ཚད་མ་རྣམ་པར་ངེས་པའི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ་ལེའུ་གསུམ་པའི་བཤད་པའོ།། ཁ༽

དེས་ན་དོན་རྣམས་ནི་གཞན་ལ་ལྟོས་མེད་དུ་རང་དབང་དུ་གྲུབ་པ་མ་ཡིན་ནོ། །མྱོང་བ་དག་འཛིན་མངོན་སུམ་དེ་ནི་ཆོས་ཅན། ས་ཕྱོགས་དེ་བཞིན་དུ་རང་རིག་གིས་མ་གྲུབ་པར་མྱོང་བ་རྫས་གཞན་ཡོད་པ་དང་ཁྱད་པར་དག་ལས་གྲུབ་པ་མིན་པར་ཐལ། ཁྱོད་རང་རིག་གིས་མ་གྲུབ་པར་མྱོང་བ་རྫས་གཞན་གྱིས་བསྒྲུབ་དགོས་ན་ཁྱོད་དང་ཁྱོད་ཀྱི་ཡུལ་ཐམས་ཅད་ཚད་མས་མི་རྟོགས་པར་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །མ་དམིགས་པ་མངོན་སུམ་གྱིས་གྲུབ་པར་རྒྱས་པར་བསྟན་ཟིན་པའི་དོན་བསྡུ་བ་ལ་རྩ་འགྲེལ་གཉིས་ལས་རྩ་བ་ནི། ཤེས་པ་མེད་པ་ཙམ་ལས་མེད་པར་ངེས་པ་མ་ཡིན་གྱི། དག་འཛིན་མངོན་སུམ་གྱི་སྟོབས་ལས་མེད་པར་ངེས་པ་དེའི་ཕྱིར། མ་དམིགས་པ་མངོན་སུམ་གྱིས་གྲུབ་པར་བསྟན་པའི་སྐབས་འདིར་ཆོས་ཅན། གཞན་བུམ་འཛིན་བསལ་བ་ནི་རང་བཞིན་ཁྱད་པར་ཅན་བུམ་པས་དབེན་པའི་ས་ཕྱོགས་མྱོང་བའི་དག་འཛིན་མངོན་སུམ་ལས་གཞན་མ་ཡིན་ཏེ། དག་འཛིན་མངོན་སུམ་ཉིད་ལ་བུམ་འཛིན་མི་དམིགས་པའི་ཐ་སྙད་བྱེད་པའི་ཕྱིར། དེ་ལྟར་ཡིན་པ་དེའི་ཕྱིར། བུམ་པ་དེ་མི་དམིགས་པ་ཡང་དག་འཛིན་མངོན་སུམ་ལས་གཞན་མིན་ཏེ། བུམ་པ་དེ་ལས་ཁྱད་པར་ཅན་བུམ་པའི་དགག་གཞི་དམིགས་པའི་དག་འཛིན་མངོན་སུམ་ཉིད་ལ་བུམ་པ་མི་དམིགས་པར་ཐ་སྙད་བྱེད་པའི་ཕྱིར། དེས་ན་ལྟོ་ལྡིར་བ་མི་དམིགས་པ་འདི་ནི་ཆོས་ཅན། ཚད་མས་མ་གྲུབ་པ་མིན་ཏེ། མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་པའི་ཕྱིར། འགྲེལ་པ་ནི། སྐབས་འདིར་ཆོས་ཅན། གཞན་བུམ་འཛིན་བསལ་བ་ནི་བུམ་དང་མ་འབྲེལ་བ་ནི་ཉམས་སུ་མྱོང་བའི་ཚད་མས་རྣམ་པ་གཅིག་ཏུ་བུམ་མེད་དུ་སོ་སོར་ངེས་པར་བྱེད་པ་དེ་ལས་གཞན་མ་ཡིན་ཏེ། གང་གི་ཕྱིར་ན་དག་འཛིན་མངོན་སུམ་ཉིད་ལ་བུམ་འཛིན་མི་དམིགས་པར་བརྗོད་པའི་ཕྱིར། དག་འཛིན་མངོན་སུམ་དེ་ཉིད་ནི་ཆོས་ཅན། ལྟོ་ལྡིར་བ་མ་དམིགས་པའི་ས་ཕྱོགས་དེ་ཉིད་ཡོད་དོ་ཞེས་རང་སྟོབས་ཀྱིས་ངེས་པར་བྱེད་པ་ན་ཤུགས་ཀྱིས་གཞན་བུམ་པ་མེད་དོ་ཞེས་ངེས་པར་བྱེད་དེ། ལྟོ་ལྡིར་བ་མ་དམིགས་པའི་ས་ཕྱོགས་ཀྱི་ཁ་དོག་དེ་རང་སྟོབས་ཀྱིས་ངེས་པར་བྱེད་པའི་ཚད་མ་ཡིན་པའི་ཕྱིར། གཞན་མྱོང་བ་བུམ་འཛིན་མེད་དོ་ཞེས་ངེས་པར་བྱེད་དེ། ས་ཕྱོགས་དག་པ་དེ་ཉིད་ཡོད་དེ་ཞེས་ངེས་པར་བྱེད་པ་ན། རྟགས་གཅིག་ཏུ་སྦྱོར་བ་འདིར་ནི་ཆོས་མཆོག་གི་དགོངས་པ་བཞིན་བཀོད་པ་ཡིན་ལ། འོན་ཀྱང་ཤུགས་ཀྱིས་ཞེས་བྱ་བ་གཉིས་ཀ་ལ་སྦྱར་ཡང་མི་རིགས་པ་མེད་པར་སེམས་སོ། །གཞན་བུམ་པ་མེད་པར་ཤུགས་ལ་ངེས་པ་དེའི་ཕྱིར། ལྟོ་ལྡིར་བ་མ་དམིགས་པའི་ས་ཕྱོགས་ཀྱི་ཁ་དོག་འཛིན་པའི་དབང་པོའི་མངོན་སུམ་ནི་ཆོས་ཅན། གཞན་བུམ་པ་མི་དམིགས་པ་དང་བུམ་པ་མེད་པའི་ཐ་སྙད་འགྲུབ་པའི་རྒྱུ་ཡིན་ཏེ། མཐའ་གཅིག་ཏུ་བུམ་པ་མེད་པར་རང་སྟོབས་ཀྱིས་ངེས་པའི་བུམ་པའི་དགག་གཞི་དམིགས་པའི་ཚད་མ་ཡིན་པའི་ཕྱིར། ས་ཕྱོགས་དག་པ་བ་མ་ཟད་དག་འཛིན་མངོན་སུམ་དེ་ཡང་ཆོས་ཅན། ཚད་མས་གྲུབ་སྟེ། རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར། ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པར་བསྟན་ཟིན་ཏོ། །དེ་ཉིད་ཡོད་དོ་ཞེས་ངེས་པར་བྱེད་པ་ན་ཤུགས་ཀྱིས་གཞན་ནམ་གཞན་མྱོང་བ་མེད་དོ་ཞེས་ངེས་པར་བྱེད་དོ་ཞེས་པ་ལས་འཕྲོས་པའི་རྩོད་པ་ནི། གལ་ཏེ་དགག་བྱ་རང་ལས་ཁྱད་པར་ཅན་གྱི་དགག་གཞི་དམིགས་པའི་ཤེས་པ་མེད་ཀྱང་དགག་བྱ་མེད་པའི་བློ་སྐྱེ་བར་འགྱུར་བ་མིན་ནམ། དཔེར་ན་མུན་ཁུང་དུ་ལག་པ་བྱུགས་པས་བུམ་པ་མེད་པར་ངེས་པ་བཞིན་ནོ་ཞེ་ན། བུམ་པས་དབེན་པའི་མུན་ཁུང་དུ་ལག་པ་བྱུགས་པའི་སྐབས་དེར་ཡང་ཆོས་ཅན། བུམ་པའི་དགག་གཞི་ཚད་མས་མ་རྟོགས་པར་བུམ་པ་མེད་པར་རྟོགས་པ་མ་ཡིན་པར་ཐལ། དེ་ལྟར་བྱུགས་པའི་ལག་པའི་ནང་གི་བུམ་པས་དབེན་པའི་ས་ཕྱོགས་ཀྱི་རེག་པའི་ཁྱད་པར་དམིགས་པ་ལས་གཞན་བུམ་པ་མེད་པར་རྟོགས་པའི་ཕྱིར། ལག་པས་བྱུགས་སོ་སྙམ་པའི་ཤེས་པའི་རྩོལ་བས་བུམ་པ་མེད་པར་རྟོགས་པ་ཡིན་གྱི་རེག་བྱ་དམིགས་པས་ནི་མ་ཡིན་ནོ་ཞེ་ན། ལག་པས་བྱུགས་སོ་སྙམ་པའི་རྩོལ་བ་ཡོད་དམ་མེད་ཀྱང་སླ་སྟེ། དེར་ཡང་ཆོས་ཅན། གཉིད་ལོག་པའི་གནས་སྐབས་སུ་ནང་གི་རེག་པའི་ཁྱད་པར་དམིགས་པ་གང་ལས་ངའི་ལག་པ་བྱུགས་པས་བུམ་པ་མི་དམིགས་སོ་ཞེས་བྱ་བར་ངེས་པ་སྐྱེ་བར་འགྱུར་བའི་རེག་པའི་ཁྱད་པར་དམིགས་པ་དེ་ཉིད་ལས་གཞན་བུམ་པ་མེད་པར་རྟོགས་པ་ཡིན་ནོ། །གཉིད་ལ་སོགས་པའི་སྐབས་སུ་བུམ་པ་མ་དམིགས་པའི་ཕྱིར་ངེས་པ་སྐྱེ་བ་རེག་པའི་ཁྱད་པར་དམིགས་པ་དེ་མེད་ན་བུམ་པ་མེད་པར་མི་རྟོགས་པའི་ཕྱིར། གལ་ཏེ་བུམ་པ་དམིགས་པའི་རྐྱེན་རྣམས་ཡོད་པ་ན་བུམ་པ་དམིགས་སུ་རུང་བ་མ་དམིགས་པས་བུམ་པ་མེད་པར་གྲུབ་བོ། །དེའི་ཕྱིར་གཉིད་ལོག་པ་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་སུ་བུམ་པ་ལ་སོགས་པ་འགའ་ཞིག་མེད་པར་རྟོགས་པར་མི་འགྱུར་ཏེ། གཉིད་ལོག་པའི་གནས་སྐབས་དེ་ན་དབང་པོའི་ནུས་པ་མ་ཉམས་པ་དང་ཡིད་ལ་བྱེད་པ་ལ་སོགས་པ་བུམ་པ་དམིགས་པའི་རྐྱེན་ཉིད་མེད་པའི་ཕྱིར་རོ། །དེས་ན་བུམ་པ་ལས་གཞན་པའི་བུམ་པའི་དགག་གཞི་དམིགས་པའི་ཤེས་པ་མེད་པའི་ཕྱིར་གཉིད་ལོག་པའི་སྐབས་དེར་ཡང་བུམ་པ་འགའ་ཡང་མེད་པར་མ་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དམིགས་པའི་རྐྱེན་རྣམས་ཡོད་པ་ན་དམིགས་སུ་རུང་བ་མ་དམིགས་པ་དེ་འདྲ་བའི་མི་དམིགས་པ་ཉིད་མེད་པའི་ཕྱིར་མ་རྟོགས་པ་ཡིན་ནོ་ཞེ་ན། ཕྱོགས་འདིར་ཡང་དམིགས་པའི་རྒྱུ་གཞན་ཡོད་པ་ན་ཞེས་བྱ་བའི་ཚིག་གིས་ནི་ཆོས་ཅན། བུམ་པས་དབེན་པའི་ས་ཕྱོགས་ལ་དམིགས་པའི་ཤེས་པ་འཇུག་པར་ཤུགས་ལ་བརྗོད་པར་ཐལ། བུམ་པས་དབེན་པའི་ས་ཕྱོགས་ལ་དབང་པོ་དང་ཡིད་ལ་བྱེད་པ་ལ་སོགས་པ་དེ་དག་འབྲས་བུ་ཤེས་པ་བསྐྱེད་པ་ལ་ནུས་པ་ཉམས་པ་མེད་པར་སྟོན་པར་བྱེད་པའི་ཚིག་ཡིན་པས་སོ། །རྟགས་ཁས་བླངས། ཁྱབ་པ་ཡོད་དེ། དབང་པོ་ལ་སོགས་པ་ནུས་པ་ཉམས་མེད་དུ་འཇུག་པ་གང་གི་ཚེ་དབང་པོ་ལ་སོགས་པ་དེ་དག་གི་འབྲས་བུ་རྣམ་ཤེས་འཇུག་པས་སོ། །རྟགས་གྲུབ་སྟེ། དེའི་ཚེ་དབང་པོ་ལ་སོགས་པ་དེ་དག་ནུས་པ་མ་ཉམས་པར་ཤེས་པ་སྐྱེད་བྱེད་དུ་འགྱུར་བའི་ཕྱིར་རོ། །སྔ་མ་ལ་འདོད་ན། བུམ་པའི་དགག་གཞི་དམིགས་པའི་ཁྱད་པར་ཅན་གྱི་ཤེས་པ་ཡོད་པར་ཐལ། བུམ་པས་དབེན་པའི་ས་ཕྱོགས་ལ་དམིགས་པའི་ཤེས་པ་འཇུག་པར་ཤུགས་ལ་བརྗོད་པ་དེ་ཡང་བུམ་པའི་དགག་གཞི་དམིགས་པའི་ཁྱད་པར་ཅན་གྱི་ཤེས་པ་ཉིད་ཡིན་པའི་ཕྱིར། བསལ་བ་དངོས་སུ་ཁས་བླངས། བུམ་པ་དམིགས་སུ་རུང་བ་མ་དམིགས་པས་ཞེས་པའི་ཚིག་གིས་ཀྱང་ཆོས་ཅན། བུམ་པ་ལས་ཁྱད་པར་ཅན་གྱི་བུམ་པའི་དགག་གཞི་དམིགས་པས་དེ་ཉིད་ཀྱི་རྣམ་པ་མཐའ་གཅིག་ཏུ་བུམ་མེད་དུ་ངེས་པར་བསྟན་པ་ཡིན་པར་ཐལ། བུམ་པའི་དགག་གཞི་དམིགས་པ་ཉིད་ཁྱོད་ཀྱིས་བུམ་པ་སྣང་རུང་མ་དམིགས་པར་བསྟན་པའི་ཕྱིར། འདོད་ན། འདོད་པ་དེའི་ཕྱིར་ཁྱད་པར་ཅན་བུམ་པའི་དགག་གཞི་དམིགས་པ་ཉིད་གཞན་བུམ་པ་མི་དམིགས་པར་ཁྱོད་ཀྱིས་ཀྱང་ཁས་བླངས་པ་ཡིན་པས་ཁོ་བོ་ལ་དགག་ཏུ་མེད་པ་ཡིན་ནོ། །རྟོག་གེའི་གཞུང་ལུགས་རྒྱ་ཆེ་གཏིང་ཟབ་པ། །རྣམ་དཔྱོད་དྲི་མེད་མཆོག་གིས་བསྲུབས་པ་ལས། །བྱུང་བའི་ལེགས་བཤད་སྔོན་མེད་ནོར་བུའི་ཕྲེང༌། །བློ་གསལ་སྐྱེ་བོ་རྣམས་ཀྱི་མགུལ་རྒྱན་གྱིས། །ཙ་ར་ཀ་པ་རྣམས་ཡུལ་ཅན་ཤེས་པ་མེད་པ་ལས་ཡུལ་མེད་པར་གྲུབ་བོ་ཞེས་སྨྲ་བ་དགག་པ་ནི། བུམ་པའི་དགག་གཞི་དམིགས་པ་ལས་བུམ་པ་མེད་པར་འགྲུབ་པ་ལས་གཞན་དུ་དོན་བུམ་པ་མེད་པ་ཉིད་ནི་བུམ་འཛིན་མི་དམིགས་པ་ལས་རྟོགས་པ་འགྱུར་ན། བུམ་པ་དམིགས་པ་མེད་པ་ཉིད་ཀྱང་གཞན་གྱིས་བསྒྲུབ་དགོས་པའི་ཕྱིར་ན་བུམ་མེད་སྒྲུབ་བྱེད་ཐུག་མེད་དུ་འགྱུར་རོ། །དེ་ཉིད་འགྲེལ་པ་ནི། ཁྱད་པར་ཅན་དམིགས་པས་གཞན་མེད་པར་གྲུབ་པ་དེ་ལྟར་མ་ཡིན་ཏེ། གལ་ཏེ་བུམ་པ་རང་གི་ཡུལ་ཅན་གྱི་ཤེས་པ་མེད་པས་བུམ་པའི་དངོས་པོ་མེད་པར་འགྲུབ་ན། སྣང་རུང་གི་ལྟོ་ལྡིར་བ་མ་དམིགས་པའི་ས་ཕྱོགས་ཆོས་ཅན། བུམ་མེད་ཀྱི་སྒྲུབ་བྱེད་ཐུག་པ་མེད་པར་འགྱུར་བར་ཐལ། བུམ་པ་མེད་པ་བུམ་འཛིན་མེད་པས་བསྒྲུབ་དགོས་ཤིང་བུམ་འཛིན་དེ་མེད་པ་ཡང་བློ་མི་དམིགས་པ་གཞན་གྱིས་བསྒྲུབ་དགོས་པའི་ཕྱིར། འདོད་ན། དངོས་པོ་བུམ་མེད་ཚད་མས་མི་རྟོགས་པ་ཉིད་དུ་འགྱུར་རོ། །སྐྱོན་མེད་དེ། བུམ་འཛིན་མེད་པ་བདག་ཉིད་ཀྱིས་བདག་ཉིད་འགྲུབ་བོ་ཞེ་ན། མྱོང་བ་བུམ་འཛིན་མེད་པ་ནི་ཆོས་ཅན། རང་ཉིད་རང་གིས་འགྲུབ་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་ཁྱོད་འགྲུབ་ན་བུམ་མེད་དེ་དང་མེད་དགག་ཏུ་ཁྱད་པར་མེད་པས་ཡུལ་བུམ་པ་མེད་པ་ཡང་བདག་ཉིད་ཀྱིས་བདག་ཉིད་འགྲུབ་པར་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། འོ་ན་དག་འཛིན་མངོན་སུམ་ལ་ཡང་མཚུངས་སོ་ཞེ་ན། མྱོང་བ་དག་འཛིན་མངོན་སུམ་ནི་ཆོས་ཅན། སྒྲུབ་པར་བྱེད་པ་རྫས་གཞན་ལ་ལྟོས་པ་མེད་པ་ཡིན་ཏེ། བདག་ཉིད་ཀྱི་ཁྱད་པར་རང་རིག་ལས་གྲུབ་པའི་ཕྱིར། བུམ་པ་མེད་པ་ནི་ཆོས་ཅན། རང་ཉིད་རང་རིག་གིས་འགྲུབ་པ་དེ་ལྟར་མ་ཡིན་ཏེ། ཤེས་པ་མ་ཡིན་པས་སོ། །དཔྱོད་པ་པ་དངོས་པོ་མེད་པའི་ཚད་མ་འདོད་པ་དགག་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། གལ་ཏེ་ཡུལ་ཅན་མེད་པས་དངོས་པོ་མེད་པར་འགྲུབ་པ་གང་ལས་སྒྲུབ་བྱེད་ཐུག་མེད་ཀྱི་སྐྱོན་འདིར་འགྱུར་བ། རང་གི་ཡུལ་ཅན་གྱི་ཤེས་པ་མེད་པས་དངོས་པོ་མེད་པར་འགྲུབ་པ་མ་ཡིན་ལ། དགག་བྱ་རང་ལས་ཁྱད་པར་ཅན་གྱི་དགག་གཞི་དམིགས་པའི་ཤེས་པ་ཡོད་པ་ལས་ཀྱང་འགྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བུམ་པ་དམིགས་པ་མེད་དོ་ཞེས་བྱ་བ་དངོས་པོ་མེད་པ་ལ་དམིགས་པའི་ཚད་མ་གང་ཡིན་པ་དེ་ལས་མེད་པ་འགྲུབ་པ་ཡིན་ལ། དེ་ཡང་དངོས་མེད་ཁོ་ན་ལ་དམིགས་པའི་ཚད་མ་རང་རྒྱུད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་དཔྱོད་པ་པ་ཆོས་ཅན། དངོས་པོ་མེད་པ་ཁོ་ན་ལ་དམིགས་པའི་དངོས་མེད་དངོས་སུ་རྟོགས་པའི་ཚད་མ་དེ་ཡུལ་གང་ལས་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་མེད་པ་ནི་ཤེས་པ་འགའི་ཡང་རྒྱུ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྒྱུ་མ་ཡིན་པར་ཐལ། ཁྱོད་ལ་འབྲས་བུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཏེ། ཁྱོད་དངོས་མེད་ཡིན་པས་སོ། །ཁྱབ་པ་ཡོད་དེ། འབྲས་བུ་བསྐྱེད་པར་ནུས་པ་ནི་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དང་ནི་རིམ་པ་བཞིན་དུ་སྦྱོར་བའི་ཚིག་གོ །གཞན་ཡང༌། དངོས་མེད་ཆོས་ཅན། ཁྱོད་ལས་འབྲས་བུ་བསྐྱེད་པ་རྟག་ཏུ་འབྱུང་བར་ཐལ། ཁྱོད་ཉམས་པ་མེད་པའི་རྟག་པ་གང་ཞིག་ཁྱོད་ལས་འབྲས་བུ་འབྱུང་བའི་ཕྱིར་རོ། །རྐྱེན་ལ་ལྟོས་ནས་འབྲས་བུ་བསྐྱེད་པས་རྟག་ཏུ་འབྱུང་བར་མི་འགྱུར་རོ་ཞེ་ན། རྐྱེན་ལ་ལྟོས་ནས་འབྲས་བུ་བསྐྱེད་པ་མ་ཡིན་པར་ཐལ། ཁྱོད་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར། ཏེ་ནི་གཞན་འདྲེན་པའི་ཚིག་གོ །རྟགས་མ་གྲུབ་ན། ཁྱོད་དངོས་པོ་མེད་པར་མི་འགྱུར་བར་ཐལ། ཁྱོད་རྐྱེན་ལ་ལྟོས་པའི་ཕྱིར། རྐྱེན་ལ་ལྟོས་པ་ནི་ཁྱད་པར་ཐོབ་པའི་མཚན་ཉིད་ཡིན་པའི་ཕྱིར་དང༌། དེ་ཡང་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར། སྐྱོན་གཞན་ཡང༌། དངོས་པོ་མེད་པ་ཞེས་བྱ་བ་ནི་དངོས་པོ་བཀག་པ་ཡིན་ཏེ། ཡིན་པ་དེས་ན་ཁྱོད་ཀྱིས་རྒྱུ་ཡིན་ན་དངོས་པོ་ཡིན་པ་བཀག་པ་བྱས་པར་འགྱུར་ཏེ། ཁྱོད་ཀྱིས་དངོས་པོ་མེད་པ་ལས་འབྲས་བུ་སྐྱེའོ་ཞེས་སྨྲས་པའི་ཕྱིར། རྒྱུ་ཡིན་ན་དངོས་པོ་ཡིན་པ་བཀག་པ་དེ་ལྟ་མ་ཡིན་ན་ནི། དངོས་པོ་ཉིད་ཀྱི་དོན་འགའ་ཞིག་དངོས་པོ་མེད་པ་ཞེས་པའི་མིང་གཞན་གྱིས་བརྗོད་པར་འགྱུར་བར་ཐལ། དག་འཛིན་ཁྱོད་ཀྱིས་དངོས་པོ་མེད་པ་ཞེས་བརྗོད་པའི་དངོས་པོ་མེད་པ་དེ་ཉིད་རྒྱུ་ཡིན་པའི་ཕྱིར་རོ། །དངོས་མེད་དེ་ནི་ཆོས་ཅན། ཁྱོད་དངོས་པོ་ལ་ལྟོས་མེད་དུ་དངོས་སུ་རྟོགས་པའི་མངོན་སུམ་ཚད་མ་སྲིད་པ་མིན་པར་ཐལ། ཁྱོད་དངོས་པོ་ལས་ལྟོས་མེད་དུ་དངོས་སུ་རྟོགས་པའི་མངོན་སུམ་སྲིད་པ་ལ་གནོད་བྱེད་ཡོད་པ་དེའི་ཕྱིར། མཐོང་བའི་དེ་མ་ཐག་པ་ཚད་མའོ་སྙམ་ན། ས་ཕྱོགས་དག་པ་མཐོང་བའི་དེ་མ་ཐག་པར་སྐྱེ་བའི་ངེས་ཤེས་ཆོས་ཅན། ཁྱོད་བུམ་པ་མེད་པ་ལ་ཚད་མ་རང་རྒྱུད་པར་མི་འགྱུར་བར་ཐལ། དག་འཛིན་མངོན་སུམ་དེའི་སྟོབས་ལས་སྐྱེས་པའི་རྟོགས་ཟིན་ལ་འཇུག་པའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ལྟར་ན་ནི་ངེས་ཤེས་དང་དག་འཛིན་གཉིས་ལས་དག་འཛིན་མངོན་སུམ་དེ་ཉིད་བུམ་པ་མེད་པ་དེ་ལ་སྒྲོ་འདོགས་གཅོད་པའི་ནུས་པ་གསར་དུ་འཇུག་པ་ཡིན་པའི་ཕྱིར་དེ་ཉིད་ཚད་མར་འགྱུར་དགོས་པས་སོ། །དངོས་པོ་མེད་པ་མངོན་སུམ་གྱི་ཡུལ་མ་ཡིན་པས་བུམ་པ་མེད་པ་ལ་དག་འཛིན་མངོན་སུམ་ཚད་མ་མིན་ནོ་ཞེ་ན། དག་འཛིན་མངོན་སུམ་ཆོས་ཅན། བུམ་པ་མེད་པ་ལ་ཚད་མ་ཡིན་པར་ཐལ། བུམ་པས་དབེན་པའི་ས་ཕྱོགས་དེའི་རྣམ་པ་བུམ་པ་དང་མ་འདྲེས་པར་ངེས་པར་བྱེད་པའི་ཤུགས་ཀྱིས་གཞན་བུམ་པ་སྤོང་བའི་ཚད་མ་ཡིན་པའི་ཕྱིར། ཇི་ལྟར་བུམ་པ་མ་འདྲེས་པར་ངེས་པར་བྱེད་ནུས་ཤེ་ན། བུམ་པས་དབེན་པའི་ས་ཕྱོགས་བུམ་པ་དང་མ་འདྲེས་པ་ངེས་པར་བྱེད་ནུས་པར་ཐལ། བུམ་པས་དབེན་པའི་ས་ཕྱོགས་དེ་རྣམ་པ་གཞན་བུམ་པ་དང་འདྲེས་ན་ཁྱོད་ཀྱིས་བུམ་པ་སྤོང་བ་དེ་མེད་པ་ལས་སྤོང་བའི་ཕྱིར། མངོན་སུམ་དང་ངེས་ཤེས་གཉིས་ལས་མངོན་སུམ་ཉིད་མེད་པ་ལ་ཚད་མ་ཡིན་པ་དེའི་ཕྱིར་དག་འཛིན་མངོན་སུམ་གྱི་སྟོབས་ལས་སྐྱེས་པའི་མི་དམིགས་པའི་རྣམ་པར་རྟོག་པ་འདི་ནི་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ཚད་མ་གཞན་དག་འཛིན་མངོན་སུམ་གྱི་སྟོབས་ལས་སྐྱེས་པའི་ངེས་ཤེས་ཡིན་པའི་ཕྱིར་དང༌། དབང་པོ་དང་རྟགས་ལ་མི་བརྟེན་པའི་ཕྱིར། རྟགས་ལ་མི་བརྟེན་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་རྟགས་ལ་བརྟེན་པས་སོ་ཞེ་ན། ས་ཕྱོགས་དག་པའི་ཁ་དོག་མཐོང་བ་གང་གིས་དེ་མ་ཐག་པར་སྒྲུབ་པ་དང་དགག་པའི་རྣམ་པར་རྟོག་པ་སྐྱེ་བར་འགྱུར་བ་དེ་ལྟར་སྐྱེས་པའི་དག་འཛིན་དེ་ནི་ཆོས་ཅན། སྣང་རུང་མ་དམིགས་པའི་གཏན་ཚིགས་ལ་བརྟེན་པ་མ་ཡིན་པར་ཐལ། དོན་དག་པ་མཐོང་བའི་ཤེས་པ་ཉིད་ཡིན་པའི་ཕྱིར། དཔེར་ན་སྔོན་པོ་མཐོང་བ་ན་འདི་ནི་སྔོན་པོ་ཡིན་གྱི་སེར་པོ་མ་ཡིན་ནོ་ཞེས་བྱ་བ་སྐྱེ་བའི་མངོན་སུམ་ལྟ་བུའོ། །རྟོགས་ཟིན་གྱི་དོན་ལ་འཇུག་པ་དེའི་ཕྱིར་ངེས་ཤེས་དེ་དག་ནི་ཚད་མ་མ་ཡིན་ནོ། །བལྟར་རུང་མ་དམིགས་པ་ནི་ཁྱད་པར་ཅན་གྱི་ཤེས་པས་མེད་པར་རྟོགས་ན་བལྟར་མི་རུང་ལ་མེད་པ་ཇི་ལྟར་རྟོགས་ཤེ་ན་མི་སྣང་བ་མི་དམིགས་པའི་གཏན་ཚིགས་ཆོས་ཅན། གཞི་འདིར་བལྟར་མི་རུང་གི་དོན་མེད་ངེས་ལས་གཞན་དུ་ཡོད་ངེས་སུ་གཞག་པ་འགོག་ནུས་པར་འགྱུར་གྱི་མེད་ངེས་སུ་བསྒྲུབ་མི་ནུས་ཏེ། ཁྱོད་ལས་གཞི་འདིར་བལྟར་མི་རུང་གི་དོན་ཡོད་མེད་གང་དུའང་ངེས་པར་མི་རུང་བའི་ཕྱིར། དཔེར་ན་སེམས་ཅན་གཞན་གྱི་རྒྱུད་ལ་རྣམ་རྟོག་དང་འདོད་ཆགས་ལ་སོགས་པ་རྟགས་མེད་པར་ཐ་མལ་པས་ཡོད་མེད་གང་དུའང་མི་འགྲུབ་པ་བཞིན་ནོ། །གཏན་ཚིགས་དེ་དག་ཆོས་ཅན། གཞི་འདིར་བལྟར་མི་རུང་བའི་དོན་ལྡོག་པར་བསྒྲུབ་པར་ནུས་པ་མིན་པར་ཐལ། གཞི་འདིར་བལྟར་མི་རུང་གི་དོན་མེད་པར་ངེས་པའི་ཐ་སྙད་ཀྱི་འབྲས་བུ་མེད་པ་ཅན་ཡིན་པའི་ཕྱིར། འོ་ན་གང་གིས་བསྒྲུབ་ནུས་ཤེ་ན། དགག་རྟགས་གཉིས་ཀྱི་དང་པོ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཆོས་ཅན། དགག་བྱའི་ཆོས་ཀྱི་དོན་མེད་ངེས་སུ་བསྒྲུབ་ནུས་པ་ཁྱོད་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཁྱོད་ཀྱིས་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་ཀྱི་དོན་མེད་ངེས་སུ་བསྒྲུབ་པར་ནུས་པའི་ཕྱིར། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའི་བཤད་པ་དག་གོ །བསྡུ་བྱ་རང་བཞིན་མི་དམིགས་པ་བཤད་ཟིན་ཏོ། །འོ་ན་སྣང་རུང་མ་དམིགས་པ་འདི་ཇི་ལྟར་སྦྱོར་ཞེ་ན། སྦྱོར་ཚུལ་སྟོན་པ་ནི། མ་དམིགས་པའི་གཏན་ཚིགས་རང་གི་སྦྱོར་བ་དག་ཆོས་ཅན། ཁྱོད་ལ་རྟགས་ཀྱི་སྦྱོར་ཚུལ་གཉིས་ཡོད་དེ། མི་དམིགས་པའི་རང་གི་ངོ་བོ་རྟགས་སུ་སྦྱོར་བའམ་དགག་བྱའི་ཆོས་ཀྱི་དོན་ལ་གནོད་པར་བྱེད་པའི་ངོ་བོ་སྟེ་འགལ་ཟླ་རང་གི་ཡོད་ན་ཡོད་པའི་སྟོབས་ལས་གཅིག་ཤོས་རྒྱུན་ལྡོག་ནས་མེད་པར་འགྱུར་བའི་དངོས་པོ་རྟགས་སུ་བཀོད་པ་དང་གཉིས་ཡོད་པའི་ཕྱིར། རམ་གྱི་སྒྲས་ཕན་ཚུན་སྤང་འགལ་སྡུད་དོ། །མེད་པར་ངེས་པའི་ཐ་སྙད་ཀྱི་འབྲས་བུ་ཅན་དགག་བྱའི་ཆོས་ལྡོག་པའམ་མེད་ངེས་སུ་བསྒྲུབ་པའི་མི་དམིགས་པའི་གཏན་ཚིགས་ཀྱི་སྦྱོར་ཚུལ་ལ་གཉིས་ལས་འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་ཀྱི་སྦྱོར་ཚུལ་ནི། འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་ཆོས་ཅན། གང་གི་ཚེ་ཁྱོད་རབ་ཏུ་སྦྱོར་བ་དེའི་ཚེ་མི་དམིགས་པ་རང་གི་ངོ་བོ་རྟགས་སུ་སྦྱོར་བར་བྱ་སྟེ། རྟགས་རང་ཉིད་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་མེད་པ་རྟགས་སུ་བཀོད་པའི་སྒོ་ནས་ཆོས་ཅན་གྱི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་བསྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དཔེར་ན་གཞི་འདི་ན་དུ་བ་མེད་དེ། དུ་བ་ཡོད་ན་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར། འདི་ན་ཤིང་ཤ་པ་མེད་དེ། ཤིང་མེད་པའི་ཕྱིར། རྒྱ་མཚོ་འདི་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་རོ་ཞེ་བྱ་བ་ལྟ་བུའམ། འགལ་ཟླ་བསྒྲུབ་པའི་སྦྱོར་ཚུལ་ནི། འབྲེལ་ཡུལ་མ་དམིགས་པ་ལས་ཡང་ན་དགག་པར་བྱ་བའི་དོན་ལ་གནོད་པར་བྱེད་པའི་ངོ་བོ་རྟགས་སུ་ཉེ་བར་བཀོད་པའི་སྒོ་ནས་རབ་ཏུ་སྦྱོར་ཏེ། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་པ་ལྟ་བུ་སྟེ་སྔར་དཔེར་བརྗོད་པ་བཞིན་ནོ། །གནོད་པར་བྱེད་པའི་འགལ་བ་དེ་ཡང་ཇི་ལྟར་རྟོགས་ཤེ་ན། གཞན་སྣང་བ་ཆོས་ཅན། མུན་པ་དང་འགལ་བར་རྟོགས་སྟེ། གཞི་འགའ་ཞིག་ཏུ་ཁྱོད་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལས་ཁྱོད་ཡོད་ན་མུན་པ་ལྡོག་ནས་མེད་པར་འགྱུར་བའི་ཕྱིར། དཔེར་ན་གྲང་བའི་རེག་པ་དང་དྲོ་བའི་རེག་པ་བཞིན་ནོ། །ལྷན་ཅིག་མི་གནས་འགལ་བསྟན་ནས། །ཕན་ཚུན་སྤངས་འགལ་སྟོན་པ་ལ། །ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །བརྟན་དངོས་དང་ནི་འཇིག་པ་བཞིན། །ཞེས་གསུངས་པ་འགྲེལ་པ་ནི། ལྷན་ཅིག་མི་གནས་པའི་འགལ་བ་ལས་ཡང་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡང་ཡོད་པ་ཡིན་ཏེ། རྟག་པ་དང་མི་རྟག་པ་བཞིན་ནོ། །ཚད་མས་གནོད་པའི་འགལ་བ་སྟོན་པ་ལ། ཚད་མས་གནོད་པའི་ཕྱིར་ཡང་སྟེ། །ལྟོས་བཅས་དང་ནི་ངེས་དངོས་བཞིན་ཞེས་གསུངས་པ་འགྲེལ་བ་ནི། དངོས་སུ་འགལ་བ་ལས་ཡང་ན་བརྒྱུད་པས་འགལ་བ་ནི། བརྒྱུད་འགལ་སྟོན་པའི་སྐབས་འདིར་ཆོས་ཅན། མི་རྟག་པར་མ་ཟད་མི་རྟག་པ་དེའི་རྟགས་བྱས་པ་དང་རྟག་པ་ཡང་འགལ་བར་འགྱུར་ཏེ། རྟག་པ་དེ་ཉིད་ལ་མི་རྟག་པར་ཚད་མས་གྲུབ་པའི་དོན་གྱིས་དངོས་སུ་གནོད་པར་བྱེད་པ་ཡིན་པའི་ཕྱིར། དཔེར་ན་ངེས་པ་ལ་ངེས་མེད་ཀྱིས་དངོས་སུ་གནོད་པས་ལྟོས་པ་དང་བཅས་པ་ཡང་ངེས་པའི་དངོས་པོ་དང་འགལ་བ་བཞིན་ནོ། །དཔེ་མ་གྲུབ་བོ་སྙམ་ན། དཔེ་བསྒྲུབ་པའི་ཚད་མ་ཡང་བསྟན་པ་ནི། འཇིག་པ་དེའི་རྒྱུ་དོན་གཞན་ཡོད་པར་སྨྲ་བ་རྣམས་ཀྱིས་སྐྱེ་བ་དང་ལྡན་པར་ཁས་བླངས་པའི་བུམ་པ་དག་ནི་ཆོས་ཅན། འཇིག་པར་ངེས་པ་མེད་པར་ཐལ། འཇིག་པ་དེའི་ངོ་བོར་འགྱུར་བ་འཇིག་རྒྱུ་གཞན་ལ་ལྟོས་པའི་ཕྱིར། རྟགས་ཁས་བླངས་སོ། །ཁྱབ་པ་བསྒྲུབ་པ་ནི། འཇིག་པར་འགྱུར་བ་འཇིག་རྒྱུ་དོན་གཞན་ལ་ལྟོས་པར་ཁས་བླངས་པའི་བུམ་པ་དེ་ནི་ཆོས་ཅན། དངོས་པོ་གང་ཞིག་འཇིག་པ་གང་གི་ངོ་བོར་འགྱུར་བ་ཕྱིས་འབྱུང་གི་འཇིག་རྒྱུ་ལ་ལྟོས་པ་ཡིན་ན། གྲུབ་ཙམ་ནས་འཇིག་པ་དེའི་ངོ་བོར་ངེས་པར་འགྱུར་བ་མིན་དགོས་ཏེ། འཇིག་པར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་ཡིན་ན། གྲུབ་ཙམ་ནས་འཇིག་པར་མ་ངེས་པའི་ཕྱིར། དཔེར་ན་གོས་སེར་པོར་འགྱུར་བ་ཚོན་ལ་ལྟོས་ན་གྲུབ་ཙམ་ནས་སེར་པོར་མ་ངེས་པ་བཞིན་ནོ། །འཇིག་པ་དེའི་རྒྱུ་རྣམས་ཀྱང་འཇིག་པ་སྐྱེད་བྱེད་དེར་ངེས་པའི་ཕྱིར། ལྟོས་བཅས་ཡིན་ན་འཇིག་ངེས་མིན་པར་ཐལ་བའི་སྐྱོན་མེད་དོ་ཞེ་ན། བུམ་པའི་འཇིག་རྒྱུར་འདོད་པའི་ཐོ་བ་ལ་སོགས་པ་དེ་དག་ཆོས་ཅན། བུམ་པའི་འཇིག་པ་བསྐྱེད་ངེས་མིན་པར་ཐལ། ཁྱོད་ཀྱིས་བུམ་པའི་འཇིག་པ་བསྐྱེད་པ་ལ་མཐུན་རྐྱེན་ཚང་བ་དང་གེགས་མེད་པར་མ་ངེས་པའི་ཕྱིར་རོ། །ཇི་ལྟར་མ་ངེས་ཤེ་ན། གནས་མ་བུའི་སྡེ་པ་ཆོས་ཅན། བུམ་པ་དེ་ཡོད་ན་རང་གི་རྒྱུའི་ཚོགས་པ་ལ་རག་ལས་ནས་གྲུབ་པའི་བུམ་པ་དེ་འཇིག་པར་བསྐྱེད་པ་ལ་མངོན་དུ་ཕྱོགས་པ་ཕྱིས་འབྱུང་གི་འཇིག་རྒྱུ་དོན་གཞན་དག་ཀྱང་གདོན་མི་ཟ་བར་ཡོད་པར་འགྱུར་བ་ནི་མ་ཡིན་པར་ཐལ། འཇིག་རྒྱུ་རྣམས་གཞན་གཞིག་བྱ་ལ་རག་མ་ལས་པའི་ཕྱིར་རོ། །རག་ལས་སོ་ཞེ་ན། དེའི་ཆོས་ཡིན་ན་ཡང་བུམ་པ་དེ་ཆོས་ཅན། ཁྱོད་སྐད་ཅིག་མ་ཉིད་དུ་འདོད་པར་རིགས་པར་ཐལ། ཁྱོད་འཇིག་རྒྱུ་དེ་ཉིད་ལས་འཇིག་པའི་ཕྱིར། གཞིག་བྱ་ལས་གཞན་འཇིག་རྒྱུ་དེ་ལས་འཇིག་པ་སྐྱེ་བས་སྐད་ཅིག་མར་མི་འདོད་དོ་ཞེ་ན། བུམ་པ་ནི་ཆོས་ཅན། ཕྱིས་ཀྱང་འཇིག་པ་མེད་པར་ཐལ། སྔར་འཇིག་པ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། སྐད་ཅིག་མ་མིན་པ་དེ་ཉིད་ལ་སྔ་ཕྱིའི་ཁྱབ་པར་མེད་པའི་ཕྱིར། བུམ་པའམ་དེའི་རྒྱུ་མི་རྟག་པར་ངེས་བྱེད་ཀྱི་རྒྱུར་འདོད་ན། གནས་མ་བུའི་སྡེ་པ་ཆོས་ཅན། དངོས་པོ་མི་རྟག་པ་དེའི་ངོ་བོའམ་དངོས་པོའི་རྒྱུ་དེ་དངོས་པོའི་མི་རྟག་པ་སྐྱེད་བྱེད་དུ་ཅི་སྟེ་མི་འདོད་དེ་འདོད་རིགས་པར་ཐལ། དངོས་པོ་དེའམ་དེའི་རྒྱུ་དངོས་པོའི་མི་རྟག་པ་ཉིད་ཀྱི་རྒྱུ་ངེས་པར་བྱེད་པའི་རང་བཞིན་དུ་ཁས་ལེན་པའི་ཕྱིར། འདོད་ན། དངོས་པོ་འཇིག་རུང་དེ་ལས་འཇིག་པ་སྐྱེ་བའི་བརྒྱུད་པས་ཅི་ཞིག་བྱ་སྟེ་མི་དགོས་པར་ཐལ། མཐར་ཡང་དངོས་པོ་ཉིད་འཇིག་པ་དེའི་རང་གི་ངོ་བོ་ཉིད་དམ་དངོས་པོའི་རྒྱུ་དངོས་པོའི་འཇིག་པ་དེའི་ངོ་བོར་ཁས་བླངས་པའི་རང་བཞིན་ཡིན་པའི་ཕྱིར། ལྟོས་བཅས་དང་ངེས་པའི་དངོས་པོ་འགལ་བར་བསྟན་པ་འདིས་ནི་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ཀྱིས་རེས་འགའ་བའི་ངོ་བོ་ཉིད་ལྟོས་པ་མེད་པ་དང་འགལ་བ་ཡང་ཤུགས་ལ་བཤད་པ་ཡིན་པའི་ཕྱིར། གལ་ཏེ་ངེས་པ་དང་ངེས་མེད་འགལ་བ་དེ་ལྟ་བུ་དག་ཀྱང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ནས་འགལ་བ་ཡིན་ཏེ། ངེས་པ་མེད་པས་ངེས་པ་ལ་གནོད་པའི་ཕྱིར། ཚད་མས་ནི་ངེས་པའི་འགལ་ཟླ་ངེས་མེད་སྒྲུབ་པར་བྱེད་པ་ཡིན་ལ། གནོད་པ་ནི་འགལ་ཟླ་ངེས་མེད་དེ་ཉིད་ཀྱིས་གནོད་པ་ཡིན་ཏེ། དེའི་ཕྱིར་ངེས་པ་དང་ངེས་མེད་འགལ་བ་ཡིན་ལ། ངེས་པ་དང་ངེས་མེད་དུ་མ་ཟད་ལྟོས་བཅས་དང་ངེས་པ་འགལ་བ་དེ་ལྟ་བུ་དག་ཀྱང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཁོ་ནས་འགལ་བ་ཡིན་ཏེ། འགལ་ཟླས་གནོད་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་ཚད་མས་གནོད་པས་འགལ་བ་ནི་འགལ་བ་སྔ་མ་ལས་གཞན་མིན་པས་ལོགས་སུ་བཞག་པར་བྱ་བ་མ་ཡིན་ནོ་ཞེ་ན། ལྟོས་བཅས་ཆོས་ཅན། ངེས་པའི་དངོས་པོ་དང་ཕན་ཚུན་སྤངས་འགལ་ཡིན་པར་བདེན་ཏེ། ངེས་པ་དང་དངོས་སུ་འགལ་བ་ངེས་མེད་ཀྱིས་ཁྱབ་པའི་རང་བཞིན་གྱིས་ཀྱང་དོན་དུའམ་ཤུགས་ལ་ངེས་པ་དང་འགལ་བའི་ཕྱིར། འགལ་བ་སྔ་མ་ལས་ཐ་དད་དུ་བྱེད་པའི་དགོས་པ་བསྟན་པ་ནི། འགལ་བ་སྔ་མ་ལས་ལོགས་སུ། ཚད་མས་གནོད་པའི་ཕྱིར་ཡང་སྟེ་ཞེས་དེ་སྐད་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། དགག་བྱའི་ཆོས་དང་འགལ་བའི་ཁྱབ་བྱ་དེ་རྟགས་སུ་ཉེ་བར་བཀོད་པས་འགལ་ཟླ་འགོག་པའི་མི་དམིགས་པའི་སྦྱོར་བར་འགྱུར་རོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། དཔེར་ན་དཔེ་བརྗོད་མ་ཐག་པའི་ལྟོས་བཅས་དང་ནི་ངེས་དངོས་བཞིན་ཞེས་པའི་སྦྱོར་བ་དེ་ཉིད་བཞིན་ནོ། །མི་སྣང་ངེས་པ་མི་རུང་ཕྱིར། །གཞན་དུ་གཞག་པ་འགོག་འགྱུར་དཔེར། །ཞེས་དང༌། ངེས་པར་བསྒྲུབ་ཕྱིར་གཏན་ཚིགས་ལ། །དང་པོའི་དབང་དུ་བྱས་པ་ཡིན། །ཞེས་པའི་གཞུང་ལས་འཕྲོས་པའི་རྩོད་པ་བརྗོད་པ་ནི། ཅི་སྟེ་སྣང་རུང་མ་དམིགས་པས་མེད་པའི་ཐ་སྙད་བསྒྲུབ་ཅིང་མི་སྣང་བ་མ་དམིགས་པས་ཡོད་པའི་ཐ་སྙད་འགོག་ན། གཙོ་བོ་ལ་སོགས་པ་དེ་དག་ནི་ཡོད་པ་མིན་ཏེ། མ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་རྟགས་མ་ཡིན་པར་འགྱུར་ཏེ། འདི་ལ་ཇི་ལྟར་མེད་པའི་ཐ་སྙད་བསྒྲུབ་པའམ་ཡོད་པའི་ཐ་སྙད་བཀག་པར་འགྱུར་ཏེ་མི་འགྱུར་བས་སོ། །ཇི་ལྟར་མི་འགྱུར་ཞེ་ན། གཙོ་བོ་ཡི་དོན་དེ་དགག་པ་ལ་ཆོས་ཅན་གཙོ་བོ་བརྗོད་པའི་ཚིག་སྦྱོར་བ་མེད་དགོས་ཏེ། དོན་ལ་སྐུར་པ་འདེབས་ན་སྒྲ་སྦྱོར་བ་མི་སྲིད་པའི་ཕྱིར། སྦྱོར་ན་ནི་གཙོ་བོ་དེ་མ་བཀག་པའི་ཕྱིར་དགག་ཡུལ་མེད་པར་འགྱུར་ལ། དགག་ཡུལ་མེད་པའི་བཀག་པ་མི་རུང་ངོ་ཞེ་ན། ཁྱོད་ཀྱི་རྩོད་པ་འཇུག་པའི་སྐྱོན་འདི་ནི་མེད་དེ། འདི་ལྟར་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབ་པའི་སྒྲ་དོན་གྱི་ཆོས་ནི་ཆོས་ཅན། རྣམ་པ་གསུམ་ཡོད་དེ། ཡོད་པ་དང་མེད་པ་དང་གཉིས་ལ་བརྟེན་པའི་སྒྲ་དོན་རྣམས་ཡོད་པའི་ཕྱིར། སྒྲ་དོན་དེ་ནི་གཙོ་བོ་དངོས་པོ་བའི་ཉེར་ལེན་ཅན་དུ་མེད་པ་དེ་ལྟ་བུར་བསྒྲུབ་པར་ཐལ། གཙོ་བོ་དངོས་པོ་བའི་ཉེར་ལེན་ཅན་དུ་ཡོད་ན་ཚད་མས་དམིགས་སུ་རུང་བ་ལས་ཡོད་པར་མི་དམིགས་པ་གཏན་ཚིགས་ཡིན་ནོ། །གཙོ་བོའི་སྒྲ་དོན་དེ་ཉིད་ནི་ཆོས་ཅན། ཀུན་རྫོབ་ཏུ་མེད་པ་མིན་ཏེ། གཙོ་བོ་ཞེས་པའི་སྒྲ་སྦྱོར་བའི་ཕྱིར། གྲངས་ཅན་ཆོས་ཅན། གཙོ་བོའི་རང་གི་མཚན་ཉིད་བཀག་ན་ཆོས་ཅན་གཙོ་བོ་ཞེས་བརྗོད་པའི་ཚིག་སྦྱོར་བ་མེད་པའི་སྐྱོན་འདི་ནི་མེད་དེ། འདི་ལྟར། རྗོད་བྱེད་ཀྱི་སྒྲ་འདི་དག་རང་གི་མཚན་ཉིད་ཀྱི་དངོས་ཀྱི་ཡུལ་ཅན་མ་ཡིན་པའི་ཕྱིར། མ་ཡིན་ཏེ། ཐོག་པ་མེད་པའི་དུས་ཅན་གྱི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་པ་སྟེ། རྟོག་པ་ལ་སྣང་བའི་དོན་བརྡ་བྱེད་པ་པོས་བརྡའི་ཡུལ་ཉིད་དུ་བདག་གིར་བྱེད་པ་ཡིན་པའི་ཕྱིར། ཇི་ལྟར་རྟོག་པ་ལ་སྣང་ཞེ་ན། སྒྲ་དོན་དེ་ནི་ཆོས་ཅན། འཆད་པ་པོའི་རྣམ་པར་རྟོག་པ་ལ་བརྟེན་པ་སྟེ་སྣང་བ་ཡིན་ཏེ། འཆད་པ་པོའི་རྟོག་པ་ལ་ཇི་ལྟར་སྣང་བའི་དངོས་པོ་བསྟན་པར་འདོད་པས་ཁྱོད་ལ་བརྡ་དངོས་སུ་སྦྱོར་བའི་ཕྱིར། དང་སྡུད་ཚིག་གོ །ཉན་པ་པོའི་རྣམ་པར་རྟོག་པ་ལ་སྣང་བ་ཡིན་ཏེ། ཉན་པ་པོ་ལ་རྗོད་བྱེད་ཀྱི་སྒྲ་ཁྱོད་ལས་དོན་དེའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་བསྐྱེད་པའི་ཕྱིར། རང་མཚན་སྒྲའི་ཡུལ་མ་ཡིན་པའི་རིགས་པ་གཞན་ཡང༌། རང་མཚན་ཆོས་ཅན། སྒྲ་དེའི་དངོས་ཡུལ་དུ་ངེས་པར་ནུས་པ་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲའི་ཉེ་བར་ལེན་པ་འཆད་པོའི་རྟོག་པ་དང་འབྲས་བུ་ཉན་པ་པོའི་རྟོག་པའི་ཤེས་པ་ལ་སྣང་བ་མ་ཡིན་པའི་ཕྱིར། ཡོད་མེད་གཉིས་ཀ་ལ་བརྟེན་པའི། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །ཞེས་པའི་དོན་བཤད་པ་ནི། ཡོད་མེད་ལ་སོགས་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་དེ་ནི་ཆོས་ཅན། ཁྱོད་ལ་སྣང་བའི་ཡོད་མེད་ལ་སོགས་པའི་དོན་སྤྱི་ལ་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཆོས་སུ་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། ཁྱོད་ལ་སྣང་བའི་ཡོད་མེད་ལ་སོགས་པའི་སྤྱི་ལ་ཡོད་མེད་ལ་སོགས་པར་རྣམ་པར་ཞེན་པའི་དབང་གིས་ཁྱོད་ལ་སྣང་བའི་སྤྱི་ལ་ཡོད་པ་དང་མེད་པ་དང་གཉིས་ཀའི་ཆོས་ཞེས་བརྗོད་པའི་ཕྱིར། ཅིའི་ཕྱིར་རང་ལ་སྣང་བ་ལ་དོན་དུ་ཞེན་ཞེ་ན། རང་ལ་སྣང་བའི་ཡོད་མེད་ལ་སོགས་པའི་སྤྱི་ལ་ཡོད་པ་དང་མེད་པ་ལ་སོགས་པར་ཞེན་པར་འགྱུར་ཏེ། ཡོད་པ་དང་མེད་པ་དང་གཉིས་ཀའི་ཤེས་པས་བསྐྱེད་པའི་བག་ཆགས་ལས་བྱུང་བའི་ཞེན་པ་ཡིན་པའི་ཕྱིར། སྒྲ་དོན་ཆོས་ནི་རྣམ་པ་གསུམ། །དེ་དངོས་ཉེར་ལེན་ཅན་མིན་པར། །བསྒྲུབ་ལ། ཞེས་པའི་དོན་བཤད་པ་ནི། སྒྲ་དོན་གྱི་རང་བཞིན་དེ་ལྟ་བུ་ཡིན་པ་དེའི་ཕྱིར། སྒྲ་དོན་དེ་ཆོས་ཅན། ཁྱོད་དངོས་པོའི་ཉེར་ལེན་ཅན་མ་ཡིན་པར་རྟགས་ཀྱིས་བསྒྲུབ་པ་ལ་ཆོས་ཅན་ཡིན་ཏེ། སྒྲ་དོན་དངོས་པོའི་ཉེར་ལེན་ཅན་མ་ཡིན་པར་བསྒྲུབ་པའི་ཕྱོགས་བཏགས་པ་བ་གང་ཞིག ཆོས་ཅན་སྒྲ་དོན་དེ་ལ་དཔྱོད་པ་གནས་པ་རྣམས་ཀྱིས་གཙོ་བོའི་སྒྲ་ལས་སྣང་བའི་དོན་འདི་དངོས་པོའི་ཉེ་བར་ལེན་པ་ཅན་ཡིན་ནམ་འོན་ཏེ་མིན་ཞེས་ཡོད་པ་དང་མེད་པ་ཉིད་དུ་སེམས་པར་བྱེད་པའི་གཞི་ཡིན་པའི་ཕྱིར། སྒྲ་དོན་དེ་ནི་ཆོས་ཅན། ཁྱོད་ཀུན་རྫོབ་ཏུ་མེད་ཅེས་སྤང་བར་འོས་པ་མིན་ཏེ། སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར། དེས་ན་ཆོས་ཅན་མ་གྲུབ་པའི་སྐྱོན་ལས་ཀྱང་གྲོལ་ལོ། །སྒྲ་ལས་སྣང་བ་དེ་ཉིད་རང་མཚན་ནོ་སྙམ་ན། གྲངས་ཅན་ཆོས་ཅན། སྒྲ་དོན་དེ་ཉིད་རང་གི་མཚན་ཉིད་ཡིན་ཞེས་པ་ནི་བརྗོད་པར་མི་ནུས་ཏེ། མ་ཐོབ་པ་མ་འོངས་པ་དང་འགགས་པ་འདས་པའི་དོན་གང་ལ་ཡང་སྒྲ་དོན་དེ་མི་ལྡོག་པའི་ཕྱིར་དང༌། སྒྲ་དོན་དེ་དངོས་པོ་ལ་ཕྱིན་ཅི་ལོག་གི་རྣམ་པར་མངོན་པར་ཞེན་པ་མུ་སྟེགས་བྱེད་གཞན་གྱི་ཤེས་པ་ལ་ཡང་སྣང་བའི་ཕྱིར། དེ་ཉིད་ཚིགས་སུ་བཅད་པས་སྡུད་པའི་བཤད་པ་ནི། མཐའ་གཅིག་ཏུ་རྗོད་བྱེད་ཀྱི་སྒྲ་དོན་དམ་ཁོ་ན་ལ་འཇུག་པར་འདོད་ན། གཞན་དག་གིས་རྟག་ཆད་ཀྱི་ལྟ་བའི་བྱེ་བྲག་གིས་བཏགས་པའི་དོན་རྣམས་ལ་ནི་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་རྣམས་འཇུག་པར་མི་འགྱུར་བར་ཐལ། རྗོད་བྱེད་ཀྱི་སྒྲ་དག་འཇུག་པའི་རྒྱུ་རང་མཚན་དུ་མེད་པ་ཅན་ཡིན་པའི་ཕྱིར། ཞིང་སྡུད་ཚིག་གོ །གྲངས་ཅན་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་དོན་དམ་ཁོ་ན་ལ་འཇུག་པ་མ་ཡིན་པར་ཐལ། འཇུག་ན་འདས་པ་དང་མ་སྐྱེས་པ་ལ་ཡང་རྗོད་བྱེད་ཀྱི་སྒྲ་མི་འཇུག་པར་ཐལ་བ་དང༌། ཚིག་འགའ་ཞིག་ཀྱང་རྫུན་པའི་དོན་ཅན་ཉིད་དུ་མི་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། དེས་ན་རྗོད་བྱེད་ཀྱི་སྒྲ་འདི་དག་རྟོག་པའི་བློ་ལ་སྣང་བའི་དོན་གྱི་ཡུལ་ཅན་ཉིད་དུ་འདོད་དོ། །དེ་ནི་དེ་ལྟ་བུར། །མི་དམིགས་གཏན་ཚིགས་ཞེས་པའི་དོན་བཤད་པ་ནི། གཙོ་བོ་དངོས་པོའི་ཉེར་ལེན་ཅན་དེ་ལྟར་དུ་ཡོད་ན་ཚད་མས་དམིགས་སུ་རུང་བ་ལས་ཡོད་པར་ཚད་མས་མ་དམིགས་པའི་གཏན་ཚིགས་ཆོས་ཅན། གཙོ་བོའི་སྒྲ་དོན་དེ་ལ་རྟག་པ་ལ་སོགས་ཇི་ལྟར་འདོད་པའི་རང་བཞིན་གྱི་ཉེ་བར་ལེན་པ་ཅན་མ་ཡིན་པ་བསྒྲུབ་པར་བྱ་བ་ལ། སྒྲུབ་པར་བྱེད་པའི་ཆོས་སུ་མ་གྲུབ་པ་མིན་ཏེ། ཁྱོད་ཀྱིས་དེ་ལྟར་བསྒྲུབ་པར་ཤེས་འདོད་ཆོས་ཅན་གཙོ་བོའི་སྒྲ་དོན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་ཕྱིར། དེ་ཉིད་ནི། །མེད་པ་ལ་ཡང་སྒྲ་སྦྱོར་ཕྱིར། །ཞེས་པའི་དོན་བཤད་པ་ནི། སངས་རྒྱས་ཆོས་ཅན། འདིར་སྒྲའི་རྣམ་པར་རྟོག་པ་ལ་སྣང་བའི་དོན་དེ་ཉིད་མེད་ཅེས་བསྙོན་པ་ཡང་མིན་ཏེ། དོན་དེ་བློ་ལ་བཞག་པའི་དོན་དུ་སྒྲ་སྦྱོར་བའི་ཕྱིར་དང༌། སྒྲ་དོན་དེ་མེད་ན་སྒྲ་སྦྱོར་བ་དེ་ཡང་མི་རུང་བའི་ཕྱིར་རོ། །མ་དམིགས་པའི་གཏན་ཚིགས་ཀྱི་དོན་གསུམ་བསྟན་པ་ལས་གཞན་རྟོག་ལྡན་གྱི་འཇུག་ཡུལ་དཔྱད་པ་ཡང་བསྟན་པ་ནི། སྒྲ་དོན་ལ་བསྙོན་པ་མེད་པའི་འབྲས་བུ་དོན་གཉེར་གྱི་གང་ཟག་རྣམས་ཀྱིས་ཡོད་པ་དང་མེད་པའི་ཕྱོགས་ཀྱི་བྱེ་བྲག་གིས་བརྟགས་ནས་དངོས་པོ་ཉིད་ལ་དཔྱད་པར་བྱ་སྟེ། འབྲས་བུ་འབྱུང་བ་དངོས་པོ་དེ་ལ་རག་ལས་པའི་ཕྱིར། ཅི་ལྟར་རག་ལས་ཤེ་ན། འབྲས་བུ་འབྱུང་བ་དངོས་པོ་ཁོ་ན་ལ་རག་ལས་པར་ཐལ། སྒྲའི་དོན་ནི་ཡོད་དམ་མེད་ཀྱང་རུང་སྟེ། སྒྲ་དོན་ལ་སྐྱེས་བུའི་དོན་ཅུང་ཞིག་ཉམས་པའམ་འགྲུབ་པ་མ་ཡིན་པའི་ཕྱིར་ཏེ། སྒྲ་དོན་དེ་ཇི་ལྟར་མངོན་པར་ཞེན་པ་བཞིན་དུ་དེ་ཁོ་ན་ཉིད་རང་མཚན་མ་ཡིན་པའི་ཕྱིར་དང༌། དེ་ཁོ་ན་ཉིད་རང་མཚན་ཇི་ལྟ་བ་བཞིན་དུ་འདོད་པའི་དོན་སྒྲུབ་བྱེད་དུ་མེད་པའི་ཕྱིར། མེད་པ་དེའི་ཕྱིར། རྟོག་ལྡན་གྱི་འཇུག་ཡུལ་དཔྱོད་པ་འདིར་ཆོས་ཅན། དུས་ཐམས་ཅད་ཀྱི་ཚེ་རྟོག་ལྡན་འདི་ཡུལ་གང་ལ་འདོད་དོན་སྒྲུབ་བྱེད་དུ་ཡོད་པ་དང་མེད་པར་དཔྱོད་པ་འཇུག་པ་ན་རྣམ་པར་རྟོག་པའི་སྣང་བ་སྤངས་ཏེ་སྐྱེས་བུའི་དོན་འདིར་འབྲེལ་བ་དངོས་པོ་ཉིད་ལ་ཡོད་པར་རྟོག་དཔྱོད་གནས་པར་བྱེད་རིགས་ཏེ། འབྲས་བུ་འབྱུང་བ་དངོས་པོ་ལ་རག་ལས་པའི་ཕྱིར། ཇི་ལྟར་གྲང་བ་སེལ་བ་ལ་སོགས་པ་ལ་མེ་དགོས་པ་བཞིན་ནོ། །དངོས་པོ་དང་སྒྲ་དོན་གཉིས་པོ་དེ་ལ་སྒྲའི་དོན་གྱིས་ནི་དོན་བྱེད་ནུས་པ་མ་ཡིན་ཏེ། སྒྲ་དོན་དེ་ཉམས་སུ་མྱོང་བར་གྱུར་ཀྱང་སྒྲ་དོན་དེ་ལ་དོན་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་སྒྲ་དོན་དེ་ཆོས་ཅན། དོན་བྱ་བ་དོན་དུ་གཉེར་བ་འདིས་ཁྱོད་ཆེད་དུ་གཉེར་བར་རིགས་པ་མིན་ཏེ། ཁྱོད་ཀྱིས་དོན་བྱེད་མི་ནུས་པའི་ཕྱིར། འདོད་པ་དང་ལྡན་པ་དག་འདོད་ཆགས་སེལ་བའི་ཕྱིར་དུ་མ་ནིང་གཟུགས་བཟང་བ་དང་ངན་པ་བརྟག་པ་ལྷུར་ལེན་པ་ནི་རིགས་པ་མིན་པ་བཞིན་ནོ། །རྟོག་པ་ལ་སྣང་བའི་དོན་དེ་ཉིད་ལ་བསྙོན་པ་ཡང་མ་ཡིན་ཞེས་བཤད་པ་ལ་སློབ་དཔོན་གྱི་ལུང་དང་འགལ་བར་རྩོད་པ་སྤང་བའི་དོན་དུ་ཕྱོགས་སྔ་མ་དགོད་པ་ནི། སྒྲ་དོན་མི་འགོག་ན་གང་ཡང་ཀུན་བཏུས་ལས། འདི་སྐད་དུ་བརྟགས་པའི་ཆོས་མི་དམིགས་པ་ཞེས་བརྟགས་པའི་ཆོས་མ་དམིགས་པ་རྟགས་སུ་བཀོད་ནས་བརྟགས་པ་འགོག་པར་བཤད་པའི་དོན་ཅི་ཡིན་ཏེ་འདི་དང་འགལ་ཞེ་ན། ཕྱོགས་ཀྱི་གླང་པོ་ཆོས་ཅན། སྒྲ་དོན་མི་འགོག་ན་བརྟགས་པའི་ཆོས་མི་དམིགས་པ་ཞེས་པའི་ཁྱེད་ཀྱི་ལུང་དང་འགལ་མི་དགོས་པར་ཐལ། ཁྱེད་ཀྱི་ལུང་གི་དགོངས་པ་ནི་རྟོག་པའི་ཤེས་པའི་ཡུལ་ཡིན་པ་ཉིད་ཀྱིས་སྒྲའི་དོན་ཉིད་ལ་བརྟགས་པར་བརྗོད་པ་ཡིན་ལ། དངོས་པོ་ལ་བརྟེན་པར་ཡོད་ན་དམིགས་སུ་རུང་བ་ལས་མི་དམིགས་པ་ཉིད་ནི་བརྟགས་པ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡིན་པས་བརྟགས་པ་དེའི་ཆོས་ཡིན་ནོ་ཞེས་འདི་ཡིན་པའི་ཕྱིར། མདོར་ན་མི་དམིགས་པ་ཞེས་བྱ་བ་ནི། དངོས་པོའི་ཉེར་ལེན་ཅན་དུ་མི་དམིགས་ཞེས་བྱ་བ་ཡིན་ནོ། །རྣམ་དག་རིགས་པའི་འཆི་མེད་ལམ་བཟང་ལ། །རྣམ་ངེས་གཞུང་གི་ཀུ་མུད་རྒྱས་པའི་གཉེན། །བདག་གི་བློ་གྲོས་རབ་དཀར་སྟོན་ཟླ་དང༌། །ལེགས་བཤད་རྒྱུ་སྐར་འཕྲེང་བ་རབ་ཏུ་གསལ། །ཡོད་པའི་གཏན་ཚིགས་ལ་འཁྲུལ་བ་སྤང་བ་ལ་རྩོད་པའི་སྐབས་དབྱེ་བ་ནི། རང་བཞིན་མི་དམིགས་པའི་གཏན་ཚིགས་དེ་ནི་ཆོས་ཅན། རང་བཞིན་གཏན་ཚིགས་དེ་དཔེར་བརྗོད་པ་ཉིད་ཀྱིས་ཁྱོད་དཔེར་བརྗོད་པ་ཡིན་ཏེ། ཁྱོད་རང་བཞིན་གཏན་ཚིགས་ཀྱི་ནང་དུ་འདུས་པ་ཡིན་ནོ་ཞེས་པ་འདི་ནི་གནས་པ་ཡིན་ཏེ། དེའི་ཕྱིར་རང་བཞིན་གཏན་ཚིགས་དེ་ཡང་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། ཁྱོད་ལ་སྒྲ་འཇིག་པར་བསྒྲུབ་པར་བྱ་བ་ལ་བྱས་པ་རྟགས་སུ་བཀོད་པ་ཁྱད་པར་གྱི་བྱེ་བྲག་ལ་ལྟོས་པ་དང༌། ཡོད་པ་ཉིད་རྟགས་སུ་བཀོད་པ་འབའ་ཞིག་པ་དག་པ་བ་དང་གཉིས་ཡོད་པའི་ཕྱིར། རང་བཞིན་གྱི་གཏན་ཚིགས་གཞན་དག་ཀྱང་དེ་བཞིན་དུ་བསྟན་པར་བྱ་བ་ཡིན་ནོ་ཞེས་ལེའུ་གཉིས་པར་བརྗོད་ཟིན་ཏོ། །ཡོད་པ་རྟགས་སུ་བཀོད་པ་དེ་ལ་གྲངས་ཅན་གྱི་འདོད་པ་བརྗོད་པ། གལ་ཏེ་ཡོད་པ་རང་བཞིན་གཏན་ཚིགས་ཡིན་ན་ཡོད་པ་ཇི་ལྟར་བསྒྲུབ་བྱ་མིན་ཏེ་ཡིན་ནོ་ཞེས་བརྗོད་པ་ལ། སངས་རྒྱས་པས། འོ་ན་ཡོད་པའི་བྱེ་བྲག་བསྒྲུབ་བྱའི་ཆོས་སུ་འགྱུར་ལ། འགྱུར་ན་ཡོད་པའི་བྱེ་བྲག་ནི་ཆོས་ཅན། བསྒྲུབ་བྱའི་ཆོས་ཉིད་དུ་འགལ་བར་ཐལ། རྗེས་འགྲོ་མེད་པའི་ཕྱིར་ཞེས་སྨྲའོ། །འོ་ན་ཁྱོད་ལའང་ཡོད་པའི་བྱེ་བྲག་གཏན་ཚིགས་སུ་འགྱུར་དགོས་ལ། དགོས་ན་ཡོད་པའི་བྱེ་བྲག་ནི་ཆོས་ཅན། གཏན་ཚིགས་དག་ཏུ་འགལ་བར་ཐལ། རྗེས་འགྲོ་མེད་པའི་ཕྱིར་ཞེས་མཚུངས་སོ། །དེ་ཉིད་བཤད་པ། གལ་ཏེ་ཡོད་པ་མི་རྟག་པ་ཉིད་དམ་གཞན་བདག་མེད་སོགས་ལ་གཏན་ཚིགས་ཡིན་ན། ཡོད་པ་བསྒྲུབ་པར་བྱ་བའི་ཆོས་སུ་ཅི་སྟེ་མི་འདོད་དེ་འདོད་པར་རིགས་པས། གཙོ་བོ་ཡོད་དེ། ཁྱད་པར་རྣམས་ལ་རྗེས་འགྲོ་བྱེད་པའི་ཕྱིར་ཞེས་སྨྲས་པ་ན། སངས་རྒྱས་པས་གཙོ་བོ་དེ་ཡོད་པ་དེ་ལྟར་དུ་བསྒྲུབ་པར་བྱ་བ་ཡིན་ན་ཡོད་པ་ཁྱད་པར་ཅན་དུ་བསྒྲུབ་པར་འགྱུར་ན་ཡོད་པར་ཁྱད་པར་ཅན་ནི་འགྲུབ་པར་ནུས་པ་མ་ཡིན་ཏེ། དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཞེས་དེ་ལ་སུན་འབྱིན་པར་གྲགས་ཏེ། ཇི་སྐད་དུ་ཀུན་ལས་བཏུས་ལས། གྲངས་ཅན་གྱིས་རྗེས་དཔག་གི་ཚད་མའི་ཡུལ་སྤྱི་ཡིན་པར་མི་ཤེས་པའི་ཕྱིར་རོ། །ཁྱད་པར་བསྒྲུབ་བྱར་བྱེད་པ་ཡིན་ཞེས་བཤད་པ་ཡིན་ནོ། །འོ་ན་ཁྱོད་ལའང་ཁྱད་པར་དེ་བསྒྲུབ་པར་བྱ་བ་ཉིད་དུ་འགལ་བ་ནི་མ་ཟད་དོ། །འོ་ན་ཅི་ཞེ་ན། རྗེས་འགྲོ་མེད་པར་སྐྱོན་མཚུངས་པའི་ཕྱིར། གཏན་ཚིགས་སུ་ཡང་འགལ་ཏེ། གཏན་ཚིགས་རྗེས་སུ་འགྲོ་བ་མེད་པ་ནི་བསྒྲུབ་བྱ་གྲུབ་པར་བྱེད་པའི་ཡན་ལག་མིན་ཏེ། རྟགས་དེ་ལས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཞེ་ན། ཡོད་པ་བསྒྲུབ་བྱ་ཡིན་པའི་སྐྱོན་གཏན་ཚིགས་ལ་མཚུངས་པའི་སྐྱོན་འདི་ནི་མེད་དེ། འདི་ལྟར་གཙོ་བོ་ལ་ཡོད་ཙམ་སྒྲུབ་ན་ཆོས་ཅན་མ་གྲུབ་ལ། སྤྱིའི་ཆོས་ཅན་ལ་གྲུབ་ན། གྲངས་ཅན་ཆོས་ཅན། རང་གིས་བསྒྲུབ་བྱར་འདོད་པའི་དོན་གཙོ་བོ་ནི་ཡོད་པ་ལ་སོགས་པ་འགའ་ཞིག་ཀྱང་རྟགས་ཀྱིས་འགྲུབ་པར་མི་འགྱུར་བར་ཐལ། དངོས་པོའི་ཁྱད་པར་ལ་གནས་པ་ཙམ་ཞིག་སྤྱིའི་ཆོས་ཅན་ལ་རྟགས་ཀྱིས་སྒྲུབ་པའི་ཕྱིར། སྤྱིའི་ཆོས་ཅན་ལ་དངོས་པོའི་ཁྱད་པར་ཙམ་སངས་རྒྱས་པ་ལ་རྟགས་ཀྱིས་བསྒྲུབ་པ་དོན་མེད་པར་ཐལ། སྤྱིའི་ཆོས་ཅན་ལ་ཡོད་ཙམ་དེ་འདྲ་བ་ནི་སངས་རྒྱས་པས་བཀག་པ་མེད་པ་སྟེ་གྲུབ་ཟིན་མ་བརྗེད་པའི་ཕྱིར། སངས་རྒྱས་པ་ཆོས་ཅན། དུས་གསུམ་ཐམས་ཅད་དུ་ཡོད་པ་བསྒྲུབ་ན་ཁྱད་པར་བསྒྲུབ་པར་འགྱུར་བ་ནི་མ་ཡིན་པར་ཐལ། ཡིན་ན་ཡོད་པ་གཏན་ཚིགས་ཡིན་ན་ཁྱད་པར་གཏན་ཚིགས་སུ་འགྱུར་བའི་སྐྱོན་ཡོད་པས་སོ། །སྤྱིའི་ཆོས་ཅན་འདིར་ཡོད་པའི་སྒྲུབ་བྱེད་འགོག་པ་ནི་མིན་པར་ཐལ། སྤྱིར་ཆོས་འགའ་ཞིག་ཡོད་དོ་ཞེས་དངོས་པོ་ཙམ་གྱི་ཁྱད་པར་གཙོ་བོ་ལ་སོགས་པ་སྒྲུབ་པའི་རང་བཞིན་གྱི་ཁྱད་པར་མ་བསྟན་པར་འགའ་ཞིག་ཡོད་པ་ཙམ་རྒོལ་བ་གཉིས་ཀ་ལ་འགལ་བ་མེད་པའི་ཕྱིར། འོ་ན། ཡོད་ཙམ་སྒྲུབ་ཅེ་ན། ཡོད་པ་གྲུབ་པ་འོན་ཀྱང་གྲངས་ཅན་ཆོས་ཅན། གཙོ་བོ་འདིའི་ཁྱད་པར་འགའ་ལ་ཡང་མ་རེག་པར་དེ་ལྟར་ཆོས་འགའ་ཞིག་ཡོད་དོ་ཞེས་སྨྲས་པས་རང་གི་དོན་གཙོ་བོ་ལ་སོགས་པ་ཅི་ཞིག་རྒྱས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཆོས་འགའ་ཞིག་ཡོད་པས་གཙོ་བོ་ཡོད་པར་མི་འགྱུར་བའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ཁྱད་པར་གཙོ་བོའི་མཚན་ཉིད་ཀྱིས་ཟིན་པ་ཉིད་གྲངས་ཅན་འདིས་བསྒྲུབ་པར་བྱ་བ་ཡིན་ནོ། །ཡིན་མོད་སྐྱོན་ཅི་ཡོད་ཅེ་ན། གྲངས་ཅན་ཆོས་ཅན། སྤྱིའི་ཆོས་ཅན་ལ་གཙོ་བོའི་མཚན་ཉིད་ཀྱིས་ཟིན་པ་བསྒྲུབ་ན་མི་འཐད་པར་ཐལ། གཙོ་བོའི་མཚན་ཉིད་ཀྱིས་ཟིན་པ་བསྒྲུབ་བྱར་བྱེད་ན་འདིར་གཏན་ཚིགས་ལ་བསྒྲུབ་བྱའི་ཆོས་ཀྱི་རྗེས་སུ་འགྲོ་བ་མེད་པར་འགྱུར་བའི་སྐྱོན་ཡོད་པས་སོ། །ཡོད་པ་དེས་ན་ཡོད་པ་བསྒྲུབ་བྱར་བྱེད་པ་ན་སྐབས་ཀྱི་ཁྱད་པར་གཙོ་བོའི་མཚན་ཉིད་ཀྱིས་ཟིན་པར་ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱར་འགྱུར་བ་ཡིན་པར་ཐལ། ཡོད་པ་དང་གཙོ་བོའི་མཚན་ཉིད་ཀྱི་ཟིན་པ་གང་རུང་ཁྱོད་ཀྱི་ཞེ་འདོད་ཀྱི་བསྒྲུབ་བྱ་གང་ཞིག་ཡོད་པ་མིན་པས་སོ། །སྤྱིའི་ཆོས་ཅན་ལ་ཆོས་ཅན་གཙོ་བོའི་མཚན་ཉིད་དེ་བསྒྲུབ་པར་འགྱུར་ན་མི་འཐད་པར་ཐལ། གཙོ་བོ་དེའི་རང་གི་ངོ་བོ་ཉིད་རྣམ་པ་ཇི་ལྟར་ཡང་རུང་བས་ཁྱད་པར་དུ་གྱུར་བའི་གཅིག་པུ་དང་རྟག་པ་དང་བདེ་བ་ལ་སོགས་པའི་བདག་ཉིད་དམ་གཞན་བྱེད་པ་པོ་ལ་སོགས་པ་ཡང་རུང་སྟེ། ཁྱད་པར་དུ་གྱུར་པ་གཙོ་བོའི་མཚན་ཉིད་དེ་ནི་དེ་ལྟར་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། ཡོད་པ་རྗེས་སུ་འགྲོའོ་ཞེ་ན། གང་ཡང་ཡོད་པ་ཙམ་རྗེས་སུ་འགྲོ་བ་གྲུབ་པས་ནི་ཁྱོད་ཀྱི་འདོད་དོན་གཙོ་བོ་འགྲུབ་པར་ཅུང་ཟད་ཀྱང་བྱ་བར་མེད་པར་ཐལ། ཡོད་པ་རྗེས་འགྲོ་གྲུབ་པས་ཁྱོད་ཀྱི་འདོད་དོན་གཙོ་བོ་མི་འགྲུབ་པས་སོ། །གལ་ཏེ་ཡོད་པ་བསྒྲུབ་པ་ལ་གྲུབ་ཟིན་དང་རྗེས་འགྲོ་མེད་པའི་སྐྱོན་ཡོད་པ་དེ་བཞིན་དུ་མེ་བསྒྲུབ་པ་ལ་སོགས་པ་ཡང་ཐལ་བར་འགྱུར་བ་མ་ཡིན་ནམ་སྟེ་ཡིན་ན། ལ་ལ་མེ་བསྒྲུབ་པ་དེ་ལ་ཡང་མེ་ཙམ་བསྒྲུབ་ན་གྲུབ་ཟིན་གྱི་སྐྱོན་ཡོད་དེ། ལ་ལ་མེ་ཡོད་པ་ལ་ནི་རྩོད་པ་འགའ་ཡང་མེད་པས་སོ། །ཤེས་པར་མངོན་པར་འདོད་པའི་ཁྱད་པར་དང་ལྡན་པ་ཅན་གྱི་གཞི་ཤེས་འདོད་ཆོས་ཅན་གྱི་ཁྱད་པར་དང་ལྡན་པའི་ཆོས་ཅན་ལ་བསྒྲུབ་ན་ནི། རྗེས་འགྲོ་བ་མེད་པའི་ཕྱིར་ལ་ལ་འང་མེ་མི་འགྲུབ་བོ་ཞེ་ན། གཞན་ལྡན་རྣམ་གཅོད་གྱིས་ཁྱད་པར་དུ་བྱས་པའི་ཚོགས་དོན་བསྒྲུབ་བྱའི་ཆོས་སུ་འདོད་ན་བདེན་ཡང༌། གཞི་དུ་ལྡན་གྱི་ལ་དེ་ཆོས་ཅན། ཁྱོད་ཀྱིས་མེ་ཡོད་དེ་གཞན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱེད་པ་ནི་མ་ཡིན་ཏེ། མེ་མི་ལྡན་པ་རྣམ་པར་གཅོད་པ་ཙམ་གྱིས་ཁྱད་པར་དུ་བྱས་པའི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །མི་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་པ་དེའི་ཕྱིར་དུ་བ་ཆོས་ཅན། ཁྱོད་ཀྱིས་ལ་ལ་མེ་བསྒྲུབ་པ་དེར་ནི། གཞི་ཁྱད་པར་དང་ལྡན་པ་དང་མེའི་སྤྱི་གཉིས་ལས་མེའི་སྤྱི་ཉིད་ཁྱོད་ཀྱིས་ཆོས་ཅན་ལ་བསྒྲུབ་པར་བྱ་བ་ཡིན་ཏེ། ལ་མེ་དེ་དང་མི་ལྡན་པ་རྣམ་པར་གཅོད་པའི་སྒོ་ནས་ལ་ལ་མེ་བསྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཡོད་པ་བསྒྲུབ་པ་འདིར་ཡང་ཆོས་ཅན། ལ་ལ་མེ་བསྒྲུབ་པ་དེ་དང་དེ་བཞིན་དུ་ཆོས་ཅན་འགའ་ཞིག་ལ་གཙོ་བོའི་ཡོད་པ་བསྒྲུབ་པ་ནི་འཐད་པ་མ་ཡིན་ཏེ། གཙོ་བོ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བའི་དོན་ཉིད་འགའ་ཡང་མེད་པའི་ཕྱིར། ཡོད་པ་དེ་ནི་ཆོས་ཅན། མེའི་སྤྱི་དུ་ལྡན་གྱི་ལས་ཁྱད་པར་དུ་བྱས་པ་བཞིན་དུ་ཁྱོད་གཙོ་བོས་ཁྱད་པར་དུ་བྱས་པ་མིན་པར་ཐལ། ཁྱད་པར་བྱེད་ཆོས་གཙོ་བོ་མེད་པ་ཁོ་ན་ཡིན་པའི་ཕྱིར། ཁྱད་པར་ཅན་མ་གྲུབ་ཀྱང་གཙོ་བོ་ལ་སོགས་པའི་སྒྲས་བརྗོད་པར་བྱ་བ་ཇི་ལྟར་མེད། དེ་ཡང་ཤེས་བྱ་དང་གཞལ་བྱ་དང་བརྗོད་པར་བྱ་བ་ཉིད་དུ་གྲུབ་པ་ཁོ་ན་ཡིན་པས་ཤེས་བྱ་ལ་སོགས་པའི་ཆོས་ལ་ཡོད་པ་གྲུབ་བོ་ཞེ་ན། གྲངས་ཅན་ཆོས་ཅན། ཅི་ད་ནི་ཤེས་བྱ་དངོས་པོར་ཡོད་དོ་ཞེས་པ་དེ་འགྲུབ་པར་འགྱུར་བ་སྟེ་མི་འགྱུར་བར་ཐལ། ཤེས་བྱ་དངོས་པོར་མ་གྲུབ་པས་སོ། །གྲུབ་ཏུ་ཆུག་པ་དེ་ལྟ་ན་ཡང༌། ཁྱོད་ཀྱི་འདོད་དོན་གཙོ་བོ་ཅི་ཞིག་འགྲུབ་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཤེས་བྱ་ཡོད་པས་གཙོ་བོ་ཡོད་པར་མི་འགྱུར་བས་སོ། །གལ་ཏེ་རྟོག་པའི་བློས་བསྐྱེད་པའམ་བཀོད་པའི་རྣམ་པར་རྟོག་པ་ལ་སྣང་བའི་སྒྲའི་དོན་ཡིན་ལ། དེ་ནི་རང་གི་མཚན་ཉིད་ཀྱི་ཉེ་བར་ལེན་པ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། ཁྱོད་ཀྱིས་བསྒྲུབ་པར་བྱ་བ་ཉིད་དུ་ཟད་མོད་འོན་ཀྱང་གཙོར་འཛིན་རྟོག་པ་ལ་སྣང་བ་དེ་ཡང་ཆོས་ཅན། གཙོ་བོའི་རང་གི་མཚན་ཉིད་གྱི་ཉེ་བར་ལེན་པ་ཅན་ཉིད་དུ་བསྒྲུབ་ནུས་པ་མིན་ཏེ། གཙོ་བོ་ལ་སོགས་པའི་མཚན་ཉིད་ཀྱི་ཁྱད་པར་གྱི་རྟེན་མིན་པས་ནའོ། །དེས་ན་སྒྲའི་བརྗོད་པར་བྱ་བའི་དོན་ཙམ་དུ་རྣམ་པར་གནས་པར་བསྒྲུབ་དགོས་པ་ཡིན་ནོ། །བསྒྲུབ་བོ་ཞེ་ན། གྲངས་ཅན་ཆོས་ཅན། སྔ་མ་ཤེས་བྱ་ཡོད་དོ་ཞེས་པ་བཞིན་དུ་བརྗོད་བྱ་འགའ་ཞིག་ཡོད་དོ་ཞེས་པ་ཙམ་བསྒྲུབ་པར་བྱ་བར་འགྱུར་བར་ཐལ། གཙོར་འཛིན་རྟོག་པ་ལ་སྣང་བ་སྒྲའི་དོན་ཙམ་དུ་བསྒྲུབ་པ་དེ་ལྟར་ཡིན་དང་སྟེ་དེའི་ཕྱིར། འདོད་ན་ཁྱོད་ཀྱི་འདོད་དོན་མི་གྲུབ་བོ། །ཁྱད་པར་གྱི་རྟེན་མ་ཡིན་པ་ཉིད་འཆད་པ་ནི། སྒྲའི་དོན་རང་ཉིད་ནི་ཆོས་ཅན། གཙོ་བོའི་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་ཁྱོད་ལ་བརྟེན་པ་མིན་ཏེ། གཙོ་བོའི་ཡོན་ཏན་གྱི་ཁྱད་པར་ཁྱོད་ཀྱི་རྟེན་ཆོས་སུ་མ་གྲུབ་པས་སོ། །དེས་ན་གཙོ་བོའི་སྒྲ་དོན་དེ་དག་ལ་གཙོ་བོའི་ཉེ་བར་ལེན་པའི་ཆོས་འདོགས་པ་ཙམ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་གཙོ་བོའི་སྒྲ་དོན་དག་ཆོས་ཅན། གཙོ་བོ་རང་མཚན་པའི་ཉེར་ལེན་ཅན་དུ་མི་སྲིད་དེ། གཙོ་བོ་རང་མཚན་པའི་ཉེར་ལེན་ཅན་དུ་མ་གྲུབ་པའི་ཕྱིར། དེས་ན་གྲངས་ཅན་ཆོས་ཅན། སྒྲ་དོན་འདི་དག་ནི་དོན་གྱི་ཉེ་བར་ལེན་པ་ཙམ་དུ་སྒྲོ་འདོགས་བསྒྲུབ་པ་ནི་དོན་མེད་པར་ཐལ། སྒྲ་དོན་དེ་དག་ལ་དོན་ཡོད་པ་ཙམ་ཉིད་བསྒྲུབ་པ་ཡིན་གྱི་དོན་གྱི་ཁྱད་པར་བསྒྲུབ་པ་ནི་མིན་པའི་ཕྱིར། དེར་ཐལ། དོན་གྱི་ཁྱད་པར་དུ་མེད་པ་ཡིན་པས་སོ། །མེ་ཡོད་པ་ལ་ནི་རྩོད་པ་འགའ་ཡང་མེད་དེ་ཞེས་པའི་ལན་ནི། མེད་པ་བསྒྲུབ་པ་ལས་གཞན་དུ་ལ་ལ་མེ་བསྒྲུབ་པ་ལ་ནི་ཆོས་ཅན། དུ་ལྡན་གྱི་ལ་ལ་མེའི་སྤྱི་དེ་ཉིད་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ཏེ། དུ་ལྡན་གྱི་ལ་དེར་མེ་ཚད་མས་མ་གྲུབ་པའམ་མ་བསྒྲུབ་ངེས་པ་རྟགས་ལས་གསར་དུ་ངེས་པར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་མེ་བསྒྲུབ་པ་དེར་ཡང་ཆོས་ཅན་དེ་དང་མི་ལྡན་པ་མིན་པའི་སྤྱི་དང་ཆོས་ཅན་གྱི་ཚོགས་པས་རྟགས་ལ་རྗེས་འགྲོའི་ཁྱབ་པ་བསྟན་དགོས་པ་ལས་རྗེས་སུ་འགྲོ་བ་མ་གྲུབ་པ་ཉིད་མིན་ནམ་ཞེ་ན། རྟོག་ལྡན་འགའ་ཡང་ཚོགས་དོན་དེ་ལྟ་བུ་ནི་རྟགས་རེ་རེ་ལ་རྗེས་སུ་འགྲོ་བའི་ཁྱབ་པ་བྱེད་པ་མེད་དེ་མི་འཐད་པས་སོ། །འོ་ན་ཇི་ལྟར་བསྟན་པར་བྱ་ཞེ་ན། གཞན་ཕྱི་རྒོལ་ལ་མེ་སྒྲུབ་པར་བྱེད་པས་ནི་ཆོས་ཅན། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་པའི་རྗེས་འགྲོ་དང༌། མེ་མེད་ན་དུ་བ་མི་འབྱུང་བའི་བྱེ་བྲག་ལྡོག་ཁྱབ་བསྟན་པར་བྱ་བ་ཡིན་ཏེ། དེ་ལྟར་ཕྱི་རྒོལ་གྱིས་དུ་བ་ལ་མེ་ཙམ་གྱིས་ཁྱབ་པ་བསྒྲུབ་པ་ནི་དུ་བ་དེ་ནི་གང་ན་དུ་བ་རང་ཉིད་སྣང་བ་དེ་ཉིད་དུ་མེ་རྟོགས་པའི་རྗེས་དཔག་གི་བློ་བསྐྱེད་པར་བྱེད་པ་ཡིན་པའི་ཕྱིར། ཕྱི་རྒོལ་དེ་ལ་བསྒྲུབ་པར་བྱ་བས་རྟགས་ལ་ཁྱབ་པ་བསྟན་པས་ནི་ཅི་ཡང་མི་དགོས་ཏེ། ཤེས་འདོད་ཆོས་ཅན་དེ་ལ་རྟགས་མཐོང་བ་དང་དཔེ་ལ་འབྲེལ་བ་བསྟན་པ་ཙམ་གྱིས་འདོད་པ་བསྒྲུབ་བྱ་རྟོགས་པ་གྲུབ་པར་འགྱུར་བའི་ཕྱིར། ཁྱབ་པ་ཡོད་དེ། བསྒྲུབ་བྱ་དེ་མ་བསྟན་ན་ཡང་བསྒྲུབ་བྱ་རྟོགས་ན་ཇི་ལྟར་ཆོས་ཅན་དེའི་ཁྱད་པར་ཅན་གྱི་བསྒྲུབ་བྱས་རྟགས་ལ་རྗེས་སུ་འགྲོ་བའི་ཁྱབ་པ་བསྟན་དགོས་པ་ཡིན་ཏེ་མི་དགོས་པས་སོ། །མེ་ཙམ་གྱིས་ཁྱབ་པའི་དོན་ཡིན་ན། ཇི་ལྟར་མ་འབྲེལ་བ་རྣམ་པར་བཅད་པ་བསྒྲུབ་བྱ་ཡིན་ཞེ་ན། དེ་ལྟར་ཡིན་པ་དེའི་ཕྱིར་དུ་བ་འདི་ཆོས་ཅན། ལ་དེ་མེ་དང་མི་ལྡན་པ་རྣམ་པར་བཅད་པ་དེ་ལྟར་དུ་ཁྱོད་ཀྱིས་བསྒྲུབ་པར་བྱ་བ་ཡིན་པར་བརྗོད་དེ། ཁྱོད་མེ་མེད་ན་མི་འབྱུང་བ་གྲུབ་པའི་ཤུགས་ཀྱིས་མེ་ཕྱོགས་ཆོས་ཅན་དེ་དང་མི་ལྡན་པ་རྣམ་པར་གཅོད་པའི་རྟགས་ཡིན་པའི་ཕྱིར། དུ་བ་ཆོས་ཅན། ཁྱོད་ཀྱིས་ལ་ལ་མེ་བསྒྲུབ་པ་འདིའི་ཁྱབ་པ་བསྟན་པ་དེ་ནི་ཚོགས་དོན་དེ་ལྟར་ཉེ་བར་བཀོད་པ་སྔོན་དུ་འགྲོ་བ་ཅན་མིན་ཏེ། བསྒྲུབ་བྱ་བརྗོད་པ་ཁྱབ་པ་སྟོན་པ་འདི་ལ་ཡན་ལག་མིན་པའི་ཕྱིར། ཁྱབ་པ་མེད་ན། དམ་བཅའ་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་པ་ལས་སུས་ཟློག་པར་བྱེད་དེ་བཟློག་ཏུ་མེད་པར་ཐལ། ཁྱབ་པ་བསྟན་པ་ལ་བསྒྲུབ་བྱ་བརྗོད་པ་དེ་སྔོན་དུ་འགྲོ་བ་ཅན་ཡིན་ན་ཡང་ངོ༌། །རྟགས་ལ་ཆོས་ཀྱིས་ཁྱབ་པ་སྟོན་པ་དེ་སྐད་དུ་ཡང༌། ཀུན་བཏུས་ལས། རྟགས་ནི་ཆོས་ཅན། བསྒྲུབ་བྱའི་ཆོས་དང་མི་འཁྲུལ་བའི་འབྲེལ་བ་གྲུབ་པར་གཞན་དཔེའི་སྟེང་དུ་བསྟན་པར་བྱ་བ་ཡིན་ཏེ། ཁྱོད་ལ་དཔེའི་སྟེང་དུ་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པ་བསྟན་ཅིང་ཁྱོད་ཆོས་ཅན་ལ་རབ་ཏུ་གྲུབ་ན་ཁྱོད་ལས་ཆོས་ཅན་དེ་བསྒྲུབ་བྱའི་ཆོས་དེ་དང་ལྡན་པར་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །གཙོ་བོ་ཡོད་པ་བསྒྲུབ་པ་དང་མེ་བསྒྲུབ་པ་མི་མཚུངས་པའི་དོན་བསྡུ་བ་ནི། དེའི་ཕྱིར་མེ་ལ་སོགས་པ་བསྒྲུབ་པ་ལ་སྐྱོན་མེད་པ་དེ་བཞིན་དུ་གཙོ་བོ་ཡོད་པ་བསྒྲུབ་པ་ཡང་ཁ་ན་མ་ཐོ་བ་ཉེས་པ་མེད་པ་ནི་མ་ཡིན་ནོ། །གཏན་ཚིགས་སུ་ཡང་སྐྱོན་མཚུངས་པའི་ཕྱིར་ཞེས་པའི་རྩོད་པ་སྤང་བའི་དོན་དུ། ཡོད་པ་གཏན་ཚིགས་སུ་བྱེད་པ་ལ་སྐྱོན་མི་མཚུངས་པར་བསྟན་པ་ནི། དངོས་པོ་དེའི་ཁྱད་པར་རྟགས་སུ་བཟུང་བ་མེད་པར་དངོས་པོ་ཙམ་ཞིག་སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་བཀོད་པ་ན་དངོས་པོ་ཆོས་ཅན། རྗེས་འགྲོ་མེད་པའི་རྒྱུ་མཚན་གྱིས་གཏན་ཚིགས་སུ་འགལ་བ་མིན་པར་ཐལ། ཁྱོད་ལ་དངོས་པོ་དེ་ཙམ་ལ་ཁྱབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མི་རྟག་པས་ཁྱོད་ལ་རྗེས་སུ་འགྲོ་བའི་ཁྱབ་པ་ཉམས་པ་མེད་པའི་ཕྱིར། འགྲེལ་པ་ནི། དངོས་པོའི་རང་བཞིན་གྱི་ཁྱད་པར་རྟགས་ལ་ཡོངས་སུ་མ་བཟུང་བར་དངོས་པོ་ཙམ་ལ་ཁྱབ་པ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་བསྒྲུབ་པ་ལ་ཡོད་པ་སྒྲུབ་པར་བྱེད་པ་ཉིད་དུ་བཀོད་པ་ལ་ནི་རྗེས་སུ་འགྲོ་བ་ཉམས་པ་མེད་དོ། །སློབ་དཔོན་གྱིས་སྒྲ་མི་རྟག་པར་བསྒྲུབ་པ་དེ་ལ་གདོན་མི་ཟ་བར་ཁྱད་པར་རྟགས་སུ་ཡོངས་སུ་བཟུང་བར་བྱ་བ་ནི་མིན་ཏེ། ཡོད་པ་དངོས་པོ་ཙམ་གྱིས་རྟགས་ལ་བརྟེན་ན་ཡང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་ནུས་པ་ཡོད་པའི་ཕྱིར། ཡོད་ཙམ་ཆོས་ཅན། ཁྱོད་ཆོས་ཅན་ལ་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཉིད་ནི་མིན་ཏེ། ཁྱོད་ཆོས་ཅན་གྱི་སྟེང་དུ་རྟགས་ཀྱིས་བསྒྲུབ་པ་ལ་འབྲས་བུའམ་དགོས་པ་མེད་པའི་ཕྱིར། སློབ་དཔོན་གྱིས་བརྗོད་པའི་གྲངས་ཅན་གྱི་ཉེས་པ་མི་མཚུངས་པར་བསྟན་ཟིན་ནས། སློབ་དཔོན་གྱིས་མ་བཤད་པའི་གྲངས་ཅན་གྱི་ཉེས་པ་གཞན་ཡང་བསྟན་པ་ལ། དང་པོ་གྲངས་ཅན་གྱི་ཉེས་པ་བརྗོད་པ། གྲངས་ཅན་ཆོས་ཅན། ཡོད་པ་དེ་གཙོ་བོ་དངོས་པོ་བསྒྲུབ་ལ་ཇི་ལྟར་བསྒྲུབ་བྱའི་ཆོས་སུ་འཐད་པ་ཡིན་ཏེ་མ་ཡིན་པར་ཐལ། གཙོ་བོ་དངོས་པོར་མ་གྲུབ་པ་ལ་ཡོད་པའི་ཆོས་གཏན་ཚིགས་སུ་མེད། གཉིས་ཀ་ལ་བརྟེན་པའི་རྟགས་འཁྲུལ་པ་དང་མེད་པའི་ཆོས་ནི་ཡོད་པ་བསྒྲུབ་པ་ལ་འགལ་བར་འགྱུར་བའི་ཕྱིར། ཡོད་པ་གཙོ་བོ་དངོས་པོར་བསྒྲུབ་པའི་ཆོས་མི་འཐད་པར་ཐལ། གཙོ་བོ་ཡོད་པ་བསྒྲུབ་པར་བྱ་བ་ལ་དེའི་གཏན་ཚིགས་ཐམས་ཅད་སྐྱོན་གྱི་རིགས་མ་གྲུབ་པ་དང་འཁྲུལ་པ་དང་འགལ་བ་གསུམ་ལས་མི་འདའ་བའི་ཕྱིར། སྟེ་ནི་གཞན་འདྲེན་པའོ། །ཇི་ལྟར་མི་འདའ་ཞེ་ན། མི་འདའི་ཚུལ་བསྟན་པ་ལ་མ་གྲུབ་པ་ལ་ཡོད་ཆོས་མེད་ཅེས་གསུངས་པའི་དོན་བཤད་པ། གལ་ཏེ་དངོས་པོའི་ཆོས་གཏན་ཚིགས་སུ་བརྗོད་ན་ནི། གཙོ་བོ་དངོས་པོར་བསྒྲུབ་པ་དེ་ལ་ཡོད་པའི་ཆོས་དེ་ཕྱོགས་ཆོས་སུ་གྲུབ་པར་འགྱུར་ཏེ་མི་འགྱུར་བར་ཐལ། གཙོ་བོ་ལ་ཡོད་པ་མ་གྲུབ་པའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་ཅན་གང་ཞིག་ལ་དངོས་པོའི་ཆོས་གཏན་ཚིགས་སུ་འདོད་པ་དེས་ཆོས་ཅན་དེ་ཇི་ལྟར་དངོས་པོར་མི་འདོད་དེ། འདོད་དགོས་པས་སོ། །མ་གྲུབ་ན་དགོས་པར་ཐལ། དངོས་པོའི་རང་གི་ངོ་བོ་ཉིད་ལ་དངོས་པོའི་ཆོས་ཞེས་བསྟན་པ་ཡིན་པའི་ཕྱིར། དངོས་པོའི་རང་གི་ངོ་བོ་ཉིད་ཀྱི་ཆོས་ཡིན་ན་ཇི་ལྟར་ཆོས་ཅན་དངོས་པོ་ལས་ཐ་དད་དུ་བརྗོད་ཅེ་ན། བརྗོད་ཚུལ་འགའ་ཞིག་ལ་ལྟོས་ནས་དངོས་པོའི་ཆོས་ཞེས་དྲུག་པའི་སྒྲས་ཆོས་ཅན་ལས་ཐ་དད་པ་ལྟ་བུར་བསྟན་པས་སྐྱོན་མེད་དེ། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དག་གིས་བརྗོད་པར་བྱ་བ་ལ་ནི་རྫས་ཐ་དད་པའི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་པ་འདི་ནི་ཚད་མ་རྣམ་འགྲེལ་དུ་བསྟན་ཟིན་ཏོ། །གཉིས་ཀ་ལ་བརྟེན་འཁྲུལ་པ་དང་ཞེས་པའི་དོན་བསྟན་པ། ཅི་སྟེ་གཉིས་ཀའི་ཆོས་རྩོལ་མ་བྱུང་ལྟ་བུ་རྟགས་སུ་བརྗོད་དོ་ཞེ་ན། འདི་ལ་ཡང་སྐྱོན་ཡོད་དེ། དངོས་པོ་ཁོ་ན་ལ་མི་བརྟེན་པའི་རྩོལ་མ་བྱུང་གི་ལྡོག་པ་ཙམ་ནི་ཆོས་ཅན། གཙོ་བོ་དངོས་པོར་བསྒྲུབ་པའི་ཁྱབ་པ་འཁྲུལ་བར་ཐལ། ཁྱོད་དངོས་པོ་མེད་པ་ལ་ཡང་འཇུག་པ་མི་འགལ་བའི་ཕྱིར་ཏེ། མ་ཡིན་པ་དགག་པ་མ་ཡིན་པ་མེད་དགག་ཡིན་པས་ནའོ། །དཔེར་ན་ལུས་ཅན་མ་ཡིན་པ་ཞེས་བྱ་བའི་ལུས་མེད་པ་ཉིད་ནི་ཉེ་བར་བརྗོད་པ་མེད་པ་དངོས་མེད་ལ་ཡང་འཇུག་པར་འགྱུར་བ་བཞིན་ནོ། །ཉེ་བར་བརྗོད་པ་མེད་པ་ནི་ཆོས་ཅན། དངོས་པོ་དགག་པའི་ཡུལ་མ་ཡིན་ཏེ། དངོས་པོ་མེད་པའི་ཕྱིར་རོ་ཞེ་ན། ཅི་ད་ནི་དངོས་མེད་དེ་དངོས་པོ་སྒྲུབ་པའི་ཡུལ་ཡིན་ནམ། དེ་ཡང་མ་ཡིན་ནོ་ཞེ་ན། ད་ནི་དངོས་མེད་ཆོས་ཅན། ཅི་ལྟར་དངོས་པོ་དགག་པའི་ཡུལ་མིན་ཏེ་ཡིན་པར་ཐལ། དངོས་པོའི་ལྡོག་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དགག་པ་ནི་སྒྲུབ་པ་ལོག་པའི་རང་བཞིན་ཡིན་པའི་ཕྱིར། གལ་ཏེ་དགག་སྒྲ་ནི། གླུ་མི་ལེན། གཤིན་ཟན་མི་ཟ། ཚྭ་མི་ཟ། གདོང་ཉི་མ་ལ་མི་སྟོན། མ་ནིང་མ་ཡིན་པ་ལ་ཨ་ཐོ་ཞེས་གྲངས་ཡོངས་སུ་ཆད་པ་ལྔ་ཁོ་ན་ལ་གནས་པར་འདོད་པ་དེའི་ཕྱིར་ཉེ་བར་བརྗོད་པ་མིན་པ་ལ་ནི་ལུས་ཅན་ཉིད་མིན་པ་དང་རྩོལ་བྱུང་མིན་པ་ཞེས་པ་ལ་སོགས་པའི་དགག་སྒྲ་འཇུག་པ་མིན་ནོ་ཞེ་ན། ཀྱེ་མ་བརྡ་ལས་བྱུང་བའི་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་དགག་སྒྲའི་དོན་ལྔ་ཁོ་ན་ལ་གྲངས་ངེས་པར་འདོད་པའི་བརྡ་སྤྲོད་པ་དེ་ཆོས་ཅན། དངོས་མེད་ལ་ལུས་ཅན་མིན་པའི་སྒྲ་མི་འཇུག་ཅེས་པའི་ཉོན་མོངས་པ་འདི་ནི་དཀའ་བས་འཚོ་དགོས་ཏེ། བྲང་བརྡུངས་ཤིང་ཆོ་ངེས་བཏབ་ཀྱང་འཇིག་རྟེན་པ་རྣམས་དངོས་མེད་ལ་ལུས་ཅན་མིན་པའི་བརྡ་སྦྱར་བ་མི་ལྡོག་པའི་ཕྱིར། བརྡ་སྦྱར་བ་ལ་དགོས་པ་ཡང་ཡོད་པར་བསྟན་པ་ནི། དངོས་མེད་ལ་ལུས་ཅན་མིན་པ་ཞེས་པའི་བརྡ་སྦྱོར་བ་ཆོས་ཅན། ཁྱོད་ལ་དགོས་པ་ཡོད་པར་ཐལ། ཁྱོད་ལ་བརྟེན་ནས་དངོས་མེད་ལ་ལུས་ཅན་མིན་པ་ཞེས་པའི་བརྡ་སྦྱར་བ་ཇི་ལྟ་བ་བཞིན་དུ་དོན་རྟོགས་པའི་ཕྱིར། ཁྱབ་པ་ཡོད་དེ། རྗོད་བྱེད་ཀྱི་སྒྲའི་བརྡ་སྦྱར་བའི་དགོས་པ་ཡང་དོན་རྟོགས་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །ལུས་ཅན་མིན་པའི་སྒྲ་ལས་དོན་མི་རྟོགས་ཏེ། སྒྲ་བཟང་པོ་མིན་པས་སོ་ཞེ་ན། བརྡ་སྤྲོད་པ་ཆོས་ཅན། དགག་སྒྲ་ལས་མི་རྟོགས་པ་དང་རྟོགས་པར་འདོད་པ་གཉིས་ཀར་ཡང་བརྡ་ལས་མི་རྟོགས་པར་འགྱུར་བར་ཐལ། དགག་སྒྲ་ལས་རྟོགས་པར་འདོད་པ་དང་མི་འདོད་པའི་དངོས་མེད་གཉིས་ཀ་བརྡ་ལས་རྟོགས་མི་རྟོགས་ཀྱི་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར། ཁྱད་པར་མེད་པའི་ཚུལ་ནི། དགག་སྒྲ་དེ་ལས་དོན་རྟོགས་པ་ཡང་བརྡ་ལ་བརྟེན་པའི་ཕྱིར་ཡིན་ལ། དེ་ནི་གཞན་ལུས་ཅན་མ་ཡིན་པ་ལ་ཡང་མཚུངས་པའི་ཕྱིར། དངོས་མེད་ལ་ལུས་ཅན་མ་ཡིན་པ་འཇུག་པ་དེས་ན། ལུས་ཅན་རྣམ་པར་བཅད་ཙམ་གྱི་ལུས་ཅན་མིན་པ་དེ་ནི་ཆོས་ཅན། གཙོ་བོ་དངོས་པོར་གོ་བར་བྱེད་པའི་རྟགས་ཉིད་དུ་བདག་གིར་བྱེད་པར་ཇི་ལྟར་རིགས་པར་འགྱུར་སྟེ་མི་འགྱུར་བར་ཐལ། དངོས་པོར་ཡོད་མེད་གཉིས་ཀ་ལ་ཡང་ཡོད་པ་སྲིད་པས་སོ། །ཁྱབ་པ་ཡོད་དེ། མི་མཐུན་ཕྱོགས་ལ་སྲིད་པའི་དོགས་པ་རྣམ་པར་བཅད་པས་རྟགས་ཡང་དག་གི་མིང་ཐོབ་པའི་ཕྱིར། ཤེས་བྱ་ཉིད་རྟགས་སུ་འདོད་ཅེ་ན། རྩོལ་མ་བྱུང་ཁྱབ་པ་འཁྲུལ་བར་བསྟན་པ་འདིས་ནི་ཤེས་བྱ་ལ་སོགས་པ་དེ་དག་ཀྱང་ཁྱབ་པ་འཁྲུལ་བར་བཤད་པ་ཡིན་ནོ། །ཇི་ལྟར་བཤད་ཅེ་ན། རྩོལ་མ་བྱུང་དུ་མ་ཟད་ཤེས་བྱ་ཉིད་ལ་སོགས་པའི་ཆོས་དངོས་པོ་རྣམ་པར་བཅད་པའི་རང་བཞིན་མིན་པ་དག་ཀྱང་ཆོས་ཅན། གཙོ་བོ་དངོས་པོར་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དངོས་པོ་དང་དངོས་མེད་གཉིས་ཀའི་ཐུན་མོང་བ་ཡིན་པས་སོ། །དེར་ཐལ། དངོས་པོར་མ་ཟད་དངོས་པོ་མེད་པ་དག་ལ་ཡང་བློས་རྣམ་པར་འཇོག་པའི་ཕྱིར། གྲངས་ཅན་དེ་ཆོས་ཅན། ཇི་ལྟར་སྨྱོན་པ་མིན་ཏེ་ཡིན་པར་ཐལ། ཁྱོད་ཀྱིས་ཤེས་བྱ་འདི་དངོས་པོར་ཡོད་པ་ལས་གཞན་ལ་ཡང་འཇུག་པར་བརྗོད་ཅིང༌། དངོས་པོར་ཡོད་པ་ལ་ཡང་ཁྱབ་པ་མི་འཁྲུལ་བར་བརྗོད་པའི་ཕྱིར། རྟགས་སྔ་མ་མ་གྲུབ་ན། དེར་ཐལ། དངོས་པོར་ཡོད་པ་ལས་གཞན་ལ་ཡང་འཇུག་པར་བརྗོད་པར་ཐལ། ཤེས་བྱ་འདི་རང་གི་ཚིག་གིས་དངོས་པོར་ཡོད་མེད་གཉིས་ཀའི་ཆོས་སུ་སྨྲས་པས་སོ། །ཁྱབ་པ་ལ་ཕྱོགས་སྔ་མ་དགོད་པ་ནི་ཁྱབ་པ་འཁྲུལ་པ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པས་འཇོག་པ་ཡིན་ཏེ། དེས་ན་ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་དང་ཁས་བླངས་པ་ལ་སོགས་པ་དག་ནི་ཆོས་ཅན། རྟག་མི་རྟག་གཉིས་ཀའི་ཆོས་ཡིན་ཡང་ཁྱབ་པ་འཁྲུལ་བའི་སྐྱོན་མེད་དེ། མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར། ཕྱོགས་ཆོས་ཅན་ཉིད་ནི་ཁྱབ་པ་འཁྲུལ་པའི་ཡུལ་མིན་ཏེ། མི་མཐུན་ཕྱོགས་སུ་མ་ངེས་པའི་ཕྱིར་རོ་ཞེ་ན། འདིར་གང་ཞིག་མི་མཐུན་པའི་ཕྱོགས་སུ་གཏོགས་ཞེས་དྲིས་པས། བསྒྲུབ་པར་བྱ་བའི་ཆོས་མེད་པའོ་ཞེ་ན། འོ་ན་ཕྱོགས་དང་མཐུན་ཕྱོགས་གང་རུང་གི་གཏན་ཚིགས་ཆོས་ཅན། ཇི་ལྟར་རྟག་མི་རྟག་གཉིས་ཀའི་ཆོས་སུ་འགྱུར་ཏེ་མི་འགྱུར་བར་ཐལ། མི་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་ལ་མི་འཇུག་པའི་ཕྱིར། དོན་ལ་གཉིས་ཀའི་ཆོས་ཡིན་ཡང་འདོད་པས་ཕྱོགས་དང་མཐུན་ཕྱོགས་སུ་བཟུང་བ་ལ་འཇུག་གི་མི་མཐུན་ཕྱོགས་སུ་བཟུང་བ་ལ་མི་འཇུག་པས་ཁྱབ་པ་མི་འཁྲུལ་ཞེ་ན། གཏན་ཚིགས་ཡང་དག་ཆོས་ཅན། ཁྱོད་ཉིད་ཀྱི་མི་འཁྲུལ་བའི་ཁྱབ་པ་འདོད་པས་ཕྱོགས་དང་མཐུན་ཕྱོགས་ཀྱི་རྣམ་དབྱེ་བྱས་པ་ལ་ལྟོས་པ་ནི་མིན་པར་ཐལ། འདོད་པས་ཕྱོགས་དང་མཐུན་ཕྱོགས་རྣམ་དབྱེ་མ་བྱས་པར་ཡང་མཐུན་ཕྱོགས་ཀྱི་དངོས་པོར་འབྲེལ་བར་གནས་པ་ལས་ཁྱོད་ཀྱི་ཁྱབ་པ་འགྲུབ་པ་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་མེད་ན་མི་འབྱུང་བའི་ཁྱབ་པ་རྣམ་པར་གཞག་པའི་སྒྲུབ་ངག་ཆོས་ཅན། ཁྱོད་ཀྱིས་ཕྱོགས་ཆོས་ཅན་མ་གཏོགས་པའི་བྱས་པ་མི་རྟག་པ་ཡིན་ནོ་ཞེས་བསྟན་པར་བྱ་བ་ནི་མིན་པར་ཐལ། ཡིན་ན་བྱས་པ་སྒྲ་མི་རྟག་པ་གོ་བྱེད་མིན་པར་འགྱུར་བས་སོ། །འོ་ན་ཅི་ལྟ་བུ་བསྟན་པར་བྱ་ཞེ་ན། བྱས་པ་ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་དངོས་པོའི་སྟོབས་ཀྱིས་འོངས་པའི་ཁྱབ་པ་ཉིད་ཚད་མས་གྲུབ་པ་བསྟན་པར་བྱ་བ་ཡིན་ཏེ། བྱས་པ་ལ་མི་རྟག་པས་ཁྱབ་པ་དེ་ལྟར་ཚད་མས་གྲུབ་ན་བྱས་པ་ཆོས་མི་རྟག་པ་དེའི་གོ་བར་བྱེད་པར་འགྱུར་གྱི་གཞན་དུ་ཕྱོགས་མ་གཏོགས་པའི་བྱས་པ་མི་རྟག་པ་ཡིན་ནོ་ཞེས་པས་ནི་གོ་བྱེད་དུ་འགྱུར་བ་མིན་པའི་ཕྱིར། ཕྱོགས་ཉིད་ནི་འཁྲུལ་པའི་ཡུལ་མ་ཡིན་ནོ་ཞེས་པའི་ལན་བསྟན་པ་ནི། ཆོས་གང་ཞིག་སྐྱེས་བུས་བསྒྲུབ་པར་འདོད་པའི་གཞི་དེ་ཕྱོགས་ཤེས་འདོད་ཆོས་ཅན་ཡིན་པས་ན་ཁྱབ་པ་འཁྲུལ་པའི་ཡུལ་ཡང་ཕྱོགས་སུ་བྱེད་པར་འགྱུར་རོ་ཞེས་བསྟན་པ་ནི། གང་ཁྱབ་པ་འཁྲུལ་པའི་ཡུལ་དུ་མཐོང་བ་དེ་ཉིད་ཆོས་ཅན། རྒོལ་བ་དེས་ཕྱོགས་སུ་བྱེད་པར་འགྱུར་སྲིད་དེ། མི་འཁྲུལ་བའི་ཁྱབ་པ་བསྒྲུབ་པའི་དོན་དུ་རྒོལ་བས་རྟགས་ཀྱི་དཔག་གཞིར་བཟུང་བ་སྲིད་པས་སོ། །རྟགས་གྲུབ་སྟེ། སྐྱེས་བུའི་སྒྲུབ་འདོད་འཇུག་པ་ནི་དངོས་པོ་གཞན་གྱི་དབང་མིན་པར་འདོད་པའི་རྗེས་སུ་འབྲང་བའི་ཕྱིར་རོ། །བསལ་བ་དོན་གྱིས་ཁས་བླངས་འདོད་ན། མ་ངེས་པའི་གཏན་ཚིགས་ཐམས་ཅད་རྟགས་ཡང་དག་ཏུ་ཐལ། ཁྱབ་པ་འཁྲུལ་པའི་ཡུལ་དུ་མཐོང་བ་རྒོལ་བས་ཕྱོགས་སུ་བཟུང་ཞིང་ཕྱོགས་སུ་བཟུང་བས་ཁྱབ་པ་འཁྲུལ་པར་འདོགས་པའི་ཕྱིར་རོ། །འདོད་ན། གཞལ་བྱས་སྒྲ་མཉན་བྱ་མིན་པ་དང་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་རྣམས་ནི་ཆོས་ཅན། ཁྱོད་ལ་མངོན་སུམ་དང་སོགས་པ་རྗེས་སུ་དཔག་པས་གནོད་པ་ཡོད་པ་མ་ཡིན་པར་ཐལ། རྗེས་སུ་དཔག་པའི་ཡུལ་ཡིན་པའི་ཕྱིར། མ་ངེས་པའི་གཏན་ཚིགས་ཐམས་ཅད་རྟགས་སུ་འདོད་པས་རྟགས་ཁས་བླངས་སོ། །ཁྱབ་པ་ཡོད་དེ། ཚད་མ་ལ་ཚད་མ་གཞན་གྱིས་གནོད་ན་དེ་ཚད་མ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གནོད་པ་ཡོད་པ་ཚད་མ་མ་ཡིན་གྱི་གནོད་པ་མེད་པ་ནི་ཚད་མའོ་ཞེ་ན། འདི་ལ་ཚད་མའི་མཚན་ཉིད་དང་ལྡན་པ་གཅིག་ལ་གནོད་ན་དེའི་མཚན་ཉིད་ཅན་ཐམས་ཅད་སུན་འབྱུང་བ་ཁོ་ནར་འགྱུར་རོ་ཞེས་ལེའུ་གཉིས་པར་བཤད་ཟིན་ཏོ། །ཚུལ་གསུམ་ལ་བརྟེན་པའི་ཚད་མའི་མཚན་ཉིད་དང་ལྡན་པ་གཅིག་ལ་གནོད་ཀྱང་ཐམས་ཅད་སུན་ཕྱུང་བར་མི་འགྱུར་ཏེ། གནོད་པ་མེད་པའི་ཡུལ་ཅན་ཡང་རྟགས་ཀྱི་མཚན་ཉིད་ཡིན་པས་སོ་ཞེ་ན་ནི། སྒྲ་མི་རྟག་པར་བསྒྲུབ་དགོས་ཀྱི་ཕྱི་རྒོལ་ཆོས་ཅན། ཁྱོད་ཀྱིས་བསྒྲུབ་བྱ་མ་རྟོགས་པའི་གོང་རོལ་ཏུ་རྟགས་དེའི་མཚན་ཉིད་མ་ངེས་པ་ཅན་ཡིན་པར་ཐལ། ཁྱོད་ཀྱིས་བསྒྲུབ་བྱ་མ་རྟོགས་པའི་གོང་རོལ་ཏུ་རྟགས་ཀྱི་ཡུལ་ལ་གནོད་པ་མེད་པར་མི་ངེས་པའི་ཕྱིར། ཚད་མས་མི་ངེས་པར་འདོད་པ་དེ་ལྟར་ན་ཡང་སྐྱོན་ཡོད་དེ། བསྒྲུབ་བྱ་རྟོགས་པ་གང་གི་དོན་དུ་མི་འཁྲུལ་བ་བསམ་པའི་གནོད་པ་མེད་པ་གང་ཞིག་ཆོས་ཅན། བསྒྲུབ་བྱ་གང་གི་དོན་དུ་མི་འཁྲུལ་སྒྲུབ་པར་བྱེད་པའི་རྟགས་ཡིན་ཏེ་མ་ཡིན་པར་ཐལ། བསྒྲུབ་བྱ་གོ་བར་བྱེད་པའི་རྟགས་མིན་པའི་ཕྱིར། ཕྱོགས་ལས་གཞན་ལ་ཁྱབ་པ་བསྒྲུབ་ན་གོ་བྱེད་མ་ཡིན་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། སྐྱེས་བུའི་འདོད་པ་ཙམ་གྱིས་རྟགས་བསྒྲུབ་བྱའི་ཆོས་དང་མི་འཁྲུལ་བའི་ཕྱིར་དངོས་པོའི་ཆོས་རྣམ་པར་གནས་པ་མིན་པར་ཐལ། དངོས་པོ་ལ་རྟགས་གང་ཞིག་ཆོས་གང་གིས་ཁྱབ་པ་དེ་ཆོས་དེའི་གོ་བར་བྱེད་པའམ་མ་ཁྱབ་པ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར། གང་གི་ཚེ་ཁྱབ་པའི་འཁྲུལ་པ་འདི་ཕྱོགས་སུ་བྱེད་པ་དེའི་ཚེ་ཁྱབ་པ་མི་འཁྲུལ་ལ་གཞན་ཕྱོགས་སུ་མི་བྱེད་པའི་གནས་སྐབས་ཀྱི་ཚེ་རྟགས་དེས་བསྒྲུབ་བྱའི་ཆོས་ལ་འཁྲུལ་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་ཚད་མ་ཡིན་ནོ་ཞེས་བཞད་གད་མཛད་པ་ཡིན་ནོ། །མེད་པའི་ཆོས་ནི་འགལ་གྱུར་ན་ཞེས་པའི་དོན་བཤད་པ་ནི། དངོས་པོ་ཙམ་ལ་ཁྱབ་པའི་དོན་རྣམ་པར་བཅད་པ་དངོས་པོ་མེད་པའི་ཆོས་གཙོ་བོ་ཡོད་པར་བསྒྲུབ་པ་ལ་གཏན་ཚིགས་སུ་བརྗོད་ན་ནི། དོན་བྱེད་ནུས་པ་རྣམ་པར་བཅད་པ་ནི་ཆོས་ཅན། གཙོ་བོ་དངོས་པོར་བསྒྲུབ་པ་དེའི་གཏན་ཚིགས་འགལ་བར་འགྱུར་ཏེ། དེ་བསྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག དངོས་པོ་འགའ་ལ་ཡང་མི་སྲིད་པའི་ཕྱིར་དང༌། དངོས་པོ་མེད་པ་མཐའ་དག་ལ་ཡོད་པའི་ཕྱིར་རོ། །མི་མཚུངས་པའི་དོན་དངོས་བསྟན་པ་ནི། རྒྱུ་མཚན་དེའི་ཕྱིར་ཡོད་ཆོས་མེད་ཆོས་གཉིས་ཆོས་འདི་རྣམ་པ་གསུམ་ག་ཡང་ཆོས་ཅན། གཙོ་བོ་ཡོད་པ་བསྒྲུབ་པ་ལ་གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་བརྟེན་པ་མ་ཡིན་ཏེ། གཙོ་བོ་ཡོད་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་མེད་པའི་ཕྱིར། གསུམ་པོ་འདི་ལས་རྣམ་པ་གཞན་ཡང་རྟགས་ཡང་དག་ཏུ་མི་སྲིད་པའི་ཕྱིར་རོ། །མི་སྲིད་པ་དེས་ན་གཙོ་བོ་ཡོད་པ་རྟགས་ཀྱི་བསྒྲུབ་བྱ་མིན་ནོ། །ཡོད་པ་སྒྲུབ་བྱེད་ཡིན་པ་ལ་མ་གྲུབ་པ་དང་འགལ་བ་དང་མ་ངེས་པའི་སྐྱོན་མེད་པར་བསྟན་པ་ལ། དང་པོ་སྤྱི་ཡོད་པ་ཆོས་ཅན། སྒྲའི་སྟེང་དུ་ཡོད་པ་དེ་ཙམ་ལ་ཁྱབ་པ་མི་རྟག་པ་འདི་སྒྲུབ་པར་བྱེད་པ་ཉིད་ཡིན་པ་ལ་ཕྱོགས་ཆོས་མ་གྲུབ་པའི་སྐྱོན་མེད་དེ། ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་ཤེས་འདོད་ཆོས་ཅན་སྒྲ་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་གྲུབ་པའི་ཕྱིར། འགལ་བ་དང་མ་ངེས་པའི་སྐྱོན་མེད་པར་བསྟན་པ་ནི། ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་འགལ་བ་དང་མ་ངེས་པའི་རྟགས་སུ་ཐལ་བ་དེར་མི་འགྱུར་ཏེ། རྣམ་པ་ཅི་ཞིག་ལྟར་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་དེས་ཁྱོད་ལ་ཁྱབ་པ་ངེས་པས་ན་ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་འགལ་བ་མིན་ཞིང་མ་ངེས་པ་ཡང་མ་ཡིན་པའི་ཕྱིར། ཡང་དག་གཉིས་དང་འགལ་བ་གཉིས་དཔེར་བརྗོད་པའི་དགོས་པ་རྒྱས་པར་བསྟན་ཟིན་པའི་མཇུག་བསྡུ་བ། ཕྱོགས་ཆོས་ཅན་གྱི་ཡང་དག་གཉིས་དང་འགལ་བ་གཉིས་ཏེ་བཞི་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱད་པར་དང་སྤྱི་ཁྱབ་མ་ངེས་པ་དག་ཀྱང་ཁྱབ་པ་ངེས་པར་སྨྲ་བའི་ལོག་རྟོག་བསལ་བའི་ཆེད་ཡིན་པའི་ཕྱིར། དེ་ཡང་གཏན་ཚིགས་ལྟར་སྣང་གོང་དུ་བསྟན་པ་དེ་ལྟར་རང་བཞིན་གྱི་རྟགས་ཀྱི་མཚན་ཉིད་ཅན་དང་འབྲས་བུ་ཡི་རྟགས་ཀྱི་མཚན་ཉིད་ཅན་རྣམ་པ་འདི་གཉིས་ནི་གཏན་ཚིགས་ཡིན་ལ་དེ་ཉིད་རང་གི་ཁྱད་པར་བྱེད་པ་ལས་བཟློག་པ་བསྒྲུབ་པར་བྱ་བ་ལ་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། ཁྱད་པར་དང་སྤྱི་གཉིས་བསྟན་པའི་དགོས་པ་ནི། སྲོག་སོགས་དང་གཞལ་བྱའི་གཏན་ཚིགས་གཉིས་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱད་པར་དང་སྤྱི་ཁྱབ་མ་ངེས་པ་དག་ཀྱང་ཁྱབ་པ་ངེས་པར་སྨྲ་བའི་ལོག་རྟོག་བསལ་བའི་ཆེད་ཡིན་པའི་ཕྱིར། དེ་ཡང་གཏན་ཚིགས་ལྟར་སྣང་བའི་སྐབས་སུ་བབ་པ་ན་རྒྱས་པར་བཤད་པར་བྱའོ། །ལྷག་མ་གསུམ་བཤད་པའི་དགོས་པ་བསྟན་པ་ནི། ཕྱོགས་ཀྱི་ཆོས་ལྷག་མ་རྣམ་པ་གསུམ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། གཏན་ཚིགས་ཀྱི་ལྡོག་པ་གཙོ་བོར་བསྒྲུབ་པའི་ཆེད་ཡིན་པའི་ཕྱིར། གཏན་ཚིགས་ཀྱི་ལྡོག་པ་བསྒྲུབ་པ་འདིར་ཆོས་ཅན། འདི་ལྟར་རྗེས་སུ་འགྲོ་བ་གཙོ་ཆེ་བའི་སྒོ་ནས་ནི་གཏན་ཚིགས་བསྒྲུབ་བྱ་གོ་བར་བྱེད་པ་མིན་ནོ། །གལ་ཏེ་ཡིན་ན་མི་རྟག་པ་ཉིད་ལས་སྒྲ་རྩོལ་བ་ལས་བྱུང་བ་མིན་པ་ཉིད་རྟོགས་དགོས་པ་ལས་མི་རྟོགས་པའི་ཕྱིར་རོ། །མི་རྟག་པ་འདི་ལས་ནི་རྩོལ་མ་བྱུང་རྟོགས་པར་མི་འགྱུར་ཏེ། ལྡོག་པ་མེད་པས་རྗེས་སུ་འགྲོ་བ་འབའ་ཞིག་ཡིན་པའི་ཕྱིར་ཏེ། རྗེས་སུ་འགྲོ་ལྡོག་ཆ་མཉམ་ན་གོ་བྱེད་དུ་འགྱུར་ཞེ་ན། འོ་ན་སྒྲ་ཆོས་ཅན། རྟག་པ་ཡིན་ཏེ། རེག་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་རྟགས་འདི་ཆོས་ཅན། ཁྱོད་སྒྲ་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཁྱོད་ལ་རྗེས་སུ་འགྲོ་ལྡོག་ཆ་མཉམ་པའི་ཕྱིར། མིན་ཏེ་བརྩལ་མ་ཐག་ཏུ་བྱུང་བ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །མི་མཐུན་པའི་ཕྱོགས་དེ་ལས་མི་རྟོགས་པའི་ཕྱིར་རོ། །མི་རྟག་པ་འདི་ལས་ནི་རྩོལ་མ་བྱུང་རྟོགས་པར་མི་འགྱུར་ཏེ། དེ་ལ་ཡང་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་པའི་ཕྱིར། རྗེས་སུ་འགྲོ་བ་གཙོ་བོ་ཡིན་ན་གོ་བྱེད་དུ་འགྱུར་རོ་ཞེ་ན། མི་རྟག་པ་འདི་ཆོས་ཅན། སྒྲ་རྩོལ་བྱུང་དུ་བསྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། སྒྲ་རྩོལ་བྱུང་དུ་བསྒྲུབ་པའི་རྗེས་སུ་འགྲོ་བ་སྟོབས་དང་ལྡན་ཞིང་ལྡོག་པ་སྟོབས་ཆུང་བའི་ཕྱིར། དེར་ཐལ། དེ་བསྒྲུབ་ཀྱི་མཐུན་པའི་ཕྱོགས་ལ་ཁྱབ་པའི་ཕྱིར་དང་མི་མཐུན་པའི་ཕྱོགས་འགའ་ལ་མེད་པའི་ཕྱིར། དཔེར་ན། སྒྲ་ཆོས་ཅན། བརྩལ་མ་ཐག་ཏུ་བྱུང་བ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །མི་མཐུན་པའི་ཕྱོགས་མཐའ་དག་ལས་མ་ལོག་པའི་ཕྱིར་གོ་བྱེད་དུ་མི་འགྱུར་ལ་ལྡོག་ན་འགྱུར་རོ་ཞེ་ན། གོ་བྱེད་དུ་འགྱུར་བ་ལ་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་དགོས་པ་དེ་ལྟ་ན། འོ་ན་ནི་ཤེས་བྱ་ཆོས་ཅན། གང་བྱས་པ་དེ་མི་རྟག་པ་ཡིན་ནོ་ཞེས་སྒྲ་ལ་རྟག་པ་རྣམ་པར་བཅད་པས་བྱས་པ་སྒྲ་མི་རྟག་པ་གོ་བར་བྱེད་པ་ཡིན་པར་འདོད་པར་འགྱུར་ཏེ། བྱས་པས་སྒྲ་ལ་རྟག་པ་གཅོད་པ་དེ་ལྟ་མིན་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པ་བསྟན་པར་མི་ནུས་པའི་ཕྱིར་རོ། །དེས་ན་སྒྲ་མི་རྟག་པ་འདི་རྗེས་འགྲོ་ཡོད་པ་ཙམ་དང་རྗེས་སུ་འགྲོ་ལྡོག་ཆ་མཉམ་པ་དང་རྗེས་འགྲོ་གཙོ་ཆེ་བས་རྟོགས་པ་མིན་ནོ། །རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་ཡང་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་པས་ཁྱབ་པའི་ཕྱོགས་ཆོས་ཅན་ཡིན་ན་གོ་བྱེད་དུ་ཡོད་པ་ཡིན་ཏེ། དཔེར་ན་དུང་སྒྲ་ཆོས་ཅན། མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཕྱོགས་ཆོས་གྲུབ་ཅིང་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་ན་གོ་བྱེད་ཡིན་པ་དེའི་ཕྱིར། ཤེས་བྱ་ཆོས་ཅན། གང་རྩོལ་བ་ལས་བྱུང་བ་དེ་ནི་མི་རྟག་པ་ཡིན་ནོ་ཞེས་རྟག་པ་རྣམ་པར་བཅད་པ་ཉིད་ཀྱིས་རྩོལ་བྱུང་གི་གཏན་ཚིགས་དུང་སྒྲ་མི་རྟག་པ་གོ་བར་བྱེད་པ་ཡིན་ཏེ། རྩོལ་བྱུང་དང་དུ་བ་ལ་སོགས་པས་དུང་སྒྲ་དང་ས་ཕྱོགས་ལ་སོགས་པར་རྟག་པ་དང་མེ་མེད་ལ་སོགས་པ་རྣམ་པར་བཅད་པས་མི་མཐུན་ཕྱོགས་ལས་ལྡོག་པ་རྟོགས་ན་སྒྲུབ་ངག་འདིའི་བསྟན་བྱ་རྟགས་ཡང་དག་གི་ནུས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །གལ་ཏེ་རྟག་པ་དེ་དག་ལས་ཐ་དད་པའི་མི་རྟག་པ་ཙམ་ནི་རྟགས་ཀྱིས་གོ་བར་བྱ་བ་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར། འོན་ཀྱང་སྒྲ་འདི་ལ་མི་རྟག་པ་འདི་ཉིད་ཡིན་གྱི་ཞེས་པའི་ཡོངས་གཅོད་དང༌། གཞན་རྟག་པ་ནི་མ་ཡིན་ཞེས་པའི་རྣམ་གཅད་གཉིས་པོའི་སྤྱི་དེ་ཉིད་མི་མཐུན་པ་རྟག་པ་དང་མ་འདྲེས་པ་རྟགས་ཀྱི་གོ་བར་བྱ་བ་ཡིན་ནོ་ཞེ་ན། གལ་ཏེ་མི་རྟག་པ་ལ་སོགས་པ་དེ་དག་གདོན་མི་ཟ་བར་གཞན་རྟག་པ་དང་མ་འདྲེས་པར་རྟགས་ཀྱིས་གོ་བར་བྱ་བ་ཡིན་ན། བྱས་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལ་རྣམ་གཅོད་དང་ཡོངས་གཅོད་ཀྱི་བར་གྱི་སྤྱི་བསྒྲུབ་བྱར་བྱས་པ་ཅི་ཞིག་བྱ་སྟེ་མི་དགོས་པར་ཐལ། ཁྱོད་ཀྱིས་སྒྲ་ལ་མི་རྟག་པ་གཞན་དང་མ་འདྲེས་པར་བསྒྲུབ་པ་དེ་ཙམ་གྱིས་ཁྱོད་ཀྱིས་འབྲས་བུ་བསྒྲུབ་བྱ་རྟོགས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །གཏན་ཚིགས་ཀྱི་ལྡོག་པ་གཙོ་བོར་སྒྲུབ་པ་ཆོས་ཅན། དགོས་པ་ཡོད་དེ། ཁྱོད་ཀྱིས་རྟགས་དེ་དག་གི་དགག་བྱ་གཞན་དང་མ་འདྲེས་པ་དེ་ཉིད་ཆོས་ཅན་ལ་རྟགས་ཀྱིས་གོ་བར་བྱ་བར་འགྱུར་མོད་ཅེས་སྟོན་པར་བྱེད་པའི་ཕྱིར་རོ། །ཞེས་བྱ་བ་འདི་ནི་ལེགས་པའི་རྣམ་བཞག་གོ །ཕྱོགས་ཆོས་ཀྱི་མདོའི་བརྗོད་བྱའི་དོན་དང་དགོས་པའི་དོན་རྣམས་བཤད་ཟིན་ནས་རྩོད་པ་སྤང་བའི་དོན་དུ་ཡང་དག་པའི་རྟགས་ཐམས་ཅད་གསུམ་དུ་བསྡུ་བ་ལ། རྒོལ་བ་བཀོད་པ་གཏན་ཚིགས་གསུམ་གྱི་དོན་དུ་ཕྱོགས་ཆོས་དགུར་ཕྱེ་བ་འོ་ན་རྒྱུའི་ནུས་པས་འབྲས་བུ་སྐྱེ་བར་རྗེས་སུ་དཔག་པ་གང་ཡིན་པ་དེ་ཇི་ལྟར་གཏན་ཚིགས་རྣམ་པ་གསུམ་གྱི་ནང་དུ་འདུ་ཞེ་ན། རྒྱུ་ཚོགས་པ་ལས་འབྲས་བུ་བསྐྱེད་པར་རུང་བ་ཉིད་དཔོག་པ་རྟགས་གསུམ་དུ་མ་འདུས་པར་རྒོལ་ན་མི་འཐད་དེ། རང་བཞིན་གཏན་ཚིགས་སུ་འདུས་སོ་ཞེས་བསྟན་པ། ནུས་པའི་རྒྱུ་ཡིས་འབྲས་བུ་སྐྱེ་བར་རུང་བ་རྗེས་སུ་དཔོག་པའི་གཏན་ཚིགས་གང་ཡིན་པ་དེ་ནི་ཆོས་ཅན། རང་བཞིན་གྱི་གཏན་ཚིགས་ཡིན་པར་བརྗོད་དེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་གང་ཞིག ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ནི་མི་ལྟོས་པར་ཁྱོད་ཡོད་ཙམ་དང་འབྲས་བུ་བསྐྱེད་རུང་གི་རང་བཞིན་དུ་རྗེས་སུ་འབྲེལ་བའི་ཕྱིར། འབྲས་བུ་སྐྱེ་རུང་འདི་ཡང་ཆོས་ཅན། རྒྱུ་ཚོགས་དེའི་ངོ་བོ་དེ་ཡོད་ཙམ་དང་འབྲེལ་བའི་རང་བཞིན་ཡིན་ཏེ། ཇི་ལྟར་ན་རྒྱུ་རྐྱེན་ཉེ་བས་རྫས་གཞན་ལ་མི་ལྟོས་པར་རྒྱུ་ཚོགས་ཚང་བ་ལ་བདག་གཅིག་ཏུ་འབྲེལ་བས་སོ། །ཚོགས་པས་རུང་བ་དཔོག་པ་དེ་ལ་ནི། མྱུ་གུའི་རྒྱུ་ཚོགས་པ་རྣམས་ཆོས་ཅན། ཁྱོད་ཀྱིས་ནས་ཀྱི་མྱུ་གུའི་རྒྱུ་ཚོགས་ལ་འབྲས་བུ་མྱུ་གུ་བསྐྱེད་པར་རུང་བ་ཉིད་འབའ་ཞིག་རྗེས་སུ་དཔོག་པ་ལ་ཁྱོད་རང་བཞིན་དུ་གྱུར་པའི་གཏན་ཚིགས་ཁོ་ན་ཡིན་ཏེ། དེ་སྒྲུབ་ཀྱི་སྒྲུབ་རྟགས་གང་ཞིག ཁྱོད་མྱུ་གུ་སྐྱེད་རུང་ལ་བདག་གཅིག་ཏུ་འབྲེལ། མྱུ་གུ་སྐྱེད་པར་རུང་བ་ཉིད་ཀྱང་ཚོགས་པ་ཁྱོད་ཡོད་ཙམ་དང་རྗེས་སུ་འབྲེལ་བའི་རང་བཞིན་ཡིན་པས་ནའོ། །སྔར་གྱི་རྩོད་པ་ལས་ཡང་རྒྱུ་ཚོགས་པ་ལས་འབྲས་བུ་ཁོ་ན་རྗེས་སུ་དཔོག་པར་མི་བྱེད་ཅེ་ན། ཤེས་བྱ་ཆོས་ཅན། རྒྱུ་ཚོགས་པས་འབྲས་བུ་ཆོས་ཅན་ལ་འབྲས་བུ་སྐྱེ་བ་ཉིད་རྗེས་སུ་དཔོག་ནུས་པ་མིན་པར་ཐལ། རྒྱུ་ཚོགས་པས་འབྲས་བུ་བསྐྱེད་པའི་བར་འདིར་གེགས་བྱེད་པའི་ཕྱིར། དེར་ཐལ། གང་གི་ཕྱིར་ན་རྒྱུའི་རྫས་ཚོགས་པ་དག་ཁོ་ནས་རང་གི་འབྲས་བུ་བསྐྱེད་པར་བྱེད་པར་ནི་མ་ངེས་པའི་ཕྱིར་ཏེ། འབྲས་བུ་སྐྱེ་བ་ནི་ཚོགས་པ་ལས་སྐྱེ་བ་ཅན་གྱི་ནུས་པ་རྣམས་ཀྱི་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །འོ་ན་རུང་བ་དཔོག་ལ་ཡང་མཚུངས་སོ་ཞེ་ན། མྱུ་གུའི་རྒྱུ་ཚོགས་ཆོས་ཅན། ཁྱོད་ཀྱིས་ནས་ཀྱི་མྱུ་གུའི་རྒྱུ་ཚོགས་འབྲས་བུ་སྐྱེ་རུང་དུ་རྗེས་སུ་དཔོག་པ་ལ་ཁྱབ་པ་འཁྲུལ་བའི་འགལ་བ་མེད་དེ། མྱུ་གུ་སྐྱེ་བར་རུང་བ་ཉིད་ནི་ཁྱོད་ལས་རྫས་གཞན་ལ་མི་ལྟོས་པར་ཁྱོད་ཀྱི་རང་བཞིན་ཡིན་ཞིང༌། ཁྱོད་མྱུ་གུ་སྐྱེད་རུང་ལ་མི་འཁྲུལ་བའི་ཁྱབ་པ་ཚད་མས་གྲུབ་པའི་ཕྱིར་རོ། །མྱུ་གུའི་རྒྱུ་ཚོགས་པ་འདི་ཆོས་ཅན། ཁྱོད་ཀྱི་ནུས་པ་ཕྱི་མ་ཕྱི་མ་ཡོངས་སུ་འགྱུར་བ་ལ་བརྟེན་ནས་འབྲས་བུ་བསྐྱེད་པར་ནུས་པ་ཡིན་ཏེ། ཁྱོད་ཀྱི་ནུས་པ་ཕྱི་མ་ཕྱི་མ་ཡོངས་སུ་འགྱུར་བའི་རྐྱེན་ལྟོས་པར་བྱ་བ་རྒྱུ་ཚོགས་སྔ་མ་སྔ་མ་རྣམས་ལས་གཞན་མེད་པའི་རྒྱུ་ཚོགས་ཡིན་པའི་ཕྱིར། རྒྱུ་རྐྱེན་ཚོགས་པའི་འབྲས་བུ་བསྐྱེད་པར་རུང་བ་ཉིད་ནི་རྒྱུ་ཚོགས་པ་ལས་གཞན་ལ་མི་ལྟོས་པ་ཞེས་བྱ་སྟེ། ནུས་པ་ཡོངས་སུ་འགྱུར་བ་སྐྱེ་བ་ནི་རྒྱུ་ཚོགས་རང་གི་རིགས་སྔ་མ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར། རྒྱུ་ཚོགས་པ་དག་ཆོས་ཅན། རང་འབྲས་སྐྱེ་རུང་བ་ཉིད་ཀྱང་ཁྱོད་དང་རྒྱུ་མ་ཚོགས་པ་གཉིས་ལས་ཁྱོད་ཁོ་ནས་ཆོས་ཅན་ལ་རྗེས་སུ་དཔོག་པར་བྱེད་དེ། ཁྱོད་ཀྱིས་ཆོས་ཅན་ལ་འབྲས་བུ་སྐྱེ་རུང་དཔོག་ནུས་ཤིང་རྒྱུ་མ་ཚོགས་པ་དེ་ལས་འབྲས་བུ་སྐྱེ་རུང་རྗེས་སུ་དཔོག་ནུས་པ་མ་ཡིན་པའི་ཕྱིར། ནུས་པ་མིན་པར་ཐལ། རྒྱུ་མ་ཚོགས་པ་ལ་ནི་འབྲས་བུ་བསྐྱེད་པ་ལ་ཤིན་ཏུ་ནུས་པ་མེད་པའི་ཕྱིར། མི་མཐུན་ཕྱོགས་ལ་མ་མཐོང་བས་གོ་བྱེད་ཡིན་ནོ་ཞེ་ན། ཆུ་ལུད་དང་མ་ཕྲད་པའི་ས་བོན་ཆོས་ཅན། ཆུ་ལུད་དང་མ་ཕྲད་པའི་སྦྱང་ནང་གི་ས་བོན་མྱུ་གུ་སྐྱེད་བྱེད་དུ་བསྒྲུབ་པ་ལ་ལྷག་མ་དང་ལྡན་པའི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་བས་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་རྟགས་ཡིན་པའི་ཕྱིར། དཔེར་ན་ལུས་རྒྱས་པ་དང་དབང་པོ་དྭངས་པ་དང༌། བློ་གསལ་བ་དག་ལས་འདོད་ཆགས་ལ་སོགས་པ་སྐྱེ་རུང་བ་རྗེས་སུ་དཔོག་པ་བཞིན་ནོ། །ལུས་ལ་སོགས་པ་འདོད་ཆགས་ཀྱི་རྒྱུ་མ་ཡིན་ནམ་ཞེ་ན། འདོད་ཆགས་ལ་སོགས་པའི་རྒྱུ་ཉིད་བསྟན་པ། འདོད་ཆགས་དང་ཁོང་ཁྲོ་བ་ལ་སོགས་པ་ནི་བདག་དང་བདག་གིར་མངོན་པར་ཞེན་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། ང་དང་ངའི་ཞེས་མངོན་པར་ཞེན་པ་མ་མཐོང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མཐོང་བ་མེད་པའི་ཕྱིར། དེར་ཐལ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་པར་ཉེས་པ་རྣམས་མི་སྐྱེ་བའི་ཕྱིར། ཚུལ་མིན་ཡིད་བྱེད་དང་ལྡན་པའི་ལུས་ལ་སོགས་པ་འདོད་ཆགས་ཀྱི་རྒྱུ་ཡིན་ཡང༌། ཚུལ་མིན་ཡིད་བྱེད་དང་བྲལ་བའི་ལུས་འབའ་ཞིག་པ་རྣམས་ཆོས་ཅན། འདོད་ཆགས་ཀྱི་རྒྱུ་མ་ཡིན་པར་ཐལ། ཁྱོད་ལ་འདོད་ཆགས་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དེས་ན་ལུས་རྒྱས་པ་ལ་སོགས་པའི་རྟགས་འདི་ཆོས་ཅན། ལུས་རྒྱས་པ་ལ་སོགས་པ་དང་ལྡན་པའི་ཕ་རོལ་པོ་ལ་འདོད་ཆགས་ཡོད་པར་སྒྲུབ་པ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པའི་རྟགས་འཁྲུལ་བ་ཅན་ཡིན་ཏེ། མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་འཇུག་པ་མ་མཐོང་དུ་ཟིན་ཀྱང་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་རྟགས་ཡིན་པའི་ཕྱིར། འོ་ན་རྒྱུ་དང་འབྲས་བུར་མ་འགྱུར་པ་གཞན་རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དེ་ཇི་ལྟར་རྟགས་གསུམ་གྱི་ནང་དུ་འདུ་ཞེ་ན། དེ་ཡང་གསུམ་པོའི་ཁོངས་སུ་འདུ་ཚུལ་འདི་ལྟར། རོ་ད་ལྟར་བས་ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་ལ་སོགས་པ་རྟོགས་པར་བྱེད་པའི་གཏན་ཚིགས་ཆོས་ཅན། རང་གི་རྒྱུའི་ཆོས་རོ་སྔ་མའི་ནུས་པ་རྗེས་སུ་དཔག་པའི་སྟོབས་ལས་གཟུགས་ད་ལྟར་བ་རྗེས་སུ་དཔོག་སྟེ། བུ་རམ་གྱི་གོང་བུ་ད་ལྟར་བ་ལ་རང་གི་ཉེར་ལེན་རོ་སྔ་མའི་ནུས་པ་ཡོད་པར་བསྒྲུབ་པའི་གཏན་ཚིགས་གང་ཞིག གཟུགས་ད་ལྟར་བ་དང་དངོས་རྒྱུའི་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཕྱིར། དཔེར་ན་དུ་བས་མེ་དངོས་སུ་དཔག་པས་བུད་ཤིང་གི་འགྱུར་བ་ཐལ་སོལ་དཔོག་པ་བཞིན་ནོ། །རོ་ལས་གཟུགས་དཔོག་པ་དེར་ཡང་ཆོས་ཅན། རྒྱུའི་ཆོས་རོ་སྔ་མ་རྗེས་སུ་མ་དཔག་པར་གཟུགས་ད་ལྟ་བ་རྗེས་སུ་དཔོག་པ་མ་ཡིན་པར་ཐལ། རྒྱུའི་རོ་སྔ་མ་དེ་ལྟ་བུ་ཁོ་ན་དངོས་སུ་རྗེས་སུ་དཔོག་པའི་སྟོབས་ལས་གཟུགས་ད་ལྟར་བ་རྗེས་སུ་དཔོག་པའི་ཕྱིར། རོ་ད་ལྟར་བའི་ཉེར་ལེན་གྱི་རྒྱུ་ནི་ཆོས་ཅན། རོ་གཟུགས་ད་ལྟར་བ་གཉིས་ཀའི་རྒྱུ་ཡིན་ཏེ། གཟུགས་ད་ལྟར་བ་ལ་ནུས་པ་ཞུགས་པའི་གཟུགས་ད་ལྟར་བ་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུའི་གཟུགས་ད་ལྟར་བ་བསྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་རོ་ད་ལྟར་བ་བསྐྱེད་པར་བྱེད་པའི་ཕྱིར། མེ་ཆོས་ཅན། དུ་བ་དང་བུད་ཤིང་གི་འགྱུར་བ་གཉིས་ཀའི་རྒྱུ་ཡིན་ཏེ། བུད་ཤིང་གི་འགྱུར་བ་ཐལ་སོལ་ལ་སོགས་པའི་ཁྱད་པར་གྱི་ཉེ་བར་ལེན་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་དུ་བ་བསྐྱེད་པ་ཞེས་པ་བཞིན་ནོ། །ཚོགས་པ་གཅིག་ལ་རག་ལས་པའི་འབྲེལ་པ་གྲུབ་པར་བསྟན་པ་ནི། འདི་ལྟར་རོ་ད་ལྟར་བའི་རང་གི་རྒྱུ་འབྲས་རོ་ད་ལྟར་བ་བསྐྱེད་པར་བྱ་བ་ལ་མངོན་དུ་ཕྱོགས་པ་མེད་ན་རོ་ད་ལྟར་བ་མེད་པར་འགྱུར་བའི་རོ་སྔ་མ་དེ་ཉིད་ཆོས་ཅན། གཟུགས་ད་ལྟར་བ་ལ་གཟུགས་ད་ལྟར་བ་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུ་རྣམས་ཀྱི་ནུས་པ་འཇུག་པའི་རྒྱུའི་ཡན་ལག་གམ་རྐྱེན་ཡིན་ཏེ། གཟུགས་ད་ལྟར་བའི་ཉེ་ལེན་གྱིས་གཟུགས་ད་ལྟར་བ་བསྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་ཕྱིར། རོ་ད་ལྟར་བ་ལ་ནུས་པ་འཇུག་པའི་རོ་ད་ལྟར་བའི་ཉེར་ལེན་པ་དེ་ཡང་ཆོས་ཅན། གཟུགས་ད་ལྟར་བ་ལ་ནུས་པ་འཇུག་པའི་གཟུགས་ཀྱི་ཉེར་ལེན་པའི་རྒྱུའི་ལྷན་ཅིག་བྱེད་པ་ཅན་ཡིན་ཏེ། གཟུགས་ད་ལྟར་བའི་ཉེར་ལེན་དེ་ཁྱོད་ཀྱིས་རོ་ད་ལྟར་བ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར། རྒྱུའི་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་པ་གྲུབ་པ་དེའི་ཕྱིར་རོ་གཟུགས་ཚོགས་པའི་རྒྱུ་ཇི་ལྟ་བུ་ལས་འབྱུང་བའི་རོ་ད་ལྟར་བ་ཆོས་ཅན། ཁྱོད་ཀྱིས་བུ་རམ་གྱི་གོང་བུ་ད་ལྟར་བ་ལ་རོ་སྔ་མ་དེ་ལྟ་བུ་རྗེས་སུ་དཔོག་པར་བྱེད་པ་ན་གཟུགས་ད་ལྟར་བ་རྗེས་སུ་དཔོག་པར་བྱེད་པ་ཡིན་ཏེ། དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པས་སོ། །དཔོག་པའི་དུས་ཀྱི་ཁྱད་པར་འཆད་པ་ནི། རོས་གཟུགས་དཔོག་པ་དེ་ལ་ཡང་རོ་ད་ལྟར་བ་ཆོས་ཅན། ཁྱོད་ཀྱིས་བུ་རམ་གྱི་གོང་བུ་ད་ལྟར་བ་ལ་འདས་པ་རོ་སྔ་མ་དང་རང་དང་དུས་གཅིག་པའི་གཟུགས་རྣམས་རྟོགས་པར་བྱེད་ཀྱི་རོ་གཟུགས་མ་འོངས་པ་རྣམས་རྟོགས་པར་བྱེད་པའི་རྟགས་མ་ཡིན་ཏེ། ཁྱོད་ཀྱིས་དེ་བསྒྲུབ་པ་ལ་ཁྱབ་པ་འཁྲུལ་བའི་ཕྱིར། རོ་སྔ་མ་དང་གཟུགས་ད་ལྟར་བ་དཔོག་ནུས་པ་དེའི་ཕྱིར་རོས་གཟུགས་དཔོག་པ་དེ་ཡང་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ནོ། །རོས་གཟུགས་དཔོག་པ་འབྲས་རྟགས་ལས་སྐྱེས་པར་བསྟན་པ་འདིས་ནི་ཆོས་ཅན། འབྲས་རྟགས་ཀྱི་རིགས་ཅན་གཞན་ཡང་བཤད་པ་ཡིན་ཏེ། གྲོག་མ་ཚང་འཕོ་བ་དང་ཉ་གྱེན་དུ་འཕར་བ་དང་སྦལ་བ་སྐད་འབྱིན་པ་ལ་སོགས་པ་ལས་ཆར་པ་ལ་སོགས་པ་རྗེས་སུ་དཔོག་པ་ཡང་རྒྱུ་ཆོས་རྗེས་སུ་དཔོག་པའི་འབྲས་རྟགས་སུ་བཤད་པ་ཡིན་པའི་ཕྱིར། གྲོག་མ་འཕོ་བས་ཆར་པ་རྗེས་སུ་དཔོག་པ་དེ་ལ་ཡང་རོ་གཟུགས་ཀྱི་འབྲེལ་བ་བཞིན་ཡོད་དོ་ཞེས་བསྟན་པ། ཆར་པ་ཆོས་ཅན། གྲོག་མ་འཁྲུགས་པ་ལ་སོགས་པ་དང་རྒྱུའི་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་སྟེ། ཁྱོད་ཀྱི་ཉེར་ལེན་འབྱུང་བར་གྱུར་པ་འགའ་ཞིག་ཁོ་ན་གྲོག་མ་ལ་སོགས་པ་འཁྲུགས་པ་ལ་སོགས་པའི་ལྷན་ཅིག་བྱེད་རྒྱུ་ཡིན་པའི་ཕྱིར། འབྲས་བུའི་གཟུགས་ཆོས་ཅན། ཁྱོད་ལས་བུམ་གཟུགས་ལ་འབྱུང་བཞིའི་རེག་པ་རྗེས་སུ་དཔོག་པ་ནི་འབྲས་བུ་ཡི་རྟགས་ལས་སྐྱེས་པ་ཡིན་ཏེ། ཁྱོད་བུམ་གཟུགས་ལ་རྒྱུ་འབྱུང་བཞིའི་རེག་པ་ཡོད་པར་བསྒྲུབ་པའི་ཚུལ་གསུམ་གང་ཞིག རྒྱུ་འབྱུང་བཞིའི་རེག་པ་ལ་དེ་བྱུང་དུ་འབྲེལ་བའི་ཕྱིར། རྟགས་གྲུབ་སྟེ། འབྲས་བུའི་གཟུགས་ལ་སོགས་པ་ནི་རྒྱུ་འབྱུང་བ་བཞི་ལ་བརྟེན་པའི་ཕྱིར་རོ། །འོ་ན་བ་ལང་ཡིན་པའི་ཕྱིར་རྭ་ཅན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ཅི་ལྟར་རྟགས་གསུམ་གྱི་ནང་དུ་འདུ་ཞེ་ན། དེ་ཡང་རྟགས་གསུམ་དུ་འདུའོ་ཞེས་སྟོན་པ་ནི། བ་ལང་ཉིད་ཆོས་ཅན། ཁྱོད་ཀྱི་རྟགས་ལས་ཉེ་བ་ནས་འོང་བའི་མི་དུ་མས་བ་ལང་ཞེས་ཐ་སྙད་བྱེད་པར་མཐོང་བའི་ཐག་རིང་པོའི་གོང་བུ་རྭ་ཅན་དུ་རྗེས་སུ་དཔོག་པ་ནི་འབྲས་བུ་ཡི་རྟགས་ལ་སྐྱེས་པ་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག རྭ་ལ་དེ་བྱུང་དུ་འབྲེལ་བའི་ཕྱིར། རྟགས་མ་གྲུབ་ན། བ་ལང་དེ་ཆོས་ཅན། རྭ་ལ་དེ་བྱུང་དུ་འབྲེལ་བར་ཐལ། རྭ་ལས་རྫས་ཐ་དད་དང༌། རྭ་དེ་དག་མེད་ན་ཁྱོད་མེད་པའི་ཕྱིར། རྟགས་གྲུབ་སྟེ། ཚོགས་པ་རྣམ་པར་གཞག་པའི་རྒྱུ་ནི་ཚོགས་པ་ཅན་ཡིན་པས་སོ། །དེ་ཉིད་བཤད་པ། ལྐོག་ཤལ་དང་རྭ་ལ་སོགས་པའི་ཚོགས་པ་ནི་བ་ལང་ཉིད་ཡིན་ནོ། །ཡིན་པ་དེའི་ཕྱིར་བ་ལང་ཉིད་ཆོས་ཅན། ཁྱོད་ལ་བ་ལང་ཞེས་ཐ་སྙད་བྱེད་པར་མཐོང་བའི་ཐག་རིང་པོའི་གོང་བུ་རྭ་ཅན་ལ་སོགས་པ་རྟོགས་པ་ནི་འབྲས་བུའི་རྟགས་ལས་སྐྱེས་པ་ཡིན་ཏེ། རྭ་ལས་རྫས་ཐ་དད་དེ་མེད་ན་ཁྱོད་འབྱུང་བར་མི་འགྱུར་ལ་ཡོད་ན་རང་ཕྱོགས་ཆོས་སུ་གྲུབ་པའི་གཞི་ལ། རང་གི་རྒྱུ་མཚན་རྭ་ལ་སོགས་པ་ཉེར་སྟོན་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཚོགས་པ་རྣམ་པར་བཞག་པ་འདི་ནི་ཚོགས་པ་ཅན་རྭ་ལ་སོགས་པ་རྣམས་ཀྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར། གནས་པའི་ཆུ་ལས་གཞི་གཞལ་བ་འབྲས་བུར་བསྡུ་བ་ནི། མི་འབོ་བར་གནས་པའི་ཆུའི་བདག་ཉིད་དེ་འདྲ་བ་ནི་ཆོས་ཅན། རང་གི་འོག་གཞི་དེའི་འབྲས་བུ་ཡིན་ཏེ། རང་གི་འོག་གཞིས་ཕན་གདགས་སྟོབས་ཀྱིས་རང་གི་འོག་གཞི་ལས་མངོན་པར་གྲུབ་པའི་ཕྱིར། མི་གཡོ་བར་གནས་པའི་ཆུ་ཆོས་ཅན། མི་གཡོ་བར་གནས་པའི་མཚོ་ལ་གཏིང་མ་མཐོང་བས་འོག་གཞི་ཡོད་པར་ཁྱོད་ཀྱི་རྟགས་ལས་རྗེས་སུ་དཔག་པར་བྱེད་པ་གང་ཡིན་པ་དེ་ཡང་འབྲས་བུ་ཡི་རྟགས་ལས་སྐྱེས་པ་ཉིད་དེ། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག རང་གི་འོག་གཞི་ལ་དེ་བྱུང་དུ་འབྲེལ་བའི་ཕྱིར། རྟགས་མ་གྲུབ་ན། མི་འབོ་བར་གནས་པའི་ཆུའི་བདག་ཉིད་དེ་འདྲ་བ་ནི་ཆོས་ཅན། སྔ་མ་དེར་ཐལ། རང་གི་འོག་གཞིས་ཕན་གདགས་སྟོབས་ཀྱིས་རང་གི་འོག་གཞི་དེ་ལས་གྲུབ་པའི་ཕྱིར་རོ། །དེར་ཐལ། མི་འབོ་བར་གནས་པའི་ཆུ་གང་ཞིག གཞི་དེ་ལས་མི་འབོ་བའི་ཕན་པ་ཉམས་སུ་མྱོང་བ་མེད་པར་ནི་གཞི་དེ་ལས་གནས་སྐབས་ཁྱད་པར་མི་འབོ་བར་གནས་པ་ཐོབ་པར་མི་འཐད་པའི་ཕྱིར་རོ། །ཕན་པ་དོན་གཞན་བྱེད་དོ་ཞེ་ན། ཕན་པ་དོན་གཞན་ཉིད་ཡིན་པ་ལ་ཡང་གཞན་བྱེད་ན་ནི་དེའི་ཞེས་འབྲེལ་བ་མི་འཐད་པའི་ཕྱིར་རོ་ཞེས་ལེའུ་གཉིས་པར་དགག་པ་བཤད་ཟིན་ཏོ། །གལ་ཏེ་གཞི་དེ་ལས་ཆུའི་བདག་ཉིད་ཀྱི་ཁྱད་པར་མི་ལྟུང་བ་སྐྱེས་པའི་ཕྱིར་ཆུ་མི་ལྟུང་བ་དེ་ལྟར་གནས་པ་ནི་མིན་ནོ། །འོ་ནི་ཅི་ཞེ་ན། ལྡན་པ་ལས་མི་ལྟུང་བ་ཡིན་ནོ་ཞེ་ན། ཇི་ལྟར་ལྡན་པ་དེ་གཞི་ཆུ་དེ་དག་གི་ལྡན་པ་ཡིན་ཏེ། གཞི་ཆུ་དེ་དག་ལས་སྐྱེས་པའམ་འཕྲོད་པ་འདུ་བའི་ཕྱིར་ལྡན་པ་ཡིན་གྲང༌། དང་པོ་ལྟར་ན། ལྡན་པ་དེ་ཆོས་ཅན། གཞི་ཆུ་ལས་སྔར་མེད་གསར་དུ་ཇི་ལྟར་མི་སྐྱེ་སྟེ་སྐྱེ་བར་ཐལ། གཞི་ཆུ་ལས་སྐྱེས་པའི་སྒོ་ནས་དེ་གཉིས་ཀྱི་ལྡན་པ་ཡིན་པའི་ཕྱིར་རོ། །འདོད་ན་རྟག་པར་འགལ་ལོ། །ཕྱི་མ་ལྟར་ན། ཆུ་གཅིག་ཉིད་དམ། གཞི་གཅིག་ཉིད་ལ་ཡིན། དང་པོ་ལྟར་ན། ཆུ་གཅིག་ཉིད་ལ་ཇི་ལྟར་འཕྲོད་པ་འདུ་སྟེ་འདུ་བར་མི་རིགས་པར་ཐལ། གཅིག་ཁོ་ན་ལ་འཕྲོད་ནས་འདུ་བ་བྱར་མི་རུང་བའི་ཕྱིར། ཕྱི་མའོ་ཞེ་ན། སྔ་མ་ལྟར་སྦྱོར། གཞི་ཆུ་སོ་སོ་བ་དེ་ལ་ལྡན་པ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཚོགས་པས་བསྐྱེད་དོ་ཞེ་ན། མུ་སྟེགས་པ་ཆོས་ཅན། གཞི་ཆུས་ལྡན་པ་ལ་ཕན་བཏགས་ནས་ལྡན་པས་གཞི་དེ་ཆུ་དང་ལྡན་པར་མི་འགྱུར་བར་ཐལ། གཞི་ཆུས་ལྡན་པ་ལ་ཕན་འདོགས་པར་བྱེད་པ་མིན་པའི་ཕྱིར་རོ། །ཆུ་དང་ལྷན་ཅིག་པའི་གཞི་ནི་དེ་ལས་གཞན་པའི་ཆུ་ལ་ཕན་འདོགས་པར་བྱེད་པ་ལས་ལྡན་པ་བསྐྱེད་པའི་ནུས་པའི་ཁྱད་པར་སྐྱེ་བའི་ཕྱིར་ཚོགས་ནས་ནུས་པ་ཡིན་ནོ་ཞེ་ན། ཆུ་དང་དུས་མཉམ་པའི་གཞི་ཆོས་ཅན། ཁྱོད་ཀྱིས་ཆུ་རྣམས་ཀྱི་ཕན་པ་བྱེད་པ་དེ་གང་ཞིག་ཡིན་ཏེ་མི་འཐད་པར་ཐལ། ཆུ་ཁྱོད་ཀྱི་བསྐྱེད་པར་བྱ་བ་དང་ཁྱོད་ནི་དེའི་སྐྱེད་བྱེད་མ་ཡིན་པའི་ཕྱིར། དེར་ཐལ། ཆུའི་རང་གི་དངོས་པོ་གྲུབ་ཟིན་པས་ཆུ་ཁྱོད་ཀྱིས་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར། ཕན་པ་དོན་གཞན་བྱེད་དོ་ཞེ་ན། ཆུ་དེ་ལ་ཕན་གདགས་པ་མེད་པར་ཐལ། ཆུའི་ཕན་པ་ཆུ་ལས་དོན་གཞན་གྱི་ངོ་བོ་བྱེད་པའི་ཕྱིར་རོ། །རྟགས་གསལ་དངོས། དོན་གཞན་མ་ཡིན་པ་གཉིས་ག་ལྟར་བྱེད་པ་པོ་མིན་པ་འདོད་ན་ནི། ཆུ་ལ་ཕན་འདོགས་པར་བྱེད་པ་མ་ཡིན་པར་ཐལ། ཆུ་ལ་ཕན་པ་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་མང་དུ་བཤད་ཟིན་ཏོ། །གྲུབ་ཟིན་ཕན་གདགས་བྱ་མ་ཡིན་པ་དེའི་ཕྱིར་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོའི་འབྲེལ་པ་ཐམས་ཅད་ནི་ཆོས་ཅན། རྒྱུ་དང་འབྲས་བུའི་དངོས་པོ་ལས་རྣམ་པར་བཞག་པ་ཡིན་ཏེ། སྐྱེད་པར་བྱེད་པ་ཉིད་ཀྱི་རྒྱུས་འབྲས་བུ་ལ་ཕན་པ་ཉེ་བར་སྦྱོར་བའི་ཁྱད་པར་གྱི་དབང་གིས་རྣམ་པར་དབྱེ་བས་སོ། །བསྐྱེད་བྱ་སྐྱེད་བྱེད་ཀྱི་འབྲེལ་པ་རྣམས་རྒྱུ་འབྲས་ཀྱི་འབྲེལ་པར་གྲུབ་པ་དེས་ན་མཁར་གཞོང་གི་གཞིའི་དངོས་པོ་འདི་ཡང་ཆོས་ཅན། རང་འབྲས་རྒྱ་ཤུག་སྐྱེད་པར་བྱེད་པའི་ནུས་པ་དང་ལྡན་པ་ཉིད་དེ། རང་འབྲས་བྱེད་པ་རྒྱ་ཤུག་ལ་ཕན་འདོགས་བྱེད་ཡིན་པས་སོ། །ས་གཞི་ལ་སོགས་པའི་གཞིའི་དངོས་པོ་འདི་ཡང་ཆོས་ཅན། རང་འབྲས་ཆུ་ལ་སོགས་པ་སྐྱེད་པར་བྱེད་དེ། དེ་ལ་ཕན་འདོགས་བྱེད་ཡིན་པས་སོ། །རྒྱ་ཤུག་དང་མཁར་གཞོང་རྒྱུ་འབྲས་ཡིན་པ་དེའི་ཕྱིར། རྒྱ་ཤུག་དང་འཁར་གཞོང་འདི་དག་ཆོས་ཅན། ཁྱོད་ལ་རྟེན་དང་བརྟེན་པ་དེའི་བདག་ཉིད་ཀྱི་ཐ་སྙད་ལ་སོགས་པ་བྱེད་པ་ནི་འཐད་པ་ཡིན་ཏེ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡིན་པ་ཉིད་ཀྱིས་སོ། །མི་འབོ་བའི་ཆུ་ཆོས་ཅན། ལྡན་པ་ལས་གནས་པ་མ་ཡིན་པར་ཐལ། ལྡན་པ་མེད་ཅིང་ལྡན་པ་ཡོད་དུ་ཆུག་ཀྱང་འོག་གཞིས་ཕན་བཏགས་སྟོབས་ཀྱིས་རང་གི་འོག་གཞི་དེ་དག་མེད་ན་མི་འབྱུང་བ་ཅན་ཡིན་པའི་ཕྱིར་དང༌། འོག་གཞི་ལས་ལྡན་པ། ལྡན་པ་ལས་ཁྱོད་སྐྱེ་བའི་བརྒྱུད་པས་རྟོག་པ་ཡང་དོན་མེད་པའི་ཕྱིར། ཆུ་གྲུབ་ཟིན་གནས་པར་བྱེད་པའི་ཕྱིར་གཞི་ཡིན་གྱི་སྔར་མེད་གསར་དུ་སྐྱེད་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། གནས་པ་དོན་གཞན་ནམ་དོན་གཞན་མ་ཡིན་པ་བྱེད། དང་པོ་ལྟར་ན། འོག་གཞི་ཆོས་ཅན། ཆུ་གནས་པར་བྱེད་པ་མ་ཡིན་པར་ཐལ། ཆུའི་གནས་པ་ཆུ་ལས་དོན་གཞན་ཁོ་ན་བྱེད་པའི་ཕྱིར། གཉིས་པ་ལྟར་ན། ཆུ་སྐྱེད་བྱེད་ཡིན་པར་ཐལ། ཆུའི་གནས་པ་ཆུ་ལས་དོན་གཞན་མ་ཡིན་པ་བྱེད་པའི་ཕྱིར། ཞེས་ཕན་པའི་རིགས་པས་བཤད་པ་ཡིན་ནོ། །ལྟུང་བའི་གེགས་བྱེད་པའི་ཕྱིར་ཆུ་གནས་པར་བྱེད་པ་ཡིན་ནོ་ཞེ་ན། གེགས་ཞེས་བྱ་བ་འདི་ཅི་ཞིག ཆུ་ལས་དོན་གཞན་ནམ། ཆུའི་བདག་ཉིད་དམ། ལྷུང་བ་མེད་ཙམ་ལ་བརྗོད། དང་པོ་ལྟར་ན། ཆུ་གནས་པར་བྱེད་པ་པོས་ཆུ་དེའི་ལྟུང་བའི་གེགས་བྱས་པ་གང་ཡིན་པ་དེ་ནི་ཆོས་ཅན། ཆུ་ལས་དོན་གཞན་དུ་མི་འཐད་པར་ཐལ། ཆུ་ལས་དོན་གཞན་མེད་པ་ཉིད་ཀྱི་ཕྱིར་རོ། །དོན་གཞན་ལ་གནོད་བྱེད་བསྟན་པ་ནི། དོན་གཞན་ཉིད་བྱེད་པ་ཡིན་ན་ནི། འོག་གཞི་ཆོས་ཅན། ཇི་ལྟར་ཆུ་ཐུར་དུ་ལྟུང་བའི་གེགས་ཡིན་ཏེ་མ་ཡིན་པར་ཐལ། ཆུ་ལས་དོན་གཞན་དེ་ཉིད་ལ་ཕན་པ་ཉེ་བར་སྦྱོར་བའི་ཕྱིར། གེགས་དེས་གནས་པ་པོ་མི་ལྟུང་བར་བྱེད་པས་སྐྱོན་མེད་དོ་ཞེ་ན། གཞིས་བྱས་པའི་གེགས་ཀྱིས་མི་ལྟུང་བར་ཁས་ལེན་པ་ལ་ཡང་ཁྱོད་ཀྱི་འདོད་པ་དེ་གོ་ཡི་བརྒལ་ཞིང་བརྟག་པ་མཚུངས་སོ། །ཅི་འདྲ་བའི་ཞེ་ན། ཆུའི་དངོས་པོ་ཆོས་ཅན། ཅི་སྟེ་ཐུར་དུ་མི་ལྟུང་སྟེ་ལྟུང་བར་ཐལ། ཁྱོད་ཐུར་དུ་འགྲོ་བའི་ཆོས་ཅན་གང་ཞིག འོག་གཞི་དེས་ཁྱོད་ལྷུང་བའི་གེགས་ཞེས་བྱ་བའི་དངོས་པོ་བྱས་སུ་ཟིན་ཀྱང༌། ཁྱོད་ཀྱི་བདག་ཉིད་དུ་གྱུར་པའི་ཁྱར་པར་ཐུར་དུ་ཉམས་པ་དང་མི་ལྷུང་བར་སྐྱེ་བ་མེད་པའི་ཕྱིར། རྟགས་ཁས་བླངས་སོ། །གེགས་ལས་མི་ལྷུང་བའི་ཁྱད་པར་གྲུབ་བོ་ཞེ་ན། ཆུའི་དངོས་པོ་ཆོས་ཅན། ཐུར་དུ་ལྷུང་བར་ཐལ། ཁྱོད་ཐུར་དུ་མི་ལྷུང་བའི་ཁྱད་པར་དེ་ཡང་ཁྱོད་ལས་བདག་ཉིད་གཞན་ཡིན་པའི་ཕྱིར་དང༌། ཁྱོད་ཐུར་དུ་འགྲོ་བ་དེའི་བདག་ཉིད་ཁོ་ན་ཡིན་པས་སོ། །ཁྱད་པར་དང་པོས་གཉིས་པ་སོགས་བྱེད་པས་སྐྱོན་མེད་དོ་ཞེ་ན། ཁྱོད་མི་ལྟུང་བའི་ཁྱད་པར་བྱེད་པ་ཐུག་མེད་དུ་འགྱུར་བར་ཐལ། ཁྱད་པར་དང་པོས་ཁྱོད་མི་ལྟུང་བའི་ཁྱད་པར་གཉིས་པ་བྱེད་ཅིང་དེས་གསུམ་པ་སོགས་བྱེད་པའི་ཕྱིར། གཉིས་པ་ལྟར་ན། གཞན་མུ་སྟེགས་པ་དག་ཆོས་ཅན ཆུ་ལྟུང་བའི་གེགས་ཆུ་དང་དོན་གཅིག་ཏུ་མི་སྨྲ་བར་ཐལ། ཆུ་མི་ལྟུང་བ་དེ་ལྟར་བུར་གྱུར་པའི་བདག་ཉིད་བྱས་པ་ལ་ནི་གེགས་སུ་ཁས་མི་ལེན་པའི་ཕྱིར། གེགས་དེ་ཉིད་གཞན་དུ་མི་འཐད་པ་དེའི་ཕྱིར་ལྟུང་བ་མེད་པ་ཙམ་ལ་གེགས་སུ་བརྗོད་པ་ཡིན་ཞེ་ན། ཆུ་ལྟུང་བ་མེད་ཙམ་དེ་ཆོས་ཅན། ཇི་ལྟར་རྒྱུ་འགའ་ཞིག་གིས་བྱེད་དེ་མི་བྱེད་པར་ཐལ། རྒྱུས་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ལྟུང་བ་མེད་ཙམ་དེ་ཆོས་ཅན། དངོས་པོ་མེད་པར་མི་འཐད་པར་ཐལ། རྣམ་པ་འགའ་ཞིག་ལྟར་རྒྱུས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། འདི་ཡན་ཆད་ལོ་ཙཱ་བའི་བཞིན་དུ་བཀོད་པ་ཡིན་ནོ། །མེད་པ་ཞེས་བྱ་བ་འགའ་ཞིག་འབྲས་བུར་ཡོད་པ་ནི་མ་ཡིན་པར་ཐལ། ཡོད་ན་སྔ་མ་འཇིག་རྒྱུས་མེད་པ་བྱེད་པ་ལ་དངོས་མེད་འབྲས་བུར་ཐལ་བའི་སྐྱོན་ཡོད་པ་བཞིན་དུ་དངོས་མེད་འབྲས་བུར་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཞེས་ཛྙཱ་ན་ཤྲཱི་འཆད་དོ། །ཆོས་མཆོག་སྔ་མ་བཞིན་དུ་ཞེས་པ་དེ་ལ་བདག་ཉིད་གཞན་ཡིན་པའི་ཕྱིར་ཞེས་པ་ལ་སྙེགས་པར་འདོད་དོ། །དངོས་པོ་མེད་པ་འབྲས་བུར་མི་འཐད་པ་དེའི་ཕྱིར་འོག་གཞིས་ཆུ་ལྟུང་བ་མེད་པ་ཙམ་བྱེད་པ་ཡིན་ནོ་ཞེས་པ་འདི་ནི་ཆོས་ཅན། རྒྱུས་འབྲས་བུའི་དངོས་པོ་བསྐྱེད་པའི་བྱ་བ་འགོག་པ་ཡིན་ཏེ། འོག་གཞིས་ཆུའི་དངོས་པོ་མི་བྱེད་པར་ཆུ་ལྟུང་བ་མེད་ཙམ་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ནོ། །མུ་སྟེགས་པ་ཆོས་ཅན། འོག་གཞིས་ཆུ་དེ་ལྟུང་བར་བྱེད་པ་མིན་ནོ་ཞེས་དེ་ལྟར་ཁྱོད་བརྗོད་པར་བྱ་བར་ཐལ། འོག་གཞིས་ལྟུང་བའི་གེགས་བྱེད་ཅིང༌། ལྟུང་བ་མེད་ཙམ་བྱེད་པ་མི་འཐད་པ་དེས་ནའོ། །དེ་ལྟར་བརྗོད་དོ་ཞེ་ན། འོ་ན་ཁོ་བོའི་འདོད་པ་དགག་ཏུ་མེད་དེ། འོག་གཞིས་ཆུ་མི་ལྟུང་བར་བྱེད་ཅིང་དེ་ཡང་འདོད་པ་ཉིད་ཀྱི་ཕྱིར། འོ་ན་ཕྱིས་ལྟུང་བར་ཅི་ཞེ་ན། ཆུ་དེ་ཆོས་ཅན། ཁྱོད་ཐུར་དུ་ལྷུང་བ་འོག་གཞི་དེས་བྱས་པ་ནི་མིན་ཏེ། རང་ཉིད་ངང་གིས་ཐུར་དུ་ལྷུང་བའི་ཕྱིར་ཏེ། ཐུར་དུ་ལྷུང་བའི་ཆོས་ཅན་ཡིན་པའི་ཕྱིར། གནམ་དུ་འཕངས་པའི་མདའ་བཞིན་ནོ། །ཁྱོད་ཀྱི་ལྟར་ན་འོག་གཞིས་ཆུ་ཐུར་དུ་མི་ལྷུང་བར་མི་བྱེད་པ་དེ་ལྟར་ཡིན་དང་སྟེ་དེའི་ཕྱིར། འོག་གཞི་ཆོས་ཅན། ཆུ་གནས་པར་བྱེད་པ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཆུ་དེ་ལ་ཕན་པ་ཅུང་ཟད་ཀྱང་མི་བྱེད་པ་དེའི་ཕྱིར། འདོད་ན། འདོད་པ་དེའི་ཕྱིར་ཆུ་དེ་ཆོས་ཅན། ནམ་ཡང་གནས་པར་མི་འགྱུར་བར་ཐལ། གང་གིས་ཀྱང་ཐུར་དུ་ལྟུང་བའི་གེགས་བྱས་པ་མེད་པའི་ཕྱིར། ཆུ་ལྟུང་བའི་གེགས་བྱེད་ན་ཆུ་ལ་ཕན་པ་བྱེད་དགོས་པ་དེའི་ཕྱིར། ཆུ་ལྟུང་བའི་གེགས་ཞེས་བྱ་བས་ཀྱང་ཆུའི་དངོས་པོ་འདི་སྐད་ཅིག་མ་སྔ་མ་རྣམས་ཀྱི་ཉེ་བར་ལེན་པ་དང་ཕྱི་མ་རྣམས་གནས་པའི་ཡུལ་གཅིག་ཏུ་མཚུངས་པར་སྐྱེད་པར་བརྗོད་པར་བྱ་བ་ཡིན་ནོ། །འོག་གཞིས་ཆུ་ལ་ཕན་པ་བྱེད་པ་དེའི་ཕྱིར་མི་གཡོ་བའི་ཆུའི་བདག་ཉིད་དེ་འདྲ་བ་ནི་འོག་གཞི་ལས་སྐྱེས་པར་མངོན་པར་གྲུབ་བོ། །ཆུ་སྐྱར་ཡང་ཆུའི་འབྲས་བུ་ཡིན་ཏེ། དེའི་ལུས་གནས་པ་ཆུ་ལ་བརྟེན་པའི་ཕྱིར། དེར་ཐལ། ཆུས་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་འཇུག་པའི་ཕྱིར། དེ་བཤད་པ་ནི། ཆུ་སྐྱར་ཆོས་ཅན། ཁྱོད་ཀྱི་ལུས་གནས་པ་ནི་ཆུ་ལ་བརྟེན་པ་ཡིན་ཏེ། ཆུའི་འབྲས་བུ་ཉིད་དུ་འབྲེལ་བའི་ཕྱིར། དེར་ཐལ། ཆུ་དེ་ལས་གནས་པ་ཐོབ་པས་སོ། །དེས་ན་ཡུལ་དང་དུས་ལ་སོགས་པ་ལ་ལྟོས་ནས་ཆུ་གོ་བར་བྱེད་པ་ཡིན་ནོ། །གཏན་ཚིགས་ཐམས་ཅད་གསུམ་དུ་འདུས་པར་བསྟན་ཟིན་ཏོ། །རིགས་ཅན་གཞན་ཡང་འདིར་འདུས་པ་ནི། གཏན་ཚིགས་གསུམ་ལས་འབྲེལ་བ་བསྒྲུབ་པའི་ཕྱོགས་འདིས་གོ་བར་བྱེད་པ་གཏན་ཚིགས་དངོས་སུ་མ་སྨོས་པ་གཞན་ལ་ཡང་འབྲེལ་བ་བསྒྲུབ་པར་བྱའོ། །གཏན་ཚིགས་ལ་འབྲེལ་བ་དགོས་པ་དེའི་ཕྱིར། གཏན་ཚིགས་རྣམ་པ་གསུམ་ལས་གཞན་པའི་གོ་བར་བྱེད་པ་ན་མེད་དེ། འབྲེལ་བ་མེད་ན་ཁྱབ་པ་མི་བསྒྲུབ་པའི་ཕྱིར་ཏེ། བསྒྲུབ་བྱའི་ཆོས་དང་འབྲེལ་བ་མེད་པའི་རང་བཞིན་ནི་བསྒྲུབ་བྱའི་ཆོས་དང་མེད་ན་མི་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །གཏན་ཚིགས་ཡང་དག་བསྟན་ཟིན་ཏོ། །བསྒྲུབ་པའི་ཡན་ལག་ལྟར་སྣང་བསྟན་པ་ལ། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པ་གཉིས་ལས། སྤྱིར་བསྟན་པ་ལ་རྩ་བ་ནི། ཚུལ་གསུམ་དོན་ལ་མ་གྲུབ་པ་དང་ཐེ་ཚོམ་ཟ་བའི་རྟགས་རྣམས་ཆོས་ཅན། བསྒྲུབ་བྱ་རྟོགས་པར་འདོད་པ་པོའི་ཕྱི་རྒོལ་ལ་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། བསྒྲུབ་བྱ་ཤེས་པར་བྱེད་པའི་ཡན་ལག་ཚུལ་གསུམ་ཚད་མས་མ་གྲུབ་པ་ལ་བསྒྲུབ་བྱ་ཤེས་པར་བྱ་བའི་ནུས་པ་ཡོད་པ་མིན་པའི་ཕྱིར། དེ་ཉིད་འགྲེལ་པ་ནི། ཤེས་བྱ་ཆོས་ཅན། རྟགས་སུ་བཀོད་པ་དེ་ཚུལ་གསུམ་དོན་ལ་མ་གྲུབ་པའམ་ཐེ་ཚོམ་ཟ་བ་ཡིན་ན་རྟགས་སུ་བཀོད་པ་དེ་བསྒྲུབ་བྱ་ཤེས་པར་བྱེད་པའི་རྟགས་ཡང་དག་མ་ཡིན་དགོས་ཏེ། བསྒྲུབ་བྱ་ཤེས་པར་བྱེད་པའི་གཏན་ཚིགས་ཀྱི་བདག་ཉིད་རྣམས་ནི་ཚུལ་གསུམ་ཚད་མས་ཤེས་པ་གང་གིས་བསྒྲུབ་བྱ་ཤེས་པར་བྱེད་པ་ཡིན་དགོས་པའི་ཕྱིར། ཤེས་པར་བྱེད་པའི་གཏན་ཚིགས་བདག་ཉིད་གང་གིས་ཤེས་པར་བྱེད་པ་དེ་ཉིད་སྟོན་པ་ནི། གཏན་ཚིགས་ཡང་དག་རྣམས་ནི་ཚུལ་གསུམ་ཚད་མས་ངེས་པའི་སྒོ་ནས་བསྒྲུབ་བྱའི་དོན་གོ་བར་བྱེད་པ་ཡིན་ཏེ། ཚང་མང་དུ་མཐོང་བའི་དུ་བ་ལས་རྒྱ་མཚོར་མེ་མི་རྟོགས་པ་བཞིན་དུ་ཆོས་ཅན་དང་མ་འབྲེལ་བའི་རྟགས་ལས་བསྒྲུབ་བྱ་མི་རྟོགས་པའི་ཕྱིར་དང༌། དེར་མ་ཟད་རྟགས་ཆོས་འབྲེལ་བ་མེད་པའི་རྟགས་ལས་ཀྱང་བསྒྲུབ་བྱ་རྟོགས་པ་མ་ཡིན་པའི་ཕྱིར། ཇི་ལྟར་མི་རྟོགས་ཤེ་ན། ཆོས་དང་འབྲེལ་བ་མེད་པའི་རྟགས་ལས་བསྒྲུབ་བྱ་མི་རྟོགས་པར་ཐལ། རྟོགས་ན་ཚ་རེག་ལ་སོགས་པ་ཐམས་ཅད་ལས་གྲང་རེག་ལ་སོགས་པ་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །རྟགས་ཡང་དག་ལ་ཚུལ་གསུམ་དགོས་པ་དེའི་ཕྱིར་རྟགས་ཆོས་ཅན་དང་འབྲེལ་བ་མ་གྲུབ་པ་དང་རྗེས་སུ་འགྲོ་བ་དང་ལྡོག་པའི་ཁྱབ་པ་བསྒྲུབ་པར་བྱ་བའི་ཡུལ་ཕྱིར་རྒོལ་དང་སྒྲུབ་པར་བྱེད་པ་པོ་སྔར་རྒོལ་དག་ལ་མ་གྲུབ་པའམ་ཐེ་ཚོམ་ཟ་བའི་ཆོས་རྟགས་སུ་བཀོད་པ་ནི་ཆོས་ཅན། གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། རྟགས་སུ་བཀོད་ཅིང་ཚུལ་གསུམ་ཚད་མས་ངེས་པ་མ་ཡིན་པའི་ཕྱིར། བྱེ་བྲག་ཏུ་བཤད་པ་ལ་མདོར་བསྟན་པ་ནི། ཚུལ་གསུམ་པོ་དེ་ལ་ཕྱོགས་ཆོས་ཀྱི་ཚུལ་གཅིག་དོན་ལ་རབ་ཏུ་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་དང༌། གཅིག་ལྡོག་པའི་ཚུལ་རེ་རེ་མ་གྲུབ་པའམ་ཐེ་ཚོམ་ཟ་བ་འཁྲུལ་པ་ཅན་མ་ངེས་པའི་གཏན་ཚིགས་དང༌། ཁྱབ་པ་གཉིས་རྣལ་མར་མ་གྲུབ་ཅིང་ཕྱིན་ཅི་ལོག་ཏུ་ངེས་ན་འགལ་བ་དང༌། དང་སྒྲས་འགལ་བའི་ལྷག་ལྡན་སྡུད་དོ། །བམ་གྱི་སྒྲས་བསྡུས་པར་འདོད་པ་ནི་རྒྱས་བཤད་དང་མི་འགྲིག་གོ །ཁྱབ་པ་གཉིས་ཀ་ལ་ཐེ་ཚོམ་ཟ་ན་ཐུན་མོང་མིན་པའི་འཁྲུལ་པ་ཅན་མ་ངེས་པའི་གཏན་ཚིགས་ཡིན་ནོ། །འགྲེལ་པ་ནི། ཕྱོགས་ཆོས་དང་ལྡོག་པའི་ཚུལ་རེ་རེ་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་གྲུབ་པ་དང་མ་ངེས་པའི་གཏན་ཚིགས་ལྟར་སྣང་བར་འགྱུར་རོ། །རྒྱས་པར་བཤད་པ་ནི་ཚུལ་རེ་རེའི་སྐྱོན་དང་གཉིས་གཉིས་ཀྱི་སྐྱོན་དང༌། འགལ་བ་མི་འཁྲུལ་བ་ཅན་བསྒྲུབ་པའི་སྐྱོན་དུ་སྲིད་པ་དགག་པ་དང་གསུམ་གྱི་སྒོ་ནས་བསྟན་ཏོ། །རེ་རེའི་སྐྱོན་ལ་ཕྱོགས་ཆོས་ཀྱི་སྐྱོན་དང་ལྡོག་པའི་གཉིས་ལས། ཕྱོགས་ཆོས་ཀྱི་སྐྱོན་ལ་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མ་གྲུབ་པ་ནི། རྟགས་ཆོས་ཅན་དང་འབྲེལ་བ་མ་གྲུབ་ན་ཕྱོགས་ཆོས་མ་གྲུབ་པ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་སྟེ་མིག་གིས་གཟུང་བྱ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཕྱིར་རྒོལ་ལ་མ་གྲུབ་པ་ནི། གཅེར་བུ་པས་སངས་རྒྱས་པ་ལ་ཤིང་རྣམས་ནི་ཆོས་ཅན། སེམས་པ་ཅན་ཡིན་ཏེ། ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་ཞེས་བྱ་བ་ནི་ཕྱི་རྒོལ་ལ་མ་གྲུབ་བའོ། །ཇི་ལྟར་ཕྱི་རྒོལ་ལ་མ་གྲུབ་པ་ཡིན་ཞེ་ན། ཕྱི་རྒོལ་སངས་རྒྱས་པ་ཆོས་ཅན། ཤིང་འཆི་བར་ཁྱོད་ཀྱིས་ཁས་མ་བླངས་ཤིང་མི་འདོད་པ་ཡིན་ཏེ། འཆི་བ་ཡིན་ན་རྣམ་ཤེས་ལ་མི་འཁྲུལ་བའི་འཆི་བར་ཁས་ལེན་པའི་ཕྱིར། རྟགས་གྲུབ་སྟེ། རྣམ་པར་ཤེས་པ་དང་དབང་པོ་དང་ཚེ་འགག་པ་འཆི་བའི་མཚན་ཉིད་དུ་འདོད་པའི་ཕྱིར། སངས་རྒྱས་པ་ཆོས་ཅན། འཆི་བ་དེ་ཁྱོད་ཀྱི་ངོར་ཤིང་སེམས་ལྡན་དུ་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཤིང་འཆི་བར་ཁས་ལེན་ན་སེམས་པ་ཅན་དུ་ཇི་ལྟར་ཁས་མི་ལེན་ཏེ་ལེན་པར་རིགས་པ་ཡིན་ན་ཡང་ཤིང་འཆི་བར་ཁྱོད་ཀྱིས་ཁས་མི་ལེན་པའི་ཕྱིར། ཤིང་ལ་འཆི་བའི་སྒྲ་འཇུག་པར་གྲུབ་པ་ཉིད་དོ་ཞེ་ན། འཆི་ཞེས་པའི་སྒྲ་ནི་ཆོས་ཅན། ཁྱོད་ཀྱི་དབང་གིས་འཆི་བའི་དངོས་པོ་རྣམ་པར་གནས་པ་མ་ཡིན་པར་ཐལ། འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་དང༌། ཁྱོད་འཇུག་པ་ཙམ་གྱིས་འཆི་བར་འགྲུབ་ན་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། སྲོག་ཆགས་ཀྱི་འཆི་བ་ཤིང་ལ་མ་གྲུབ་པ་དེའི་ཕྱིར་འཇིག་རྟེན་འདིར་ནི་ཤིང་སྐམ་པ་ལ་འཆི་བར་བརྗོད་པ་ཙམ་ཡིན་ནོ། །སྲོག་ཆགས་ཀྱི་འཆི་བ་ནི་ཆོས་ཅན། སྐམ་པ་ཙམ་དེ་ལྟ་བུ་མ་ཡིན་ཏེ། རྣམ་པར་ཤེས་པ་དང་དབང་པོ་དང་ཚེ་འགག་པའི་འཆི་བ་ཡིན་པའི་ཕྱིར། དེས་ན་སྲོག་འགག་པ་འདི་ནི་ཤིང་དག་ལ་མ་གྲུབ་བོ། །འཆི་ཞེས་པའི་སྒྲ་ཙམ་ཆོས་ཅན། ཁྱོད་ཡོད་པའི་ཕྱིར་འཆི་བའི་རྟགས་ཀྱི་དངོས་པོས་གོ་བར་བྱ་བའི་སེམས་པ་ཅན་གྱི་དངོས་པོ་འགྲུབ་པ་ནི་མིན་པར་ཐལ། སེམས་པ་ཅན་གྱི་དངོས་པོ་ལ་ལྟོས་པ་མེད་པར་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། ཤིང་རྣམས་ལ་མི་འཁྲུལ་བའི་འཆི་བ་མ་གྲུབ་པར་བསྟན་པ་འདིས་ནི་ཆོས་ཅན། ཕྱོགས་ཆོས་མ་གྲུབ་པའི་རིགས་ཅན་གཞན་ཡང་བསྟན་པ་ཡིན་ཏེ། གྲངས་ཅན་པས་བློ་སེམས་པ་མེད་པར་སྒྲུབ་བྱེད་དུ་བཀོད་པའི་མི་རྟག་པ་ཉིད་དང་བྱེ་བྲག་པས་གནས་སྣོད་དང་ལ་སོགས་པ་བཅུད་ལ་སོགས་པ་རྣམས་ཁྱད་པར་དུ་འཕགས་པ་དབང་ཕྱུག་གི་བློ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་སྒྲུབ་བྱེད་དུ་བཀོད་པ་དབྱིབས་ཀྱི་ཁྱད་པར་དང་སོགས་པ་སྡོད་ནས་འཇུག་པ་དག་ཀྱང་ཕྱོགས་ཆོས་མ་གྲུབ་པར་བཤད་པ་ཡིན་པའི་ཕྱིར་རོ། །ཅི་ལྟར་མི་རྟག་པ་ཕྱོགས་ཆོས་སུ་མ་གྲུབ་པ་ཡིན་ཞེ་ན། མི་རྟག་པ་བློ་བདེ་སེམས་མེད་དུ་བསྒྲུབ་པ་དེ་ཡང་ཆོས་ཅན། གྲངས་ཅན་པས་བཀོད་པའི་མི་རྟག་པ་དེ་སངས་རྒྱས་པ་ལ་བློ་བདེ་སེམས་མེད་དུ་བསྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། མི་རྟག་པའི་སྒྲ་ཙམ་འབའ་ཞིག་རྒོལ་བ་གཉིས་ཀ་ལ་གྲུབ་ཀྱི་གྲངས་ཅན་པས་བཏགས་པའི་མི་རྟག་པའི་དོན་ནི་སངས་རྒྱས་པ་ལ་གྲུབ་པ་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཉམས་པ་མེད་པའི་བདག་ཉིད་ཉེ་བར་ཞི་བ་ནི་མི་རྟག་པ་ཉིད་དུ་གཞན་སངས་རྒྱས་པ་དག་མི་འདོད་པས་སོ། །གལ་ཏེ་ཉམས་མེད་དང་འཇིག་པའི་ཁྱད་པར་བརྗོད་པར་འདོད་པ་མེད་པའི་མི་རྟག་པའི་སྤྱི་གྲུབ་པ་མ་ཡིན་ནམ། དེ་གྲུབ་ན་ཁྱད་པར་རྣམ་པར་རྟོག་པའི་སྒོ་ནས་མ་གྲུབ་པར་རྩོད་པ་ནི་ལན་ལོག་པ་ལྟག་ཆོད་ཉིད་ཡིན་ནོ་ཞེ་ན། གྲངས་ཅན་ཆོས་ཅན། ཉམས་མེད་དང་འཇིག་པའི་མི་རྟག་པས་བརྟགས་ནས་མི་རྟག་པ་བློ་བདེ་སེམས་མེད་དུ་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་ཞེས་པའི་རྩོད་པས་ལན་ལོག་པའི་ལྟག་ཆོད་མ་ཡིན་པར་ཐལ། བྱས་པ་ཉིད་ལ་སོགས་པའི་སྒྲའི་དོན་རྒོལ་བ་གཉིས་ཀ་ལ་གྲུབ་པ་ལྟར་མི་རྟག་པའི་སྒྲའི་དོན་འདི་ཉམས་མེད་དང་འཇིག་པ་གང་དང་འབྲེལ་བའི་དངོས་པོ་ཅུང་ཟད་གཅིག་རྒོལ་བ་གཉིས་ཀས་ཀྱང་སྤྱིར་འདོད་པ་ཡིན་ན་ལན་ལོག་པར་འགྱུར་བ་ཉིད་རྒོལ་བ་གཉིས་ཀས་མི་རྟག་པའི་སྒྲའི་དོན་ཉམས་མེད་དང་འཇིག་པ་གཉིས་ཀ་ལ་ཐུན་མོང་དུ་གྲུབ་པ་མི་འདོད་པའི་ཕྱིར། བསྐལ་པ་ཉིད་གཉིས་ཀ་ལ་ཡོད་པ་མ་ཡིན་ནམ་ཞེ་ན། བསྐལ་པ་ཙམ་དེ་ལ་ནི་གཞན་སངས་རྒྱས་པ་དག་མི་རྟག་པར་མི་བརྗོད་དོ། །འོ་ན་ཇི་ཞེ་ན། འཇིག་པ་ལ་ནི་མི་རྟག་པར་བརྗོད་དོ། །གལ་ཏེ་ཞིག་པ་དང་བསྐལ་པ་དག་མི་གསལ་བ་ཉིད་དུ་འདྲ་བའི་ཕྱིར་གཉིས་ཀ་ལ་ཡང་མི་རྟག་པའི་སྤྱི་ཡོད་པ་མ་ཡིན་ནམ་ཞེ་ན། ཅི་སྟེ་མི་གསལ་བ་ཞེས་བྱ་བ་འདི་ནི་ཅི་ཞིག་ཅེས་དྲིས་པ་ན། མི་མཐོང་བའི་བདག་ཉིད་དོ་ཞེ་ན། མི་མཐོང་བ་མི་རྟག་པའི་མཚན་ཉིད་དུ་འདོད་པ་འདིས་ནི། འདི་ཁས་ལེན་དགོས་ཏེ། གཙོ་བོ་དང་སྐྱེས་བུ་ལ་སོགས་པ་ཡང་མི་རྟག་པར་ཐལ་བར་འགྱུར་ཏེ། མི་མཐོང་བའི་བདག་ཉིད་ཡིན་པའི་ཕྱིར། སྔར་ཆོས་གཞན་གསལ་བ་ཡིན་པ་མི་གསལ་བར་སོང་བ་མི་རྟག་པ་ཡིན་གྱི་མི་མཐོང་བ་ཙམ་མ་ཡིན་ནོ་ཞེ་ན། སྔར་ཆོས་གཞན་གསལ་བ་ཡིན་པ་མི་གསལ་བར་སོང་བ་ཡང་ཡིན་ལ་ཉམས་པ་མེད་པའི་བདག་ཉིད་ཀྱང་ཡིན་ནོ་ཞེས་པའི་དམ་བཅའ་ཆོས་ཅན། ལེགས་པར་ཐ་སྙད་བྱས་པ་སྟེ་བཞད་གད་ཀྱི་གནས་ཡིན་ཏེ། ཕན་ཚུན་ནང་འགལ་བའི་དམ་བཅའ་ཡིན་པའི་ཕྱིར། ཉམས་མེད་ཀྱང་ཡིན་ཆོས་ཅན་སྔ་མ་ལོག་པ་ཡང་ཡིན་པ་འགལ་བར་བརྗོད་པ་འདིས་ནི་གནས་སྐབས་ཅན་ལྡོག་པ་མིན་ལ། གནས་སྐབས་ལྡོག་པ་ཡང་འགལ་བར་བཤད་པ་ཡིན་ནོ། །གང་ཞིག་གནས་སྐབས་ལྡོག་པ་གསལ་བ་བསྐལ་བ་དང་འདྲ་བར་མི་རྟག་པའི་སྒྲའི་དོན་དུ་སྨྲ་བའི་གྲངས་ཅན་དེ་ལ་ཡང་སྐྱོན་འདི་བརྗོད་དོ། །བུམ་པའི་གནས་སྐབས་དེ་ཆོས་ཅན། ཇི་ལྟར་ལྡོག་པ་ཡིན་ཏེ་མ་ཡིན་པར་ཐལ། ཉམས་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར། ཡང་སྒྲ་གཉིས་ཕན་ཚུན་འགལ་བ་ཡིན་པར་སྟོན་པའོ། །བུམ་པའི་གནས་སྐབས་ལྡོག་གི་གནས་སྐབས་ཅན་བུམ་པའམ་རང་བཞིན་ལྡོག་པ་མ་ཡིན་ནོ་ཞེ་ན། བུམ་པའི་གནས་སྐབས་ཞེས་བྱ་བ་འདི་ཅི་ཞིག་ཅེས་དྲིས་པ་ན། ཆུ་འཛིན་པ་ལ་སོགས་པའི་དོན་བྱེད་ན་ཉེ་བར་བསྒྲུབ་པའི་ལྟོ་ལྡིར་བ་གང་ཡིན་པ་སྟེ་འདི་བུམ་པའོ་ཞེས་འཇིག་རྟེན་པ་འདི་གང་ལ་མངོན་སུམ་དུ་ལྷག་པར་ཞེན་པ་འདི་བུམ་པའི་གནས་སྐབས་ཡིན་ཏེ། གནས་སྐབས་དེ་ལོག་ན་གཞན་རང་བཞིན་མ་ལོག་ཀྱང་ཆུ་འཛིན་པ་ལ་སོགས་པ་ཐམས་ཅད་མེད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་བུམ་པའི་གནས་སྐབས་དེ་ཉིད་ཆོས་ཅན། བུམ་པ་ཡིན་པར་ཐལ། དེ་ནི་ཇི་སྐད་བཤད་པའི་ཆུ་འཛིན་པ་དང་བུམ་པར་ཞེན་པའི་ཡུལ་ལ་སོགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཆུ་འཛིན་པ་ལ་སོགས་པ་དེ་ཡང་ལོག་པའི་ཕྱིར་གནས་སྐབས་ཅན་བུམ་པ་མ་ལོག་པར་གནས་པ་ནི་ཇི་ལྟར་འཐད་ཅེས་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ནོ། །གྱོ་མོའི་གནས་སྐབས་ལ་བུམ་པའི་རང་བཞིན་ཡོད་དུ་ཆུག་ཀྱང་གྱོ་མོ་ཆོས་ཅན། བུམ་པའི་དངོས་པོར་ནི་མི་འགྱུར་བར་ཐལ། ཁྱོད་ལ་བུམ་པ་དེའི་མཚན་ཉིད་མེད་པའི་ཕྱིར། བུམ་པའི་དངོས་པོ་གཅིག་ཉིད་མེ་ལ་སོགས་པའི་གནས་སྐབས་གཞན་དང་འབྲེལ་བའི་ཕྱིར་སྔར་གྱི་གནས་སྐབས་ལས་ཐ་དད་པར་མངོན་པ་ཡིན་གྱི་ཐ་མི་དད་དོ་ཞེ་ན། གྲངས་ཅན་པ་ཁྱོད་ཀྱིས་གནས་སྐབས་ཐ་དད་པ་དེ་ཉིད་དངོས་པོ་ཐ་དད་པའི་མཚན་ཉིད་དུ་ཅི་སྟེ་མི་འདོད་དེ་འདོད་དགོས་ལ། དེ་ལྟར་འདོད་པ་དེའི་ཚེ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རྣམས་ཆོས་ཅན། རང་བཞིན་ཐ་དད་པར་འགྱུར་བར་གདོན་མི་ཟ་བར་ཐལ། གནས་སྐབས་ཐ་དད་པ་དེ་ལྟ་ཡིན་དང་སྟེ་དེའི་ཕྱིར། འདོད་ན། བདེ་སྡུག་བཏང་སྙོམས་གཅིག་ཏུ་དམིགས་པར་འགལ་ལོ། །དངོས་པོ་ཙམ་གྱི་རང་བཞིན་འགའ་ཞིག་རྗེས་སུ་བྱེད་པ་སྟེ་ཆ་འགས་འདྲ་བའི་ཕྱིར་བདེ་བ་ལ་སོགས་གནས་སྐབས་ཐ་དད་ཀྱང་ཐ་མི་དད་དོ་ཞེ་ན། བདེ་བ་ལ་སོགས་པ་དང་སྐྱེས་བུ་སོ་སོ་རྣམས་ཆོས་ཅན། ཐ་དད་མ་ཡིན་པར་ཐལ། དངོས་པོའི་རང་བཞིན་འགའ་ཞིག་རྗེས་སུ་བྱེད་པ་སྟེ་ཆ་འགས་འདྲ་བ་འདི་ནི་ཁྱེད་རྣམས་ལ་ཡང་མཚུངས་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར། དངོས་པོ་རྣམས་ཐ་དད་ན་རིམ་གྱིས་མངོན་པར་གསལ་བ་འགལ་བར་འགྱུར་བ་ལས་རིམ་གྱིས་གསལ་བའི་ཕྱིར་གཅིག་ཡིན་ནོ་ཞེ་ན། བུམ་པ་དང་ཞོ་ལ་སོགས་པ་ཆོས་ཅན། རིམ་པ་མ་ཡིན་པར་གཅིག་ཆར་དུ་མངོན་པར་གསལ་བའི་ཕྱིར་དུ་མ་སྟེ་རྫས་ཐ་དད་ཡིན་པར་ཐལ། ཁྱབ་པ་ཁས་བླངས་སོ། །ཐ་དད་པ་དང་རིམ་གྱིས་མངོན་པར་གསལ་བ་ལ་འགལ་བ་ཡང་ཅི་ཡོད་དེ་མེད་པར་ཐལ། རིམ་གྱིས་མངོན་པར་གསལ་བ་ལ་ཐ་མི་དད་པས་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །རིམ་པ་ནི་ཞོ་དེ་ཆོས་ཅན། འོ་མ་དང་རིམ་གྱིས་གསལ་བར་ཐལ། འོ་མ་དེའི་འབྲས་བུ་ཡིན་པས་སོ། །རྟགས་གྲུབ་སྟེ། འོ་མ་དེས་ཕན་བཏགས་སྟོབས་ཀྱིས་འོ་མ་དེ་མ་གྲུབ་པར་ཁྱོད་མི་འགྲུབ་པའི་ཕྱིར། ཐ་དད་པ་མེད་པ་ཉིད་ཡིན་ན་ཞོ་དང་འོ་མ་ཆོས་ཅན། ཆེར་རིམ་པ་མེད་པར་ཐལ་ཏེ། ཐ་མི་དད་པ་ཡིན་པའི་ཕྱིར། གཅིག་གི་བདག་ཉིད་བཞིན་ནོ། །འབྲས་བུ་ཉིད་ཀྱི་ཕྱིར་ཐ་མི་དད་པ་ཡིན་ནོ་ཞེ་ན། གལ་ཏེ་རྟགས་ཆོས་ཅན་འབྲེལ་པ་གྲུབ་ན་འབྲས་བུའི་རྟགས་ཐ་དད་མེད་པའི་སྒྲུབ་བྱེད་དུ་རིགས་པ་ཡིན་དུ་ཆུག་ནའང༌། འོ་མའི་འབྲས་བུ་ཆོས་ཅན། ཁྱོད་ཀྱིས་ཞོ་འོ་མ་དང་གཅིག་ཏུ་བསྒྲུབ་པའི་ཁྱབ་འབྲེལ་བྱས་པའི་ཁྱད་པར་རྟགས་ཡང་དག་དེ་ནི་མི་འགྲུབ་པར་ཐལ། ཁྱོད་ཀྱིས་ཞོ་འོ་མ་དང་གཅིག་ཏུ་བསྒྲུབ་པའི་རྗེས་འགྲོའི་ཁྱབ་པ་མེད་པའི་ཕྱིར་ཞེས་འོག་ཏུ་བཤད་པར་བྱའོ། །གྲངས་ཅན་པས་བརྟགས་པའི་མི་རྟག་པ་ཕྱོགས་ཆོས་སུ་མ་གྲུབ་པ་རྒྱས་པར་བཤད་པའི་དོན་བསྡུ་བ་ནི། ཤིང་དང་སྐྱེས་བུ་དག་ཆོས་ཅན། ཁྱོད་གཉིས་ལ་ཐུན་མོང་དུ་འཇུག་པ་ཇི་ལྟར་སྒྲ་དང་བུམ་པ་དང་འབྲེལ་བའི་བྱས་པའི་ཁྱད་པར་རྟགས་ཡིན་པར་སྤངས་ཀྱང་བྱས་པའི་སྒྲའི་དོན་རྒྱུ་རྐྱེན་ལས་སྐྱེས་པ་རྟགས་ཡིན་པ་ལྟར་དོན་གང་ལ་མི་རྟག་པའི་སྒྲ་འདི་འཇུག་པར་འགྱུར་བ་འཇིག་པའི་མི་རྟག་པ་དང་ཉེ་བར་ཞི་བའི་མི་རྟག་པ་ཐ་དད་པར་རྟོགས་པ་མེད་ཀྱང༌། ཞིག་པ་དང་ཅིག་ཤོས་བསྐལ་པ་དག་ཆོས་ཅན། ཁྱོད་གཉིས་ལ་ཐུན་མོང་དུ་འཇུག་པའི་མི་རྟག་པ་རྟགས་མ་ཡིན་པར་ཐལ། ཁྱོད་གཉིས་ལ་ཐུན་མོང་དུ་གྱུར་པའི་མི་རྟག་པ་ནི་རྣམ་པ་ཐམས་ཅད་དུ་ཡོད་པ་མིན་པའི་ཕྱིར། ཤིང་དང་སྐྱེས་བུ་དག་ཆོས་ཅན། ཁྱོད་གཉིས་ལ་ཐུན་མོང་དུ་འཇུག་པའི་འཆི་བའི་སྤྱི་ཡོད་པའི་སྒོ་ནས་འཆི་བ་ཤིང་སེམས་ལྡན་དུ་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཞིག་པ་དང་བསྐལ་པ་ལ་ཐུན་མོང་དུ་འཇུག་པའི་མི་རྟག་པའི་སྤྱི་མེད་པ་དེ་བཞིན་དུ་ཁྱོད་གཉིས་ལ་ཐུན་མོང་དུ་འཇུག་པའི་འཆི་བའི་སྤྱི་ཡང་མེད་པའི་ཕྱིར། གལ་ཏེ་ཚེ་འགག་པ་གང་ཞིག་མཐོང་བས་སྲོག་ཆགས་གཞན་ལ་ཤི་བར་རྟོགས་པ་དེ་འདྲ་བ་ཁྱོད་ལ་དམིགས་ན་འཆི་བ་དང་སེམས་པ་ཅན་དུ་འགྱུར་བར་རིགས་ཀྱང་ཤིང་དག་ཆོས་ཅན། ཁྱོད་སེམས་པ་ཅན་དང་འཆི་བར་མི་འགྱུར་བར་ཐལ། ཁྱོད་ལ་སྲོག་འགག་པ་དེ་ལྟ་བུ་མ་དམིགས་པའི་ཕྱིར། ཅི་སྟེ་སྐམ་པ་ཉིད་ལ་སོགས་པ་ལ་འཆི་བའི་སྒྲར་བརྗོད་ཅེ་ན། སྐམ་པ་འཆི་བའི་སྒྲའི་དོན་དུ་བརྗོད་པ་དེ་ལ་ཡང༌། སྐམ་པ་ཆོས་ཅན། ཁྱོད་སེམས་པ་ཅན་དང་འབྲེལ་པ་ངེས་པར་བརྟག་པར་བྱ་བ་ཡིན་ན། ཁྱོད་རྟགས་སུ་བཀོད་པ་གང་ལས་ཤིང་སེམས་ལྡན་དུ་འགྲུབ་པར་འགྱུར་བའི་ཕྱིར། མི་རྟག་པ་དང་འཆི་བ་ཕྱོགས་ཆོས་སུ་མ་གྲུབ་པ་དེ་བཞིན་དུ་དབྱིབས་ཀྱང་ཕྱོགས་ཆོས་མ་གྲུབ་པར་བསྟན་པ་ནི། ཁང་བཟང་ལ་སོགས་པའི་བྱེ་བྲག་ཏུ་རྗེས་སུ་འཇུག་པ་ཅན་གྱི་དབྱིབས་ཅི་འདྲ་བ་ཞིག་སྐྱེས་བུའི་བློ་སྔོན་དུ་འགྲོ་བ་ཅན་ཉིད་ལ་སོགས་པ་གང་ཞིག་མཐོང་ན་ད་ལྟ་བྱེད་པ་པོ་མ་མཐོང་བ་རྣམས་ལ་ཡང་སྐྱེས་བུས་བྱས་པ་སྐྱེ་བར་འགྱུར་བའི་རྟགས་ཁང་བཟང་སྙིང་པོ་དབྱིབས་གང་ཞིག་ད་ལྟར་དངོས་སུ་བྱེད་པ་མ་མཐོང་བ་རྣམས་ལ་ཡང་ཆོས་ཅན། སྐྱེས་བུས་བྱས་པར་རྟོག་པའི་བློ་སྐྱེ་བར་རིགས་ཏེ། སྐྱེས་བུའི་བློ་སྔོན་དུ་འགྲོ་བ་ཅན་གྱི་ཁང་བཟང་གསར་པ་ལ་སོགས་པའི་བྱེ་བྲག་ལ་རྗེས་སུ་འཇུག་པ་ཅན་གྱི་དབྱིབས་ཅི་འདྲ་བ་ཅན་དུ་ཚད་མས་མཐོང་བའི་ཕྱིར། དེ་འདྲ་བ་རྟགས་སུ་བཀོད་པ་ཡིན་ན་དབང་ཕྱུག་གིས་བློ་སྔོན་དུ་བཏང་བ་ལས་བྱུང་བའི་དབྱིབས་དང་སྡོད་འཇུག་ལ་སོགས་པའི་གཏན་ཚིགས་ཐམས་ཅད་སྣོད་བཅུད་ཀྱིས་འགྲོ་བ་དབང་ཕྱུག་གིས་བྱས་པར་བསྒྲུབ་པ་དེ་ལྟར་འགྱུར་དུ་ཆུག་ནའང༌། དབང་ཕྱུག་གིས་བློ་སྔོན་དུ་བཏང་བ་ལས་བྱུང་བའི་དབྱིབས་དང་སྡོད་འཇུག་པ་ལ་སོགས་པ་ཆོས་ཅན། སྣོད་དང་བཅུད་ཀྱི་འགྲོ་བ་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པར་སྒྲུབ་བྱེད་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། སྣོད་བཅུད་ཀྱི་འགྲོ་བ་ལ་ཁྱོད་མ་གྲུབ་པའི་ཕྱིར། དེ་ཉིད་ཚིགས་སུ་བཅད་པས་སྡུད་པ་ནི། རང་བྱིན་གྱིས་རློབ་པ་པོའི་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འཇུག་པ་ཅན་དུ་གྲུབ་པའི་དབྱིབས་ལ་སོགས་པ་ཅི་འདྲ་བ་དེ་ཆོས་ཅན། ཁྱོད་ལས་ཁང་བཟང་གི་དབྱིབས་སྐྱེས་བུས་བྱས་པ་རྗེས་སུ་དཔོག་པ་གང་ཡིན་པ་དེ་རིགས་པ་ཉིད་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། དབྱིབས་ཞེས་པའི་སྒྲ་འཇུག་པར་མཚུངས་པས་དབྱིབས་ཙམ་དུ་ཐ་དད་མེད་པར་བརྟགས་པ་ཆོས་ཅན། ཁང་བཟང་གི་དབྱིབས་སྐྱེས་བུས་བྱས་པར་རྗེས་སུ་དཔོག་བྱེད་ཀྱི་རྟགས་སུ་རིགས་པ་མ་ཡིན་པར་ཐལ། སྐྱེས་བུས་བྱས་པ་དང་མ་བྱས་པའི་དངོས་པོ་ཐ་དད་ལ་རབ་ཏུ་གྲུབ་པའི་ཕྱིར། སྐྱ་བོའི་རྫས་ལས་མེ་དཔོག་པ་བཞིན་ནོ། །དབྱིབས་ཙམ་ལ་སྐྱེས་བུས་བྱས་པའི་ཁྱབ་པ་མེད་པ་དེ་ལྟ་མིན་པར་ཡོད་ན་གྲོག་མཁར་ཡང་རྫ་མཁན་དེས་བྱས་པར་འགྲུབ་པར་ཐལ། རྫ་མཁན་གྱིས་བུམ་པ་དང་ལྷུང་བཟེད་ལ་སོགས་པའི་འཇིམ་པའི་རྣམ་འགྱུར་འགའ་ཞིག་བྱེད་ཅིང༌། དེ་དང་འཇིམ་པའི་རྣམ་འགྱུར་དུ་འདྲ་བའི་ཕྱིར་རོ། །ལྷ་དབང་བློའོ། །དབྱིབས་ཀྱི་སྤྱི་ལ་ཁྱད་པར་གྱིས་བརྟགས་ནས་རྩོད་པ་འབྲས་མཚུངས་ཀྱི་ལྟག་ཆོད་དོ་ཞེ་ན། དབྱིབས་ཁྱད་པར་ཅན་མ་གྲུབ་ཅིང་དབྱིབས་ཙམ་འཁྲུལ་བས་འབྲས་མཚུངས་པའི་ལྟག་ཆོད་དུ་ག་ལ་འགྱུར། འོ་ན་འབྲས་མཚུངས་ཀྱི་ལྟག་ཆོད་གང་ཞེ་ན། འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་ན་འདི་ལྟ་བུ་དགོས་ཏེ་ཞེས་སྟོན་པ་ནི། འབྲེལ་བ་ཅན་སྒྲ་དང་བུམ་པའི་བྱས་པ་ཐ་དད་པའི་ཕྱིར་སྤྱི་བྱས་པ་ལ་སྒྲ་དང་བུམ་པའི་བྱས་པ་ཐ་དད་ལ་བརྟགས་ནས་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་ཞེས་པའི་སྐྱོན་བརྗོད་ཆོས་ཅན། འབྲས་མཚུངས་ཀྱི་ལྟག་ཆོད་དུ་འདོད་དེ། ཕྱོགས་ཆོས་གྲུབ་ཅིང་བསྒྲུབ་བྱའི་ཆོས་མི་རྟག་པས་ཁྱབ་པའི་རྗེས་འགྲོ་གྲུབ་པའི་ཕྱིར། འབྲས་བུ་བྱས་པའི་སྤྱིས་ཀྱང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པར་རིགས་པ་ཡིན་ན། ཁྱོད་བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་མ་ཡིན་ཞེས་པའི་སུན་འབྱིན་ལྟར་སྣང་ཡིན་པའི་ཕྱིར། དབྱིབས་ཀྱི་སྒྲ་འཇུག་རུང་རྟགས་སོ་ཞེ་ན། དབྱིབས་ཞེས་པའི་སྒྲའི་སྤྱི་ནི་འཇུག་པར་མཐོང་བ་ཆོས་ཅན། ཁང་བཟང་སོགས་ཀྱི་དབྱིབས་སྐྱེས་བུས་བྱས་པར་སྒྲུབ་བྱེད་དུ་མི་རིགས་པར་ཐལ། རིགས་གཞན་སྐྱེས་བུས་མ་བྱས་པ་ལ་ཡང་རབ་ཏུ་གྲུབ་པའི་ཕྱིར། དཔེར་ན་ངག་དང་ཕྱོགས་ལ་སོགས་པ་རྣམས་ཀྱང་གོ་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར། གོ་སྒྲ་འཇུག་པས་རྭ་ཅན་དཔོག་མི་ནུས་པ་བཞིན། དཔོག་མི་ནུས་པའི་རྒྱུ་མཚན་ནི། གོ་ཞེས་སོགས་ཀྱི་སྒྲ་རྣམས་ཆོས་ཅན། ཁྱོད་ཀྱིས་བརྗོད་རུང་གི་དོན་གང་ལའང་མེད་པ་མིན་ཏེ། ཁྱོད་བརྗོད་པར་འདོད་པའི་གཞན་དབང་ཙམ་གྱིས་འཇུག་པའི་སྒྲ་ཡིན་པའི་ཕྱིར། ཁྱབ་པ་མེད་ན་ཚིག་ཐམས་ཅད་ཀྱིས་ནི་སྐྱེས་བུའི་འདོད་དོན་ཐམས་ཅད་འབད་མེད་དུ་འགྲུབ་པར་ཐལ། ཚིག་དེ་ཡོད་པ་ཙམ་གྱིས་ནི་དེའི་བརྗོད་པའི་དོན་འགྲུབ་པས་ཁྱབ་པའི་ཕྱིར། དབྱིབས་ཆོས་ཅན། སྣོད་དང་བཅུད་ཀྱི་འགྲོ་བ་སྐྱེས་བུས་བྱས་པར་སྒྲུབ་བྱེད་རྟགས་ཡང་དག་མིན་པར་ཐལ། དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མ་གྲུབ་པའི་རྟགས་འདིའི་ཚུལ་ལམ་རང་བཞིན་ནི་རྟགས་སུ་གཟུང་བྱའི་དངོས་པོའི་རང་བཞིན་ཆོས་ཅན་ལ་མ་གྲུབ་པས་ནའོ། །བྱས་པ་ཆོས་ཅན། ཁྱོད་ཀྱི་ཁྱད་པར་བུམ་པའི་བྱས་པ་སྒྲ་ལ་མ་གྲུབ་པས་ཁྱོད་ཀྱིས་སྒྲ་མི་རྟག་པར་འགྲུབ་པ་ལ་གནོད་བྱེད་མ་ཡིན་ཏེ། བུམ་པའི་བྱས་པ་སྒྲ་ལ་མ་གྲུབ་ཀྱང་ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པ་ཡིན་པའི་ཕྱིར། དཔེར་ན་སྒྲའི་སྟེང་དུ་ནམ་མཁའི་ཡོན་ཏན་ལ་བརྟེན་པའི་བྱས་པ་མ་གྲུབ་པས་བྱས་པ་མ་གྲུབ་པ་མིན་པ་བཞིན། གལ་ཏེ་ཕྱིར་རྒོལ་གང་ལ་དོན་གྲུབ་ལ་མིང་མ་གྲུབ་པ་ལ་ཅིར་འགྱུར་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་སུ་གཟུང་བྱའི་སྒྲའམ་མིང་དེ་ཆོས་ཅན་གྱི་སྟེང་དུ་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་མ་གྲུབ་ཀྱང་རྟགས་ཀྱི་དངོས་པོ་མཐུན་སྣང་དུ་འགྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། རྟགས་ཀྱི་དོན་ལས་བསྒྲུབ་བྱའི་དོན་འགྲུབ་ཀྱི་སྒྲ་ཙམ་ལས་དོན་འགྲུབ་པ་མིན་པའི་ཕྱིར། དཔེར་ན་བདེ་བྱེད་ཀྱི་སློབ་མར་གྲགས་པའི་འུག་པའི་ཆ་བྱད་འཛིན་པའི་འུག་ཕྲུག་པ་ལ་སངས་རྒྱས་པས་འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་དང་སོགས་པ་ཐོགས་པ་དང་བཅས་པའི་ཕྱིར། བུམ་པ་བཞིན་ཞེས་སྒྲུབ་བྱེད་དུ་བཤད་པ་ན་བྱེ་བྲག་པ་ལ་འབྱུང་བཞིའི་རྡུལ་ཕྲན་གྱི་སྟེང་དུ་ལུས་ཅན་གྱི་སྒྲ་མ་གྲུབ་ཀྱང་དོན་རེག་བྱ་ཅན་གྲུབ་པས་གོ་བྱེད་ཡིན་པ་བཞིན་ནོ། །ཅིའི་ཕྱིར་བྱེ་བྲག་པ་ལ་རྡུལ་ཕྲན་གྱི་སྟེང་དུ་ལུས་ཅན་གྱི་སྒྲ་མི་འགྲུབ་ཅེ་ན། སངས་རྒྱས་པས་རེག་བྱ་ཅན་ལ་ལུས་ཅན་དུ་འདོད་ཀྱི་བྱེ་བྲག་པ་ནི་ཐམས་ཅད་དུ་སོང་བ་མིན་པའི་རྫས་ཉིད་ལ་ལུས་ཅན་གྱི་བརྡ་སྦྱོར་བའི་ཕྱིར། བརྡ་སྤྲོད་པའི་བསྟན་བཅོས་ལ་བརྟེན་ནས་རྒོལ་བ་གང་ཡང་རུང་བ་ལ་མ་གྲུབ་པར་བརྗོད་པ་གང་ཡིན་པ་དཔེར་ན་མངོན་པར་གསལ་བར་སྨྲ་བ་བརྡ་སྤྲོད་པ་ལ་བྱེ་བྲག་པས་སྒྲ་མི་རྟག་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ཕྱོགས་ཆོས་ཉིད་དུ་མ་གྲུབ་བོ་ཞེས་པ་དེ་ནི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཀྱི་སྐྱོན་མིན་ཏེ། དེ་འདི་ལྟར། སྒྲ་མངོན་གསལ་དུ་སྟོན་པའི་བསྟན་བཅོས་ཆོས་ཅན། ཁྱོད་ཀྱིས་སྒྲ་སྔར་ཡོད་རྐྱེན་གྱིས་གསལ་བར་བྱས་པ་ཙམ་དུ་བསྟན་པས་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ལ་སོགས་དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པ་ཐམས་ཅད་ལ་གནོད་བྱེད་མིན་པར་ཐལ། སྒྲ་བྱས་པ་ཡིན་པར་ཚད་མས་མཐོང་བའི་ཕྱིར་ལ་ཁྱོད་ཁས་བླངས་པས་བྱས་པ་སྒྲ་མི་རྟག་བསྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པར་རྩོད་པ་མི་འཐད་པའི་ཕྱིར་དང༌། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ་ཁྱོད་གནོད་སྒྲུབ་ཏུ་འཇུག་པའི་སྐབས་མིན་པའི་ཕྱིར་རོ། །ལུང་གིས་མི་གནོད་ཀྱང་ཚད་མས་གནོད་ཅེ་ན། སྒྲ་ཆོས་ཅན། ཁྱོད་བྱས་པ་ཡིན་པ་ལ་མངོན་གསལ་དུ་སྨྲ་བའི་ལུང་གིས་གནོད་པས་ཅི་ཞིག་བྱ་སྟེ་མི་དགོས་པར་ཐལ། ཁྱོད་བྱས་པ་ཡིན་པ་ལ་ཚད་མ་ཉིད་ཀྱིས་གནོད་པའི་ཕྱིར། ཁྱོད་བྱས་པ་ཡིན་པ་ལ་མངོན་པར་གསལ་བར་སྨྲ་བའི་ལུང་གིས་གནོད་པ་མ་ཡིན་པར་ཐལ། ཁྱོད་སྔར་ཡོད་མངོན་གསལ་དེའི་ངོ་བོར་ཚད་མས་མ་རྟོགས་པའི་ཕྱིར། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་ལུང་ལྟར་སྣང་སྒྲུབ་བྱེད་དུ་མི་འཇུག་པ་དེའི་ཕྱིར་རྗེས་སུ་དཔག་པའི་རྟགས་བྱས་པ་ཆོས་ཅན། བརྡ་སྤྲོད་པའི་བསྟན་བཅོས་ལ་བརྟེན་པའི་ངོར་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་སྒོ་ནས་རྒོལ་བ་གང་ཡང་རུང་བ་ལ་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཏེ། སྒྲ་མངོན་གསལ་དུ་སྟོན་པའི་བསྟན་བཅོས་ཚད་མར་ཁས་ལེན་པའི་བརྡ་སྤྲོད་པའི་ངོར་སྒྲ་ལ་མ་གྲུབ་པའི་ཕྱིར། ལུང་ལ་བརྟེན་པ་ལས་གཞན་དངོས་པོ་སྟོབས་ཞུགས་ལ་ནི་སྒྲ་མི་རྟག་པར་བསྒྲུབ་པའི་མ་གྲུབ་པའི་རྟགས་མིན་པར་ཐལ། བརྡ་སྤྲོད་པས་སྒྲ་བྱས་པར་མ་ཤེས་པའི་བློ་སྐྱོན་ཅན་ཡིན་གྱི་དངོས་པོ་སྟོབས་ཞུགས་ཀྱི་སྐབས་སུ་ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྒྱུ་མཚན་དེས་ན་ཆོས་ཀྱི་གྲགས་པ་བདག་གིས་བྱས་པ་རྒོལ་ཕྱིར་རྒོལ་གང་ཡང་རུང་བ་ལ་མ་གྲུབ་པའི་དཔེར་བརྗོད་པ་མ་སྨྲས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། ཁྱོད་ཀྱིས་ནི་བྱས་པ་ལ་རྒོལ་བ་གང་ཡང་རུང་བ་ལ་མ་གྲུབ་པའི་དཔེར་བརྗོད་པའི་ཕྱོགས་ཙམ་ཞིག་བཤད་པ་ཡིན་ཏེ། གཅིག་ལ་ཡང་ལྡོག་པ་ནི་མངོན་པར་གསལ་བར་སྨྲ་བ་ལ་བྱས་པ་ཉིད་ལྟ་བུའོ་ཞེས་གསུངས་པའི་ཕྱིར། དམ་བཅའི་དོན་ལས་གཞན་པ་མི་འགྲུབ་པ་བསྟན་ནས། དམ་བཅའི་དོན་དུ་འདུས་པའི་མ་གྲུབ་པ་བསྟན་པ་ལ། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་ནི། གང་ཡང་དཔེར་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཆོས་ཅན་རྟགས་སུ་བཀོད་པ་མ་གྲུབ་པ་ཡིན་པར་བརྗོད་པ་དཔེར་ན་སྒྲ་མི་རྟག་སྟེ་སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཅི་ལྟར་མ་གྲུབ་པ་ཡིན་ཞེ་ན། སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་མ་གྲུབ་པའི་རྟགས་ཡིན་ཏེ། དེའི་རྒྱུ་མཚན་ཡང༌། རྟགས་ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ནི་ཐ་དད་དགོས་པ་ལས་ཁྱོད་སྒྲ་དང་ཐ་དད་མ་ཡིན་པའི་ཕྱིར། སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་ཀྱི་ངོ་བོ་མ་གྲུབ་པར་བརྗོད་དེ། བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲ་རང་ཉིད་བསྒྲུབ་པ་ལ་སྒྲུབ་པར་བྱེད་པ་ཉིད་དུ་མ་གྲུབ་པའི་ཕྱིར། ཇི་ལྟར་སྒྲུབ་བྱེད་དུ་མ་གྲུབ་ཅེ་ན། ཤེས་བྱ་ཆོས་ཅན། སྒྲ་དེ་ཉིད་སྒྲ་མི་རྟག་པ་དེའི་བསྒྲུབ་པར་བྱེད་པའི་རྟགས་ནི་མིན་པར་ཐལ། རྟགས་སྒྲ་མི་རྟག་པ་དེའི་ངོ་བོ་ཙམ་དང་རྗེས་སུ་འབྲེལ་བ་ཡིན་ན། ཆོས་ཅན་དུ་བཀོད་ནས་ཡང་གཏན་ཚིགས་སུ་བསྟན་པ་དོན་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་སྒྲས་སྒྲ་མི་རྟག་པར་བསྒྲུབ་པ་དེ་ལ་ཆོས་ཅན་དུ་བཀོད་པ་ལས་ཁྱད་པར་གཞན་རྟགས་སུ་བཀོད་པ་ནི་མེད་པས་སོ། །གཞན་ཡང་སྒྲ་དེ་ཉིད་ཀྱིས་སྒྲ་མི་རྟག་པ་དེ་ལྟར་འགྲུབ་པར་འགྱུར་ན། ཤེས་བྱ་ཆོས་ཅན། ཕྱོགས་ཆོས་ཅན་ནམ་དམ་བཅའ་བསྟན་པ་ཉིད་ན་སྒྲ་མི་རྟག་པ་དེ་ལྟར་འགྲུབ་པར་འགྱུར་བར་ཐལ། ཕྱིས་གཏན་ཚིགས་སུ་བཀོད་དུས་ཀྱང་སྒྲ་རང་ཉིད་ཁོ་ནས་སྒྲ་མི་རྟག་པ་དེ་ལྟར་འགྲུབ་པར་འགྱུར་བའི་ཕྱིར། སྒྲ་དེ་ཆོས་ཅན། རང་ཉིད་བདག་ཉིད་མི་རྟག་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་སུ་མ་གྲུབ་སྟེ། རང་ཉིད་མི་རྟག་པར་སྒྲུབ་བྱེད་དུ་གྲུབ་ན་དམ་བཅས་ཙམ་ཉིད་ནས་བསྒྲུབ་བྱ་གྲུབ་ཟིན་དུ་ཐལ་བའི་སྐྱོན་ཡོད་པ་དེའི་ཕྱིར་རོ། །སྒྲ་ལ་སྒྲ་ཇི་ལྟར་མ་གྲུབ་ཅེ་ན། སྒྲ་ཆོས་ཅན། ཁྱོད་སྒྲ་ལ་གྲུབ་སྟེ། སྒྲ་ལ་ཡོད་པའི་ཕྱིར། དེ་ལྟར་མོད་ཀྱི་སྒྲ་དེ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་སུ་མ་གྲུབ་པར་བརྗོད་དེ། སྒྲ་བདག་ཉིད་མི་རྟག་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱི་རང་བཞིན་དུ་མ་གྲུབ་པའི་ཕྱིར་རོ། །དེའི་རྒྱུ་མཚན་སྒྲ་དེ་ནི་ཕྱོགས་ཆོས་ཅན་དུ་བྱས་པ་གང་ཞིག་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པ་ངེས་པའི་གཏན་ཚིགས་སུ་འགྱུར་ལ་ཆོས་ཅན་དུ་བྱས་པའི་སྒྲ་དེ་ལས་གཞན་ཡང་ཡོད་པ་མ་ཡིན་པས་སོ། །སྒྲ་དེ་ཉིད་སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་ཡིན་ན་ནི། སྒྲ་མི་རྟག་སྒྲུབ་ཀྱི་ཆོས་ཅན་དུ་བསྟན་ནས་ཡང་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་སུ་བསྟན་པར་མི་བྱ་བར་ཐལ། སྒྲ་མི་རྟག་པར་སྒྲུབ་བྱེད་ཡིན་ན། ཆོས་ཅན་བསྟན་པས་བསྒྲུབ་བྱ་འགྲུབ་པར་ཐལ་བའི་ཕྱིར་རོ་ཞེས་བརྗོད་ཟིན་ཏོ། །སྒྲ་ཆོས་ཅན། ཁྱོད་མི་རྟག་པ་ཡིན་མིན་དུ་རྩོད་པ་ཡང་མེད་པར་ཐལ། རྟག་ཏུ་སྟེ་གྲུབ་ཙམ་ནས་མི་རྟག་པ་དེའི་ངོ་བོར་རྒོལ་བ་གཉིས་ཀའི་ཚད་མས་གྲུབ་པའི་ཕྱིར། རྟགས་ཁས་བླངས། མ་ཁྱབ་སྟེ། རྟགས་སུ་མ་བཀོད་ན་སྒྲ་ལ་མི་རྟག་པ་རྗེས་སུ་འགྲོ་བ་མ་མཐོང་བའི་ཕྱིར་མི་རྟག་པར་མི་འགྲུབ་པས་སྒྲུབ་བྱེད་འགོད་པ་ལ་དོན་ཡོད་ཅེ་ན། དེ་ཅི་སྒྲ་མི་རྟག་པར་རྟགས་སུ་འགྱུར་བ་རྗེས་འགྲོ་ལ་ལྟོས་ན། ཆོས་ཅན་སྒྲ་དེ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། གཞན་སྒྲ་མི་རྟག་པར་བསྒྲུབ་པའི་མཐུན་དཔེ་ལ་རྗེས་སུ་འགྲོ་འམ་སྟེ་མི་འགྲོ་བའི་ཕྱིར། སྒྲོན་མ་བདག་ཉིད་ཀྱིས་བདག་ཉིད་གསལ་བར་བྱེད་པ་བཞིན་དུ་ཆོས་ཅན་བདག་ཉིད་བདག་ཉིད་མི་རྟག་པར་རྟོགས་པར་བྱེད་པའི་ཡན་ལག་ཡིན་ནོ་ཞེ་ན། སྒྲོན་མ་དང་མི་མཚུངས་པར་སྟོན་པ་ནི། སྒྲོན་མ་དང་ཉི་མ་ལ་སོགས་པ་ནི་ཆོས་ཅན། རང་གི་བདག་ཉིད་གསལ་བར་བྱེད་པ་ཞེས་བརྗོད་དེ། བདག་ཉིད་དམིགས་བྱེད་ཀྱི་རྣམ་པར་ཤེས་པ་བསྐྱེད་པ་ན་རང་གི་ངོ་བོ་རུང་བ་སྟེ་ཡོད་ཙམ་གྱིས་ཤེས་པའི་ཡུལ་དུ་རང་ཉིད་གསལ་བར་བྱེད་པ་དེ་ལྟར་དུ་གནས་པས་སོ། །ཤེས་བྱ་ཆོས་ཅན། རྟགས་དང་རྟགས་ཅན་བསྒྲུབ་བྱ་ནི་སྒྲོན་མེ་དེ་ལྟར་དུ་བདག་ཉིད་གསལ་བྱེད་ཡིན་པས་སྒྲ་མི་རྟག་བསྒྲུབ་ཀྱི་རྟགས་སུ་འགྱུར་བ་མ་ཡིན་པར་ཐལ། རྟགས་དང་རྟགས་ཅན་དེའི་དངོས་པོ་ནི་ཐ་དད་པ་ལ་བརྟེན་པའི་ཕྱིར་རོ། །དེས་ན་རྟགས་རང་ཉིད་རྣམ་པར་ཤེས་པའི་ཡུལ་དུ་འགྱུར་བ་ཙམ་གྱིས་ནི་རྟགས་ཅན་བསྒྲུབ་བྱ་རྟོགས་པར་བྱེད་པ་མིན་ནོ། །ཆོས་ཅན་དེ་ཉིད་ཐ་དད་ཀྱི་རྟགས་སུ་འགྱུར་རོ་ཞེ་ན། ཆོས་ཅན་སྒྲ་ཆོས་ཅན། བདག་ཉིད་བདག་ཉིད་མི་རྟག་པ་གསལ་བྱེད་དུ་འདིར་འགྱུར་བར་ཐལ། རང་གི་ངོ་བོ་ངེས་པས་རང་ཉིད་མི་རྟག་པར་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར། རྟགས་དང་རྟགས་ཅན་གྱི་དངོས་པོ་ཐ་དད་ལ་བརྟེན་ཞེས་བསྟན་པ་ལ་རྩོད་པ་ནི། རྟགས་དང་རྟགས་ཅན་ཐ་དད་དགོས་ན་རང་བཞིན་རྟགས་ཀྱི་དངོས་པོ་ཐམས་ཅད་ལ་ཆོས་དང་ཆོས་ཅན་གྱི་དབྱེ་བ་མ་གྲུབ་པའི་ཕྱིར་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པའི་སྐྱོན་འདི་རང་བཞིན་རྟགས་ཐམས་ཅད་ལ་མཚུངས་སོ་ཞེ་ན། རྩོད་པ་འདི་ལ་ལན་ནི། སྒྲའི་སྟེང་དུ་བསྒྲུབ་པར་བྱ་བ་མི་རྟག་པ་དང་སྒྲུབ་པར་བྱེད་པ་བྱས་པ་ཆོས་ཅན། ཀུན་རྫོབ་ཏུ་ཐ་དད་པ་ཡིན་ཏེ། ལྡོག་མཚམས་སོ་སོ་ལས་ལྡོག་པའི་དངོས་པོ་རྣམས་ཀྱི་ལྡོག་པ་ལ་བརྟེན་པའི་སྒྲ་རྟོག་གི་ཐ་སྙད་ཐ་དད་པའི་དངོས་ཡུལ་ཡིན་པའི་ཕྱིར་ཞེས་རང་བཞིན་གྱི་རྟགས་བསམ་པར་བཤད་ཟིན་ཏོ། །ཀུན་རྫོབ་ཏུ་ཐ་དད་དུ་བསྟན་ནས་དོན་དམ་པར་ཐ་མི་དད་པར་བསྟན་པ་ནི། ཀུན་རྫོབ་པའི་དོན་སྒྲ་བྱས་མི་རྟག་པ་གསུམ་པོ་རྣམས་ཆོས་ཅན། དོན་དམ་པར་རྫས་དེ་ཉིད་དང་གཞན་ཉིད་འགོག་པ་ཡིན་ཏེ། དོན་དམ་པར་རྣམ་པར་དཔྱད་ན་ནི་རྫས་དེ་ཉིད་དང་རྫས་གཞན་དེ་ལྟ་བུར་གྱུར་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པ་རྟགས་དང་རྗེས་སུ་དཔག་པར་བྱ་བ་ཐ་དད་པའི་ཐ་སྙད་ནི་རྟོག་པའི་ཤེས་པ་ལ་གྲུབ་པའི་ཐ་དད་པ་ལ་བརྟེན་ནས་འཇོག་པ་ཡིན་ནོ། །དེ་ཉིད་ཚིགས་སུ་བཅད་པས་སྡུད་པའི་བཤད་པ་ནི། སྒྲ་དང་བྱས་པ་མི་རྟག་པ་ལ་སོགས་ཀྱི་བདག་ཉིད་ལྡོག་མཚམས་སོ་སོ་ལས་ལྡོག་པ་ཇི་ལྟ་བུའི་ཐ་དད་ཀྱི་མཐར་ཐུག་པ་ཙམ་ལ་བརྟེན་ནས་རྟོག་པའི་ཤེས་པ་ལ་ཆོས་དང་ཆོས་ཐ་དད་དུ་སྣང་བར་གྱུར་པ་དེ་ནི་ཆོས་ཅན། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་གྱི་རྟེན་ཡིན་ཏེ། ཁྱོད་ལ་བརྟེན་ནས་རྟགས་དང་རྟགས་ཅན་གྱི་ཐ་སྙད་འཇུག་པའི་ཕྱིར། སྒྲ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སུ་བཀོད་པའི་སྐབས་འདིར་ནི་ཆོས་ཅན། སྒྲ་སྒྲ་མི་རྟག་བསྒྲུབ་ཀྱི་ཕྱོགས་ཆོས་སུ་མ་གྲུབ་པར་བསྟན་ཏེ། ངེས་པའི་ཐ་སྙད་ཀྱིས་གཞག་པ་ཆོས་ཅན་དང་ལྡོག་པ་ཐ་དད་ངེས་པའི་བློ་དང་ཡུལ་ཡུལ་ཅན་འབྲེལ་པ་མེད་པ་ཅན་གྱི་བསྒྲུབ་པའི་ཆོས་ཅན་སྒྲ་དེ་ཉིད་སྒྲ་མི་རྟག་པ་སྒྲུབ་བྱེད་དུ་གཞག་པ་དེས་ན་སྟེ་དེའི་ཕྱིར། དོན་ཐ་མི་དད་ཅིང་བློའི་ཡུལ་དུ་ཡང་ཐ་དད་མེད་པ་དེའི་ཕྱིར་ཆོས་ཅན་སྒྲ་ནི་གཏན་ཚིགས་སུ་རྒོལ་བ་གཉིས་ཀ་ལ་མ་གྲུབ་བོ། །སྒྲ་སྒྲ་མི་རྟག་བསྒྲུབ་ཀྱི་ཕྱོགས་ཆོས་སུ་མ་གྲུབ་པར་བསྟན་པ་འདིས་ནི་ཆོས་ཅན། ཕྱོགས་ཆོས་སུ་མ་གྲུབ་པའི་རིགས་ཅན་གཞན་ཡང་བསྟན་པ་ཡིན་ཏེ། སྒྲ་མི་རྟག་པར་བསྒྲུབ་པའི་ཆོས་མི་རྟག་པ་རྟགས་སུ་བཀོད་ཀྱང་ཕྱོགས་ཆོས་སུ་མ་གྲུབ་པར་བཤད་པའི་ཕྱིར་རོ། །ཆོས་རྟགས་སུ་བཀོད་པ་དེར་ཡང་གལ་ཏེ་མི་རྟག་པ་དེ་ཉིད་ལས་སྒྲ་མི་རྟག་པར་འགྲུབ་ན། མི་རྟག་པ་དེ་ནི་ཆོས་ཅན། སྔ་མ་སྒྲ་རྟགས་སུ་བཀོད་པ་ལ་དོན་མེད་པ་བཞིན་དུ་ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སུ་བཀོད་པ་དོན་མེད་པར་ཐལ། སྔ་མ་བསྒྲུབ་བྱའི་དུས་ཁོ་ནར་བསྟན་པས་དམ་བཅའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། སྒྲ་མི་རྟག་པ་ཡིན་མིན་དུ་རྩོད་པ་ཡང་མེད་པར་ཐལ་བར་འགྱུར་བ་བརྗོད་དེ། མི་རྟག་པའི་ངོ་བོ་གྲུབ་ཙམ་གྱིས་སྒྲ་མི་རྟག་པར་རྒོལ་བ་གཉིས་ཀའི་ཚད་མས་གྲུབ་པའི་ཕྱིར་རོ། །རྟགས་སུ་མ་བཀོད་ན་རྗེས་སུ་འགྲོ་བ་མ་གྲུབ་པས་རྟགས་སུ་བཀོད་པ་ལ་དོན་ཡོད་དོ་ཞེ་ན། དེ་ལ་ཡང་སྐྱོན་ཡོད་དེ། མི་རྟག་པ་དེ་ཉིད་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། མི་རྟག་པ་དང་འབྲེལ་བ་མེད་པའི་ཕྱིར། དེར་ཐལ། མི་རྟག་པ་བདག་ཉིད་བདག་ཉིད་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། ཆོས་རྟགས་སུ་བཀོད་ཀྱང་ཕྱོགས་ཆོས་མ་གྲུབ་པ་འོ་ན་གང་གི་ཚེ་མི་མཐུན་ཕྱོགས་ལས་གཞན་པ་གཏན་ཚིགས་སུ་བརྗོད་པ་དེའི་བདག་ཉིད་ཇི་ལྟར་ཞེ་ན། མི་མཐུན་ཕྱོགས་ལས་གཞན་ཡིན་གཏན་ཚིགས་སུ་བཀོད་པ་དེ་ལ་ཡང་ཆོས་ཅན། སྒྲ་མི་རྟག་བསྒྲུབ་ཀྱི་མི་མཐུན་ཕྱོགས་ལས་གཞན་ཡིན་སྒྲ་མི་རྟག་བསྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པར་ཐལ། བསྒྲུབ་པར་བྱ་བའི་ཆོས་མེད་པ་ནི་མི་མཐུན་ཕྱོགས་ཡིན་པས་དེ་ལས་གཞན་པ་ནི་བསྒྲུབ་བྱའི་ཆོས་ཉིད་ཡིན་པའི་ཕྱིར། གལ་ཏེ་ཕྱོགས་དང་ལ་སོགས་པ་མཐུན་ཕྱོགས་མི་མཐུན་ཕྱོགས་རྣམས་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། དཔེ་ཡང་མི་མཐུན་ཕྱོགས་ལས་གཞན་ཡིན་པའི་ཕྱིར་བསྒྲུབ་བྱའི་ཆོས་གང་ཞིག་མི་མཐུན་ཕྱོགས་ལས་གཞན་དུ་མ་གྲུབ་པས་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཕྱོགས་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཁོ་ན་མ་ཡིན་ནམ་ཞེ་ན། ཕྱོགས་གང་ཞིག་ཡིན་ལ་མི་མཐུན་པའི་ཕྱོགས་ཀྱང་གང་ཞིག་ཡིན་ཞེས་དྲིས་པ་ན། གང་ལ་ཆོས་འགའ་ཞིག་བསྒྲུབ་པར་འདོད་པའི་གཞི་དེ་ནི་ཕྱོགས་ཡིན་ལ་བསྒྲུབ་བྱའི་ཆོས་བསྒྲུབ་འདོད་མེད་པ་ནི་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། འོ་ན་ནི་སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་བསྒྲུབ་པའི་ཆོས་ཅན་དུ་བཟུང་བས་ཁྱོད་ཀྱི་དངོས་པོའི་དབང་གིས་གནས་པའི་མི་མཐུན་པའི་ཕྱོགས་སེལ་བར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་འདོད་པས་སྒྲ་མི་རྟག་པར་བསྒྲུབ་པའི་ཆོས་ཅན་དུ་བཞག་པའི་མཚན་ཉིད་དེ་ངོ་བོ་ཡིན་པས་སོ། །མ་ངེས་པའི་གཏན་ཚིགས་འགའ་ཡང་ཡོད་པར་མི་འགྱུར་བར་ཐལ། ཕྱོགས་སུ་བཟུང་བས་མི་མཐུན་ཕྱོགས་སུ་སྤངས་ན་མཐུན་ཕྱོགས་ཁོ་ནར་མི་འགྱུར་བ་དེ་ལྟ་ན་སྟེ་དེའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། མཐུན་ཕྱོགས་སུ་མ་ཟད་རྟགས་ཀྱི་མི་མཐུན་ཕྱོགས་ཀྱང་རྒོལ་བའི་འདོད་པས་བྱས་པར་ཐལ། རྒོལ་བས་བསྒྲུབ་པར་མི་འདོད་པའི་དབང་ལས་མི་མཐུན་ཕྱོགས་སུ་འཇོག་པའི་ཕྱིར། འདོད་ན་རྟགས་མི་མཐུན་ཕྱོགས་ལ་འཇུག་པས་རྟགས་མ་ངེས་པར་འགྱུར་རོ་ཞེས་གང་འཁྲུལ་པའི་ཡུལ་དུ་མཐོང་ཞེས་སོགས་ཀྱི་སྐབས་སུ་བཤད་ཟིན་ཏོ། །གཞན་ཡང་སྒྲ་མི་རྟག་བསྒྲུབ་དགོས་ཀྱི་ཕྱིར་རྒོལ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་རྟོགས་པ་གང་གི་དོན་དུ་གཏན་ཚིགས་བརྗོད་དགོས་པའི་སྒྲ་དང་མི་རྟག་པའི་ཚོགས་དོན་ཁྱོད་ཀྱི་ཚད་མས་མ་གྲུབ་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་མ་ཡིན་པ་མི་མཐུན་པའི་ཕྱོགས་ཡིན་ལ། མི་རྟག་པ་མ་ཡིན་པ་ལས་གཞན་པ་མི་རྟག་པ་ཡང་ཆོས་ཅན་སྒྲ་ལ་གྲུབ་ཟིན་མ་བརྗེད་པས་ནའོ། །རྟགས་འདི་སྒྲ་ལ་ཕྱོགས་ཆོས་སུ་གྲུབ་པར་འདོད་པས་རྟགས་ཁས་བླངས་སོ། །བསྒྲུབ་པར་བྱ་བ་མ་གྲུབ་པ་ཙམ་གྱིས་ནི་ཐམས་ཅད་དུ་མི་མཐུན་པའི་ཕྱོགས་སུ་འགྱུར་བ་མིན་ནོ། འོ་ན་ཅི་ཞེ་ན། བསྒྲུབ་བྱའི་ཆོས་དེ་མེད་པར་རྒོལ་བ་གཉིས་ཀ་ལ་ངེས་པ་མི་མཐུན་པའི་ཕྱོགས་ཡིན་ནོ། །མ་ངེས་པའི་ཆོས་ཅན་ནི་མི་མཐུན་པའི་ཕྱོགས་ཆོས་མ་ཡིན་པ་ཉིད་ཀྱིས་རྟགས་ཕྱོགས་སུ་གྲུབ་སྟེ་བསྒྲུབ་བྱའི་ཆོས་མེད་དུ་རྒོལ་བ་གཉིས་ཀས་མ་ངེས་པའི་ཕྱིར་རོ་ཞེ་ན། བསྒྲུབ་བྱའི་ཆོས་ཡོད་མེད་ཐེ་ཚོམ་ཙམ་ཟ་བའི་མི་མཐུན་པ་དཔེ་ཡང་ཆོས་ཅན། སྦྱོར་བ་དེ་སྐོར་གྱི་མི་མཐུན་པའི་ཕྱོགས་མ་ཡིན་པར་འགྱུར་ཏེ་བསྒྲུབ་པའི་ཆོས་ཡོད་མེད་དུ་རྒོལ་བ་གཉིས་ཀས་ངེས་པ་མ་ཡིན་པའི་ཕྱིར། བསྒྲུབ་བྱའི་ཆོས་མེད་དུ་རྒོལ་བས་མ་ངེས་པས་མཐུན་ཕྱོགས་མ་ཡིན་པར་འདོད་པ་དེ་ལྟ་བུར་ཁྱབ་པ་ཁས་བླངས་སོ། །འདོད་ན་སྒྲ་མི་རྟག་པར་བསྒྲུབ་པའི་མི་མཐུན་པའི་ཕྱོགས་མ་ཡིན་པ་འདི་ཉིད་ཆོས་ཅན། ཇི་ལྟར་སྒྲ་མི་རྟག་པ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཏུ་འགྱུར་ཏེ་མི་འགྱུར་བར་ཐལ། བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་མེད་པ་ལས་ལྡོག་པར་མ་ངེས་པའི་རང་བཞིན་ཡིན་པའི་ཕྱིར། བསྒྲུབ་བྱའི་ཆོས་ཡོད་མེད་དུ་ཐེ་ཚོམ་ཟ་བ་མི་མཐུན་ཕྱོགས་མ་ཡིན་པ་དེས་ན་རྟགས་ཁས་བླངས་སོ། །མི་མཐུན་ཕྱོགས་ལས་ལྡོག་པར་མ་ངེས་ན་རྟགས་ཡང་དག་མིན་པས་ཁྱབ་སྟེ། དེ་ཡིན་ན་རྟགས་དེའི་མཚན་ཉིད་ཀྱི་ཡན་ལག་ལྡོག་ཁྱབ་མ་ངེས་པའི་ཕྱིར། མི་མཐུན་ཕྱོགས་མ་ཡིན་པའི་རྟགས་དེ་ཉིད་ཀྱིས་ལྡོག་ཁྱབ་ངེས་པར་བྱེད་དོ་ཞེ་ན། མི་མཐུན་པའི་ཕྱོགས་མ་ཡིན་པ་ཆོས་ཅན། ཇི་ལྟར་ཁྱོད་ཀྱིས་ཁྱོད་མི་མཐུན་ཕྱོགས་ལས་ལྡོག་པར་ངེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་མི་མཐུན་ཕྱོགས་ལས་ལྡོག་པར་མ་ངེས་པའི་ཕྱིར། མི་མཐུན་པའི་ཕྱོགས་མིན་པ་ཞེས་བརྗོད་པའི་སྒྲས་ནི་ཆོས་ཅན། མི་མཐུན་པའི་ཕྱོགས་མིན་པ་ཞེས་བརྗོད་པས་ཇི་ལྟར་མི་མཐུན་པའི་ཕྱོགས་མིན་པ་དེ་ཉིད་ཀྱིས་རང་ཉིད་བསྒྲུབ་བྱའི་ཆོས་མེད་ལས་ལྡོག་པར་ངེས་ཏེ་མི་ངེས་པར་ཐལ། ཁྱོད་ཀྱིས་མི་མཐུན་པའི་ཕྱོགས་མིན་པ་བསྒྲུབ་བྱའི་ཆོས་མེད་ལས་ལྡོག་པ་མ་ངེས་པར་བརྗོད་པའི་ཕྱིར། མ་ངེས་པའི་ཕྱིར་ཞེས་སོགས་ཀྱི་སྐབས་སུ་རྟགས་ཁས་བླངས་སོ། །བསྒྲུབ་བྱའི་ཆོས་མེད་དུ་མ་ངེས་པ་ཆོས་ཅན་ལ་གྲུབ་པས་བསྒྲུབ་བྱ་གྲུབ་ཅེས་བརྗོད་པ་ནི་འབྲེལ་མེད་བརྗོད་པས་བཞད་གད་མཛད་པ་ནི། མི་མཐུན་པའི་ཕྱོགས་མ་ཡིན་པ་རྟགས་སུ་འདོད་པའི་རྒོལ་བ་ཆོས་ཅན། བསྒྲུབ་བྱའི་ཆོས་མེད་པ་འདི་ཆོས་ཅན་འདི་ན་མེད་དོ་ཞེས་བྱ་བ་ཡང་ལེགས་པར་བརྗོད་པ་སྟེ་བཞད་གད་ཀྱི་གནས་ཡིན་ཏེ། གང་གི་ཕྱིར་ན་བསྒྲུབ་བྱའི་ཆོས་མེད་པ་འདི་ཆོས་ཅན་འདིར་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། མི་མཐུན་ཕྱོགས་ལས་གཞན་ཡིན་གཏན་ཚིགས་ཡིན་ན་གཏན་ཚིགས་འགའ་ཡང་མ་ངེས་པར་མི་འགྱུར་བ་དང་མི་མཐུན་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་རྟགས་སུ་འགྱུར་བ་དང་འབྲེལ་མེད་བརྗོད་པའི་སྐྱོན་ཡོད་པ་དེའི་ཕྱིར་བསྒྲུབ་བྱའི་ཆོས་རྣམས་ཀྱི་འཇུག་པ་ཡོད་པ་དང་ལྡོག་པ་མེད་པར་རྒོལ་བའི་འདོད་པས་ཕྱོགས་ཆོས་ཅན་དུ་རྣམ་པར་བཞག་པ་ལ་མི་ལྟོས་པ་བསྒྲུབ་བྱའི་ཆོས་ཡོད་མེད་དུ་གནས་པ་དེ་དག་ནི་ཆོས་ཅན། ཁྱོད་གཉིས་ལས་ལྡོག་པའི་ཕུང་པོ་གསུམ་པ་གནས་པར་བྱེད་པ་མ་ཡིན་ཏེ། ཕན་ཚུན་སྤངས་ཏེ་གནས་པའི་དངོས་འགལ་ཡིན་པས་སོ། །མི་རྟག་པ་བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲ་ཆོས་ཅན། ཇི་ལྟར་མི་རྟག་པ་མེད་པ་ལས་ལྡོག་པར་ཚད་མས་གྲུབ་སྟེ་མ་གྲུབ་པར་ཐལ། མི་རྟག་པར་ཚད་མས་མ་གྲུབ་པའི་ཕྱིར། ཁྱབ་པ་ཡོད་དེ། མི་རྟག་པ་ཡིན་མིན་དེ་དག་ལས་གཅིག་མི་རྟག་པ་མིན་པ་ལས་ལྡོག་པ་ནི་གཞན་མི་རྟག་པ་འཇུག་པ་ཡིན་པའི་ཕྱིར་རོ། །ཆོས་ཅན་ལ་མི་མཐུན་པའི་ཕྱོགས་མ་ཡིན་པ་མ་གྲུབ་ན་དེ་ཅི་ད་ནི་ཕྱོགས་ཆོས་ཅན་ཡང་མི་མཐུན་ཕྱོགས་སུ་འགྱུར་རམ་ཞེ་ན། བྱས་པས་སྒྲ་རྟག་པར་བསྒྲུབ་པ་ལྟ་བུའི་སྦྱོར་བ་འགོད་ཚུལ་གྱི་རྣམ་གྲངས་ཀྱིས་ན་ཕྱོགས་སྒྲ་ཆོས་ཅན། སྒྲ་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་སུ་འགྱུར་བར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པའི་ཕྱིར། ཕྱོགས་དང་མི་མཐུན་ཕྱོགས་ཀྱི་མཚན་ཉིད་འཆོལ་བར་འགྱུར་རོ་ཞེ་ན། མཚན་ཉིད་ཀྱི་དབྱེ་བ་ནི་སོ་སོར་བརྗོད་ཟིན་པས་འཆོལ་བའི་དོགས་པ་ག་ལ་ཡོད་ཅེས་བརྗོད་ཟིན་པ་ཉིད་དོ། །དེ་ལྟ་མ་ཡིན་ན། སྒྲ་ཆོས་ཅན། ཁྱོད་ལ་བསྒྲུབ་བྱའི་ཆོས་མི་རྟག་པ་མེད་པ་རྣམ་པར་གཅོད་པའི་དོན་དུ་གཏན་ཚིགས་བརྗོད་དགོས་པ་མ་ཡིན་པར་ཐལ། ཁྱོད་མི་རྟག་པར་བསྒྲུབ་དགོས་ཀྱི་ཕྱི་རྒོལ་གྱིས་ཁྱོད་སྒྲ་མི་རྟག་བསྒྲུབ་ཀྱི་མི་མཐུན་པའི་ཕྱོགས་སུ་ཐེ་ཚོམ་མི་ཟ་བར་མི་མཐུན་ཕྱོགས་མ་ཡིན་པར་མཐའ་གཅིག་ཏུ་ངེས་པའི་ཕྱིར། མི་མཐུན་ཕྱོགས་ལས་གཞན་ཡིན་ཕྱོགས་སུ་མ་གྲུབ་ཅིང་གྲུབ་ཀྱང་རྟགས་སུ་མི་རུང་བར་བསྟན་པ་ནི། གནོད་པ་ཅན་གྱི་ཚད་མས་གཏན་ཚིགས་ཀྱི་འབྲེལ་བ་ཐོག་མར་སྟོན་པའི་དུས་ན་ཆོས་ཅན། ཕྱོགས་ལ་སོགས་པའི་རྣམ་པར་བཞག་པ་ཡོད་པ་གང་ལས་ཕྱོགས་མི་མཐུན་ཕྱོགས་སུ་ཐལ་བའི་སྐྱོན་འདིར་འགྱུར་བ་མིན་ཏེ། ཕྱོགས་དང་དེ་ལ་ལྟོས་པའི་མི་མཐུན་པའི་ཕྱོགས་ལ་སོགས་པའི་རྣམ་པར་བཞག་པ་ཡོད་པ་མིན་པའི་ཕྱིར། ཇི་ལྟར་མེད་ཅེ་ན། བྱས་པ་དེ་ཉིད་ཆོས་ཅན། ཁྱོད་སྒྲ་མི་རྟག་བསྒྲུབ་ཀྱི་རྟགས་སུ་འགྱུར་བ་ཕྱོགས་ཀྱི་རྣམ་དབྱེ་ལ་མི་ལྟོས་ཏེ། ཁྱོད་ཕྱོགས་ཀྱི་རྣམ་དབྱེ་དང་བྲལ་བ་འབའ་ཞིག་བསྒྲུབ་བྱའི་ཆོས་འགའ་ཞིག་ཡོད་པའི་མཐུན་ཕྱོགས་ལ་འཇུག་པའི་རྗེས་འགྲོ་དང་བསྒྲུབ་བྱའི་ཆོས་མེད་པ་དག་ལ་ལྡོག་པའི་ལྡོག་པ་ཅན་དུ་བསྟན་ནས་རང་ཉིད་སྒྲ་ལ་ཡོད་པའི་ཤུགས་ཀྱིས་སྒྲ་དེ་མི་རྟག་པ་དེ་ལྟ་བུར་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར་རྗེས་འགྲོ་བསྟན་པའི་རྗེས་ཐོག་སྟེ་འོག་རོལ་ཏུ་རྟོགས་པར་འགྱུར་བའི་ཚོགས་དོན་དེ་ནི་ཆོས་ཅན། ཕྱོགས་ཡིན་ཞེས་བརྗོད་དེ། གཏན་ཚིགས་དེའི་ཤུགས་ཀྱིས་ཏེ་ནུས་པ་འཇུག་པའི་ཡུལ་ནང་གི་ཡན་ལག་ཡིན་པའི་ཕྱིར། རྗེས་འགྲོ་སྟོན་པའི་ཕྱིས་འབྱུང་བ་དེས་ན་ཕྱོགས་དེའི་མཚན་ཉིད་མ་གྲུབ་པའི་སྒོ་ནས་འོངས་པ་མི་མཐུན་པའི་ཕྱོགས་མིན་པ་ཞེས་བྱའི་ཆོས་ནི་ཆོས་ཅན། བསྒྲུབ་བྱ་རྟོགས་པའི་ཡན་ལག་རྟགས་ཡང་དག་མིན་པར་ཐལ། གཏན་ཚིགས་ཀྱི་འབྲེལ་པ་སྟོན་པར་བྱེད་པའི་དུས་ན་མེད་པའི་ཕྱིར། གྲངས་ཅན་པས་སྨྲས་པ། མི་མཐུན་པའི་ཕྱོགས་ལས་གཞན་ཡིན་མ་གྲུབ་པ་འོ་ན་གཙོ་བོ་ཡོད་དེ། ཡོད་པ་དེ་ལས་བཟློག་པ་མེད་པ་གཞན་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་གང་ཡིན་པ་འདི་རྟགས་ཡིན་ནོ། །དེ་ལ་ནི་ཕྱོགས་ཆོས་མ་གྲུབ་པའི་སྐྱོན་འདི་མེད་དེ། རྟགས་ལ་མེད་པ་གཞན་དང་བྲལ་བ་སྨོས་པའི་ཕྱིར་རོ། །ཡོད་པ་དེ་ལས་བཟློག་པ་དང་བྲལ་བ་མེད་པ་འབའ་ཞིག་དང་བྲལ་བ་ནི་བསྒྲུབ་པར་བྱ་བའི་ཆོས་སུ་འགྱུར་གྱི་མེད་པ་གཞན་འགའ་ཞིག་བྲལ་བ་ནི་མིན་ནོ། །དེས་ན་བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་གཏན་ཚིགས་ལ་ཁྱད་པར་ཡོད་དོ་ཞེ་ན། རྟགས་འདི་ལ་ཡང་མེད་པ་གཞན་ཞེས་པའི་ཁྱད་པར་དགོས་པ་དང་ལྡན་པར་ཉེ་བར་བཟུང་བ་ནི་ཆོས་ཅན། སངས་རྒྱས་པས་འཕངས་པའི་སྐྱོན་སྤོང་བའི་ཕྱིར། གྲངས་ཅན་པས་སངས་རྒྱས་པ་གྲངས་ཅན་གྱི་འདོད་པ་གཙོ་བོ་ཡོད་པ་ཉིད་ལ་གནོད་པར་བྱེད་པར་ཐལ། ཁྱོད་ཀྱིས་གཙོ་བོ་མེད་པར་བསྟན་པའི་ཕྱིར། དཔེར་ན་མ་ཐ་རའི་བུ་ལས་གཞན་པའི་བྲམ་ཟེ་ལ་ཟན་བྱིན་ཅིག་ཅེས་བྱ་བ་ལྟ་བུའོ། །རྟགས་མ་གྲུབ་སྟེ། གཙོ་བོ་མེད་པར་ཁས་མི་ལེན་ན་ནི་གཞན་སྨོས་པར་ནུས་པ་མིན་ཏེ། དཔེར་ན་མ་ཐ་རའི་བུ་བྲམ་ཟེ་མིན་ན་ནི་བྲམ་ཟེ་ལ་ཟན་བྱིན་ཅེས་བྱ་བ་ཙམ་ཉིད་བརྗོད་པར་འགྱུར་བས་སོ། །གཙོ་བོ་མེད་པ་ཞེས་བྱ་བ་འདི་ནི་ཕ་རོལ་པོ་སངས་རྒྱས་པའི་བསམ་པ་ཡིན་ཏེ། སངས་རྒྱས་པ་དེའི་གཙོ་བོ་མེད་པར་འདོད་པའི་བསམ་པའི་དབང་གིས་མེད་པ་གཞན་ལས་གྲོལ་བའི་ཕྱིར་ཞེས་དེ་སྐད་བརྗོད་དོ། །དེས་ན་མེད་པ་གཞན་དང་བྲལ་བར་སངས་རྒྱས་པ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ནོ་ཞེ་ན། དེ་ལ་ཡང་ཉེས་པ་ཡོད་དེ། གཙོ་བོ་ཆོས་ཅན། མེད་པ་གཞན་དང་ཕན་ཚུན་རྣམ་པར་དབྱེ་བ་དངོས་པོ་ལ་མི་འཁྲུལ་བ་ཞིག་ཡོད་དེ་མེད་པར་ཐལ། དོན་དམ་པར་མེད་པའི་ཕྱིར། རྫས་ཐ་དད་པའི་དབང་གིས་གཅིག་སྔོན་པོའི་རང་བཞིན་གཞན་སེར་པོ་ལ་མ་མཐོང་བས་སྔོན་པོ་འདི་སེར་པོ་འདི་ལས་ཐ་དད་པ་ཡིན་ནོ་ཞེས་བློས་རྟོག་པ་ཡིན་ན་དངོས་པོ་མེད་པ་ལ་རྫས་ཐ་དད་པའི་རྣམ་དབྱེ་དེ་ག་ལ་ཡོད། དངོས་མེད་ལ་རྫས་ཐ་དད་པའི་རྣམ་དབྱེ་དེ་ཡོད་ན་ཡང་དངོས་མེད་ཆོས་ཅན། དངོས་པོ་མེད་པར་མི་འགྱུར་བར་ཐལ། རྫས་སུ་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། རྫས་དེ་ནི་ཡོད་པའི་མཚན་ཉིད་དེ་ངོ་བོ་ཡིན་པའི་ཕྱིར། འོ་ན་བུམ་པ་མེད་པ་རི་བོང་གི་རྭ་མེད་ཅེས་འཇིག་རྟེན་གྱི་ཐ་སྙད་ཅི་ལྟར་འཐད་ཅེ་ན་རྣམ་པར་རྟོག་པས་བུམ་མེད་དང་རི་བོང་གི་རྭ་མེད་པ་ལ་སོགས་པར་བཀོད་པ་འདི་དག་ཆོས་ཅན། བདག་ཉིད་རྫས་སུ་མེད་པ་ཡིན་ཡང་ཐ་དད་ཀྱི་ཐ་སྙད་མི་འཇུག་པ་མ་ཡིན་ཏེ། སྨྲ་བ་པོ་དེ་དག་རྟོག་པ་ལ་སྣང་བ་ཉིད་བརྗོད་པ་གཞན་དང་གཞན་གྱི་རྣམ་པར་དབྱེ་བ་དང་ལྡན་པ་ལྟ་བུར་སྟོན་པར་བྱེད་པ་འབའ་ཞིག་ཏུ་ཟད་པའི་ཕྱིར། སྒྲ་རྟོག་དེ་ཆོས་ཅན། ཁྱོད་ཀྱིས་བྱས་པའི་ཐ་དད་ཀྱི་རྣམ་པར་དབྱེ་བ་ནི་དངོས་པོ་ཐ་དད་དུ་རྣམ་པར་འཇོག་པའི་རྟེན་མིན་ཏེ། དེ་ཡིན་ན་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ཞེས། དེ་ཡོད་པས་ནི་དོན་འགྲུབ་ན། །ཞེས་སོགས་ཀྱི་སྐབས་སུ་བཤད་ཟིན་ཏོ། །གྲངས་ཅན་པ་ཆོས་ཅན། རྣམ་པ་ཐམས་ཅད་དུ་མེད་པ་འཇིག་པ་སྟེ་དངོས་མེད་ཅུང་ཟད་ཀྱང་མེད་པར་ཐམས་ཅད་དངོས་པོར་ཐལ། གཅིག་མེད་པ་ལས་མེད་པ་གཞན་ལས་རྣམ་པར་གྲོལ་བ་ཐ་དད་པའི་སྒོ་ནས་གཞན་ལས་གྲོལ་བ་ཡོད་པ་དངོས་པོ་ཁོ་ན་དང་རྗེས་སུ་འབྲེལ་བར་སྟོན་པ་འདིས་ནིའོ། །འདོད་པ་དེ་ལྟ་ན་ཡང་མེད་པ་གཞན་དང་བྲལ་བའི་ཕྱིར་ཞེས་བྱ་བ་འདི་གཙོ་བོ་དངོས་པོར་བསྒྲུབ་པ་ལ་གཏན་ཚིགས་མ་གྲུབ་པ་ཉིད་དུ་ཐལ། དངོས་མེད་མི་སྲིད་པས་སོ། །མེད་པ་གཞན་དང་བྲལ་བའི་རྟགས་འདི་ཆོས་ཅན། གཙོ་བོ་དངོས་པོར་བསྒྲུབ་པ་ལ་ཁྱབ་པ་འཁྲུལ་པར་ཐལ། ཡོད་མེད་གཉིས་ཀའི་ཆོས་ཡིན་པའི་ཕྱིར། ཅི་སྟེ་ཡང་མེད་པ་གཞན་དང་བྲལ་བ་ཙམ་གྱིས་དངོས་པོར་མི་འགྲུབ་པ་བདེན་ནའང༌། རྒོལ་བ་དེའི་མངོན་པར་འདོད་པ་འགའ་ཞིག་ལ་ལྟོས་ནས་མེད་པ་དང་ཐམས་ཅད་ལས་ཐ་དད་པ་རྟགས་སུ་བཀོད་པ་ཡིན་ན་གཙོ་བོ་ཡོད་པ་དེ་ལྟར་དུ་འགྱུར་རོ་ཞེ་ན། འོ་ན་ནི། གྲངས་ཅན་དེ་ཆོས་ཅན། མེད་པ་དེ་ལས་ཐ་དད་པ་ཡིན་པའི་ཕྱིར་རོ་ཞེས་པའི་རྟགས་ཀྱིས་གཙོ་བོ་ཡོད་པ་དེ་ལྟར་འགྱུར་བ་ནི་མིན་གྱི་འོན་ཀྱང་མེད་པ་ཐམས་ཅད་དང་བྲལ་བར་འདོད་པ་ཙམ་ལས་གཙོ་བོ་དངོས་པོར་འགྲུབ་པར་ཐལ། ཁྱོད་ཀྱིས་མེད་པ་ཐམས་ཅད་དང་བྲལ་བར་འདོད་པ་ལ་ལྟོས་ནས་མེད་པ་ཐམས་ཅད་དང་བྲལ་བའི་རྟགས་ཀྱིས་གཙོ་བོ་དངོས་པོར་བསྒྲུབ་དགོས་པའི་ཕྱིར། འདོད་ན། རི་བོང་གི་རྭ་ཡང་ཡོད་པར་ཐལ། རྒོལ་བའི་འདོད་པས་གཞན་དུ་རི་བོང་གི་རྭ་ཡོད་དེ་མེད་པ་ཐམས་ཅད་དང་བྲལ་བའི་ཕྱིར་བརྗོད་པར་གྱུར་ན་གཞན་རི་བོང་གི་རྭ་ཡང་མེད་པ་ཐམས་ཅད་དང་བྲལ་བ་དེ་ལྟ་བུ་ཡིན་པར་རྒོལ་བས་འདོད་པར་བྱེད་པའི་ཕྱིར། གཙོ་བོ་མེད་པ་དང་བྲལ་བར་འདོད་པས་དངོས་པོར་འགྲུབ་པའི་རི་བོང་གི་རྭ་ལ་ཡང་མཚུངས་པས་རྟགས་ཁས་བླངས་སོ། །འདོད་པ་གཏན་ཚིགས་ཡིན་པ་དེའི་ཕྱིར། གྲངས་ཅན་ཆོས་ཅན། མེད་པ་ཐམས་ཅད་དང་བྲལ་བར་འདོད་པ་དེ་ཉིད་ཁྱོད་ཀྱི་འདོད་པའི་དོན་གཙོ་བོ་དངོས་པོ་བའི་རང་བཞིན་གྱི་སྒྲུབ་བྱེད་དུ་བརྗོད་པར་འགྱུར་བར་ཐལ། གཙོ་བོ་དངོས་པོར་བསྒྲུབ་པ་འདིར་མེད་པ་ཐམས་ཅད་དང་བྲལ་བར་འདོད་པ་ཉིད་ལ་གཙོ་བོ་དངོས་པོར་བསྒྲུབ་པའི་ནུས་པ་རྣམ་པར་གནས་པའི་ཕྱིར། འདོད་ན། མེད་པ་ཐམས་ཅད་དང་བྲལ་བར་འདོད་པ་དེ་ཉིད་གཙོ་བོ་དངོས་པོར་བསྒྲུབ་པའི་གཏན་ཚིགས་སུ་བརྗོད་པར་འགྱུར་གྱི་མེད་པ་ཐམས་ཅད་དང་བྲལ་བ་འདི་དག་གི་ཕན་ཚུན་དབེན་པ་རྟགས་སུ་བཀོད་པས་ཅི་ཞིག་བྱ་སྟེ་མི་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ལ་ཡང་སྐྱོན་ཡོད་དེ། མེད་པ་ཐམས་ཅད་དང་བྲལ་བར་འདོད་པ་དེ་ཆོས་ཅན། གཙོ་བོའི་སྟེང་དུ་འདོད་བྱའི་དངོས་པོ་དང་འབྲེལ་བར་བརྗོད་པར་བྱ་སྟེ་གཙོ་བོའི་སྟེང་དུ་འདོད་བྱའི་དངོས་པོ་ལ་འབྲེལ་བ་དེ་ལྟ་མིན་པར་ཁྱོད་ཀྱི་རྟགས་ཀྱིས་གཙོ་བོ་དངོས་པོར་མི་འགྲུབ་པའི་ཕྱིར། མེད་པ་ཐམས་ཅད་དང་བྲལ་བར་འདོད་པ་གཙོ་བོ་དང་པོར་བསྒྲུབ་པ་ལ་ཁྱབ་པ་འཁྲུལ་བར་བསྟན་པ་འདིས་ནི་ཆོས་ཅན། ཁྱབ་པ་འཁྲུལ་བའི་རིགས་ཅན་གཞན་ཡང་བཤད་པ་ཡིན་ཏེ། སྒྲ་རྟག་པར་བསྒྲུབ་པ་ལ་བདག་དང་གཞན་གྱིས་ཁས་བླངས་པ་དང་སོགས་པ་གཉིས་ཀས་ཁས་བླངས་པའི་ཕྱིར་ཞེས་པའི་རྟགས་དང་སྐྱེས་བུའི་འདོད་པས་རྣམ་པར་བཞག་པ་ལ་བརྟེན་པའི་གཏན་ཚིགས་ཐམས་ཅད་ཁྱབ་པ་འཁྲུལ་བ་ཅན་དུ་ཤུགས་ལ་བརྗོད་པའི་ཕྱིར། སྐྱེས་བུའི་འདོད་པས་རྣམ་པར་བཞག་པ་ལ་བརྟེན་པ་ཇི་ལྟ་བུ་ཞེ་ན། དཔེར་ན་སྒྲ་མི་རྟག་སྟེ་མི་མཐུན་ཕྱོགས་མ་ཡིན་པའི་ཕྱིར། ནམ་མཁའི་ཡོན་ཏན་ཆོས་ཅན། སྒྲ་མི་རྟག་བསྒྲུབ་ཀྱི་རྒོལ་བའི་དཔག་འདོད་ཡོད་དེ། ཚོགས་སྤྱི་དེའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །བདག་དང་གཞན་གྱིས་ཁས་བླངས་པ་ལ་སོགས་ཁྱབ་པ་འཁྲུལ་བར་བསྟན་པ་འདིས་ནི། སྦྱོར་བ་ཐམས་ཅད་ལ་ངག་ཏུ་བརྗོད་པ་ཡོངས་སུ་འགྱུར་བས་བྱས་པའི་ཁྱབ་པ་འཁྲུལ་བ་ཅན་རྟགས་ཡང་དག་ཡིན་པ་སྤངས་ཏེ། རྟགས་ཡང་དག་ཡིན་ན་ཁྱབ་པ་དང་ཕྱོགས་ཆོས་ཀྱི་དོན་རྣམ་པར་གནས་པའི་ཚུལ་གྱིས་རྗེས་སུ་འབྲང་བར་བྱ་བར་ཤུགས་ལ་བསྟན་པའི་ཕྱིར། བརྗོད་པ་ཡོངས་སུ་འགྱུར་པའི་དོན་ནི། ངག་ཏུ་གཞན་དོན་བྱེད་དེ་ཞེས་པའི་དོན་ཡོངས་སུ་འགྱུར་ནས་བདག་དོན་བྱེད་པ་ལ་འདོད་པ་ལྟ་བུའོ། །སྒྲ་མི་རྟག་པར་བསྒྲུབ་པ་ལ་སྒྲ་རྟགས་སུ་བཀོད་པ་དམ་བཅའི་དོན་གྱི་ཕྱོགས་གཅིག་ཏུ་བསྟན་པ་ལ་རྩོད་པ་ནི། རྩོལ་བ་ལས་བྱུང་བའི་སྒྲ་ནི་མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་འདི་ཆོས་ཅན། ཇི་ལྟར་དམ་བཅའི་དོན་གྱི་ཕྱོགས་གཅིག་མིན་ནམ་སྟེ་ཡིན་པར་ཐལ། ཆོས་ཅན་དང་རྟགས་གཉིས་ཀར་བཀོད་པའི་ཕྱིར་ཞེ་ན། འདི་དམ་བཅའི་དོན་གྱི་ཕྱོགས་གཅིག་མིན་གྱི་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པ་ནི་འདི་ལྟ་བུའོ་ཞེས་སྟོན་པ་ནི། སྒྲ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་དམ་བཅའི་དོན་གྱི་ཕྱོགས་གཅིག་ཉིད་རྟགས་སུ་བཀོད་པ་ཉིད་ཡིན་པར་བརྗོད་དེ། རྟོག་པའི་ཐ་སྙད་ཀྱིས་ཉེ་བར་བཞག་པ་བསྒྲུབ་བྱའི་ཆོས་ཅན་དེ་ཉིད་སྒྲུབ་པར་བྱེད་པའི་རྟགས་སུ་བྱས་པ་ཡིན་པའི་ཕྱིར། དེར་ཐལ། བསྒྲུབ་བྱའི་ཆོས་ཅན་དུ་བཟུང་བའི་སྒྲ་དང་ལྡོག་པ་ཐ་མི་དད་པ་ལ་བརྟེན་པའི་ཕྱིར་དང་བློ་ཐ་མི་དད་པ་གཅིག་གི་ཡུལ་ཡིན་པའི་ཕྱིར་རོ། །ཁྱད་པར་རྩོལ་སྒྲ་བསྒྲུབ་བྱའི་ཆོས་ཅན་དུ་བྱས་ཏེ་སྤྱི་རྩོལ་བྱུང་གཏན་ཚིགས་སུ་བརྗོད་པ་ལ་ནི་རྩོལ་བྱུང་ཆོས་ཅན། ཁྱོད་རྩོལ་བྱུང་གི་སྒྲ་དང་ཐ་མི་དད་པའི་སྒོ་ནས་རྩོལ་བྱུང་གི་སྒྲ་རྟགས་དང་རྟགས་ཅན་དུ་མི་འགལ་ཏེ། རྩོལ་བྱུང་གི་སྒྲ་དང་ལྡོག་པའི་ཆོས་ཐ་དད་པའི་ཕྱིར། དེ་ཉིད་ཚིགས་སུ་བཅད་པས་སྡུད་པ་བཤད་པ་ནི། སྤྱི་རྩོལ་བྱུང་ཆོས་ཅན། ཁྱོད་ལ་རྟགས་དང་ཁྱད་པར་རྩོལ་བྱུང་གི་སྒྲ་ལ་རྟགས་ཅན་གྱི་ཐ་སྙད་འཇུག་པ་ཡིན་པར་འདོད་དེ། ཁྱད་པར་རྩོལ་བྱུང་གི་སྒྲ་དང་ཐ་དད་ཅིང་རྩོལ་བྱུང་གི་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། དཔེར་ན་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་པ་བཞིན་ནོ། །རྩོལ་བྱུང་རྩོལ་སྒྲའི་ཡན་ལག་ཡིན་པས་དམ་བཅའི་དོན་གྱིས་གཅིག་ཏུ་སྨྲ་བ་ལ་འདི་བརྗོད་པར་བྱ་སྟེ། རྩོལ་བྱུང་ཆོས་ཅན། ཕྱོགས་རྩོལ་བ་ལས་བྱུང་བའི་སྒྲའི་ཡན་ལག་ཡིན་ན། ཆོས་ཅན་རྩོལ་སྒྲ་དང་ཐ་དད་དུ་མ་གྲུབ་པ་མིན་ཏེ། ཁྱོད་རྩོལ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་ཡང་དག་ཡིན་པ་ལ་གནོད་བྱེད་མེད་པའི་ཕྱིར། དཔེར་ན་གོང་བུ་རྭ་ཅན་འདི་ཆོས་ཅན། རྟ་མིན་ཏེ། རྭ་ཅན་ཡིན་པའི་ཕྱིར་ཞེས་པ་བཞིན་ནོ། །ཕྱོགས་ཀྱི་ཡན་ལག་ཡིན་པ་ལས་ཡང་ན་ཡན་ལག་མིན་ཏེ། འདི་ལྟར། རྩོལ་བྱུང་ཆོས་ཅན། ཕྱིར་རྒོལ་ལས་རྩོལ་སྒྲའི་ངོ་བོ་ཤེས་པར་བྱས་ནས་རྩོལ་སྒྲ་མི་རྟག་པར་བསྒྲུབ་པར་བྱ་བའི་དུས་སུ་རྩོལ་སྒྲ་མཚོན་བྱེད་ཀྱི་ཡན་ལག་མིན་ཏེ། ཁྱོད་ཀྱིས་རྩོལ་སྒྲ་དེའི་ངོ་བོ་མཚོན་པར་བྱས་ཟིན་ནས་རྩོལ་སྒྲ་མཚོན་བྱེད་ཡིན་པ་ལས་ལྡོག་པའི་ཕྱིར། དཔེར་ན་གོས་དཀར་ཅན་ཁྲིད་ལ་ཤོག་ཅེས་བརྗོད་པས་གོས་དཀར་གྱིས་སྐྱེས་བུ་མཚོན་པར་བྱས་ནས་ཕྱིས་སྐྱེས་བུ་མཚོན་བྱེད་མིན་པ་བཞིན་ནོ། །དེས་ན་དམ་བཅའི་དོན་གྱི་ཕྱོགས་གཅིག་མིན་པ་དེའི་ཕྱིར། ཁྱད་པར་རྩོལ་སྒྲ་མི་རྟག་པར་སྒྲུབ་པའི་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་མིན་ཏེ། ཆོས་ཅན་རྩོལ་བ་སྒྲ་དང་ལྡོག་ཆོས་ཐ་དད་པ་ཡིན་པའི་ཕྱིར་རོ། །དོན་སྐྱོན་ཅན་གྱི་མ་གྲུབ་པ་བསྟན་ཟིན་ནས། བློ་སྐྱོན་ཅན་གྱི་མ་གྲུབ་པ་བསྟན་པ་ནི། ཕྱོགས་ཆོས་དོན་ལ་མ་གྲུབ་ན་མ་གྲུབ་པའི་གཏན་ཚིགས་ཡིན་པ་བཞིན་དུ། རྟགས་རང་ཉིད་ལ་ཐེ་ཚོམ་ཟ་བ་ན་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། དཔེར་ན་མེ་བསྒྲུབ་པ་ལ་རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལ་དུ་བ་ཡོད་པའི་ཕྱིར་ཞེས་རྟགས་སུ་བཀོད་པ་ལྟ་བུ་དང༌། རྟགས་དེའི་གཞི་ཆོས་ཅན་ལ་རྟགས་ཡོད་མེད་ཐེ་ཚོམ་ཟ་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཡང་དཔེར་ན་རི་སུལ་འདི་ན་རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲག་པའི་ཕྱིར་ཞེས་རྨ་བྱ་དེའི་སྒྲ་གྲགས་པའི་ཡུལ་རི་སུལ་དབུས་ཡིན་ནམ་གཞན་ཡིན་ཐེ་ཚོམ་ཟ་ནས་མི་རྟོགས་པ་ལྟ་བུའོ། །དེར་མ་ཟད་ཆོས་ཅན་མ་གྲུབ་ན་ཡང་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། དཔེར་ན་བདག་ནི་ཁྱབ་པ་ཡིན་ཏེ། བདེ་བ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འདི་དོན་སྐྱོན་ཅན་ཡིན་མོད་ཀྱང་འཇུག་པ་བདེ་བས་བློ་སྐྱོན་ཅན་དང་ཕྱོགས་གཅིག་ཏུ་བཤད་དོ། །སྔར་བཤད་པ་དེ་ལྟར་ན་གཏན་ཚིགས་ཀྱི་ཚུལ་གཅིག་ཕྱོགས་ཀྱི་ཆོས་ཉིད་དུ་མ་གྲུབ་པའམ་ཐེ་ཚོམ་ཟ་ན་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ་ཞེས་དོན་བསྡུ་བ་བྱས་སོ། །ལྡོག་པའི་སྐྱོན་སྟོན་པ་ནི། ཕྱོགས་ཆོས་མ་གྲུབ་ན་གཏན་ཚིགས་ལྟར་སྣང་ཡིན་པ་དེ་བཞིན་དུ། གཅིག་མ་གྲུབ་པའམ་ཐེ་ཚོམ་ཟ་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །གཅིག་པུ་གང་ཞེ་ན། ལྡོག་པའོ། །ལྡོག་པ་མ་གྲུབ་པར་ངེས་པ་ནི་དཔེར་ན་ཕྱོགས་ཀྱི་ཆོས་ཀྱི་རབ་ཏུ་དབྱེ་བར་བསྟན་པའི་ཐུན་མོང་གི་མ་ངེས་པ་རྣམ་པ་བཞི་ལྟ་བུའོ། །ལྡོག་པ་དོན་ལ་མ་གྲུབ་པ་གཏན་ཚིགས་ལྟར་སྣང་ཡིན་པ་དེ་བཞིན་དུ་ལྡོག་པ་ལ་ཐེ་ཚོམ་ཟ་བ་གཏན་ཚིགས་ལྟར་སྣང་ཡིན་པ་ནི། དཔེར་ན་བརྗོད་པར་འདོད་པའི་སྐྱེས་བུ་འགའ་ཞིག་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་མིན་ཏེ། ངག་སྨྲ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལྡོག་པ་ཐམས་ཅད་ལ་ཐེ་ཚོམ་ཟ་བའམ། དེ་ཆོས་ཅན། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ། ལ་སོགས་པ་བརྐྱང་བསྐུམ་དང་མིག་འབྱེད་འཛུམ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལྡོག་པ་ཕྱོགས་གཅིག་ལ་ཐེ་ཚོམ་ཟ་བ་ལྟ་བུའོ། །ངག་སྨྲ་བ་ཆོས་ཅན། ཁྱོད་ཀྱིས་ངག་སྨྲའི་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་བསྒྲུབ་པ་འདིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། ཁྱོད་དེ་བསྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་མེད་གང་དུ་ཡང་མ་ངེས་པའི་ཕྱོགས་ཆོས་ཅན་ཡིན་པའི་ཕྱིར། མ་དམིགས་པའི་ཕྱིར་མེད་པར་ངེས་སོ་ཞེ་ན། རྒྱང་འཕེན་པ་ཆོས་ཅན། ཐམས་ཅད་མཁྱེན་པ་སྨྲ་བ་མ་དམིགས་སོ་ཞེས་བྱ་བ་མི་དམིགས་པའི་རྣམ་པ་འདི་ལྟ་བུའི་རྟགས་ནི་ཐམས་ཅད་མཁྱེན་པ་ལ་སྨྲ་བ་འགོག་པའི་རྟགས་ཡང་དག་མིན་པར་ཐལ། སྨྲ་བ་དགག་པའི་ཡུལ་ཐམས་ཅད་མཁྱེན་པ་ལྟར་མི་རུང་བའི་བདག་ཉིད་ཀྱི་སྨྲ་བ་མ་དམིགས་པའི་རྟགས་ནི་ཐམས་ཅད་མཁྱེན་པ་སྨྲ་བ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་མ་དམིགས་པའི་གཏན་ཚིགས་ཀྱི་སྐབས་སུ་བཤད་ཟིན་ཏོ། །གལ་ཏེ་སྨྲ་བ་ཆོས་ཅན། ཁྱོད་ཐམས་ཅད་མཁྱེན་པ་འདི་ལ་འགལ་བ་ཅི་ཞིག་ཡོད་དེ་མེད་པར་ཐལ། ཁྱོད་ཀྱང་ཡིན་ལ་ཐམས་ཅད་མཁྱེན་པར་ཡང་འགྱུར་མོད་དེ་དེའི་ཕྱིར། གལ་ཏེ་འགྲོ་བ་འདིར་བློ་དང་མིག་ཞན་པ་རྒྱང་འཕེན་པ་ཁྱོད་ཀྱིས་མ་དམིགས་པའི་དོན་སྤོང་ན། འོ་ན་རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱི་ཕའི་ཐ་སྙད་འཇུག་པ་ཉིད་ཀྱི་རྒྱུ་མཚན་མ་ལ་མངལ་བཞག་པ་ལྡོག་པར་ཐལ། མ་ལ་མངལ་བཞག་པ་ཁྱོད་ཀྱི་དབང་མངོན་གྱིས་མ་དམིགས་པའི་ཕྱིར། འདོད་ན། ཁྱོད་ཉམས་པར་འགྱུར། སྨྲ་བ་ཆོས་ཅན། ཁྱོད་དང་ཐམས་ཅད་མཁྱེན་པ་འགལ་བ་མ་ཡིན་ཐལ། ཁྱོད་དང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་ཚུན་སྤངས་འགལ་དང་ལྷན་ཅིག་མི་གནས་པའི་འགལ་བ་རྣམ་པ་གཉིས་ཀ་ཡང་འཇུག་པ་མེད་པའི་ཕྱིར་རོ། །འདི་ཕྱོགས་སྔར་འཆད་ཀྱང་ས་སྐྱ་པས་རང་གཞུང་དུ་བྱས་པ་འཐད་དོ། །རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་མ་མཐོང་དུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་སྨྲ་བ་མིན་ནོ་ཞེས་བྱ་བའི་ལྡོག་པ་ནི་མི་འགྲུབ་སྟེ། ཐམས་ཅད་མཁྱེན་པ་སྨྲ་མི་སྨྲ་ཐེ་ཚོམ་ཟ་བའི་ཕྱིར། ཐམས་ཅད་མཁྱེན་པ་སྨྲ་བ་ལ་གནོད་པར་བྱེད་པ་ཡོད་ན་ནི། གཞན་ངག་སྨྲ་བ་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་མེད་པར་ངེས་པར་བྱེད་པར་རིགས་ནའང༌། རྒྱང་འཕེན་པ་ཆོས་ཅན། ཚིག་གིས་ངག་སྨྲ་ཕ་རོལ་པོ་ལ་ཐམས་ཅད་མཁྱེན་པ་འགོག་པར་མི་རིགས་པར་ཐལ། ཐམས་ཅད་མཁྱེན་པ་སྨྲ་བ་ལ་གནོད་བྱེད་མེད་པའི་ཕྱིར། སྨྲ་བ་ཉིད་གནོད་བྱེད་ཡིན་ནོ་ཞེ་ན། སྨྲ་བ་ཆོས་ཅན། ཁྱོད་ཐམས་ཅད་མཁྱེན་པ་ལ་གནོད་པར་ནི་རྒྱང་འཕེན་པའི་དབང་པོའི་མངོན་སུམ་གྱིས་ཤེས་པར་སླ་བ་མིན་ཏེ། ཁྱོད་ཐམས་ཅད་མཁྱེན་པ་དང་མཚན་ཉིད་མི་འགལ་བའི་ཕྱིར་དང༌། ཐམས་ཅད་མཁྱེན་པ་རྒྱང་འཕེན་པའི་དབང་པོའི་ཡུལ་ལས་འདས་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་སྨྲ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་བྱ་བའི་ཁྱབ་པ་མ་གྲུབ་བོ། །སྐྱེས་བུ་ཐ་མལ་པ་ཆོས་ཅན། སྨྲ་བ་ཐམས་ཅད་མཁྱེན་མིན་དུ་ཁྱོད་ཀྱི་མངོན་སུམ་གྱིས་མི་རྟོགས་ཏེ། ཁྱོད་ཀྱི་མངོན་སུམ་གྱིས་སྨྲ་བ་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡོངས་སུ་བཅད་པ་ཡང་མི་ནུས་པའི་ཕྱིར་རོ། །རྟགས་མ་གྲུབ་ན། སོ་སྐྱེ་ཐ་མལ་པ་དེ་ཉིད་ཆོས་ཅན། ཐམས་ཅད་མཁྱེན་པར་འགྱུར་བར་ཐལ། སྨྲ་བ་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡོངས་སུ་གཅོད་པར་ནུས་པ་དེ་ལྟ་ནའོ། །འདོད་ན། ཐམས་ཅད་མཁྱེན་པ་དགག་པར་རིགས་པ་མ་ཡིན་ནོ། །ཚིག་དང་ཐམས་ཅད་མཁྱེན་མིན་ལྷན་ཅིག་ཏུ་བདག་ཉིད་ལ་རང་གིས་རིག་པ་དེས་གཞན་ལ་ཡང་དེ་ལྟར་དུ་ཡོངས་སུ་གཅོད་ཅེ་ན། གལ་ཏེ་དེ་ལྟར་འདོད་ན། ངག་སྨྲའི་སྔོ་བསང་དཀར་ཤམ་དུ་ཧ་ཅང་ཐལ་བར་འགྱུར་བ་མ་ཡིན་ནམ་སྟེ་ཡིན་པར་ཐལ། དེ་ལྟར་བདག་ལ་ངག་དང་དཀར་ཤམ་ལྷན་ཅིག་ཏུ་མཐོང་བ་གཞན་ལ་གྲུབ་པའི་ཕྱིར། སྔོ་བསངས་སུ་མཐོང་བ་དང་འགལ་བས་དཀར་ཤམ་དུ་མི་བསྒྲུབ་བོ་ཞེ་ན། སྔོ་བསངས་དཀར་ཤམ་ཅི་སྟེ་བསྒྲུབ་པར་ཐལ། བདག་ལ་མཐོང་བ་གཞན་ལ་སྒྲུབ་པར་རིགས་པ་མཚུངས་པའི་ཕྱིར། ཡང་ན། བདག་ལ་ཚིག་དང་ཐམས་ཅད་མཁྱེན་མིན་ལྷན་ཅིག་ཏུ་མཐོང་བས་ཚིག་གིས་ངག་སྨྲ་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་བསྒྲུབ་པ་དེ་རིགས་པ་མིན་པར་ཐལ། བདག་ལ་མཐོང་བ་གཞན་ལ་བསྒྲུབ་པའི་མཚན་ཉིད་དང་ལྡན་པའི་ཚིག་གིས་སྔོ་བསངས་དཀར་ཤམ་དུ་བསྒྲུབ་པ་ལ་གནོད་པ་སྲིད་པའི་ཕྱིར་རོ། །བདག་ལ་མཐོང་བ་ཙམ་གྱིས་ནི་བསྒྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མི་མཐུན་ཕྱོགས་ལས་ལྡོག་པ་ལས་ཀྱང་ཡིན་ཏེ། དེས་ན་ཚིག་གིས་སྔོ་བསངས་དཀར་ཤམ་དུ་བསྒྲུབ་པ་ལ་དེ་མེད་པའི་ཕྱིར་གཞན་སྔོ་བསངས་དཀར་ཤམ་དུ་མི་བསྒྲུབ་བོ་ཞེ་ན། ཚིག་ཆོས་ཅན། ངག་སྨྲ་བ་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཁྱོད་ངག་སྨྲ་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་བསྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པར་མ་གྲུབ་པར་ཚིག་གིས་སྔོ་བསངས་དཀར་ཤམ་དུ་བསྒྲུབ་པ་དང་མཚུངས་པའི་ཕྱིར། སྔོ་བསངས་དཀར་ཤམ་དུ་བསྒྲུབ་པའི་མི་མཐུན་ཕྱོགས་ལ་ཞུགས་པ་དང་ཁྱོད་ངག་སྨྲ་བ་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་བསྒྲུབ་པའི་མི་མཐུན་ཕྱོགས་དེར་ཡོད་མེད་ཐེ་ཚོམ་ཟ་བ་སྟེ་སྲིད་པ་དག་གིས་སོ། །སྔོ་བསངས་དེ་དག་ནི་ཆོས་ཅན། དཀར་ཤམ་དུ་བསྒྲུབ་པར་བྱ་བ་མིན་པར་ཐལ། བདག་ཉིད་བལྟར་རུང་བ་ཉིད་ཀྱིས་དཀར་ཤམ་དང་འགལ་བར་དམིགས་པའི་ཕྱིར། ངག་སྨྲ་བ་ཆོས་ཅན། ཚུར་མཐོང་གི་མངོན་སུམ་གྱིས་ཁྱོད་ཐམས་ཅད་མཁྱེན་པ་དང་འགལ་བར་ངེས་པ་གང་གིས་མི་མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་བསལ་ནས་ངག་སྨྲ་བ་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་མཐའ་གཅིག་ཏུ་ངེས་པར་བྱེད་པའི་རྟགས་ཡང་དག་མིན་པར་ཐལ། རང་གི་མི་མཐུན་པའི་ཕྱོགས་བལྟར་མི་རུང་བའི་ཐམས་ཅད་མཁྱེན་པ་དག་དང་འགལ་བར་ཚུར་མཐོང་གི་མངོན་སུམ་གྱིས་འགྲུབ་པར་མི་འགྱུར་བའི་ཕྱིར། བདག་ཉིད་ལ་མཐོང་བ་གཞན་ལ་བསྒྲུབ་པ་བཀག་ཟིན་ནས་དེ་ལ་བཞད་གད་ཀྱང་མཛད་པ་ནི། བདག་ལ་མཐོང་བ་གཞན་ལ་ཐ་སྙད་བྱེད་པའི་སྐྱེས་བུ་དཔྱོད་པ་བ་འདི་ཆོས་ཅན། རིགས་པ་སློབ་པ་ལ་ངལ་བའི་འབྲས་བུ་ཡོངས་སུ་རྫོགས་པར་འགྲུབ་པར་ཐལ། བུད་མེད་དང་དམངས་རིགས་རྣམས་དང་ཐུན་མོང་བའི་ཁྱད་པར་ཡང་མི་རྟོགས་པའི་ཕྱིར་རོ། །རྟགས་གྲུབ་སྟེ། བདག་ཉིད་ཀྱི་ནང་གི་ཆོས་ཐ་མལ་གཞན་གྱིས་དངོས་སུ་རིག་པར་བྱ་བ་མིན་པ་ཆགས་སྡང་སོགས་འགའ་ཞིག་དང་ལྷན་ཅིག་ཏུ་ལྡན་པར་རིག་པས་ཐམས་ཅད་དུ་ཆོས་དེ་དག་བདག་ལ་ཡོད་པ་བཞིན་དུ་གཞན་ལ་ཡང་དེ་ཉེ་བར་བསྒྲུབས་སོ། །བདག་ལ་མཐོང་བ་གཞན་ལ་བསྒྲུབ་ན་སྐྱོན་དེ་རྣམས་ཡོད་པ་དེའི་ཕྱིར། རྒྱང་འཕེན་པ་ཆོས་ཅན། བདག་ལ་ཚིག་དང་ཐམས་ཅད་མཁྱེན་མིན་ལྷན་ཅིག་ཏུ་མཐོང་བ་ཙམ་གྱིས་ནི་ཚིག་གིས་ངག་སྨྲ་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་ཉེ་བར་བསྒྲུབ་པ་རིགས་པ་མིན་ཏེ། དེ་ཙམ་གྱིས་ཁྱབ་པ་འགྲུབ་པ་མིན་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །སྔར་བཤད་པའི་སྣང་རུང་མ་དམིགས་པའི་མཚན་ཉིད་ཆོས་ཅན། ཁྱོད་ཀྱིས་དགག་བྱ་འགོག་པར་བསྟན་པ་ལ་དགོས་པ་ཡོད་དེ། ཁྱོད་གྱིས་དགག་བྱ་འགོག་པར་བསྟན་པའི་ཤུགས་ལས་ཀྱང་ངག་སྨྲ་བས་ཀུན་མཁྱེན་མིན་པ་འདི་འདྲ་བའི་སྦྱོར་བ་རྣམས་ཐེ་ཚོམ་གྱི་རྒྱུ་ཡིན་པར་རྟོགས་པར་བྱ་བ་ཡིན་པའི་ཕྱིར། སྨྲ་བས་ཕ་རོལ་པོ་ཐམས་ཅད་མཁྱེན་མིན་དུ་བསྒྲུབ་པའི་ཁྱབ་པ་འཁྲུལ་བར་བསྟན་ནས། ཆགས་ལྡན་དུ་བསྒྲུབ་པ་ཡང་ཁྱབ་པ་འཁྲུལ་བར་བསྟན་པ་ནི། ཚིག་ཆོས་ཅན། རྗེས་སུ་དཔག་པ་རྟགས་ཀྱི་མཚན་ཉིད་ལྡན་པའི་ཤུགས་ཀྱིས་ཁྱོད་ལས་ངག་སྨྲ་ཕ་རོལ་པོ་འདོད་ཆགས་དང་ལྡན་པ་ཡང་མི་རྟོག་པར་རིག་པར་བྱ་སྟེ། འདོད་ཆགས་ལ་འབྲེལ་བ་མེད་པའི་ཕྱིར་རོ། །དེར་ཐལ། འདོད་ཆགས་ལས་དོན་གཞན་འདོད་ཆགས་དང་དེ་བྱུང་དུ་མ་འབྲེལ་བའི་ཕྱིར། རྟགས་གྲུབ་སྟེ། འདོད་ཆགས་མེད་ན་ཚིག་མེད་དོ་ཞེས་པའི་ལྡོག་པ་ངེས་པ་ནི་མེད་པའི་ཕྱིར། སྨྲ་བ་པོ་ཆགས་པ་ན་ཚིག་འབྱུང་བས་ཚིག་འདོད་ཆགས་ཀྱི་འབྲས་བུར་འགྲུབ་པའི་ཕྱིར་ལྡོག་པ་ངེས་སོ་ཞེ་ན། མཆུ་གཡོ་བ་དང་ཚིག་སྨྲ་བ་དང་བཞིན་འགྱུར་བ་ནི་ཆོས་ཅན། འདོད་ཆགས་དང་སོགས་པ་ཞེ་སྡང་ལ་སོགས་པ་ཉིད་ཀྱི་འབྲས་བུ་མིན་ཏེ། བརྗོད་པར་འདོད་པ་སྤྱིའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །བརྗོད་འདོད་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། ཚིག་ཆོས་ཅན། བརྗོད་འདོད་ཀྱི་འབྲས་བུར་ཁས་བླངས་པ་ལ་སྐྱོན་མེད་པར་ཐལ། འདོད་ཆགས་ཀྱི་འབྲས་བུར་འདོད་ཅིང་འཐད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་མེད་ན་བརྗོད་འདོད་ཉིད་འདོད་ཆགས་ཡིན་པ་བུད། ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གིར་སྲེད་པའི་ལྷན་སྐྱེས་ཀྱི་བློ་ནི་ཆོས་ཅན། འདོད་ཆགས་ཞེས་བརྗོད་དེ། རྟག་པ་དང་བདེ་བ་དང་བདག་དང་བདག་གིར་ལྟ་བས་འཕངས་པ་ཟག་པ་དང་བཅས་པའི་ཆོས་ཀྱི་ཡུལ་ཅན་ཡང་དག་པ་མིན་པའི་ཡོན་ཏན་ལ་མངོན་པར་དགའ་བའི་སེམས་བྱུང་ཡིན་པའི་ཕྱིར་རོ། །ལྷས་སྦྱིན་གྱི་མནར་སེམས་ནི་ཆོས་ཅན། ཞེ་སྡང་ཡིན་ཏེ། དགའ་བ་དེའི་ཡུལ་དང་མི་མཐུན་པ་མཐོང་བ་དེས་རྐྱེན་བྱས་པའི་སེམས་ཀྱི་འཁྲུག་པ་ཡིན་པའི་ཕྱིར། ལྷས་སྦྱིན་གྱི་ཆགས་སྡང་གཉིས་ཀའི་སྔོན་དུ་འགྲོ་བ་ཅན་གྱི་རྟེན་ཕྱིན་ཅི་ལོག་དེ་ཉིད་ནི་ཆོས་ཅན། གཏི་མུག་ཡིན་ཏེ། ཆགས་སྡང་གཉིས་ཀའི་རྟེན་དུ་གྱུར་པའི་རྨོངས་པ་ཡིན་པའི་ཕྱིར། སྙིང་རྗེ་དང་བྱམས་པ་ལ་སོགས་པ་ནི་ཆོས་ཅན། བདག་ལྟ་སྔོན་དུ་འགྲོ་བ་ཅན་དེ་ལྟ་བུ་མིན་ཏེ། གཞན་དུ་བདག་ལྟ་མེད་པར་ཡང་འཇུག་པ་སྲིད་པའི་ཕྱིར། ཞེས་རྣམ་འགྲེལ་དུ་བཤད་ཟིན་ཏོ། དེས་ན་ཤེས་བྱ་ཆོས་ཅན། ཚིག་ཙམ་ལས་ངག་སྨྲ་ཕ་རོལ་པོ་འདོད་ཆགས་དང་བྲལ་བར་མི་རྟོགས་པར་ཐལ། འདོད་ཆགས་ཡོད་མེད་གཉིས་ཡོད་པ་དེ་ལ་ཇི་ལྟར་འདོད་ཆགས་དང་བཅས་པ་སྨྲ་བ་ལྟར་འདོད་ཆགས་དང་བྲལ་བའི་གང་ཟག་ཀྱང་སྨྲ་བ་སྲིད་པས་སོ། །ཁྱད་པར་འཁྲིག་ཚིག་ལྟ་བུ་རྟགས་ཡིན་ནོ་ཞེ་ན། ཁྱད་པར་འཁྲིག་ཚིག་ཆོས་ཅན། ཁྱོད་ངག་སྨྲ་ཕ་རོལ་པོ་ཆགས་ལྡན་དུ་རྟོགས་བྱེད་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་ཆགས་ལ་འཁྲུལ་པའི་ཕྱིར། ཐམས་ཅད་ཅེས་པ་ནི་སྤྱི་དང་ཁྱད་པར་གྱི་ཚིག་ཐམས་ཅད་འཁྲུལ་ཞེས་པའི་དོན་ནོ། །མ་གྲུབ་ན། དེར་ཐལ། ཁྱོད་ཡོད་པ་ལ་འདོད་ཆགས་ཡོད་པའི་ཁྱབ་པ་འཆོལ་བས་སོ། །ཆགས་བྲལ་མི་སྨྲའོ་ཞེ་ན། ཚུར་མཐོང་ཆོས་ཅན། ཆགས་བྲལ་མི་སྨྲ་བར་ཁྱོད་ཀྱི་ཚད་མས་ངེས་པ་མིན་པར་ཐལ། ཆགས་བྲལ་གྱི་བསམ་པ་ཁྱོད་ཀྱིས་རྟོགས་པར་དཀའ་བའི་ཕྱིར་རོ། །དགོས་པ་མེད་པའི་ཕྱིར་མི་སྨྲའོ་ཞེ་ན། ཆགས་བྲལ་གྱི་སྐྱེས་བུ་ཆོས་ཅན། སྨྲ་བ་ལ་དགོས་པ་མེད་པ་མ་ཡིན་ཏེ། གཞན་དོན་དུ་སྨྲ་བ་ཡིན་པའི་ཕྱིར། འདོད་ཆགས་དང་བྲལ་བའི་ཕྱིར་སྨྲ་བ་མི་འཐད་དོ་ཞེ་ན། ཁྱོད་འདོད་ཆགས་དང་བྲལ་བས་སྨྲ་བ་མི་འཐད་པ་མ་ཡིན་ཏེ། སྙིང་རྗེས་ཀྱང་གཞན་དོན་དུ་སྨྲ་བ་ལ་འཇུག་པའི་ཕྱིར། སྙིང་རྗེ་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། སྙིང་རྗེ་ཆོས་ཅན། ཁྱོད་ལ་འདོད་ཆགས་ཀྱི་མིང་གདགས་སུ་རུང་བར་འདོད་པ་མི་དགག་སྟེ། ཁྱོད་དང་འདོད་ཆགས་ཡུལ་མི་འདོར་བར་མཚུངས་པའི་ཕྱིར། རང་བཞིན་ཐ་དད་དེ་འདི་ལྟར། འདོད་ཆགས་ཆོས་ཅན། སྙིང་རྗེ་དང་རང་བཞིན་ཐ་དད་དེ། མི་སྡུག་པ་སོགས་ལ་སྡུག་པ་སོགས་སུ་སྒྲོ་བཏགས་ནས་མངོན་པར་དགའ་བའི་ཡོན་ཏན་འཁོར་བར་ཉིང་མཚམས་འབྲེལ་བར་བྱེད་པའི་ཕྱིར། ཕྱིན་ཅི་ལོག་སྲེད་པས་སྐྱེ་བ་འཛིན་པ་དེ་ཉིད་ཀྱི་ཕྱིར་ཆགས་བྲལ་གྱི་སྙིང་རྗེ་དེ་ཉིད་ནི་ཆོས་ཅན། འཁོར་བའི་རྒྱུ་འདོད་ཆགས་ཡིན་པའི་སྐྱོན་མེད་དེ། རང་རྒྱུ་ཕྱིན་ཅི་མ་ལོག་པ་བདག་མེད་རྟོགས་པ་ལས་བྱུང་བའི་ཕྱིར། ཆགས་བྲལ་གྱི་སྙིང་རྗེ་ཡང་བདག་གིས་སྡུག་བསྔལ་ལས་བསྒྲལ་བར་བྱའོ་ཞེས་བདག་ཏུ་མངོན་པར་ཞེན་པ་ལས་སྐྱེའོ་ཞེ་ན། ཆགས་བྲལ་གྱི་སྙིང་རྗེ་ནི་ཆོས་ཅན། བདག་འཛིན་ལས་སྐྱེ་བ་མ་ཡིན་པར་ཐལ། བདག་འཛིན་མེད་ཀྱང་སྡུག་བསྔལ་གྱི་ཁྱད་པར་འདུ་བྱེད་ཀྱི་སྡུག་བསྔལ་ལ་སོགས་མཐོང་བ་ཙམ་གྱིས་གོམས་པའི་སྟོབས་ལས་སྐྱེ་བ་ཡིན་པའི་ཕྱིར། རིགས་པ་ཙམ་གྱིས་རང་འདོད་སྨྲ་བ་ཡང་མིན་ཏེ། འདི་ལྟར་མདོ་ལས་སོ་སྐྱེའི་བྱམས་སོགས་ཚད་མེད་བཞི་ནི་སེམས་ཅན་ལ་དམིགས་པར་བསྟན་ཏོ། །སོགས་པ་ཉན་རང་དགྲ་བཅོམ་པའི་ཆོས་ལ་དམིགས་པ་དང༌། སངས་རྒྱས་རྣམས་ཀྱི་ནི་དམིགས་པ་མེད་པའི་ཚད་མེད་དུ་བསྟན་ཏོ། །སེམས་ཅན་ལ་དམིགས་པ་ནི་སོ་སྐྱེས་གོམས་པར་བྱས་ན་ཆོས་ལ་དམིགས་པ་ནི་གོམས་བྱེད་མེད་པས་གོམས་སྟོབས་ལས་སྐྱེ་བ་མི་འཐད་དོ་ཞེ་ན། ཆོས་ལ་དམིགས་པའི་སྙིང་རྗེ་སོགས་དེ་དག་ཀྱང་ཆོས་ཅན། གོམས་སྟོབས་ལས་སྐྱེ་བ་མི་འགལ་ཏེ། རང་གི་རིགས་མཐུན་རིགས་འདྲ་སྔ་མ་དང་སྔ་མ་གོམས་པ་ལས་ཕྱི་མ་ཕྱི་མ་རྗེས་སུ་འཇུག་པ་ཅན་ཡིན་པའི་ཕྱིར། འདོད་ཆགས་ཀྱང་བདག་ལྟ་མེད་པར་གོམས་སྟོབས་ལས་སྐྱེ་ཞེ་ན། འདོད་ཆགས་ལ་སོགས་པ་ནི་ཆོས་ཅན། བདག་ལྟ་མེད་པར་གོམས་སྟོབས་ཙམ་ལས་སྐྱེ་བ་དེ་ལྟ་མིན་ཏེ། རང་རྒྱུ་ཕྱིན་ཅི་ལོག་བདག་འཛིན་མེད་ན་ཁྱོད་མེད་པའི་ཕྱིར་རོ། །ཆགས་བྲལ་གྱི་སྙིང་རྗེ་དང་ལྡན་པ་ཅན་གྱི་བྱམས་སེམས་ཀྱིས་གཞན་དོན་རྩོམ་པ་ཆོས་ཅན། ཕྱིན་ཅི་ལོག་ལས་བྱུང་བ་ཡིན་ཏེ། སྐད་ཅིག་མ་ཡིན་ན་མི་གནས་པས་འབྲས་བུ་མེད་ལ་བདག་ལ་ཡུན་རིང་དུ་གནས་པ་གཞན་དོན་གྱི་འབྲས་བུ་མེད་ལ་བདག་ལ་ཐོབ་པར་མཐོང་ནས་ཁྱོད་འཇུག་པས་སོ་ཞེ་ན། གཞན་དོན་བྱེད་པའི་རྩོལ་བ་ཆོས་ཅན། སྐད་ཅིག་མ་ཡིན་ན་འབྲས་བུ་མེད་པ་མིན་ཏེ། ཁྱོད་སྐད་ཅིག་མ་ཡིན་ཡང་ཁྱོད་ལས་གཞན་དོན་གྲུབ་པ་ཉིད་ཁྱོད་ཀྱི་འབྲས་བུ་ཉིད་དུ་འདོད་པར་རིགས་པའི་ཕྱིར། རྟགས་གྲུབ་སྟེ། གཞན་དོན་བྱེད་པའི་འབྲས་བུ་ཡི་མཚན་ཉིད་ནི་གཞན་གྱི་འདོད་དོན་གྲུབ་པ་དེ་ཡིན་པའི་ཕྱིར་རོ། །སྨྲ་བ་པོ་བདག་ཉིད་ལ་ཚིག་དང་འདོད་ཆགས་ལ་སོགས་པ་ལྷན་ཅིག་ཏུ་མཐོང་བས་གཞན་ལ་ཚིག་གིས་འདོད་ཆགས་དེ་རྗེས་སུ་དཔོག་ན། སྐྱེས་བུ་འགའ་ཞིག་ཆོས་ཅན། སྨྲ་བས་སྨྲ་བའི་སྐྱེས་བུ་སྔོ་བསངས་དཀར་ཤམ་དུ་དཔོག་པར་ཧ་ཅང་ཐལ་བར་འགྱུར་ཏེ། རང་ལ་སྨྲ་བ་དང་དཀར་ཤམ་ལྷན་ཅིག་ཏུ་མཐོང་བས་སོ་ཞེས་བཤད་ཟིན་ཏོ། །ཚིག་དཀར་ཤམ་ལ་འཁྲུལ་བའི་ཕྱིར་གཞན་དཀར་ཤམ་དུ་རྗེས་སུ་མི་དཔོག་ཅེ་ན། ཚིག་ཆོས་ཅན། ངག་སྨྲ་བ་ཕ་རོལ་པོ་ཆགས་ལྡན་དུ་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཁྱོད་ཀྱིས་ངག་སྨྲ་ཕ་རོལ་པོ་ཆགས་ལྡན་དུ་བསྒྲུབ་པ་འདི་ལ་ཁྱབ་པ་མི་འཁྲུལ་ལོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད་དེ་མེད་པ་ཡིན་པའི་ཕྱིར། མ་མཐོང་བས་ལྡོག་པ་ངེས་སོ་ཞེ་ན། དེ་ལ་ལན་ཞུགས་པ་དང་དེར་ཐེ་ཚོམ་ཟ་བ་དག་གིས་ཞེས་སོགས་སུ་བརྗོད་ཟིན་ཏོ། །ཚུ་རོལ་མཐོང་བ་འདིའི་མངོན་སུམ་གྱིས་བལྟར་རུང་བའི་བདག་ཉིད་ངག་སྨྲ་དང་དཀར་ཤམ་དག་ཆོས་ཅན། ལྷན་ཅིག་ཏུ་འགྱུར་བ་མཐོང་སྲིད་དེ། མི་འགལ་བའི་དངོས་པོ་ཡིན་པའི་ཕྱིར། སྔོ་བསངས་དང་དཀར་ཤམ་ཆོས་ཅན། གཞི་མཐུན་དེ་ལྟ་མིན་པར་མཐོང་སྟེ། འགལ་བའི་དངོས་པོར་བལྟར་རུང་བའི་བདག་ཉིད་ཡིན་པའི་ཕྱིར། མཐའ་གཅིག་ཏུ་ངེས་པར་ལྐོག་ཏུ་གྱུར་པའི་དོན་ཆགས་བྲལ་གྱི་བློ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འདོད་ཆགས་འབྱུང་བ་མེད་པར་ནི་ཐ་མལ་གྱིས་ངེས་པ་མིན་ཏེ། ཁྱོད་ཀྱི་རིགས་འདྲ་ཆགས་ཅན་གྱི་རྒྱུད་ལ་འབྱུང་སྲིད་པའི་ཕྱིར། རང་གི་ཚིག་དང་འདོད་ཆགས་ལྷན་ཅིག་ཏུ་མཐོང་བས་ངག་སྨྲ་ཕ་རོལ་པོ་ཆགས་ལྡན་དུ་དཔོག་མི་ནུས་པ་དེའི་ཕྱིར། ཚིག་གིས་ནི་ཆོས་ཅན། ངག་སྨྲ་ཕ་རོལ་པོ་ལ་རང་རྒྱུ་བྱེད་པའི་ཡོན་ཏན་དང་བརྗོད་པར་འདོད་པ་ཉིད་རྗེས་སུ་དཔོག་པར་བྱེད་དེ། དེ་བསྒྲུབ་ཀྱི་ཚུལ་གསུམ་ཚང་བས་སོ། །ཚིག་གིས་བརྗོད་འདོད་དཔོག་པ་འདིར་ཡང་བདག་ལ་མཐོང་ནས་གཞན་ལ་རྗེས་སུ་དཔོག་པ་མིན་ཞེས་བྱ་བའི་ཐལ་བ་འདི་མཚུངས་སོ་ཞེ་ན། ཚིག་ཆོས་ཅན། ཁྱོད་ཀྱིས་ངག་སྨྲ་ཕ་རོལ་པོ་ལ་བརྗོད་འདོད་དཔོག་པ་འདིར་བདག་ལ་མཐོང་བ་གཞན་ལ་བསྒྲུབ་པར་ཐལ་བའི་སྐྱོན་མཚུངས་པ་མིན་ཏེ། ཁྱོད་རང་རྒྱུ་བརྗོད་འདོད་དང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་བརྗོད་འདོད་ཁྱོད་ཀྱི་རྒྱུ་དང་ཁྱོད་བརྗོད་འདོད་ཀྱི་འབྲས་བུ་ཡི་དངོས་པོ་ཉིད་དུ་གྲུབ་པས་ངག་སྨྲ་གཞན་ལ་བརྗོད་འདོད་འདི་རྗེས་སུ་དཔོག་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཚིག་ནི་ཆོས་ཅན། མི་སྡུག་པ་ལ་དགའ་བ་དང་ཕྱིན་ཅི་ལོག་བདག་ལྟ་དང་ཚིག་དང་བརྗོད་འདོད་དེ་ལྟར་དུ་རྒྱུ་འབྲས་སུ་གྲུབ་པ་ཡིན་ཏེ། བདག་ཉིད་ལ་གཞན་བདག་ལྟ་དང་ཆགས་པ་མངོན་གྱུར་པ་མེད་པའི་ཚེ་ཡང་ཁྱོད་འབྱུང་བར་མཐོང་བའི་ཕྱིར། འདོད་ཆགས་བསྐྱེད་པར་རུང་བ་ཉིད་དང་བྲལ་བ་ལ་ཚིག་མ་མཐོང་བའི་ཕྱིར་འདོད་ཆགས་བསྐྱེད་རུང་དེ་རྗེས་སུ་དཔོག་ཅེ་ན། འདོད་ཆགས་བསྐྱེད་རུང་ཁྱོད་ཀྱི་རྒྱུ་དང་ཁྱོད་འདོད་ཆགས་བསྐྱེད་རུང་གི་འབྲས་བུ་ཉིད་དུ་མི་གྲུབ་པར་ཐལ། འདོད་ཆགས་བསྐྱེད་རུང་ལྡོག་ན་ཁྱོད་ལྡོག་པ་མ་གྲུབ་པའི་ཕྱིར། སེམས་པ་མེད་པ་ལྡོག་པའི་ཡུལ་ཡིན་ནོ་ཞེ་ན། ལྡོག་པ་ཆོས་ཅན། ཁྱོད་ལ་འདོད་ཆགས་བསྐྱེད་རུང་དང་ཚིག་མེད་པ་རྣམ་པ་འདི་ལྟ་བུའི་ལྡོག་པས་ནི་འདོད་ཆགས་བསྐྱེད་རུང་ཚིག་གི་རྒྱུའི་ནུས་པ་ཅན་དུ་མི་འགྲུབ་པར་ཐལ། ཁྱོད་ལ་ཚིག་གི་རྒྱུ་གཞན་ཡོད་བཞིན་དུ་ཆགས་པ་སྐྱེ་རུང་ལྡོག་པས་ཚིག་ལྡོག་པ་མིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཤེས་པར་བྱ་བའི་ནུས་པ་གཅིག་པོ་དེ་ལས་གཞན་པའི་རྒྱུའི་ནུས་པ་དག་ཡོད་པ་ན་ནུས་པ་གཅིག་པོ་མེད་ན་འབྲས་བུ་མི་སྐྱེ་བས་རྒྱུ་གཞན་རྗེས་སུ་དཔོག་པར་བྱེད་པའི་ཕྱིར། རྩ་བའི་རྟགས་མ་གྲུབ་ན། སེམས་པ་མེད་པའི་རྡོ་བ་དག་ཆོས་ཅན། ཁྱོད་ལ་ཚིག་གི་རྒྱུ་གཞན་ཡོད་བཞིན་དུ་ཆགས་པ་སྐྱེ་རུང་ལྡོག་པས་ཚིག་ལྡོག་པ་རྣམ་པ་འདི་ལྟ་བུའི་ལྡོག་པ་ནི་མི་སྲིད་དེ། ཁྱོད་ལ་ནི་སེམས་པ་བརྗོད་འདོད་དང་བྱེད་པའི་ཡོན་ཏན་ལ་སོགས་པའི་ཚིག་བསྐྱེད་པར་ནུས་པ་མཐོང་བའི་རྒྱུ་ཉིད་མེད་པའི་ཕྱིར། དེས་ན་ཆགས་པ་བསྐྱེད་རུང་ལྡོག་པས་ཚིག་ལྡོག་པར་ཐེ་ཚོམ་ཟ་བའོ། །འདོད་ཆགས་ཀྱིས་ཕན་མི་འདོགས་ཀྱང་དེའི་ནུས་པས་ཕན་འདོགས་ཤེ་ན། ཚིག་ཆོས་ཅན། འདོད་ཆགས་དེའི་ནུས་པས་ཁྱོད་ལ་ཇི་ལྟར་ཕན་འདོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། འདོད་ཆགས་ཀྱིས་ཁྱོད་ལ་ཕན་མི་འདོགས་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། རང་གི་ངོ་བོའི་ཡོན་ཏན་སྐྱེད་བྱེད་ཀྱི་ནུས་པ་ལ་ནི་ཉེ་བར་བརྟགས་པའི་ཕྱིར་རོ། །འདོད་ཆགས་སྐྱེད་བྱེད་ཀྱི་ནུས་པས་བརྒྱུད་ནས་ཕན་འདོགས་ཤེ་ན། ཚིག་གང་ཡིན་པ་དེ་ལ་ཆོས་ཅན། ཆགས་པ་སྐྱེད་བྱེད་ཀྱི་ནུས་པས་ཁྱོད་ལ་བརྒྱུད་ནས་ཕན་འདོགས་ནུས་པ་མིན་པར་ཐལ། འདོད་ཆགས་ཀྱི་ནུས་པ་དེས་ཁྱོད་ལ་ཕན་འདོགས་མི་ནུས་པའི་ཕྱིར། ཆོས་མཆོག་སོགས་དང་འཆད་ཚུལ་ཅུང་མི་འདྲ་བ་ཡང་ཆོས་ཀྱི་གྲགས་པའི་དགོངས་པ་འདི་ཁོ་ནར་ངེས་སོ། །ལྡོག་པ་མ་ངེས་ན་རྒྱུ་འབྲས་སུ་མི་ངེས་པ་དེ་བས་ན། བརྗོད་འདོད་མེད་ན་མི་འབྱུང་བའི་བརྗོད་འདོད་ཀྱི་འབྲས་བུའི་ཚིག་ཆོས་ཅན། ཁྱོད་ཁོ་ནས་ངག་སྨྲ་ཕ་རོལ་པོ་ལ་རྒྱུ་བརྗོད་འདོད་རྗེས་སུ་དཔོག་པར་བྱེད་དེ། དེ་བསྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་བརྗོད་འདོད་དེར་འབྲེལ་བའི་ཕྱིར་རོ། །ཁོ་ནའི་གཅད་བྱ་ནི་འདོད་ཆགས་བསྐྱེད་ནུས་ལ་འབྲེལ་བ་ལས་གཞན་མ་འབྲེལ་བའི་ཚིག་ནི་ཆོས་ཅན། ངག་སྨྲ་ཕ་རོལ་ལ་འདོད་ཆགས་བསྐྱེད་རུང་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཚུར་མཐོང་གིས་མི་མཐུན་ཕྱོགས་ལ་མ་མཐོང་ཡང་དེ་བསྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་སྲིད་པས་སོ། །གང་གིས་མི་དམིགས་ན་མེད་པར་འགྲུབ་ཅེ་ན། ཤེས་བྱ་ཐམས་ཅད་གཟིགས་པའི་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་གཟིགས་པ་ལོག་པས་ནི་ཐམས་ཅད་དུ་མེད་པ་གོ་བར་བྱེད་དེ། ཡོད་མེད་ཁྱོད་ཀྱིས་དམིགས་དགོས་པའི་ཕྱིར། དཔྱོད་པ་པ་ཆོས་ཅན། ཤེས་པ་འགའ་ཞིག་ཆགས་པ་བསྐྱེད་རུང་དུ་མཐོང་བས་ཤེས་པ་ཐམས་ཅད་འདོད་ཆགས་བསྐྱེད་རུང་ཡིན་པས་མ་ཁྱབ་པར་ཐལ། བདག་མེད་གོམས་པའི་མཐུ་ལས་ཆགས་བྲལ་གྱི་བློ་སྐྱེ་བ་སྲིད་པས་སོ། །ཁྱབ་པ་ཡོད་དེ། ཡུལ་དུས་ལ་ལ་ན་སྐྱུ་རུ་ར་རོ་བསྐ་བ་དང་འབྲས་བུ་ཆུང་ངུར་དེ་ལྟར་མཐོང་བ་རྣམས་ཀྱང་ཡུལ་དང་དུས་དང་འདུ་བྱའི་ཁྱད་པར་ལས་གཞན་དུ་རོ་མངར་བ་དང་འབྲས་བུ་ཆེ་བར་སྣང་བའི་ཕྱིར་ཏེ། དཔེར་ན་སྐྱུ་རུ་རའི་ཤིང་དག་འོ་མས་བཅུས་ན་འབྲས་བུ་མངར་པོར་འཆགས་ལ་ཕལ་ཆེར་ནི་མངར་པོ་དེ་ལྟར་མི་སྣང་བ་ལྟ་བུའོ། །གཞན་དུ་མཐོང་ཡང་རྒྱུའི་སྟོབས་ཀྱིས་གཞན་དུ་འགྱུར་བ་དེ་བས་ན། འདི་སྐད་དུ། ཆགས་ལྡན་གྱི་ངག་སྨྲ་བ་གཞན་ནི་ཆོས་ཅན། འདོད་ཆགས་ཅན་ཡིན་ཏེ། འདོད་ཆགས་སྐྱེ་བའི་རྐྱེན་གྱི་ཁྱད་པར་བདག་ཏུ་ལྟ་བ་དང་ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པ་དང་ལྡན་པའི་ཕྱིར། སྨྲ་བའི་གང་ཟག་བདག་ལྟ་བུའོ་ཞེས་བརྗོད་པ་ཡིན་ན་རིགས་པ་ཡིན་ནོ། །རྟགས་འདི་ཉིད་ཆགས་པ་སྐྱེ་རུང་གོ་བྱེད་ཡིན་ཞེ་ན། ངག་སྨྲ་ཕ་རོལ་ཆགས་ལྡན་དུ་བསྒྲུབ་པ་ལ་ངག་སྨྲ་བའི་ཕྱིར་ཞེས་པའི་རྟགས་ཀྱི་དཔེར་བརྗོད་པ་དོན་མེད་པར་ཐལ། ཚུལ་མིན་ཡིད་བྱེད་འདི་ཉིད་ངག་སྨྲ་བ་ཕ་རོལ་པོ་ཆགས་ལྡན་དུ་བསྒྲུབ་པའི་གཏན་ཚིགས་ཡིན་པ་དེའི་ཚེའོ། །ཤ་བྲམ་ཟེ་འོ། །མ་མཐོང་ཙམ་རྟགས་མིན་པ་དེའི་ཕྱིར་ངག་སྨྲ་འདི་ཆོས་ཅན། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱི་ངག་སྨྲ་གཞན་ཆགས་ལྡན་དུ་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། དེ་བསྒྲུབ་ཀྱི་ལྡོག་པ་ལ་ཐེ་ཚོམ་ཟ་བའི་རྟགས་ཡིན་པའི་ཕྱིར། ཡང་གི་སྒྲ་ནི་ཐམས་ཅད་མཁྱེན་མིན་དུ་མ་ཟད་ཅེས་པའི་དོན་ནོ། །དེ་བས་ན་ལྡོག་པའི་ཚུལ་གཅིག་ལ་ཐེ་ཚོམ་ཟ་བའི་ཕྱིར་ངག་སྨྲའི་རྟགས་འདི་ཐམས་ཅད་མཁྱེན་མིན་དུ་མ་ཟད་ཆགས་ལྡན་དུ་བསྒྲུབ་པ་འདི་ལ་ཡང་མ་ངེས་པ་ཉིད་དོ། །དེ་དག་གིས་ནི། །གཅིག་རབ་མ་གྲུབ་ཐེ་ཚོམ་ན། །མ་གྲུབ་པ་དང་འཁྲུལ་པ་ཅན། །ཞེས་པའི་དོན་ལེགས་པར་བཤད་པ་ཡིན་ནོ། །གཉིས་མ་གྲུབ་བམ་ཐེ་ཚོམ་ན། །འགལ་བ་དང་ནི་འཁྲུལ་པ་ཅན་ཞེས་པའི་དོན་འཆད་པ་ལ། དང་པོ་གཉིས་མ་གྲུབ་ན་འགལ་བ་དང་ཞེས་གསུངས་པའི་དོན་རྒྱས་པར་སྟོན་པ་ནི། དཔེར་ན་དུང་སྒྲ་རྟག་པར་བསྒྲུབ་པ་ལ་བྱས་པ་ཉིད་དང་རྩོལ་བ་ལས་བྱུང་བ་ཉིད་རྟགས་སུ་བཀོད་པ་བཞིན་ནོ། །ཇི་ལྟར་འགལ་བ་ཡིན་ཞེ་ན། བྱས་པ་དང་རྩོལ་བྱུང་དེ་དག་ནི་ཆོས་ཅན། དུང་སྒྲ་རྟག་པར་བསྒྲུབ་པའི་ཁྱབ་པའི་ཚུལ་གཉིས་རྣལ་མར་མ་གྲུབ་པར་ཕྱིན་ཅི་ལོག་ཏུ་གྲུབ་པ་ཡིན་ཏེ། དེ་བསྒྲུབ་ཀྱི་མཐུན་པའི་ཕྱོགས་ལ་མེད་པ་དང་མི་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར། དེས་ན་འགལ་རྟགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དེ་བས་ན་བྱས་པ་དང་རྩོལ་བྱུང་འདི་དག་ཆོས་ཅན། དུང་སྒྲ་རྟག་པར་བསྒྲུབ་པའི་འགལ་བའི་གཏན་ཚིགས་ཡིན་ཏེ། དུང་སྒྲ་རྟག་པར་བསྒྲུབ་པ་ལ་འདོད་སྤྱི་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་པ་ལ་གནོད་པར་བྱེད་པའི་ཕྱིར་འགལ་བ་གསུམ་པ་ཡང་ཡོད་པ་མིན་ནམ། དཔེར་ན་མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་པ་ཡིན་ཏེ། འདུས་པ་ཡིན་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ་ཞེས་པ་ལྟ་བུའོ། །འདུས་བསགས་དེ་ནི་ཆོས་ཅན། མིག་སོགས་བདག་དོན་བྱེད་པར་བསྒྲུབ་པའི་འགལ་བའི་གཏན་ཚིགས་ཡིན་ཏེ། གྲངས་ཅན་གྱི་འདོད་པ་རིམ་དང་ཅིག་ཅར་གྱིས་འདུས་པ་མིན་པ་རྟག་པ་གཅིག་པུ་ལས་ཕྱིན་ཅི་ལོག་ཏུ་གཞན་གྱི་དོན་བྱེད་པ་བསྒྲུབ་པའི་ཕྱིར། འདི་སློབ་དཔོན་གྱིས་བསྟན་ན་རྣམ་འགྲེལ་བྱེད་པ་ཁྱོད་ཀྱིས་དེ་ཅིའི་ཕྱིར་མ་སྨོས་ཞེས་རང་གི་སྡེ་བ་དག་ཟེར་ན། ཞེ་འདོད་ཀྱི་བསྒྲུབ་བྱ་ལ་གནོད་པའི་འགལ་རྟགས་ཆོས་ཅན། ཁྱོད་རང་བཞིན་དང་འབྲས་བུ་ཡི་འགལ་རྟགས་གཉིས་ལས་ལོགས་སུ་མ་སྨོས་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་ཀྱི་ནང་དུ་འདུས་པའི་ཕྱིར། རྟགས་གྲུབ་སྟེ། སྨྲ་བ་དང་ཞེ་འདོད་ཀྱི་བསྒྲུབ་བྱ་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར། དེ་བཤད་པ་ནི། འབྲས་བུ་དང་རང་བཞིན་གྱི་འགལ་རྟགས་དེ་དག་ལས་འདོད་པའི་བསྒྲུབ་བྱ་ལ་གནོད་པའི་འགལ་རྟགས་འདི་ཆོས་ཅན། བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ཉིད་དུ་ནི་བྱེ་བྲག་ཡོད་པ་མིན་པར་ཐལ། སྨྲས་པ་དང་ཞེ་འདོད་ཀྱི་བསྒྲུབ་བྱ་དག་བསྒྲུབ་པར་བྱ་བ་ཉིད་དུ་ནི་བྱེ་བྲག་ཡོད་པ་མ་ཡིན་པའི་ཕྱིར། འདོད་པ་རྒྱས་བཤད་དུ་བཤད་ཟིན་ཏོ། །ཁྱད་པར་ཡོད་པར་འདོད་ན་ནི། འདོད་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱང་ཆོས་ཅན། སྨྲས་པའི་གཏན་ཚིགས་ལས་ལོགས་ཤིག་ཏུ་དཔེར་བརྗོད་དགོས་པར་འགྱུར་ཏེ། འདོད་པ་ལ་གནོད་པའི་འགལ་རྟགས་ལོགས་སུ་བརྗོད་དགོས་པ་དེ་བཞིན་དུ་ཁྱོད་ལ་ཡང་མཚུངས་པའི་ཕྱིར། འདོད་ན། རང་སྡེ་ཆོས་ཅན། དེ་མི་དགོས་པར་ཐལ། གཅིག་ཉིད་ལས་ནི་མི་འདའ་བར། །དུ་མ་ཡིན་ཡང་འགལ་བ་མེད། །ཅེས་པའི་ཚིག་གིས་འདོད་པ་དང་སྨྲས་པའི་བསྒྲུབ་བྱ་བསྒྲུབ་པར་བྱ་བ་ཉིད་དུ་ཁྱད་པར་མེད་པར་བསྟན་པའི་ཕྱིར། འདོད་པའི་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་འགལ་བའི་གཏན་ཚིགས་ཀྱང་སྨྲས་པའི་བསྒྲུབ་བྱ་ལ་གནོད་པའི་འགལ་རྟགས་དང་རང་གི་བསྒྲུབ་བྱ་འགོག་པར་གཅིག་པ་ཉིད་དེ། ཞེ་འདོད་དང་སྨྲས་པའི་བསྒྲུབ་བྱ་བསྒྲུབ་པ་ཉིད་དུ་ཁྱད་པར་མེད་པ་དེ་ཉིད་ཀྱི་ཕྱིར་རོ། །འོ་ན་ཇི་ལྟར་བཞིར་འབྱེད་ཅེ་ན། འགལ་རྟགས་དེའི་དབྱེ་བ་ཐ་དད་པ་བཞིར་འབྱེད་པ་ནི་ཆོས་ཅན། བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ལས་མ་གཏོགས་པའི་འགལ་རྟགས་ཡོད་པ་གཞག་པ་མིན་ཏེ། བསྒྲུབ་བྱ་འགོག་ཚུལ་གྱི་སྦྱོར་བའི་བྱེ་བྲག་ལས་གཞག་པ་ཡིན་པའི་ཕྱིར། སྦྱོར་བའི་བྱེ་བྲག་ལས་ཇི་ལྟར་བཞག་ཅེ་ན། ལ་ལར་ནི་ངག་ཏུ་བརྗོད་པ་འགོག་པས་འགལ་བ་དང་ལ་ལར་ནི་ཤུགས་ཀྱིས་འདོད་པ་འགོག་པ་དག་གིས་འགལ་བ་དང༌། འདོད་པ་འགོག་པ་ལ་ཡང་བརྗོད་པར་འདོད་པས་ཆོས་དང་ཆོས་ཅན་གྱི་ཁྱད་པར་དུ་བློས་ཉེ་བར་བཞག་པ་ལ་གནོད་པས་འགལ་རྟགས་སུ་བཞག་པ་ཡིན་ནོ། །སྦྱོར་བའི་བྱེ་བྲག་ལས་འགལ་བ་ཐ་དད་དུ་བྱེད་པ་བཞིན་དུ་གཏན་ཚིགས་ཀྱང་ཅི་སྟེ་ཐ་མི་དད་ཅེ་ན། སྨྲས་པ་དང་འདོད་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་གཉིས་སུ་རྣམ་པར་འབྱེད་པ་ལ་སུ་ཞིག་འགོག གཏན་ཚིགས་ལ་ཡང་དབྱེར་རུང་ན་ཅིའི་ཕྱིར་འགལ་རྟགས་ཁོ་ན་ལ་རྣམ་པར་ཕྱེ་ཞེ་ན། འདོད་པ་ལ་གནོད་པར་བྱེད་པའི་འགལ་རྟགས་ཆོས་ཅན། སྨྲས་པའི་བསྒྲུབ་བྱ་ལ་གནོད་པ་དང་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ལས་མཚན་ཉིད་ཐ་དད་པའི་ཕྱིར་ནི་ལོགས་སུ་བསྟན་པ་མིན་པར་ཐལ། དོན་གྱི་ཤུགས་ཀྱིས་བསྒྲུབ་བྱར་འཕངས་པའི་ཞེ་བས་འདོད་པ་ངག་ཏུ་མ་བརྗོད་པ་བདག་དོན་བྱེད་པ་ཡང་ཕ་རོལ་པོ་གྲངས་ཅན་པས་བསྒྲུབ་བྱར་འདོད་པ་ཡིན་པའི་ཕྱིར་གྲངས་ཅན་དེའི་བསམ་པ་དགག་པའི་དབང་གིས་འདོད་པ་ལ་གནོད་པ་ཞེས་བརྗོད་པ་ཙམ་ཡིན་གྱི་མཚན་ཉིད་ཐ་དད་མེད་པ་དེ་ཉིད་ཀྱི་ཕྱིར་སྨྲས་པའི་བསྒྲུབ་བྱ་བསྒྲུབ་པའི་རྟགས་ལས་མཚན་ཉིད་ཀྱི་སྒོ་ནས་ལོགས་ཤིག་ཏུ་བསྟན་པར་བྱ་བ་མིན་པར་བཤད་དེ། སྨྲས་པ་བསྒྲུབ་པའི་རྟགས་དང་རྟགས་ཀྱི་མཚན་ཉིད་ཅན་དུ་ཐ་དད་མེད་པ་ཡིན་པའི་ཕྱིར། གལ་ཏེ་འདུས་བསགས་ཀྱིས་མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པའི་རྟགས་འདི་ཆོས་ཅན། འགལ་བའི་རྟགས་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མ་ངེས་པའི་རྟགས་ཡིན་པས་སོ། །རྟགས་གྲུབ་སྟེ། འདུས་པ་མིག་ཤེས་ཀྱི་རྒྱུའི་ཚོགས་པ་རྣམས་འདུས་པ་མིན་པ་རྟག་པ་གཅིག་པུ་ལས་གཞན་པ་མིག་ཤེས་དུ་མ་ལ་ཕན་འདོགས་པའི་ངེས་པ་མེད་པའི་ཕྱིར། བསྒྲུབ་བྱ་ལ་ལྡོག་པས་ཁྱབ་པ་ནི་འགལ་བ་ཡིན་ན་འདི་ལ་དེ་མེད་དོ། །འདུས་པ་གཞན་ལ་ཕན་འདོགས་པར་བྱས་པ་ཡིན་ནོ་ཞེས་པ་འདི་ལ་ངེས་པ་ཅི་ཞིག་ཡོད་དེ་མེད་པས་སོ། །གལ་ཏེ་ཡང་འབྲས་བུ་མིག་ཤེས་འགའ་ཞིག་བསྐྱེད་པ་ལ་མངོན་དུ་ཕྱོགས་པའི་རྒྱུའི་དོན་རྣམས་ཚོགས་པ་འདུས་པ་ཡིན་པ་བརྒྱུད་རྒྱུ་རྟགས་སུ་བཀོད་པ་དེ་ལྟ་ན་ཡང་སྐྱོན་ཡོད་དེ། མིག་ཤེས་ཀྱི་རྒྱུའི་ཚོགས་པ་རྣམས་ཆོས་ཅན། མིག་ཤེས་དུ་མ་ལ་འཁྲུལ་བ་ཉིད་དེ། གདོན་མི་ཟ་བར་འབྲས་བུ་མིག་ཤེས་དུ་མ་དང་ལྡན་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱིས་མིག་ཤེས་དུ་མ་བསྐྱེད་པ་ལ་གེགས་བྱེད་པ་དང་སོགས་པ་མཐུན་རྐྱེན་མ་ཚང་བ་སྲིད་པའི་ཕྱིར། གལ་ཏེ་སངས་རྒྱས་པ་ཁྱོད་ཀྱིས་ཐོགས་པ་མེད་པར་ཕན་འདོགས་པའི་མིག་ལ་སོགས་པས་གཞན་མིག་ཤེས་དུ་མ་ལ་ཕན་འདོགས་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་ཡང་སྐྱོན་ཡོད་དེ། མིག་སོགས་འདུས་པ་ཆོས་ཅན། གཞན་མིག་ཤེས་དུ་མ་ལ་ཕན་འདོགས་པ་ཉིད་དོ་ཞེས་འབྲེལ་བ་ངེས་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། རང་གི་དེ་མ་ཐག་པར་མིག་ཤེས་གཅིག་ཁོ་ན་བསྐྱེད་པའི་ཕྱིར་ཞེ་ན། དེ་ལྟར་འདུས་པའི་རིམ་གྱིས་ཕན་པ་ཉེ་བར་སྦྱོར་བ་མིག་ལ་སོགས་པ་རྣམས་ཀྱིས་རིམ་ཅན་དུ་མིག་ཤེས་ཀྱི་རང་བཞིན་དུ་མའི་ཕན་པ་སྒྲུབ་པར་བྱེད་པ་འདི་ཡིན་གྱི་དུས་གཅིག་ཏུ་མིག་ཤེས་རིགས་མི་འདྲ་དུ་མའི་ཕན་པ་བསྒྲུབ་པར་བྱེད་པ་ནི་མིན་ཏེ། ཕན་པ་ཉེ་བར་སྦྱོར་བའི་ནུས་པ་ཐོགས་མེད་ཀྱི་མིག་སོགས་ཀྱི་སྐད་ཅིག་མ་དེ་དག་རེ་རེ་ཞིང་རང་གི་རིགས་འདྲ་ཕྱི་མ་དང་ཕན་གདགས་པར་བྱ་བའི་མིག་ཤེས་ལ་རང་བཞིན་གཞན་ཕྱི་མ་ཕྱི་མ་སྐྱེ་བའི་ཕྱིར། ཕན་པ་དོན་གཞན་བྱེད་པས་རང་བཞིན་བྱེད་པ་འདི་མི་འཐད་དོ་ཞེ་ན་མིག་ཤེས་ཀྱི་ཕན་པ་ཆོས་ཅན། མིག་དེའི་ཕན་པ་མ་ཡིན་པར་ཐལ། མིག་ཤེས་ལས་དོན་གཞན་ཉིད་ཡིན་པའི་ཕྱིར་རོ། །སོགས་པ་ཐུག་པ་མེད་པར་ཡང་འགྱུར་བ་སོགས་བཤད་ཟིན་ཏོ། །དོན་གཅིག་དང་དོན་གཞན་གཉིས་ཀ་མི་བྱེད་དོ་ཞེ་ན་ནི། མིག་སོགས་ཆོས་ཅན། མིག་ཤེས་དེའི་དོན་དུ་ཕན་པ་སྒྲུབ་པར་བྱེད་པར་འགལ་བ་ཡིན་པར་ཐལ། མིག་ཤེས་དེའི་དོན་ལ་ཕན་པ་ཅུང་ཟད་བྱེད་པ་མེད་པ་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །མིག་ཤེས་ལ་ཕན་འདོགས་པའི་མིག་ལ་སོགས་པ་ནི་ཆོས་ཅན། མིག་ཤེས་ལ་ཕན་པའི་ཁྱད་པར་བསྐྱེད་པ་ཉིད་ཀྱིས་མིག་ཤེས་ལ་ཕན་འདོགས་པ་ཡིན་ཏེ། མིག་ཤེས་ལ་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་ན་མིག་ཤེས་ལ་ཕན་འདོགས་པར་འགལ་བ་དེའི་ཕྱིར། མིག་ཤེས་ཀྱི་རྒྱུ་རྐྱེན་འདུས་ཤིང་བསགས་པ་ལ་མིག་ཤེས་དུ་མའི་དོན་བྱེད་པས་ཁྱབ་པ་དེ་བས་ན་མིག་ཤེས་ཀྱི་རང་བཞིན་རྟག་པ་གཅིག་གི་དོན་བྱེད་པ་ཉིད་དུ་མི་འགྱུར་བའི་ཕྱིར། མིག་ཤེས་ཀྱི་རྒྱུ་རྐྱེན་འདུས་པ་གཅིག་པུའི་དོན་བྱེད་པར་བསྒྲུབ་པ་ལ་འགལ་བའི་རྟགས་ཡིན་ནོ། །ཆེ་བའི་ཆེ་བར་རློམ་པ་རྣམས་ཀྱིས་ཀྱང༌། །རྟོགས་པར་དཀའ་བའི་རིགས་གནས་འདི་ལྟ་བུ། །རྣམ་དག་རིགས་པའི་འོད་སྟོང་ལྡན་པ་ཡི། །བདག་གི་བློ་གྲོས་དག་གིས་གསལ་བར་བྱས། །གཉིས་མ་གྲུབ་ན་འགལ་བ་དང་ཞེས་པའི་དང་གི་སྒྲ་ནི་ཆོས་ཅན། ཁྱོད་ཀྱིས་འགལ་བའི་ལྷག་ལྡན་བསྟན་པ་ཡིན་ཏེ། ཁྱོད་ཀྱིས་རྗེས་སུ་འགྲོ་ལྡོག་གཉིས་ལས་གཅིག་ལྡོག་པ་མ་གྲུབ་པ་ལ་གཞན་རྗེས་ལ་ཐེ་ཚོམ་ཟ་ན་རྟགས་འཁྲུལ་པ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར། དཔེར་ན་ངག་སྨྲ་གཞན་ཆོས་ཅན། འདོད་ཆགས་དང་བྲལ་བའམ་ཐམས་ཅད་མཁྱེན་པ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཐེ་ཚོམ་ཟ་ན་འཁྲུལ་པ་ཅན་ཞེས་གསུངས་པའི་དོན་སྟོན་པ་ནི། གཉིས་ལ་ཞེས་བྱ་བ་ནི་གོང་མ་ལ་བསྙེགས་པས་གཉིས་ལ་ཐེ་ཚོམ་ཟ་ན་ཞེས་བྱ་བའི་དོན་ནོ། །དེ་ཉིད་བཤད་པ། ཕྱོགས་ཆོས་གྲུབ་པ་གང་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་ཐུན་མོང་མིན་པའི་མ་ངེས་པ་སྟེ། དཔེར་ན་གསོན་པའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་དང་སོགས་པ་དབུགས་འབྱུང་རྔུབ་དང་ལྡན་པའི་ཕྱིར་རོ་ཞེས་པ་ལྟ་བུའོ། །ཅིའི་ཕྱིར་གཉིས་ཀ་ལ་ཐེ་ཚོམ་ཟ་ཞེ་ན། དེའི་སྒྲུབ་བྱེད་བསྟན་པ་ནི། སྲོག་ལ་སོགས་པ་ཆོས་ཅན། བདག་ཡོད་མེད་གང་ལ་ཁྱོད་གནས་པར་འགྱུར་བའི་གཞི་བདག་དང་བཅས་པ་དང་བདག་མེད་པ་ལས་ཕུང་པོ་གཞན་ནི་མེད་དེ། བདག་གནས་པ་དང་རྣམ་པར་གཅོད་པ་དག་གིས་ཐམས་ཅད་བསྡུས་པའི་ཕྱིར་རོ། །སྲོག་སོགས་འདི་ཆོས་ཅན། ཁྱོད་བདག་ཡོད་མེད་གཉིས་ལས་གཅིག་ལ་གནས་པར་ཡང་ངེས་པ་མེད་དེ། བདག་ཡོད་པའམ་མེད་པ་དེའི་བདག་ཉིད་དུ་གྲུབ་པ་ལ་ཡོད་པར་ཚད་མས་མ་གྲུབ་པའི་ཕྱིར་རོ། །གང་རུང་ལ་ཡོད་ཅིང་གཅིག་ལ་གནས་པར་ཡང་མ་ངེས་པ་དེ་བས་ན་གསོན་པོའི་ལུས་དང་འབྲེལ་བ་ཅན་གྱི་སྲོག་ལ་སོགས་པ་ནི་ཆོས་ཅན། བདག་ཡོད་པ་དང་མེད་པ་དེ་དག་ལས་ལྡོག་པ་མ་ཡིན་ཏེ། བདག་ཡོད་པ་དང་མེད་པ་གཉིས་ཀྱི་བདག་ཉིད་ལས་ཕྱི་རོལ་ཏུ་གྱུར་པ་མེད་པའི་ཕྱིར། སྲོག་སོགས་ཆོས་ཅན། ཁྱོད་ཀྱིས་གསོན་ལུས་བདག་དང་བཅས་པ་དེ་ལ་རྗེས་སུ་འགྲོ་བའི་ཁྱབ་པ་རྣལ་མར་ངེས་པ་མིན་ཏེ། བདག་ཡོད་པ་དང་མེད་པའི་བདག་ཉིད་གཅིག་ལ་ཡང་ཚད་མས་མ་གྲུབ་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་སྲོག་སོགས་དེ་ཆོས་ཅན། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ཐེ་ཚོམ་ཟ་བའི་ཕྱོགས་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྗེས་སུ་འགྲོ་ལྡོག་གཉིས་ལ། ངག་སྨྲ་ཆགས་བྲལ་དུ་སྒྲུབ་པའི་ཕྱི་རྒོལ་ཆོས་ཅན། ཚིག་གིས་ངག་སྨྲ་ཆགས་བྲལ་དུ་སྒྲུབ་པ་འདི་ལ་ལྡོག་པ་མ་གྲུབ་ལ་རྗེས་སུ་འགྲོ་བ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ཏེ། ཆགས་བྲལ་དེ་ལ་ཚིག་ལ་སོགས་པ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། དེར་ཐལ། ཁྱོད་ལ་ཐམས་ཅད་མཁྱེན་པ་དང་འདོད་ཆགས་དང་བྲལ་བ་དག་བསྐལ་པའི་ཕྱིར། ཐེ་ཚོམ་ཟ་བའི་རྟགས་ལས་བསྒྲུབ་པར་བྱ་བ་བདག་དང་ཅིག་ཤོས་བདག་མེད་དག་ཏུ་ཚད་མས་ངེས་པ་མེད་པའི་ཕྱིར་རོ། །འོ་ན་མི་རྟོགས་པའི་རྒྱུར་འགྱུར་ཞེ་ན། གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ་མི་རྟོགས་པའི་རྒྱུ་ཡང་མིན་ཏེ། རང་གི་ཆོས་ཅན། གསོན་ལུས་འགའ་ཞིག་གི་སྟེང་དུ་འགོད་ཚུལ་དང་མཐུན་པར་འབྲེལ་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། མ་འབྲེལ་པ་ལས་ནི་དཔྱོད་པ་མི་སྐྱེ་བས་སོ། །དཔེར་ན་སྒྲ་མི་རྟག་པར་བསྒྲུབ་པ་ལ་མིག་གི་གཟུང་བྱ་རྟགས་སུ་བཀོད་པ་བཞིན་ནོ། །སྲོག་སོགས་ནི་ཆོས་ཅན། ཁྱོད་ལ་བརྟེན་ནས་གསོན་ལུས་འདི་བདག་ཡོད་མེད་ཅི་ཞིག་དང་འབྲེལ་ཞེས་ཇི་ལྟར་མི་དཔྱོད་དེ་དཔྱོད་པར་ཐལ། གསོན་ལུས་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་འབྲེལ་བ་ལས་སོ། །དཔེར་ན་མ་སྐྱེས་བུ་དང་མ་འབྲེལ་བར་མངལ་ཆགས་པར་མི་རུང་བའི་ཕྱིར་སྐྱེས་བུ་གང་དང་འབྲེལ་བ་ཡོངས་སུ་ཤེས་པ་མེད་པའི་མངལ་ཆགས་པ་ལས་སྐྱེས་བུའི་ཁྱད་པར་གང་དང་འབྲེལ་བར་ཐེ་ཚོམ་ཟ་བ་དེ་བཞིན་དུ་ཁྱོད་ཀྱིས་གསོན་ལུས་བདག་བཅས་སུ་སྒྲུབ་པ་འདིར་ཡང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ལ་ཐེ་ཚོམ་ཟ་བར་འགྱུར་ཏེ། བདག་ཡོད་པའམ་མེད་པ་གང་དུ་ཡང་མི་ངེས་ཤིང་ཤེས་བྱ་ཐམས་ཅད་བདག་ཡོད་མེད་ཀྱི་ནང་དུ་མ་འདུས་པར་མི་རུང་བའི་ཕྱིར། འོ་ན། མི་རྟོགས་པའི་རྒྱུའོ་ཞེ་ན། གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ་མི་རྟོགས་པའི་བློ་ཡི་རྒྱུར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཕྱོགས་ཆོས་གང་ཞིག་ཐམས་ཅད་བདག་ཡོད་མེད་གཉིས་ཀྱི་ནང་དུ་འདུས་པའི་ཕྱིར། ཁྱབ་པ་ཡོད་དེ། གསོན་ལུས་བདག་ཡོད་དུ་མི་རྟོགས་པའི་བློ་ནི་བདག་ཡོད་མེད་གཉིས་གར་རྟོགས་པ་དང་ཐེ་ཚོམ་ཟ་བ་ཡང་མེད་པའི་རང་བཞིན་དེ་ནི་མི་རྟོགས་པ་ཡིན་ལ་དེ་ནི་བདག་ཡོད་མེད་གཉིས་ལས་ཕྱི་རོལ་ཏུ་གྱུར་པ་ཡོད་ན་འགྱུར་གྱི་མེད་ན་མི་འགྱུར་བས་སོ། །དེ་ལྟ་ན་འོ་ན་མིག་གི་གཟུང་བྱ་ཉིད་ལས་ཀྱང་འགྱུར་རོ་ཞེ་ན། མིག་གི་གཟུང་བྱ་ཆོས་ཅན། སྒྲ་མི་རྟག་པ་ཡིན་མིན་གྱི་ཐེ་ཚོམ་ཟ་བྱེད་མིན་ཏེ། སྒྲའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མ་འབྲེལ་བའི་ཕྱིར་ཞེས་བཤད་ཟིན་ཏོ། །དེ་ཕྱིར་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །སྲོག་ལ་སོགས་པ་ནི་ཆོས་ཅན། དེ་བསྒྲུབ་ལ་ཁྱད་པར་དུ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ཏེ། བདག་ཡོད་མེད་དེ་ལ་འཇུག་པ་དང་ལྡོག་པར་ཚད་མས་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་ན། སྲོག་ལ་སོགས་པ་ནི་ཆོས་ཅན། དེར་ཐལ། བདག་འཇུག་པ་དང་ལྡོག་པ་མ་གྲུབ་པའི་ཕྱིར་ཏེ། བདག་བསྐལ་པས་སོ། །རྟགས་ཁས་བླངས་ཏེ། ཤཱཀྱ་བློས་གཞན་བསམ་པས་བདག་མེད་པ་དག་ལ་ཞེས་བཤད་པས་སོ། །ཁྱོད་ཀྱི་རྟགས་ལས་གསོན་ལུས་བདག་བཅས་སུ་མི་འགྲུབ་པར་ཐལ། བདག་ལས་དོན་གཞན་བདག་གི་འབྲས་བུ་མིན་པའི་ཡང་ཕྱིར་རོ། །ཡང་ནི་དེའི་ཕྱིར་ཡང་ཐེ་ཚོམ་གྱི་རྒྱུ་ཞེས་པའོ། །རྟགས་མ་གྲུབ་སྟེ་འབྲས་བུའོ་ཞེ་ན། སྲོག་ལ་སོགས་པ་ནི་ཆོས་ཅན། བདག་ནི་ཁྱོད་ཀྱི་རྒྱུ་དང་ཁྱོད་བདག་གི་འབྲས་བུའི་དངོས་པོར་མི་འགྲུབ་སྟེ། བདག་གིས་ཕན་བཏགས་སྟོབས་ཀྱིས་དེའི་རྗེས་སུ་བྱེད་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། འབྲས་བུ་དེ་ནི་རྒྱུ་དམིགས་པ་དང་མི་དམིགས་པའི་རྗེས་སུ་བྱེད་པ་ལ་བརྟེན་པའི་ཕྱིར་རོ། །ཁྱོད་ཡོད་ན་བདག་ཡོད་པ་ཡང་མ་ཡིན་པར་ཐལ། བདག་དང་འབྲེལ་བ་མེད་པའི་ཕྱིར། དེས་ན་སྲོག་ནི་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ནོ། །གཞན་རིགས་པ་ཅན་པ་དག་སྲོག་ལ་སོགས་པ་ནི་བདག་གོ་བར་བྱེད་པ་ཡིན་ཏེ། དེའི་ལྡོག་པ་ནི་གཅིག་ཏུ་ངེས་པའི་ཕྱིར། སྲོག་ལ་སོགས་པ་ནི་མི་མཐུན་པའི་ཕྱོགས་ཁོ་ན་ལས་ལྡོག་པ་ཡིན་གྱི་མཐུན་པའི་ཕྱོགས་དག་ལས་ནི་ལྡོག་པ་མིན་ཏེ། མེད་པ་ལས་ལྡོག་པ་མི་རུང་བའི་ཕྱིར་རོ། །དེ་བས་ན་རྗེས་སུ་འགྲོ་བ་གཅིག་ཏུ་ངེས་པ་གོ་བྱེད་ཡིན་པ་ལྟར་ལྡོག་པ་གཅིག་ཏུ་ངེས་པའི་སྲོག་སོགས་ཀྱང་གོ་བར་བྱེད་པ་ཉིད་དོ། །མཉན་བྱ་ཉིད་ནི་གོ་བྱེད་དེ་ལྟ་མིན་ཏེ། རྟག་མི་རྟག་གཉིས་ཀ་ལས་ལྡོག་པའི་ཕྱིར་ཞེ་ན། སྲོག་སོགས་བདག་མེད་ཁོ་ན་ལས་ལྡོག་པའི་རྣམ་པ་དེ་ལྟ་བུ་སྨྲ་བའི་རིགས་པ་ཅན་པ་དེས་ནི་ཆོས་ཅན། སྲོག་སོགས་བདག་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་ཉིད་དུ་བརྗོད་པར་ཐལ། འདི་ལྟར་སྲོག་སོགས་བདག་མེད་པ་ཉིད་ལ་མེད་པ་ཉིད་དོ་ཞེས་དོན་གྱིས་བདག་ལ་གནས་པ་གཞན་བདག་མེད་དང་མ་འབྲེལ་བར་བསྟན་པར་འགྱུར་བས་སོ། །འདོད་ན། དེ་ཉིད་ཀྱིས་ན་དེ་སྒྲུབ་ཀྱི་ལྡོག་པ་གཅིག་པུ་ཅན་གྱི་རྟགས་མིན་པར་ཐལ། བདག་ལ་རྗེས་སུ་འགྲོ་བ་གྲུབ་པའི་ཕྱིར་རོ། །འབྲེལ་བ་གྲུབ་མེད་སྐྱོན་ཅི་ཡོད་ཅེ་ན། འབྲེལ་པ་མེད་པར་སྟོན་པ་ནི། སྲོག་ལ་སོགས་པ་ནི་ཆོས་ཅན། བདག་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་མ་ཡིན་པར་ཐལ། བདག་ཚད་མས་མཐོང་བ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། མེད་ན་མི་འབྱུང་བ་ཡང་འབྲེལ་བ་ཡིན་ན་བདག་ཉིད་དམ་རང་བཞིན་འབྲེལ་པ་དེ་ནི་དེའི་བདག་ཉིད་དེ་ལས་བྱུང་བ་ལས་གཞན་མེད་དོ་ཞེས་ལེའུ་གཉིས་པར་བཤད་ཟིན་ཏོ། །གཉིས་པོ་དེ་དག་ཀྱང་འབྲེལ་ཡུལ་མཐོང་བ་མེད་པར་མི་འགྲུབ་པའི་ཕྱིར་རོ། །སྲོག་སོགས་འདི་ཆོས་ཅན། བདག་དང་འབྲེལ་པ་གང་ལས་གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ་ལྡོག་པ་གཅིག་པུ་ཅན་ཞེས་བརྗོད་པ་མི་འཐད་པར་ཐལ། བདག་མ་ལྡོག་ཀྱང་ཁྱོད་ངེས་པར་ལྡོག་པ་ཡང་མིན་པའི་ཕྱིར་ཏེ། བདག་དང་འབྲེལ་པ་དེ་ཉིད་ཀྱི་ཕྱིར་རོ། །ཁྱབ་པ་ཡོད་དེ། འབྲེལ་པ་མེད་པར་ནི་འགའ་ཞིག་ལྡོག་པས་ངེས་པར་ལྡོག་པ་མིན་པས་སོ། །ཁྱད་པར་སྲོག་སོགས་ནི་ཆོས་ཅན། ཁྱོད་ཀྱིས་གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ་ལྡོག་པ་ཡང་མེད་རྗེས་སུ་འགྲོ་བ་ཡང་མེད་པ་ཡིན་ཏེ། བདག་དང་འབྲེལ་བ་མེད་པ་དེ་བས་ནའོ། །འོ་ན་མཉན་བྱ་ལྡོག་པ་དང་ལྡན་པར་བཤད་པ་དང་འགལ་ལོ་ཞེ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། ཁྱོད་ཀྱིས་མཉན་བྱ་ལྡོག་ལྡན་དུ་བཤད་པ་ལ་རྒྱུ་མཚན་ཡོད་དེ། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ལ་བརྟེན་ནས་མཉམ་པར་བྱ་བ་ཉིད་ལྡོག་པ་ཅན་དུ་བཤད་པའི་ཕྱིར། མི་མཐུན་ཕྱོགས་ལ་མ་མཐོང་བ་དེ་ཙམ་གྱིས་མི་མཐུན་ཕྱོགས་ལ་མེད་པར་རྟོགས་པ་ནི་མ་ཡིན་ཏེ། ལྡོག་པ་མེད་པའི་ཕྱིར་ཞེས་བཤད་ཟིན་ཏོ། །དེ་ལྟ་མ་ཡིན་པར་ལྡོག་ཁྱབ་ངེས་ན་མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་ཐེ་ཚོམ་གྱི་རྒྱུ་མ་ངེས་པའི་གཏན་ཚིགས་སུ་མི་འགྱུར་བར་ཐལ། དེ་བསྒྲུབ་ཀྱི་ལྡོག་ཁྱབ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མཉན་བྱ་གང་ཞིག་རྟག་པ་གང་ལ་མི་སྲིད་པ་དེ་སྒྲ་ལ་དམིགས་པས་སྒྲ་དེ་ལ་རྟག་མི་རྟག་ཐེ་ཚོམ་ཟ་བར་ནི་མི་རིགས་པས་སོ། །སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པའི་ཕྱིར་བདག་ལོག་ན་སྲོག་ལ་སོགས་པ་ལྡོག་པར་འགྱུར་རོ་ཞེ་ན། རིགས་པ་ཅན་པ་ཆོས་ཅན། བདག་མེད་པ་ལ་སྲོག་མེད་ཀྱིས་ཁྱབ་པའི་སྒོ་ནས་བདག་ལྡོག་ན་སྲོག་ལྡོག་པར་ཐལ་བ་མ་ཡིན་ཏེ། བདག་དང་མ་འབྲེལ་བ་སྲོག་མེད་པ་དང་ཉེ་བར་མི་སྦྱོར་བ་བདག་མེད་པ་ལ་ཁྱབ་པ་མ་གྲུབ་པའི་ཕྱིར། བདག་མེད་ན་སྲོག་མེད་པར་གྲུབ་པས་སྲོག་སོགས་ཀྱིས་གསོན་ལུས་བདག་བཅས་སུ་བསྒྲུབ་པའི་ཁྱབ་པ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡང་མི་འགྲུབ་སྟེ། བཟློག་པ་སྲོག་སོགས་བདག་ལ་འབྲེལ་བ་མ་གྲུབ་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། གལ་ཏེ་སྲོག་ལ་སོགས་པ་དག་དེའི་བདག་ཉིད་དམ་བདག་དེ་ལས་བྱུང་བས་བདག་དང་འབྲེལ་བ་ཡིན་ན་སྲོག་དེ་དག་བདག་ལོག་ན་ལྡོག་པར་འགྱུར་བས་དེའི་ཚེ་སྲོག་ལ་སོགས་པ་མེད་པས་བདག་མེད་པ་ལ་ཁྱབ་པར་འགྱུར་བས་སོ། །འབྲེལ་པ་མེད་པ་རྟགས་མ་གྲུབ་སྟེ། སྲོག་དང་བདག་རྒྱུ་འབྲས་ཡིན་པས་སོ་ཞེ་ན། སྲོག་སོགས་ཆོས་ཅན། བདག་གི་འབྲས་བུ་མ་ཡིན་པར་ཐལ། བདག་གིས་ཕན་བཏགས་སྟོབས་ཀྱིས་བདག་དམིགས་པའི་རྗེས་སུ་དམིགས་བདག་མ་དམིགས་ན་ཁྱོད་མ་དམིགས་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། བདག་སྲོག་དེ་དག་གི་རྒྱུ་འབྲས་གྱི་འབྲེལ་པ་གྲུབ་ན་ནི། བདག་དམིགས་པ་དང་མི་དམིགས་པའི་རྗེས་སུ་འགྲོ་ལྡོག་དག་ལས་ཤེས་དགོས་ཡིན་ན་རྗེས་སུ་འགྲོ་ལྡོག་དེ་དག་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་བདག་ལ་མི་འགྲུབ་བོ། །སྲོག་ལ་སོགས་པ་མེད་པས་ཁྱབ་པའི་བདག་མེད་པ་དེ་ཡང་གང་ཡིན་དྲིས་པས་བུམ་པ་ལ་སོགས་པའོ་ཞེ་ན། བུམ་པ་ལ་སོགས་པ་ཆོས་ཅན། བདག་དེ་ཁྱོད་ལ་མེད་དོ་ཞེས་ཚད་མ་གང་ལས་ཤེས་པ་ཡིན་ཏེ་མ་ཡིན་པར་ཐལ། གཞི་གཞན་དུ་བདག་ཡོད་ཀྱང་བདག་དེ་ཚད་མས་མཐོང་བ་མེད་པའི་ཕྱིར། འདོད་ན། དེ་བས་ན་ཁྱོད་ལ་བདག་ལྡོག་པའི་ཁྱབ་པ་ཡང་ཚད་མས་མི་འགྲུབ་པར་ཐལ། ཁྱོད་ལས་བདག་ལྡོག་པར་ཚད་མས་ཤེས་པ་མེད་པའི་ཕྱིར། གཞན་ཡང་སྲོག་ལ་སོགས་པ་ཆོས་ཅན། གསོན་ལུས་ལ་ཡོད་པ་དང་བུམ་སོགས་ལ་མེད་པར་ཚད་མས་རྟོགས་པ་ཡིན་ཏེ། གསོན་ལུས་ལ་ཚད་མས་མཐོང་བ་ཉིད་ལས་གསོན་ལུས་ལ་འགྲུབ་ཅིང་བུམ་སོགས་ལ་སྣང་རུང་མ་དམིགས་པའི་ཕྱིར། བུམ་སོགས་ལ་བདག་དེ་ཡོད་པ་དང་མེད་པར་མི་རྟོགས་ཏེ། བདག་ནི་ཡོད་ཀྱང་བལྟར་རུང་དེ་ལྟ་མ་ཡིན་པའི་ཕྱིར། གང་ཡང་གལ་ཏེ་གསོན་པོའི་ལུས་བདག་དང་བཅས་པ་མ་ཡིན་ན། སྲོག་ལ་སོགས་པ་དང་མི་ལྡན་པར་ཐལ་བར་འགྱུར་ཏེ། བདག་མེད་པའི་ཕྱིར། བུམ་པ་ལ་སོགས་པ་བཞིན་ནོ་ཞེས་ཕ་རོལ་པོ་བརྗོད་ན། སྲོག་སོགས་དེ་ཡང་ཆོས་ཅན། བདག་ལྡོག་པས་ཁྱོད་ལྡོག་པར་མི་འགྲུབ་པར་ཐལ། བདག་ལས་དོན་གཞན་བདག་ཁྱོད་ཀྱི་རྒྱུ་དང་ཁྱོད་བདག་གི་འབྲས་བུ་ཡི་དངོས་པོར་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་དང་འབྲས་བུ་མ་ཡིན་པའི་འབྲེལ་མེད་དོན་གཞན་བཀག་པ་ནི་འབྲེལ་མེད་གཞན་མེད་པ་གོ་བར་བྱེད་པ་མིན་ནོ་ཞེས་སྣང་རུང་མ་དམིགས་པར་བཤད་ཟིན་ཏོ། །བདག་སྲོག་གི་རྒྱུ་ཡིན་པའི་ཕྱིར་རྒྱུ་འབྲས་མ་གྲུབ་པ་རྟགས་མ་གྲུབ་ཅེ་ན། བདག་ཁྱོད་ཀྱི་རྒྱུའི་དངོས་པོ་དེ་ཡང་མི་འགྲུབ་པར་ཐལ། བདག་ཚད་མས་མཐོང་བ་མེད་པའི་ཕྱིར། ཞེས་ལན་གཅིག་མིན་པར་བཤད་ཟིན་ཏོ། །མཐོང་དུ་ཆུག་ན་ཡང་བདག་ཁྱོད་ཀྱི་རྒྱུར་མི་འགྲུབ་པར་ཐལ། བདག་ལྡོག་ན་ཁྱོད་ལྡོག་པ་མ་གྲུབ་པའི་ཕྱིར། བུམ་པ་ལ་སོགས་པ་ལྡོག་པའི་ཡུལ་ཡིན་ནོ་ཞེ་ན། བུམ་པ་ལ་སོགས་པ་ཆོས་ཅན། ཁྱོད་ལ་བདག་སྲོག་གཉིས་ཀ་མ་མཐོང་བའི་རྣམ་པ་དེ་ལྟ་བུའི་ལྡོག་པ་ལ་ནི་བདག་སྲོག་གི་རྒྱུའི་ནུས་པ་ཅན་དུ་མི་འགྲུབ་པར་ཐལ། གྲུབ་ན་ཁྱོད་ལ་སྲོག་གི་རྒྱུ་བློ་ལ་སོགས་པ་ཡོད་ཀྱང་བདག་མ་ཚང་བས་སྲོག་ལྡོག་དགོས་པ་ལས་སྲོག་ལ་སོགས་པའི་རྒྱུ་བློ་ལ་སོགས་པ་ཡང་ཁྱོད་ལ་མི་སྲིད་པའི་ཕྱིར། ཁྱབ་པ་ཡོད་དེ། ནུས་པའི་རྒྱུ་གཞན་དག་ཡོད་ཀྱང་འབྲས་བུ་སྲོག་སོགས་མི་སྐྱེ་བས་རྒྱུ་གཞན་ཡོད་པར་རྟོགས་པར་བྱེད་དགོས་ཞེས་ལན་གཅིག་མ་ཡིན་པར་བཤད་ཟིན་ཏོ། །རྒྱུ་མཚན་དེ་བས་ན་བུམ་སོགས་ལ་བདག་སྲོག་གཉིས་ཀ་ལྡོག་པས་ནི་བདག་སྲོག་སོགས་སྐྱེད་བྱེད་ཀྱི་ནུས་པར་ཐེ་ཚོམ་ཟ་བ་ཡིན་ནོ། །བློ་ལ་སོགས་པ་དེ་དག་ཀྱང་ཆོས་ཅན། བདག་མེད་པ་ལ་ཡོད་པར་མི་འགྱུར་ཏེ་བདག་གི་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། བློ་དེ་ཆོས་ཅན། བདག་གི་འབྲས་བུ་མིན་པར་ཐལ། ཁྱོད་ལ་གཞན་དབང་པོ་སོགས་ཉིད་ཀྱི་ནུས་པ་འཇུག་པར་མཐོང་བའི་ཕྱིར་རོ། །གཞན་གྱིས་ཕན་འདོགས་ཚུལ་སྟོན་པ་ལ། རེ་ཞིག་མིག་ལ་སོགས་པའི་བློའི་རྒྱུ་ནི། མིག་གི་རྣམ་པར་ཤེས་པ་ཕྱི་མ་ཆོས་ཅན། བདག་ཉིད་ཇི་ལྟ་བའི་དབང་པོ་དང་ཡུལ་གཟུགས་སོགས་དང་ནུས་པ་ཉམས་པ་མེད་པའི་རང་གི་དེ་མ་ཐག་རྐྱེན་རྣམ་པར་ཤེས་པ་སྔ་མ་ཡང་ཁྱོད་ཀྱི་རྒྱུ་ཡིན་ཏེ། རང་གི་དེ་མ་ཐག་རྐྱེན་དེ་ཡུལ་གཞན་ལ་ཡེངས་སམ་འཁྲུལ་པ་ལ་སོགས་པར་གྱུར་ན་ཁྱོད་མི་སྐྱེ་བ་དང་འཆོལ་བ་ལ་སོགས་པར་མཐོང་བའི་ཕྱིར་རོ། །ནུས་པ་ཉམས་པ་མེད་པའི་རྣམ་པར་ཤེས་པ་སྔ་མ་ཆོས་ཅན། རང་འབྲས་ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་མའི་རྒྱུ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་ཡིན་པའི་སྒོ་ནས་དེའི་རྗེས་སུ་བྱས་པ་ཡིན་པའི་ཕྱིར། དབང་པོ་གཟུགས་ཅན་དང་གསོན་པོའི་ལུས་ལ་སོགས་པ་ཆོས་ཅན། བདག་གི་འབྲས་བུ་མ་ཡིན་པར་ཐལ། རང་གི་ཉེ་བར་ལེན་པའི་རྒྱུ་ཡང་བསྐལ་མཉམ་པའི་གནས་སྐབས་ཀྱི་ཁྱད་པར་རང་གི་རིགས་འདྲ་སྔ་མ་སྔ་མ་ལས་བྱུང་བ་ཡིན་ལ་རང་སྐྱེད་བྱེད་ཀྱི་བློ་ནི་རང་གི་རྐྱེན་ཡིན་པའི་ཕྱིར། བློ་འདི་དག་ཆོས་ཅན། རང་གི་རྒྱུའི་ཚོགས་པ་དེ་ཉིད་ཁྱོད་ཀྱི་རྒྱུ་ཡིན་ཏེ། དེ་ལྟར་རང་གི་བདག་ཉིད་འགྲུབ་པ་ནི་རང་གི་རྒྱུ་ཚོགས་དེ་ཙམ་དང་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། རྒྱུ་ཚོགས་ལས་གཞན་རྒྱུར་བརྟག་ན་ནི། ཐུག་པ་མེད་པར་འགྱུར་བས་སོ། །དེ་ཉིད་ཚིགས་སུ་བཅད་པས་བསྡུད་པའི་བཤད་པ་ནི། ཤེས་བྱ་ཆོས་ཅན། བདག་བློའི་རྒྱུ་མ་ཡིན་པར་ཐལ། རྒྱུ་གང་ཞིག་ཡོད་ན་འབྲས་བུ་གང་འབྱུང་བར་འགྱུར་བ་ཉིད་རྒྱུ་ཡིན་གྱི་དེ་ལས་གཞན་ན་འབྲས་བུ་དེའི་རྒྱུར་རྟོགས་པ་ཡིན་ན་ནི་དངོས་པོ་ཐམས་ཅད་ལ་རྒྱུ་རྣམས་ཐུག་པ་མེད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། རིགས་པ་གཞན་ཡང༌། རིགས་པ་ཅན་པ་ཆོས་ཅན། ཁྱོད་ཀྱིས་སྲོག་སོགས་མི་འཁྲུལ་ལ་མཉན་བྱ་ཉིད་ནི་དེ་ལྟ་མ་ཡིན་ཞེས་པའི་རྣམ་དབྱེ་སྨྲ་བ་རིགས་པ་མིན་ཏེ། མཉན་བྱ་ཉིད་དང་སྲོག་ལ་སོགས་པ་ཁྱབ་པ་འཁྲུལ་བར་མཚུངས་པས་སོ། །མིན་ཏེ་མཉན་བྱ་དེ་ནི་ལྡོག་པ་འཁྲུལ་བའི་ཕྱིར་རོ་ཞེ་ན། ཇི་ལྟར་འཁྲུལ་བ་དྲིས་པས། མཉན་བྱ་དེ་ནི་མཐུན་པའི་ཕྱོགས་མིན་པ་ཁོ་ན་ལས་ལྡོག་པ་མིན་གྱི་མཐུན་ཕྱོགས་ལས་ཀྱང་ལྡོག་པའི་ཕྱིར་ཞེ་ན། དེ་ལྟར་བརྗོད་པ་དེས་ནི་མཉན་བྱ་འདི་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པར་བརྗོད་པ་མ་ཡིན་ནམ་སྟེ་ཡིན་པས། སྲོག་ལ་སོགས་པ་ཆོས་ཅན། མཉན་བྱ་དང་ལྡོག་པ་འཁྲུལ་བར་ཇི་ལྟར་མི་མཚུངས་པར་ཐལ། མཐུན་ཕྱོགས་ལ་འཇུག་པ་མེད་པ་དེ་ནི་མཉན་བྱ་ལས་གཞན་ཁྱོད་ལ་ཡང་མཚུངས་པའི་ཕྱིར། གཞན་ཡང༌། སྲོག་སོགས་གསོན་ལུས་བདག་བཅས་སུ་བསྒྲུབ་པའི་མཐུན་པའི་ཕྱོགས་མིན་པ་ཉིད་ལ་མེད་དོ་ཞེས་བྱ་བའི་ཚིག་གིས་ནི་ཆོས་ཅན། ཁྱོད་ཀྱིས་སྲོག་སོགས་འདི་གསོན་ལུས་བདག་བཅས་སུ་བསྒྲུབ་པའི་མཐུན་ཕྱོགས་ཉིད་ལ་ཡོད་པར་བརྗོད་པ་ཡིན་པར་ཐལ། ཁྱོད་ཀྱིས་སྲོག་སོགས་འདི་དེ་བསྒྲུབ་ཀྱི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ལ་མེད་ཅེས་བརྗོད་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། དགག་པ་གཉིས་ཀྱིས་རྣལ་མ་གོ་བའི་ཕྱིར། མཐུན་ཕྱོགས་ལ་ཡོད་པར་བསྟན་པ་དེ་ལྟ་མ་ཡིན་ན། སྲོག་ལ་སོགས་པ་ཆོས་ཅན། ཁྱོད་མཐུན་ཕྱོགས་ཁོ་ན་ལ་མེད་ཅེས་ངེས་པར་གཟུང་བའི་འབྲས་བུ་ཅིར་འགྱུར་ཏེ་ཅི་ཡང་མེད་པར་ཐལ། ཁྱོད་མཐུན་ཕྱོགས་ཁོ་ན་ལ་མེད་ཅེས་པའི་ངེས་གཟུང་གི་རྣམ་པར་གཅད་བྱ་མེད་པའི་ཕྱིར། རྟགས་ཁས་བླངས། འོ་ན་ངེས་གཟུང་མི་སྦྱོར་ཞེ་ན། ངེས་པར་གཟུང་བ་སྦྱར་བ་མེད་ན་ནི་གཅིག་མི་མཐུན་ཕྱོགས་ལ་ལྡོག་པ་མི་འཁྲུལ་བར་མི་འགྲུབ་པའི་ཕྱིར་སྐྱོན་དང་བཅས་པ་ཁོ་ནའོ། །ངེས་གཟུང་གི་འབྲས་བུ་རྣམ་གཅད་ཡིན་པ་དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་གླང་ཆོས་ཅན། མཐུན་དཔེ་དང་མི་མཐུན་དཔེ་གཉིས་ལས་གང་ཡང་རུང་བས་ཁྱབ་པ་གཉིས་ཀ་བསྟན་པར་བརྗོད་པ་ལ་རྒྱུ་མཚན་ཡོད་དེ། མཐུན་པའི་ཕྱོགས་ཉིད་ལ་ཡོད་པའི་རྗེས་འགྲོ་དངོས་སུ་ངེས་ན་ལྡོག་པ་དོན་གྱིས་གོ །མཐུན་པའི་ཕྱོགས་མིན་པ་ཉིད་ལ་མེད་པའི་ལྡོག་པ་ངེས་ན་རྗེས་འགྲོ་དོན་གྱིས་གོ་བས་སོ། །ཤེས་བྱ་ཆོས་ཅན། ལྡོག་པ་མི་འཁྲུལ་བ་འདི་འདྲ་བ་ནི་རྗེས་སུ་འགྲོ་བ་མེད་པར་མི་འགྲུབ་སྟེ། ལྡོག་པའི་ངེས་བཟུང་གིས་རྗེས་འགྲོ་འཕེན་པ་དེའི་ཕྱིར། མི་མཐུན་ཕྱོགས་ཁོ་ན་ལ་མེད་པའི་ལྡོག་པ་གྲུབ་ན་ནི་ནན་གྱིས་རྗེས་སུ་འགྲོ་བ་འགུག་པར་བྱེད་དེ། མཐུན་ཕྱོགས་ལ་རྟགས་དགག་པ་བཀག་པའི་ངོ་བོ་ནི་མཐུན་ཕྱོགས་ལ་རྟགས་འགྲུབ་པ་སྟེ་ཡོད་པའི་རང་བཞིན་ཡིན་པའི་ཕྱིར། སྲོག་སོགས་ཆོས་ཅན། མཐུན་པའི་ཕྱོགས་མིན་པ་ཉིད་ལ་མེད་དེ། མཐུན་པའི་ཕྱོགས་བདག་ལས་ལྡོག་པ་མེད་པའི་ཕྱིར་ཏེ། བདག་དངོས་པོ་མེད་པ་ཡིན་པས་སོ། །ཁྱབ་པ་ཡོད་དེ། དངོས་མེད་ལ་འབྱུང་ཁུངས་ཀྱི་སྒྲ་སྦྱར་བ་མི་འཐད་པས་སོ་ཞེ་ན། སྲོག་སོགས་མེད་ཅེས་པའི་ལྡོག་པ་དེ་ཉིད་ཆོས་ཅན། ཁྱོད་དངོས་མེད་ལས་ལྡོག་པར་ཇི་ལྟར་འདོད་དེ་འདོད་པར་མི་རིགས་པར་ཐལ། དངོས་མེད་ལ་འབྱུང་ཁུངས་ཀྱི་སྒྲ་མི་འཇུག་པའི་ཕྱིར། མེད་པ་བཀག་པའི་དངོས་པོ་ནི་མེད་པ་ལ་ཡང་ཡོད་ལ་དངོས་པོ་བཀག་པ་ནི་མི་སྲིད་དོ་ཞེ་བྱ་བ་སྨྲ་བའི་གསལ་བྱེད་པ་ལ་སོགས་གང་ཡིན་པ་འདི་ཆོས་ཅན། ལྷ་རྣམས་དགའ་བ་ཤེས་རབ་འཁྲུལ་པ་མེད་པ་ཤིན་ཏུ་བླུན་པར་ཐལ། ཡུལ་དངོས་མེད་དེ་ལ་དགག་པ་མི་འདོད་པ་དང་ཡང་དངོས་མེད་ལ་ཡོད་པ་མིན་པ་དང་དངོས་པོ་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཐ་སྙད་བྱེད་པ་ཡིན་པའི་ཕྱིར། དངོས་མེད་དགག་གཞིར་མི་རུང་བའི་དོན་འདི་ནི་མེད་པ་ལ་མེད་པ་ཞེས་བྱ་བ་དེའི་ནང་དུ་བསལ་ཟིན་པ་དེས་ན་འདིར་མི་སྤྲོའོ། །རིགས་པ་ཅན་པ་ཆོས་ཅན། བདག་མེད་པ་ནི་མ་ཡིན་གྱི་ཡོད་མེད་ཐེ་ཚོམ་དུ་འགྱུར་བར་ཐལ། བདག་ཚད་མས་མ་དམིགས་བཞིན་དུ་བདག་ཡོད་པའི་སྒྲུབ་བྱེད་འཇུག་པའི་ཕྱིར། གཞན་སངས་རྒྱས་པ་རྣམས་ཀྱིས་བུམ་པ་བདག་མེད་པ་དེ་ལྟར་ཁས་བླངས་པའི་ཕྱིར་བདག་མེད་ཡིན་ཞེ་ན། སངས་རྒྱས་པ་བུམ་པ་བདག་མེད་དུ་ཁས་བླངས་པ་ཆོས་ཅན། ཁྱོད་ལས་བུམ་པ་བདག་མེད་དེ་ལྟར་འགྲུབ་པར་འགྱུར་བ་མ་ཡིན་པར་ཐལ། ཁྱོད་སྒྲུབ་བྱེད་ཚད་མ་ཅན་མ་ཡིན་པས་སོ། །ཁྱབ་པ་ཡོད་ན། གསོན་ལུས་ཀྱང་བདག་མེད་དུ་ཧ་ཅང་ཐལ་བར་འགྱུར་ཏེ། སངས་རྒྱས་པས་གསོན་ལུས་བདག་མེད་ཁས་བླངས་པའི་ཕྱིར། བུམ་པ་ནི་གཉིས་ཀས་བདག་མེད་དུ་འདོད་པས་བདག་མེད་ཡིན་ལ་གསོན་ལུས་བདག་བཅས་སུ་ཁས་ལེན་པ་ལ་ངེད་ཀྱི་ཚད་མས་གནོད་ཅེ་ན། གསོན་ལུས་ཆོས་ཅན། ཁྱོད་བདག་བཅས་སུ་ལུང་གིས་འགྲུབ་པར་འགྱུར་གྱི་རྗེས་སུ་དཔག་པས་འགྲུབ་པ་ནི་མིན་པར་ཐལ། ཁས་བླངས་ཀྱི་སྟོབས་ཀྱིས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སོ་སོར་བཞག་པ་ཁོ་ན་ལས་ཁྱོད་འགྲུབ་པ་དེ་ལྟ་ནའོ། །ཁྱབ་པ་ཡོད་དེ། ཁས་བླངས་པའི་སྟོབས་ཀྱིས་མཐུན་ཕྱོགས་བདག་མེད་པ་དང་མི་མཐུན་པའི་ཕྱོགས་བདག་ཡོད་པ་རྣམ་པར་བཞག་ནས་ཁྱོད་ལ་ཚད་མ་འཇུག་པ་ནི་མི་རིགས་པས་སོ། །བདག་ཚད་མས་མ་གྲུབ་པ་དེའི་ཕྱིར་མཐུན་པའི་ཕྱོགས་མེད་པ་ལས་ལྡོག་པ་མེད་དུ་ཆུག་ཀྱང་སྲོག་ལ་སོགས་པ་ཆོས་ཅན། ཁྱོད་གསོན་ལུས་བདག་བཅས་སུ་བསྒྲུབ་པའི་མཐུན་ཕྱོགས་བདག་ལས་ལྡོག་པར་ཐེ་ཚོམ་ཟ་བར་ཐལ། བདག་ཡོད་མེད་ཐེ་ཚོམ་ཟ་བས་སོ། །འདོད་ན་དེ་བསྒྲུབ་ཀྱི་མི་མཐུན་པའི་ཕྱོགས་ཁོ་ན་ལས་ཀྱང་ལྡོག་པར་ཐེ་ཚོམ་ཟ་བར་ཐལ། འདོད་པ་དེ་ཉིད་ཀྱི་ཕྱིར། ཁྱབ་པ་ཡོད་དེ། གཅིག་མཐུན་ཕྱོགས་ཁོ་ན་ལ་ངེས་པར་གྲུབ་ན་གཞན་མི་མཐུན་ཕྱོགས་ལས་ལྡོག་པ་འགྲུབ་དགོས་པའི་ཕྱིར། མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དེ་ལྟ་མ་ཡིན་ན་ཤེས་བྱ་ཆོས་ཅན། མཐོང་བའི་བུམ་སོགས་འགའ་ཞིག་ལ་སྲོག་མེད་པར་གྲུབ་ཀྱང་ཐ་མལ་གྱིས་མ་མཐོང་བ་རྣམས་ལ་སྲོག་ཡོད་མེད་ཐེ་ཚོམ་དུ་འགྱུར་གྱི་མེད་པར་ངེས་པ་མིན་པར་ཐལ། འདི་ལྟར་གསལ་བའི་བྱེ་བྲག་མཐའ་དག་ལ་ཁྱབ་པ་མིན་པའི་དོན་ཡང་གསལ་བ་དེའི་རིགས་ཅན་འགའ་ཞིག་ལ་སྲིད་པར་མཐོང་བའི་ཕྱིར། དཔེར་ན་སྲ་བ་འགའ་ཞིག་མཚོན་གྱིས་མི་ཆོད་ཀྱང་སྲ་བ་ཐམས་ཅད་ལ་མཚོན་གྱིས་མི་ཆོད་པས་མ་ཁྱབ་པ་བཞིན་ནོ། །སྲོག་སོགས་ཆོས་ཅན། བདག་མེད་ལས་ལྡོག་པར་ཐེ་ཚོམ་ཟ་སྟེ་མ་ངེས་པ་ཉིད་དུ་ཐལ། བདག་མེད་དང་འགལ་བར་ཚད་མས་མཐོང་བ་མེད་པའི་ཕྱིར། ཡང་ནི་སྐྱོན་སོགས་པའོ། །མི་འགལ་བའི་ཚུལ་ནི། སྲོག་ལ་སོགས་པ་ཆོས་ཅན། ཁྱོད་བདག་མེད་ལས་ལྡོག་པར་ཐེ་ཚོམ་ཟ་བའམ་མ་ངེས་པ་ཡིན་ཏེ། བདག་མེད་པ་དང་བཤད་ཟིན་པའི་མཚན་ཉིད་ཀྱི་སྒོ་ནས་འགལ་བར་མ་གྲུབ་པའི་ཕྱིར། བདག་གི་འབྲས་བུ་འམ་བདག་དང་འབྲེལ་བར་ངེས་པས་ལྷན་ཅིག་མི་གནས་པའི་འགལ་བའོ་ཞེ་ན། སྲོག་ལ་སོགས་པ་ཆོས་ཅན། བདག་མེད་དང་ལྷན་ཅིག་མི་གནས་པའི་འགལ་བ་མིན་པར་ཐལ། བདག་དེའི་འབྲས་བུའམ་བདག་ཉིད་ཀྱིས་བདག་ལ་འབྲེལ་བར་ངེས་པ་ཡིན་ན། བདག་མེད་པ་དང་ལྷན་ཅིག་འགལ་བར་འགྱུར་དུ་ཆུག་ནའང་ཁྱོད་བདག་གི་འབྲས་བུ་དང་བདག་དང་འབྲེལ་བ་དེ་ནི་མ་གྲུབ་བོ་ཞེས་བཤད་ཟིན་པའི་ཕྱིར་རོ། །སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་པ་དང་སྲོག་དེ་ཡོད་པའི་གཞིར་བདག་མེད་པ་ལྡོག་ཏུ་ཆུག་པ་དེ་ལྟ་ན་ཡང༌། གསོན་པོའི་ལུས་ཆོས་ཅན། བདག་མེད་པ་མེད་པས་ཁྱོད་བདག་དང་བཅས་པར་ནི་མི་འགྲུབ་པར་ཐལ། དགག་པ་བཀག་པས་བསྒྲུབ་པ་མི་འཕེན་པའི་ཕྱིར། རིགས་པ་ཅན་པ་འདི་ཆོས་ཅན། རྒྱུ་མཚན་གང་གིས་བདག་མེད་པ་མེད་པས་བདག་ཡོད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ལྡོག་པ་སྟེ་དགག་པ་མེད་པ་དངོས་པོར་འདོད་པ་ནི་མ་ཡིན་པའི་ཕྱིར། དཔེར་ན་མཐུན་པའི་ཕྱོགས་བདག་ལ་སྲོག་སོགས་ལྡོག་པ་མེད་ཀྱང་འཇུག་པར་ཡང་མི་འདོད་པ་བཞིན་ནོ། །དེ་ཉིད་ཚིགས་སུ་བཅད་པས་སྡུད་པའི་བཤད་པ་ནི། གལ་ཏེ་གཏན་ཚིགས་སྲོག་ཆོས་ཅན། མཐུན་ཕྱོགས་བདག་ལ་རྗེས་འགྲོ་ཅན་དུ་ཐལ། བདག་ལས་ཐ་དད། མཐུན་ཕྱོགས་བདག་ལས་ལྡོག་མེད་དུ་ཚད་མས་གྲུབ་པ་དེའི་ཕྱིར། ཁྱབ་པ་མེད་ན། གལ་ཏེ་སྲོག་སོགས་ཆོས་ཅན། བདག་མེད་མ་ཡིན་པས་བདག་བཅས་སུ་བསྒྲུབ་པ་ཡིན་པར་ཐལ། ཁྱོད་གསོན་ལུས་བདག་བཅས་སུ་བསྒྲུབ་པའི་མཐུན་ཕྱོགས་ལས་ལྡོག་པ་མེད་ན་རྗེས་འགྲོ་དགོས་པ་མིན་པའི་ཕྱིར། གལ་ཏེ་སྲོག་ལ་སོགས་པ་ཡོད་པས་བདག་མེད་པ་ལྡོག་པའི་ཕྱིར་བདག་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྲོག་ལ་སོགས་པ་ནི་ཡོད་ཙམ་གྱིས་བདག་ཉེ་བར་འཇོག་པས་བསྒྲུབ་པའི་སྒོ་ཁོ་ན་ནས་བདག་རྟོགས་པར་བྱེད་པ་ཡིན་ནོ་ཞེ་ན། སྲོག་སོགས་ཆོས་ཅན། ཁྱོད་བདག་མེད་པ་ལས་ལྡོག་པ་ཁོ་ནས་གསོན་ལུས་བདག་བཅས་སུ་བསྒྲུབ་པའི་རྟགས་སུ་བཀོད་པ་ལ་འབྲས་བུ་ཅི་ཡོད་དེ་མེད་པར་ཐལ། ཁྱོད་ཀྱིས་གསོན་ལུས་གྱི་སྟེང་དུ་བདག་མེད་བཀག་པའི་སྒོ་ནས་བདག་གོ་བྱེད་མིན་པའི་ཕྱིར་རོ། །ཡང་སྲོག་སོགས་དེ་ཆོས་ཅན། བདག་མེད་དེ་ལས་ལྡོག་པ་ཅན་དུ་བསྒྲུབ་པའི་སྒོ་ནས་བདག་གོ་བྱེད་དུ་བརྗོད་པར་རིགས་པ་མ་ཡིན་པར་ཐལ། ཁྱོད་བདག་མེད་དེ་ལ་མི་སྲིད་པས། རང་ཡོད་ཙམ་ན་བདག་མེད་དེ་མེད་པར་སྒྲུབ་པར་བྱེད་པའི་ཕྱིར། རྟགས་གསལ་ཁས་བླངས། ཁྱབ་པ་མེད་ན། ཁྱོད་བདག་མེད་དེ་ལས་ལྡོག་པ་བདག་བསྒྲུབ་པ་ལ་ཅི་ཕན་ཏེ་དོན་མེད་པར་ཐལ། ཁྱོད་བདག་མེད་ལས་ལྡོག་པས་བདག་གོ་བྱེད་དེ་ལྟ་མིན་པའི་ཕྱིར། ཡང་སྲོག་ལ་སོགས་པ་ཆོས་ཅན། ཁྱོད་ཀྱིས་གསོན་ལུས་བདག་བཅས་སུ་ཇི་ལྟར་བསྒྲུབ་སྟེ་བསྒྲུབ་མི་ནུས་པར་ཐལ། བདག་དང་འབྲེལ་བ་ཉིད་དུ་ངེས་པར་ཚད་མས་མ་གྲུབ་པའི་ཕྱིར་ཞེས་བརྗོད་པར་བྱའོ། །ཁྱབ་པ་མེད་ན། ཁྱོད་ཤེས་བྱ་ཐམས་ཅད་སྒྲུབ་བྱེད་དུ་ཧ་ཅང་ཐལ་བར་འགྱུར་ཏེ། བདག་དང་མ་འབྲེལ་བཞིན་དུ་གསོན་ལུས་བདག་བཅས་སུ་སྒྲུབ་བྱེད་ཡིན་པ་དེ་ལྟ་ན་སྟེ་དེའི་ཕྱིར། དེ་བས་ན་སྲོག་ལ་སོགས་པ་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་ཉིད་དུ་རིགས་སོ། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ཞེས་པ་ཁྱད་པར་ལ་རྩོད་པ་བཟློགས་ཟིན་ནས། སྤྱི་ལ་ཡང་རྩོད་པ་བཟློག་པ་ལ་ཕྱོགས་སྔ་མ་ནི། ལྡོག་པ་གཅིག་པུ་ཅན་དུ་མ་ཟད་གཞལ་བྱ་ཉིད་ཐུན་མོང་བ་ཡང་རྗེས་སུ་འགྲོ་བ་གཅིག་པུ་དང་ལྡན་པ་ཉིད་ཀྱིས་གཏན་ཚིགས་སུ་རིགས་པ་ཅན་པ་སྨྲའོ། །དེའི་རྒྱུ་མཚན་འདུས་མ་བྱས་རྫས་སུ་ཡོད་པ་ལ་སྐུར་བ་འདེབས་པ་མདོ་སྡེ་པའི་ལུགས་ལ་ནམ་མཁའ་རྫས་སུ་མེད་པས་གཞལ་བྱ་རྫས་སུ་མེད་པ་ལ་རྗེས་སུ་འགྲོ་བ་མི་རུང་བའི་ཕྱིར་རྗེས་སུ་འགྲོ་བ་འཁྲུལ་པ་མེད་པ་མཐུན་ཕྱོགས་མི་རྟག་པ་ཉིད་ལ་ཡོད་པ་ཡིན་པས་སོ་ཞེ་ན། དེ་ལ་ཡང་སྐྱོན་ཡོད་དེ། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་མི་མཐུན་པའི་ཕྱོགས་ལས་ཇི་ལྟར་ལྡོག་པ་མེད་པ་ཡིན་ཏེ་མ་ཡིན་པར་ཐལ། ཇི་ལྟར་ན་དེ་བསྒྲུབ་ཀྱི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་མེད་ན། གཞལ་བྱ་ཆོས་ཅན། ཁྱོད་མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་པའི་ངེས་པར་གཟུང་བ་འདིའི་འབྲས་བུ་ཅི་ཡིན་ཏེ་ཅི་ཡང་མེད་པར་ཐལ། གལ་ཏེ་མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་པའི་ངེས་གཟུང་གི་ཚིག་གིས་ཁྱོད་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་རྣམ་པར་བཅད་པ་ཡིན་པའི་ཕྱིར་རོ། །རྟགས་མ་གྲུབ་ན། ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ཅི་ལྟར་མི་ལྡོག་སྟེ་ལྡོག་པར་ཐལ། རྗེས་སུ་འགྲོ་བའི་ངེས་གཟུང་གིས་མི་མཐུན་ཕྱོགས་ལ་ཁྱོད་ཡོད་པ་རྣམ་པར་བཅད་པའི་ཕྱིར། ཁྱབ་པ་ཡོད་དེ། ཁྱོད་མི་མཐུན་ཕྱོགས་ལས་ལྡོག་པ་ནི་ཁྱོད་མི་མཐུན་ཕྱོགས་ལ་ཡོད་པ་རྣམ་པར་བཅད་པ་ལས་གཞན་མིན་པའི་ཕྱིར་རོ། །རིགས་པ་ཅན་པ་ཆོས་ཅན། གཞལ་བྱ་མི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ཡང་མ་ཡིན་ལ་ལྡོག་པ་ཡང་མིན་ནོ་ཞེས་བྱ་བ་འདི་ནི་འགལ་བ་ཡང་ཡིན་ཏེ། གཞལ་བྱ་མི་མཐུན་ཕྱོགས་ལ་མེད་དོ་ཞེས་རྗེས་སུ་འགྲོ་བ་བཀག་པ་གང་ཡིན་པ་འདི་ཉིད་གཞལ་བྱ་མི་མཐུན་ཕྱོགས་ལས་ལྡོག་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གཞལ་བྱ་རྫས་སུ་མེད་པ་ལ་རྗེས་སུ་མི་འགྲོ་ཞེས་བྱ་བ་དེ་ནི་མེད་པ་ལས་གཞན་ལྡོག་པ་མི་རུང་བའི་ཕྱིར་ཞེས་བྱ་བ་དེ་ཉིད་ཀྱང་འོངས་པ་ཡིན་པས་ལན་ལ་དངོས་པོ་མེད་པ་ཆོས་ཅན། གཞལ་བྱ་ཁྱོད་ལ་རྗེས་སུ་འགྲོ་བ་ཇི་ལྟར་དགག་པར་མི་འཐད་དེ་འཐད་པར་ཐལ། ཁྱོད་དགག་སྒྲུབ་ཀྱི་གཞིར་མི་རུང་བའི་ཕྱིར། ཞེས་འདིར་ཡང་ལན་དེ་ཉིད་བརྗོད་པར་བྱ་བ་ཡིན་ནོ། །ཤེས་བྱ་ཆོས་ཅན། དངོས་པོའི་རང་བཞིན་འཕེན་པའི་དགག་པ་མེད་པ་ལ་མི་སྲིད་ཀྱང་མ་ཡིན་པར་དགག་པ་གཅིག་ཏུ་ནི་དགག་པའི་ཐ་སྙད་ཀྱི་ཡུལ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མེད་པར་དགག་པ་ཡང་དགག་པའི་ཐ་སྙད་ཀྱི་ཡུལ་ཡིན་ལ་དེ་ནི་མེད་པ་ལ་ཡང་འཇུག་པར་མི་འགལ་བའི་ཕྱིར་རོ། །དངོས་མེད་ལ་མེད་དགག་དེ་ཡང་མི་སྲིད་དེ། མེད་པ་ལ་མེད་ཅེས་བདུན་པ་དང་མེད་པ་ལས་ཞེས་འབྱུང་ཁུངས་ལ་སོགས་པའི་དོན་ཏེ་བརྗོད་བྱ་ཅན་དགག་པའི་ཡུལ་སྟོན་པའི་རྣམ་པར་དབྱེ་བ་རྣམས་དང་མི་ལྡན་པའི་ཕྱིར་རོ་ཞེ་ན། རྩོད་པ་འདི་ལ། དེ་ཕྱིར་དངོས་དངོས་མེད་བརྟེན་པ། ཞེས་པར་ལན་བཏབ་ཟིན་ཏོ། །རྗེས་སུ་འགྲོ་བ་ལྡོག་པ་ལ་མི་འཁྲུལ་བ་དེའི་ཕྱིར་རྗེས་སུ་འགྲོ་བ་གཅིག་པུ་ཅན་ཞེས་པའི་གཏན་ཚིགས་ནི་འགའ་ཡང་མེད་དོ། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་མི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་དང་མི་ལྡན་པ་ཡང་མ་ཡིན་ཏེ། དངོས་པོ་དངོས་མེད་གཉིས་ཀའི་ཆོས་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀ་ལ་བརྟེན་པའི་ཆོས་རྣམ་པ་གསུམ་ཞེས་བཤད་ཟིན་ཏོ། །དངོས་པོ་མེད་པ་ལ་ནི་ཆོས་འགའ་ཡང་མེད་དོ་ཞེ་ན། དངོས་པོའི་ཆོས་དང་བྲལ་བ་དེ་ཉིད་དངོས་མེད་དེའི་ཆོས་མ་ཡིན་ནམ་སྟེ་ཡིན་པས་ན། ཤེས་བྱ་ཆོས་ཅན། དངོས་པོའི་རང་བཞིན་ཉིད་དམ་ཁོ་ན་ནི་ཆོས་མ་ཡིན་པར་ཐལ། དངོས་པོར་མེད་དུ་ཟིན་ཀྱང་སྒྲ་རྟོག་གི་རྣམ་པ་འགའ་ཞིག་གིས་དངོས་པོ་མེད་པ་ཆོས་དང་ཆོས་ཅན་དེའི་ཐ་སྙད་བྱེད་པའི་ཕྱིར་རོ། །དངོས་པོ་མེད་པ་ལ་ཆོས་དང་ཆོས་ཅན་གྱི་ཐ་སྙད་འཇུག་པ་དེ་ལྟ་མིན་ན་ནི་དངོས་མེད་དེ་ལ་ཐ་སྙད་མེད་པ་ཉིད་དུ་འགྱུར་རོ། །དོན་དམ་པར་ནི་ཡོད་པ་དངོས་པོ་ལ་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མིན་ཏེ། ཆོས་དང་ཆོས་ཅན་གྱི་འབྲེལ་བ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཡིན་པའི་ཕྱིར་ཞེས་རྣམ་འགྲེལ་དུ་བཤད་ཟིན་ཏོ། །དངོས་པོ་མེད་པ་ཆོས་ཅན། དངོས་པོར་མ་ཟད་ཁྱོད་ལ་ཡང་ཡོད་དེ། ཆོས་དང་ཆོས་ཅན་ཐ་དད་པའི་འབྲེལ་བ་བློས་བྱས་པ་ནི་ཁྱོད་ལ་གང་གིས་བཟློག་མི་ནུས་པས་སོ། །དངོས་མེད་གཞལ་བྱ་མིན་ཏེ། ཚད་མ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཞེ་ན། ཡོད་པ་དང་མེད་པ་དང་གཉིས་ཀ་མིན་པར་རྣམ་པར་བཞག་པ་རབ་ཏུ་གྲགས་པར་གནས་པ་རྣམས་ཆོས་ཅན། དེ་དང་དེ་མ་ཡིན་པའི་བརྡ་བྱེད་པ་ཅན་རྣམས་ཀྱིས་མཐའ་གཅིག་ཏུ་ངེས་པར་འཛིན་པར་ཡང་མི་འགྱུར་བར་ཐལ། སྒྲུབ་པར་བྱེད་པ་ཚད་མའི་སྟོབས་ཀྱིས་མ་ངེས་པས་སོ། །རྟགས་མ་གྲུབ་ན། དངོས་མེད་གཞལ་བྱ་མ་ཡིན་པ་བུད། དངོས་མེད་ལ་ཡང་ཐ་སྙད་འཇུག་པ་དེའི་ཕྱིར་དངོས་པོ་མེད་པ་དེ་ཆོས་ཅན། ཇི་ལྟར་ཡང་རུང་སྟེ་གཞལ་བྱར་བརྗོད་པར་བྱ་བ་ཡིན་ཏེ། དངོས་པོ་རྟོགས་པའི་སྒོ་ནས་ཚད་མའི་སྟོབས་ཀྱིས་ངེས་པར་བྱེད་པས་སོ། །ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་དུ་བཤད་པ་མིན་ནམ་ཇི་ལྟར་ན་མེད་པ་གཞལ་བྱ་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། དངོས་པོའི་ཡུལ་ཅན་ཉིད་དམ་ཁོ་ན་ནི་ཚད་མ་མ་ཡིན་པར་ཐལ། དངོས་པོ་མེད་པ་ལ་ཡང་གསར་དུ་མི་བསླུ་བའི་ཤེས་པ་འཇལ་བྱེད་དུ་འཇུག་པའི་ཕྱིར། ཁྱབ་པ་ཡོད་དེ། ཚད་མའི་མཚན་ཉིད་ནི་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། མི་བསླུ་བའི་དོན་དེ་ནི་འདི་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་འཇལ་བའི་ཚད་མ་ཆོས་ཅན། དངོས་པོ་དང་དངོས་པོ་མེད་པ་དེ་ལ་མི་བསླུ་བ་དེའི་ངོ་བོར་འཇོག་པ་ལ་རྒྱུ་མཚན་ཡོད་པ་ཡིན་ཏེ། རང་གི་ཡུལ་ཇི་ལྟར་གཞལ་བ་ལ་ཚད་མས་གནོད་པ་མེད་པའི་ཤེས་པ་ཡིན་པའི་ཕྱིར། མི་བསླུ་བའི་དོན་དེ་ལྟ་ཡིན་པ་དེ་བས་ན་དངོས་མེད་འཇལ་བའི་ཚད་མ་འདི་ལ་དངོས་པོ་མེད་ལ་ལྟོས་ནས་ཀྱང་ཚད་མའི་མཚན་ཉིད་གནོད་པ་མེད་པའི་ཡུལ་ཅན་ཡོད་པས་དངོས་པོ་མེད་པ་གཞལ་བྱ་ཡིན་ནོ །རིགས་པ་ཅན་པ་ན་རེ། གལ་ཏེ་དངོས་མེད་ཐམས་ཅད་ཀྱང་ཤེས་བྱ་ལ་སོགས་རྣམ་པ་འགའ་ཞིག་ལྟར་ཡོད་པའི་ཕྱིར་འགའ་ཡང་དངོས་པོ་མེད་པ་མ་ཡིན་ནོ། །ཤེས་བྱར་ཡོད་པས་ཡོད་པར་མི་རུང་ན་ཡོད་པ་མི་སྲིད་པར་འགྱུར་ཏེ། མེ་ཆུའི་རང་བཞིན་དུ་ཡོད་པ་ལ་སོགས་ཐམས་ཅད་ཐམས་ཅད་ཀྱི་རང་བཞིན་དུ་ཡོད་པ་མི་སྲིད་པའི་ཕྱིར་ཞེ་ན། རིགས་པ་ཅན་པ་ཆོས་ཅན། གཞལ་བྱ་དངོས་པོ་དངོས་མེད་གཉིས་ཀའི་ཆོས་སུ་གྲུབ་པ་ཡིན་ཏེ། ཇི་ལྟར་གཞལ་བྱར་གྲུབ་པའི་མེ་ལ་སོགས་པ་དེ་དག་ཆུ་ལ་སོགས་པར་མེད་པའི་རྣམ་པ་དེ་ཉིད་དངོས་པོ་མེད་པ་ཡིན་པའི་ཕྱིར། བདག་མེད་དེ་མ་དམིགས་པའི་ཕྱིར། རི་བོང་གི་རྭ་བཞིན་ནོ་ཞེས་བཀོད་པ་ན་གསལ་བྱེད་པ་རི་བོང་དང་རྭ་དག་ཡོད་པའི་ཕྱིར་རི་བོང་གི་རྭ་མེད་པར་སྨྲ་བ་ལ་བཞག་གད་བྱེད་པ་དེ་ནི་གསལ་བྱེད་པ་བདག་ཉིད་ལ་བཞད་གད་བྱེད་པ་ཡིན་ནོ། །སངས་རྒྱས་པ་དེ་ཆོས་ཅན། ཁྱོད་ཀྱིས་རི་བོང་གི་ཡན་ལག་ཏུ་གྱུར་པའི་རྭ་མེད་དོ་ཞེས་བརྗོད་པ་ལ། རི་བོང་དང་རྭ་ཡང་ཡོད་དོ་ཞེས་བྱ་བའི་གསལ་བྱེད་པའི་ལན་སྐབས་སུ་བབ་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། གང་གིས་རི་བོང་དང་རྭ་ཡོད་པ་དེས་གནོད་པར་འགྱུར་བ་ཙམ་ལ་མེད་ཅེས་བསྙོན་པ་ནི་མིན་པའི་ཕྱིར། འོ་ན་ཅི་ཞེ་ན། རི་བོང་དང་འབྲེལ་པ་ཅན་གྱི་རྭ་མེད་པའོ། །གལ་ཏེ་དེ་ལྟ་ན་འབྲེལ་པ་མེད་ཅེས་བརྗོད་བར་བྱ་ཡི་རྭ་མེད་ཅེས་བརྗོད་པར་བྱ་བ་ནི་མ་ཡིན་ཏེ། འབྲེལ་པ་ལས་འབྲེལ་པ་ཅན་དུ་འགྱུར་བས་འབྲེལ་པ་དགག་བྱའོ་ཞེ་ན། སློབ་དཔོན་གྱིས་ཅི་བ་ལང་ལ་སོགས་པ་རྭ་ཅན་རྣམས་ཀྱི་རྭ་ལ་འབྲེལ་པ་ཙམ་ཁྱད་པར་ཡོད་ཀྱི་རྭའི་རྫས་ཀྱི་རང་བཞིན་ལ་ཁྱད་པར་མེད་པར་འདོད་པ་མ་ཡིན་ནམ་ཞེས་དྲིས་པས། ཕ་རོལ་གྱིས་རྭའི་རང་བཞིན་ཡང་ཐ་དད་པ་དེ་བཞིན་དུ་འབྲས་བུ་རྭ་ཅན་སོ་སོ་ལ་རྒྱུའི་རང་བཞིན་རྭ་ཡང་ཐ་དད་པའི་ཕྱིར་རོ་ཞེ་ན། རྒྱུ་རྭ་ཐ་དད་པས་འབྲས་བུ་རྭ་ཅན་ཡང་ཐ་དད་པ་དེའི་ཕྱིར། གསལ་བྱེད་པ་ཆོས་ཅན། རི་བོང་དང་རྭ་འབྲེལ་པ་མེད་ཅེས་བརྗོད་པར་བྱ་ཡི་རི་བོང་གི་རྭ་མེད་དོ་ཞེས་བརྗོད་པར་མི་བྱའོ་ཞེས་བྱ་བའི་ཁྱོད་ཀྱིས་གླན་ཀ་འདི་སངས་རྒྱས་པ་ལ་འཇུག་པའི་གོ་སྐབས་ག་ལ་ཡོད་དེ་མེད་པར་ཐལ། རི་བོང་དང་རྭ་འབྲེལ་པ་མེད་པར་མ་ཟད་རི་བོང་གི་ཡན་ལག་ཏུ་གྱུར་པའི་རྭ་ཡང་མེད་པའི་ཕྱིར། གལ་ཏེ་རྭ་ཅན་རྣམས་ཀྱི་རང་བཞིན་ཐ་དད་པ་དེ་བཞིན་དུ་རི་བོང་གི་རྭ་རང་བཞིན་ཐ་དད་པ་མེད་དོ་ཞེ་ན། སངས་རྒྱས་པ་ཁོ་བོ་ཅག་ཀྱང་དེ་ཉིད་སྨྲའོ། །ཡང་ན་གསལ་བྱེད་པ་ཆོས་ཅན། ཁྱོད་ཀྱིས་དགག་པར་བྱ་བའི་རི་བོང་དང་རྭའི་འབྲེལ་བ་གང་ཡིན་པ་དེ་ཉིད་དངོས་པོ་མེད་པ་ཡིན་པར་ཐལ། རི་བོང་དང་རྭ་ཡི་འབྲེལ་པ་མེད་པའི་ཕྱིར། འདོད་ན། ཁྱོད་འབྲེལ་གཞི་ཅན་ཡོད་པས་དགག་བྱ་མིན་ལ་འབྲེལ་བ་མེད་དོ་ཞེས་པའི་ཚིག་གི་ཚུལ་ཡང་སྒྲོ་བཏགས་པའི་ཕྱིར་རྫུན་ཚིག་ཏུ་ཟད་པ་ཡིན་ནོ། །ཁས་བླངས་པའི་རི་བོང་དང་འབྲེལ་པ་ཅན་གྱི་རྭའི་རྫས་ཀྱང་མེད་དོ་ཞེ་ན། འདོད་པ་བསྒྲུབ་སྟེ། གལ་ཏེ་འདི་ཉིད་དང་པོར་བརྗོད་ན་ཉོན་མོངས་པར་མི་བྱ་བ་ཞིག་གོ །འགལ་བ་ལ་མི་འཁྲུལ་པ་བསྒྲུབ་པའི་སྐྱོན་དུ་སྲིད་པ་དགག་པ་ནི། འགལ་བ་ལ་མི་འཁྲུལ་པ་ཅན་ཡང་ཐེ་ཚོམ་གྱི་རྒྱུར་བཤད་ན་མ་ངེས་པ་གང་གི་ནང་དུ་འདུ་ཞེ་ན། ཆོས་ཀྱི་གྲགས་པ་ཆོས་ཅན། འགལ་བ་ལ་མི་འཁྲུལ་བ་ཅན་གྱི་རྟགས་དེ་དངོས་པོ་སྟོབས་ཞུགས་ཀྱི་སྐབས་འདིར་མ་ངེས་པའི་རྟགས་སུ་མ་བཤད་པ་ལ་རྒྱུ་མཚན་ཡོད་དེ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ནུས་ཡུལ་ལ་འགལ་བ་ལ་མི་འཁྲུལ་པ་ཅན་མི་སྲིད་པས་མ་ངེས་པའི་རྟགས་སུ་བསྡུ་བ་ལ་དགོས་པ་མེད་པའི་ཕྱིར། རྟགས་གྲུབ་སྟེ། ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་རང་བཞིན་དང་འབྲས་བུ་དག་གམ་མ་དམིགས་པ་ལ་ནི་འགལ་བ་ལ་མི་འཁྲུལ་བ་ཅན་མི་སྲིད་ལ། མི་འཁྲུལ་པ་ཅན་གཞན་ནི་མེད་པས་སོ། །དངོས་པོ་སྟོབས་ཞུགས་ལ་འགལ་བ་ལ་མི་འཁྲུལ་བ་མི་སྲིད་པ་དེའི་ཕྱིར། འོ་ན་གནས་སྐབས་གང་ལ་སྲིད་ཅེ་ན། ལུང་ལ་བརྟེན་པ་ལ་སྲིད་ཅེས་སྟོན་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། དངོས་པོ་ཚད་མས་མ་མཐོང་བའི་ཡུལ་ལ་མི་འཁྲུལ་བ་ཅན་མི་སྲིད་པར་རྟོགས་པའི་སྟོབས་ཀྱིས་ཞུགས་པའི་ལུང་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་བརྟེན་ཏེ་ལུང་དེའི་དོན་དཔྱོད་པ་ན་རྟགས་དེ་འགལ་བ་ལ་མི་འཁྲུལ་བ་ཅན་བསྒྲུབ་པའི་སྐྱོན་ཅན་དུ་བཤད་དེ། བསྟན་བཅོས་བྱེད་པ་གཟེགས་ཟན་པ་ལ་སོགས་པ་རྣམས་ནི་འཁྲུལ་བས་དོན་རྣམས་ལ་རང་བཞིན་ལོག་པར་སྟོན་པ་སྲིད་པའི་ཕྱིར། ལུང་ལ་སྲིད་ན་དངོས་སྟོབས་ལ་ཇི་ལྟར་མི་སྲིད་ཅེ་ན། བདག་ཉིད་ཀྱི་གཏན་ཚིགས་ཏེ་རང་བཞིན་དང་འབྲས་བུ་དང་མ་དམིགས་པའི་གཏན་ཚིགས་རྣམས་ཆོས་ཅན། རང་རང་གི་བསྒྲུབ་བྱ་ལ་འགལ་བ་ལ་མི་འཁྲུལ་བ་ཅན་མི་སྲིད་དེ། རང་རང་གི་བསྒྲུབ་བྱའི་དངོས་པོ་ཇི་ལྟར་གནས་པ་བཞིན་སྒྲུབ་བྱེད་ཡང་དག་ཏུ་འདུག་པས་སོ། །འགལ་བ་ལ་མི་འཁྲུལ་བ་ཅན་འདི་ལ་དཔེར་བརྗོད་པ་ནི། གཟེགས་ཟན་གྱི་སྤྱི་རྟག་པ་ཆ་མེད་ནི་འགྲོ་འོང་སོགས་ཀྱི་བྱ་བ་མེད་པ་ཐམས་ཅད་དུ་སོང་བའོ། །ཞེས་བཤད་པ་ན། དེའི་སློབ་མ་པེ་ལུ་ཀས་སྤྱི་ནམ་མཁའ་བཞིན་དུ་གསལ་བ་ཡོད་མེད་ཐམས་ཅད་དུ་སོང་བ་དང་པེ་ཐ་རས་རང་གིས་ཙམ་ཐམས་ཅད་དུ་སོང་བར་ནི་བཟུང་ངོ༌། །དཔེར་མཁན་པ་འདས་ནས་རྩོད་པ་ནི། པེ་ལུ་ཀས་པེ་ཐ་ར་ལ་ལན་སྨྲས་པ། སྤྱི་ནི་ཆོས་ཅན། གསལ་བ་ཡོད་མེད་ཐམས་ཅད་ན་ཡོད་པ་ཡིན་ཏེ། ཤར་ལ་སོགས་པའི་ཡུལ་ཐམས་ཅད་ན་གནས་པ་སྤྱི་རང་དང་འབྲེལ་པ་ཅན་གསལ་བ་དག་དང་ཅིག་ཅར་མངོན་པར་འབྲེལ་བའི་ཕྱིར། ནམ་མཁའ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་རྟགས་སོ། །དེའི་རྒྱུ་མཚན་གསལ་བ་དེ་དག་ལ་འབྲེལ་བ་གསལ་བ་ཅན་གྱི་སྤྱིའི་རང་བཞིན་ཡོད་ཙམ་དང་རྗེས་སུ་འབྲེལ་བ་གསལ་བ་དེའི་ཡུལ་ན་འདུག་པའི་རང་བཞིན་ཉིད་ཡིན་པས་སོ། །ལྡོག་ཁྱབ་ཡོད་དེ། སྤྱི་གང་ཞིག་གསལ་བའི་ཡུལ་གང་ན་མེད་པ་དེ་ནི་གསལ་བ་དེའི་ཡུལ་ཅན་གསལ་བའི་བདག་ཉིད་ལ་ཁྱབ་པར་བྱེད་པ་མིན་ནོ། །གལ་ཏེ་ཁྱབ་བྱེད་ཁྱབ་བྱའི་ཡུལ་ན་གནས་པའི་ཁྱབ་པ་མེད་དེ། གཟུགས་ལ་སོགས་པ་ཡོན་ཏན་རྣམས་ཡོན་ཏན་ཅན་བུམ་སོགས་ལ་འདུ་ཡི་ནམ་མཁའ་ལ་འདུ་བས་ནམ་མཁའ་ལ་མེད་ཀྱང་ནམ་མཁའ་དེའི་ཡུལ་ན་གནས་པ་ཅན་གྱི་བུམ་པ་ལ་སོགས་པ་ལ་ཁྱབ་པར་བྱེད་པ་མ་ཡིན་ནམ་སྟེ་ཡིན་པས་སོ། །རྟགས་གྲུབ་སྟེ། གཟུགས་དང་བུམ་པ་ལ་འཕྲོད་པ་འདུ་བས་སོ་ཞེ་ན། བསྟན་བཅོས་ཀྱི་ཐ་སྙད་བཞག་ནས་མྱོང་བ་ཉིད་ཀྱིས་ཡུལ་ཐ་དད་པ་ལ་ཁྱབ་པ་དང་ཐ་མི་དད་ལ་ཁྱབ་པ་གྲུབ་བོ་ཞེས་འཆད་པ་ནི། སྐྱེས་བུ་དང་དབྱུག་པ་ལྡན་པ་དང་གཟུགས་དང་བུམ་པ་འདུ་བ་དག་ལས་གནས་པའི་ཡུལ་དང་ཡུལ་ན་གནས་པ་ཅན་གྱི་དངོས་པོ་གྲུབ་མཐའ་ལས་གྲགས་པ་གང་ཡིན་པ་འདི་ནི་རེ་ཞིག་བཞག་སྟེ། འཇིག་རྟེན་པའི་མྱོང་བས་གྲུབ་པ་ལ་བརྟེན་ནས་ཡུལ་རྣམ་པར་ཆད་པ་ལ་ཐ་དད་ཡུལ་རྣམ་པར་མ་ཆད་པར་སྣང་བའི་རྣམ་པར་ཤེས་པ་བསྐྱེད་པར་རུང་བའི་མཚན་ཉིད་ལ་གཅིག་ཅེས་བརྗོད་དོ། །སྐྱེས་བུ་དང་དབྱུག་བ་ལྟ་བུ་སོ་སོ་བ་དང་སོ་སོ་བ་མ་ཡིན་པར་གྲུབ་པ་དག་ལ་ནི་ལྡན་པ་དང་འདུ་བའི་འབྲེལ་པ་དག་གོ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་ཡང་རྣམ་པར་བཞག་པ་དགོངས་པ་ཡིན་ནོ། །དོན་བསྡུ་བ་ནི། གང་ཞིག་གི་ཁྱབ་བྱེད་ཡིན་པ་དེ་ཁྱབ་བྱའི་ཡུལ་ན་ཡོད་པས་ཁྱབ་པ་དེའི་ཕྱིར། སྤྱི་འདི་རང་ཡོད་པ་ཙམ་དུ་རྗེས་སུ་འབྲེལ་པ་ཅན་གྱི་བྱེ་བྲག་དེའི་ཡུལ་ན་གནས་པ་བསྒྲུབ་པར་བྱ་བ་ལ་བྱེ་བྲག་དེ་དང་འབྲེལ་པ་ཉིད་འདི་ནི་གཏན་ཚིགས་ཡིན་ནོ། །པེ་ལུ་ཀའི་འདོད་པ་བརྗོད་ཟིན་ཏོ། །ཟུར་ན་གནས་པའི་རྒོལ་བ་སྨྲས་པ། གལ་ཏེ་སྤྱི་རང་གི་རྟེན་གསལ་བ་ལ་ཁྱབ་པར་སྨྲ་བ་པེ་ཐ་རས་ཀྱང་གསལ་བ་དེའི་ཡུལ་ན་སྤྱི་གནས་པར་འདོད་པ་ཉིད་མ་ཡིན་ནམ། འདོད་པ་དེའི་ཕྱིར་པེ་ཐ་ར་ཁྱོད་ཀྱིས་འདི་ལ་མི་འདོད་པ་ཅི་ཡོད་ཅེ་ན། སངས་རྒྱས་པས་པེ་ཐ་རས་འདོད་པ་དེ་མི་འཐད་པ་བཤད་པ། སྤྱི་ནི་ཆོས་ཅན། ཡུལ་ཐ་དད་པའི་གསལ་བ་དག་དང་ཅིག་ཅར་འབྲེལ་བར་མི་འགྲུབ་པར་ཐལ། གསལ་བ་ཡོད་མེད་ཐམས་ཅད་དུ་ཁྱབ་པ་མིན་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། ཡུལ་ཐ་དད་པའི་གསལ་བ་དག་དང་ཅིག་ཆར་མངོན་པར་འབྲེལ་བའི་སྤྱི་ནི་གསལ་བ་ཡོད་མེད་ཐམས་ཅད་དུ་ཁྱབ་པ་མ་ཡིན་པར་མི་འགྲུབ་སྟེ། ཤར་གྱི་བ་ལང་གཅིག་དང་དོན་དམ་པར་འཕྲོད་འདུས་འབྲེལ་བ་ཅན་སྔོན་ནུབ་དེ་ན་མེད་པའི་སྤྱི་ཡིན་ན་ནི་ནུབ་ལ་སོགས་པའི་ཡུལ་གཞན་དུ་སྔ་ན་མེད་པའི་གསལ་བ་སྐྱེས་པ་ན་དེ་དང་འབྲེལ་བར་མི་ནུས་པ་དེའི་ཕྱིར། རྟགས་གྲུབ་སྟེ། སྤྱི་འགྲོ་བའི་བྱ་བ་མེད་པས་སོ། །རྒྱུ་མཚན་དེས་ན་ཤར་གྱི་བ་ལང་གཅིག་དང་འབྲེལ་པ་ཅན་གྱི་སྤྱི་གཅིག་ནི་ཆོས་ཅན། ཡུལ་གཞན་ནུབ་ཏུ་མ་སོང་བར་ཤར་དེའི་ཡུལ་ན་ཡོད་པ་ཅན་མ་ཡིན་པར་སྔ་ན་མེད་པའི་ནུབ་ཀྱི་བ་ལང་གསར་སྐྱེ་དག་དང་དོན་དམ་པར་འཕྲོད་འདུས་མངོན་པར་འབྲེལ་བ་ཡིན་ན་ནི་ཡུལ་དུ་མ་ན་གནས་པའི་བུམ་པ་ལ་སོགས་པ་དག་དང་ཅིག་ཅར་འབྲེལ་བའི་ཉི་མའི་འོད་ལ་སོགས་པ་བཞིན་དུ་གསལ་བ་དེའི་བར་ན་ཁྱབ་པ་མེད་ན་གསལ་བ་དང་འབྲེལ་པ་མེད་པ་ཡིན་ཏེ། གསལ་བ་དང་དོན་དམ་པར་འབྲེལ་བ་ཡིན་ན་གསལ་བའི་བར་ན་ཡོད་དགོས་པའི་ཕྱིར། སྦྱོར་བ་གཉིས་པ་པེ་ཐ་རའི་སྦྱོར་བ་ཡང༌། སྤྱི་ནི་ཆོས་ཅན། གསལ་བའི་བར་སྟོང་ཐམས་ཅད་དུ་སོང་བ་མ་ཡིན་ཏེ། གསལ་བའི་བར་སྟོང་དུ་ཡོད་ན་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་གསལ་བའི་བར་དག་ཏུ་མ་དམིགས་པའི་ཕྱིར་རོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ནི་མི་ཤེས་པ་ལ་མངོན་པར་གསལ་བ་སྟེ། དེ་ཡང་གསལ་བ་ལ་ལར་གསལ་གྱི་ལ་ལར་མི་གསལ་ལོ་ཞེ་ན། སྤྱི་ཆོས་ཅན། གསལ་བ་གཅིག་ལ་གསལ་བས་ཐམས་ཅད་ལ་གསལ་བར་ཐལ། ཐ་དད་པ་མེད་པ་གཅིག་ཡིན་པའི་ཕྱིར། འདོད་ན། མི་གསལ་བའི་རང་བཞིན་དང་བྲལ་བར་ཐལ་ལོ། །འདོད་པ་དེའི་ཕྱིར། བར་དུ་ཆོད་པ་དང་རིང་པོར་གནས་པ་དང་བལྟར་མི་རུང་བ་རྣམས་མི་གསལ་ལོ་ཞེ་ན། སྤྱི་ཆོས་ཅན། སྒྲིབ་པས་མ་ཆོད་པ་དང༌། ཐག་རིང་པོར་གནས་པ་མིན་པ་དང༌། བལྟར་རུང་བའི་བདག་ཉིད་ཀྱི་སྤྱི་ལས་སྒྲིབ་པས་ཆོད་པ་སོགས་ཀྱི་སྤྱི་ལོགས་སུ་གཞག་ཏུ་མེད་པར་ཐལ། སྤྱི་ཐམས་ཅད་ཐ་དད་མེད་པ་གཅིག་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །རང་གི་རྟེན་དང་དབང་པོ་མ་འབྲེལ་བས་མི་གསལ་ལོ་ཞེ་ན། རང་གི་རྟེན་དང་དབང་པོ་འབྲེལ་བའི་སྤྱི་ལས་མ་འབྲེལ་བའི་སྤྱི་ལོགས་སུ་གཞག་ཏུ་མེད་པར་ཐལ། སྤྱི་ཐམས་ཅད་ཆ་མེད་གཅིག་ཡིན་པའི་ཕྱིར། རྟེན་ལ་འདུས་པ་གསལ་གྱི་ཐམས་ཅད་མི་གསལ་ལོ་ཞེ་ན། རྟེན་དང་འདུ་བ་མེད་པའི་རང་བཞིན་དང་བྲལ་བ་ཡང་ཡིན་ཏེ། རྟེན་ལ་འཕྲོད་པ་འདུ་བ་དང་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །རྟགས་བསལ་རྣམས་ཁས་བླངས་སོ། །སྤྱི་དང་ཡུལ་མཚུངས་པའི་རྟེན་བྱེ་བྲག་དབང་པོ་དང་སྦྱོར་བའམ་ཕྲད་པ་ལ་ལྟོས་པ་ཡིན་ན་ནི་གསལ་ལོ་ཞེ་ན། སྤྱི་ནི་ཆོས་ཅན། ཆ་ཐ་དད་པ་མེད་པར་འགལ་བར་ཐལ། རྟེན་དང་ཡུལ་མཚུངས་པ་དང་ཡུལ་མཚུངས་པ་མིན་པའི་རང་བཞིན་གཉིས་སུ་གནས་པའི་ཕྱིར། ཐ་དད་མེད་པར་ཡང་འགལ་བར་ཐལ། བལྟར་རུང་བ་དང་མི་རུང་བའི་བདག་ཉིད་ཀྱི་རྫས་གཉིས་སུ་གནས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ། །རྒྱུ་མཚན་དེ་བས་ན་པེ་ཐ་རའི་མི་དམིགས་པའི་སྦྱོར་བ་འདི་དང་པེ་ལུ་གའི་རང་བཞིན་གྱི་སྦྱོར་བ་ནི་ཆོས་ཅན། རང་རང་གི་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་པར་བྱེད་དེ། གཞི་སྤྱི་གཅིག་ལ་ཕན་ཚུན་འགལ་བའི་དོན་སྒྲུབ་པའི་རྟགས་སྦྱོར་ལྟར་སྣང་དུ་མཚུངས་པས་སོ། །བསྟན་བཅོས་བྱེད་པའི་གཟེགས་ཟན་ཆོས་ཅན། ཁྱོད་ཀྱི་ལུང་ཚད་མར་བྱས་ནས་འགལ་བ་ལ་མི་འཁྲུལ་བ་ཅན་གྱི་རྟགས་འབྱུང་བ་སྲིད་དེ། ཁྱོད་ཀྱིས་ནི་སྤྱི་གསལ་བའི་བར་ན་མེད་པ་དང་གསལ་བ་ལ་དོན་དམ་པར་འཕྲོད་འདུས་འབྲེལ་བ་གཉིས་པོ་དག་གི་འགལ་བའི་ཆོས་མེད་ན་མི་འབྱུང་བ་མ་མཐོང་བས་དེ་དག་མི་འགལ་བར་མཐོང་ནས་སྤྱི་གསལ་བའི་བར་ན་མེད་པ་དང་གསལ་བ་ལ་དོན་དམ་པར་འཕྲོད་འདུས་འབྲེལ་བར་བཤད་པའི་ཕྱིར། དངོས་པོ་དང་རྗེས་སུ་འབྲེལ་བའི་རྗེས་དཔག་ལ་ནི་འགལ་བ་ལ་མི་འཁྲུལ་པ་མི་སྲིད་པ་འདི་ལྟར། དངོས་པོ་སྟོབས་ཞུགས་ཀྱི་རྟགས་དེ་ལ་ཆོས་ཅན། འགལ་བ་ལ་མི་འཁྲུལ་བ་ཅན་གྱི་རྟགས་དོན་མཐུན་མི་སྲིད་དེ། ཇི་ལྟར་བསྒྲུབ་བྱའི་ཆོས་འགལ་བ་དག་གཞི་གཅིག་ལ་མི་སྲིད་པ་དེ་བཞིན་དུ་དེས་ཁྱབ་པ་དག་ཀྱང་གཅིག་ལ་མི་སྲིད་པའི་ཕྱིར་རམ་རྒྱུ་མཚན་གྱིས་འགལ་བས་ཁྱབ་པ་དེ་དག་གཅིག་ལ་ཡོད་པ་མ་ཡིན་པ་དེས་ནའོ། །དེས་ན་འགལ་བ་ལ་མི་འཁྲུལ་བ་ཅན་གྱི་རྟགས་འདི་ནི་གཟེགས་ཅན་གྱི་ལུང་ཁས་བླངས་པའི་སྟོབས་ཀྱིས་འཇུག་པ་ཡིན་ནོ། །དངོས་པོ་ལ་མི་སྲིད་ན་སློབ་དཔོན་གྱིས་བྱས་པ་ལ་དཔེར་བརྗོད་དེ་ཅི་ཡིན་ཞེ་ན། སློབ་དཔོན་གྱིས་ནི་ཆོས་ཅན། དངོས་པོ་སྟོབས་ཞུགས་ལ་འགལ་བ་ལ་མི་འཁྲུལ་བ་སྲིད་པའི་སྒོ་ནས་བྱས་པ་ལ་དཔེར་བརྗོད་མཛད་པ་མིན་ཏེ། བྱས་པའི་ཕྱོགས་ཙམ་བྱེ་བྲག་པའི་ལུང་དོན་སྔར་ཡོད་ཀྱིས་གསལ་བར་བྱས་པ་འགལ་བ་ལ་མི་འཁྲུལ་བ་ཅན་དུ་བསྟན་པའི་ཕྱིར། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར། རྟག་སྟེ་མཉན་བྱ་ཡིན་པའི་ཕྱིར་ཞེས་དཔེར་བརྗོད་པ་འདི་གསུངས་པའི་ཕྱིར་ཆོས་མཆོག་གོ །མཉན་བྱ་འདི་ཆོས་ཅན། ཁྱོད་སྒྲ་རྟག་པར་བསྒྲུབ་པའི་རྟགས་ཡིན་པ་འདི་ལ་ནི་ཚད་མ་ཅན་མ་ཡིན་པ་གསུམ་ཁས་བླངས་པར་བྱ་བ་ཡིན་ཏེ། སྒྲའི་སྤྱི་ཉིད་གསལ་བ་ལས་རྫས་ཐ་དད་པ་དང༌། དེ་ཉིད་ཉན་པའི་དབང་པོས་རྟོགས་པར་བྱ་བ་དང་རྟག་པ་སྟེ་གསུམ་པོ་དེ་ཁས་བླངས་ལས་ཚད་མ་སྟེ་རྟགས་འདི་འཇུག་པ་ཡིན་པའི་ཕྱིར་རོ། །སྒྲ་རྟག་པར་མ་གྲུབ་པ་དེ་བས་ན། མཉན་བྱ་འདི་ནི་ཆོས་ཅན། བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ལ་གེགས་བྱེད་པ་མིན་པར་ཐལ། བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་དངོས་པོའི་སྟོབས་ཀྱིས་འོངས་པའི་ཚུལ་གསུམ་ཚད་མས་ངེས་པ་ཡིན་པའི་ཕྱིར། བྱས་པ་ཉིད་ཀྱིས་སྐབས་སུ་ལུང་ལས་བཤད་པའི་མཉན་བྱ་གནོད་བྱེད་དུ་ཉེ་བར་དགོད་པར་བྱ་བ་མིན་ཏེ། བྱས་པས་སྒྲ་མི་རྟག་པར་འགྲུབ་པ་ལུང་ལ་བརྟེན་པ་མེད་པའི་ཕྱིར་རོ། །མཉན་བྱ་གང་ཡིན་པ་དེ་ནི་ཆོས་ཅན། སྒྲ་རྟག་པར་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཁྱོད་རྟག་པ་ཡིན་ནོ་ཞེས་བསྒྲུབ་བྱ་དང་འབྲེལ་པ་མི་འཁྲུལ་བ་ཡང་མ་གྲུབ་པའི་ཕྱིར་རོ། །དཔེ་རང་རྒྱུད་དུ་གོ་བྱེད་དུ་འདོད་པ་དགག་པ་ནི། གཏན་ཚིགས་ཡང་དག་དང་ལྟར་སྣང་ཐམས་ཅད་བཤད་ན་གཏན་ཚིགས་ཀྱི་སྦྱོར་བ་ནི་དཔེ་དང་བཅས་པ་ཉིད་ཡིན་པས་དཔེའི་མཚན་ཉིད་ཇི་ལྟར་མི་བརྗོད་ཅེ་ན། གཏན་ཚིགས་མཚན་ཉིད་གསུམ་ཡིན་པའི་ཕྱིར་དཔེ་ནི་ལོགས་ཤིག་བརྗོད་བྱ་མིན་ཞེས་རྒྱས་པར་འགྲེལ་པ་ནི། ཤེས་བྱ་ཆོས་ཅན། དཔེ་ཞེས་བྱ་བ་བསྒྲུབ་བྱ་བསྒྲུབ་པའི་ཡན་ལག་རང་རྒྱུད་པ་ཚུལ་གསུམ་ལས་གཞན་ནི་ཡོད་པ་མིན་ཏེ། གཏན་ཚིགས་ཀྱི་མཚན་ཉིད་དུ་བཤད་པའི་ཚུལ་གསུམ་པོ་དེ་ཙམ་གྱིས་བསྒྲུབ་བྱའི་དོན་རྟོགས་པས་སོ། །རྒྱུ་མཚན་དེས་ན་དེའི་མཚན་ཉིད་ལོགས་ཤིག་ཏུ་མ་བཤད་དེ། རྟགས་ཀྱི་མཚན་ཉིད་བརྗོད་པའི་ཤུགས་ལས་དཔེའི་དོན་གོ་བའི་ཕྱིར་རོ། །ཤུགས་ལ་གོ་བ་ཉིད་སྟོན་པ་ནི་གཏན་ཚིགས་ཡང་དག་ནི་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་བསྟན་པའི་ཤུགས་ལ་དཔེ་དོན་གོ་བར་འགྱུར་ཏེ། ཁྱོད་མཐུན་པའི་ཕྱོགས་ལ་ཡོད་པ་དང་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་ཚུལ་དུ་བྱེ་བྲག་མེད་པར་བཤད་པའི་ཤུགས་ལ་དཔེའི་དོན་ཁོང་དུ་ཆུད་པའི་ཕྱིར། ཡང་བྱེ་བྲག་ཏུ་རྗེས་སུ་འགྲོ་ལྡོག་ངེས་པའི་ཚུལ་ནི། འབྲས་བུ་དུ་བ་ཆོས་ཅན། མེ་དེ་དང་རྗེས་སུ་འབྲེལ་བར་བཤད་དེ། མེ་ལས་སྐྱེ་བར་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མས་གྲུབ་པའི་ཕྱིར། རང་བཞིན་བྱས་པ་དག་ཆོས་ཅན། མི་རྟག་པ་དེ་གྲུབ་ཙམ་གྱིས་མི་རྟག་པ་ལ་རྗེས་སུ་འབྲེལ་བར་བཤད་དེ། མི་རྟག་པ་ལ་བདག་གཅིག་ཏུ་འབྲེལ་བར་གནོད་པ་ཅན་གྱི་ཚད་མས་གྲུབ་པའི་ཕྱིར། དུ་བས་དུ་ལྡན་གྱི་ལ་མེ་ཡོད་པར་བསྒྲུབ་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཆོས་ཅན། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དེ་དཔེར་ན་ཚང་མང་བཞིན། མེ་མེད་ན་ནི་གང་ན་ཡང་དུ་བ་ཡོད་པ་མ་ཡིན་ཏེ་གཞན་པ་དག་བཞིན་ཞེས་བསྟན་པར་བྱ་བ་ཡིན་ཏེ། དུ་བས་དུ་ལྡན་གྱི་ལ་མེ་ཡོད་དུ་བསྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གོ་བར་བྱེད་པའི་སྒྲུབ་ངག་གི་ཡན་ལག་ཡིན་པས་སོ། །བྱས་པ་སྒྲ་མི་རྟག་པར་བསྒྲུབ་པའི་ཆོས་དང་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཆོས་ཅན། གང་བྱས་པ་དེ་མི་རྟག་པ་ཉིད་ཡིན་ལ་དཔེར་ན་བུམ་པ་བཞིན། མི་རྟག་པ་ཉིད་མེད་ན་ནི་བྱས་པ་མི་སྲིད་དེ། དཔེར་ན་ནམ་མཁའ་བཞིན་ནོ་ཞེས་བསྟན་པར་བྱ་བ་ཡིན་ཏེ། བྱས་པས་སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གོ་བར་བྱེད་པའི་སྒྲུབ་ངག་ཡང་དག་ཡིན་པས་སོ། །ཁྱབ་པ་མེད་ན། མཐུན་པའི་ཕྱོགས་ལ་ཡོད་པའི་རྗེས་འགྲོ་དང་མི་མཐུན་པའི་ཕྱོགས་དག་ལ་མེད་པའི་ལྡོག་པ་ཇི་སྐད་བཤད་པའི་རྣམ་པ་དག་གམ། དུ་བ་མེ་དེའི་འབྲས་བུ་ཉིད་དུ་ངེས་པ་དང་བྱས་པ་མི་རྟག་པ་དེའི་རང་གི་ངོ་བོ་ཡིན་པའི་ཁྱབ་པ་བསྟན་པར་མི་ནུས་པར་ཐལ། དཔེའི་སྟེང་དུ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་སྟོན་པ་དེ་ལྟ་མ་ཡིན་ན་ནིའོ། །ཁྱབ་པའི་དོན་འདི་བསྟན་ན་ཡང་དཔེ་བསྟན་པ་ཉིད་དུ་འགྱུར་བ་ཡིན་ཏེ། དཔེའི་ཚུལ་ནི་ཁྱབ་པ་སྟོན་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དཔེ་ཡང་དག་བསྟན་པ་འདིས་ནི་དཔེའི་ཉེས་པ་རྣམས་ཀྱང་བསལ་བ་ཡིན་ནོ། །དཔེའི་ཉེས་པ་གང་ཞེ་ན། དཔེར་ན་སྒྲ་རྟག་སྟེ། ལུས་ཅན་མིན་པའི་ཕྱིར། ལས་བཞིན་དང་རྡུལ་ཕྲ་རབ་བཞིན་དང་བུམ་པ་བཞིན་ནོ་ཞེས་བྱ་བ་བཀོད་པ་ན་ལས་དང་རྡུལ་ཕྲ་རབ་དང་བུམ་པ་རྣམས་ནི་ཆོས་ཅན། དེ་བསྒྲུབ་ཀྱི་དཔེའི་ཉེས་པ་ཡིན་ཏེ། དེ་བསྒྲུབ་ཀྱི་དཔེར་བཟུང་བ་གང་ཞིག་རིམ་པ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ཀྱིས་སྟོང་པ་དང་སོགས་པ་རྟགས་དང་རྟགས་ཆོས་གཉིས་ཀས་སྟོང་པ་ཡིན་པའི་ཕྱིར། དོན་སྐྱོན་ཅན་བསྟན་ཟིན་ཏོ། །བློ་སྐྱོན་ཅན་ནི། འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ། སྨྲ་བའི་ཕྱིར། ལམ་པོ་ཆེའི་མི་བཞིན་ནོ་ཞེས་བྱ་བ་བཀོད་པ་ན། ལམ་པོ་ཆེའི་མི་ཆོས་ཅན། དེ་བསྒྲུབ་ཀྱི་དཔེའི་ཉེས་པ་ཡིན་ཏེ། དེ་བསྒྲུབ་ཀྱི་མཐུན་དཔེར་བཟུང་བ་གང་ཞིག་བསྒྲུབ་བྱའི་ཆོས་དང་ལྡན་པ་ཡིན་མིན་ཐེ་ཚོམ་ཟ་བའི་ཕྱིར། སོགས་པ་ཆགས་ལྡན་གྱིས་མི་དེ་འཆི་བའི་ཆོས་ཅན་དུ་བསྒྲུབ་པའི་མཐུན་དཔེ་ཡང་དག་མིན་པར་ཐལ། སྨྲ་བ་ཕ་རོལ་པོ་ཀུན་མཁྱེན་མིན་པར་བསྒྲུབ་པའི་དེ་བསྒྲུབ་ཀྱི་དཔེར་བཟུང་བ་གང་ཞིག བསྒྲུབ་བྱའི་ཆོས་དང་ལྡན་པ་ཡིན་མིན་ཐེ་ཚོམ་ཟ་བའི་ཕྱིར། སྒྲ་སྐྱོན་ཅན་ནི། དཔེར་ན་གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ། འདོད་པའི་མི་བཞིན་ནོ་ཞེས་བྱ་བ་བཀོད་པ་ན། འདོད་པའི་མི་ཆོས་ཅན། དེ་བསྒྲུབ་ཀྱི་དཔེའི་ཉེས་པ་ཡིན་ཏེ། དེ་བསྒྲུབ་ཀྱི་དཔེར་བཟུང་བ་གང་ཞིག ཁྱོད་ཀྱི་སྟེང་དུ་སྨྲ་བ་ལ་འདོད་ཆགས་དང་ལྡན་པའི་རྗེས་སུ་འགྲོ་བའི་ཁྱབ་པ་མེད་པའི་ཕྱིར། སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བཀོད་པ་ན་བུམ་པ་ཆོས་ཅན། དེ་བསྒྲུབ་ཀྱི་དཔེའི་ཉེས་པ་ཡིན་ཏེ། དེ་བསྒྲུབ་ཀྱི་མཐུན་དཔེར་བཟུང་བ་གང་ཞིག སྒྲུབ་ངག་གིས་ཁྱོད་ཀྱི་སྟེང་དུ་དེ་བསྒྲུབ་ཀྱི་རྗེས་འགྲོའི་ཁྱབ་པ་རབ་ཏུ་མ་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ནི་གང་མི་རྟག་པ་དེ་ནི་བྱས་པ་སྟེ། བུམ་པ་བཞིན་ནོ་ཞེས་བྱ་བ་ལྟ་བུ་བཀོད་པ་ན། བུམ་པ་ཆོས་ཅན། བྱས་པས་སྒྲ་མི་རྟག་བསྒྲུབ་ཀྱི་དཔེའི་ཉེས་པ་ཡིན་ཏེ། དེ་བསྒྲུབ་ཀྱི་མཐུན་དཔེར་བཟུང་བ་གང་ཞིག བྱས་པ་ལ་མི་རྟག་པས་ཁྱབ་པ་མ་བསྟན་པར་མི་རྟག་པ་ལ་བྱས་པས་ཁྱབ་པ་བསྟན་པའི་ཕྱིར། དེ་དག་ནི་ཆོས་མཐུན་པའི་དཔེའི་སྒོ་ནས་དཔེ་ལྟར་སྣང་དག་ཡིན་ནོ། །ཆོས་མི་མཐུན་པའི་སྒོ་ནས་ཀྱང་དགུ་ཡིན་ཏེ། འདི་ལྟར། ལུས་ཅན་མིན་པས་སྒྲ་རྟག་པར་བསྒྲུབ་པ་ལ་མི་མཐུན་དཔེ་རྡུལ་ཕྲ་རབ་བཞིན་དང་ལས་བཞིན་དང་ནམ་མཁའ་བཞིན་ནོ་ཞེས་བྱ་བ་བཀོད་པ་ན། རྡུལ་ཕྲ་རབ་དང་ལུས་དང་ནམ་མཁའ་རྣམས་ནི་ཆོས་ཅན། དེ་བསྒྲུབ་ཀྱི་དཔེའི་ཉེས་པ་ཡིན་ཏེ། དེ་བསྒྲུབ་ཀྱི་མི་མཐུན་དཔེར་བཟུང་བ་གང་ཞིག རིམ་བཞིན་དུ་དེ་བསྒྲུབ་ཀྱི་བསྒྲུབ་པར་བྱ་བའི་ཆོས་དང་རྟགས་དང་ཆོས་རྟགས་གཉིས་ཀ་ལྡོག་པ་མེད་པའི་ཕྱིར། དཔེ་ལྟར་སྣང་སྟོན་པའི་སྐབས་འདིར་ཆོས་ཅན། དོན་སྐྱོན་ཅན་གྱི་མི་མཐུན་དཔེ་ལྟར་སྣང་བསྟན་པ་དེ་བཞིན་དུ་བསྒྲུབ་བྱའི་ཆོས་དང་རྟགས་དང་རྟགས་ཆོས་གཉིས་ཀ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་ལྡོག་པ་མེད་པ་དང་ལྡོག་པ་རབ་ཏུ་བསྟན་པ་དང་སོགས་པ་ལྡོག་པ་ཕྱིན་ཅི་ལོག་ཏུ་སྟོན་པའི་མཐུན་དཔེ་ལྟར་སྣང་ཡང་བརྗོད་པར་བྱ་སྟེ། དེ་དག་བརྗོད་པས་མཐུན་དཔེའི་བསལ་བྱ་མི་མཐུན་དཔེ་ལྟར་སྣང་ཁོང་དུ་ཆུད་པའི་ཕྱིར། དཔེ་ཡང་དག་རྣམས་ཀྱི་རྗེས་སུ་འགྲོ་ལྡོག་སྤྱི་དང་བྱེ་བྲག་གི་མཚན་ཉིད་བསྟན་པར་དོན་གྱིས་གོ་བ་དཔེ་ལྟར་སྣང་འདི་དག་བསལ་བར་རིག་པར་བྱ་སྟེ། དཔེ་ལྟར་སྣང་འདི་དག་གིས་ནི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་ལྡོག་སྤྱིའི་མཚན་ཉིད་དམ་བྱེ་བྲག་གི་མཚན་ཉིད་བསྟན་པར་མི་ནུས་པ་དེའི་ཕྱིར་རོ། །གལ་ཏེ་གཏན་ཚིགས་ཀྱི་ཚུལ་ལ་མ་རེག་པར་རང་རྒྱུད་ཉིད་དུ་དཔེ་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ཡན་ལག་ཞེས་རིགས་པ་ཅན་པ་སྨྲ་ན་ནི་དེའི་ཚེ་དཔེ་རྟགས་དེའི་ཚུལ་ལ་མ་རེག་པར་ལོགས་ཤིག་ཏུ་སྒྲུབ་བྱེད་ཡིན་དུ་ཆུག་ནའང༌། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་དཔེར་བཀོད་པ་ཁྱབ་པ་སྟོན་པའི་ཡན་ལག་ཏུ་དོན་མེད་པར་འགྱུར་སྟེ། མི་རྟག་པ་དང་མ་འབྲེལ་བའི་ཕྱིར། གལ་ཏེ་དཔེས་གཏན་ཚིགས་ཀྱི་ཁྱབ་པ་མི་འཁྲུལ་བ་ཉིད་སྟོན་པ་མིན་ན་བུམ་པ་དེ་ཆོས་ཅན། ཁྱོད་བསྒྲུབ་བྱ་སྒྲ་མི་རྟག་པ་འགྲུབ་པ་ལ་ཉེ་བར་མཁོ་བ་ཅི་ཞིག་ཡོད་དེ་མེད་པར་ཐལ། མི་རྟག་པ་དང་འབྲེལ་བ་མེད་པའི་ཕྱིར་རོ། །དཔེ་ཆོས་ཅན་དང་འདྲ་བ་ལས་ཆོས་ཀྱི་གོ་བྱེད་དུ་འགྱུར་རོ་ཞེ་ན། འདྲ་བའི་རྒྱུ་མཚན་གང་གིས་ཆོས་ཉེ་བར་གང་གིས་ན་འདྲ་བ་ཙམ་གྱི་རྒྱུ་བསྒྲུབ་བྱའི་ཆོས་ཉེ་བར་འཇལ་བ་ལས་ཚོགས་དོན་སྒྲུབ་བྱེད་དུ་འགྱུར་བ་ཡིན་ཏེ་མིན་པར་ཐལ། ཆོས་ཀྱི་དོན་གང་ཞིག་དང་རྣམ་པ་འགས་འདྲ་བ་ཙམ་གྱིས་ནི་ཆོས་ཅན་གྱི་བདག་ཉིད་གཞན་བསྒྲུབ་བྱའི་ཆོས་ལྡན་དུ་ངེས་པ་མ་ཡིན་པའི་ཕྱིར་རོ། །དེར་ཐལ། འགའ་ཞིག་དང་རྣམ་པ་འགས་མི་མཚུངས་པའི་དོན་ནི་འགའ་ཡང་མེད་པ་དེས་ནའོ། །དཔེ་ཆོས་ཅན། ཁྱོད་ཆོས་ཅན་དང་འདྲ་བ་ཙམ་ལས་ཤེས་འདོད་ཆོས་ཅན་བསྒྲུབ་བྱའི་ཆོས་ཀྱི་བདག་ཉིད་དུ་ཁྱོད་ཀྱིས་འགྲུབ་པ་མ་ཡིན་པར་ཐལ། ཁྱོད་ཆོས་ཅན་དང་འདྲ་བས་ཆོས་ཅན་ཆོས་ཀྱི་བདག་ཉིད་དུ་འགྲུབ་པ་ཡིན་ན་མེ་ལ་སོགས་པ་ཐམས་ཅད་ཆུ་ལ་སོགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་ཁྱོད་ཀྱིས་འགྲུབ་པར་འགྱུར་ན་དེ་ལྟར་ནི་མི་རིགས་པའི་ཕྱིར་རོ། །འདྲ་བ་ཙམ་གྱིས་མི་འགྲུབ་པ་དེའི་ཕྱིར་ཤེས་བྱ་ཆོས་ཅན། བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་འདིའི་ཁྱབ་པ་དཔེས་བསྟན་པར་བྱ་བ་ཡིན་ཏེ། བྱས་པ་ལ་མི་རྟག་པ་དེས་ཁྱབ་པའི་ཆོས་དང་ལྡན་པ་ཉིད་ལས་ཆོས་ཅན་སྒྲ་བསྒྲུབ་བྱའི་ཆོས་ཀྱི་དངོས་པོ་དེ་དང་ལྡན་པར་བྱས་པའི་རྟགས་ཀྱིས་འགྲུབ་པར་འགྱུར་བའི་ཕྱིར། དེས་ན་དཔེ་འདི་སྒྲུབ་བྱེད་རང་རྒྱུད་པ་མ་ཡིན་ནོ། །དཔེ་ནི་ཆོས་ཅན། གཏན་ཚིགས་དེ་དང་མ་འབྲེལ་བའི་ཕྱིར་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་དོན་མེད་པར་ཐལ། ཁྱོད་དེ་ལ་ལྟོས་མེད་དུ་གཏན་ཚིགས་ཉིད་གྱིས་བསྒྲུབ་བྱའི་དོན་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་ཆོས་མཆོག་གོ །གཏན་ཚིགས་ཡང་དག་དང་ལྟར་སྣང་བསྟན་ནས། སུན་འབྱིན་ཡང་དག་དང་ལྟར་སྣང་ལ། དང་པོ་ནི། མ་ཚང་སོགས་བརྗོད་སུན་འབྱིན་ཡིན་ཞེས་བྱ་བ་འགྲེལ་པ་ནི། སུན་འབྱིན་སྟོན་པའི་སྐབས་འདིར་ཆོས་ཅན། གཞལ་བྱ་དང་མིག་གི་གཟུང་བྱ་སྒྲ་མི་རྟག་བསྒྲུབ་ཀྱི་རྟགས་ཡང་དག་ཏུ་འདོད་པ་ལ་ཁྱབ་པ་མ་ཚང་བ་ཉིད་དང་ཕྱོགས་ཆོས་མ་གྲུབ་པ་ལ་སོགས་པ་སྒྲུབ་པར་བྱེད་པའི་ཉེས་པ་སྔར་བཤད་པ་གང་ཡིན་པ་དེ་དག་བརྗོད་པ་ནི་སུན་འབྱིན་པ་ཡིན་ཏེ། དེ་ལྟ་བུའི་སྐྱོན་བརྗོད་དེས་ཕ་རོལ་པོ་རྩོད་ཟླའི་འདོད་པའི་དོན་གྲུབ་པའི་གེགས་བྱེད་པའི་ཕྱིར། གལ་ཏེ་སྐྱོན་མ་བརྗོད་ཀྱང་གཏན་ཚིགས་ལྟར་སྣང་གི་དོན་ཉིད་ལ་བསྒྲུབ་བྱ་བསྒྲུབ་པའི་ནུས་པ་མེད་པས་འདོད་དོན་འགྲུབ་པར་མི་འགྱུར་བ་མིན་ནམ་སྟེ་ཡིན་པས་སུན་འབྱིན་དོན་མེད་དོ་ཞེ་ན། དེ་ནི་དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་ཤེས་བྱ་ཆོས་ཅན། སྒྲ་མི་རྟག་པ་ལ་སོགས་ཀྱི་དོན་རྣམས་ཀྱི་བསྒྲུབ་བྱ་བསྒྲུབ་པ་རྟགས་དང་རྟག་པར་མ་གྲུབ་པ་སུན་འབྱིན་པ་དག་གིས་བྱེད་པ་ནི་མིན་ཏེ། སྒྲ་ལ་སོགས་པའི་དོན་དེ་དག་ནི་སྒྲུབ་པའི་སུན་འབྱིན་པ་མེད་ཀྱང་ཐམས་ཅད་དུ་རྟག་པས་དབེན་པ་དང༌། མི་རྟག་པ་དེའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྒྲུབ་པ་དང་སུན་འབྱིན་གྱི་ཚིག་ཆོས་ཅན། སྔ་རྒོལ་དང་ཕྱི་རྒོལ་གྱི་སྐྱེས་བུའི་བློའི་ནུས་པ་གྲུབ་པར་བྱེད་པ་ཡིན་ཏེ། རྒོལ་བ་གཉིས་ཀྱི་བློའི་ནུས་པ་དེ་ནི་ཁྱོད་མེད་པར་མི་འགྲུབ་པའི་ཕྱིར་རོ། །རྒོལ་བ་གཉིས་ཀྱི་རྟོགས་པ་བློའི་ནུས་པ་དེའི་བྱེད་པ་པོར་བརྗོད་དེ། རྒོལ་བ་གཉིས་ཀྱི་བློའི་ནུས་པ་དེ་ལྟ་བུ་ཉིད་དུ་འགྱུར་བ་དེ་རྣམ་པར་འཇོག་པའི་ཕྱིར། གལ་ཏེ་གཞལ་བྱ་དེ་དང་མིག་གི་གཟུང་བྱས་སྒྲ་མི་རྟག་པར་བསྒྲུབ་པ་ལ་ཉེས་པ་བརྗོད་ན་ཡང་ཕྱིས་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པའི་ཁྱབ་པ་མ་ཚང་བ་མེད་པ་དང་ཕྱོགས་ཆོས་མ་གྲུབ་པ་མེད་པ་ལ་སོགས་པའི་ཚིག་གིས་ཀྱང་ལན་བཏབ་པ་དེ་ནི་འདོད་པའི་གེགས་མ་ཡིན་པས་སུན་འབྱིན་པར་མི་འགྱུར་བའི་ཕྱིར་ཞེ་ན། བྱས་པས་སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཆོས་དང་ཁྱབ་པ་མ་ཚང་བ་མེད་པ་ཞེས་པའི་ཚིག་དེ་ནི་ཆོས་ཅན། གཞལ་བྱ་སྒྲ་མི་རྟག་པར་བསྒྲུབ་པའི་རྟགས་སུ་བརྗོད་པའི་ཉེས་པ་སྤོང་ནུས་པ་མིན་པར་ཐལ། སྔར་གྱི་སྒྲུབ་བྱེད་ལས་སྒྲུབ་པར་བྱེད་པ་གཞན་ཡིན་པའི་ཕྱིར་རོ། །སུན་འབྱིན་བརྗོད་པའི་དུས་ཀྱི་ཁྱད་པར་བསྟན་པ་ནི། སྒྲུབ་པའི་ཡན་ལག་བརྗོད་པ་མ་རྫོགས་པའི་རྒོལ་བ་ཆོས་ཅན། ཁྱོད་ལ་ཕྱི་རྒོལ་གྱིས་སུན་འབྱིན་བརྗོད་པའི་སྐབས་མིན་ཏེ། སྒྲུབ་པའི་ངག་མ་རྫོགས་པ་ཉིད་ཀྱི་ཕྱོགས་སྔ་མ་སྨྲ་བ་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཕྱིར་རྒོལ་ཆོས་ཅན། སྒྲུབ་པ་ལྟར་སྣང་བརྗོད་པ་རྫོགས་པ་ན་སྒྲུབ་བྱེད་དེ་ལ་སྐྱོན་བརྗོད་པར་བྱེད་པ་ནི་རིགས་ཏེ། དེ་རྫོགས་པ་ན་སྒྲུབ་པར་བྱེད་པ་ལྟར་སྣང་ལ་སུན་འབྱིན་པར་བྱེད་པ་རིགས་པ་ཉིད་ཀྱི་ཕྱིར་རོ། །ཡང་དག་བསྟན་ཟིན་ནས་ལྟར་སྣང་སྟོན་པ་ནི། དེར་སྣང་བ་ནི་ལྟག་ཆོད་དོ། །དེ་ཉིད་འགྲེལ་པ་ནི། འབྲས་མཚུངས་ཀྱི་ངག་ནི་ཆོས་ཅན། ལྟག་ཆོད་ཡིན་ཏེ། སུན་འབྱིན་པ་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །རྣམ་པར་ངེས་པ་འདིར་ནི་ཆོས་ཅན། ལྟག་ཆོད་དེ་དག་གི་གྲངས་ངེས་པར་བཤད་པ་ནི་སྤྲོ་བྱ་མིན་ཏེ། ལོག་པའི་ལན་ལ་མཐའ་མེད་པའི་ཕྱིར་རོ། །སྒྲུབ་པའི་ལན་སུན་འབྱིན་ལོག་པ་ནི་ལྟག་ཆོད་ཡིན་ལ། དེ་དག་ནི་མཐའ་མེད་དེ་གྲངས་མཐའ་གཅིག་ཏུ་གནས་པའི་ངེས་པ་མེད་དེ། རྒྱུ་ཚུལ་བཞིན་མིན་པའི་རྣམ་པར་རྟོག་པ་རྣམས་གྲངས་མཐའ་གཅིག་ཏུ་གནས་པ་མིན་པའི་ཕྱིར་རོ། །རྐང་མིག་པས་ལྟག་ཆོད་ཉེར་བཞིར་གྲངས་ངེས་པར་བཤད་པ་ཇི་ལྟ་བུ་ཞེ་ན། དེ་མི་འཐད་དེ། ཉེར་བཞི་པོའི་ནང་དུ་མ་འདུས་པ་དཔེར་ན་རིགས་པ་ཅན་པ་རྣམས་ཀྱིས་སངས་རྒྱས་པ་དག་གིས་བདག་མེད་དོ་ཞེས་བྱ་བ་ནི་དམ་བཅས་པ་དང་འགལ་བ་ཞེས་བྱ་བ་དམ་བཅས་པའི་སྐྱོན་ཡིན་ཏེ། བདག་གི་སྒྲའི་དོན་ལ་སྐུར་བ་འདེབས་ན་ཡང་བདག་གི་སྒྲ་སྦྱོར་བ་མི་སྲིད་པའི་ཕྱིར་དང༌། སྒྲ་སྦྱོར་བས་ནི་བདག་གི་དོན་ཉེ་བར་འཇོག་པ་ཡིན་ལ་བདག་མེད་ཅེས་སྐུར་བ་ཡང་ཡིན་པའི་ཕྱིར་དམ་བཅས་པའི་ཚིག་དང་འགལ་བས་དམ་བཅས་པའི་སྐྱོན་ཡིན་ནོ་བརྗོད་པ་དང༌། དཔེར་ན་རྩོལ་བ་ལས་བྱུང་བའི་སྒྲ་ནི་མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། ཆོས་ཅན་ཁྱད་པར་ཉིད་དུ་ཉེ་བར་བཀོད་པའི་ཕྱིར་རོ་ཞེས་ཟེར་བ་ལྟ་བུའོ། །དེ་ལྟ་བུ་ལ་སོགས་པ་རྣམས་ནི་རྐང་མིག་པའི་གཞུང་དུ་ཇི་སྐད་བརྗོད་པའི་མཚན་ཉིད་ཀྱི་ལྟག་ཆོད་རྣམས་ཀྱི་ནང་དུ་འདུ་བ་མིན་ནོ། །སངས་རྒྱས་པས་བདག་མེད་པར་དམ་བཅས་པ་ཆོས་ཅན། དོན་ལ་སྐུར་བ་འདེབས་ན་སྒྲ་སྦྱོར་བ་མི་སྲིད་ཅེས་པའི་ངག་གིས་སུན་འབྱིན་ནུས་པ་ཡང་མིན་ཏེ། ཁྱོད་ཀྱིས་བདག་གི་སྒྲའི་དོན་ལ་མི་བསྙོན་པར་བདག་གི་རང་གི་མཚན་ཉིད་འགོག་པའི་ཕྱིར་རོ། །དང་ནི་སྡུད་ཚིག་གོ །རྩོལ་བྱུང་རྩོལ་སྒྲ་མི་རྟག་པར་སྒྲུབ་བྱེད་དུ་དམ་བཅས་པ་ལ་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་གཞི་རྟགས་ཐ་དད་མེད་པའི་མ་གྲུབ་པ་མིན་ཞེས་བསྒྲུབ་བྱའི་ཆོས་ཅན་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གལ་ཏེ་དེ་དག་ཀྱང་ཆ་འགའ་འདྲ་བས་ཉེར་བཞི་པོ་འདི་དག་ཉིད་ཀྱི་ནང་དུ་འདུའོ་ཞེ་ན། ཉེར་བཞི་པོ་འདི་དག་ཀྱང་ཆོས་ཅན། ཕན་ཚུན་གཅིག་གི་ནང་དུ་གཅིག་འདུས་པ་དེ་ལྟར་ཐལ་བར་འགྱུར་ཏེ། ཆ་འགས་འདྲ་བའི་ཕྱིར། གྲངས་ངེས་སྤྲོ་བྱ་མིན་པ་དེའི་ཕྱིར་སྤྱིའི་མཚན་ཉིད་གཅིག་ཉིད་ཅུང་ཟད་བརྗོད་པར་བྱ་བ་ཡིན་ཏེ། ཁྱད་པར་གྱི་དབྱེ་བ་བཤད་པ་ཡིན་ན་ནང་དུ་མི་འདུ་བ་སྲིད་པའི་ཕྱིར་རོ། །བརྗོད་པར་བྱ་བ་སྤྱིའི་མཚན་ཉིད་གང་ཞེ་ན། སྤྱིའི་མཚན་ཉིད་དེ་ནི་སུན་འབྱིན་པར་སྣང་བ་ནི་ལྟག་ཆོད་དོ་ཞེས་བརྗོད་ཟིན་པ་ཉིད་དོ། །སྒྲུབ་པ་དང་སུན་འབྱིན་པ་ཆོས་ཅན། སུན་འབྱིན་ལྟར་སྣང་དེ་ནི་ཁྱོད་ཀྱི་མཚན་ཉིད་ཤེས་པ་ཉིད་ལས་ཁོང་དུ་ཆུད་པར་འགྱུར་ཏེ། ཁྱོད་ཀྱི་མཚན་ཉིད་ཤེས་པ་ལས་ལན་ལྟར་སྣང་བདེ་བླག་ཏུ་ཤེས་པས་སོ། །ཇི་ལྟར་ཤེས་ཤེ་ན། སུན་འབྱིན་འཇུག་པའི་ཡུལ་མ་ཡིན་པ་གཏན་ཚིགས་ཡང་དག་ལ་སུན་འབྱིན་མི་འཇུག་པའི་ཕྱིར། དེ་ལ་སྐྱོན་བརྗོད་རྣམས་ལན་ལྟར་སྣང་དུ་ཤེས་ཤིང༌། སུན་འབྱིན་ཡང་དག་རྣམས་ནི་ཕ་རོལ་པོའི་འདོད་དོན་འགྲུབ་པའི་གེགས་བྱེད་ཡིན་ལ། སུན་འབྱིན་ལྟར་སྣང་ནི་རྟོགས་པའི་གེགས་མིན་པ་དང་གེགས་ཀྱི་མཚན་ཉིད་མི་ལྡན་པའི་ཕྱིར་ལན་ལྟར་སྣང་བར་བདེ་བླག་ཏུ་ཤེས་སོ། །སུན་འབྱིན་ལྟར་སྣང་གི་གྲངས་ངེས་མ་བསྟན་ཏེ། དེའི་རབ་ཏུ་དབྱེ་བ་ནི་བསྟན་པར་མི་ནུས་པའི་ཕྱིར། དབང་ཕྱུག་སྡེའི་ལུང་འགའ་ཞིག་ཡང་དོར་ནས་དགོས་པའི་དོན་ཡོད་པ་རྟོག་གེའི་ལུགས་ལེགས་པར་གཟིགས་པ་ཕྱོགས་ཀྱི་གླང་པོའི་མདོའི་དོན་འདི་ཁོ་ནར་རིགས་ཞེས་བཤད་པའི་སྡེ་བདུན་པོ་འདི་ཉིད་ཆོས་ཅན། ངེས་པར་རྣམ་པར་དག་པའི་ཐུགས་མངའ་བ་ཕྱོགས་གླང་དེའི་དགོངས་པ་དང་མཐུན་པར་མངོན་ཏེ། ཕྱོགས་གླང་གི་དགོངས་པ་དང་མཐུན་པར་རིགས་པས་གྲུབ་པའི་ཕྱིར་རོ། །བརྩོན་འགྲུས་ཞན་ཅིང་མི་གསལ་བའི་བློ་ཅན་གྱི་སོ་སོ་སྐྱེ་བོས་རྟོགས་པ་མ་ཡིན་ལ་རང་བཞིན་གྱིས་འགྲུབ་པའི་སྤོབས་པ་དང་ལྡན་ཅིང་རྟོག་གེའི་གཞུང་ལུགས་ཡུན་རིང་དུ་འདྲིས་པ་རྣམས་ཀྱིས་ནི་ངེས་པར་རྟོགས་པར་འགྱུར་རོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ་ལེའུ་གསུམ་པའི་བཤད་པའོ། །ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ། ཕྱི་ནང་གི་གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་བར་འཇུག་པ། སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་པར་ངེས་པའི་བཤད་པའོ། །ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་དང་སོགས་པ་སྐལ་ལྡན་རྒྱལ་པོ་དང༌། ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་ཅིང་བོད་དུ་འཆད་ཉན་གྱིས་གཏན་ལ་ཕབ་པའོ། །གཏིང་མཐའ་ཡས་པ་བདེར་གཤེགས་བསྟན་པ་ཡན་ལག་བརྒྱད་ལྡན་ཤིན་ཏུ་ཟབ་པའི་དོན། །རྣམ་དག་རིགས་པའི་འོད་བརྒྱས་གསལ་བར་མཛད་པ་ཕྱོགས་ཀྱི་གླང་པོའི་གཞུང༌། །ཇི་བཞིན་སྟོན་པ་སྡེ་བདུན་མཛད་པའི་རིགས་པའི་དེ་ཉིད་རྣམ་པར་ངེས་པའི་དོན། །རྒྱ་ཆེར་བཤད་པ་འདི་ནི་བློ་གྲོས་བུམ་པ་ལེགས་བཤད་བདུད་རྩིས་ལེགས་གཏམས་ཤིང༌། །ལུང་རིགས་ཉིན་མོའི་དབང་ཕྱུག་གཞན་ལ་ཕན་པའི་འོད་ཟེར་སྟོང་འཕྲོ་ཞིང༌། །མང་ཐོས་རྒྱ་མཚོའི་དབུས་ན་རྣམ་དཔྱོད་ལྷུན་པོ་ཀུན་ནས་མི་གཡོ་རབ་བརྟན་ཅིང༌། །བློ་ཡི་ཆུ་མཚོ་ལེགས་བཤད་ཆུ་བོས་ཡོངས་སུ་གང་བའི་དཔལ་དང་ལྡན་པས་བསྐུལ་བའི་ངོར། །རང་གཞན་གྲུབ་མཐའ་རྒྱ་མཚོའི་མཐར་སོན་རོང་སྟོན་སྨྲ་བའི་སེང་གེ་བཀའ་བཅུ་པ་ཡིས་སྦྱར། །དེ་ཡི་དགེ་བ་གང་ཞིག་ཐོབ་པ་དེས་ནི་སྐྱེ་བ་ཀུན་ཏུ་ཡང་དག་ལྟ་བ་དང༌། །ནམ་ཡང་མི་འབྲལ་མཐོ་རིས་ཁང་བཟང་མཆོག་ལ་བགྲོད་པའི་ཐེམ་སྐས་རྣམ་དག་ཚུལ་ཁྲིམས་ཀྱི། །ཆ་ཤས་མ་ལུས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་ཀྱི་གྲུ་དཔོན་མཆོག་ལ་རབ་བསྟེན་ནས། །ཕ་མཐའ་ཡས་པའི་ལུས་ཅན་སྡུག་བསྔལ་མཚོ་ལས་སྒྲོལ་བའི་དེད་དཔོན་མཆོག་ཏུ་བདག་གྱུར་ཅིག །ཚད་མ་རྣམ་པར་ངེས་པའི་རྣམ་བཤད་ཀུན་ནས་རྟོག་གེའི་སྣང་བ་ཞེས་བྱ་བ་འདི་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་རོང་སྟོན་བཀའ་བཅུ་པས་སྦྱར་བའོ།།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*