་པས་སོ། །ཞེས་བྱ་བ་འདི་ནི་རང་དོན་ལེའུར་བཤད་ཟིན་ཏོ། །རྒྱུ་མཚན་ལས་རྒྱུ་མཚན་ཅན་དེ་ལྟར་རྟོགས་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། རྒྱུ་མཚན་ཡོད་ཀྱང་རྒྱུ་མཚན་ཅན་ཡོད་པར་ངེས་པ་མེད་པའི་ཕྱིར་ཞེ་ན། ལྟོ་ལྡིར་བ་བལྟར་རུང་བ་མ་མཐོང་བ་དེ་ནི་ཆོས་ཅན། བུམ་པ་མེད་པ་དེ་རྣམ་གཞག་གི་འབྲས་བུ་ཁྱོད་རྣམ་པར་འཇོག་བྱེད་ཡིན་ཡང་ཁྱོད་ལས་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པའི་བློ་སྒྲའི་ཐ་སྙད་བྱར་རུང་ཐེ་ཚོམ་མེད་པར་བསྒྲུབ་ནུས་པར་འགྱུར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག དཔེའི་སྟེང་དུ་ཁྱོད་ལ་བུམ་པ་མེད་ཅེས་བྱ་བའི་ཐ་སྙད་འདི་ཡི་ཁྱབ་པ་གྲུབ་པས་སོ། །ཁྱབ་པ་ངེས་པའི་ཚུལ་སྟོན་པ་ནི། བལྟར་རུང་བའི་ལྟོ་ལྡིར་བའི་དངོས་པོ་མ་མཐོང་བ་ཆོས་ཅན། དཔེའི་སྟེང་དུ་ཁྱོད་ལ་བུམ་པ་མེད་པའི་ཐ་སྙད་མ་གྲུབ་པ་གང་གིས་ས་ཕྱོགས་སུ་བུམ་པ་མེད་པའི་ཐ་སྙད་ངེས་པ་མེད་པར་འགྱུར་བའི་གང་ཟག་འདི་དཔེའི་སྟེང་དུ་ཐ་སྙད་ལ་གདོད་གཞུག་པར་བྱ་བ་ནི་མིན་ཏེ། འོན་ཀྱང་དཔེའི་སྟེང་དུ་ཁྱོད་ལ་བུམ་པ་མེད་དོ་ཞེས་བྱ་བའི་ཐ་སྙད་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །གྲུབ་ཟིན་ན་གང་ལ་བསྒྲུབ་ཅེ་ན། སྣང་རུང་གི་ལྟོ་ལྡིར་བ་ཉེ་བར་བརྗོད་པ་མེད་པར་གྲུབ་པ་དག་གིས་དཔེ་ལ་བུམ་པ་མེད་པའི་ཐ་སྙད་རྟོགས་ཀྱང་སྣང་རུང་གི་ལྟོ་ལྡིར་བ་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པའི་ཐ་སྙད་བྱར་རུང་མི་བསྒྲུབ་པ་མ་ཡིན་པར་ཐལ། སྣང་རུང་གི་ལྟོ་ལྡིར་བ་མི་དམིགས་པའི་ཕྱོགས་སུ་རྣམ་པ་ཅི་ཞིག་ལྟར་ཡུལ་སྣང་རུང་མ་དམིགས་པ་ཚད་མས་གྲུབ་པ་ཡོད་ན་ཡང་ཡུལ་ཅན་མེད་པའི་ཐ་སྙད་མི་དྲན་པ་དེ་དྲན་པར་བྱེད་པའི་ཚུལ་གསུམ་ཡིན་པའི་ཕྱིར་རོ། །བུམ་པ་མེད་པའི་ཐ་སྙད་ཆོས་ཅན། ཁྱོད་ལ་གང་དུ་ཡང་སྣང་རུང་གི་ལྟོ་ལྡིར་བ་མ་དམིགས་པ་ལས་རྒྱུ་མཚན་གཞན་ནི་འགའ་ཡང་ཡོད་པ་མིན་ཏེ། ཚད་མས་མ་དམིགས་པའི་ཕྱིར། སྣང་རུང་མ་དམིགས་པའི་རྟགས་ཀྱི་ཕྱིར་རྒོལ་ཆོས་ཅན། སྣང་རུང་མ་དམིགས་པ་དང་མེད་པའི་ཐ་སྙད་འདི་དག་གི་འབྲེལ་པ་སྔར་མ་ཤེས་པའི་སྒོ་ནས་ཁྱོད་ལ་གསར་དུ་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། འབྲེལ་པ་དེ་ཡང་དཔེ་འདིར་ཁྱོད་ཀྱིས་སྔར་ལན་གཅིག་མིན་པར་དཔྱད་ཟིན་པའམ་ཤེས་ཟིན་པའི་ཕྱིར། གྲུབ་ཟིན་པ་དེའི་ཕྱིར་བལྟར་རུང་བའི་ལྟོ་ལྡིར་བ་ཚད་མས་མ་མཐོང་བ་ཆོས་ཅན། ལྟོ་ལྡིར་བ་ཚད་མས་མ་དམིགས་པའི་ས་ཕྱོགས་དེ་ལ་ཡང་ལྟོ་ལྡིར་བ་སྣང་རུང་མ་དམིགས་པ་དེའི་རྒྱུ་མཚན་ཅན་བུམ་པ་མེད་པར་ངེས་པའི་ཤེས་པ་དང་སྒྲ་དག་གི་རུང་བ་ཉིད་ཐེ་ཚོམ་མེད་པར་བསྒྲུབ་ནུས་པ་ཉིད་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་གང་ཞིག སྣང་རུང་གི་ལྟོ་ལྡིར་བ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་འགོད་ཚུལ་དང་མཐུན་པར་གྲུབ་པས་སོ། །ལྐོག་ཤལ་ལ་སོགས་པ་གྲུབ་པ་ན་བ་ལང་གི་ཐ་སྙད་བྱ་རུང་ཤུགས་ལ་གྲུབ་པ་བཞིན་ནོ། །རྒྱུ་མཚན་མཐོང་ན་ཐ་སྙད་ཅིའི་ཕྱིར་མི་བྱེད་ཅེ་ན། རྒྱུ་མཚན་མཐོང་བ་ཙམ་གྱིས་ཐ་སྙད་བྱེད་པས་མ་ཁྱབ་པར་ཐལ། ཐ་སྙད་ཀྱི་ཡུལ་སྣང་རུང་ཚད་མས་མ་དམིགས་པ་ཚད་མས་གྲུབ་པ་ཡོད་ན་ཡང་ས་ཕྱོགས་འདིར་གཞན་དག་རྨོངས་པས་སྣང་རུང་མ་དམིགས་པ་ལ་མེད་པའི་ཐ་སྙད་རྗེས་སུ་མི་བརྗོད་པ་མཐོང་བའི་ཕྱིར། འོ་ན་དོན་ཡང་བསྒྲུབ་ཅེ་ན། སྣང་རུང་གི་ལྟོ་ལྡིར་བ་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པའི་དོན་མི་བསྒྲུབ་སྟེ། དཔེ་ལ་ཐ་སྙད་ཀྱི་ཡུལ་གྲུབ་པ་དང་ཆོས་མཐུན་པ་མཐོང་བ་ལས་ལྟོ་ལྡིར་བ་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པའི་བརྡ་དྲན་པར་བྱེད་པ་འབའ་ཞིག་པའི་གཏན་ཚིགས་ཡིན་པའི་ཕྱིར། ཇི་ལྟར་ཏེ་དཔེར་ན་ཕན་འདོགས་བྱེད་དུ་ཡོད་ན་མཐོང་བའི་རྗེས་འགྲོ་དང་མེད་ན་མ་མཐོང་བའི་ལྡོག་པ་གྲུབ་པས་རྒྱུ་འབྲས་ཀྱི་དོན་གྲུབ་པ་ལ་རྒྱུ་དང་འབྲས་བུའི་ཐ་སྙད་བྱར་རུང་ཉིད་བསྒྲུབ་པ་བཞིན། ཕན་གདགས་བྱ་དང་ཕན་འདོགས་བྱེད་དེ་གཉིས་ལ་ནི་འབྲས་བུ་དང་སོགས་པ་རྒྱུའི་སྒྲའི་མིང་བཀོད་པ་ཆོས་ཅན། དགོས་པ་ཡོད་དེ། ཐ་སྙད་ཟོར་ཡང་བའི་དོན་དུ་བཀོད་པ་ཡིན་པའི་ཕྱིར། རྣམ་འཇོག་གི་རྒྱུ་སྣང་རུང་མ་དམིགས་པ་ལས་རྣམ་བཞག་གི་འབྲས་བུ་མེད་པའི་ཐ་སྙད་བྱ་རུང་རབ་ཏུ་བསྒྲུབ་པའི་གཏན་ཚིགས་འདི་ནི་ཆོས་ཅན། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་དབྱེ་བཤད་པའི་སྐབས་སུ་རང་བཞིན་གཏན་ཚིགས་ལས་རིགས་ཐ་དད་པར་ནི་དཔེར་མ་བརྗོད་དེ། རང་བཞིན་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཕྱིར། རང་བཞིན་གཏན་ཚིགས་སུ་འདུས་པར་བསྟན་ཟིན་ནས། བསྡུ་བྱ་རང་བཞིན་མི་དམིགས་པ་བསྟན་པ་ལ་རྟགས་དགོད་པ་ནི། ལྟོ་ལྡིར་བ་སྣང་རུང་མི་དམིགས་པ་ནི་ཆོས་ཅན། ཁྱོད་ལས་ལྟོ་ལྡིར་བ་མ་དམིགས་པའི་ཕྱོགས་སུ་རང་གི་ཁྱབ་པར་བྱེད་པའི་རང་བཞིན་བུམ་པ་མེད་པའི་ཐ་སྙད་བྱ་རུང་བ་ཉིད་བསྒྲུབ་པར་རིགས་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག ཁྱབ་པ་ཡང་རྣལ་མར་ངེས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། གཞི་གཞན་དུ་མེད་པའི་ཐ་སྙད་སྣང་རུང་མ་དམིགས་པ་དེ་ཙམ་ལས་གྲུབ་ལ། དེ་འདིར་ཡང་ཁྱད་པར་མེད་པའི་ཕྱིར་རོ། །སྣང་རུང་མི་དམིགས་པ་གྲུབ་ན་དེའི་བདག་ཉིད་དུ་གྱུར་པའི་དོན་གྲུབ་པས་མེད་པའི་དོན་མི་སྒྲུབ་ཀྱི་ཐ་སྙད་འབའ་ཞིག་བསྒྲུབ་པ་ཡིན་ནོ་ཞེས་འདི་འང་ལེའུ་གཉིས་པར་བཤད་ཟིན་ཏོ། །ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པར་བརྟག་པ་ལ་ཕྱོགས་སྔ་མ་ནི། སྣང་རུང་མི་དམིགས་པ་དེ་ཉིད་ཚད་མར་ཇི་ལྟར་གྲུབ་ཅིང་དངོས་པོར་མེད་པ་དེ་ཐ་སྙད་འགའ་ཞིག་གི་རྒྱུར་ཡང་ཇི་ལྟར་འགྱུར་ཞེ་ན། ཅི་འདྲ་བ་ཞིག་མི་དམིགས་པར་འདོད་པ་མི་ཤེས་པས་དྲིས་པར་དགོངས་ནས་ལན་སྨྲས་པ། མ་དམིགས་པ་ནི་ས་ཕྱོགས་དང་དག་འཛིན་མངོན་སུམ་གཉིས་ལ་བརྗོད་པ་ཡིན་པས་ལྟོ་ལྡིར་བ་མ་དམིགས་པའི་ཕྱོགས་དང་དག་འཛིན་མངོན་སུམ་གཉིས་ཆོས་ཅན། ཚད་མས་མ་གྲུབ་པའི་ཐ་སྙད་འགའ་ཞིག་གི་རྒྱུར་མི་འགྱུར་བའི་ཉེས་པ་དེ་ནི་མེད་དེ། འདི་ལྟར། གཅིག་ས་ཕྱོགས་དག་པ་དམིགས་པའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་ལས་གྲུབ་པའི་ཕྱིར་དང༌། ཁྱོད་ལས་ས་ཕྱོགས་འདི་ནི་དམིགས་སོ་ཞེས་བྱ་བ་དང་བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་རྟོག་ཅན་གྱི་བློ་ནི་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར། རྩ་ཚིག་གི་ཤུགས་ལ་བསྟན་པ་ནི། བུམ་པ་ལ་སོགས་པའི་དངོས་པོ་རྣམས་ཀྱི་བདག་ཉིད་འདི་ནི་ཆོས་ཅན། ཁྱོད་ཀྱི་ཡུལ་ཅན་གྱི་ཤེས་པ་མེད་པ་གང་ལས་ཁྱོད་མེད་པའི་ཐ་སྙད་དུ་འགྱུར་བ་མིན་པར་ཐལ། རང་གི་ཡུལ་ཅན་གྱི་ཤེས་པ་མེད་པ་ཙམ་གྱིས་ནི་ཁྱོད་མི་དམིགས་སོ་ཞེས་བྱ་བ་དེ་ལྟར་ངེས་པར་འགྱུར་བ་མིན་པའི་ཕྱིར། འོ་ན་ཅི་ལས་མེད་པར་ངེས་ཤེ་ན། ས་ཕྱོགས་ཆོས་ཅན། བུམ་པ་རང་ལས་ཁྱད་པར་ཅན་གྱི་བུམ་པའི་དགག་གཞི་དམིགས་པའི་ཤེས་པ་ཡོད་པའི་སྟོབས་ལས་བུམ་པ་མེད་པར་ངེས་པར་འགྱུར་ཏེ། གནས་སྐབས་འགའ་ཞིག་ཏུ་བུམ་པའི་དགག་གཞི་ཐམས་ཅད་ཚད་མས་མ་རྟོགས་ན་བུམ་པའི་དངོས་པོ་མེད་པར་མི་རྟོགས་པའི་ཕྱིར་རོ། །རྩ་བའི་དངོས་བསྟན་ནི། ཤེས་པ་མེད་པ་ཙམ་ལས་མི་ངེས་པ་དེའི་ཕྱིར་ལྟོ་ལྡིར་བ་ཚད་མས་མ་དམིགས་པའི་ས་ཕྱོགས་དེའི་ཁ་དོག་འཇལ་བྱེད་ཀྱི་ཚད་མ་དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ལས་ས་ཕྱོགས་འདི་ནི་དམིགས་སོ་ཞེའམ་གཞན་བུམ་པ་མ་དམིགས་སོ་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་འབྱུང་བར་འགྱུར་ཏེ། ལྟོ་ལྡིར་བས་དག་པའི་ས་ཕྱོགས་འགའ་ཞིག་མངོན་སུམ་དུ་འཇལ་བྱེད་དུ་གྱུར་པའི་ཚད་མ་ཡིན་པའི་ཕྱིར། ས་ཕྱོགས་ཆོས་ཅན། སྣང་རུང་མ་དམིགས་པ་ཚད་མས་མ་གྲུབ་པའི་ཉེས་པ་མེད་དེ། གང་གི་ཕྱིར་དོན་གྱི་ཁྱད་པར་ས་ཕྱོགས་དག་པ་རྟོགས་པ་ནི་མྱོང་བའི་ཁྱད་པར་དག་འཛིན་མངོན་སུམ་ལས་འགྲུབ་པ་ཡིན་ལ་མྱོང་བའི་ཁྱད་པར་དག་འཛིན་མངོན་སུམ་རྟོགས་པ་ནི་དག་འཛིན་གྱི་རྣམ་པ་དེ་ལྟ་བུའི་བདག་ཉིད་ཉམས་སུ་མྱོང་བའི་རང་རིག་ལས་འགྲུབ་པ་ཡིན་པའི་ཕྱིར། རང་ཉིད་རང་རིག་གིས་གྲུབ་པའི་ཁྱད་པར་དག་འཛིན་དབང་པོའི་མངོན་སུམ་ནི་ཆོས་ཅན། དོན་གྱིས་རང་གི་གཞལ་བྱའི་ས་ཕྱོགས་དག་པས་ཁྱད་པར་དུ་བྱེད་པ་ཡིན་ཏེ། རང་གཞལ་བྱའི་དོན་ས་ཕྱོགས་དག་པ་འཇལ་བྱེད་དུ་རང་རིག་གིས་གྲུབ་པ་དེས་ན་སྟེ་དེའི་ཕྱིར། དག་འཛིན་མངོན་སུམ་ཆོས་ཅན། རང་ཉིད་གྲུབ་པའི་ཁྱད་པར་རང་རིག་མངོན་སུམ་དེས་ནི་དོན་གྱི་ཤུགས་ཀྱིས་དོན་ས་ཕྱོགས་དག་པ་ཁྱད་པར་དུ་བྱེད་པ་ཡིན་ཏེ། ཁྱོད་ཀྱིས་ས་ཕྱོགས་དག་པ་གྲུབ་ཅིང་ཁྱོད་རང་རིག་གིས་གྲུབ་པ་དེས་ན་སྟེ་དེའི་ཕྱིར། རང་རིག་གིས་མ་གྲུབ་བོ་ཞེ་ན། རང་རིག་གིས་གྲུབ་པ་དེ་ལྟར་མིན་ན་ནི། མྱོང་བའི་ཁྱད་པར་དག་འཛིན་མངོན་སུམ་ཆོས་ཅན། ཁྱོད་ཀྱི་སྒྲུབ་བྱེད་ཐུག་པ་མེད་པར་འགྱུར་བར་ཐལ། ཁྱོད་རང་རིག་གིས་མ་གྲུབ་པར་ཡང་མྱོང་བ་གཞན་གྱི་ཁྱད་པར་ལས་འགྲུབ་དགོས་པ་ཡིན་ལ་མྱོང་བ་གཞན་དེ་ཡང་དེ་ལས་རྫས་གཞན་པའི་སྒྲུབ་བྱེད་གཞན་ལས་འགྲུབ་དགོས་པ་ཡིན་པའི་ཕྱིར། འདོད་ན། ས་ཕྱོགས་དག་པ་དང་དག་འཛིན་མངོན་སུམ་གྱི་ཁྱད་པར་འགའ་ཡང་ཚད་མས་འགྲུབ་པར་མི་འགྱུར་བར་ཐལ། དག་འཛིན་མངོན་སུམ་སྒྲུབ་བྱེད་ཐུག་མེད་ཡིན་པས་སོ། །ཤེས་པ་རང་རིག་གིས་གྲུབ་ན་དོན་ཡང་དོན་གྱིས་གྲུབ་བོ་ཞེ་ན། དོན་དང་ཤེས་པ་མི་མཚུངས་པར་བསྟན་པ་ནི། དོན་ས་ཕྱོགས་དག་པ་དེ་ནི་ཆོས་ཅན། དོན་གྱི་རང་གི་ངོ་བོ་ཡོད་པ་ཙམ་དང་དོན་གྱི་ཁྱད་པར་དག་གིས་ཤེས་པ་ལ་ལྟོས་མེད་དུ་གྲུབ་པ་མིན་པར་ཐལ། འོ་ན་ཅི་ཞེ་ན། རང་གི་ཡུལ་ཅན་གྱི་ཤེས་པའི་ཡོད་པ་དང་ཤེས་པའི་ཁྱད་པར་དག་གིས་གྲུབ་དགོས་པའི་ཕྱིར།                             རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*