ཚད་མ་རྣམ་ངེས་ལས། རང་དོན་ལེའུའི་རྣམ་བཤད་དོ།

༄༅། །ཚད་མ་རྣམ་པར་ངེས་པའི་རང་དོན་ལེའུའི་རྣམ་བཤད་བཞུགས།།

དོན་གཉིས་གྲུབ་པ་བདག་མེད་གཉིས། །ཡང་དག་མཁྱེན་ནས་སྒྲིབ་གཉིས་ལས། །རྣམ་པར་གྲོལ་བའི་སྐུ་མངའ་བ། །ལྷག་པའི་ལྷ་མཆོག་བཅོམ་ལྡན་འདས། །གང་གི་ཞབས་ལ་ཕྱག་འཚལ་ཏེ། །རང་དོན་ལེའུའི་རྣམ་བཤད་བརྩམ། །ཚད་མ་རྣམ་འགྲེལ་བཞིན་དུ་རང་དོན་རྗེས་དཔག་དང་པོར་འཆད་པར་བྱ་བ་མིན་ནམ། ཅིའི་ཕྱིར་མངོན་སུམ་གྱི་རྗེས་སུ་འཆད་ཅེ་ན། རྣམ་འགྲེལ་ལས་ནི་ཚུར་མཐོང་གི་གང་ཟག་རྣམས་ཀྱིས་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་པའམ་རང་དོན་ལེའུ་རྟོགས་པར་དཀའ་བར་དགོངས་ནས་དང་པོར་བཤད་པ་ཡིན་ཡང་གཞུང་གི་གོ་རིམ་མ་ཡིན་ལ། འདིར་ནི་ཚད་མའི་མདོ་དང་མཐུན་པའི་ཕྱིར་མངོན་སུམ་གྱི་རྗེས་སུ་འཆད་པ་ནི་རང་དོན་རྗེས་དཔག་མངོན་སུམ་སྔོན་དུ་འགྲོ་བ་ཅན་དུ་དགོངས་ནས་གཞུང་གི་གོ་རིམ་དང་མཐུན་པར་བྱས་པ་ཡིན་ནོ། །དེས་ན་ཡང་དག་པའི་ཤེས་པ་ལ་གཉིས་སུ་ཕྱེ་བ་དེ་ལ་མངོན་སུམ་བསྟན་ཟིན་ནས། རྗེས་དཔག་འཆད་པ་ལ། དང་པོ་སྤྱིའི་རབ་དབྱེ་བསྟན་པ་ནི། རྗེས་དཔག་ཅེས་པའི་སྒྲས་བརྗོད་པར་རིགས་པའི་དོན་ཆོས་ཅན། རྣམ་པ་གཉིས་ཡོད་དེ། རང་གི་དོན་གྱི་རྗེས་དཔག་གཅིག་དང་གཞན་གྱི་དོན་གྱི་རྗེས་དཔག་གཅིག་གྲུབ་པའི་ཕྱིར། དབྱེ་བའི་དོན་ནི་དངོས་པོ་ཐ་དད་པའོ། །གལ་ཏེ་གཉིས་ཀའང་རང་ལ་ལྟོས་ཏེ་རང་དོན་དུ་མཚུངས་ལ། གཞན་ལ་ལྟོས་ཏེ་གཞན་དོན་དུ་མཚུངས་པ་མིན་ནམ་ཞེ་ན། རང་དོན་རྗེས་དཔག་ཆོས་ཅན། ཕྱི་རྒོལ་གཞན་གྱིས་བསྒྲུབ་བྱ་དངོས་སུ་རྟོགས་པའི་རྒྱུ་གཞན་དོན་རྗེས་དཔག་མ་ཡིན་ཏེ། ཤེས་པའི་རང་བཞིན་ཡིན་པའི་ཕྱིར། གཞན་དོན་རྗེས་དཔག་ཆོས་ཅན། གཞན་མ་ཡིན་པ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱ་དངོས་སུ་རྟོགས་པའི་རྒྱུ་རང་དོན་རྗེས་དཔག་མ་ཡིན་ཏེ། བརྗོད་པའི་རང་བཞིན་ཡིན་པའི་ཕྱིར། གཏན་ཚིགས་སྟོན་པའི་སྒྲ་རང་དོན་ལེའུ་ལས་ལོགས་ཤིག་ཏུ་མི་བརྗོད་དེ། ལེའུ་གཉིས་ཀྱིས་བརྗོད་པ་དགོས་པ་དང་མཚན་ཉིད་གཉིས་ཀ་ཁྱད་པར་མེད་པའི་ཕྱིར་ཞེ་ན། རང་དོན་རྗེས་དཔག་དང་གཞན་དོན་རྗེས་དཔག་ཆོས་ཅན། ཁྱད་མེད་མིན་ཏེ། ཁྱེད་གཉིས་ཀྱི་འཇུག་པ་སྟེ་བྱེད་པ་ཐ་དད་པའི་ཕྱིར། ཐ་དད་པ་ཉིད་སྟོན་པ་ནི། རང་དོན་རྗེས་དཔག་གི་དོན་ནི་རྟགས་ཅན་གོ་བར་བྱེད་པ་ཡིན་ལ། བསྒྲུབ་བྱ་དེའི་རྟགས་ནི་གཏན་ཚིགས་སྟོན་པའི་སྒྲས་བརྗོད་པ་ཡིན་པས་བསྒྲུབ་བྱ་གོ་བྱེད་དང་སྒྲུབ་བྱེད་ཀྱི་ཡན་ལག་གོ་བྱེད་གཉིས་སུ་ངེས་པའི་ཕྱིར་རོ། །དེ་ལ་གཞན་གྱི་དོགས་པ་བརྗོད་པ་ནི་ལོགས་སུ་བསྟན་པར་བྱ་བ་མིན་ཏེ། རང་དོན་དུ་མ་བརྗོད་པའི་མཚན་ཉིད་གཞན་བརྗོད་པར་བྱར་མེད་པའི་ཕྱིར་དང༌། གང་ཕྱོགས་ཆོས་ཅན་འགའ་ཞིག་མཐོང་བ་དེ་བསྒྲུབ་བྱའི་ཆོས་གང་དང་འབྲེལ་པ་དེ་ཤེས་པའི་གང་ཟག་ལ་བསྒྲུབ་བྱའི་ཆོས་དེ་རྟགས་དེས་ཆོས་ཅན་དེ་ཉིད་དུ་གོ་བར་བྱེད་པ་ཡིན་ནོ་ཞེས་རང་དོན་ལེའུ་ལས་ཀྱང་རྟགས་ཀྱི་དངོས་པོ་རྟོགས་པ་ཡིན་ལ། དེ་ལྟར་རྟོགས་པ་དེ་ལ་རང་དོན་ལེའུ་ལས་གོ་བར་བྱེད་པའི་མཚན་ཉིད་བརྗོད་པས་རྟོགས་པར་འདོད་པའི་སྒྲུབ་ངག་གི་ཚུལ་བསྟན་པར་བྱས་པ་ལས་གཞན་དུ་བརྗོད་པ་སྟེ་མ་བརྗོད་ན། གོ་བར་བྱེད་པའི་ཆོས་མ་བསྟན་པར་འགྱུར་བའི་ཕྱིར། དེས་ན་རྟགས་ཀྱི་དོན་གང་ཇི་ལྟ་བར་ཤེས་ཤིང་ཚིག་ཀྱང་ཤེས་པའི་གང་ཟག་དེ་དག་ནི་སྒྲུབ་ངག་དེ་རྟོགས་པར་བྱ་བའི་ཕྱིར་ཡང་ཉེ་བར་བསྟན་པ་གཞན་དོན་ལེའུ་ལ་ལྟོས་པ་ནི་མིན་ནོ་ཞེ་ན། རྟགས་ཀྱི་ཚིག་དོན་གཉིས་ཀ་ཤེས་པ་ལ་ལོགས་སུ་རྩོམ་མི་དགོས་པ་བདེན་མོད་ཀྱི་འོན་ཀྱང་གཞན་དོན་ལེའུ་འདི་ནི་ཆོས་ཅན། ཁྱོད་རང་དོན་ལེའུ་ལས་ལོགས་སུ་བརྩམས་པ་དོན་མེད་པ་མ་ཡིན་ཏེ། རྟགས་ཀྱི་བརྗོད་ཚུལ་མི་ཤེས་པའི་བྱིས་པས་རྟགས་ཀྱི་བརྗོད་ཚུལ་རྟོགས་པའི་རྒྱུར་རང་དོན་ལེའུ་ལས་ལོགས་སུ་བརྩམས་པའི་ཕྱིར། དོན་ཤེས་ན་བརྗོད་ཚུལ་མི་ཤེས་པ་མེད་དོ་ཞེ་ན། ཤེས་བྱ་ཆོས་ཅན། རྟགས་ཤེས་ཀྱང་རྟགས་ཀྱི་བརྗོད་ཚུལ་མི་ཤེས་པ་ཡོད་པར་ཐལ། རྟགས་ཀྱི་དངོས་པོ་ཇི་ལྟ་བ་བཞིན་རྟོགས་ཀྱང་རིགས་པ་ཅན་པ་ལ་སོགས་པ་མ་ཁྱབ་པ་ཆད་པ་དང་ལྡོག་པ་ལྷག་པ་དག་གི་སྒོ་ནས་རྟགས་དེའི་ཆོས་སྨྲ་བ་མཐོང་བའི་ཕྱིར་རོ། །ལྷག་ཆད་ཅན་དེ་ཉིད་གསལ་བར་སྟོན་པ་ནི། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་མི་རྟག་ཅེས་པའི་སྒྲུབ་ངག་ཆོས་ཅན། སྒྲུབ་ངག་གི་ཡན་ལག་མ་ཚང་བ་ཡིན་ཏེ། མེད་ན་མི་འབྱུང་བའི་ཁྱབ་པ་དངོས་སུ་མ་བརྗོད་པའི་ཕྱིར། སྒྲུབ་པའི་ཡན་ལག་བརྗོད་པ་ལྷག་པ་ཅན་ཡིན་ཏེ། དཔེ་ལ་མཐོང་བའི་རྟགས་ཆོས་ཅན་ལ་ཉེ་བར་གཏོད་པའི་ཚུལ་གྱིས་དངོས་སུ་བརྗོད་པའི་ཕྱིར་དང༌། བསྒྲུབ་པར་བྱ་བ་དངོས་སུ་བརྗོད་པའི་ཕྱིར་དང༌། བསྒྲུབ་པར་བྱ་བ་དེ་བརྗོད་པ་དང་ཟློས་པའི་མཇུག་སྡུད་ཀྱི་ཚིག་དག་སྦྱོར་བའི་ངག་ཡིན་པའི་ཕྱིར་རོ། །སྤྱིའི་རབ་དབྱེ་བསྟན་ནས། རང་དོན་རྗེས་དཔག་བྱེ་བྲག་ཏུ་བཤད་པ་ནི། རང་དོན་རྗེས་དཔག་དང་གཞན་དོན་རྗེས་དཔག་གཉིས་ཡོད་པ་དེ་ལ། རང་དོན་རྗེས་དཔག་ནི། ཚུལ་གསུམ་པའི་རྟགས་ལས་དོན་མཐོང་བ་ཡིན་ནོ། །དེ་ཉིད་བཤད་པ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གང་ཡིན་དེ་ནི་ཆོས་ཅན། རང་གི་དོན་གྱི་རྗེས་དཔག་ཡིན་ཏེ། ཚུལ་གསུམ་པའི་མཚན་ཉིད་ཅན་གྱི་རྟགས་ལས་རྗེས་སུ་དཔག་པར་བྱ་བ་བསྒྲུབ་བྱ་རྟོགས་པའི་ཚད་མ་ཡིན་པའི་ཕྱིར། རྗེས་དཔག་འདིའི་འབྲས་བུའི་རྣམ་པར་རྟོགས་པ་ནི་མདོ་སྡེ་པ་ལྟར་ན་དོན་འདྲ་བའི་ཤེས་པ་ཚད་མ་དོན་རྟོགས་པ་འབྲས་བུ་ཡིན་པར་མངོན་སུམ་བཞིན་དུ་ཤེས་པར་བྱའོ། །སེམས་ཙམ་རྣམ་བདེན་པ་རྣམས་ནི། དུ་བར་སྣང་བའི་བློས་ལར་སྣང་བ་ཅན་གྱི་རྒྱུད་ལ་མེར་སྣང་གི་བག་ཆགས་སད་པ་ཡོད་པར་བསྒྲུབ་ལ། རྣམ་རྫུན་པ་རྣམས་ནི་དུ་བར་སྣང་བའི་རྟགས་ཀྱིས་ལར་སྣང་བ་ཅན་གྱི་རྒྱུད་ལ་མེར་སྣང་གི་བློ་དཔོག་པར་བྱེད་པར་འདོད་དེ། རྣམ་འགྲེལ་ལས། དེར་ནི་བག་ཆགས་སྙིང་པོ་ཅན། །གསལ་བར་སྣང་བ་ཅན་བློ་ཡི། །སེམས་ཀྱི་རྒྱུད་ལ་དཔོག་པར་བྱེད། །ཅེས་འབྱུང་བས་སོ། །མངོན་སུམ་གྱི་སྐབས་སུ། རྣམ་རྟོག་དངོས་མི་སྣང་ཕྱིར་དང༌། ཞེས་རྟོག་པ་རྣམས་ནི་མེད་པའི་ཡུལ་ཅན་དུ་བརྗོད་ལ་མེད་པ་འཛིན་པ་ནི་ཚད་མར་མི་རུང་བའི་ཕྱིར་ཇི་ལྟར་རྗེས་དཔག་ཚད་མར་བརྗོད་ཅེ་ན། རྗེས་དཔག་དེ་ནི་དེ་མ་ཡིན་ལ་དེར་འཛིན་པའི་ཕྱིར་སྣང་ཡུལ་ལ་འཁྲུལ་ཡང་ཚད་མ་ཉིད་ཡིན་ནོ། །དེ་ཉིད་འགྲེལ་པ་ནི། རང་གི་སྣང་བ་ཕྱི་རོལ་གྱི་དོན་དུ་མེད་པ་ལ་ཕྱི་རོལ་གྱི་དོན་དུ་ཞེན་ནས་འཇུག་པའི་ཕྱིར་ཐ་སྙད་དུ་མ་འཁྲུལ་བ་ཡིན་ནོ། །རང་གི་སྣང་ཡུལ་ལ་འཁྲུལ་བ་ཡིན་ཡང་རྗེས་དཔག་ཆོས་ཅན། ཚད་མ་ཡིན་ཏེ། རང་གི་གཞལ་བྱ་ཡི་དོན་དང་འབྲེལ་བས་རང་གི་གཞལ་བྱ་དེ་ལ་མ་འཁྲུལ་བའི་ཕྱིར། འབྲེལ་བའི་ཚུལ་འདི་ལྟར། རང་བཞིན་བྱས་པ་ནི་ཆོས་ཅན། ངོ་བོ་མི་རྟག་པ་མེད་ན་མེད་པ་ཡིན་ཏེ། མི་རྟག་པ་དང་བདག་ཉིད་ཐ་མི་དད་པའི་ཚུལ་གྱིས་འབྲེལ་བའི་ཕྱིར། འབྲས་བུ་དུ་བ་ནི་ཆོས་ཅན། རྒྱུ་མེ་མེད་ན་མེད་པ་ཡིན་ཏེ། མེ་དེ་ཁྱོད་ཀྱི་བདག་ཉིད་གསར་དུ་འགྲུབ་པར་བྱེད་པ་ཡིན་པའི་ཕྱིར། རྟགས་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་དེ་བཞིན་དུ་རྟགས་དེ་ལས་སྐྱེས་པའི་རྟགས་འཛིན་གྱི་ཤེས་པ་ཆོས་ཅན། རང་རྒྱུ་རྟགས་དེ་དག་མེད་ན་མེད་པ་ཡིན་ཏེ། དེ་ལ་འབྲེལ་བའི་ཕྱིར། རྟགས་འཛིན་གྱི་སེམས་དེ་ལས་བྱུང་བའི་ངོ་བོ་དང་རྒྱུ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་རྒྱུ་རྟགས་འཛིན་གྱི་སེམས་དེ་དག་མེད་ན་ཁྱོད་མེད་པ་ཡིན་ཏེ། དེ་ལ་འབྲེལ་བའི་ཕྱིར། སྒྲུབ་རྟགས་ལ་འབྲེལ་བ་གྲུབ་པ་དེ་བཞིན་དུ་དགག་རྟགས་ལ་ཡང་ཡོད་པར་སྟོན་པ་ནི། དགག་རྟགས་ཀྱི་འབྲེལ་པ་སྒྲུབ་པའི་སྐབས་འདིར་ཆོས་ཅན། སྣང་རུང་གི་བུམ་པ་མི་དམིགས་པ་སྣང་རུང་གི་བུམ་པ་མེད་པ་ལ་མི་འཁྲུལ་བ་ཡིན་ཏེ། སྣང་དུ་རུང་བའི་བུམ་པའི་དངོས་པོ་ཡོད་ན་དངོས་པོ་དེ་ལས་གཞན་པའི་རྒྱུ་དབང་པོ་དང་ཡིད་ལ་བྱེད་པ་མ་ཚང་བ་མེད་པ་ཅན་གྱི་བུམ་པ་མཐོང་བའི་ཤེས་པ་ལྡོག་པ་མི་སྲིད་པའི་ཕྱིར་རོ། །རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་ཞེས་བཤད་པའི་སྣང་བ་དོན་དུ་མེད་པའི་ཚུལ་ནི། རྗེས་སུ་དཔག་པའི་སྣང་བ་དེ་ཉིད་ནི་ཆོས་ཅན། དོན་བྱེད་པའི་ནུས་པ་དང་ལྡན་པ་མ་ཡིན་ཏེ། དོན་བྱེད་པའི་ནུས་པ་དང་ལྡན་པ་དེ་ནི་མངོན་སུམ་གྱིས་ཁྱོད་ལས་གཞན་དུ་མཐོང་བའི་ཕྱིར་རོ། །རྗེས་དཔག་གི་སྣང་བ་དོན་དང་ལྡན་པ་མ་ཡིན་ན་བསླུ་བར་འགྱུར་རོ་ཞེ་ན། རྟགས་ཅན་གྱི་བློ་རྗེས་དཔག་ཆོས་ཅན། ཕྱི་རོལ་གྱི་དངོས་པོ་དེར་སྣང་བ་ཡིས་སྟོང་ཡང་བསླུ་བར་བྱེད་པ་ཉིད་མིན་ཏེ། རྟགས་འཛིན་གྱི་སེམས་དང་བརྒྱུད་ནས་དངོས་པོ་ལ་འབྲེལ་བའི་ཕྱིར། བརྒྱུད་ནས་ཇི་ལྟར་འབྲེལ་ཞེ་ན། བརྒྱུད་ནས་འབྲེལ་བའི་ཚུལ་འདི་ལྟར་མི་རྟག་པའི་དངོས་པོ་གང་ཇི་ལྟ་བ་དེ་ནི་ཆོས་ཅན། སྒྲའི་སྟེང་དུ་མི་རྟག་པ་བསྒྲུབ་པ་དེ་འདྲའི་རྟགས་འཛིན་སེམས་ཀྱི་རྒྱུ་ཡིན་ཏེ། དེ་ལ་ཕན་འདོགས་བྱེད་ཀྱི་སྒོ་ནས་དེའི་རྗེས་སུ་བྱ་བ་ཡིན་པའི་ཕྱིར། རྟགས་འཛིན་གྱི་སེམས་དེ་ཆོས་ཅན། རང་འབྲས་རྟགས་ཅན་གྱི་བློའི་རྒྱུ་ཡིན་ཏེ། ཁྱོད་ལས་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དེ་ལྟ་བུའི་དངོས་པོ་ལས་རྟགས་འཛིན་གྱི་སེམས་དེས་བསྐྱེད་པའི་རང་འབྲས་རྟགས་ཅན་གྱི་བློ་སྐྱེ་བ་དེ་ལྟར་ཏེ་དེའི་ཕྱིར་རོ། །རྟགས་འཛིན་གྱི་སེམས་ཀྱི་ངོ་བོ་ནི་དཔེའི་སྟེང་དུ་རྟགས་ཆོས་ཀྱི་འབྲེལ་བ་དྲན་པའི་སྒོ་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེད་བྱེད་དུ་གྱུར་པའོ། །བསླུ་བྱེད་མིན་ན་འཁྲུལ་བར་མི་འགྱུར་རོ་ཞེ་ན། རྗེས་དཔག་དེ་ཆོས་ཅན། དངོས་པོ་ལ་བསླུ་བྱེད་མིན་ཡང་འཁྲུལ་བར་རྣམ་གཞག་བྱས་པ་ཡིན་ཏེ། དངོས་པོ་དེ་ཡི་ངོ་བོས་སྟོང་པའི་སྒྲ་དོན་ལ་དངོས་པོ་དེ་ཡི་ངོ་བོར་ཞེན་པའི་ཕྱིར། འདི་ནི་དོན་དམ་དུ་འཁྲུལ་བའི་དབང་དུ་བྱས་ཀྱི། ཐ་སྙད་དུ་འཁྲུལ་བ་ནི་མ་ཡིན་ཏེ། རང་གི་སྣང་བ་ལ་དོན་དུ་ཞེན་ནས་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་དོན་ཐོབ་པར་བྱེད་པའི་ཕྱིར་རོ། །འོ་ན་རྗེས་དཔག་དང་རྗེས་དཔག་ལྟར་སྣང་ལ་ཚད་མ་ཡིན་མིན་ཁྱད་པར་མེད་པར་འགྱུར་ཏེ་འཁྲུལ་བར་མཚུངས་པའི་ཕྱིར་རོ་ཞེ་ན། འཁྲུལ་ཡང་ཚད་མ་ཡིན་མིན་གྱི་ཁྱད་པར་ཡོད་པའི་དཔེ་བསྟན་པ་ནི། རྗེས་དཔག་ཆོས་ཅན། ཁྱོད་དང་རྗེས་དཔག་ལྟར་སྣང་དག་ཡུལ་ཇི་ལྟར་གནས་པ་བཞིན་གྱི་དོན་ཅན་གྱི་མ་འཁྲུལ་བ་མ་ཡིན་ཡང༌། ཁྱོད་ཚད་མ་ཉིད་དུ་རྣམ་པར་གཞག རྗེས་དཔག་ལྟར་སྣང་ཚད་མིན་དུ་གཞག་ཏུ་རུང་སྟེ། ཁྱོད་དོན་བྱེད་པར་ནུས་པའི་རང་གི་གཞལ་བྱ་འཇལ་བྱེད་དུ་རྗེས་སུ་འབྲེལ། རྗེས་དཔག་ལྟར་སྣང་རང་གི་གཞལ་བྱ་འཇལ་བྱེད་དུ་འཇུག་པ་མེད་པའི་ཕྱིར་རོ། །དཔེར་ན་ནོར་བུའི་འོད་ལ་ནོར་བུར་ཞེན་པ་དང་སྒྲོན་མེའི་འོད་ལ་ནོར་བུར་ཞེན་པའི་བློ་ཡིས་ནོར་བུ་ཐོབ་ཕྱིར་མངོན་པར་རྒྱུག་པའི་བློ་གཉིས་ལོག་པའི་ཤེས་པར་ཁྱད་པར་མེད་ཀྱང་ཇི་ལྟར་ནོར་བུ་ཐོབ་པའི་དོན་བྱེད་མི་བྱེད་ལ་ཁྱད་པར་ཡོད་པ་དེ་བཞིན་ནོ། །རྒྱས་པར་དཀའ་འགྲེལ་དུ་བལྟ་བར་བྱའོ། །འཇུག་ཡུལ་ལ་བརྒྱུད་ནས་འབྲེལ་པ་དེ་ཉིད་ཀྱི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀ་ཆོས་ཅན། དངོས་པོའི་ཡུལ་ཅན་ཡིན་ཏེ། བླང་དོར་ལ་དཔྱོད་པ་སྟེ་འཇུག་བྱ་དང་ལྡོག་བྱའི་ཡུལ་སྟོན་པའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དཔྱོད་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར། ཇི་ལྟར་དཔྱོད་ཅེ་ན། རྟོག་པ་སྔོན་དུ་གཏོང་བ་བླང་དོར་ལ་ཅུང་ཟད་ཡོངས་སུ་རྟོག་པའི་གང་ཟག་ནི་ཆོས་ཅན། བླང་དོར་གྱི་ཡུལ་ཁོང་དུ་མ་ཆུད་པར་ཞེན་པ་ཙམ་གྱིས་ནི་བླང་དོར་ལ་འཇུག་པར་མི་རིགས་ཏེ། བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་ཚད་མས་ཤེས་པ་སྔོན་དུ་བཏང་ནས་ཇི་ལྟར་འོས་པར་བླང་དོར་བསྒྲུབ་པར་འདོད་པས་བླང་དོར་ལ་འཇུག་དགོས་པའི་ཕྱིར། རྗེས་སུ་དཔག་པའི་སྣང་བ་དེ་ཉིད་དོན་དང་ལྡན་པ་མ་ཡིན་ཞེས་པ་དེ་ཉིད་ཀྱི་དོན་རིགས་པས་སླར་ཡང་གསལ་བར་བྱེད་པ་ནི། རྗེས་སུ་དཔག་པའི་སྣང་བ་དེ་ཉིད་ཆོས་ཅན། དགོས་པའི་དོན་སྒྲུབ་པར་བྱེད་པའི་ཕྱི་རོལ་གྱི་དངོས་པོ་མིན་པར་ཐལ། དོན་སྒྲུབ་པར་བྱེད་པའི་དངོས་པོ་འགགས་ཀྱང་ཁྱོད་མི་འགག་པའི་ཕྱིར། ལ་མེ་ལྡན་རྟོགས་ཀྱི་རྗེས་དཔག་གི་སྣང་བ་དེ་ཆོས་ཅན། མེའི་དངོས་པོ་མ་ཡིན་པར་ཐལ། ཁྱོད་ལས་བཙོ་བསྲེག་གི་དོན་ཅུང་ཟད་ཀྱང་འགྲུབ་པ་མེད་པའི་ཕྱིར་རོ། །གཏན་ཚིགས་གཉིས་པོ་དེ་ཉིད་ཀྱི་ཕྱིར་སྣང་ཙམ་དུ་ཡོད་ཀྱང་སྤྱི་ནི་དོན་མ་ཡིན་ནོ། །ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་དུ་གྲུབ་པ་དེས་ན། མངོན་སུམ་དུ་མ་ཟད་རྗེས་དཔག་འདི་ཡང་ཆོས་ཅན། ཚད་མ་ཡིན་ཏེ། དངོས་པོའི་རང་བཞིན་ལ་གསར་དུ་མི་བསླུ་བའི་ཤེས་པ་ཉིད་ཡིན་པའི་ཕྱིར་དང༌། བསྒྲུབ་བྱའི་ཆོས་སུ་གཟུང་བྱའི་དངོས་པོ་དེ་དང་འབྲེལ་བའི་དངོས་པོའི་རྟགས་ལ་ལྟོས་ནས་གཞལ་བྱ་འཇལ་བའི་ཡང་ཕྱིར་རོ། །ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་དུ་བསྟན་ཟིན་ཏོ། །གལ་ཏེ་ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་ཡིན་ཏེ། ཞེས་པ་འདི་མི་འཐད་དེ། ཕྱོགས་ཀྱི་གླང་པོས། འབྲས་བུ་སྔར་བཞིན་ཡུལ་དང་ནི། །ངོ་བོ་མཚུངས་མིན་ཞེས་ཡུལ་དང་ངོ་བོ་མི་མཚུངས་པར་བཤད་པས་སོ་ཞེ་ན། སློབ་དཔོན་གྱིས་ནི་གཅིག་ལ་གསལ་མི་གསལ་ཆ་གཉིས་མི་འཐད་པའི་ཕྱིར། སྣང་བ་ཐ་དད་པ་ཙམ་ལ་དགོངས་ནས་ཚད་མ་གཉིས་ཀྱི་གཟུང་དོན་གྱི་དབྱེ་བ་བཤད་པ་ཡིན་པས་སྐྱོན་མེད་དོ། །དེ་ཉིད་འགྲེལ་པ་ནི། གཅིག་ལ་དེ་མི་འཐད་པའི་ཕྱིར། ཞེས་པའི་དོན་ནི། མངོན་སུམ་དང་རྗེས་དཔག་གཉིས་ཀྱི་སྣང་བ་དེ་དག་ནི་ཆོས་ཅན། གཅིག་པར་འཐད་པ་མ་ཡིན་ཏེ། ཕན་ཚུན་རྣམ་པ་མི་མཐུན་པའི་ཕྱིར། ཚིག་རྐང་ཕྱེད་དང་གཉིས་ཀྱི་དོན་སྟོན་པ་ནི། ཚད་མ་གཉིས་ཀྱི་སྣང་བ་ཐ་དད་པ་དེའི་ཕྱིར། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། ཚད་མ་གཉིས་ཀྱི་དམིགས་པའི་ཡུལ་ཐ་དད་པས་ཚད་མ་གཉིས་ཀྱི་ཡུལ་ཐ་དད་དུ་བཤད་ཀྱི། ཚད་མ་གཉིས་ཀྱི་འཇུག་པར་བྱ་བའི་ཡུལ་ཐ་དད་པ་སྟེ་དངོས་པོར་མི་མཚུངས་པ་ལ་དགོངས་ནས་ཚད་མ་གཉིས་ཀྱི་ཡུལ་ཐ་དད་དུ་བཤད་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་དུ་བཞེད་པའི་ཕྱིར་རོ། །ཁྱོད་ཀྱིས་ཚད་མ་གཉིས་ཀྱི་ཡུལ་ཐ་དད་ཅེས་བྱ་བ་ཡང་ཁྱོད་ཀྱི་དགོངས་པ་དཔྱད་པའི་སྐབས་འདིར་ཐ་མི་དད་པ་བཀག་པ་ཉིད་དུ་བལྟའི་ཚད་མ་གཉིས་ཀྱི་སྣང་ཡུལ་རྫས་དུ་མ་ཉིད་དུ་དགོངས་སོ་སྙམ་དུ་དཔྱད་པར་བྱ་བ་མིན་ཏེ། ཁྱོད་ཀྱིས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ནི་སྣང་ཡུལ་དངོས་པོ་མེད་པ་ཅན་ཉིད་དུ་བཞེད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་རྗེས་དཔག་གི་སྣང་བ་དངོས་པོར་མེད་ཅེ་ན། རྗེས་དཔག་ཆོས་ཅན། མངོན་སུམ་གྱི་སྣང་ཡུལ་བཞིན་དུ་ཁྱོད་ཀྱི་སྣང་བ་རྫས་སུ་གྲུབ་པ་མ་ཡིན་ཏེ། ཁྱོད་ཀྱི་སྣང་བ་རང་གི་ཡུལ་དུ་འདོད་པའི་ཕྱི་རོལ་དངོས་པོའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །གསལ་བ་ལས་རྫས་ཐ་དད་པའི་སྤྱི་འདིའི་ཡུལ་ཡིན་ནོ་ཞེ་ན། དེ་མ་ཡིན་པར་ཐལ། སྤྱི་ཡང་གསལ་བའི་དངོས་པོ་ལས་རྫས་གཞན་དུ་དོན་མཐུན་དུ་བརྗོད་དུ་མེད་པ་ཉིད་ཀྱིས་སོ། །གལ་ཏེ་ཚད་མ་གཉིས་ཀའི་ཡུལ་དངོས་པོ་ཉིད་ཡིན་ན། ད་ནི་ཇི་ལྟར་རྟགས་ལས་སྤྱི་རྟོགས་ལ་གཞན་མངོན་སུམ་ལས་ནི་རང་གི་མཚན་ཉིད་རྟོགས་ཤེ་ན། བཤད་པ། རྟགས་དུ་བ་ཆོས་ཅན། ཁྱོད་དང་ཁྱོད་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གཉིས་ཀ་སྤྱིའི་ཡུལ་ཅན་དུ་བཤད་དུ་རུང་བ་ཡིན་ཏེ། དུ་ལྡན་ལའི་སྟེང་དུ་མེ་དེ་མིན་པའི་རང་བཞིན་ལས་ལྡོག་པའི་མེའི་དངོས་པོ་ཙམ་ཞིག་རབ་ཏུ་བསྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། །མེའི་ཁྱད་པར་གྱི་ཆོས་མེ་ལྕེའི་རྩེ་མོ་རྣོ་བ་དང་ཁ་དོག་དམར་བ་དང་དབྱིབས་ཟླུམ་པ་ལ་སོགས་པ་སོ་སོར་གནས་པ་རྣམས་བསྒྲུབ་པའི་ནུས་པ་མེད་པའི་ཕྱིར་ཏེ། ཁྱོད་དང་ཁྱོད་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གཉིས་མེའི་ཁྱད་པར་གྱི་ཆོས་མེ་ལྕེའི་རྩེ་མོ་རྣོ་བ་དང་དབྱིབས་ཟླུམ་པ་ལ་སོགས་པ་སོ་སོར་ངེས་པའི་དངོས་ཀྱི་ཡུལ་ཅན་མ་ཡིན་ནོ། །ཁྱད་པར་གནས་པ་མེད་ཕྱིར་རོ། །ཞེས་འགྲེལ་པ་ནི། རྟགས་དུ་བ་ཆོས་ཅན། སྤྱིའི་ཡུལ་ཅན་དུ་བཤད་དུ་རུང་སྟེ། བཙོ་བསྲེག་ལ་སོགས་པའི་དགོས་པ་གང་དང་ལྡན་པའི་དོན་དེ་ཤེས་པར་འདོད་པའི་གང་ཟག་ལ་མེ་དེ་ལས་ལྡོག་པ་མེ་མ་ཡིན་ལས་ཐ་དད་པའི་དོན་ཙམ་བློ་ལ་འཇོག་པར་བྱེད་པའི་གཏན་ཚིགས་ཡིན་པའི་ཕྱིར། དགོངས་པ་ནི། གསལ་བ་རྣམས་ལ་ཐུན་མོང་དུ་ཡོད་པའི་སྤྱི་གཅིག་འདིས་འཇལ་བ་མ་ཡིན་གྱི་སྤྱིའི་དོན་ནི་ཁྱད་པར་མེད་པའི་དོན་ཡིན་ནོ། །དེ་ཉིད་སྟོན་པ་ལ། ཁྱད་པར་གནས་པ་མེད་ཕྱིར་ར། །་ཞེས་གསུངས་པ་རྒྱས་པར་སྟོན་པ་ནི། དུ་བ་དེ་ཆོས་ཅན། མེའི་དངོས་པོ་ཡོད་པ་བསྐལ་བ་སྟེ་བསྒྲུབ་མི་ནུས་པའི་ཕྱིར་ཁྱོད་ཀྱི་རྟགས་ལ་བརྟེན་པའི་བློ་སྤྱིའི་ཡུལ་ཅན་དུ་བཤད་པ་མིན་ཏེ། ཁྱོད་ལས་ཐ་དད་པར་གནས་པའི་མེ་རང་མཚན་གྱི་མི་འདྲ་བའི་ཁྱད་པར་རྟོགས་པ་མེད་པའི་ཕྱིར་དང༌། ཁྱོད་ལ་བརྟེན་པའི་བློ་སྤྱིའི་ཡུལ་ཅན་བཤད་པ་ཙམ་ཡིན་པའི་ཕྱིར། ཇི་ལྟར་རྟགས་ལས་ཁྱད་པར་མི་རྟོགས་ཤེ་ན། རྟགས་ཡང་དག་ཆོས་ཅན། ཐ་དད་པར་གནས་པའི་རང་མཚན་གྱི་མི་འདྲ་བའི་ཁྱད་པར་དངོས་སུ་རྟོགས་བྱེད་མིན་ཏེ། ཁྱོད་ལས་རྟོགས་པ་ཡང་སྤྱི་དེ་ལྟ་བུ་ཡིན་པའི་ཕྱིར་དང༌། ཁྱོད་མཐུན་དཔེ་ལ་རྗེས་སུ་འགྲོ་བ་ལ་ལྟོས་པའི་ཕྱིར་རོ། །ཅིག་ཤོས་སྔོ་འཛིན་མངོན་སུམ་ནི་ཆོས་ཅན། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཏེ། རྟགས་ལ་མི་ལྟོས་པར་རང་གི་མྱོང་བ་ལས་དོན་རྟོགས་པའི་ཕྱིར། དེར་ཐལ། ཡུལ་དུས་རང་བཞིན་སོ་སོར་གནས་པའི་རྣམ་པ་ཅན་གྱི་མ་འཁྲུལ་བའི་བློ་ཡིན་པའི་ཕྱིར། དེར་ཐལ། མཐོང་བའི་ཁྱད་པར་ལས་གཞན་མ་མཐོང་བའི་ཁྱད་པར་འཛིན་པས་དབེན་པས་ནའོ། །རྟགས་སྤྱིའི་ཡུལ་ཅན་དུ་འཆད་པའི་སྐབས་འདིར་ཆོས་ཅན། ཡན་ལག་གཞན་རྟགས་ལས་བསྒྲུབ་བྱ་རྟོགས་པའི་བློ་ནི་རང་མཚན་གྱི་དངོས་ཀྱི་ཡུལ་ཅན་དེ་ལྟ་མ་ཡིན་ཏེ། རྟགས་དེ་ལ་རང་མཚན་གྱི་མི་འདྲ་བའི་ཁྱད་པར་རྣམས་བསྒྲུབ་པའི་ནུས་པ་མེད་པའི་ཕྱིར། ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་དུ་བསྟན་པ་ལ་རྒོལ་བ་ཐམས་ཅད་མི་འཐད་པ་དེའི་ཕྱིར། དོན་ལ་མི་བསླུ་བར་ཚད་མ་གཉིས་ཀ་ཡང་མཚུངས་པའི་ཕྱིར་ཚད་མ་གཉིས་ཀ་དངོས་པོའི་ཡུལ་ཅན་ཉིད་ཡིན་ནོ། །རྗེས་དཔག་གི་ངོ་བོ་བསྟན་ནས་དེའི་རྒྱུ་རྟགས་གཏན་ལ་དབབ་པ་ལ། རྟགས་ཀྱི་མཚན་ཉིད་བསྟན་པ་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་པའི་ཚུལ་གསུམ་པོ་དེ་གང་ཡིན་ཞེ་ན། ཚུལ་གསུམ་པོ་དེ་ནི་རྗེས་སུ་དཔག་བྱ་ལ་ཡོད་པར་ངེས་པ། དེ་མཚུངས་ལ་ཡོད་པར་ངེས་པ། མེད་པ་ལ་མེད་པར་ངེས་པ་གསུམ་པོ་འདི་ཡིན་ནོ། །དང་པོའི་དོན་སྟོན་པ་ནི། རྗེས་སུ་དཔག་པར་བྱ་བ་ཞེས་པའི་སྒྲ་ནི། ཚུལ་དང་པོ་སྟོན་པའི་སྐབས་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ལ་འཇུག་པ་ཡིན་ཏེ། ཚུལ་དང་པོའི་སྐབས་འདིར་ཁྱོད་ཤེས་འདོད་ཆོས་ཅན་ལ་འཇུག་པ་ལ་དགོས་པ་དང་རྒྱུ་མཚན་ཡོད་པའི་ཕྱིར། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་ཕྱོགས་ཀྱི་ཆོས་སུ་གྲུབ་པ་ཡིན་ཏེ། སྒྲ་མི་རྟག་པར་བསྒྲུབ་པའི་ཤེས་འདོད་ཆོས་ཅན་སྒྲ་དེ་ལ་འགོད་ཚུལ་དང་མཐུན་པར་མངོན་སུམ་མམ་རྗེས་སུ་དཔག་པས་མཐོང་བའི་ཕྱིར་རོ། །དེ་མཚུངས་ལ་ཡོད་པར་ངེས་པ་འཆད་པ་ནི། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་རྗེས་ཁྱབ་མཐུན་དཔེའི་སྟེང་དུ་མི་རྟག་པ་ལ་འབྲེལ་ཞིང་ཆོས་ཅན་དེ་དང་ཆོས་ཡོད་དུ་མཐུན་པའི་ཕྱོགས་ཉིད་ལ་ཡོད་པར་ཚད་མས་ངེས་པ་ཕྱོགས་ཆོས་བཞིན་དུ་ཁྱོད་ལ་ཡང་མཚུངས་པའི་ཕྱིར་རོ། །ཉིད་ཀྱི་སྒྲས་མེད་པ་ལ་མེད་པར་ངེས་པ་བསྟན་ཏོ། །རྟགས་ཆོས་ཅན་གྱི་ཁྱད་པར་དུ་བྱས་པ་ཡིན་ན་གཞན་དཔེ་ལ་ཡོད་པར་འགལ་ལ། ཁྱད་པར་དུ་མི་བྱེད་ན་ཡང་རྗེས་སུ་དཔག་པར་བྱ་བའི་ཆོས་སུ་རུང་བ་མ་ཡིན་པས་ཕྱོགས་ཀྱི་ཆོས་སུ་གྲུབ་པའི་ཚེ་རྗེས་ཁྱབ་ཏུ་འགལ་ཞིང་རྗེས་འགྲོ་གྲུབ་པའི་ཚེ་ཕྱོགས་ཆོས་སུ་མི་འཐད་དོ་ཞེ་ན། སྒྲས་ཁྱད་པར་དུ་བྱས་པས་སྒྲ་ལས་གཞན་ན་མེད་དགོས་པ་མ་ཡིན་ཏེ། སྒྲས་གཞན་ལྡན་རྣམ་གཅོད་གྱིས་ཁྱད་པར་དུ་བྱས་པ་མ་ཡིན་གྱི་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། སྒྲ་ལ་རྣམ་གཅོད་དུ་མ་ཡོད་དམ་ཞེ་ན། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ལ་རྣམ་གཅོད་དུ་མ་ཡོད་དེ། ཁྱོད་ལ་རྗོད་བྱེད་ཀྱི་ཆོས་ཀྱི་ཚིག་ཕྲད་སྦྱོར་ཚུལ་ཐ་དད་པར་བྱེད་པས་ཁྱོད་ལ་རྣམ་གཅོད་གསུམ་གཞག་ཏུ་རུང་བའི་ཕྱིར། ཚིག་ཕྲད་ཀྱི་སྦྱོར་ཚུལ་གྱིས་རྣམ་གཅོད་གསུམ་དུ་ཇི་ལྟར་འགྱུར་ཞེ་ན། ཁྱད་པར་རྟགས་དང་ཚིག་ཕྲད་ལྷན་ཅིག་ཏུ་བརྗོད་པ་སྒྲ་ལ་བྱས་པ་ཡོད་པ་ཁོ་ན་ཞེས་པའི་ཚིག་ཆོས་ཅན། སྒྲ་ལ་བྱས་པ་ནི་མི་ལྡན་སྙམ་པའི་དོགས་པ་གཅོད་ནུས་ཡིན་ཏེ། སྒྲ་ལ་བྱས་པ་མི་ལྡན་པ་རྣམ་པར་གཅོད་པའི་ཚིག་དོན་མཐུན་ཡིན་པའི་ཕྱིར། ཁྱད་པར་ཅན་མཐུན་ཕྱོགས་དང་ཁོ་ན་ལྷན་ཅིག་ཏུ་བརྗོད་པ་རྟགས་ཡང་དག་མཐུན་ཕྱོགས་ཁོ་ན་ལ་ཡོད་ཅེས་པའི་ཚིག་ཆོས་ཅན། རྟགས་ཡང་དག་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་སྙམ་པའི་དོགས་པ་གཅོད་ནུས་པ་ཡིན་ཏེ། མཐུན་ཕྱོགས་ལས་གཞན་མི་མཐུན་ཕྱོགས་ལ་རྟགས་ཡང་དག་ལྡན་པ་གཅོད་པའི་ཚིག་དོན་མཐུན་པའི་ཕྱིར། རྒྱུ་ལས་འབྲས་བུ་འབྱུང་བ་ཁོ་ནའོ་ཞེས་བྱ་བ་དང་ཁོ་ན་ལྷན་ཅིག་ཏུ་བརྗོད་པའི་ཚིག་ཆོས་ཅན། རྒྱུ་ལས་འབྲས་བུ་མི་འབྱུང་སྙམ་པའི་དོགས་པ་གཅོད་ནུས་ཏེ། རྒྱུ་ལས་འབྲས་བུ་འབྱུང་བ་གཏན་མི་ལྡན་པ་དེ་རྣམ་པར་གཅོད་བྱེད་གྱི་ཚིག་དོན་མཐུན་ཡིན་པའི་ཕྱིར། ཉིད་ནི་རྣམ་གཅོད་གསུམ་དུ་གྲངས་ངེས་པར་སྟོན་པའི་སྒྲའོ། །ཚིག་ཕྲད་མ་སྦྱར་བའི་ཚེ་ཡང་རྣམ་གཅོད་རྟོགས་པ་ཡོད་དམ་ཞེ་ན། བུམ་པར་ཆུ་འོན་ཅིག་ཅེས་པའི་ངག་ཆོས་ཅན། ཁྱོད་ལ་ཚིག་ཕྲད་དེ་དངོས་སུ་སྦྱར་བ་མེད་ཀྱང་ཁྱོད་ལ་བརྟེན་ཏེ་སྨྲ་བ་པོའི་བརྗོད་འདོད་ཀྱི་དབང་ལས་ངེས་གཟུང་དེའི་དོན་རྟོགས་པར་འགྱུར་བ་ཡོད་དེ། རང་གི་བརྗོད་བྱའི་འགལ་ཟླ་རྣམ་པར་གཅོད་པའི་འབྲས་བུ་ཅན་དུ་རང་རྒྱུ་བརྗོད་འདོད་ལས་སྐྱེས་པའི་ངེས་གཟུང་གི་སྙིང་པོ་ཅན་གྱི་ཚིག་ཡིན་པའི་ཕྱིར། ཚིག་ཀུན་ངེས་གཟུང་སྙིང་པོ་ཅན་ཞེས་སོ། །ཚིག་ཕྲད་སྦྱར་བ་མེད་ཀྱང་ངེས་གཟུང་དོན་རྟོགས་པའི་དཔེ་གཅིག་བསྟན་པ་ནི། དཔེར་ན་ཁོ་ནའི་སྒྲ་སྦྱར་བ་མེད་ཀྱང་རྒྱལ་པོ་སྐྱ་སེང་གི་བུ་ནག་པ་འཕོང་སྐྱེན་མི་སྐྱེན་སྙམ་པའི་དོགས་པ་གཅོད་པའི་ཆེད་དུ་ནག་པ་འཕོང་སྐྱེན་ཞེས་བརྗོད་པའི་ཚིག་ལས་མི་ལྡན་རྣམ་གཅོད་གྱི་དོན་གོ་བ་ལྟ་བུའམ། སྲིད་སྒྲུབ་འཕོང་སྐྱེན་པར་གྲགས་པས་མི་སྐྱེན་པའི་དོགས་པ་མེད་ཀྱང་སྲིད་སྒྲུབ་དང་འདྲ་བའི་འཕོང་སྐྱེན་པ་གཞན་ཡང་ཡོད་དམ་སྙམ་པའི་དོགས་པ་གཅོད་པའི་ཆེད་དུ་གཞན་ལྡན་རྣམ་གཅོད་ཀྱི་ཚིག་བརྗོད་པར་འདོད་པ་ལས་བྱུང་བའི་སྲིད་སྒྲུབ་འཕོང་སྟེ་མདའ་སྐྱེན་པའི་ཚིག་ལས་གཞན་ལྡན་རྣམ་གཅོད་ཀྱི་དོན་གོ་བ་ལྟ་བུའམ། མཚོ་སྐྱེས་ལ་སྔོན་པོ་སྲིད་དམ་མི་སྲིད་སྙམ་པའི་དོགས་པ་གཅོད་པའི་དོན་དུ་སྔོན་པོར་གྱུར་པའི་མཚོ་སྐྱེས་སྲིད་ཅེས་པ་ལས་མི་སྲིད་རྣམ་གཅོད་ཀྱི་དོན་གོ་བ་བཞིན་ནོ། །དོན་གསུམ་བཤད་ནས་དཔེ་གསུམ་རིམ་པ་བཞིན་སྦྱོར་བའི་ངེས་པ་ཡོད་པ་མིན་གྱི། ཚིག་ཕྲད་སྦྱར་བ་མེད་ཀྱང་ངེས་གཟུང་གི་དོན་རྟོགས་པ་ཡོད་པ་སྤྱིར་བཀོད་ནས་དཔེ་གསུམ་གདམ་ཀ་ཅན་མཛད་པའི་ཕྱིར་རོ། །ཞེས་པ་འདི་ནི་ཆོས་ཀྱི་གྲགས་པའི་དགོངས་པའོ། །འཕོང་སྐྱེན་ཞེས་པའི་ཚིག་གིས་འཕོང་མི་སྐྱེན་པ་གཅོད་ན། གཏོང་ཕོད་པ་སོགས་ཀྱང་གཅད་དགོས་ཏེ། གཉིས་ཀ་རང་གི་བརྗོད་བྱ་ལས་གཞན་ཡིན་པར་ཁྱད་པར་མེད་པའི་ཕྱིར་ཞེ་ན། རྣམ་གཅོད་གསུམ་བསྟན་པའི་སྐབས་དེར་ཡང་ཆོས་ཅན། ནག་པ་འཕོང་སྐྱེན་པ་ཁོ་ནའོ་ཞེས་སོགས་ཀྱི་ངག་གིས་བརྗོད་བྱའི་དོན་རྣམས་ལ་འགལ་ཟླ་གཅོད་པའི་རྟོགས་པ་སྐྱེད་པར་བྱེད་ཀྱི་གཞན་ཡིན་ཙམ་གཅོད་པ་མིན་ཏེ། འཇིག་རྟེན་ན་ཐ་དད་པར་བྱེད་པའི་ཚིག་ཕྲད་ཀྱིས་འགལ་ཟླ་གཅོད་ཀྱི་གཞན་ཙམ་གཅོད་པ་མིན་པ་དེ་ལྟར་གྲགས་པའི་ཕྱིར། རྟགས་མ་གྲུབ་ན། ནག་པ་འཕོང་སྐྱེན་པ་ཁོ་ནའོ་ཞེས་སོགས་ཀྱི་ངག་ཆོས་ཅན། དེར་ཐལ། གཞན་ཙམ་གཅོད་མི་ནུས་ཀྱི་འགལ་ཟླ་གཅོད་པར་ནུས་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་རང་རྒྱུ་བརྗོད་འདོད་ལ་སྣང་བ་ཉིད་བརྗོད་ཅིང་རང་རྒྱུ་བརྗོད་འདོད་ཀྱང་འགལ་ཟླ་གཅོད་བྱེད་དུ་ཞུགས་པའི་ཕྱིར། ཁྱབ་པ་ཡོད་དེ། རྗོད་བྱེད་ཀྱི་སྒྲ་རྣམས་ནི་རང་རྒྱུ་བརྗོད་འདོད་ཀྱི་རྗེས་སུ་འབྲང་བའི་ཕྱིར། ནག་པ་འཕོང་སྐྱེན་པ་ལྟར་དུ་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པས་ཆོས་ཅན་གྱི་ཆོས་སུ་གྲུབ་ཀྱང་རྗེས་སུ་འགྲོ་མེད་པའི་སྐྱོན་མེད་དོ་ཞེས་སྟོན་པ་ནི། མི་ལྡན་པ་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་རྟགས་གོང་དུ་བསྒྲུབས་པ་དེས་ན། བྱས་པ་ཆོས་ཅན། ཆོས་ཅན་སྒྲའི་ཆོས་ཀྱི་ཁྱད་པར་དུ་གྲུབ་པ་ཡིན་ཏེ། སྒྲའི་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་བྱས་པ་ཡིན་པའི་ཕྱིར། ཁྱད་པར་ཅན་ཆོས་ཅན། སྒྲ་དེའི་ཁྱད་པར་གྱི་ཆོས་ཡིན་པས་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་བརྟེན་པ་མ་ཡིན་ཏེ། སྒྲས་མི་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་ཀྱི་གཞན་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་མ་ཡིན་པའི་ཕྱིར་རོ། །གཞན་ལྡན་རྣམ་གཅོད་དུ་མི་འཐད་པར་བསྟན་པ་ནི། གཞན་ལྡན་རྣམ་གཅོད་གྱིས་ཁྱད་པར་དུ་བྱས་པར་འདོད་ན། གཅིག་སྒྲ་མི་རྟག་པ་སྒྲུབ་བྱེད་དེར་འགྱུར་ན། གཞན་བུམ་པ་དེ་མི་རྟག་པར་སྒྲུབ་བྱེད་ཉིད་མ་ཡིན་པར་འགྱུར་བར་ཐལ། སྒྲས་གཞན་དང་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར། གཞན་ཡང་ཁྱད་པར་དང་ཁྱད་པར་ཅན་དང་འབྲེལ་བའི་ཚིག་ཕྲད་ཀྱང་ཁྱད་པར་མེད་པར་ཐལ། ཁོ་ནའི་སྒྲ་ཁྱད་པར་དང་ཁྱད་པར་ཅན་གང་ལ་སྦྱར་ཡང་སྒྲ་གཞན་ལྡན་རྣམ་གཅོད་ཀྱི་ཚིག་ཏུ་འགྱུར་བའི་ཕྱིར། རྟགས་ཆོས་ཅན་གྱིས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པར་བསྟན་པ་འདིས་ནི་སྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཆོས་ཅན། ཁྱོད་དང་སྒྲ་ལ་ཡང་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོས་ངེས་པར་བྱ་བ་ཡིན་ཏེ། ཁྱོད་སྒྲས་མི་ལྡན་པ་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། དེས་ན། སྒྲས་ཁྱད་པར་དུ་བྱས་པ་ཡོད་ཀྱང༌། སྒྲ་ལས་གཞན་ལ་རྗེས་འགྲོ་མེད་པ་མ་ཡིན་ནོ། །རྗེས་འགྲོ་མེད་པའི་སྐྱོན་མེད་པ་དེ་བཞིན་དུ། བྱས་པ་ཆོས་ཅན། སྒྲ་ལ་སྤྱི་མི་རྟག་པ་བསྒྲུབ་པར་བྱ་བ་ཡིན་ཡང༌། གྲུབ་ཟིན་པ་ལ་སླར་ཡང་སྒྲུབ་པར་བྱེད་པའི་སྐྱོན་ཅན་ཡང་མ་ཡིན་ཏེ། སྒྲ་དེ་དང་མི་རྟག་པ་མི་ལྡན་པ་རྣམ་པར་བཅད་པ་སྔར་ཚད་མས་མ་གྲུབ་པ་གསར་དུ་ངེས་པར་བྱེད་པའི་ཕྱིར། འོ་ན་ཆོས་ཅན་ལ་རྟགས་མེད་པར་འགྱུར་ཏེ་ཆོས་ཅན་དེ་དང་ཆོས་ཡོད་དུ་མཚུངས་པ་ཉིད་ལ་ཞེས་རྟགས་མཐུན་ཕྱོགས་ཁོ་ན་ལ་ངེས་པར་བཟུང་བའི་ཕྱིར་ཞེ་ན། དེ་དང་མཚུངས་པ་ཉིད་ལ་ཡོད་པ་ཞེས་ངེས་གཟུང་ཆོས་ཅན། ཆོས་ཅན་ལ་རྟགས་མེད་པར་བསྟན་པ་མིན་ཏེ། དེ་དང་ཞེས་པའི་སྒྲའི་བསྡུས་པའི་ཆོས་ཅན་ལ་རྟགས་ཡོད་པར་བསྟན་པའི་ཕྱིར། འོ་ན་ངེས་གཟུང་གིས་ཅི་བྱ་ཞེ་ན། དགོས་པ་ཡོད་དེ། གཞན་མི་མཐུན་ཕྱོགས་ལ་རྟགས་ཡང་དག་ཡོད་པ་དགག་པའི་དོན་ནམ་ཆེད་ཡིན་པའི་ཕྱིར། གཞན་མི་མཐུན་ཕྱོགས་ལ་རྟགས་ཡང་དག་ཡོད་པར་རྣམ་པར་གཅོད་པ་ཡིན་གྱི་ཆོས་ཅན་ལ་རྟགས་གཅོད་པ་མིན་ཏེ། ཆོས་ཅན་དེ་ལ་རྟགས་ཡོད་པར་གྲུབ་པ་དེ་དང་ཞེས་པའི་སྒྲའི་བསྡུ་བས་སྡུད་པའི་མཐུན་ཕྱོགས་ཁོ་ན་ལ་རྟགས་ངེས་པར་གཟུང་བའི་ཚིག་དོན་མཐུན་ཡིན་པའི་ཕྱིར། དཔེར་ན། དང་པོ་ནོར་ལྷ་རང་ལས་བུ་གཉིས་སྐྱེས་གྱུར་ཏེ། །ན་ར་སྟོབས་བཟང་དང་ནི་སྲེད་མེད་བུ་ཉིད་དོ། །ཞེས་པའི་ཉིད་ཀྱི་སྒྲས་གཉིས་ལས་མང་བ་གཅོད་ཀྱི་ན་ར་ནི་མི་གཅོད་པ་ལྟ་བུའོ། །ཕྱོགས་ཆོས་དང་རྗེས་འགྲོའི་ངོ་བོ་ནི་བསྟན་ཟིན་ན། ལྡོག་པའི་ངོ་བོ་གང་ཡིན་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ཅན་དེ་དང་རིགས་མཐུན་པ་ལ་ཡོད་པ་ཚུལ་གཉིས་པ་དང་ལྡན་པའི་གཏན་ཚིགས་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པར་བྱ་བའི་ཚུལ་གསུམ་པ་ལྡོག་ཁྱབ་ཡིན་ཏེ། བསྒྲུབ་བྱའི་ཆོས་དང་འབྲེལ་བས་བསྒྲུབ་བྱའི་ཆོས་དེའི་དངོས་པོ་མེད་པ་ལ་མེད་པ་ཉིད་དུ་ངེས་པའི་ཕྱིར། དེ་ཡང་ཚད་མས་ངེས་པ་གཟུང་བར་བྱ་བ་ཡིན་ཏེ། ཐ་མར་སྨོས་པའི་ངེས་པ་ནི་ཕྱོགས་ཆོས་དང་རྗེས་འགྲོའི་ཚུལ་གཉིས་སུ་མ་ཟད་ཚུལ་གསུམ་ཀ་ལ་བལྟ་བའམ་སྦྱར་བར་བྱའོ། །ཕྱོགས་ཆོས་དང་རྗེས་འགྲོ་ངེས་པའི་ཚུལ་བཤད་ཟིན་ཏོ། །ལྡོག་པ་ངེས་པའི་ཚུལ་ཇི་ལྟ་བུ་ཞེ་ན། མེ་ལས་དོན་གཞན་དུ་བ་ཆོས་ཅན། མི་མཐུན་དཔེ་ལ་ཡོད་ན་བལྟར་རུང་བའི་ཡུལ་ཅན་རྒྱུ་མེ་མ་དམིགས་པས་ཁྱོད་མེ་མེད་ལས་ལྡོག་པའི་ལྡོག་པ་འགྲུབ་པར་འགྱུར་ཏེ། མཐུན་དཔེའི་སྟེང་དུ་ཁྱོད་མེ་ལས་རབ་ཏུ་སྐྱེ་བར་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མས་གྲུབ་པའི་ཕྱིར། གཞན་མཐུན་ཕྱོགས་ལ་སྣང་རུང་མ་དམིགས་པ་ཙམ་གྱིས་ནི་ལྡོག་པ་འགྲུབ་པ་མ་ཡིན་ནོ། །རང་བཞིན་བྱས་པ་དག་ཆོས་ཅན། མི་མཐུན་དཔེ་ལ་ཡོད་ན་བལྟར་རུང་བའི་ཡུལ་ཅན་ཁྱབ་པར་བྱེད་པའི་ངོ་བོ་མི་རྟག་པ་མི་དམིགས་པས་ཁྱོད་རྟག་པ་ལས་ལྡོག་པའི་ལྡོག་པར་འགྲུབ་པར་འགྱུར་གྱི། གཞན་སྣང་རུང་མ་དམིགས་པ་ཙམ་གྱིས་ནི་ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ལྡོག་པ་འགྲུབ་པ་མ་ཡིན་ཏེ། མཐུན་དཔེའི་སྟེང་དུ་ཡོད་པ་མི་རྟག་པ་དེ་ཙམ་དང་རྗེས་སུ་འབྲེལ་བར་གནོད་པ་ཅན་གྱི་ཚད་མས་འགྲུབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྣང་རུང་མ་དམིགས་པའི་གཏན་ཚིགས་ལ་ཡང་ཆོས་ཅན། ལྡོག་པ་ངེས་བྱེད་ཡོད་དེ། སྣང་རུང་གི་དངོས་པོ་མེད་པ་ལས་བཟློག་པ་ཡོད་པ་ལ་འཇུག་པའི་མངོན་སུམ་ཉིད་ཁྱོད་ཀྱི་ལྡོག་པ་ངེས་བྱེད་ཡིན་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། སྒྲུབ་རྟགས་སུ་མ་ཟད་སྣང་རུང་མ་དམིགས་པ་ལ་ཡང་ལྡོག་པ་ཚད་མའི་སྟོབས་ཀྱིས་ངེས་པ་ཡིན་ཏེ། སྣང་རུང་གི་དངོས་པོ་མེད་པ་ལས་བཟློག་པ་ཡོད་པ་ལ་དམིགས་བྱེད་མངོན་སུམ་འཇུག་དགོས་པའི་ཕྱིར་རོ། །ལྡོག་པ་རྗེས་འགྲོའི་ཤུགས་ལ་གོ་བ་མ་ཡིན་ནམ་སྟེ། དགོས་པ་ཅིའི་ཕྱིར་ལོགས་སུ་བསྟན་ཅེ་ན། ལྡོག་པ་བསྟན་པའི་དགོས་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། དེ་དང་མཐུན་པ་ཉིད་ལ་ཡོད་པ་ཞེས་བྱ་བས་མི་མཐུན་ཕྱོགས་ལ་ལྡོག་པ་གྲུབ་མོད་ཀྱི་བསྣན་ནས་མེད་པ་ལ་མེད་པ་ཉིད་བརྗོད་པ་ནི། རྗེས་འགྲོའི་ངེས་གཟུང་གིས་ཆོས་ལས་ལྡོག་གཞན་དང་འགལ་བའི་མི་མཐུན་ཕྱོགས་ཁོ་ན་ལ་རྟགས་འགོག་གམ་སྙམ་པའི་དོགས་པ་གཅད་པའི་ཆེད་དང༌། མེད་པ་དང་གཞན་པ་དང་འགལ་བའི་མི་མཐུན་ཕྱོགས་གསུམ་ལས་མེད་པའི་མི་མཐུན་ཕྱོགས་ཁོ་ན་ལ་རྟགས་མེད་པ་ཉིད་ལྡོག་པ་ཡིན་གྱི་གཞན་པའི་མི་མཐུན་ཕྱོགས་ལ་མེད་པ་ཡང་མ་ཡིན་ཏེ། གལ་ཏེ་ཡིན་ན་མི་རྟག་པ་ལས་ལྡོག་གཞན་ལ་བྱས་པ་ཞུགས་པས་བྱས་པ་གཏན་ཚིགས་མིན་པར་འགྱུར་བས་སོ། །འགལ་བའི་མི་མཐུན་ཕྱོགས་ཁོ་ན་ལ་རྟགས་མེད་པ་ཡང་ལྡོག་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་གྲང་རེག་ཁོ་ན་ལས་ལྡོག་གི་རེག་བྱ་བཏང་སྙོམས་པ་ལས་མི་ལྡོག་པའི་ཕྱིར་ན་མེས་དྲོ་བ་རྟོགས་པར་མི་འགྱུར་བར་ཐལ་བས་སོ་ཞེས་པའི་དོན་རྣམས་ངེས་པར་བྱ་བའི་ཕྱིར་ཡིན་ནོ་ཞེས་སློབ་དཔོན་དབང་ཕྱུག་སྡེ་ཟེར་རོ། །ལྡོག་པ་བརྗོད་པའི་དགོས་པ་དེ་ལྟར་དུ་འདོད་པ་དེ་ལ་སྐྱོན་འདི་ལྟ་སྟེ། རྗེས་འགྲོའི་ངེས་གཟུང་རྟོག་པའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་རྗེས་འགྲོའི་ངེས་གཟུང་གིས་བསྒྲུབ་བྱའི་ཆོས་ལས་ལྡོག་ཆོས་གཞན་གང་ཡིན་ལ་རྟགས་ཡོད་པ་འགོག་པར་དོགས་པ་ནི་མེད་པར་ཐལ། རྗེས་འགྲོའི་ངེས་གཟུང་གིས་ཁྱོད་ཀྱི་རྒྱུད་ལ་རྟགས་བསྒྲུབ་བྱའི་ཆོས་ཀྱི་ལྡོག་པ་ཁོ་ན་ལ་གྲུབ་པར་བསྟན་ནམ་སྙམ་པའི་དོགས་པ་མི་སྲིད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་དོགས་པ་དེ་གཅད་པའི་དོན་དུ་ལོགས་སུ་སྨོས་པ་མ་ཡིན་ནོ། །འགལ་བ་ལ་འགོག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ཡང་མི་འཐད་དེ། རྗེས་འགྲོའི་ངེས་གཟུང་ཆོས་ཅན། ཁྱོད་ཀྱིས་འགལ་བའི་མི་མཐུན་ཕྱོགས་ལ་རྟགས་འགོག་པ་ཡང་དེ་ཁོ་ན་ལ་འགོག་པ་མ་ཡིན་པར་ཐལ། འགལ་བའི་མི་མཐུན་ཕྱོགས་དེ་ཁོ་ན་ལ་རྟགས་འགོག་ན་ནི་སྐྱོན་དུ་འགྱུར་བའི་ཕྱིར། སྐྱོན་ཇི་ལྟ་བུ་ཞེ་ན། མེ་ཆོས་ཅན། ཙནྡན་གྱི་མེ་ལ་དྲོ་བ་རྟོགས་པར་བྱེད་པའི་རྟགས་ཡང་དག་ཏུ་མི་འགྱུར་བར་ཐལ། རྒྱུ་མཚན་གང་གིས་ན་ཙནྡན་གྱི་མེ་ལ་དྲོ་བའི་རེག་བྱ་བསྒྲུབ་པའི་འགལ་བའི་མི་མཐུན་ཕྱོགས་དེ་ཁོ་ན་ལས་ལྡོག་པའི་ཕྱིར། རྟགས་ཁས་བླངས་སོ། །དེ་དང་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་ནི་ཆོས་ཅན། རྟགས་མི་མཐུན་ཕྱོགས་ལས་ལྡོག་པར་བསྟན་པ་གང་གིས་འགལ་བ་དེ་ཁོ་ན་ལས་རྟགས་ལྡོག་པའི་ཕྱིར་རམ་རྒྱུ་མཚན་གྱིས་མེས་དྲོ་བ་རྟོགས་པར་མི་འགྱུར་བའི་སྐྱོན་མེད་དེ། འགལ་བ་ཁོ་ན་དེ་དང་མཐུན་པ་མ་ཡིན་པར་ནི་བསྟན་པར་མི་འགྱུར་བའི་ཕྱིར། དེར་ཐལ། འོན་ཀྱང་བསྒྲུབ་བྱའི་ཆོས་ཅན་དེ་དང་ཆོས་ཡོད་དུ་མཐུན་པ་ལས་ལྡོག་པ་གཞན་པ་དང་མེད་པའི་མི་མཐུན་ཕྱོགས་ཀྱང་མི་མཐུན་ཕྱོགས་སུ་ཤུགས་ལ་བསྟན་པའི་ཕྱིར། རྒྱུ་མཚན་དེས་ན། ཚུལ་གསུམ་པ་ལྡོག་ཁྱབ་ནི་ཆོས་ཅན། རྗེས་འགྲོའི་ངེས་གཟུང་གིས་གཞན་པའི་མི་མཐུན་ཕྱོགས་ལ་རྟགས་འགོག་ན་རྟགས་མི་སྲིད་པར་ཐལ་བ་ལ་སོགས་པའི་སྐྱོན་སྤང་བའི་ཕྱིར་ལོགས་སུ་བརྗོད་མི་དགོས་པར་ཐལ། རྗེས་འགྲོའི་ངེས་གཟུང་འདི་ལ་བསྒྲུབ་བྱའི་ཆོས་ལས་ལྡོག་གཞན་ལ་རྟགས་འགོག་ན་གཏན་ཚིགས་མི་སྲིད་པ་ལ་སོགས་པའི་སྐྱོན་མེད་པའི་ཕྱིར་རོ། །ལྡོག་པ་ལོགས་སུ་བསྟན་པའི་དགོས་པ་གཞན་གྱི་འདོད་ཚུལ་བཀག་ཟིན་ནས། རང་ལུགས་བསྟན་པ་ནི། ཚུལ་གསུམ་པ་ཆོས་ཅན། ཁྱོད་རྗེས་འགྲོའི་ཤུགས་ལ་གོ་བས་ལོགས་སུ་བསྟན་པ་ལ་དགོས་པ་མེད་པའི་སྐྱོན་མེད་དེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཐམས་ཅད་ཉེ་བར་བསྡུས་པའི་ཁྱབ་པ་ངེས་པ་དང་ལྡན་པའི་ཚུལ་གང་རུང་གཅིག་ཕྱོགས་ཆོས་དང་སྦྱར་བས་ཀྱང་དོན་གྱི་གོ་བས་ཚུལ་གཉིས་པ་རྟོགས་པར་བྱེད་པ་ཡིན་ནོ། །ཞེས་རྗེས་སུ་འགྲོ་ལྡོག་གི་སྦྱོར་བ་བསྟན་པའི་དོན་དུ་རྗེས་འགྲོ་ལས་ལོགས་སུ་བསྟན་པའི་ཕྱིར། ཁྱབ་པ་གང་རུང་གཅིག་བརྗོད་པས་གཉིས་པ་འཕེན་པ་དེའི་ཕྱིར། མཐུན་སྦྱོར་དང་མི་མཐུན་སྦྱོར་གང་རུང་གཅིག་ཀྱང་སྦྱོར་བར་འགྱུར་བ་ཡིན་ནོ། །གལ་ཏེ་མཉན་པར་བྱ་བ་ཉིད་ལྡོག་པ་ཅན་ཡིན་ཡང་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་ལྡོག་པ་རྟོགས་པས་རྗེས་འགྲོ་རྟོགས་པར་ངེས་པ་མ་ཡིན་ནོ་ཞེ་ན། མཉན་བྱ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ལྡོག་ཁྱབ་ཚད་མ་ངེས་ཤིང་རྗེས་ཁྱབ་མེད་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ལྡོག་ཁྱབ་ཀྱང་མེད་པའི་ཕྱིར་རོ། །མེད་པའི་ཚུལ་ནི། རྟག་མི་རྟག་གང་རུང་ལས་ལྡོག་པས་ལྡོག་པ་ངེས་ཤེ་ན། ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བ་གཞིར་བཟུང་ནས་མཉན་པར་བྱ་བ་ཉིད་ནི་ཆོས་ཅན། རྟག་མི་རྟག་འགའ་ལས་ཀྱང་ལྡོག་པ་མ་ཡིན་ཏེ། སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ལ་ཐེ་ཚོམ་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ལྡོག་ཁྱབ་ཚད་མས་ངེས་པ་དང་ལྡན་པ་ལ་ནི་ཐེ་ཚོམ་མེད་པའི་ཕྱིར་ཏེ་བྱས་པ་ཉིད་ལས་སྒྲ་མི་རྟག་པར་བསྒྲུབ་པ་བཞིན་ནོ། །མཉན་བྱ་ཆོས་ཅན། རྟག་པ་ལས་ལྡོག་པས་དེ་ལ་མེད་པར་ངེས་ཀྱང་མི་རྟག་པ་ལས་ལྡོག་མི་ལྡོག་ཐེ་ཚོམ་ཟའོ་ཞེ་ན། རྟག་པ་ལས་ལྡོག་པར་ཚད་མས་ངེས་ན་མི་རྟག་པ་ལ་འཇུག་དགོས་པར་ཐལ། དངོས་པོའི་ཆོས་ཡིན་པའི་ཕྱིར་དང་མི་རྟག་པའི་དངོས་པོ་ཐམས་ཅད་ལས་ལྡོག་པ་ནི་ཕུང་གསུམ་དུ་འགལ་བའི་ཕྱིར། དེས་ན་རྟག་མི་རྟག་གི་ཕྱོགས་གཉིས་ལ་ཡོད་པར་དོགས་པ་ཉིད་ཀྱིས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་ཀྱི་མ་ངེས་པ་ཉིད་དུ་འགྱུར་རོ། །འོ་ན་ཀུན་ལས་བཏུས་སུ་ལྡོག་པ་དང་ལྡན་པར་བཤད་པ་དང་འགལ་ལོ་ཞེ་ན། མཉན་བྱ་ཆོས་ཅན། འདིར་ལྡོག་པ་རྣལ་མར་མ་གྲུབ་པའི་གཏན་ཚིགས་སུ་བསྟན་ནས་ཀུན་ལས་བཏུས་སུ་མི་མཐུན་ཕྱོགས་ལས་ལྡོག་པ་དང་ལྡན་པར་བཤད་པ་དང་འགལ་མི་དགོས་ཏེ། མི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་མ་མཐོང་བ་ཙམ་གྱི་ལྡོག་ལྡན་གྱི་གཏན་ཚིགས་སུ་བཤད་པའི་ཕྱིར། དེ་ཙམ་གྱིས་ལྡོག་པ་ངེས་སོ་ཞེ་ན། མི་མཐུན་ཕྱོགས་ལ་རྗེས་འགྲོ་མ་མཐོང་བ་ཙམ་གྱི་ལྡོག་པའི་རྣམ་པ་འདི་ལྟ་བུ་ནི་ཆོས་ཅན། རྟགས་ཡིན་ལྡོག་ཁྱབ་མ་ཡིན་པར་ཐལ། བསྒྲུབ་བྱ་གོ་བར་བྱེད་པའི་རྟགས་ཀྱི་ཡན་ལག་གི་ཁྱབ་པ་མ་ཡིན་པའི་ཕྱིར། བསྒྲུབ་བྱ་གོ་བར་བྱེད་པའི་རྟགས་ཀྱི་ལྡོག་པའི་ཁྱབ་པ་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་དང་རིགས་མཐུན་པ་ལ་ཡོད་པའི་གཏན་ཚིགས་ཞེས་སོགས་ཀྱི་སྐབས་སུ་བརྗོད་ཟིན་ཏོ། །ལྡོག་པའི་ཁྱབ་པ་དེ་ཡང་ཆོས་ཅན། རྗེས་འགྲོ་ཚད་མས་རྟོགས་པ་མེད་པར་བསྟན་པར་མི་ནུས་ཏེ། བསྒྲུབ་བྱའི་ཆོས་དེའི་ངོ་བོ་ལ་བདག་གཅིག་ཏུ་འབྲེལ་བ་དང༌། རྒྱུའི་དངོས་པོ་ལ་དེ་བྱུང་དུ་འབྲེལ་བར་མཐོང་བའི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ཉིད་ཁྱོད་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །མཉན་བྱ་གཏན་ཚིགས་མིན་པའི་དོན་ནི། གཏན་ཚིགས་རྣམས་ནི་དཔེའི་སྟེང་དུ་ཁྱབ་འབྲེལ་གྲུབ་ནས་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་ན་མཉན་བྱ་ལ་མི་རྟག་པས་ཁྱབ་པ་གྲུབ་པ་ན་བསྒྲུབ་བྱ་གྲུབ་ཟིན་པའི་ཕྱིར་དང༌། རྟགས་ཀྱི་ཚུལ་གྲུབ་པའི་དུས་སུ་མ་གྲུབ་པ་དེ་ནི་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ན་སྒྲའི་མི་རྟག་པ་ཉིད་ནི་མཉན་བྱའི་རྗེས་འགྲོ་གྲུབ་པའི་དུས་ཉིད་དུ་གྲུབ་པས་མཉན་བྱའི་རྟགས་ལ་མི་ལྟོས་པས་སོ། །འོ་ན་དངོས་པོ་སྒྲ་མི་རྟག་པར་བསྒྲུབ་པ་ལ་ཡང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། དངོས་པོ་ལ་མི་རྟག་པས་ཁྱབ་པ་ངེས་པའི་དུས་སུ་སྒྲ་མི་རྟག་པར་ངེས་པ་མིན་པའི་ཕྱིར། མཉན་བྱར་མ་ཟད་ཐུན་མོང་མིན་པ་ཐམས་ཅད་གོ་བྱེད་མིན་ཏེ། ཁྱབ་པ་གྲུབ་པའི་དུས་སུ་བསྒྲུབ་བྱ་གྲུབ་པས་གཏན་ཚིགས་ལ་བྱེད་པ་མེད་པའི་ཕྱིར། འོ་ན་གྲུབ་ཟིན་བསྒྲུབ་པར་འགྱུར་གྱི་ཐེ་ཚོམ་སྐྱེད་བྱེད་དུ་མི་འགྱུར་རོ་ཞེ་ན། ཁྱབ་འབྲེལ་གྲུབ་ན་དེ་ལྟར་བདེན་མོད་ཀྱི། འོན་ཀྱང་ཁྱབ་འབྲེལ་ཚད་མས་གྲུབ་པར་མི་འདོད་པས་སྐྱོན་མེད་དོ། །དེ་ཉིད་ཀྱི་ཕྱིར་ཀུན་ལས་བཏུས་ལས། གང་དག་ཐུན་མོང་མིན་པ་དང༌། །སྤྱི་དང་འགལ་བ་མི་འཁྲུལ་བའི། །ཆོས་རྣམས་ཐམས་ཅད་དུ་དེ་ལ། །ཐེ་ཚོམ་བསྐྱེད་པའི་རྟགས་རྣམས་ཡིན། །ཞེས་བཤད་དོ། །ཅིའི་ཕྱིར་འབྲེལ་པ་ངེས་པར་མི་འདོད་ཅེ་ན། ཁྱབ་འབྲེལ་ངེས་པ་ནི་མཐུན་དཔེ་ལ་རག་ལས་པ་ཡིན་ན། འདི་ལ་ཁྱབ་འབྲེལ་གཏན་ལ་འབེབས་པའི་གཞི་མཐུན་དཔེ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་འབྲེལ་པ་ངེས་པ་དཔེ་ལ་རག་ལས་ཤེ་ན། དཔེ་ནི་ཁྱབ་པ་ངེས་པའི་ལྟོས་གཞི་ཡིན་པའི་ཕྱིར་དང༌། ཁྱབ་པ་ལ་ངེས་པར་མཁོ་ཞིང་ཁྱབ་པ་ངེས་པའི་དགོས་པ་ལས་གཞན་ཡང་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཁྱབ་པ་ལ་ཉེ་བར་མཁོ་བ་ཡིན་ཞེ་ན། བསྒྲུབ་བྱ་གོ་བར་བྱེད་པའི་རྟགས་ཀྱི་ཡན་ལག་ཡིན་ཞིང་ཕྱོགས་ཆོས་ཀྱི་ཡན་ལག་མིན་པའི་ཕྱིར། རྟགས་ཀྱི་ཡན་ལག་ཡིན་པ་ཡང༌། གཏན་ཚིགས་མཚན་ཉིད་གསུམ་ཡིན་ཕྱིར། །དཔེ་ནི་ལོགས་ཤིག་བརྗོད་བྱ་མིན། །ཞེས་བྱ་བས་ངེས་སོ། །གངས་རིའི་ཁྲོད་འདིར་མཁས་རློམ་དུ་མ་ཡིས། །ཅུང་ཟད་ཙམ་ཡང་རྟོགས་པར་མ་གྱུར་པ། །རྟོགས་པར་དཀའ་བའི་རིགས་པ་སྟོན་པ་ལ། །བདག་གི་བློ་གྲོས་མིན་པ་གཞན་ཡོད་མིན། །སྒྲ་གཅིག་གིས་ཚུལ་གཉིས་ཀ་བསྟན་པར་ནུས་པ་འོ་ན་རྟགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན། ཚུལ་གཉིས་པར་འགྱུར་བ་མིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་ཚུལ་ཐ་དད་པའི་ཕྱིར། ཐ་དད་པའི་སྒྲུབ་བྱེད་ལ་ལུང་རིགས་གཉིས་ལས། རིགས་པ་ནི་སྒྲུབ་ངག་གཉིས་ཀྱི་དངོས་ཀྱི་བརྗོད་བྱ་ཐ་དད་པའི་ཕྱིར་དང་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་བསལ་བྱ་སོ་སོར་ངེས་པའི་ཕྱིར་དང༌། དཔེ་སོ་སོ་ལ་གྲུབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །ལུང་ཡང་ཡོད་དེ། རིགས་པའི་ཐིགས་པ་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་ཞེས་འབྱུང་བས་སོ། །གང་དག་རྗེས་སུ་འགྲོ་ལྡོག་ངོ་བོ་གཅིག་ཏུ་སྨྲ་བ་རྣམས་ཀྱིས་ནི་འདི་དང་རིགས་པའི་ཐིགས་པ་ལ་འབད་པ་མ་བྱས་པར་ངེས་སོ། །བདག་གི་བློ་གྲོས་ཉིན་བྱེད་དབང་པོ་ཡིས། །རིགས་པའི་འོད་ཟེར་མཐའ་ཡས་སྤྲོ་བྱེད་ཀྱང༌། །མང་དུ་མ་གསན་མཚན་མོ་རྒྱུ་བའི་ཚོགས། །སླར་ཡང་བློ་མིག་ལྡོངས་པར་གྱུར་པ་མཚར། །རྗེས་སུ་འགྲོ་ལྡོག་དེ་དག་ནི་ཆོས་ཅན། ཁྱོད་སྟོན་བྱེད་ཀྱི་སྦྱོར་བ་བསྡུས་ཏེ་བརྗོད་དུ་རུང་སྟེ། སྒྲུབ་ངག་གང་རུང་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར། ཚུལ་བསྡུས་ནས་གཅིག་ཏུ་བྱེད་པ་ནི་མིན་ཏེ། ཚུལ་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར། ངག་གཅིག་གིས་ཀྱང་བསྟན་པར་ནུས་པའི་སྒྲུབ་བྱེད་དུ་རིགས་སྒོའི་ལུང་དགོད་པ་ནི། དེ་སྐད་དུ། ཁྱབ་པ་འགའ་ཞིག་རབ་ཏུ་གྲགས་པས། ཤེས་ཟིན་པ་དེ་ལ་གང་རུང་སྨྲས་པ་སྒྲུབ་བྱེད་དུ་བསྟན་པ་ལས་ཡང་ན་མ་གྲགས་ཀྱང་དོན་གྱིས་གོ་བས་སྒྲུབ་ངག་གང་ཡང་རུང་བས་ཁྱབ་པ་གཉིས་ཀ་རབ་ཏུ་བསྟན་པའི་ཕྱིར་གཉིས་ཀ་དངོས་སུ་བརྗོད་མི་དགོས་ཞེས་བཤད་དོ། །ལྡོག་ཁྱབ་ལས་འཕྲོས་པའི་རྩོད་པ་ནི། གསལ་བྱེད་པ་གཞན་དག་མེད་པ་ལ་མེད་པ་ཉིད་མི་འགྲུབ་སྟེ། དངོས་པོ་མེད་པ་ལ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར། གནས་གཞི་དང་ལ་སོགས་པ་བྱེད་པ་ལ་སོགས་པའི་ནུས་པ་ཐམས་ཅད་མི་འཐད་པའི་ཕྱིར་རང་མཚན་ཁོ་ན་དགག་སྒྲུབ་ཀྱི་གཞིར་འདོད་དོ་ཞེ་ན། སྐྱོན་དུ་མ་ཡོད་པ་ལས་རེ་ཞིག་སྐྱོན་འདི་བརྗོད་དེ། གསལ་བྱེད་པ་འདི་ནི་ཆོས་ཅན། ཕྱུགས་པས་ཀྱང་ཕྱུགས་ཏེ་བླུན་པར་ཐལ། ཕྱུགས་དག་ཀྱང་གང་མི་རིགས་པར་མཐོང་བ་དེའི་ཚེ་དེ་ལ་མི་སྤྱོད་ན་ཁྱོད་ཀྱིས་དངོས་མེད་དགག་གཞིར་མི་རིགས་པར་མཐོང་བཞིན་དུ་དངོས་མེད་རྟགས་ལྡོག་པའི་གཞིར་ཁས་ལེན་པའི་ཕྱིར་རོ། །བདག་ཉིད་མི་ཤེས་པའི་བྱ་བ་གཞན་ཅི་ཡོད་དེ་མེད་པར་ཐལ། ཆེན་པོའི་ཆེན་པོ་སློབ་དཔོན་ཕྱོགས་གླང་ལ་སོགས་པ་ལ་སྨོད་པའི་ཕྱིར། གསལ་བྱེད་པ་འདི་ཆོས་ཅན། གསལ་བར་རྒྱལ་པོ་ངན་པའི་ཆོས་ལུགས་དང་འདྲ་བར་རིགས་པ་མེད་པར་དབང་གིས་ཕྱུག་པར་ཐལ། ལྡོག་པའི་དོན་སྟོན་པར་བྱེད་པའི་ཚིག་མེད་པ་ལ་མེད་པ་ཉིད་མི་འཐད་ཅེས་བྱ་བ་ལ་སོགས་པ་དེ་ཉིད་ཀྱིས་མེད་པ་ལ་ཐ་སྙད་མི་འཐད་པར་སྟོན་ཅིང་གཞན་དག་དངོས་པོ་མེད་པ་ལ་ཐ་སྙད་བྱེད་པ་འགོག་པར་བྱེད་པའི་ཕྱིར། དངོས་མེད་ལས་རྟགས་ལྡོག་པ་མེད་ཅེས་སྨྲས་པས་གཞན་གྱིས་དེའི་དོན་རྟོགས་པར་མི་ནུས་པར་ཐལ། བདག་ཉིད་ཀྱིས་དངོས་མེད་ལས་རྟགས་ལྡོག་པ་མེད་ཅེས་པའི་མི་སྨྲ་བའི་ཕྱིར། སྨྲ་ན་ཡང་དངོས་པོ་མེད་པ་ལ་སྒྲ་འཇུག་པར་ཐལ་བའི་སྐྱོན་འདི་སྤང་བར་མི་ནུས་པར་ཐལ་ལོ། །གཞན་ཡང༌། གཏན་ཚིགས་ཆོས་ཅན། དངོས་པོ་མེད་པ་ལ་སྒྲུབ་པ་ཐོབ་པ་སྟེ་ཡོད་པར་ཐལ། སྣང་རུང་གང་ཞིག དངོས་པོ་མེད་པ་ལ་འགོག་པར་མི་རིགས་པའི་ཕྱིར། ཁྱབ་པ་ཡོད་དེ། ཡོད་པ་དེའི་མཚན་ཉིད་དངོས་པོ་མེད་པ་ལས་ལྡོག་པ་ཉིད་ཡིན་པའི་ཕྱིར་རོ། །གསལ་བྱེད་པ་ཆོས་ཅན། དངོས་པོ་མེད་པ་ལས་རྟགས་ལྡོག་པ་མེད་དོ་ཞེས་ལྡོག་པའི་ལྡོག་པ་དེ་ཉིད་རེ་ཞིག་ཇི་ལྟར་འདོད་དེ། འདོད་པར་མི་རིགས་པར་ཐལ། དངོས་པོ་དེ་དགག་སྒྲུབ་ཀྱི་གཞིར་མི་འཐད་པའི་ཕྱིར། རྟགས་ལྡོག་པ་མེད་པ་ལ་རྟགས་སྒྲུབ་པ་སྟེ་ཡོད་པ་ཡིན་པ་དེས་ན། བླུན་པོ་གསལ་བྱེད་པ་ཆོས་ཅན། ཁྱོད་ཀྱི་ཀུན་སྤྱོད་ལ་ལྟོས་ཤིག་སྟེ་ཁྱོད་ཀྱི་རྣམ་བཞག་དེ་མི་འཐད་པར་ཐལ། ཁྱོད་དངོས་པོར་ཡོད་པ་དངོས་མེད་ལ་ཡོད་པ་ཡིན་ལ། དངོས་པོ་མེད་པ་དངོས་མེད་ལ་ཡོད་པ་མིན་ཞེས་བདེན་ཞེན་གྱིས་སྨྲ་བའི་ཕྱིར། གལ་ཏེ་དངོས་མེད་ལས་ལྡོག་པ་མེད་པར་འདོད་ན། གཏན་ཚིགས་ཐམས་ཅད་ཆོས་ཅན། དངོས་མེད་ལ་འཇུག་པར་ཐལ། དངོས་མེད་དེ་ལས་ལྡོག་མེད་དུ་ཚད་མས་གྲུབ་པའི་ཕྱིར། འཇུག་པ་དེ་ཡང་འདོད་པ་མིན་ན། ཁྱོད་དངོས་མེད་ལས་ལྡོག་པ་ཅི་སྟེ་འགོག་སྟེ་འགོག་པར་མི་རིགས་པར་ཐལ། ཁྱོད་དངོས་མེད་ལ་མི་འཇུག་པའི་ཕྱིར། ཁྱབ་པ་ཡོད་དེ། ཁྱོད་དངོས་མེད་ལ་མི་འཇུག་ན་འདི་ཉིད་དངོས་མེད་ལ་དགག་པ་སྟེ་ལྡོག་པ་ཡིན་པས་སོ། །གསལ་བྱེད་པ་ཆོས་ཅན། དངོས་མེད་འདི་ལ་མི་སྨྲ་བ་ཐོབ་པ་སྟེ་དགག་རྟགས་ཐ་སྙད་འཇུག་པ་མེད་པར་ཐལ། དགག་པ་དང་སྒྲུབ་པའི་ཐ་སྙད་དེ་ཡང་དངོས་པོ་མེད་པ་ལ་འཇུག་པ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། སྒྲུབ་པ་དང་དགག་པའི་ཐ་སྙད་མ་གཏོགས་པར་སྒྲ་ལས་བྱུང་བའི་ཐ་སྙད་གཞན་ཡོད་པ་མིན་པས་སོ། །འགྲོ་བ་འཇིག་རྟེན་འདི་ལ་ཆོས་ཅན། དགག་བྱ་དགག་པའི་དོན་ནི་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། དགག་བྱ་ཡོད་པ་རྣམས་ལ་དགག་བྱ་དགག་ཏུ་མེད། དགག་བྱ་མེད་པ་ལའང་དགག་བྱ་དེ་ནི་དགག་ཏུ་ཡོད་པ་མི་སྲིད་པ་འདི་ཡིས་སོ། །གལ་ཏེ་ཡུལ་དུས་ལ་ལྟོས་ནས་དགག་བྱ་འགོག་པ་ཡིན་ཏེ། དགུན་ཁ་གངས་ལ་མྱུ་གུ་མི་སྐྱེ་ཞེས་པ་བཞིན་ནོ་ཞེ་ན། ཡོད་པ་ལ་འགོག་གམ་མེད་པ་ལ་འགོག ཡོད་པ་ལ་འགོག་ན། མྱུ་གུ་དེ་ཆོས་ཅན། ཇི་ལྟར་ཁྱོད་ཡོད་པའི་གཞི་ལ་ཁྱོད་ཡོད་པ་དེ་ལྟར་ནི་མི་འགོག་པར་ཐལ། ཁྱོད་ཡོད་པའི་གཞི་ལ་ཁྱོད་འགོག་མི་ནུས་པའི་ཕྱིར། མེད་པ་ལ་འགོག་ཅེ་ན། ཇི་ལྟར་མྱུ་གུ་དེ་མེད་པ་ཆོས་ཅན། ཁྱོད་ལ་མྱུ་གུ་དེ་ལྟར་ཡང་ནི་འགོག་པར་མི་འགྱུར་བར་ཐལ། ཁྱོད་གཞན་དགག་གཞིར་མི་རུང་བའི་ཕྱིར། རྟགས་ཁས་བླངས་སོ། །འོ་ན་ཁྱོད་ཀྱི་ཕྱོགས་ལ་དངོས་པོ་མེད་པ་ལ་ཐ་སྙད་ཇི་ལྟར་འཇུག་ཅེ་ན། དངོས་མེད་དགག་སྒྲུབ་ཀྱི་ཐ་སྙད་མི་འཇུག་པར་འདོད་པ་ལ་སྐྱོན་ཡོད་པ་དེའི་ཕྱིར། །ཆོས་ཀྱི་གྲགས་པའི་ལུགས་འདིར་ནི་ཆོས་ཅན། དགག་སྒྲུབ་ཀྱི་ཐ་སྙད་ཕྱི་རོལ་གྱི་དངོས་པོ་ལ་དངོས་སུ་བརྟེན་པ་མིན་ཏེ། དངོས་པོ་དང་དངོས་མེད་པའི་སྒྲ་དོན་ལ་བརྟེན་ནས་མི་རྟག་ཅེས་སོགས་སྒྲུབ་པ་དང་རྟག་པ་མ་ཡིན་ཞེས་སོགས་དགག་པའི་ཐ་སྙད་ཐམས་ཅད་འཇུག་པར་འདོད་པ་ཡིན་པའི་ཕྱིར། དགག་སྒྲུབ་ཕྱི་རོལ་ལ་དངོས་སུ་བརྟེན་པ་མེད་ན་རྟོག་པ་ལ་ཇི་ལྟར་ཕྱི་རོལ་ཏུ་སྣང་བར་འགྱུར་ཞེ་ན། དགག་སྒྲུབ་བྱེད་པའི་རྟོག་པ་ཆོས་ཅན། ཕྱི་རོལ་ལ་དགག་སྒྲུབ་དངོས་སུ་བརྟེན་པ་མེད་ཀྱང་ཁྱོད་ལ་དགག་སྒྲུབ་ཀྱི་ཐ་སྙད་ཕྱི་རོལ་ལ་བརྟེན་པ་ལྟར་སྣང་སྟེ། ཕྱི་རོལ་ལ་དགག་སྒྲུབ་དངོས་སུ་བརྟེན་པ་དེ་འདྲ་མེད་ཀྱང་དགག་སྒྲུབ་ཀྱི་རྟེན་ཆོས་ཅན་དེ་ཕྱི་རོལ་གྱི་དགག་སྒྲུབ་ཏུ་རློམས་ནས་ཆོས་ཅན་དེ་དག་དང་ནི་དགག་སྒྲུབ་ཏུ་འབྲེལ་བར་སྣང་བའི་ཕྱིར། དགག་སྒྲུབ་བྱེད་པའི་གཞི་སྒྲ་དོན་དེ་ཡང་ཆོས་ཅན། ཀུན་རྫོབ་ཏུ་ཡོད་ཅེས་ཐ་སྙད་ལ་བརྟེན་པར་འདོད་དེ། རྗོད་བྱེད་ཀྱི་སྒྲ་འཇུག་པའི་སྤྱི་ཡིན་པའི་ཕྱིར། ངོ་བོ་ནི་རྣམ་པ་ལ་ཕྱི་རོལ་ཏུ་བཏགས་པའི་རང་བཞིན་སྒྲོ་བཏགས་ཁོ་ནའོ། །སྒྲ་དོན་ལ་དགག་སྒྲུབ་བྱེད་པ་དེ་ལྟར་མིན་པར་རང་མཚན་ལ་བྱེད་ན། ཕྱི་རོལ་གྱི་དགག་སྒྲུབ་ཀྱི་ཆོས་རྣམས་རྫས་ཐ་དད་དམ་ཐ་མི་དད་པ་ཡིན། གཉིས་པ་ལྟར་ན། ཕྱི་རོལ་གྱི་དོན་རྣམས་ཆོས་ཅན། ཁྱོད་ལ་ཆོས་མི་རྟག་པ་ལྟ་བུ་གཅིག་སྒྲུབ་པ་ན། ཁྱོད་ལ་བདག་མེད་དུ་གྱུར་པའི་ཤེས་བྱ་ལ་སོགས་པ་ཐམས་ཅད་བསྒྲུབ་པ་དང་ཁྱོད་ལ་རྟག་པ་ལྟ་བུ་གཅིག་འགོག་པ་ན་མ་བྱས་པ་ལ་སོགས་པ་ཡང་བཀག་པར་འགྱུར་བར་ཐལ། ཁྱོད་ཀྱི་དགག་སྒྲུབ་ཀྱི་ཆོས་རྣམས་བདག་ཉིད་ཐ་དད་མེད་པ་གཅིག་པའི་ཕྱིར། རྫས་ཐ་དད་དོ་ཞེ་ན། བུམ་པ་ལ་མི་རྟག་པ་སྒྲུབ་པ་དང་རྟག་པ་བཀག་པ་དག་ཆོས་ཅན། ཆོས་ཅན་གཅིག་ལ་གཞི་མཐུན་དུ་འདུ་བར་མི་འགྱུར་བར་ཐལ། རྫས་ཐ་དད་པའི་ཕྱིར། ཀ་བ་དང་བུམ་པ་རྫས་གཞན་ཡིན་པ་བཀག་པ་དང༌། གཞན་ཀ་བ་དང་བུམ་པ་སྒྲུབ་པ་བཞིན་ནོ། །འོ་ན་རྟོག་པ་ལ་དགག་སྒྲུབ་ཇི་ལྟར་སྣང་ཞེ་ན། དེ་དག་དང་ནི་འབྲེལ་བར་སྣང་ཞེས་པའི་འཕྲོས་དོན་སྟོན་པ་ལ། དེ་ལ་དགག་སྒྲུབ་ཇི་ལྟར་འབྲེལ་བར་སྣང་བའི་ཚུལ་བཤད་པ་ནི། ལྡོག་པ་སྣ་ཚོགས་པའི་ཆོས་ཀྱི་གཞིར་གྱུར་པའི་ཆོས་ཅན་བུམ་པ་ལྟ་བུ་གཅིག་གི་དབང་དུ་བྱས་ཏེ། བུམ་པ་མི་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། བུམ་པ་ལ་མི་རྟག་པ་ལྟ་བུ་གཅིག་རྟགས་ཀྱིས་བསྒྲུབ་པ་ན་བུམ་པ་ལ་མི་རྟག་པ་དེ་གསར་དུ་བརྟེན་པ་ལྟ་བུར་སྣང་སྟེ་བུམ་པ་མི་རྟག་པར་གསར་དུ་ངེས་པའི་སེལ་འཇུག་ཡིན་པའི་ཕྱིར། གཞན་བུམ་པའི་ལུས་ཅན་ལ་སོགས་པ་རྣམས་བཏང་སྙོམས་ལྟ་བུར་སྣང་སྟེ་དེ་རྣམས་ལ་དགག་སྒྲུབ་ཅི་ཡང་མི་བྱེད་པའི་སེལ་འཇུག་ཡིན་པའི་ཕྱིར། བུམ་པ་ལ་རྟག་པ་རྟགས་ཀྱིས་འགོག་པ་ན་བུམ་པ་རྟག་པ་དེ་ཡིས་གསར་དུ་དབེན་པ་ལྟ་བུར་སྣང་སྟེ་བུམ་པ་རྟག་པ་དང་བྲལ་བར་ངེས་པའི་སེལ་འཇུག་ཡིན་པའི་ཕྱིར། བུམ་པ་ལ་མ་བྱས་པ་འགོག་པ་ནི་དེ་ལས་གཞན་བྱས་པའི་རྣམ་པ་སྣང་བ་ལྟ་བུ་སྟེ། བྱས་པ་ཡུལ་དུ་བྱས་ནས་མ་བྱས་པ་དང་བྲལ་བར་ངེས་པའི་སེལ་འཇུག་ཡིན་པའི་ཕྱིར། སྒྲུབ་པ་ལ་ནི་འགལ་ཟླ་སྣང་བར་མ་ངེས་པས་འདི་མ་སྨོས་པ་ཡིན་ནོ། །འདིར་ལྟ་བུའི་སྒྲ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དོན་དམ་པར་མི་རྟག་པ་སྔར་མེད་ལྡན་པ་དང་རྟག་པ་གསར་དུ་བྲལ་བ་མེད་ཀྱི་འཁྲུལ་ངོར་སྣང་བ་ཙམ་ཡིན་ཏེ་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར། དགག་སྒྲུབ་བྱེད་པའི་རྟོག་པ་ཆོས་ཅན། དོན་རང་མཚན་ལ་དངོས་སུ་འཇུག་པ་མ་ཡིན་ཏེ། དོན་ལ་མེད་པ་སྒྲོ་བཏགས་པའི་དོན་ཅན་གྱི་ཐ་སྙད་ཡིན་པའི་ཕྱིར། སྒྲོ་བཏགས་པའི་རང་བཞིན་ལ་ཇི་ལྟར་ཆོས་དང་ཆོས་ཅན་གྱི་ཐ་སྙད་འཇུག་ཅེ་ན། རྟོག་པའི་བློས་བསྟན་ཅིང་བཀོད་པའི་ཆོས་དང་ཆོས་ཅན་ཐ་དད་པའི་ཐ་སྙད་ཆོས་ཅན། སྒྲོ་བཏགས་པའི་རང་བཞིན་ལ་ཁྱོད་མི་འཇུག་པའི་ངེས་པ་མེད་དེ། ཇི་ལྟར་ཆོས་ཅན་གཅིག་ལ་བརྟེན་ནས་དོན་རྣམས་ཀྱི་ཐ་སྙད་བྱེད་པ་དེ་བཞིན་དུ་ཐ་སྙད་བྱེད་པ་པོས་ཁྱོད་ཀྱི་དེ་ཉིད་མ་བརྟགས་མ་ཕྱེ་བར་བདེན་པའི་སྒྲ་ཡི་དོན་ལ་བརྟེན་ནས་ཁྱོད་ཁས་ལེན་པས་སོ། །འོ་ན་སྨིག་རྒྱུ་ལ་ཆུ་འཛིན་བཞིན་དུ་ཆོས་དང་ཆོས་ཅན་དུ་སྒྲོ་བཏགས་འདི་ལ་ཡང་བདེན་པའི་ཤེས་པས་གནོད་དོ་ཞེ་ན། ཁྱོད་དོན་ལ་བདེན་པའི་ཤེས་པས་གནོད་པ་མིན་ཏེ། ཐ་དད་པའི་དོན་ཕན་ཚུན་ལྡོག་པའི་རྟེན་ཡོད་པ་ལ་འཇུག་པའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། གནོད་བྱེད་མེད་པའི་སྒྲུབ་བྱེད་གཞན་ཡང་བཤད་པ་ནི། འཇིག་རྟེན་ན་རབ་ཏུ་གྲགས་པའི་ཆོས་དང་ཆོས་ཅན་ཐ་དད་པའི་ཐ་སྙད་ཆོས་ཅན། ཁྱོད་ཀྱི་དོན་ལ་ཐ་སྙད་པའི་བདེན་པའི་ཤེས་པས་གནོད་པ་མེད་དེ། རང་རྒྱུ་ཐོག་མ་མེད་པའི་བག་ཆགས་བརྒྱུད་པ་ལས་བྱུང་བའི་ཐ་སྙད་དོན་མཐུན་ཡིན་པའི་ཕྱིར། ཐ་དད་པའི་དོན་ལ་བརྟེན་པ་ཉིད་བཤད་པ་ནི། ཆུ་འཛིན་པའི་འབྲས་བུ་ཅན་ཆོས་ཅན། ཆུ་མི་འཛིན་པ་ལས་ཐ་དད་པ་ཡིན་ཏེ། ཆུ་འཛིན་པའི་དོན་བྱེད་པ་དེ་ལས་ཏེ་དེའི་ཕྱིར། གྲང་བ་སྐྱོབ་པའི་འབྲས་བུ་མེད་པ་ཆོས་ཅན། གྲང་བ་སྐྱོབ་པ་ལས་ཐ་དད་པ་ཡིན་ཏེ། གྲང་བ་སྐྱོབ་པའི་འབྲས་བུའི་དོན་བྱེད་མི་ནུས་པ་དེ་ལས་ཏེ་དེའི་ཕྱིར། ཆུ་འཛིན་པའི་འབྲས་བུ་ཅན་དང་གྲང་བ་སྐྱོབ་པའི་འབྲས་བུ་དང་མི་ལྡན་པ་ཆོས་ཅན། ལྡོག་པ་སོ་སོར་ཡོད་ཀྱང་རྫས་ཐ་དད་མིན་ཏེ། དོན་ལྡོག་པ་དང་ལྡན་པའི་ཆོས་ཅན་གཅིག་ལ་གཞི་མཐུན་དུ་འདུ་བའི་ཕྱིར། དོན་ཐ་དད་པའི་རྟེན་ཅན་གྱི་འཕེལ་བ་སྟེ་སྒྲུབ་པ་ལྟ་བུར་བྱེད་པའི་བསླད་པ་དེ་དང་འགྲིབ་པ་ལྟ་བུར་བྱེད་པའི་བསླད་པ་རྟོག་པ་དེ་དག་ཆོས་ཅན། དོན་དམ་པར་དགག་སྒྲུབ་ཀྱི་ཆོས་དེ་དང་ལྡན་པ་མིན་ཡང་འཇུག་ལྡོག་གི་ཡུལ་མཐོང་བར་ངེས་པ་ཉིད་ལ་སྦྱོར་བར་བྱེད་དེ། དེ་དང་ལྡན་པ་མིན་ཡང་མི་བསླུ་བའི་འབྲེལ་པ་འགའ་ལས་དོན་ཐོབ་པར་བྱེད་ནུས་ཀྱི་སེལ་འཇུག་གི་ཐ་སྙད་ཡིན་པའི་ཕྱིར། དགག་སྒྲུབ་བྱེད་པའི་སྒྲ་རྟོག་གི་ཐ་སྙད་དོན་མཐུན་དེ་དག་ཆོས་ཅན། ཐ་སྙད་བྱེད་པ་པོས་བསླད་པའང་ཤེས་པ་མིན་ཏེ། དོན་དམ་པར་དགག་སྒྲུབ་ཀྱི་ཆོས་ཡོད་པ་མིན་ཡང་ཡོད་པ་ལྟར་དུ་སྟོན་པའི་ཐ་སྙད་དུ་མི་བསླུ་བའི་སེལ་འཇུག་ཡིན་པ་དེས་ནའོ། །ཆོས་སྦྱིན་དགེ་གསུང་སློབ་མ་ཕས་ཀྱི་རྒོལ་བ་ལས། །རྒྱལ་བའི་དམ་ཆོས་རྔ་སྒྲ་སྙན་པར་གྲགས་པ་ཅན། །སློབ་དཔོན་ཆོས་མཆོག་གཞུང་གི་དགོངས་པ་ཇི་བཞིན་དུ། །རིགས་པའི་ཚུལ་དང་འབྲེལ་བའི་ངག་གིས་ལེགས་པར་བཤད། །གཏན་ཚིགས་ཀྱི་མཚན་ཉིད་ཚུལ་གསུམ་རྒྱ་ཆེར་བསྟན་ཟིན་ཏོ། །མཚན་ཉིད་དེ་དང་ལྡན་པའི་གཏན་ཚིགས་ཀྱི་རབ་དབྱེ་ལ། མི་དམིགས་པ་དང༌། བདག་དང་འབྲས་བུ་ཞེས་བྱ་གསུམ། །ཁོ་ནའི་སྒྲས་གསུམ་དུ་གྲངས་ངེས་པར་བསྟན་ཏོ། །འགྲེལ་པ་ནི། རྟགས་ཡང་དག་ནི་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། ཁྱོད་ལ་མ་དམིགས་པ་དང་རང་བཞིན་དང་འབྲས་བུ་ཡི་གཏན་ཚིགས་དང་གསུམ་གྲུབ་པའི་ཕྱིར། མ་དམིགས་པའི་གཏན་ཚིགས་ནི་དཔེར་ན། སྣང་རུང་གི་ལྟོ་ལྡིར་བ་མ་དམིགས་པའི་ས་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ན་ཆོས་ཅན། བུམ་པ་མེད་དེ། ལྟོ་ལྡིར་བ་ཡོད་ན་མངོན་སུམ་དུ་དམིགས་པའི་མཚན་ཉིད་ཀྱིར་འགྱུར་བ་ལས་མ་དམིགས་པའི་ཕྱིར་རོ། །དེ་ཉིད་བཤད་པ་ནི། གལ་ཏེ་སྣང་རུང་གི་ལྟོ་ལྡིར་བ་ཡོད་ན་དམིགས་པའི་ཡོད་པ་ཅན་དུ་འགྱུར་གྱི་གཞན་ཡོད་བཞིན་དུ་མ་དམིགས་པ་ནི་མིན་ཏེ། སྣང་རུང་གི་ལྟོ་ལྡིར་བ་ཡོད་ན་མངོན་སུམ་གྱིས་དམིགས་དགོས་པའི་ཕྱིར། རང་བཞིན་གྱི་གཏན་ཚིགས་ནི། ཤ་པའི་སྡོང་པོ་ནི་ཆོས་ཅན། ཤིང་ཡིན་ཏེ། ཤ་པ་ཡིན་པའི་ཕྱིར་རོ། །ཞེས་པ་ལྟ་བུའོ། །འབྲས་བུ་ཡི་གཏན་ཚིགས་ནི། ལ་འདི་ན་ཆོས་ཅན། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གཏན་ཚིགས་གསུམ་ཡོད་པ་དེ་ལ་རང་བཞིན་དང་འབྲས་བུའི་གཏན་ཚིགས་གཉིས་ནི་དངོས་པོ་སྟེ་ཡོངས་གཅོད་ཀྱི་ཆ་སྒྲུབ་པར་བྱེད་པ་ཡིན་ལ། གཅིག་སྣང་རུང་མ་དམིགས་པ་ནི་དགག་པའི་གཏན་ཚིགས་སོ། །བསྒྲུབ་བྱ་ལ་ལྟོས་ནས་གཏན་ཚིགས་འཇོག་པ་ཡིན་ན་བསྒྲུབ་བྱ་ཐ་དད་པས་གཏན་ཚིགས་ཐ་དད་པ་ཡིན་ནོ། །བསྒྲུབ་བྱ་ལ་ལྟོས་ནས་འཇོག་པ་ཡང་གཏན་ཚིགས་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་ནི་རང་རང་གི་བསྒྲུབ་པར་བྱ་བ་ལ་ལྟོས་ནས་བསམ་པར་བྱ་བ་ཡིན་པའི་ཕྱིར་ཞེས་འབྱུང་བས་ངེས་སོ། །བསྒྲུབ་བྱ་ལ་ལྟོས་ནས་ཇི་ལྟར་ཐ་དད་ཅེ་ན། བསྒྲུབ་བྱ་སྒྲུབ་པ་དང་དགག་པ་སོ་སོར་ངེས་པས་གཏན་ཚིགས་ཀྱང་སྒྲུབ་རྟགས་དང་དགག་རྟགས་གཉིས་སུ་བཞག་པ་ཡིན་ལ། བསྒྲུབ་པ་ཡང་རང་ལས་ཐ་དད་པ་དང་ཐ་མི་དད་པ་གཉིས་སུ་གནས་པས་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་གཉིས་སུ་ངེས་པ་ཡིན་ཏེ། དེས་ན་ཡུལ་གསུམ་ལ་བལྟོས་ནས་གཏན་ཚིགས་གསུམ་དུ་བཞག་པར་ཤེས་པར་བྱའོ། །དགག་རྟགས་ཇི་སྙེད་རང་བཞིན་གྱི། །གཏན་ཚིགས་དག་ཏུ་སྒྲོ་འདོགས་པའི། །ལོག་རྟོག་མུན་པ་འཐིབས་པོ་རྣམས། །རིགས་པའི་སྒྲོན་མེ་འདི་ཡིས་བསལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །རྟགས་ཡང་དག་རྣམས་ནི་ཆོས་ཅན། དོན་གྱིས་རང་རང་གི་བསྒྲུབ་བྱའི་ཆོས་ཀྱི་དོན་ལ་འཁྲུལ་པ་མེད་དེ། རང་རང་གི་བསྒྲུབ་བྱའི་ཆོས་ལ་རང་བཞིན་གྱིས་འབྲེལ་བའི་ཕྱིར་ཞེས་ཤེས་བྱར་བསྟན་ནས། བྱེ་བྲག་ཏུ་བསྟན་པ་ནི། བྱས་པ་དེ་ནི་ཆོས་ཅན། མི་རྟག་པ་ལ་མི་འཁྲུལ་བ་ཡིན་ཏེ། མི་རྟག་པ་དང་ཐ་མི་དད་ཅིང་མི་རྟག་པ་དེའི་བདག་ཉིད་ཡིན་པའི་ཕྱིར། མི་རྟག་པ་དེའི་བདག་ཉིད་ཡིན་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། བྱས་པ་ཆོས་ཅན། ཁྱོད་མི་རྟག་པ་དང་བདག་ཉིད་གཅིག་པས་ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ལ་བསྒྲུབ་བྱ་སྒྲུབ་བྱེད་ཐ་དད་མེད་པའི་སྐྱོན་བསྟན་པ་མིན་ཏེ། ཁྱོད་དང་མི་རྟག་པའི་ལྡོག་པའི་ཆོས་ཀྱི་བྱེ་བྲག་རྟོག་པས་ཀུན་ནས་བརྟགས་པས་གེགས་བྱས་ནས་གཞན་སེལ་འཇུག་གི་བློ་གཉིས་ཀྱིས་དུས་གཅིག་ཏུ་མི་ངེས་པའི་ཕྱིར། དེ་ལ་ཕྱོགས་ཀྱི་གླང་པོའི་ལུང་ཚད་མར་དགོད་པ་ནི། དེ་སྐད་དུ་ཡང་རྗེས་སུ་དཔག་པ་རྟགས་དང་རྗེས་སུ་དཔག་པར་བྱ་བའི་ཆོས་དང་ཆོས་ཅན་གྱི་ཐ་སྙད་འདི་ཐམས་ཅད་ནི་རྟོག་པའི་བློ་ལ་ཡོད་པའི་ཆོས་དང་ཆོས་ཅན་གྱི་བྱེ་བྲག་ཁོ་ནས་ཡིན་ནོ་ཞེས་འཆད་དོ། །ཤེས་བྱ་ཆོས་ཅན། ཆོས་དང་ཆོས་ཅན་ཉིད་དུ་ཐ་དད་པ་རྟོག་པའི་བློས་ཀུན་བཏགས་པ་ཡིན་གྱི། བྱས་པའི་དོན་ཀྱང་སྒྲོ་བཏགས་འབའ་ཞིག་ཏུ་འགྱུར་བ་ནི་མ་ཡིན་པར་ཐལ། རྟོག་པའི་བློ་ཡིས་ཀུན་བཏགས་པའི་བྱེ་བྲག་རང་དགའ་བ་རྣམས་ནི་དོན་རྟོགས་ཤིང་ཐོབ་བྱེད་གྱི་རྟེན་མིན་པའི་ཕྱིར་རོ། །གལ་ཏེ་གཞན་སེལ་ཕྱིན་ཅི་ལོག་དེ་དག་གིས་བརྟགས་པ་ཕྱི་རོལ་དང་འབྲེལ་བ་མེད་པའི་ཡུལ་གྱིས་དོན་གོ་བར་འདོད་ན་ནི། བྱས་པ་ཆོས་ཅན། ཁྱོད་ལ་བརྟེན་ནས་དོན་མི་རྟོགས་ཤིང་འཇུག་ཡུལ་གྱི་དོན་མི་ཐོབ་པ་ཁོ་ནར་ཐལ། ཕྱི་རོལ་དང་འབྲེལ་བ་མེད་པའི་སྒྲོ་བརྟགས་འབའ་ཞིག་ཡིན་པའི་ཕྱིར་རོ། །ངེས་ཤེས་ཀྱི་ངོ་ན་ལྡོག་མཚམས་ཐ་དད་ལས་ལྡོག་པའི་རྒྱུ་ནི། དངོས་པོ་ཀུན་ཆོས་ཅན། མཐུན་དངོས་རིགས་མཐུན་དང་གཞན་དངོས་རིགས་མི་མཐུན་ལས་ལྡོག་པ་ལ་བརྟེན་པ་ཅན་ཡིན་ཏེ། གང་གི་ཕྱིར་ན་རང་བཞིན་གྱིས་ཕན་ཚུན་མ་འདྲེས་པར་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་ལྡོག་མཚམས་ཀྱི་དོན་གང་དང་གང་ལས་དོན་དེ་ལྡོག་པ་རྒྱུ་མཚན་དུ་བྱས་ནས་རིགས་ཐ་དད་དུ་དབྱེ་བ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། རང་གི་མཚན་ཉིད་དེའི་ཁྱད་པར་གྱི་ཆོས་རྟོགས་པར་འཇུག་པ་དག་རབ་ཏུ་བྱེད་པའི་ཕྱིར། དེས་ན་ཁྱད་པར་བྱས་པ་རང་མཚན་པ་གང་ཞིག་ཆོས་ཅན། སྒྲ་རྟོག་གི་ཡུལ་དུ་མི་རྟག་པ་དང་ཐ་དད་དུ་རྣམ་པར་གནས་ཏེ། ཁྱོད་ཀྱི་ལྡོག་ཆ་དངོས་ཡུལ་དུ་བྱེད་པའི་སྒྲ་རྟོག་གི་ཆོས་གང་གིས་གོ་བར་འགྱུར་བའི་ཁྱོད་ཀྱི་ལྡོག་ཆ་དེ་དེ་ལས་གཞན་པའི་སྒྲ་རྟོག་རྣམས་ཀྱིས་དངོས་སུ་གོ་བར་ནུས་པ་མ་ཡིན། མི་རྟག་པའི་ལྡོག་པ་དངོས་ཡུལ་དུ་བྱེད་པའི་སྒྲ་རྟོག་གང་གིས་གོ་བར་འགྱུར་བའི་མི་རྟག་པའི་ལྡོག་ཆ་དེ་དེ་ལས་གཞན་པའི་སྒྲ་རྟོག་རྣམས་ཀྱིས་གོ་བར་ནུས་པ་མ་ཡིན་པའི་ཕྱིར་རོ། །དགོངས་པ་ནི། སྒྲ་རྟོག་གཅིག་གིས་ཡུལ་དུ་བྱས་པ་ལ་སྒྲ་རྟོག་གཞན་མི་འཇུག་གོ་ཞེས་སྟོན་པ་ཡིན་ནོ། །གལ་ཏེ་འཇུག་ན་སྐྱོན་ཅི་ཡོད་ཅེ་ན། སྒྲ་རྟོག་རྣམ་གྲངས་པར་འགྱུར་བའི་སྐྱོན་ཡོད་དོ། །དེ་ཉིད་ཀྱི་ཕྱིར། རྣམ་འགྲེལ་ལས། དེ་དག་སྤྱོད་ཡུལ་ཐ་དད་ཅན། །གཞན་དུ་དངོས་པོ་གཅིག་པུ་ལ། །སྒྲ་འམ་བློ་གཅིག་གིས་ཁྱབ་ན། །ཡུལ་གཞན་མེད་པ་དེ་ཡི་ཕྱིར། །རྣམ་གྲངས་བ་ནི་ཉིད་དུ་འགྱུར། །ཞེས་གསུངས་སོ། །འབྲས་བུའི་གཏན་ཚིགས་ཀྱི་འབྲེལ་བ་བསྟན་པ་ནི། འབྲས་བུ་དུ་བ་ཡང་ཆོས་ཅན། མེ་ལ་རང་བཞིན་གྱིས་འབྲེལ་བ་ཡིན་ཏེ། མེའི་རང་བཞིན་དེ་ལས་བྱུང་བའི་ཕྱིར། འབྲེལ་བའི་སྒོ་ནས་རྟགས་གཉིས་སུ་བསྟན་ནས། དེ་ལ་བརྟེན་པའི་རྗེས་དཔག་ཚད་མར་བསྟན་པ་ལ་དང་པོ་མངོན་སུམ་དང་ཁྱད་མེད་བསྟན་པ་ནི། འབྲས་བུ་དང་རང་བཞིན་གྱི་རྟགས་ལ་བརྟེན་པའི་རྗེས་སུ་དཔག་པར་བྱ་བའི་ཤེས་པ་འདི་གཉིས་ནི་ཆོས་ཅན། རང་གི་གཞལ་བྱའི་དངོས་པོ་དེ་དངོས་སུ་སྣང་བའི་ཚད་མ་མིན་ཏེ། རང་གི་གཞལ་བྱའི་དངོས་པོ་དེ་ལས་དངོས་སུ་མ་སྐྱེས་པའི་ཕྱིར། འོ་ན་ཚད་མིན་དུ་འགྱུར་རོ་ཞེ་ན། ཚད་མར་བསྟན་པ་ནི། དེ་དངོས་སུ་མི་སྣང་ཡང་ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱ་དང་འབྲེལ་བའི་སྒོ་ནས་གསར་དུ་མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། དཔེར་ན་མངོན་སུམ་བཞིན་ནོ། །འབྲེལ་བ་ཡིན་ཏེ། རང་གི་གཞལ་བྱའི་དངོས་པོ་དེར་འཁྲུལ་བ་མེད་པ་དག་ཡིན་ཏེ། རང་གི་གཞལ་བྱའི་དངོས་པོ་དེ་ལས་སྐྱེས་པའི་ཕྱིར་རོ། །ཐུན་མོང་གི་དབྱེ་བ་བཤད་ཟིན་ཏོ། །གཏན་ཚིགས་གསུམ་པོ་སོ་སོར་བཤད་པ་ལ། དང་པོ་མ་དམིགས་པའི་གཏན་ཚིགས་འཆད་པར་བྱ་སྟེ། དེ་ལ་མ་དམིགས་པ་གོ་བྱེད་དུ་བསྟན་པ་ནི། བུམ་པ་མེད་པར་ངེས་པའི་ཐ་སྙད་ཀྱི་འབྲས་བུ་འཇུག་པ་ཅན་གྱི་ལྟོ་ལྡིར་བ་དམིགས་རུང་མ་དམིགས་པ་ཆོས་ཅན། ལྟོ་ལྡིར་བ་དམིགས་རུང་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པའི་ཐ་སྙད་བྱ་རུང་བསྒྲུབ་པའི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག བུམ་པ་མེད་པའི་ཐ་སྙད་བྱ་རུང་ལ་མི་འཁྲུལ་བའི་ཁྱབ་པ་རྣལ་མར་ངེས་པས་སོ། །མི་འཁྲུལ་བ་ཉིད་བསྟན་པ་ནི། སྣང་རུང་མ་དམིགས་པ་ལ་མེད་པའི་ཐ་སྙད་གྲུབ་པའི་གང་ཟག་ལ། མེད་པར་ངེས་པའི་ཐ་སྙད་འཇུག་པའི་འབྲས་བུ་ཅན་གྱི་སྣང་རུང་མི་དམིགས་པ་ནི་ཆོས་ཅན། མེད་པའི་ཐ་སྙད་དེ་ལ་མི་འཁྲུལ་བ་ཡིན་ཏེ། དཔེའི་སྟེང་དུ་ཐ་སྙད་ཀྱི་ཡུལ་ཁྱོད་ཡོད་པ་ནི་མེད་པའི་ཐ་སྙད་ལ་འཁྲུལ་བར་མེད་པར་གྲུབ་པའི་ཕྱིར། དཔྱོད་པ་བ་སོགས་མི་དམིགས་པའི་རྟགས་ཀྱིས་མེད་པའི་དོན་བསྒྲུབ་པར་འདོད་པ་དགག་པ་ནི། བློ་མི་དམིགས་པའི་རྟགས་ཀྱིས་མེད་པའི་དོན་བསྒྲུབ་པར་བྱ་བ་ཡིན་ན། ལྟོ་ལྡིར་བ་དམིགས་རུང་མ་དམིགས་པའི་ས་ཕྱོགས་ཆོས་ཅན། ལྟོ་ལྡིར་བ་མེད་པའི་སྒྲུབ་བྱེད་ཐུག་པ་མེད་པར་འགྱུར་བར་ཐལ། ལྟོ་ལྡིར་བ་མེད་པ་ཡང་ལྟོ་ལྡིར་བ་དམིགས་པའི་བློ་མེད་པས་བསྒྲུབ་དགོས་ཤིང་ལྟོ་ལྡིར་བ་དམིགས་པའི་བློ་མེད་པ་དེ་ཡང་བློ་མི་དམིགས་པའི་རྟགས་གཞན་གྱིས་བསྒྲུབ་པར་བྱ་དགོས་པས་སོ། །འདོད་ན་ལྟོ་ལྡིར་བ་མེད་པ་མི་རྟོགས་པར་འགྱུར་ཏེ་འདོད་པ་དེའི་ཕྱིར། ཅི་སྟེ་ཤེས་པས་ཤེས་པ་རིག་པ་བཞིན་དུ་ལྟོ་ལྡིར་བ་དམིགས་པའི་བློ་མེད་པ་ཡང་བློ་མི་དམིགས་པའི་རྟགས་ལ་ལྟོས་པ་མེད་པར་རང་ཉིད་ཀྱིས་འབྲས་བུ་འགྲུབ་པར་འགྱུར་ཞེ་ན་ནི། དཔྱོད་པ་བ་ཆོས་ཅན། ལྟོ་ལྡིར་བ་མེད་པར་བསྒྲུབ་པ་ལ་བློ་མི་དམིགས་པའི་རྟགས་བཀོད་པ་དོན་མེད་པར་ཐལ། ཤེས་པ་མེད་པ་རང་ཉིད་ཀྱིས་གྲུབ་པ་དེ་བཞིན་དུ་ཡོད་པ་ལྟོ་ལྡིར་བ་མེད་པར་ཡང་ལྟོ་ལྡིར་བ་མེད་པ་རང་ཉིད་ཀྱིས་འགྲུབ་པར་འགྱུར་བས་སོ། །ལྟོ་ལྡིར་བ་ཡིན་མོད་འོན་ཀྱང་བུམ་པ་ལ་སྦྱོར་བར་བྱ་སྟེ། འཇུག་པ་བདེ་བས་སོ། །ཅི་སྟེ་གཞན་དག་འཛིན་མངོན་སུམ་དམིགས་པའི་ཤུགས་ཀྱིས་བུམ་འཛིན་མི་དམིགས་པ་འགྲུབ་པའི་ཕྱིར་བུམ་འཛིན་མེད་པ་མངོན་སུམ་གྱིས་གྲུབ་པ་ཡིན་གྱི་བློ་མ་དམིགས་པའི་རྟགས་ཀྱིས་ནི་མིན་ནོ་ཞེ་ན། གཞན་བུམ་པས་དབེན་པའི་ས་ཕྱོགས་ཡོད་པར་མངོན་སུམ་གྱིས་གྲུབ་པས་བུམ་པ་མེད་པ་ཅི་སྟེ་མི་འགྲུབ་སྟེ་འགྲུབ་པར་ཐལ། བུམ་འཛིན་མེད་པ་མངོན་སུམ་གྱིས་གྲུབ་པ་དེ་བཞིན་དུ་བུམ་པ་མེད་པ་ལ་ཡང་མཚུངས་པས་སོ། །མེད་པའི་དོན་བསྒྲུབ་བྱར་འདོད་པ་བཀག་ཟིན་ཏོ། །འོ་ན་མེད་པའི་ཐ་སྙད་ཀྱང་མི་རྟོགས་པས་ཐ་སྙད་ཀྱང་མི་འགྲུབ་བོ་ཞེ་ན། སྣང་རུང་མ་དམིགས་པ་ལས་མེད་པ་གཞན་ཡིན་ན་བདེན་ཡང་གང་གི་ཚེ་སྣང་རུང་གི་རྣམ་པ་འདི་ལྟ་བུའི་མི་དམིགས་པ་ཉིད་བུམ་པ་མེད་པའི་ཆོས་ཅན་རྣམས་ཀྱི་མེད་པའི་དོན་ཡིན་པ་དེའི་ཚེ་ནི་འདི་ལྟར་འགྱུར་ཏེ། བུམ་པ་མེད་པའི་ཐ་སྙད་ཀྱི་ཡུལ་ལྟོ་ལྡིར་བ་དམིགས་རུང་མ་དམིགས་པ་ཆོས་ཅན། ལྟོ་ལྡིར་བ་དམིགས་རུང་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པའི་ཡུལ་ཅན་ཤེས་པ་དང་སྒྲའི་ཐ་སྙད་དག་རྟོགས་པར་བྱེད་པའམ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག ཁྱོད་ལ་བུམ་པ་མེད་པའི་ཐ་སྙད་ཀྱིས་ཁྱབ་པ་རྣལ་མར་གྲུབ་པས་སོ། །རྣལ་མར་གྲུབ་པར་ཐལ། བུམ་པ་མེད་པའི་ཐ་སྙད་ཀྱི་ཡུལ་ཁྱོད་རབ་ཏུ་བསྟན་པས་བུམ་པ་མེད་པའི་བརྡ་ལ་འཇུག་པའི་ཕྱིར། དཔེར་ན་ནོག་སོགས་འདུས་པ་ཆུང་ངུ་འདི་ནི་བ་ལང་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ལྟོ་ལྡིར་བ་སྣང་རུང་མ་དམིགས་པས་ལྟོ་ལྡིར་བས་དབེན་པའི་ས་ཕྱོགས་ལ་བུམ་པ་མེད་པའི་ཐ་སྙད་བྱ་རུང་བསྒྲུབ་པའི་གཏན་ཚིགས་ཆོས་ཅན། ཁྱོད་ཀྱི་དཔེ་མ་གྲུབ་པར་རྒོལ་བ་ཡང་བསལ་བ་ཡིན་ཏེ། སྔོན་པོ་སྣང་རུང་མ་དམིགས་པ་ལ་མེད་པའི་ཐ་སྙད་བྱེད་པ་ཐམས་ཅད་ཁྱོད་ཀྱི་མཐུན་དཔེ་དེ་ལྟ་ཡིན་དང་ཡིན་པའི་ཕྱིར་རོ། །ཡུལ་གྲུབ་ན་ཡུལ་ཅན་ཡང་གྲུབ་པས་ཐ་སྙད་ཀྱང་བསྒྲུབ་ཏུ་མེད་དོ་ཞེ་ན། ཐ་སྙད་ཀྱི་ཡུལ་གྲུབ་ན་ཡུལ་ཅན་ཐ་སྙད་གྲུབ་པས་མ་ཁྱབ་པར་ཐལ། ཐ་སྙད་ཀྱི་ཡུལ་རྟོགས་ཀྱང་ཡུལ་ཅན་ཐ་སྙད་མ་རྟོགས་པ་དག་སྣང་བའི་ཕྱིར་རོ། །གང་གི་ཚེ་རྣམ་པ་འདི་ལྟ་བུའི་མི་དམིགས་པ་ཉིད་མེད་པ་རྣམས་ཀྱི་མེད་པ་ཡིན་པ་དེའི་ཚེ་ཞེས་བཤད་པ་ལ་རྩོད་པ་བརྗོད་པ་ནི། གལ་ཏེ་བུམ་པའི་དངོས་པོ་ལོག་པ་ནི་བུམ་པའི་དངོས་པོ་མེད་པ་ཡིན་ལ། ལྟོ་ལྡིར་བ་མི་དམིགས་པ་ནི་ལྟོ་ལྡིར་བ་དམིགས་པའི་བློ་ཤེས་པ་ལོག་པ་ཡིན་ན་དེ་ཇི་ལྟར་བུམ་པའི་དངོས་པོ་མེད་པ་ཡིན། བུམ་པ་མེད་དེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པའི་ཕྱིར་ཞེས་བཤད་པ་ལ་འཕྲོས་པའི་རྩོད་པ་ནི། ལྟོ་ལྡིར་བ་དམིགས་པའི་ཤེས་པ་ལྡོག་པས་བུམ་པའི་དངོས་པོ་མེད་པར་ཡང་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། འབྲས་བུ་ལོག་ཀྱང་རྒྱུ་མེད་པར་མི་འགྲུབ་པའི་ཕྱིར་རོ་ཞེ་ན། ཕྱོགས་སྔ་དང་པོའི་ལན་ནི། བུམ་པ་ཆོས་ཅན། ལྟོ་ལྡིར་བ་དམིགས་པ་ནི་བུམ་པ་ཡོད་པ་ཡིན་པར་བརྗོད་དེ། ལྟོ་ལྡིར་བ་སྣང་རུང་གི་བུམ་པ་དེ་འདྲ་བའི་ཡོད་པ་རྣམ་པར་བཞག་པ་ནི། ལྟོ་ལྡིར་བ་དམིགས་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར། དང་ནི་ཟླས་དབྱེའོ། །དེས་ན་སྣང་རུང་གི་ལྟོ་ལྡིར་བ་མ་དམིགས་པ་ཡང་སྣང་རུང་གི་བུམ་པའི་དངོས་པོ་མེད་པར་འཐད་པ་ཡིན་ནོ། །ཕྱོགས་སྔ་ཕྱི་མའི་ལན་ནི། དམིགས་པའི་རྒྱུ་གཞན་ཚང་བ་ན་དམིགས་པར་རུང་བའི་རང་བཞིན་བུམ་པ་ཡོད་པ་ནི་ཆོས་ཅན། ལྟོ་ལྡིར་བ་དམིགས་པ་ཞེས་བརྗོད་དེ། ལྟོ་ལྡིར་བ་དམིགས་པ་དེ་ལ་མི་འཁྲུལ་བའི་ཕྱིར། དེས་ན་ལྟོ་ལྡིར་བ་དམིགས་པ་ལོག་པས་སྣང་རུང་གི་བུམ་པ་ཡང་མེད་པར་འགྱུར་བས་རྩོད་དུ་མེད་པ་ཡིན་ནོ། །མི་དམིགས་པ་ནི་དེ་ལ་མི་འཁྲུལ་བ་ཡིན་ཏེ་ཞེས་པ་ལས་འཕྲོས་པའི་རྩོད་པ་ནི། བུམ་པ་དམིགས་པའི་རྒྱུའི་ཚོགས་པ་ཆོས་ཅན། གཏན་ཚིགས་ཀྱི་ངོ་བོ་མི་འཐད་པར་མ་ཟད། བུམ་པ་དམིགས་པའི་ཤེས་པ་ལ་འཁྲུལ་བར་ཡང་འགྱུར་ཏེ། ཁྱོད་ཀྱིས་བུམ་པ་དམིགས་པའི་ཤེས་པ་བསྐྱེད་པར་ནུས་པ་ཡོངས་སུ་འགྱུར་བ་ལ་ལྟོས་པའི་ཕྱིར། དེས་ན་སྣང་རུང་མ་དམིགས་པ་ཡང་མེད་པ་ལ་འཁྲུལ་ལོ་ཞེ་ན། ཤེས་པ་བསྐྱེད་པར་ནུས་པ་ཡོངས་སུ་འགྱུར་བ་ལ་ལྟོས་པའི་གནས་སྐབས་ཆོས་ཅན། ཁྱོད་ཀྱི་དུས་སུ་དོན་ཡོད་པ་དམིགས་པ་ལ་འཁྲུལ་བས་སྣང་རུང་མ་དམིགས་པ་མེད་པ་ལ་འཁྲུལ་བ་མ་ཡིན་པར་ཐལ། ཁྱོད་ཀྱི་དུས་སུ་ཡོད་པ་ལ་དམིགས་པས་མ་ཁྱབ་ཀྱང་འབྲས་བུ་དག་འཛིན་མངོན་སུམ་སྐྱེས་པའི་དུས་ན་བུམ་པ་ཡོད་ན་དམིགས་དགོས་པ་ལས་མ་དམིགས་པས་མེད་པར་རྟོགས་པའི་ཕྱིར། གཞན་བུམ་པས་དབེན་པའི་ས་ཕྱོགས་ཆོས་ཅན། དག་འཛིན་མངོན་སུམ་སྐྱེས་པའི་དུས་སུ་བུམ་པ་མེད་པར་རྟོགས་པར་ཐལ། དེ་སྐྱེས་པའི་དུས་སུ་ཁྱོད་དམིགས་པ་ན་བུམ་པ་དེ་མི་དམིགས་པར་གྲུབ་པའི་ཕྱིར་རོ། །ནུས་པ་ཡོངས་འགྱུར་ལ་ལྟོས་པའི་གནས་སྐབས་ཆོས་ཅན། ཁྱོད་ཀྱི་དུས་སུ་དོན་ཡོད་པ་དམིགས་པ་ལ་འཁྲུལ་བས་སྣང་རུང་མ་དམིགས་པ་མེད་པ་ལ་འཁྲུལ་བ་མ་ཡིན་པར་ཐལ། ཁྱོད་ཀྱི་དུས་སུ་དོན་ཡོད་པ་ལ་དམིགས་པས་མ་ཁྱབ་པས་མ་དམིགས་པ་ལས་མེད་པའི་ཐ་སྙད་མི་བྱེད་ཀྱིས་འབྲས་བུ་དག་འཛིན་གྱི་ཤེས་པ་སྐྱེས་པའི་དུས་ན་བུམ་པ་ཡོད་ན་དམིགས་དགོས་པ་ལས་མ་དམིགས་པས་བུམ་པ་མེད་པར་རྟོགས་པའི་ཐ་སྙད་བྱེད་པའི་ཕྱིར། ཡང་ཁྱབ་པ་ལ་རྩོད་པ་ནི། རྣལ་འབྱོར་པ་མཐུ་དང་ལྡན་པས་བུམ་པ་མི་དམིགས་པར་བྱིན་གྱིས་བརླབས་པའི་ཕྱིར་བུམ་པ་ཡོད་ཀྱང་མི་དམིགས་པར་འགྱུར་བས་སྣང་རུང་མ་དམིགས་པ་མེད་པའི་ཐ་སྙད་ལ་འཁྲུལ་ལོ་ཞེ་ན། རྣལ་འབྱོར་པ་མཐུ་ལྡན་ཆོས་ཅན། བུམ་པ་ཡོད་བཞིན་དུ་མ་དམིགས་པར་བྱིན་གྱིས་བརླབས་པ་མིན་པར་ཐལ། ཁྱོད་ཀྱི་བྱིན་རླབས་ཀྱིས་ཡུལ་བུམ་པ་དང་དབང་པོ་དག་ལས་གང་ཡང་རུང་བ་ཞིག་གམ་གཉིས་ཀ་གཞན་དུ་འགྱུར་བ་མེད་པར་ཁྱོད་ཀྱིས་བུམ་པ་མི་དམིགས་པར་བྱིན་གྱིས་བརླབས་པ་ཉིད་མི་འཐད་པའི་ཕྱིར་རོ། །གཞན་དུ་བྱས་པར་འགྱུར་མོད་ཅེ་ན། ཁྱོད་ཀྱི་བྱིན་རླབས་ཀྱིས་བུམ་པ་དང་དབང་པོ་དེ་ནུས་མེད་དུ་འདུས་བྱས་ན་ནི་བུམ་ཡོད་མ་དམིགས་པར་འགྱུར་ཏེ། དེ་འདུས་བྱས་ན་ནི་བུམ་པ་དམིགས་བྱེད་ཀྱི་བློ་མེད་པས་སོ། །འོ་ན་སྣང་རུང་མ་དམིགས་པ་མེད་པ་ལ་འཁྲུལ་ལོ་ཞེ་ན། ཁྱོད་ཀྱིས་བུམ་པ་ཡོད་ཀྱང་མི་དམིགས་པར་བྱིན་གྱིས་བརླབས་པས་སྣང་རུང་མ་དམིགས་པ་མེད་པ་ལ་འཁྲུལ་བ་མ་ཡིན་པར་ཐལ། དེའི་ཚེ་བུམ་པ་ཡོད་ཀྱང་སྣང་རུང་མ་ཡིན་པའི་ཕྱིར། དབང་པོ་འབའ་ཞིག་བྱིན་གྱིས་བརླབས་པའི་ཚེ་བུམ་པ་བལྟར་རུང་ཡང་དབང་པོའི་ཉེས་པས་མ་དམིགས་པའི་ཕྱིར་ཁྱབ་པ་འཁྲུལ་ལོ་ཞེ་ན། ལན་འདི་ཟུངས་ཤིག དབང་པོ་འབའ་ཞིག་བྱིན་གྱིས་བརླབས་པ་དེའི་ཚེ་ཡང་སྣང་རུང་མ་དམིགས་པ་མེད་པ་ལ་འཁྲུལ་བ་མ་ཡིན་པར་ཐལ། དེའི་ཚེ་ཡང་བྱིན་གྱིས་བརླབས་པའི་རྣམ་པ་དེ་ལྟ་བུའི་དབང་པོས་བསྐྱེད་པའི་ཤེས་པས་གཟུང་བར་བྱ་རུང་བའི་བུམ་པ་མེད་པ་ནི་ཡོད་པ་ཉིད་ཀྱི་ཕྱིར་རོ། །མཁས་རློམ་གཞན་གྱིས་སྔོན་ཆད་མ་རྙེད་པ། །བདག་ཉིད་ཆེན་པོའི་རྣམ་བཤད་དགོངས་པ་བཞིན། རྣམ་བཤད་འདི་ལ་བཀོད་པའི་དགེ་བ་ཡིས། །རྒྱལ་བ་སྲས་བཅས་ཐུགས་དགོངས་རྫོགས་གྱུར་ཅིག །སྣང་རུང་མ་དམིགས་པ་མེད་པ་ལ་མི་འཁྲུལ་བ་དེའི་ཕྱིར། ཤེས་པ་དང་ཡུལ་ཅན་དུ་འདྲེས་རུང་བའི་བུམ་པ་ཡོད་པ་ཉིད་ཀྱི་དོན་ལྟོ་ལྡིར་བ་དམིགས་པ་ནི་ཆོས་ཅན། བུམ་པ་འདིའི་ཡོད་པ་ཡིན་ཞེས་བརྗོད་དུ་རུང་བ་ཡིན་ཏེ། བུམ་པ་ཡོད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དམིགས་པ་དེ་ལས་བཟློག་པའི་ལྟོ་ལྡིར་བ་སྣང་རུང་མི་དམིགས་པ་ནི་ཆོས་ཅན། བུམ་པ་མེད་པ་ཡིན་ཞེས་བརྗོད་དེ་བུམ་པ་མེད་པའི་རྒྱུ་མཚན་ཡིན་པས་སོ། །སྣང་རུང་གི་ལྟོ་ལྡིར་བ་མི་དམིགས་པ་དེས་ཀྱང་ཆོས་ཅན་སྣང་རུང་གི་བུམ་པས་དབེན་པའི་ས་ཕྱོགས་སུ་ཡུལ་ཅན་བུམ་པ་མེད་པའི་ཐ་སྙད་བྱ་རུང་སྒྲུབ་པར་བྱེད་དེ། དེ་བསྒྲུབ་ཀྱི་ཚུལ་གསུམ་ཡིན་པས་སོ། །དོན་ཡོད་པ་དམིགས་པ་ལ་མི་འཁྲུལ་བར་བསྟན་པ་འདིས་ནི་ཆོས་ཅན། ཁྱོད་ལ་དགོས་པ་ཡོད་དེ། ཁྱོད་ཀྱིས་རྒྱུ་འབྲས་བུ་ལ་འཁྲུལ་བས་མ་ངེས་པའི་རྩོད་པ་ཡང་བསལ་བ་ཡིན་པའི་ཕྱིར་རོ། །རྒྱུ་མེད་པ་ལ་མི་འཁྲུལ་བའི་འབྲས་བུ་མེད་པ་དེ་ལ་ཡང་ཆོས་ཅན། བུམ་པ་མེད་པའི་དོན་རྟགས་ཀྱིས་བསྒྲུབ་མི་དགོས་ཏེ། དེ་ནི་མངོན་སུམ་གྱི་སྟོབས་ཀྱིས་ངེས་པའི་ཕྱིར་རོ། །འོ་ན་ཐ་སྙད་ཀྱང་མི་བསྒྲུབ་སྟེ། རྒྱུ་མཚན་ཅན་དུ་གྲུབ་ཟིན་པའི་ཕྱིར་རོ་ཞེ་ན། བུམ་པ་མེད་པའི་ཐ་སྙད་ཆོས་ཅན། གཞི་གཞན་དུ་ལྟོར་ལྡིར་བ་མ་དམིགས་པ་དེའི་རྒྱུ་མཚན་ཅན་ཡིན་པར་གྲུབ་ཀྱང་རྟགས་ཀྱིས་བསྒྲུབ་པ་འཐད་དེ། མེད་པའི་ཐ་སྙད་དེའི་རྒྱུ་ཡོད་པའི་སྒོ་ནས་ཆོས་ཅན་ལ་མི་དམིགས་པའི་རྟགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་ཅན་གཞན་བ་ལང་གི་ཐ་སྙད་བཞིན་ནོ། །རེ་ཞིག་མི་དམིགས་པ་དེ་ཉིད་ཚད་མས་ཇི་ལྟར་གྲུབ་ཅེ་ན། འདི་ནི་འོག་ཏུ་མངོན་སུམ་ཉིད་ཀྱིས་འགྲུབ་པ་ཡིན། ཞེས་འཆད་པར་འགྱུར་རོ། །མ་དམིགས་པའི་གཏན་ཚིགས་གོ་བྱེད་དུ་བཤད་ཟིན་ཏོ། །སྦྱོར་བའི་དབྱེ་བ་བཤད་པ་ནི། མེད་པར་ངེས་པའི་འབྲས་བུ་ཅན། མི་དམིགས་ཞེས་བཤད་པའི་མི་དམིགས་པའི་གཏན་ཚིགས་དེ་ཡང་ཆོས་ཅན། རྣམ་པ་བཞི་ཡོད་དེ། སྦྱོར་བ་ལ་འཇུག་པའི་བྱེ་བྲག་གིས་འགལ་བ་དང་འབྲས་བུ་གྲུབ་པ་གཉིས་དང་རྒྱུ་དང་རང་བཞིན་མི་དམིགས་པ་གཉིས་ཡོད་པས་སོ། །གཉིས་ནི་དམིགས་པ་རྟགས་སུ་བཀོད་པ་མ་ཡིན་ནམ་ཇི་ལྟར་མི་དམིགས་པ་རྣམ་པ་བཞི་ཡིན་ཞེ་ན། འགལ་བ་དང་འབྲས་བུ་གྲུབ་པ་གཉིས་དམིགས་པ་རྟགས་སུ་བཀོད་པས་མི་དམིགས་པ་བཞིར་བཤད་པ་མི་འཐད་པ་མ་ཡིན་པར་ཐལ། དགག་པའི་གཏན་ཚིགས་གང་ཅི་སྙེད་དེ་ཐམས་ཅད་ནི་སྣང་རུང་མ་དམིགས་པ་ལས་གོ་བྱེད་ཡིན་པས་རང་བཞིན་མ་དམིགས་པར་འདུས་པའི་ཕྱིར། མ་དམིགས་པ་ལས་གོ་བྱེད་ཡིན་པའི་ཚུལ་འདི་ལྟར་དགག་པའི་གཏན་ཚིགས་དེ་ནི་ཆོས་ཅན། རྣམ་པ་གཉིས་ཀྱིས་རང་གི་དགག་བྱའི་ཆོས་འགོག་པར་བྱེད་དེ། རང་གི་དགག་བྱའི་ཆོས་ཀྱི་འགལ་ཟླ་འགའ་ཞིག་སྒྲུབ་པས་སམ་འབྲེལ་ཡུལ་དགག་པས་རང་གི་དགག་བྱའི་ཆོས་འགོག་པས་སོ། །འགལ་ཟླ་དམིགས་པ་རང་བཞིན་མི་དམིགས་པར་མི་འདུའོ་ཞེ་ན། ལན་ལ་འགལ་ཟླ་བསྒྲུབ་པའི་གཏན་ཚིགས་ནི་འགལ་བ་རྟོགས་པ་ཁོ་ན་ལས་གོ་བྱེད་དུ་འགྱུར་དགོས་པས། དང་པོ་ལྷན་ཅིག་མི་གནས་པའི་འགལ་བ་བཤད་པ་ནི། དཔྱོད་པ་བ་ཁྱོད་ཀྱིས་ཀྱང་སྒྲུབ་པ་རྟགས་སུ་བཀོད་ནས་དགག་བྱའི་ཆོས་མེད་པའི་འགལ་ཟླ་སྒྲུབ་ན་ཡང༌། དགག་བྱའི་ཆོས་དང་འགལ་བའམ་མི་འགལ་བ་ཞིག་རྟགས་སུ་བཀོད་ནས་སྒྲུབ་གྲང་ན། མི་འགལ་བ་གཏན་ཚིགས་སུ་འགོད་ན། སྐྱེས་བུའི་ལུས་ནི་ཆོས་ཅན། སྐྱེས་བུ་ཕ་རོལ་པོ་ལ་ཐམས་ཅད་མཁྱེན་པ་ཡོད་པ་འགོག་པའི་རྟགས་ཡང་དག་མིན་པར་ཐལ། ཐམས་ཅད་མཁྱེན་པ་དང་ལྷན་ཅིག་ཡོད་པར་འགལ་བ་མེད་པའི་ཕྱིར། འགལ་བ་འགོད་ན་དགག་བྱའི་ཆོས་དང་འགལ་བ་རྟགས་སུ་བཀོད་པ་དེ་ལ་ཡང་ཆོས་ཅན། སྣང་བ་མ་དམིགས་པ་མེད་པར་འགལ་ཟླ་སྒྲུབ་པའི་རྟགས་དགག་བྱའི་ཆོས་དང་འགལ་བར་མི་རྟོགས་ཏེ། འདི་ལྟར་གྲང་རེག་རྒྱུ་མ་གཏུགས་པ་ཅན་འབྱུང་བ་ལ་གཞན་ཚ་རེག་སྟོབས་ལྡན་ཡོད་ན་གྲང་རེག་མེད་པའི་ཕྱིར་ཚ་རེག་དང་གྲང་རེག་འགལ་བར་རྟོགས་ལ། འགལ་བར་རྟོགས་པ་དེ་ཡང་སྣང་བ་མི་དམིགས་པ་ཁོ་ན་ལས་འགྲུབ་དགོས་པའི་ཕྱིར་རོ། །ཕན་ཚུན་སྤངས་འགལ་སྟོན་པ་ནི། སྔོན་པོ་དང་སྔོན་པོ་མིན་པ་དག་ཀྱང་ཆོས་ཅན། འགལ་བ་ཡིན་ཏེ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། རྟག་པ་དང་མི་རྟག་པ་ཉིད་བཞིན་ནོ། །ལྷན་ཅིག་མི་གནས་པའི་འགལ་བ་སྣང་རུང་མི་དམིགས་པ་ལ་ལྟོས་པར་མ་ཟད་ཕན་ཚུན་སྤངས་འགལ་དེ་ལ་ཡང་ཆོས་ཅན། ཆོས་ཅན་སྒྲ་ལ་མི་རྟག་པར་དམིགས་པས་གཞན་རྟག་པ་མི་དམིགས་པར་དོན་གྱིས་གྲུབ་པར་བརྗོད་པ་འཐད་པ་ཡིན་ཏེ། མི་རྟག་པ་དམིགས་པས་རྟག་པ་མི་དམིགས་པ་དེ་ལྟ་མ་ཡིན་ན་རྟག་པ་དམིགས་པ་མ་བཀག་པ་ཅན་དུ་འགྱུར་བས་རྟག་པ་མེད་པ་མི་འགྲུབ་པའི་ཕྱིར་རོ། །འབྲེལ་ཟླ་མ་དམིགས་པ་མ་དམིགས་པའི་རྟགས་སུ་བསྟན་ནས། འབྲེལ་ཡུལ་མ་དམིགས་པ་མ་དམིགས་པའི་རྟགས་སུ་བསྟན་པ་ནི། དཔྱོད་པ་བ་ཆོས་ཅན། གཅིག་འབྲེལ་ཡུལ་བཀག་པས་ཆོས་ལ་གཞན་འབྲེལ་ཟླ་མེད་པར་སྒྲུབ་པ་ལ་ནི་མི་དམིགས་པ་རྟགས་སུ་གྲུབ་པ་ཉིད་དེ། རྟགས་སུ་བཀོད་པའི་དགག་པ་ནི་མི་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་དྲི་ལན་གྱི་སྒོ་ནས་གསལ་བར་སྟོན་པ་ནི། དོན་གཞན་དགག་པ་བསྒྲུབ་པར་བྱ་བ་དེ་ལ་ཡང་དགག་བྱའི་ཆོས་ཀྱི་རྒྱུ་དང་འབྲས་བུ་དག་གམ་གཉིས་ཀ་མིན་པ་བཀག་པ་གཏན་ཚིགས་ཡིན་གྲང་ན། དེ་ལ་རྒྱུ་འབྲས་གཉིས་ཀ་མ་ཡིན་པ་བཀག་པ་རྟགས་སུ་བཀོད་པ་ཡིན་ན་ནི། གཞན་དུ་བ་ཆོས་ཅན། མྱུ་གུ་དེ་མེད་པས་ཁྱོད་མེད་པར་མི་རིགས་ཏེ། མྱུ་གུ་ལས་ཐ་དད་མྱུ་གུ་ལ་མ་འབྲེལ་བའི་ཕྱིར། འབྲས་བུ་བཀག་པ་རྟགས་སུ་འགོད་དོ་ཅེ་ན། འདི་ལ་དམིགས་བསལ་སྟོན་པ་ནི། དཔྱོད་པ་བ་ཆོས་ཅན། འབྲས་བུ་མྱུ་གུ་མ་དམིགས་ཀྱང་རྒྱུ་ས་བོན་མེད་པར་ག་ལ་འགྱུར་ཏེ་མི་འགྱུར་བར་ཐལ། ས་བོན་གྱིས་འབྲས་བུ་མྱུ་གུ་བསྐྱེད་པ་ལ་གེགས་སྲིད་པས་རྒྱུ་ས་བོན་ནི་གདོན་མི་ཟ་བར་འབྲས་བུ་མྱུ་གུ་དེ་དང་ལྡན་པ་མིན་པའི་ཕྱིར། གེགས་སྲིད་པ་མ་གྲུབ་ཅེ་ན། རྒྱུ་ས་བོན་ཙམ་གྱིས་མྱུ་གུ་བསྐྱེད་པ་ལ་གེགས་སྲིད་པར་ཐལ། མྱུ་གུ་དངོས་སུ་བསྐྱེད་པར་ནུས་པ་མྱུ་གུའི་དངོས་རྒྱུ་ཡིན་གྱི་མི་ནུས་པ་ནི་མ་ཡིན་པའི་ཕྱིར། འདི་ལའང་ས་བོན་བྱ་རིགས་ཀྱིས་ཟོས་པ་ལ་སོགས་པས་མ་ངེས་སོ་ཞེ་ན། མྱུ་གུའི་རྒྱུ་ཚོགས་ཐ་མ་ཆོས་ཅན། ཁྱོད་ཀྱིས་མྱུ་གུ་བསྐྱེད་པའི་གནས་སྐབས་ན་འགལ་རྐྱེན་གྱིས་གེགས་བྱར་ཡང་མི་ནུས་ཏེ། མྱུ་གུ་དངོས་སུ་བསྐྱེད་པར་ནུས་པ་ཡིན་པའི་ཕྱིར། དེར་ཐལ། ནུས་པ་ཆེས་ཆེར་ཡོངས་སུ་འགྱུར་བ་ལ་ལྟོས་པ་མེད་པར་དེ་མ་ཐག་ཁོ་ནར་མྱུ་གུ་བསྐྱེད་པའི་ཕྱིར་ཏེ། མྱུ་གུའི་རྒྱུ་ནུས་པ་ཐོགས་མེད་ཀྱི་སྐད་ཅིག་ཡིན་པས་སོ། །ཁྱབ་པ་ཡོད་དེ། གེགས་ནི་སྔ་ཕྱིའི་ཆ་ཤས་དང་བཅས་པ་ལ་འཇུག་པ་ལས་ནུས་པ་ཐོགས་མེད་ཀྱི་སྐད་ཅིག་མ་ལ་སྔ་ཕྱིའི་ཆ་ཤས་མེད་པའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱིས་མྱུ་གུ་བསྐྱེད་པ་ལ་གེགས་མེད་པར་ཐལ། ཁྱོད་ཀྱིས་འབྲས་བུ་མྱུ་གུ་བསྐྱེད་པ་ལ་མི་མཐུན་པའི་ཁྱད་པར་སྐྱེད་པ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། འབྲས་བུ་སྐྱེ་བ་དང་མི་མཐུན་པ་བསྐྱེད་པ་ནི་གེགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཁྱད་པར་སྐྱེད་པ་ལ་གེགས་སུ་བརྗོད་པ་དེ་ལྟར་མ་ཡིན་པར་དངོས་མེད་ལ་འདོད་ན། མྱུ་གུ་སྐྱེ་བའི་གེགས་ནི་ཆོས་ཅན། མྱུ་གུའི་རྒྱུ་ཚོགས་ཐ་མས་མྱུ་གུ་སྐྱེད་པའི་གེགས་བྱེད་མ་ཡིན་པར་ཐལ། མྱུ་གུའི་རྒྱུ་ཚོགས་ཐ་མས་མྱུ་གུ་སྐྱེད་པ་ལ་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར། དངོས་འབྲས་བཀག་པ་རྟགས་སུ་བཀོད་པ་ནི་གོ་བྱེད་དུ་འགྱུར་རོ་ཞེས་བསྟན་པ་ནི། འབྲས་བུ་དངོས་སུ་སྐྱེད་བྱེད་དེ་འདྲ་བའི་རྒྱུ་ནི་འབྲས་བུ་མེད་པ་ལས་མེད་པར་རྟོགས་པར་འགྱུར་བ་ཉིད་དེ། དཔེར་ན་དུ་བ་ཚད་མས་མ་དམིགས་པའི་དངོས་གཞི་དང་ལྡན་པའི་དང་རྭ་འདི་ནི་ཆོས་ཅན། དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཆོས་ཀྱི་གྲགས་པ་ཆོས་ཅན། འབྲས་བུ་དུ་བ་དེ་མི་དམིགས་པས་ཆོས་ཅན་ལ་དུ་བའི་དངོས་རྒྱུ་མེད་པར་བསྒྲུབ་པའི་རྟགས་ནི་རང་བཞིན་མི་དམིགས་པར་བཤད་པ་ལ་རྒྱུ་མཚན་ཡོད་དེ། འབྲས་བུ་དུ་བ་དེ་ནི་དུ་བའི་དངོས་རྒྱུ་ལ་ཁྱབ་པ་དང་ལྡོག་པ་སྟེ་ཁྱབ་ཆེས་པ་མེད་པའི་ཕྱིར་དུ་བའི་དངོས་རྒྱུ་དེའི་རང་གི་ངོ་བོ་དེ་དང་ཁྱད་པར་མེད་པས་སོ། །དེ་རང་བཞིན་མ་དམིགས་པར་འདུས་པ་དེ་བཞིན་དུ་འབྲས་བུ་དེ་དང་འགལ་བ་དམིགས་པར་ཡང་འདུས་སོ། །དཔེར་བརྗོད་ན་ནི། མེ་ཆེན་པོས་ཁྱབ་པར་ནོན་པའི་དབུས་ཀྱི་ས་ཕྱོགས་འདི་ན་ཆོས་ཅན། གྲང་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། མེ་སྟོབས་ཆེན་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འབྲས་བུ་ཙམ་བཀག་པ་གོ་བྱེད་མིན་པར་བཤད་པ་ནི། རྒྱུའི་རྫས་སྤྱི་ལ་བསམས་ནས་འབྲས་བུ་མི་དམིགས་པ་གོ་བྱེད་མིན་པར་བརྗོད་དེ། དཔེར་ན་ས་ཕྱོགས་འདི་ན་ཆོས་ཅན། མེ་མེད་དེ། དུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་བཀག་པ་གཏན་ཚིགས་སུ་བཀོད་ན་གོ་བྱེད་དུ་འགྱུར་རོ་ཞེས་བསྟན་པ་ནི། དུ་བའི་རྒྱུ་མེ་མི་དམིགས་པ་ནི་ཆོས་ཅན། རྒྱ་མཚོ་ལ་དུ་བའི་དངོས་པོ་མེད་པ་གོ་བར་བྱེད་པའི་རྟགས་ཡང་དག་ཡིན་ཏེ། དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཡིན་པས་སོ། །རང་བཞིན་མི་དམིགས་པ་ནི་རང་ཉིད་མེད་པ་ཁོ་ན་ཡིན་པས་མེད་པའི་དོན་སྒྲུབ་པ་མིན་ཏེ། དེ་ལ་ནི་ཡུལ་ཅན་ཤེས་པ་དང་བརྗོད་པའི་ཐ་སྙད་སྒྲུབ་པ་འབའ་ཞིག་ཏུ་ཟད་དོ། །དུ་བའི་དངོས་རྒྱུ་དེའི་ངོ་བོ་ལ་ཁྱབ་པའི་འབྲས་བུ་དུ་བ་མེད་པ་ནི་ཆོས་ཅན། དུ་བ་ཚད་མས་མ་དམིགས་པའི་ས་ཕྱོགས་ལ་དུ་བའི་དངོས་པོ་མེད་པའི་ཐ་སྙད་བྱ་རུང་བསྒྲུབ་པའི་གཏན་ཚིགས་ཡིན་པར་མ་ཟད་དུ་བ་མེད་པར་བསྒྲུབ་པའི་དོན་སྒྲུབ་ཀྱི་གཏན་ཚིགས་ཀྱང་ཡིན་ཞེས་བརྗོད་དེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག ཁྱོད་ངེས་པའི་ཚད་མས་དུ་བ་མེད་པའི་དོན་མི་ངེས་པའི་ཕྱིར་ཞེས་ལོ་ཙཱ་བ་གསུངས། རྟགས་བཀོད་པ་པོ་གང་གི་ཚེ་ཁྱབ་པར་བྱེད་པའི་ཆོས་ཤིང་མི་དམིགས་པས་ཁྱབ་པར་བྱ་བ་ཤ་པ་མེད་པར་སྨྲ་བ་དེའི་ཚེ་ཡང་ཤིང་མེད་པ་ཆོས་ཅན། ཤིང་ཚད་མས་མ་དམིགས་པའི་བྲག་རྫོང་དུ་ཤ་བ་མེད་པའི་ཐ་སྙད་བྱ་རུང་བསྒྲུབ་པའི་གཏན་ཚིགས་ཡིན་པར་མ་ཟད། ཤ་པའི་དངོས་པོ་མེད་པར་བསྒྲུབ་པའི་གཏན་ཚིགས་ཀྱང་ཡིན་པ་ཉིད་དོ། །རྒྱུ་མཚན་དེས་ན། ཤེས་བྱ་ཆོས་ཅན། དགག་པའི་གཏན་ཚིགས་གང་ཇི་སྙེད་པ་ཐམས་ཅད་སྣང་རུང་མ་དམིགས་པ་ལས་གོ་བྱེད་ཡིན་ཏེ། གོང་དུ་བཤད་པ་དེ་ལྟར་འགལ་ཟླ་སྒྲུབ་པ་དང་འབྲེལ་ཡུལ་བཀག་པའི་སྒོ་ནས་དགག་བྱའི་ཆོས་འགའ་ཞིག་འགོག་པ་ལ་ནི་གོ་བར་བྱེད་པ་ཐམས་ཅད་མི་དམིགས་པའི་རང་བཞིན་ཡིན་གྱི། དགག་པའི་གཏན་ཚིགས་གཞན་ནི་མ་ཡིན་པའི་ཕྱིར། དགག་པའི་གཏན་ཚིགས་ཐམས་ཅད་མ་དམིགས་པའི་གཏན་ཚིགས་སུ་འཐད་པར་བསྟན་ནས། འཇུག་པའི་བྱེ་བྲག་གིས་རྣམ་པ་བཞི་ཞེས་པའི་དོན་གསལ་བར་སྟོན་པ་ནི། དགག་པའི་ཡུལ་ཅན་གྱི་མི་དམིགས་པའི་གཏན་ཚིགས་དེ་ནི་ཆོས་ཅན། སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཞིར་འགྱུར་ཏེ། སྦྱོར་བའི་བྱེ་བྲག་གིས་ཁྱོད་ལ་རང་བཞིན་འགལ་དམིགས། འགལ་འབྲས་དམིགས་པ། རྒྱུ་དང་རང་བཞིན་མ་དམིགས་རྣམས་སུ་ཡོད་པའི་ཕྱིར། བཞི་པོ་སོ་སོར་དཔེར་བརྗོད་པ་ལ། འགལ་བ་གྲུབ་ནི། དཔེར་ན་མེ་ཆེན་པོས་ཁྱབ་པར་ནོན་པའི་མདུན་གྱི་ས་ཕྱོགས་འདི་ན་ཆོས་ཅན། གྲང་བའི་རེག་པ་མེད་དེ། མེ་སྟོབས་ཆེན་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རང་བཞིན་འགལ་དམིགས་མ་དམིགས་པའི་རྟགས་སུ་བསྟན་པ་འདིས་ནི་ཁྱབ་པར་བྱེད་པ་འགལ་བ་གྲུབ་པ་ཡང་མ་དམིགས་པའི་རྟགས་སུ་བཤད་པར་རིག་པར་བྱ་སྟེ། དེའི་དཔེར་བརྗོད་ན། མེ་ཆེན་པོས་ཁྱབ་པར་ནོན་པའི་དབུས་ཀྱི་ས་ཕྱོགས་འདི་ན་ཆོས་ཅན། བ་མོའི་རེག་པ་མེད་དེ། མེ་ཆེན་པོ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འགལ་བའི་འབྲས་བུ་གྲུབ་པ་ནི། དཔེར་ན་དུ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་དབུས་ཀྱི་ས་ཕྱོགས་འདི་ན་ཆོས་ཅན། གྲང་བའི་རེག་པ་མེད་དེ། དུ་བ་དྲག་འཕྱུར་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །རྒྱུ་མ་གྲུབ་པ་ནི། དཔེར་ན། སྐྱ་རྫས་དང་ལྡན་པའི་རྒྱ་མཚོ་འདི་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་རོ་ཞེས་པ་ལྟ་བུའོ། །རང་བཞིན་མ་གྲུབ་པ་ནི། དཔེར་ན། དུ་བ་ཚད་མས་མ་དམིགས་པའི་ས་ཕྱོགས་འདི་ན་ཆོས་ཅན། དུ་བ་མེད་དེ། དུ་བ་ཡོད་ན་དམིགས་པའི་རིག་བྱར་གྱུར་པ་ལས་མ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་མ་དམིགས་པའི་རྟགས་སུ་བསྟན་པ་འདིས་ནི་ཁྱབ་པར་བྱེད་པའི་རང་བཞིན་མ་གྲུབ་པ་ཡང་མ་དམིགས་པའི་རྟགས་སུ་བཤད་པ་ཡིན་ཏེ། འདིར་དཔེར་བརྗོད་ན། ཤིང་ཚད་མས་མ་དམིགས་པའི་ས་ཕྱོགས་འདི་ན་ཆོས་ཅན། ཤིང་ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འབྲས་བུ་དུ་བ་ལ་སོགས་པ་ལྐོག་གྱུར་འགོག་པ་ནི་སྔར་བཤད་པའི་རིགས་པས་མ་དམིགས་པ་ཡིན་ཡང་སྣང་བ་མི་དམིགས་པ་མ་ཡིན་ནོ་ཞེས་དོགས་པ་ལ་འགལ་བ་གྲུབ་པ་ལ་སོགས་པ་གསུམ་པོ་སྣང་བ་མི་དམིགས་པར་བསྡུ་བར་བཤད་པ་ནི། མེད་པའི་དོན་དང་ཐ་སྙད་བསྒྲུབ་པའི་མི་དམིགས་པའི་གཏན་ཚིགས་གསུམ་པོ་འདི་ཐམས་ཅད་ལ་ཡང་འདི་ལྟར་འགྱུར་ཏེ། རྒྱུ་མེ་དེ་དག་དམིགས་པའི་རྒྱུ་གཞན་ཉེ་བར་མ་གྲུབ་པ་མེ་མེད་ཆོས་ཅན། དུ་བ་ཡོད་ན་བལྟར་རུང་བའི་བདག་ཉིད་ཁོ་ནའི་གཏན་ཚིགས་ཡིན་པར་རིག་པར་བྱ་སྟེ། རྒྱུ་མ་དམིགས་པའི་གཏན་ཚིགས་གང་ཞིག དུ་བ་བལྟར་རུང་བ་ལས་གཞན་པ་བལྟར་མི་རུང་བ་དག་ཡིན་ན་རྒྱུ་མེད་པའི་མ་དམིགས་པའི་གཏན་ཚིགས་དག་ཏུ་མི་འགྲུབ་པའི་ཕྱིར། གྲང་རེག་དེ་དག་དང་འགལ་བའི་འབྲས་བུ་གྲུབ་པ་དུ་བ་དྲག་འཕྱུར་བ་དག་ཆོས་ཅན། གཞི་གཞན་དུ་གྲང་རེག་བལྟར་རུང་བའི་བདག་ཉིད་ཁོ་ནའི་གཏན་ཚིགས་ཡིན་ཏེ། འགལ་འབྲས་དམིགས་པའི་གཏན་ཚིགས་གང་ཞིག གཞི་གཞན་དུ་གྲང་རེག་བལྟར་མི་རུང་ན་འགལ་བའི་འབྲས་བུ་ཡོད་པའམ་གྲུབ་པའི་གཏན་ཚིགས་དག་ཏུ་མི་འགྲུབ་པའི་ཕྱིར། གྲང་རེག་དེ་དང་འགལ་བ་གྲུབ་པ་མེ་སྟོབས་ཆེན་ཆོས་ཅན། ཆོས་སྔ་མ་བཞིན། འགལ་བ་གྲུབ་པའི་གཏན་ཚིགས་གང་ཞིག གྲང་རེག་བལྟར་མི་རུང་ན་འགལ་བ་གྲུབ་པའི་གཏན་ཚིགས་དག་ཏུ་མི་འགྲུབ་པའི་ཕྱིར་རོ། །ཞེས་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་འཆད་དོ། །ཆོས་མཆོག་གི་བཤད་པ་ནི་གཞུང་གི་དགོངས་པ་མིན་ཞེས་ལོ་ཙཱ་བ་གསུང་ངོ༌། །རྩ་བའི་མ་དམིགས་པ་བཞི་ལས་གཞན་གསུམ་སྣང་རུང་མ་དམིགས་པར་འདུས་པ་བསྟན་ནས། རང་བཞིན་མ་དམིགས་པའི་དོན་བསྡུ་བ་བསྟན་པ་ནི། ཤེས་བྱ་ཆོས་ཅན། སྣང་རུང་གི་བུམ་པའི་དངོས་པོ་མི་དམིགས་པ་ལས་ནི་བུམ་པའི་དངོས་པོ་མེད་པར་རྟོགས་པར་འགྱུར་ཏེ། སྣང་དུ་རུང་བའི་བུམ་པ་མཐོང་བ་མེད་པའི་རྒྱུ་གཞན་མ་ཚང་བ་མི་སྲིད་པར་རྒྱུ་གཞན་ཐམས་ཅད་ཚང་བའི་ཚེ་བུམ་པ་ཡོད་ན་དམིགས་དགོས་པས་སོ། །འདི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་བརྒྱ་པ་ལས་བཤད་པ་བཞིན་ཡིན་ནོ། །གལ་ཏེ་གྲང་རེག་དང་འགལ་བའི་འབྲས་བུ་དམིགས་པས་ཀྱང་གྲང་རེག་མེད་པར་འགྲུབ་ན་གྲང་རེག་དང་འགལ་བ་དེའི་རྒྱུ་དམིགས་པས་གྲང་རེག་མེད་པར་ཅི་སྟེ་མི་འགྲུབ་ཅེ་ན། མེའི་རྒྱུ་དེ་ནི་ཆོས་ཅན། མེ་བསྐྱེད་ངེས་ཡིན་པའི་སྒོ་ནས་ཁྱོད་དམིགས་པས་གྲང་རེག་མེད་པར་འགྲུབ་པ་མིན་ཏེ། ཁྱོད་མེ་ལ་འཁྲུལ་པའི་ཕྱིར། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ། ཤིང་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །མེའི་རྒྱུ་རྣམས་ནི་ཆོས་ཅན། ཁྱོད་མེ་བསྐྱེད་ངེས་ཡིན་པའི་རྒྱུ་མཚན་གང་ལས་ཁྱོད་ཀྱི་རྟགས་ལས་གྲང་རེག་དེ་མེད་པར་གོ་བར་འགྱུར་བ་མིན་པར་ཐལ། ཁྱོད་ཀྱིས་གྲང་བ་བཟློག་པའི་མེ་གདོན་མི་ཟ་བར་བསྐྱེད་པར་འགྱུར་བ་ནི་མིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་འབྲས་བུ་མེ་རྩོམ་པར་མ་ངེས་པས་ནའོ། །རྒྱུ་ཚོགས་ཐ་མའི་གནས་སྐབས་ཀྱི་ཁྱད་པར་ནི་འབྲས་བུ་ལ་འཁྲུལ་པ་མེད་པས་རྒྱུ་ཚོགས་ཐ་མས་དཔོག་པར་བྱེད་དོ་ཞེ་ན། མེའི་རྒྱུ་ཚོགས་ཐ་མ་དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཆོས་ཅན་ལ་མེ་བསྒྲུབ་པ་འཐད་པ་མིན་ཏེ། ཁྱོད་ལས་འབྲས་བུ་མེ་སྐྱེ་བ་ནི་སྡོད་པ་མེད་པར་དེ་མ་ཐག་ཏུ་གྲུབ་པའི་ཕྱིར། མི་འཐད་པའི་སྒྲུབ་བྱེད་གསལ་བར་བཤད་པ་ནི། རྒྱུའི་རྒྱུན་གྱི་མཐའ་ཡི་སྐད་ཅིག་གི་བར་དུ་སྐྱེ་བ་ལ་གེགས་སྲིད་པས་དཔག་མི་ནུས་ཀྱི་མཐའི་སྐད་ཅིག་མ་ལ་ནི་གེགས་མེད་པས་དེས་དཔག་དགོས་ན་འདི་ལའང་སྐྱོན་ཡོད་དེ། མེའི་རྒྱུ་ཚོགས་ཐ་མའི་སྐད་ཅིག་མ་ཆོས་ཅན། ཆོས་ཅན་ལ་མེ་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། རྟགས་ཡང་དག་ཡིན་ན་དུས་དང་པོར་རྟགས་དེ་མཐོང་བ་ལས་གཉིས་པར་འབྲེལ་བ་དྲན་པ་ལ་ལྟོས་ཏེ་དུས་གསུམ་པར་རྗེས་སུ་དཔག་པར་བྱ་བ་རྟོགས་པར་བྱེད་དགོས་ན། ཁྱོད་ཀྱིས་མེ་བསྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་བ་དྲན་པ་དེའི་སྔོན་རོལ་དུ་ཁྱོད་ལས་འབྲས་བུ་མེ་སྐྱེ་བ་ཉིད་མངོན་སུམ་དུ་འགྱུར་བའི་ཕྱིར། དེར་ཐལ། བར་ཆད་མེད་པར་མེ་བསྐྱེད་ངེས་ཡིན་པའི་ཕྱིར། མེ་མངོན་སུམ་དུ་གྱུར་པ་ལ་མི་དཔོག་ཀྱང་ལྐོག་གྱུར་ལ་དཔོག་གོ་ཞེ་ན། དཔྱོད་པ་བ་ཆོས་ཅན། མེ་ལྐོག་ཏུ་གྱུར་བའི་གཞི་ལས་མེའི་རྒྱུ་ཚོགས་ཐ་མ་མངོན་སུམ་གྱིས་གྲུབ་པ་གང་གིས་མེའི་རྒྱུ་ཚོགས་ཐ་མའི་རྟགས་ལས་མེ་དེ་རྗེས་དཔག་གིས་རྟོགས་པར་འགྱུར་བ་མ་ཡིན་པར་ཐལ། འབྲས་བུ་མེ་མངོན་སུམ་གྱིས་གྲུབ་པ་མིན་པ་ལ་ནི་མེའི་རྒྱུ་ཚོགས་ཐ་མའི་དངོས་པོ་ཁྱོད་ཀྱིས་མངོན་སུམ་གྱིས་རྟོགས་པ་མེད་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་རྒྱུ་ཚོགས་ཐ་མའི་རྟགས་ལས་འབྲས་བུ་རྗེས་དཔག་གིས་མི་འགྲུབ་བོ། །འགལ་བའི་རྒྱུ་དམིགས་པ་རྟགས་མ་ཡིན་ན། མེས་གྲང་རེག་གི་འབྲས་བུ་འགོག་མི་ནུས་པར་འགྱུར་རོ་ཞེ་ན། དགག་བྱའི་ཆོས་ཀྱི་རྒྱུ་མཚན་ཏེ་རྒྱུ་དང་འགལ་ན་ནི་དགག་བྱའི་ཆོས་མེད་པ་གོ་བར་བྱེད་པ་ཁོ་ན་ཡིན་ཏེ། དཔེར་ན་མེ་ཆེན་པོས་ཁྱབ་པར་ནོན་པའི་ས་ཕྱོགས་འདི་ན་ཆོས་ཅན། གྲང་རེག་གི་འབྲས་བུ་སྤུ་ལོང་བྱེད་པ་དང་སོ་ཐམ་ཐམ་ལ་སོགས་པའི་བྱེ་བྲག་དག་མེད་དེ། གདུང་བར་བྱེད་པའི་བྱེ་བྲག་གྲང་རེག་སེལ་ནུས་ཉེ་བའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །མེས་ཡོངས་སུ་གདུང་བ་དཔགས་ནས་སྤུ་ལོང་བྱེད་པ་འགོག་པ་མ་ཡིན་ནམ། ཅིའི་ཕྱིར་རྒྱུ་མཚན་དག་འགལ་ན་ཞེས་བརྗོད་ཅེ་ན། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་འགལ་བ་ཡོངས་སུ་གདུང་བའི་རྒྱུ་མེ་སྟོབས་ཆེན་ནི་ཆོས་ཅན། མེ་སྟོབས་ཆེན་གྱིས་ཁྱབ་པར་ནོན་པའི་ས་ཕྱོགས་སུ་གྲང་རེག་གི་འབྲས་བུ་སྤུ་ལོང་བྱེད་མེད་པར་བསྒྲུབ་པའི་རྒྱུ་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དེ་ལྟ་བུའི་ས་ཕྱོགས་སུ་གྲང་རེག་གི་འབྲས་བུ་སྤུ་ལོང་བྱེད་མེད་པར་བསྒྲུབ་པའི་རྟགས་ཡང་དག་གང་ཞིག གྲང་བའི་རེག་པ་དང་ལྷན་ཅིག་མི་གནས་པའི་འགལ་བ་ཡིན་པའི་ཕྱིར། མ་ཁྱབ་ན། དེ་བསྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཀྱིས་གྲང་བའི་རེག་པ་རྒྱུན་བཅད་ནས་དེའི་འབྲས་བུ་སྤུ་ལོང་བྱེད་ཀྱང་འགོག་པར་བྱེད་པའི་ཚུལ་གསུམ་ཡིན་པའི་ཕྱིར། མེ་སྟོབས་ཆེན་གྲང་རེག་མེད་པར་གོ་བྱེད་དུ་བསྟན་པ་འདིས་ནི་མེ་དེའི་འབྲས་བུ་ལས་ཀྱང་མེ་དེ་དང་འགལ་བ་གྲང་རེག་གི་འབྲས་བུ་ཡང་མེད་པར་རྟོགས་པར་བཤད་པར་རིག་པར་བྱ་སྟེ། དཔེར་ན་དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་དབུས་ཀྱི་ས་ཕྱོགས་འདི་ན་ཆོས་ཅན། སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པ་མ་ཡིན་ཏེ། དུ་བ་དྲག་འཕྱུར་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་གང་གི་ནང་དུ་འདུ་སྙམ་ན། རྒྱུ་འགལ་དམིགས་སུ་མ་ཟད་རྒྱུ་དེ་དང་འགལ་བའི་འབྲས་བུ་གྲུབ་པ་འདི་ཡང་སྔར་བསྟན་པའི་རྒྱུ་མ་གྲུབ་པའི་ནང་དུ་འདུས་པ་ཉིད་ཡིན་ནོ། །མ་དམིགས་པའི་གཏན་ཚིགས་འདི་ནི་ཆོས་ཅན། སྦྱོར་བའི་བྱེ་བྲག་གིས་ཁྱོད་ལ་བཅུ་ཡོད་པ་ཡིན་ཏེ། སྦྱོར་བའི་བྱེ་བྲག་གིས་ཁྱོད་ལ་འགལ་ཟླ་དམིགས་པ་དྲུག འབྲེལ་ཡུལ་བཀག་པ་བཞི་ཡོད་པ་དེ་ལྟར་ན་སྟེ་དེའི་ཕྱིར། སྦྱོར་བའི་དབྱེ་བ་བཤད་ཟིན་ཏོ། །རྒྱུ་དང་འགལ་བའི་འབྲས་བུ་དམིགས་པར་མ་ཟད་དུ་བས་གྲང་རེག་མེད་པར་བསྒྲུབ་པའི་འགལ་འབྲས་དམིགས་པའི་གཏན་ཚིགས་ཆོས་ཅན། ཁྱོད་ཀྱིས་གྲང་རེག་མེད་པར་བསྒྲུབ་པ་ལ་ཡང་ཡུལ་དང་ནི་དུས་ལ་སོགས་པ་རང་བཞིན་གྱི་ཁྱད་པར་གསུམ་ལ་ལྟོས་པར་འདོད་དེ། ཡུལ་དུས་དང་གནས་སྐབས་ཀྱི་ཁྱད་པར་ལ་ལྟོས་པ་ལས་གཞན་ལྟོས་པ་མེད་ན་ཁྱོད་ཀྱིས་གྲང་རེག་མེད་པར་བསྒྲུབ་པའི་ཁྱབ་པ་འཁྲུལ་བར་འགྱུར་བས་སོ། །དཔེར་ན་མི་གྲང་བ་བསྒྲུབ་པ་ལ་ཐལ་བ་རྟགས་སུ་བཀོད་པ་བཞིན་ནོ། །སྣང་རུང་མ་དམིགས་པ་བསྟན་ནས། རྒྱང་འཕེན་པ་དང་དཔྱོད་པ་བ་ལ་སོགས་པ་རྣམས་འདོད་ཆགས་དང་བྲལ་བ་ལ་སོགས་པ་མ་མཐོང་བ་ཙམ་གྱིས་འགོག་པ་དེ་དགག་པའི་ཕྱིར་དུ་མི་སྣང་བ་མ་དམིགས་པ་འཆད་པ་ལ། དང་པོ་བསྐལ་བའི་དབྱེ་བ་བསྟན་པའི་ཕྱིར་དུ། བསྐལ་པ་རྣམས་ལ་ནི། །མེད་པར་ངེས་པ་ཡོད་མ་ཡིན། །ཞེས་གསུངས་པ་འགྲེལ་བ་ལ། དང་པོ་བསྐལ་པ་རྣམས་ལ་ནི་ཞེས་པའི་ཚིག་གི་དོན་ནི། རྒྱང་འཕེན་པ་ཆོས་ཅན། ཁྱོད་ལ་བསྐལ་པ་ནི་རྣམ་པ་གསུམ་ཞེས་བརྗོད་དུ་རུང་སྟེ། ཁྱོད་ལ་རི་རབ་ལྟ་བུ་ཡུལ་དང་མ་འོངས་ལྟ་བུ་དུས་དང༌། ཤ་ཟ་ལྟ་བུ་རང་བཞིན་གྱིས་བསྐལ་པས་ནའོ། །བསྐལ་དོན་གསུམ་པོ་དེ་དག་ལ་ནི་བསྐལ་དོན་མ་དམིགས་པ་ཙམ་ཆོས་ཅན། བསྐལ་དོན་མེད་ངེས་སུ་གོ་བར་བྱེད་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བས་སོ། །གལ་ཏེ་བསྐལ་དོན་དེ་ཆོས་ཅན། ཇི་ལྟར་མེད་པ་མ་ཡིན་ཏེ་ཡིན་པར་ཐལ། གང་ཟག་ཐམས་ཅད་ཀྱིས་མ་དམིགས་པའི་ཕྱིར། ཁྱབ་པ་ཡོད་དེ། བསྐལ་དོན་ཡོད་ན་ནི་ཡུལ་དང་རང་བཞིན་གྱིས་བསྐལ་བ་ཡང་གདོན་མི་ཟ་བར་ཡུལ་དེ་ན་གནས་པ་དང་རིས་མཐུན་པ་འགའ་ཞིག་གིས་དམིགས་པའམ། དུས་ཀྱིས་བསྐལ་པ་ཡང་འདས་པ་དང་མ་འོངས་པ་ན་དམིགས་དགོས་པའི་ཕྱིར་ཞེ་ན། གང་ཟག་ཐམས་ཅད་ཀྱི་དམིགས་པ་ལོག་པ་ནི་ཆོས་ཅན། འདིར་སངས་རྒྱས་པ་ལ་བསྐལ་དོན་མེད་ངེས་སུ་བསྒྲུབ་པའི་རྟགས་ཡང་དག་ཡིན་པའི་སྒོ་ནས་སྐྱོན་གནས་པ་མ་ཡིན་པར་ཐལ། སངས་རྒྱས་པ་ལ་བསྐལ་དོན་མེད་པར་བསྒྲུབ་པའི་རྟགས་ཡང་དག་མིན་པའི་ཕྱིར་ཏེ། རྒོལ་བ་བདག་དང་གཞན་དག་ལ་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། མ་གྲུབ་པ་དེའི་ཕྱིར་རྒྱང་འཕེན་པ་འདི་དག་ཉིད་ཀྱིས་དམིགས་པ་ལོག་པ་ཉིད་བསྐལ་དོན་མེད་པའི་ཚད་མར་བྱེད་པ་ན་བསྐལ་དོན་སྤོང་བ་ཡིན་དགོས་སོ། །ཡིན་པ་དེའི་ཚེ་སྐྱོན་ཡོད་པར་བསྟན་པ་ནི། བསྐལ་དོན་རྒྱང་འཕེན་པའི་ཚད་མས་མ་དམིགས་པ་དེ་ནི་ཆོས་ཅན། བསྐལ་དོན་མེད་པ་ཉིད་དུ་བསྒྲུབ་པའི་རྟགས་ཡང་དག་ནི་མ་ཡིན་པར་ཐལ། བསྐལ་མ་གྲུབ་པ་དག་ལས་ཀྱང་ཡོད་པའི་ཕྱིར། བསྐལ་དོན་ཡོད་མེད་དཔྱོད་པའི་སྐབས་དེར་ཡང་ཆོས་ཅན། བསྐལ་དོན་མེད་པར་འགྲུབ་སྟེ། བསྐལ་དོན་ལ་བདག་ཉིད་ཀྱི་མངོན་སུམ་དང་རྗེས་དཔག་དང་ལུང་རྣམས་མི་འཇུག་པའི་ཕྱིར། ཁྱབ་པ་ཡོད་དེ། བསྐལ་དོན་ཡོད་ན་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་རྣམས་ལས་གང་རུང་གཅིག་འཇུག་དགོས་པའི་ཕྱིར་རོ་ཞེ་ན། རྒྱང་འཕེན་པ་ཆོས་ཅན། བསྐལ་དོན་ཡོད་ན་ཁྱོད་ཀྱི་བསྟན་བཅོས་སྒྲུབ་བྱེད་དུ་འཇུག་པས་ཁྱབ་པ་མ་ཡིན་པར་ཐལ། བསྐལ་དོན་འགའ་ཞིག་ལ་ཁྱོད་ཀྱི་བསྟན་བཅོས་ཀྱི་བརྗོད་བྱའི་དབང་དུ་བྱས་པ་མེད་པའི་ཕྱིར། དེ་ཉིད་བཤད་པ་ནི། རྟགས་མ་གྲུབ་ན། དཔྱོད་པ་བའི་བསྟན་བཅོས་ཆོས་ཅན། བསྟན་བཅོས་ཡང་དག་མ་ཡིན་པར་ཐལ། སྐྱེས་བུའི་འདོད་དོན་བསྒྲུབ་པའི་ཐབས་སྟོན་བྱེད་མིན་པས་སོ། །རྟགས་བསལ་ཁས་བླངས། ཁྱབ་པ་ཡོད་དེ། བསྟན་བཅོས་ཡང་དག་རྩོམ་པ་ལ་འཇུག་པ་ནི་སྐྱེས་བུའི་དོན་སྒྲུབ་པར་བྱེད་པའི་ཐབས་འགའ་ཞིག་ལ་བརྟེན་ནས་འཇུག་པ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟ་མ་ཡིན་ན། དཔྱོད་པ་བའི་ལུང་ནི་ཆོས་ཅན། བླང་དོར་གྱི་དོན་ལ་ཚད་མར་མི་འགྱུར་བར་ཐལ། སྐྱེས་བུའི་དོན་དང་འབྲེལ་མེད་བརྗོད་པའི་ཕྱིར་རོ། །སྐྱེས་བུའི་འདོད་དོན་སྟོན་པའི་སྐབས་དེར་ཡང་དཔྱོད་པ་བའི་བསྟན་བཅོས་ཆོས་ཅན། བསྐལ་དོན་ལ་སོགས་པའི་དོན་མང་པོ་དག་གདོན་མི་ཟ་བར་ཁྱོད་ཀྱིས་བསྟན་པར་བྱ་བ་ནི་མ་ཡིན་པར་ཐལ། འགའ་ཞིག་ཁྱོད་ཀྱིས་སྟོན་མི་ནུས་ཤིང༌། འགའ་ཞིག་སྟོན་མི་དགོས་པས་སོ། །བསྟན་མི་ནུས་པ་དཔེར་ན་བདག་ཉིད་སོ་སོ་ལ་ངེས་པ་སྐྱེས་བུ་རྣམས་ཀྱི་སེམས་ཀྱི་འཇུག་པ་ལྟ་བུའོ། །རང་གི་སེམས་བསྟན་མི་ནུས་ཀྱང་རྒྱུ་མཚན་ལས་སྟོན་པར་བྱེད་དོ་ཞེ་ན། རྒྱང་འཕེན་པས་རྒྱུ་མཚན་མ་ངེས་པ་ཅན་གྱི་སེམས་ཀྱི་འཇུག་ཚུལ་འགའ་ཞིག་ཆོས་ཅན། རྒྱང་འཕེན་པས་ཁྱོད་ཀྱི་རྒྱུ་མཚན་ཚད་མས་ངེས་པའི་སྟོབས་ལས་བསྟན་བཅོས་ལ་གསལ་བར་འགོད་ནུས་པ་མ་ཡིན་པར་ཐལ། རྒྱང་འཕེན་པས་ཁྱོད་ཀྱི་རྒྱུ་མཚན་ངེས་པ་མ་ཡིན་པའི་ཕྱིར། བསྟན་མི་དགོས་པ་ནི་དཔེར་ན་ཡུལ་དང་དུས་ཀྱིས་ཆོད་པ་སྐབས་སུ་ཉེ་བར་མཁོ་བ་མེད་པའི་རྫས་ཀྱི་ཁྱད་པར་ཞིང་ཁམས་སྟོང་པའི་མེ་ཏོག་ལྟ་བུའོ། །དེ་དག་ནི་དགོས་ནུས་མེད་པའི་ཕྱིར་བསྟན་བཅོས་ཀྱི་ཡུལ་དུ་བྱེད་པ་མ་ཡིན་ནོ། །ལུང་འཇུག་པར་མ་ངེས་པ་དེ་ལྟར་དུ་མངོན་སུམ་ཡང་འཇུག་པར་མ་ངེས་ཞེས་སྟོན་པ་ནི། བསྐལ་པ་དག་ནི་ཆོས་ཅན། དབང་པོའི་མངོན་སུམ་གྱི་གཟུང་དོན་མ་ཡིན་པར་ཐལ། རང་གི་མཐུས་ཉེ་བར་གནས་པའི་དབང་པོའི་ཤེས་པ་སྐྱེད་པའི་ནུས་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །རང་གི་མཐུ་དང་ཉེ་བར་གནས་པ་དང་ནུས་པ་དང་གསུམ་སྨོས་པའི་དགོས་པ་ནི་ངག་ལས་ཤེས་པར་བྱའོ། །རྗེས་དཔག་གིས་མ་ཁྱབ་པར་བསྟན་པ་ནི། བསྐལ་དོན་དངོས་སུ་མི་སྣང་ཡང་འབྲས་བུའི་རྟགས་ཀྱིས་དཔོག་པར་བྱེད་དོ་ཞེ་ན། རྒྱང་འཕེན་པ་ཆོས་ཅན། མིག་དངོས་སུ་མི་སྣང་ཡང་འབྲས་བུ་མིག་ཤེས་ཀྱི་རྟགས་ལས་རྟོགས་པ་བཞིན་དུ་འབྲས་བུ་ཡི་རྟགས་གང་གིས་བསྐལ་དོན་རྗེས་སུ་དཔག་པར་བྱ་བར་འགྱུར་བ་མ་ཡིན་པར་ཐལ། བསྐལ་དོན་དེ་དག་གི་འབྲས་བུ་གདོན་མི་ཟ་བར་དམིགས་པ་ཡང་མ་ཡིན་པའི་ཕྱིར་རོ། །དེས་ན་བསྐལ་དོན་དེ་དག་ལ་ནི་རྒྱང་འཕེན་པའི་ཚད་མ་གསུམ་དམིགས་བྱེད་དུ་ལོག་ཏུ་ཟིན་ཀྱང་མེད་དོ་ཞེས་ངེས་པར་ནུས་པ་མ་ཡིན་ནོ། །དོན་གྱི་ངོ་བོ་དང་རང་བཞིན་གྱི་ཁྱད་པར་ལ་སྐུར་བ་འདེབས་པའི་འཁྲུལ་པ་ཉིད་དཔེ་དང་བཅས་ཏེ་བརྗོད་པ་ནི། དབང་པོ་ལས་འདས་པའི་དོན་སྤོང་བར་བྱེད་པ་དཔེར་ན། སེམས་འདོད་ཆགས་དང་བྲལ་བའམ་ལྷའི་ཁྱད་པར་དག་མེད་ཅེས་པ་དང༌། རང་བཞིན་གྱི་ཁྱད་པར་སྤོང་བར་བྱེད་པ་དེ་དཔེར་ན། སྦྱིན་པ་དང་འཚེ་བ་ལ་སོགས་པ་སྤོང་བའི་སེམས་པ་ནི་མངོན་པར་མཐོ་བའི་རྒྱུ་མིན་ཏེ། དེ་རྣམ་པར་ཤེས་པར་བྱེད་པ་མེད་པའི་ཕྱིར་ཏེ། མངོན་མཐོ་དེ་མ་ཐག་ཏུ་མི་བསྐྱེད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །དེ་ལ་གནོད་བྱེད་བརྗོད་པ་ནི། མངོན་མཐོ་དེ་མ་ཐག་ཏུ་མི་བསྐྱེད་ན་མངོན་མཐོའི་རྒྱུ་མ་ཡིན་པར་འདོད་པ་དེ་ཕྱིན་ཅི་ལོག་ཡིན་པར་ཐལ། རྒྱུ་ཡིན་ན་འབྲས་བུ་དེ་མ་ཐག་ཏུ་བསྐྱེད་མི་དགོས་པའི་ཕྱིར། རྟགས་མ་གྲུབ་ན། མྱུ་གུ་སྐྱེད་བྱེད་དུ་མངོན་སུམ་གྱིས་གྲུབ་པའི་ས་བོན་ལ་སོགས་པ་ཆོས་ཅན། མྱུ་གུའི་རྒྱུ་མ་ཡིན་པར་ཐལ། རྒྱང་འཕེན་པས་འབྲས་བུ་མངོན་མཐོ་དེ་དང་ལྡན་པ་མ་ཡིན་པར་འདོད་པའི་སྦྱིན་པ་སོགས་དང་འབྲས་བུ་དེ་མ་ཐག་ཏུ་སྐྱེད་བྱེད་མ་ཡིན་པར་ཆོས་མཚུངས་པས་སོ། །འབྲས་བུ་མྱུ་གུ་དེ་མ་ཐག་ཏུ་སྐྱེད་བྱེད་ཉིད་དུ་མེད་པའི་ཕྱིར། འདི་ལོ་ཙཱ་བ་ལྟར་རོ། །ཆོས་མཆོག་གིས་བཤད་པ་ནི་གཞུང་དོན་མིན་ཞེས་ལོ་ཙཱ་བ་གསུངས་སོ། །དེ་མ་ཐག་ཏུ་མི་བསྐྱེད་ན་རྒྱུ་མིན་ནོ་ཞེ་ན། རྒྱང་འཕེན་པ་ཆོས་ཅན། རྒྱུ་ཡིན་ན་འབྲས་བུ་དེ་མ་ཐག་ཏུ་བསྐྱེད་པས་མ་ཁྱབ་པར་ཐལ། རྒྱུ་ལས་འབྲས་བུ་དུས་ཀྱིས་ཆོད་པ་དག་ཀྱང་སྐྱེ་བར་མཐོང་བའི་ཕྱིར། དཔེར་ན་བྱི་བ་དང་ཁྱི་སྨྱོན་པའི་དུག་གི་འགྱུར་བ་དེ་མ་ཐག་ཏུ་མི་འབྱུང་ཡང་ཕྱིས་འབྱུང་བ་བཞིན་ནོ། །དེས་ན་མངོན་པར་མཐོ་བའི་རྒྱུར་ཚུར་མཐོང་གིས་མ་དམིགས་པ་ཙམ་ནི་ཆོས་ཅན། སྦྱིན་སོགས་འདི་མངོན་མཐོའི་རྒྱུ་མ་ཡིན་པར་བསྒྲུབ་པ་ལ་སྒྲུབ་བྱེད་ཀྱི་ཚད་མ་མ་ཡིན་པར་ཐལ། སྦྱིན་སོགས་ལས་མངོན་མཐོ་དེ་འབྱུང་བ་ལ་འགལ་བ་མེད་པའི་ཕྱིར། མངོན་མཐོ་དེ་འབྱུང་བ་ལ་ཚད་མ་ཅི་ཡོད་ཅེ་ན། མངོན་མཐོའི་རྒྱུ་ཡིན་མིན་མ་ངེས་པ་དེ་ཉིད་ཀྱི་ཕྱིར་སྦྱིན་སོགས་མངོན་མཐོའི་རྒྱུ་ཡིན་ནམ་མ་ཡིན་སྙམ་དུ་དཔྱོད་པའི་ཚུར་མཐོང་ཆོས་ཅན། སྦྱིན་སོགས་མངོན་མཐོའི་རྒྱུ་ཡིན་པ་སྤོང་བར་མི་རིགས་ཏེ། སྦྱིན་སོགས་མངོན་མཐོའི་རྒྱུ་ཡིན་མིན་ཐེ་ཚོམ་ཟ་བ་འམ་སྦྱིན་སོགས་མངོན་མཐོའི་རྒྱུ་ཡིན་པའི་སྒྲུབ་བྱེད་ཀྱི་ཚད་མ་ཤེས་སྲིད་པས་སོ། །འབྲས་བུ་ཆོད་པ་དག་ཀྱང་བསྐྱེད་པ་དེའི་ཕྱིར་དཔྱོད་པ་བ་ཆོས་ཅན། སྦྱིན་སོགས་མངོན་མཐོའི་རྒྱུ་ཡིན་པ་དང་སེམས་ཆགས་བྲལ་གྱི་དོན་འདི་ལ་ཤེས་པར་བྱེད་པ་ཁྱོད་ཀྱི་ཚད་མས་མ་གྲུབ་པ་ཡིན་ཡང་དེ་ཙམ་གྱིས་དེ་དག་མེད་པར་ངེས་པ་ནི་མ་ཡིན་པར་ཐལ། སྦྱིན་སོགས་མངོན་མཐོའི་རྒྱུའི་རང་བཞིན་ནམ་སེམས་ཆགས་བྲལ་གྱི་དོན་འགའ་ཞིག་མཐོང་བས་ཏེ་སྒྲུབ་བྱེད་ཡོད་ཀྱང་ཁྱོད་ཀྱི་བློ་ལ་གསལ་བ་མེད་པའི་ཕྱིར་དང༌། རྒྱུ་རྣམས་ཀྱིས་ནི་འབྲས་བུ་དེ་མ་ཐག་ཏུ་བསྐྱེད་པའི་ངེས་པ་མེད་པའི་ཕྱིར། དེ་མ་ཐག་ཏུ་མི་བསྐྱེད་ན་སྒྲུབ་བྱེད་ཡོད་པར་མི་གྲུབ་པས་རྒྱུར་མི་རུང་ཞེ་ན། འབྲས་བུ་དེ་མ་ཐག་ཏུ་མི་བསྐྱེད་ན་རྒྱུ་མ་ཡིན་པ་མི་དགོས་པར་ཐལ། དེ་མ་ཐག་ཏུ་མི་བསྐྱེད་ཀྱང་རིམ་གྱིས་རྒྱུ་ལས་འབྲས་བུ་འགའ་ཞིག་འབྱུང་བ་ཚད་མ་གཉིས་ལ་གསལ་བར་འགྱུར་བའི་ཕྱིར། གོང་དུ་ལུང་ལྡོག་ན་དོན་ལྡོག་ཅེས་ལུང་ཚད་མར་འདོད་པ་བྱེ་བྲག་ཏུ་དགག་པ་ནི། དཔྱོད་པ་པ་ཆོས་ཅན། ལུང་ལྡོག་ན་དོན་ལྡོག་པས་མ་ཁྱབ་པར་ཐལ། གང་གི་ཕྱིར་ན། རྗོད་བྱེད་ཀྱི་སྒྲ་དེ་དག་ལས་དོན་གྱི་རང་བཞིན་ཇི་ལྟ་བ་བཞིན་ངེས་པར་འགྱུར་བ་མ་ཡིན་པའི་ཕྱིར། དེར་ཐལ། རྗོད་བྱེད་ཀྱི་སྒྲ་རྣམས་ལས་དངོས་པོ་ཇི་ལྟར་ཡོད་པ་བཞིན་དུ་འཇུག་པ་ཡང་མ་ཡིན་པའི་ཕྱིར། དེར་ཐལ། རྗོད་བྱེད་ཀྱི་སྒྲ་དེ་དག་ནི་སྨྲ་བ་པོའི་བརྗོད་པར་འདོད་པས་འཇུག་པའི་ཕྱིར། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། རང་རྒྱུ་བརྗོད་འདོད་དེ་ཉིད་ཀྱི་གོ་བར་བྱེད་པ་ཡིན་ཏེ། རང་རྒྱུ་བརྗོད་འདོད་དེ་ལ་འཁྲུལ་བ་མེད་པའི་གཏན་ཚིགས་ཡིན་པས་སོ། །སྔ་མ་ལ་ཁྱབ་པ་ཡོད་དེ། སྐྱེས་བུའི་འདོད་པ་ཐམས་ཅད་ནི་དངོས་པོ་ཇི་ལྟར་ཡོད་པ་ཉིད་བཞིན་དུ་འཇུག་པ་མ་ཡིན་པས་སོ། །རང་བཞིན་གྱིས་འབྲེལ་བ་མེད་ཀྱང་བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ལས་གོ་བ་ཡིན་ནོ་སྙམ་ན། བུམ་པ་ཞེས་པའི་ཚིག་གི་དངོས་པོས་ནི་ཆོས་ཅན། གཞན་བུམ་པ་གོ་བར་བྱེད་པའི་རྟགས་ཡང་དག་ཀྱང་མ་ཡིན་པར་ཐལ། བུམ་པ་དེ་དང་མ་འབྲེལ་བའི་རང་བཞིན་ཡིན་པའི་ཕྱིར། ཙ་ར་ཀ་པ་སོགས་གལ་ཏེ་ལུང་ཐམས་ཅད་ཚད་མ་མ་ཡིན་གྱི། དོན་ཇི་ལྟ་བ་བཞིན་དུ་མཐོང་བའི་ཤེས་རབ་དང་ཇི་ལྟ་བ་བཞིན་དུ་བསྟན་པར་འདོད་པའི་བརྩེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་ནི་ཡིད་ཆེས་པའི་གནས་ཡིན་ལ། གང་ཟག་དེས་བསྟན་པའི་ལུང་ནི་དོན་ལ་མི་བསླུ་བས་བླང་དོར་ལ་འཇུག་པའི་ཡན་ལག་ཡིན་ནོ་ཞེ་ན། ཚུར་མཐོང་ཆོས་ཅན། ལུང་སྨྲ་བ་པོ་ཁྱད་པར་ཅན་དུ་ཤེས་པར་བྱས་ནས་ལུང་བདེན་པའི་དོན་ཅན་དུ་ཁས་ལེན་པར་མི་རིགས་པར་ཐལ། གལ་ཏེ་ལུང་སྨྲ་བ་པོ་དེ་ཉིད་ཁྱད་པར་ཅན་དུ་ཤེས་པར་ནུས་ན་དེའི་ལུང་གི་བདེན་བའི་དོན་འདི་འདོད་པར་རིགས་པ་ལས་ལུང་སྨྲ་བ་པོ་ཁྱད་པར་ཅན་དུ་ཤེས་པར་མི་ནུས་པའི་ཕྱིར། འོ་ན་ཇི་ལྟར་འཇུག་ཅེ་ན། ལུང་ངམ་ལུང་མ་ཡིན་ཚོལ་བ་ཡིན་ཡང་རུང་བླང་དོར་ལ་རྟོག་པ་སྔོན་དུ་གཏོང་བའི་རྟོགས་ལྡན་ཐམས་ཅད་ཆོས་ཅན། ལུང་ལ་ཞེན་པ་ཙམ་གྱིས་འཇུག་པ་ནི་མིན་ཏེ། ལུང་བདེན་པའི་དོན་ཅན་དུ་ཤེས་པ་ལས་འཇུག་པར་འདོད་པའི་བློ་སྐྱེ་བས་དེ་ལས་འཇུག་པའི་ཕྱིར། སྐྱེས་བུ་ཁྱད་པར་ཅན་ཡིན་མིན་དུ་བརྟགས་ནས་ཁྱད་པར་ཅན་དུ་ཤེས་ན་ལུང་ལ་འཇུག མི་ཤེས་ན་མི་འཇུག་པར་འདོད་ན་ནི། ཚུར་མཐོང་དེ་ཆོས་ཅན། ཁྱོད་ལུང་ལ་འཇུག་པར་མི་འགྱུར་བར་ཐལ། ཉེས་ཟད་དང་ལྡན་པའི་སྐྱེས་བུ་ཁྱད་པར་ཅན་དེ་ལྟ་བུ་ནི་ཁྱོད་ཀྱིས་ཤེས་པར་མི་ནུས་པའི་ཕྱིར། ལུང་ཚད་མ་མི་འདོད་པ་ནི་མ་ཡིན་ཏེ། ལུང་ཚད་མ་དེ་འདྲ་བས་ནི་དོན་ཕྱིན་ཅི་མ་ལོག་པ་ཉིད་བརྗོད་པའི་ཕྱིར་རོ། །འོན་ཀྱང་དངོས་པོ་སྟོབས་ཞུགས་ལ་འཇུག་པའི་ཡན་ལག་ཏུ་མི་འདོད་དོ། །ཤེས་པར་མི་ནུས་པ་ཉིད་བཤད་པ་ནི། ཤེས་པར་མི་ནུས་པའི་ཚུལ་འདི་ལྟར། རྒྱང་འཕེན་པ་ཆོས་ཅན། གཞན་གྱི་སེམས་ཀྱི་སྐྱོན་དང་ཡོན་ཏན་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གིས་རྟོགས་པ་མ་ཡིན་པར་ཐལ། གཞན་གྱི་སེམས་ཀྱི་སྐྱོན་དང་ཡོན་ཏན་ངེས་པར་བྱེད་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ནི་མེད་པའི་ཕྱིར། མངོན་སུམ་གྱིས་རྟོགས་སོ་ཞེ་ན། གཞན་གྱི་སེམས་ཀྱི་སྐྱོན་ཡོན་དེ་དག་ནི་སེམས་ཀྱི་ཆོས་ཡིན་པས་ཁྱོད་ཀྱི་དབང་པོའི་ཡུལ་ལས་འདས་པའི་ཕྱིར། གལ་ཏེ་རྗེས་དཔག་གིས་རྟོགས་པར་འདོད་ན་ཡང༌། རང་ལས་སྐྱེས་པའི་ལུས་ངག་གི་ཐ་སྙད་ལས་རྗེས་སུ་དཔོག་གྲང་ན། སེམས་ཀྱི་ཡོན་ཏན་ཡོད་པར་སྟོན་པའི་ལུས་ངག་གི་ཐ་སྙད་ཆོས་ཅན། སེམས་ཀྱི་ཡོན་ཏན་ཡོད་པ་ཁོ་ན་ལ་འཇུག་པ་མ་ཡིན་པར་ཐལ། ཕལ་ཆེར་བློ་སྔོན་དུ་བཏང་ནས་སེམས་ཡོན་ཏན་ཡོད་པ་ལས་གཞན་དུ་མེད་པ་ལ་ཡང་ཁྱོད་བྱ་བར་ནུས་པའི་ཕྱིར། དེར་ཐལ། ཁྱོད་སྐྱེས་བུའི་འདོད་པ་ཁོ་ནས་འཇུག་པའི་ཕྱིར་དང༌། སྐྱེས་བུ་དེ་དག་ཀྱང་བསམ་པ་སྣ་ཚོགས་པ་ཅན་ཡིན་པའི་ཕྱིར། རྒྱུ་མཚན་དེས་ན། སེམས་ཀྱི་ཡོན་ཏན་ཡོད་པར་སྟོན་པའི་ལུས་ངག་གི་ཐ་སྙད་འདི་ཆོས་ཅན། ཇི་ལྟར་སེམས་ཀྱི་ཡོན་ཏན་རྟོགས་པར་བྱེད་པའི་རྟགས་ཡང་དག་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་ཀྱིས་སེམས་ཀྱི་ཡོན་ཏན་བསྒྲུབ་པའི་ཁྱབ་པ་རྣལ་མར་ངེས་པ་མེད་པས་སོ། །དེར་ཐལ། ཁྱོད་སེམས་ཀྱི་ཡོན་ཏན་ལ་འཆོལ་བའི་ཕྱིར། དཔྱོད་པ་བ་ན་རེ། གལ་ཏེ་སྐྱེས་བུ་ལ་བརྟེན་པའི་ཚིག་ནི་ཆོས་ཅན། ལུང་ཚད་མ་མ་ཡིན་པར་ཐལ། རང་བྱེད་པ་པོ་ཤེས་པར་དཀའ་བའི་ཕྱིར། རིག་བྱེད་ཀྱི་ཚིག་ནི་ཆོས་ཅན། ཕྱིན་ཅི་མ་ལོག་པ་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཕྱིར་ཞེ་ན། རིག་བྱེད་ཀྱི་ཚིག་དེ་ནི་ཆོས་ཅན། སྐྱེས་བུ་མ་བྱས་པ་མིན་པར་ཐལ། སྐྱེས་བུས་མ་བྱས་པ་མི་འཐད་པའི་ཕྱིར། དང་ནི་སྡུད་པའི་ཚིག་གོ །སྐྱེས་བུས་མ་བྱས་པ་ལ་སྒྲའི་རང་བཞིན་རྟག་པའམ་ཚིག་གི་བཀོད་པའི་ཁྱད་པར་མ་བྱས་པའམ་སྒྲ་དོན་གྱི་འབྲེལ་པ་སྐྱེས་བུ་ལ་མི་ལྟོས་པ་དང་གསུམ་ལས་མ་འདས་སོ། །ཕྱི་མ་ལྟར་ན་ནི་རིག་བྱེད་ཀྱི་ཚིག་ཆོས་ཅན། ཁྱོད་དང་དོན་གྱི་འབྲེལ་པ་སྐྱེས་བུ་ལ་མི་ལྟོས་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་དོན་བརྗོད་པ་ནི་སྐྱེས་བུས་བརྡ་ཉེ་བར་བསྟན་པ་ལ་ལྟོས་པ་ཡི་ཡང་ཕྱིར་རོ། །ཡང་གི་སྒྲས་ནི་རང་གི་ངོ་བོ་མ་བྱས་པའང་མི་འཐད་པར་སྟོན་པ་ཡིན་ནོ། །དེ་ཉིད་བཤད་པ་ནི། རིག་བྱེད་ཀྱི་སྒྲ་དག་ནི་ཆོས་ཅན། མི་རྟག་པར་ཐལ། རང་འཛིན་ཉན་ཤེས་ཀྱིས་དམིགས་པར་རུང་བ་ཐོབ། དམིགས་པར་མི་རུང་བའི་བདག་ཉིད་གཏོང་བ་ཡིན་པའི་ཕྱིར། ཁྱབ་པ་མེད་ན། རང་འཛིན་ཉན་ཤེས་ཀྱིས་དམིགས་རུང་ཐོབ། དམིགས་མི་རུང་གཏོང་བ་མེད་པར་ཐལ། ཁྱོད་ཀྱི་རང་བཞིན་སྔར་མེད་སྐྱེ་བ་དང་སྔར་ཡོད་ཉམས་པ་མེད་པའི་རྟག་པ་ཡིན་པའི་ཕྱིར། རྟག་ཏུ་ཉན་ཤེས་ཀྱིས་དམིགས་པར་རུང་བ་དེའི་བདག་ཉིད་ཡིན་ན་ནི། རེས་འགའ་རང་འཛིན་ཉན་ཤེས་ཀྱིས་དམིགས་པ་དང༌། རེས་འགའ་མི་དམིགས་པའི་གནས་སྐབས་ཀྱང་མེད་པར་ཐལ། རྟག་ཏུ་ཉན་ཤེས་ཀྱིས་དམིགས་པའི་ཕྱིར། རྟག་ཏུ་དམིགས་རུང་ཡིན་ཡང་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་ནས་རེས་འགའ་དམིགས་པ་དང་མི་དམིགས་པར་འགྱུར་བས་སྐྱོན་མེད་དོ་ཞེ་ན། རང་གི་ལྷན་ཅིག་བྱེད་རྐྱེན་གཞན་ལ་ལྟོས་ནས་རང་འབྲས་ཉན་ཤེས་ཀྱིས་དམིགས་པ་ཡང་མིན་པར་ཐལ། རང་གི་ལྷན་ཅིག་བྱེད་རྐྱེན་གྱིས་ཁྱོད་ལ་ཁྱད་པར་ཅུང་ཟད་ཀྱང་མ་བྱས་པའི་ཕྱིར། སྒྲ་ལས་གཞན་ལ་ཕན་པ་བྱེད་དོ་ཞེ་ན་ནི། སྒྲའི་རྐྱེན་ཆོས་ཅན། སྒྲ་དེའི་རྐྱེན་ཞེས་འབྲེལ་བའི་སྒྲས་སྒྲ་དང་རྐྱེན་དང་རྐྱེན་ཅན་དུ་བསྡུ་བ་མི་འཐད་པར་ཐལ། ཁྱོད་སྒྲ་དང་རྐྱེན་དང་རྐྱེན་ཅན་དུ་འབྲེལ་བ་མི་འཐད་པའི་ཕྱིར། རྟགས་ཁས་བླངས། རྐྱེན་གྱིས་སྒྲ་ལས་གཞན་པའི་ཕན་པ་བྱེད་ཅིང༌། ཕན་པ་དེ་དང་སྒྲ་འབྲེལ་བས་དེའི་ཞེས་བརྗོད་པ་ཡིན་ནོ་ཞེ་ན། ཕན་པ་སྒྲ་དེ་དང་འབྲེལ་བར་འདོད་པ་ཡིན་ན་ཡང༌། སྒྲ་དང་སྒྲའི་ཕན་པ་དག་ཆོས་ཅན། ཅི་ཞིག་འབྲེལ་པ་སྟེ་འབྲེལ་བ་མ་ཡིན་པར་ཐལ། ཕན་ཚུན་རྫས་ཐ་དད་ཅིང་ཕན་གདགས་བྱ་འདོགས་བྱེད་ཀྱང་མ་ཡིན་པའི་ཕྱིར། གལ་ཏེ་རྒྱ་ཤུགས་དང་མཁར་གཞོང་ལྟར་སྒྲ་དང་ཕན་པ་གཉིས་རྟེན་དང་བརྟེན་པའི་དངོས་པོ་ཡིན་ནོ་ཞེ་ན། སྒྲའི་ཕན་པ་ཆོས་ཅན། ཁྱོད་དང་སྒྲ་དོན་གཞན་པའི་རྟེན་དང་བརྟེན་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་གྲུབ་པར་ཐལ། སྒྲས་ཁྱོད་ཀྱི་བདག་ཉིད་ཀྱི་ཕན་པ་བྱས་པ་མེད། ཁྱོད་ཀྱིས་སྒྲའི་བདག་ཉིད་ཀྱི་ཕན་པ་བྱས་པ་མེད་པའི་ཕྱིར། ཕན་པ་བདག་ཉིད་སྒྲ་དང་ཕན་པ་དང་པོ་ལས་གཞན་པར་འདོད་ན་ནི། སྒྲའི་ཕན་པ་ཆོས་ཅན། སྒྲའི་ཕན་པ་ཞེས་དྲུག་པའི་སྒྲས་སྒྲ་ཡི་ཕན་པར་ཉེ་བར་བསྡུ་བ་མི་འཐད་པར་ཐལ། སྒྲ་ལས་དོན་གཞན་ཁོ་ན་ཡིན་པའི་ཕྱིར། ཞེས་པའི་བརྒལ་ཞིང་བརྟགས་པ་མཚུངས་སོ། །ཕན་པ་དང་པོས་གཉིས་པ་སོགས་བྱེད་པར་འདོད་ན་ནི། སྒྲ་ཆོས་ཅན། ཁྱོད་ཀྱི་ཕན་པ་བྱེད་པ་ཐུག་པ་མེད་པར་ཡང་འགྱུར་བར་ཐལ། ཁྱོད་ཀྱི་ཕན་པ་དང་པོས་ཁྱོད་ལས་རྫས་གཞན་པའི་ཕན་པ་གཉིས་པ་སོགས་བྱེད་པའི་ཕྱིར། ཡང་ནི་སྐྱོན་ལ་སོགས་པའོ། །ཕན་པ་བསྐྱེད་བྱ་དང་སྒྲ་སྐྱེད་བྱེད་ཀྱི་དངོས་པོ་ཡིན་ན་ནི། སྒྲ་ཆོས་ཅན། ཁྱོད་ཀྱིས་ཕན་པ་དེ་དག་རྟག་ཏུ་བསྐྱེད་པར་འགྱུར་བར་ཐལ། རྐྱེན་ལ་ལྟོས་པ་མེད་པར་ཁྱོད་ཀྱིས་ཕན་པ་སྐྱེད་པའི་ཕྱིར། ཕན་པ་བསྐྱེད་པ་རྐྱེན་གཞན་ལ་ལྟོས་ན་ནི་གཞན་ལ་ལྟོས་པ་ཡང་མ་ཡིན་ཏེ། ཞེས་པ་ནས་ཐུག་མེད་དུ་འགྱུར་བའི་བར་གྱི་ཐལ་བ་སྔ་མ་རྣམས་འདིར་འགྱུར་རོ། །སྒྲ་རྟག་པ་མི་འཐད་པ་དེའི་ཕྱིར་རྗོད་བྱེད་ཀྱི་སྒྲ་དེ་ནི་ཆོས་ཅན། མི་རྟག་པར་ཐལ། ཉན་ཤེས་ཀྱི་དམིགས་སུ་རུང་བའི་བདག་ཉིད་རེ་འགའ་བ་ཡིན་པ་ཡིན་པའི་ཕྱིར། སྐྱེས་བུས་བྱས་པ་ཡིན་ཏེ། སྐྱེས་བུའི་བྱེད་པ་ལྕེ་རྐན་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་ཡིན་པའི་ཕྱིར། སྐྱེས་བུས་བྱས་པ་དེ་ལྟ་མ་ཡིན་ན། ཁྱོད་ལས་རང་གི་བརྗོད་བྱ་དོན་གཞན་རྟོགས་པར་ཡང་མི་འགྱུར་བར་ཐལ། རང་གི་བརྗོད་བྱ་ལ་བརྡ་འབྲེལ་དང་མེད་ན་མི་འབྱུང་བའི་འབྲེལ་བ་གང་ཡང་མེད་པའི་ཕྱིར། སྒྲའི་ངོ་བོ་ཡོད་ཙམ་གྱིས་གོ་བྱེད་ཡིན་ནོ་ཞེ་ན། དཔྱོད་པ་བ་ཆོས་ཅན། སྒྲའི་ངོ་བོ་བརྗོད་རུང་དུ་ཡོད་པ་ཉིད་ནི་དོན་གྱི་ཁྱད་པར་གཅིག་ཁོ་ན་དང་འབྲེལ་བ་མ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲའི་ངོ་བོ་རྗོད་བྱེད་དུ་རུང་བར་ཡོད་པ་དེ་ནི་དོན་ཐམས་ཅད་ལ་ཁྱད་པར་མེད་པར་འཇུག་པའི་ཕྱིར། གལ་ཏེ་ཡུལ་ལ་མ་ལྟོས་པའི་དབང་པོ་དང་ཡུལ་གྱི་ངོ་བོ་ཡོད་ཙམ་གྱིས་ཡུལ་ཡུལ་ཅན་དུ་ངེས་པ་བཞིན་དུ་སྒྲ་དང་དོན་ཡང་བརྡ་ལ་ལྟོས་མེད་དུ་ཕན་ཚུན་རུང་བ་ཉིད་ཀྱིས་གོ་བྱ་གོ་བྱེད་དུ་ངེས་པར་བྱེད་པ་ཡིན་ནོ་ཞེ་ན། དཔེ་དོན་གཉིས་ཀ་འཐད་པ་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་དང་དོན་དུ་མ་ཟད་ཡུལ་དབང་དེ་ལ་ཡང་འདི་ལྟར་འགྱུར་ཏེ། རྟེན་བཅས་ཀྱི་མིག་གི་དབང་པོ་ཆོས་ཅན། གཟུགས་ལ་ལྟོས་མེད་དུ་གཟུགས་ཀྱི་ཡུལ་ཅན་དུ་ངེས་པ་མ་ཡིན་པར་ཐལ། ཁྱོད་གཟུགས་གཅིག་བུའི་ཡུལ་ཅན་དུ་སོ་སོར་ངེས་པ་ནི་ཁྱོད་གཟུགས་དེ་ལས་སྐྱེས་པའི་མཚན་ཉིད་དམ་རྒྱུ་མཚན་ཁོ་ན་ལས་ཡིན་པའི་ཕྱིར་ཏེ། གཟུགས་དེས་ཁྱོད་ལ་ཕན་བཏགས་པའི་སྒོ་ནས་ཁྱོད་ཀྱིས་རང་གི་བདག་འབྲས་མིག་གི་རྣམ་པར་ཤེས་པ་བསྐྱེད་པའི་ཕྱིར་རོ། །གཟུགས་ཀྱིས་དབང་པོ་ལ་ཕན་འདོགས་པ་དེ་ལྟ་མ་ཡིན་ན། རྟེན་བཅས་ཀྱི་མིག་གི་དབང་པོ་ནི་ཆོས་ཅན། རང་འབྲས་མིག་ཤེས་བསྐྱེད་པ་གཟུགས་ལ་ལྟོས་པར་བྱ་བར་མི་འགྱུར་བར་ཐལ། ཁྱོད་ཀྱིས་རང་འབྲས་མིག་ཤེས་བསྐྱེད་པ་ལ་གཟུགས་ཀྱིས་ཕན་མི་འདོགས་པའི་ཕྱིར། ཡུལ་གཞན་སྒྲ་བཞིན་ནོ། །གཏན་ཚིགས་ཐིགས་པ་ལས། རྒྱུ་རྐྱེན་རྣམས་ཕན་ཚུན་ཁྱད་པར་ཅན་དུ་བསྒྲུབས་ནས་འབྲས་བུ་བསྐྱེད་པ་དང༌། ཕན་ཚུན་ཉེ་བར་འདུས་པ་ཙམ་གྱིས་བསྐྱེད་པ་གཉིས་གསུངས་པ་ལས་འདི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། ལྟོས་པ་ཕན་འདོགས་བྱེད་དུ་གསུངས་པའི་ཕྱིར་རོ། །གལ་ཏེ་ཅིའི་ཕྱིར་མིག་དབང་ལ་གཟུགས་དེ་ཁོ་ནས་ཕན་འདོགས་པར་བྱེད་ཀྱི་སྒྲ་ལ་སོགས་པས་མིན་ཞེ་ན། དྲི་བ་དེ་ལ་མིག་དབང་ལ་གཟུགས་ཀྱིས་ཕན་འདོགས་ལ་སྒྲས་ཕན་མི་འདོགས་པ་གང་དེ་ལྟ་བུར་འགྱུར་བ་ཆོས་ཅན། དགག་ཏུ་མེད་དེ། དངོས་པོའི་རང་བཞིན་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་ཞེས་ཆོས་ཉིད་ཀྱི་རིགས་པའི་སྒོ་ནས་ལན་འདེབས་པ་ཡིན་ནོ། །འདི་ནི་ཚད་མས་གྲུབ་པའི་དོན་ཡིན་པས་སུས་ཀྱང་བསྙོན་པར་མི་ནུས་པའི་ཕྱིར་རིགས་པ་རྣམས་ཀྱི་མཆོག་ཡིན་ཏེ། ཐམས་ཅད་མཁྱེན་པ་གྲུབ་པ་ལས། །རིགས་པའི་ནང་ན་ཆོས་ཉིད་ལྟར། །ཞེས་འབྱུང་བས་སོ། །འདི་ལྟར་སཱ་ལུའི་ས་བོན་ལས་ནི་ནས་ཀྱི་མྱུ་གུ་མི་འབྱུང་གི འོན་ཀྱང་ནས་ཀྱི་ས་བོན་ལས་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པ་བཞིན་ནོ། །གལ་ཏེ་རྗོད་བྱེད་ཀྱི་སྒྲ་རྣམས་ཀྱང་ཆོས་ཅན། རང་གི་བརྗོད་བྱའི་དོན་ལས་སྐྱེ་བ་ཡིན་པར་ཐལ། བརྡ་ལ་ལྟོས་མེད་དུ་རང་གི་ངོ་བོ་རུང་བ་ཉིད་ཀྱིས་དོན་ངེས་པར་བྱེད་པའམ་གོ་བྱེད་དུ་འགྱུར་བ་ཡིན་པའི་ཕྱིར། མ་སྐྱེས་པར་འདོད་ན། རིག་བྱེད་ཀྱི་སྒྲ་འདི་ནི་ཆོས་ཅན། དོན་འདིའི་རྗོད་བྱེད་ཡིན་ནོ་ཞེས་བརྗོད་བྱའི་དོན་དང་འབྲེལ་བ་མི་འགྲུབ་པར་ཐལ། རང་གི་བརྗོད་བྱ་དོན་གཞན་སྔ་མ་ལས་སྐྱེས་པ་དེ་མེད་པའི་ཕྱིར། འབྲེལ་བ་མི་འགྲུབ་པར་མ་ཟད་རང་གི་བརྗོད་བྱའི་དོན་དང་ལྡན་པར་ཡང་མི་འགྱུར་བར་ཐལ། རང་རྒྱུ་བརྗོད་འདོད་གྱིས་དོན་ལ་བརྡ་མ་སྦྱར་བའི་ཕྱིར། ཁྱབ་པ་ཡོད་དེ། དོན་ལས་ཤེས་པར་འདོད་པའི་བློ་སྐྱེ་བ་ཡིན་ལ། ཤེས་འདོད་དེས་ནི་དོན་ཤེས་པའི་ཕྱིར་དུ་བརྡ་སྦྱར་བས་ན་བརྡ་སྦྱར་བ་དེས་བརྗོད་བྱའི་དོན་དང་ལྡན་པར་འགྱུར་བ་ཡིན་དགོས་པའི་ཕྱིར། ལུས་ཀྱི་རིག་བྱེད་དང་མཐོ་བ་དང་རྒྱ་ལ་སོགས་པ་བཞིན་ནོ། །འབྲེལ་བ་དངོས་པོ་ལ་གནས་པ་བརྡས་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། རིག་བྱེད་ཀྱི་སྒྲ་ནི་ཆོས་ཅན། རང་གི་བརྗོད་བྱའི་དོན་དེ་རྟོགས་པར་བྱེད་པ་མ་ཡིན་པར་ཐལ། རང་རྒྱུ་བརྡ་སྟོན་འདོད་ཀྱི་བསམ་པ་དེ་ལས་བྱུང་བ་མ་ཡིན་པས་སོ། །སྒྲ་རྟག་པར་འདོད་པས་རྟགས་ཁས་བླངས་པས་སོ། །དཔེར་ན་བུམ་པ་ལས་བྱུང་བ་མ་ཡིན་པའི་ནམ་མཁས་བུམ་པ་ལ་སོགས་གོ་བར་མི་བྱེད་པ་བཞིན་ནོ། །གལ་ཏེ་དོན་ལས་སྐྱེས་པའི་སྒྲའི་རང་བཞིན་ངེས་པས་དོན་གྱི་གོ་བྱེད་དུ་མི་འདོད་དེ། གང་གི་ཕྱིར་ན། དོན་དེ་ལས་སྐྱེ་བར་འགྱུར་བ་སྒྲའི་རང་བཞིན་ནི་དོན་རྣམས་ལ་ངེས་པ་མ་ཡིན་པའི་ཕྱིར། འོན་ཀྱང་སྒྲ་འདི་ནི་དོན་འདི་ཁོ་ན་རྟོགས་པར་བྱེད་པ་ཡིན་ནོ་ཞེས་ཤེས་པར་བྱེད་པའམ་གོ་བར་བྱེད་པའི་ནུས་པ་ངེས་པ་ཡིན་ནོ་ཞེ་ན། རིག་བྱེད་ཀྱི་སྒྲའི་ནུས་པ་དེ་ཡང་ཆོས་ཅན། རང་གི་བརྗོད་བྱ་དོན་གཞན་སྔ་མའི་འབྲས་བུ་ཉིད་ལས་མ་འདས་པར་ཐལ། རང་གི་དོན་གཞན་སྔ་མ་ལས་བྱུང་བའི་སྟོབས་ཀྱིས་དེ་ཡོད་པ་དང་མེད་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དངོས་པོ་གཞན་དག་ལ་ཡང་འབྲས་བུ་དེའི་མཚན་ཉིད་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །གལ་ཏེ་འབྲས་བུར་མི་འདོད་ན། རིག་བྱེད་ཀྱི་སྒྲའི་ནུས་པ་ཉིད་ནི་ཆོས་ཅན། བརྡ་ལ་ལྟོས་མེད་དུ་དོན་གྱི་གོ་བྱེད་དུ་ངེས་པ་ཉིད་མི་འཐད་པར་ཐལ། རང་གི་བརྗོད་བྱ་སྔ་མའི་འབྲས་བུ་ཡིན་པ་ལས་འདས་པའི་ཕྱིར། གཞན་ཡང་རིག་བྱེད་ཀྱི་སྒྲ་དེ་ཉིད་ཆོས་ཅན། རང་གི་ངོ་བོ་དོན་གོ་བྱེད་དུ་ངེས་པ་ཡིན་པར་ཐལ། རང་གི་ནུས་པ་དོན་གྱི་གོ་བྱེད་དུ་ངེས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རང་གི་ནུས་པ་ཡང་རང་ལས་དོན་གཞན་མ་ཡིན་པའི་ཕྱིར། དོན་གཞན་ཉིད་ཡིན་ན་ནི། དཔྱོད་པ་བ་ཆོས་ཅན། སྒྲའི་ནུས་པ་དེ་ཉིད་རྗོད་བྱེད་དུ་འགྱུར་གྱི་རྗོད་བྱེད་ཀྱི་སྒྲ་ནི་རྗོད་པར་བྱེད་པ་མ་ཡིན་པར་འགྱུར་བར་ཐལ། སྒྲ་ལས་རྫས་ཐ་དད་པའི་སྒྲའི་ནུས་པ་དེ་ཉིད་ལས་དོན་རྣམས་ལ་དམིགས་པའི་ཤེས་པ་སྐྱེ་བའི་ཕྱིར། སྒྲའི་ནུས་པ་ཆོས་ཅན། ཁྱོད་ལ་སྒྲའི་ནུས་པ་ཞེས་དྲུག་པའི་འབྲེལ་བའང་མི་འགྲུབ་པར་ཐལ། སྒྲ་ལས་དོན་གཞན་ཡིན་པའི་ཕྱིར། ནུས་པ་དང་ནུས་པ་ཅན་དོན་གཞན་མིན་པ་དེའི་ཕྱིར་རྣམ་པ་ཐམས་ཅད་དུ་སྒྲས་བརྗོད་པར་བྱ་བའམ་དབང་པོས་གཟུང་བར་བྱ་བའི་ཡུལ་འགའ་ཞིག་ཏུ་ངེས་པར་བྱེད་པའི་རང་བཞིན་དེ་ཐམས་ཅད་ནི་ཆོས་ཅན། རང་གིས་ངེས་པར་བྱེད་པའི་ཡུལ་རང་སྐྱེད་པར་བྱེད་པ་ཉིད་དུ་གསལ་བར་བྱེད་དེ། རང་གི་རྒྱུའི་ངོ་བོ་ཉིད་ལས་རང་གི་ངེས་པར་བྱ་བ་ཕན་བཏགས་པའི་བདག་ཉིད་དུ་བྱུང་བ་ཡིན་པས་སོ། །གལ་ཏེ་དོན་མེད་ན་སྒྲ་མི་འབྱུང་བ་ཉིད་ཀྱིས་སྒྲ་ལས་དོན་རྟོགས་པ་ནི་མིན་གྱི་འོན་ཀྱང་སྒྲོན་མེས་གཟུགས་གསལ་བར་བྱེད་པ་བཞིན་དུ་ངོ་བོ་རུང་བ་ཉིད་ཀྱིས་དོན་གསལ་བར་བྱེད་པ་ཡིན་ཏེ། དེས་ན་དོན་དང་འབྲེལ་བ་མེད་པའི་ཕྱིར་དོན་རྟོགས་པར་མི་འགྱུར་རོ་ཞེས་པའི་སྐྱོན་འདི་མེད་དོ་ཞེ་ན། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། དོན་དང་འབྲེལ་བ་མེད་པར་དོན་གོ་བྱེད་དུ་ངེས་པ་མ་ཡིན་པར་ཐལ། གཟུགས་ལ་སྒྲོན་མ་གསལ་བྱེད་དུ་འཇུག་པ་བཞིན་དུ་ཁྱོད་རང་གི་ངོ་བོས་དོན་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རྗོད་བྱེད་ཀྱི་སྒྲ་ནི་ཆོས་ཅན། རང་གི་བརྗོད་བྱ་དེ་ཡོད་པ་ལ་བརྡ་སྦྱར་བ་མཐོང་བ་དང་མེད་པ་ལ་མ་མཐོང་བ་དང་དེ་དག་གི་དྲན་པ་ལ་ལྟོས་ནས་རང་གི་བརྗོད་པར་བྱ་བའམ་ཡུལ་རྟོགས་པར་བྱེད་པ་ཡིན་ཏེ། རང་གི་བརྗོད་བྱའི་དོན་རྟོགས་པར་བྱེད་པ་གང་ཞིག ཁྱོད་དོན་ལ་བརྡ་སྦྱར་བ་མ་མཐོང་བ་དང་བརྗེད་པ་དག་གིས་ཁྱོད་ལས་དོན་རྟོགས་པ་མེད་པའི་ཕྱིར། དཔེར་ན་རྟགས་བཞིན་ནོ། །མ་མཐོང་བ་དྲན་པ་ལ་ལྟོས་པའི་གཏན་ཚིགས་སྨྲས་པ་ནི། དཔྱོད་པ་བ་ཆོས་ཅན། རྗོད་བྱེད་ཀྱི་སྒྲས་དོན་རྟོགས་པར་བྱེད་པ་དོན་མེད་པ་ལ་བརྡ་སྦྱར་བ་མ་མཐོང་བ་དང་དྲན་པ་ལ་ལྟོས་ཏེ། ཐེ་ཚོམ་ཟ་བའི་བརྡ་དང་དོན་མང་པོ་དག་ལ་མཐོང་བའི་སྒྲ་ལས་ནི་དོན་ལ་ཐེ་ཚོམ་དུ་འགྱུར་བའི་ཕྱིར་དང༌། དོན་གཅིག་ཁོ་ན་ལ་བརྡ་སྦྱར་བ་མཐོང་བ་ལ་ཐེ་ཚོམ་ཟ་བ་མེད་པའི་ཕྱིར་དང༌། ཡང་དུ་མ་ལ་བརྡ་སྦྱར་བ་མཐོང་ན་དོན་ལ་ཐེ་ཚོམ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ལྡོག་པའི་སྒོ་ནས་བརྡ་ལས་དོན་གོ་བར་བསྟན་ནས། གྲུབ་པའི་སྒོ་ནས་ཀྱང་སྟོན་པ་ནི། གོ་སྒྲ་ཆོས་ཅན། བརྡ་མཐོང་བ་ཇི་ལྟ་བ་བཞིན་དུ་རང་གི་བརྗོད་བྱ་རྟོགས་པར་བྱེད་པ་ཡིན་ཏེ། ཉན་པ་པོས་ཁྱོད་ལས་ཁྱད་པར་གཞན་པ་ལ་བརྡ་སྦྱར་བ་མཐོང་བ་ན་རྣམ་པ་གཞན་དུ་ཆུ་ལ་བརྡ་སྦྱར་ན་ཡང་ལོག་པར་འགྱུར་བའི་ཕྱིར། དཔེར་ན་ཀ་ལིའི་སྒྲ་དག་ལས་འགྲོ་ལྡིང་བས་སྨྱོ་བ་རྟོགས་ཀྱང་ཡུལ་དབུས་པ་དག་གིས་དུས་ཀྱི་ཁྱད་པར་རྟོགས་པ་བཞིན་ནོ། །ཉན་པ་པོས་ཁྱོད་ལས་གཞན་དུ་ཆུ་ལ་བརྡ་སྦྱར་བ་མཐོང་བར་གྱུར་ན་ཁྱོད་ལས་དོན་གཞན་ཆུ་ཡོངས་སུ་འཛིན་པའི་ཕྱིར། དཔེར་ན་མ་རིའི་སྒྲ་ལས་འགྲོ་ལྡིང་བས་རང་ཡུལ་ལ་ཆར་འབབ་པ་ལ་བརྡ་བྱེད་ཀྱང༌། ཕྱིས་ཡུལ་དབུས་སུ་གསོད་པ་ལ་བརྡ་གོམས་པས་གསོད་པ་དག་རྟོགས་པ་བཞིན་ནོ། །སོགས་པས་ཅོ་རིའི་སྒྲ་འགྲོ་ལྡིང་བས་བཟའ་བ་དང༌། ཡུལ་དབུས་པས་ཆོམ་རྐུན་ལ་བརྡ་སྦྱོར་བ་ལ་སོགས་པ་ལྟ་བུའོ། །རུང་བས་དོན་རྟོགས་པ་མ་ཡིན་པ་དེའི་ཕྱིར། རྗོད་བྱེད་ཀྱི་སྒྲ་འདི་དག་ཆོས་ཅན། མཐོང་བ་དང་མ་མཐོང་བ་དེའི་སྒྲུབ་པར་བྱེད་པ་མི་འཁྲུལ་བ་ཉིད་རྟོགས་པ་ལ་བརྟེན་ནས་རང་གི་བརྗོད་བྱ་རྟོགས་པར་བྱེད་པ་ཡིན་ཏེ། རང་གི་བརྗོད་བྱ་ཡོད་པ་ལ་བརྡ་སྦྱར་བ་མཐོང་བ་དང་མེད་པ་ལ་མ་མཐོང་བ་དང་དྲན་པ་ལ་ལྟོས་ནས་རང་གི་བརྗོད་བྱ་རྟོགས་པར་བྱེད་པའི་ཕྱིར། རྟགས་མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་བ་ལ་ལྟོས་ནས་གོ་བྱེད་དུ་འགྱུར་བ་བཞིན་ནོ། །སྒྲ་བྱས་ཀྱང་སྒྲ་དོན་གྱི་འབྲེལ་པ་དངོས་པོ་ཡིན་པས་སྐྱེས་བུ་ལ་མི་ལྟོས་སོ་སྙམ་ན། ཁྱོད་དང་དོན་གྱི་འབྲེལ་པ་དངོས་པོ་མ་ཡིན་པར་ཐལ། ཁྱོད་དོན་གྱི་གོ་བྱེད་གང་ཞིག སྐྱེས་བུས་བརྡ་ཉེ་བར་བསྟན་པ་མེད་ན་ཁྱོད་ལས་དོན་མི་རྟོགས་པའི་ཕྱིར་རོ། །བརྡ་ཉེ་བར་བསྟན་པ་ལ་ལྟོས་ན་ནི། རྗོད་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། རྟོག་ཡུལ་གྱི་དོན་གང་ལའང་ཁྱོད་ཀྱིས་བརྗོད་རུང་བཀག་པ་མེད་པར་ཐལ། སྐྱེས་བུས་བརྡ་ཉེ་བར་བསྟན་པ་ལ་ལྟོས་ནས་རང་གི་བརྗོད་བྱ་རྟོགས་པར་བྱེད་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར། ཁྱོད་དང་དོན་གྱི་འབྲེལ་པ་རྟག་དངོས་རྣམ་པར་གནས་པ་སེལ་བ་ཡིན་ཏེ། གོང་དུ་བཤད་པ་དེ་ལྟར་ཁྱོད་དང་དོན་གྱི་འབྲེལ་བ་སྐྱེས་བུའི་འདོད་པའི་རང་དབང་ཉིད་གྱིས་འཇུག་པ་ཡིན་པའི་ཕྱིར། རྩོད་པ་འདི་རྒྱས་པར་ནི་ཁོ་བོས་ཚད་མ་རྣམ་འགྲེལ་དུ་བཀག་པའི་ཕྱིར་རྣམ་ངེས་འདིར་རྒྱས་པར་མི་སྤྲོའོ། །རིག་བྱེད་ཀྱི་སྒྲ་རྟག་པ་དང་སྒྲ་དང་དོན་གྱི་འབྲེལ་པ་སྐྱེས་བུ་ལ་མི་ལྟོས་པར་འདོད་པ་བཀག་ཟིན་ནས། སྒྲ་དང་དོན་གྱི་འབྲེལ་བ་སྐྱེས་བུས་མ་བྱས་པ་དེ་ནི་གང་གིས་ཀྱང་ངེས་པར་མི་ནུས་ཞེས་བསྟན་པའི་ཕྱིར་བཤད་པ། རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ཀྱི་དོན་ངེས་ནི་ཚད་མ་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། རྒྱལ་དཔོག་པ་བདག་ཉིད་ཀྱིས་མི་རྟོགས་ཤིང༌། སྐྱེས་བུ་གཞན་དང་རིག་བྱེད་ཉིད་ཀྱིས་ཀྱང་མི་རྟོགས་པའི་ཕྱིར། སྔ་མ་མ་གྲུབ་ན། རྒྱལ་དཔོག་པ་བདག་ཉིད་ཆོས་ཅན། ཁྱོད་ཀྱིས་རིག་བྱེད་ཀྱི་དོན་ངེས་མི་རྟོགས་པར་ཐལ། ཆགས་སོགས་དང་ལྡན་པའི་ཕྱིར། རིག་བྱེད་ཀྱི་སྒྲ་ཆོས་ཅན། སྐྱེས་བུ་གཞན་ལས་ཀྱང་ཁྱོད་ཀྱིས་དོན་ངེས་རིག་པ་མ་ཡིན་པར་ཐལ། སྐྱེས་བུ་གཞན་ཆགས་སོགས་དང་ལྡན་པའི་ཕྱིར། རྟགས་ཁས་བླངས་ཏེ། ཆགས་བྲལ་གྱི་སྐྱེས་བུ་མི་སྲིད་པར་འདོད་པས་སོ། །རིག་བྱེད་ཉིད་ཀྱིས་ཁྱོད་ཀྱི་དོན་ངེས་རིག་པར་བྱེད་པ་མིན་པར་ཐལ། དེ་ཡིན་ན་རྒྱལ་དཔོག་པས་ཁྱོད་ཀྱི་རྣམ་བཤད་བྱས་པ་དོན་མེད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། རྩ་བ་ལ་འདོད་ན། མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱིན་ཞེས་ཐོས་པ་ན་དེ་ཆོས་ཅན། སྔགས་ཀྱིས་སྦྱངས་པའི་མར་མེ་ནང་དུ་བླུགས་པ་ཁོ་ན་ཁྱོད་ཀྱི་དོན་ཡིན་གྱི་ཁྱི་ཤ་ཟོ་ཞེས་བྱ་བ་འདི་ཁྱོད་ཀྱི་དོན་མིན་ཞེས་བྱ་བ་འདིར་ཚད་མ་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། ཁྱོད་ཀྱི་དོན་ངེས་གང་ལས་ཀྱང་མི་རྟོགས་པ་དེས་ན་སྟེ་དེའི་ཕྱིར། ཨག་ནི་ཧོ་ཏྲ་ཛ་ཧུ་ཡ་སྟེ་ཞེས་པའི་རིག་བྱེད་ཀྱི་སྒྲ་ཆོས་ཅན། བསྲེག་རྫས་མེར་བླུགས་པ་ཁོ་ན་ལ་འཇུག་སྟེ། དེ་ལ་འཇུག་པར་འཇིག་རྟེན་པའི་ཚིག་ཏུ་གྲགས་པའི་ཕྱིར་ཞེ་ན། ཨག་ནི་སོགས་ཀྱི་རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ཀྱི་དོན་ངེས་འཇིག་རྟེན་པའི་ཚིག་གིས་མི་གྲུབ་པར་ཐལ། དོན་སྣ་ཚོགས་ལ་འཇུག་ཏུ་རུང་བ་ཅན་གྱི་སྒྲ་ཡིན་པའི་ཕྱིར། དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་གང་གིས་ཁྱོད་ཀྱི་དོན་ངེས་འདི་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་སྦྱིན་པ་ཁོ་ན་ཡིན་གྱི་ཁྱི་ཤ་ཟ་བ་མིན་ནོ་ཞེས་རྣམ་པར་འབྱེད་ནུས་ཏེ་མི་ནུས་པར་ཐལ། དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་མེད་པའི་ཕྱིར། གཞན་ཡང་རིག་བྱེད་ཀྱི་དོན་ངེས་འཇིག་རྟེན་གྱི་གྲགས་པས་མི་འགྲུབ་པར་ཐལ། རིག་བྱེད་ཀྱི་བསྟན་བཅོས་ལས་མཐོ་རིས་དང་ལྷ་མོ་ལ་སོགས་པའི་སྒྲས་འཇིག་རྟེན་ན་རབ་ཏུ་གྲགས་པ་མ་ཡིན་པའི་དོན་བདེ་བ་ཁྱད་པར་ཅན་དང་གཙུབ་ཤིང་སོགས་ལ་བརྗོད་པར་བཤད་པའི་ཕྱིར། ཨག་ནི་སོགས་ཀྱི་སྒྲ་མེ་ལ་སྦྱིན་སྲེག་སྦྱིན་པ་ཁོ་ན་ལ་འཇུག་སྟེ། དེ་ཁོ་ན་ལ་འཇུག་པར་ཡུལ་གཞན་དུ་རིག་བྱེད་ཀྱི་ལུང་གཞན་གྱིས་བཤད་པའི་ཕྱིར་ཞེ་ན། ཨག་ནི་སོགས་ཀྱི་རིག་བྱེད་ཀྱི་སྒྲའི་བཤད་པར་གྱུར་པའི་རིག་བྱེད་ཀྱི་སྒྲ་གཞན་དེ་འདྲ་དག་ནི་ཆོས་ཅན། ཁྱོད་ལས་རིག་བྱེད་ཀྱི་དོན་ངེས་མི་འགྲུབ་པར་ཐལ། ཨག་ནི་སོགས་དེ་འདྲ་བར་ཁྱོད་ཀྱང་ཁྱི་ཤ་ཟ་བའི་རྗོད་བྱེད་དུ་འཇུག་པར་འགྱུར་བའི་ཕྱིར། གཞན་ཡང༌། ཨག་ནི་སོགས་ཀྱི་སྒྲ་དོན་ངེས་དང་ལྡན་པར་མ་གྲུབ་པ་དེ་རབ་ཏུ་འགྲུབ་པའི་དོན་དུ་སྒྲུབ་བྱེད་དུ་བཀོད་པའི་རིག་བྱེད་ཀྱི་ལུང་གཞན་ཆོས་ཅན། ཁྱོད་ལ་ཨག་ནི་སོགས་ཀྱི་སྒྲའི་དོན་ངེས་བསྒྲུབ་པའི་ནུས་པ་མེད་དེ། རང་དོན་ངེས་དང་ལྡན་པར་མ་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་དོན་ངེས་དང་ལྡན་པ་ལ། རིག་བྱེད་རིག་པར་བྱེད་མིན་ན། །ཞེས་སོགས་ཀྱི་བརྒལ་ཞིང་བརྟགས་པའི་སྐྱོན་མཚུངས་པའི་ཕྱིར་རོ། །ཞེས་རིགས་པའི་རལ་གྲིས་གསུངས། དཔྱོད་པ་བ་ཆོས་ཅན། ཁྱོད་ལ་ཨག་ནི་སོགས་ཀྱི་སྒྲའི་དོན་ངེས་གྲགས་པའང་མི་ཡིས་བརྗོད་པ་ཡིན་པས་དེ་ནི་ཚད་མར་མི་འདོད་པའི་སྡང་བ་དང་གྲགས་པ་དེ་ལས་རིག་བྱེད་ཀྱི་དོན་ངེས་ཀྱང་རྟོགས་པར་བྱེད་ཅིང་འདོད་པ་འདི་ནི་ཅི་ཞིག་ཡིན་ཏེ་མི་འཐད་པར་ཐལ། གྲགས་པ་སྤྱིར་ཚད་མ་མ་ཡིན་ན། རིག་བྱེད་ཀྱི་དོན་ངེས་སྒྲུབ་བྱེད་ཀྱི་ཚད་མར་འགལ་བའི་ཕྱིར་ཞེས་བདག་གི་བླ་མ་སངས་རྒྱས་དཔལ་གྱིས་གསུངས། གལ་ཏེ་བསྲེག་རྫས་མེར་བླུགས་པའི་རྗོད་བྱེད་དུ་གྲགས་པ་ལས་བརྒལ་ནས་ཁྱི་ཤ་ཟ་བའི་རྗོད་བྱེད་དུ་རྟོག་པ་ལ་རྒྱུ་ཅི་ཡོད་ཅེ་ན། འཇིག་རྟེན་ལ་རབ་ཏུ་གྲགས་པའི་ཚིག་ཆོས་ཅན། རིག་བྱེད་ཀྱི་དོན་ངེས་སྒྲུབ་བྱེད་དེར་འཛིན་པ་ལ་རྒྱུ་ཅི་ཡོད་དེ་མེད་པར་ཐལ། སྒྲུབ་བྱེད་ཀྱི་ཚད་མ་ཉིད་ནི་མ་ཡིན་པའི་ཕྱིར། ཨག་ནི་སོགས་ཀྱི་རིག་བྱེད་ཀྱི་སྒྲ་ནི་ཆོས་ཅན། གྲགས་པ་ཉིད་ཀྱིས་ཁྱོད་ཀྱི་དོན་ངེས་ནི་མི་འགྲུབ་པར་ཐལ། ཁྱོད་ནི་དོན་ངེས་པ་ལ་གྲགས་པས་དོགས་པ་སྐྱེད་པར་བྱེད་པའི་ཕྱིར། དེར་ཐལ། གང་གི་ཕྱིར་ན་འཇིག་རྟེན་པ་དེ་ལ་དོན་སྣ་ཚོགས་ལ་འཇུག་པར་མཐོང་བའི་ཕྱིར། གལ་ཏེ་འཇིག་རྟེན་ན་གྲགས་པ་གང་ལ་གནོད་བཅས་གནོད་མེད་གཉིས་ལས་རིགས་པས་གནོད་མེད་དེ་སྒྲུབ་བྱེད་དུ་གཟུང་ཞེ་ན། རླུང་གི་བུ་སྐྱེས་བུ་གཤོབ་ཅན་གྱི་ཚིག་དེ་ཆོས་ཅན། སྒྲུབ་བྱེད་དུ་ཅི་སྟེ་མི་འཛིན་ཏེ་འཛིན་པར་རིགས་པར་ཐལ། ཁྱོད་ལ་རིགས་པས་དངོས་སུ་གནོད་པ་ཡོད་པ་མིན་པའི་ཕྱིར། དཔྱོད་པ་བ་ཆོས་ཅན། རིག་བྱེད་ཀྱི་དོན་ངེས་འདི་ལ་སྒྲུབ་བྱེད་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་སྲིད་པ་མིན་པར་ཐལ། དབང་པོའི་ཡུལ་ལས་འདས་པ་ལ་ལུང་དོན་གྱི་རྟེན་ཅན་ཏེ་ལུང་ལ་བརྟེན་པའི་ཚུལ་གསུམ་ལས་གཞན་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་མེད་པའི་ཕྱིར། ལུང་གིས་འགྲུབ་ཅེ་ན། རིག་བྱེད་ཀྱི་སྒྲ་ཆོས་ཅན། ལུང་གིས་ཁྱོད་ཀྱི་དོན་ངེས་མ་གྲུབ་པར་ཐལ། ལུང་དེའི་དོན་ངེས་ཀྱང་གནས་པ་མེད་པའི་ཕྱིར། ཨག་ནི་སོགས་ཀྱི་རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་བསྲེག་རྫས་མེར་བླུགས་པ་ཁོ་ནའི་ངེས་བྱེད་དུ་མཐོང་བ་མེད་པ་རྣམས་ལ་གདོན་མི་ཟ་བར་བསྲེག་རྫས་མེར་བླུགས་པ་ཁོ་ན་ལ་འཇུག་པ་ཡིན་མིན་ཐེ་ཚོམ་སྐྱེད་བྱེད་དུ་འགྱུར་ཏེ། བསྲེག་རྫས་མེར་བླུགས་པ་ལས་རྣམ་པ་གཞན་ལ་འཇུག་མི་སྲིད་པ་མེད་པའི་ཕྱིར། དེར་ཐལ། རང་ཉིད་དོན་སྣ་ཚོགས་བརྗོད་པར་ནུས་པ་ཅན་གྱི་སྒྲ་ཡིན་པའི་ཕྱིར། འཇིག་རྟེན་གྱི་གྲགས་པས་རིག་བྱེད་ཀྱི་དོན་ངེས་གྲུབ་པར་འདོད་པ་བཀག་ཟིན་ཏོ། །རིག་བྱེད་ཀྱི་དོན་ངེས་གྲུབ་པར་འདོད་པ་འགོག་པ་ལ། ཕྱོགས་སྔ་མ་ནི། རིག་བྱེད་ཉིད་ཀྱིས་རང་གི་དོན་ངེས་རྒྱལ་དཔོག་སྤྱོད་པ་བ་ལ་བཤད་ལ། དེས་བདག་ལ་བཤད་དོ་ཞེས་དཔྱོད་པ་པ་སྨྲའོ། །ལན་ནི་གྲོང་ཁྱེར་པ་ཏྲ་ལ་པུ་ཏྲར་འགྲོ་བའི་ལམ་གང་ཡིན་ཞེས་དྲིས་པ་ན། སྐྱེས་བུ་གཡོན་ཅན་འགའ་ཞིག་ལམ་ནི་གཡས་ཕྱོགས་འདི་ཡིན་ནོ་ཞེས་སྡོང་དུམ་འདི་སྨྲ་ཞེས་ཟེར་བ་ལ་སྐྱེས་བུ་གཞན་དག་ལམ་འདི་ཡིན་ཞེས་བདག་ཉིད་སྨྲ་ཞེས་པའི་ཚིག་གཉིས་སྐྱེས་བུས་སྨྲས་པར་ཁྱད་པར་མེད་པ་དེ་ལྟར་དུ་རིག་བྱེད་ཉིད་ཀྱི་དོན་ངེས་པར་རིག་བྱེད་ཉིད་སྨྲའོ་ཞེས་པའི་ཚིག་དང༌། སངས་རྒྱས་པས་ཨག་ནི་སོགས་ཀྱི་རིག་བྱེད་ཀྱི་སྒྲ་ཁྱི་ཤ་ཟ་བའི་རྗོད་བྱེད་དུ་འཇུག་ཅེས་པའི་ཚིག་གཉིས་པོ་ཆོས་ཅན། སྐྱེས་བུས་སྨྲས་མ་སྨྲས་ཀྱི་བྱེ་བྲག་བརྟག་པར་བགྱིས་ཏེ་བྱེ་བྲག་མེད་པར་ཐལ། སྐྱེས་བུས་སྨྲས་པ་དང་རིག་བྱེད་ཀྱིས་སྨྲས་པ་གང་རུང་གང་ཞིག རིག་བྱེད་ཀྱིས་མ་སྨྲས་པའི་ཕྱིར། རྟགས་མ་གྲུབ་ན། རིག་བྱེད་རྟག་པར་འགལ། རྒྱལ་དཔོག་པས་རིག་བྱེད་ཀྱི་དོན་ངེས་པར་རིག་བྱེད་ཉིད་སྨྲའོ་ཞེས་པའི་ཚིག་དང༌། སངས་རྒྱས་ཨག་ནི་སོགས་ཀྱི་རིག་བྱེད་ཀྱི་སྒྲ་ཁྱི་ཤ་ཟ་བ་ལ་ཡང་འཇུག་ཅེས་པའི་ཚིག་གཉིས་པོ་ཆོས་ཅན། སྐྱེས་བུས་སྨྲས་མ་སྨྲས་ཀྱི་བྱེ་བྲག་བརྟག་པར་གྱིས་ཏེ་བྱེ་བྲག་མེད་པར་ཐལ། གྲོང་ཁྱེར་པ་ཏྲ་ལ་པུ་ཏྲར་འགྲོ་བའི་ལམ་གང་ཡིན་དྲིས་པ་ན་སྐྱེས་བུ་འགའ་ཞིག་ལམ་གཡས་ཕྱོགས་འདི་ཡིན་ཞེས་སྡོང་དུམ་འདི་སྨྲ་ཞེས་ཟེར་བ་དང༌། གཞན་དག་ལམ་འདི་ཡིན་ཞེས་པའི་ཚིག་གཉིས་པོ་སྐྱེས་བུས་སྨྲས་པར་བྱེ་བྲག་མེད་པ་དེ་ལྟར་དུ་ཁྱེད་གཉིས་ཀྱང་སྐྱེས་བུ་རང་གིས་སྨྲས་པར་མཚུངས་པའི་ཕྱིར། ཨག་ནི་སོགས་ཀྱི་རིག་བྱེད་ཀྱི་སྒྲ་ཆོས་ཅན། དོན་གཅིག་ཁོ་ནའི་གསལ་བྱེད་དུ་ངེས་པ་གང་ལས་ཡིན་ཏེ་མི་འཐད་པར་ཐལ། དོན་ཐམས་ཅད་ལ་རྗོད་བྱེད་དུ་འཇུག་ཏུ་རུང་བའི་ཕྱིར། བརྡ་ལ་ལྟོས་མེད་དུ་དོན་རྗོད་བྱེད་མིན་པར་ཐལ། བརྗོད་འདོད་དབང་གིས་དོན་རྗོད་པར་བྱེད་པ་མ་གཏོགས་པར་ཁྱོད་དོན་རྗོད་བྱེད་དུ་འཇུག་པའི་རྒྱུ་མཚན་མེད་པའི་ཕྱིར། རིག་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ཀྱི་དོན་ངེས་གང་གིས་ཀྱང་ཤེས་ཏེ་མི་ཤེས་པར་ཐལ། ཁྱོད་ཀྱི་དོན་ངེས་དབང་པོའི་ཡུལ་ལས་འདས་པའི་ཕྱིར། ཁྱབ་པ་ཁས་བླངས། དཔྱོད་པ་པ་ཆོས་ཅན། རིག་བྱེད་ཀྱི་སྒྲ་དེ་དོན་གཅིག་ཁོ་ན་ལ་འཇུག་པ་ཅན་དེ་གང་ལས་རྟོགས་ཏེ་མི་རྟོགས་པར་ཐལ། རིག་བྱེད་ཀྱི་སྒྲ་དེ་ནི་སྐྱེས་བུས་བྱས་པ་མིན་ཞིང་རང་རྒྱུ་བརྗོད་འདོད་ཀྱིས་དོན་ལ་བརྡ་སྦྱར་བ་མེད་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། བརྗོད་འདོད་ནི་བརྗོད་བྱ་སོ་སོར་ངེས་པའི་རྒྱུ་ཡིན་ཞིང༌། བརྗོད་བྱ་རྗོད་བྱེད་དུ་འབྲེལ་བར་བྱེད་པའི་བརྡ་ནི་དོན་སོ་སོར་ངེས་པ་དེའི་གསལ་བྱེད་ཡིན་པའི་ཕྱིར། ངོ་བོ་ཉིད་ཀྱིས་རྗོད་བྱེད་དུ་ངེས་ན་ནི་ཨག་ནི་སོགས་ཀྱི་རིག་བྱེད་ཀྱི་སྒྲ་ཆོས་ཅན། དོན་གཞན་དུ་བརྡ་སྦྱོར་བ་མེད་པར་འགྱུར་བར་ཐལ། བསྲེག་རྫས་མེར་བླུགས་པ་ལ་བརྡ་སྦྱར་བ་ཡང་དོན་མེད་པར་འགྱུར་བར་ཐལ། ངོ་བོ་ཉིད་ཀྱིས་དོན་གཅིག་ཁོ་ནའི་རྗོད་བྱེད་དུ་ངེས་པའི་ཕྱིར། ཞིང་ཚིག་ཕྲད་དོ། །ངོ་བོ་ཉིད་ཀྱིས་ངེས་པ་ཉིད་བརྡས་གསལ་བར་བྱེད་དོ་ཞེ་ན། དེ་ལྟ་ནའང་ངོ་བོ་ཉིད་ཀྱིས་དོན་གྱི་རྗོད་བྱེད་དུ་ངེས་པ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། བརྡ་ལ་ལྟོས་ནས་དོན་རྗོད་བྱེད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡུལ་གང་ལ་འདོད་པ་རང་རྒྱུད་པས་བརྡ་སྦྱར་བའི་རྗོད་བྱེད་དེ་ལ་ངོ་བོ་ཉིད་ཀྱིས་རྗོད་བྱེད་དུ་ངེས་པ་ཞེས་བྱ་གང་ཞིག་ཡོད་དེ་མེད་དགོས་པས་སོ། །ཨག་ནི་ཧོ་ཏྲ་ཛ་ཧུ་ཡ་སྟེ་ཞེས་པའི་སྒྲ་འདི་ཆོས་ཅན། རྒྱལ་དཔོག་པས་མི་འདོད་པའི་ཁྱི་ཤ་ཟ་བའི་རྗོད་བྱེད་དུ་རུང་བ་ཉིད་ཀྱང་བརྡས་གསལ་བར་བྱེད་པར་འགྱུར་བར་ཐལ། དོན་ཐམས་ཅད་ཀྱི་རྗོད་བྱེད་དུ་རུང་བ་དེས་ན་སྟེ་དེའི་ཕྱིར། དེ་ཆོས་ཅན། བརྗོད་བྱའི་དོན་ལ་མི་བསླུ་སྟེ། རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། མེ་ཁ་བའི་གཉེན་པོ་ཡིན་པ་བཞིན་ཞེས་རིག་བྱེད་ཀྱི་ཕྱོགས་གཅིག་ལུང་གི་མཚན་ཉིད་དུ་དཔྱོད་པ་བ་སྨྲའོ། །རྟགས་དེའི་དོན་རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པ་ཆོས་ཅན། ཨག་ནི་སོགས་ཀྱི་སྒྲ་བདེན་པའི་དོན་ཅན་དུ་བསྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཉིད་དུ་ཐལ། དེ་བསྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག ཁྱབ་པ་རྣལ་མར་ཡང་མ་ངེས། ཕྱིན་ཅི་ལོག་ཏུ་ཡང་མ་ངེས་པའི་ཕྱིར། མི་མཐུན་ཕྱོགས་ལ་མ་མཐོང་བས་ཁྱབ་པ་རྣལ་མར་ངེས་ཤེ་ན། མི་མཐུན་ཕྱོགས་ལ་མ་མཐོང་བས་ཁྱབ་པ་རྣལ་མར་ངེས་པ་མི་འཐད་པར་ཐལ། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ཁྱབ་པ་མི་འཁྲུལ་བ་མི་འགྲུབ་པའི་ཕྱིར། གལ་ཏེ་སྒྲ་སྦྱོར་བའི་ཤུགས་ཉིད་ལས་སྒྲ་ཐམས་ཅད་ནི་བརྗོད་བྱའི་དོན་དང་འབྲེལ་པར་གྲུབ་པ་ཡིན་ཏེ། བརྡ་སྦྱོར་བའི་ཡུལ་མེད་ན་བརྡ་མི་སྦྱོར་བའི་ཕྱིར་ཞེ་ན། རྟོག་པའི་སྣང་ཡུལ་མེད་ན་བརྡ་མི་སྦྱོར་བ་དེ་ལྟར་ནི་རིགས་མོད་ཀྱི་འོན་ཀྱང༌། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། རྟོག་པའི་སྣང་ཡུལ་དེ་ལྟ་བུ་ཉིད་ཐ་སྙད་དུ་རབ་ཏུ་གྲུབ་ཀྱང་ཁྱོད་བརྗོད་བྱའི་དོན་ལ་མི་སླུ་བར་ཐེ་ཚོམ་ཟ་མ་སྟེ་མ་ངེས་པ་ཉིད་དུ་ཐལ། ཁྱོད་འཇིག་རྟེན་ན་རང་གི་བརྗོད་བྱའི་དོན་ཡོད་པ་ལས་གཞན་དུ་མེད་པ་ལ་ཡང་ཐ་སྙད་བྱེད་པར་མཐོང་བའི་ཕྱིར་རོ། །དེར་ཐལ། ཁྱོད་འདོད་པའི་དབང་གིས་དོན་གང་ལ་ཡང་འཇུག་པ་བཟློག་ཏུ་མེད་པའི་ཕྱིར་རོ། །ལུང་དང་དོན་ལ་དངོས་པོའི་འབྲེལ་བ་མེད་པ་དེའི་ཕྱིར། ལུང་ཆོས་ཅན། ཁྱོད་ལོག་པས་བསྐལ་དོན་མེད་པར་རྟོགས་པར་རིགས་པ་མིན་པར་ཐལ། ཁྱོད་ལོག་ཀྱང་བསྐལ་དོན་མེད་པར་མ་ངེས་པས་སོ། །ཀྱང་གི་སྒྲས་མངོན་སུམ་རྗེས་དཔག་བསྡུ། རིག་བྱེད་ཀྱི་ལུང་ཚད་མར་འདོད་པ་བཀག་ཟིན་ཏོ། །སྣང་རུང་གི་བུམ་པ་དམིགས་པའི་མངོན་སུམ་ལོག་པའི་མི་དམིགས་པ་ཉིད་ཆོས་ཅན། སྣང་རུང་གི་བུམ་པའི་དངོས་པོ་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པས་སོ། །འབྲས་བུ་ལོག་ཀྱང་རྒྱུ་མི་ལྡོག་པས་ཁྱབ་པ་འཁྲུལ་ལོ་ཞེ་ན། སྣང་རུང་གི་བུམ་འཛིན་ཤེས་པ་མེད་ན་སྣང་རུང་གི་བུམ་པ་མེད་པས་ཁྱབ་པར་ཐལ། སྣང་རུང་གི་བུམ་པའི་དོན་ཡོད་ན་བུམ་པ་དམིགས་བྱེད་ཀྱི་རྒྱུ་མ་ཚང་བ་མེད་པས་བུམ་པ་དམིགས་པའི་ཤེས་པ་དེ་མེད་པ་མི་སྲིད་པའི་ཕྱིར། དོན་དེ་ལྟར་གནས་པ་དེ་ལ། ཚུར་རོལ་མཐོང་བ་བདག་ཉིད་ཀྱི་མངོན་སུམ་དམིགས་བྱེད་དུ་ལོག་བ་མེད་པའི་སྒྲུབ་བྱེད་ཀྱི་ཚད་མར་བྱེད་པས་ནི་ཆོས་ཅན། ཚུར་མཐོང་གི་མངོན་སུམ་དེས་གཟུང་བར་འོས་པ་ཉིད་མེད་ཅེས་དགག་པར་རིགས་ཀྱི་དོན་ཐམས་ཅད་ནི་ཚུར་མཐོང་གིས་མ་དམིགས་པས་མེད་ཅེས་འགོག་པར་ནི་རིགས་པ་མ་ཡིན་པར་ཐལ། དོན་ཐམས་ཅད་ནི་ཡོད་ན་ཚུར་མཐོང་གི་མངོན་སུམ་གྱིས་དམིགས་དགོས་པ་དེ་ལྟར་མ་ཡིན་པའི་ཕྱིར། ཐམས་ཅད་མཁྱེན་པའི་མངོན་སུམ་གྱིས་ནི་ཐམས་ཅད་གཟུང་བར་འོས་པས་ཚུ་རོལ་མཐོང་བ་ཞེས་སྨོས་སོ། །དེ་ལྟར་སྣང་བ་མི་དམིགས་པ་དང་མི་སྣང་བ་མ་དམིགས་པ་བཤད་ནས། ད་ནི་དེ་གཉིས་ཀྱི་འབྲས་བུ་སྟོན་ཏེ། དེ་ལ་དང་པོ་མི་སྣང་བ་མ་དམིགས་པའི་འབྲས་བུ་འཆད་པ་ནི། མི་སྣང་བ་མ་དམིགས་པའི་རྟགས་དེ་ནི་ཆོས་ཅན། དགག་བྱའི་ཆོས་ཀྱི་དོན་ཡོད་ངེས་ཀྱི་ཐ་སྙད་མི་འཇུག་པའི་འབྲས་བུ་ཅན་དུ་འདོད་དེ། ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ནི་ཚད་མ་གཉིས་ཀྱི་བློ་སྔོན་དུ་འགྲོ་བ་ཅན་ཡིན་པ་ལས་ཁྱོད་ཀྱིས་དེ་ལྟར་བསྒྲུབ་པའི་དགག་བྱའི་ཆོས་ལ་དེ་མེད་པའི་ཕྱིར། དེ་ཉིད་འགྲེལ་བ་ནི། བསྐལ་བའི་ཡུལ་ལ་ཚུར་མཐོང་རང་གི་མངོན་སུམ་དང་རྗེས་སུ་དཔག་པ་མེད་པ་དེ་ནི་ཆོས་ཅན། བསྐལ་དོན་ཡོད་ངེས་པའི་ཤེས་པ་དང་སྒྲ་དང་ཐ་སྙད་འགོག་པའི་འབྲས་བུ་ཅན་ཡིན་ཏེ། བསྐལ་དོན་དམིགས་བྱེད་ཀྱི་ཚད་མ་ལོག་པའི་རྟགས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡོད་ངེས་ཀྱི་ཐ་སྙད་དེ་དག་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། བསྐལ་དོན་ཚུར་མཐོང་གི་ཚད་མས་མ་དམིགས་པ་དེ་ནི་ཆོས་ཅན། བསྐལ་དོན་ཡོད་ངེས་ཀྱི་ཐ་སྙད་མི་འཇུག་པའི་འབྲས་བུ་ཅན་དུ་འདོད་དེ། བསྐལ་དོན་ཡོད་ངེས་ཀྱི་རྒྱུ་བསྐལ་དོན་དམིགས་བྱེད་ཀྱི་བློ་མེད་པའི་རྟགས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ནི་དམིགས་བྱེད་ཀྱི་བློ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་པའི་ཕྱིར། དེ་ཉིད་འགྲེལ་པ་ནི། བསྐལ་པའི་ཡུལ་ལ་མངོན་སུམ་དང་རྗེས་སུ་དཔག་པ་འཇུག་པ་མེད་པ་ནི་ཆོས་ཅན། བསྐལ་དོན་ཡོད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་འགོག་པའི་འབྲས་བུ་ཅན་ཡིན་ཏེ། བསྐལ་དོན་དམིགས་བྱེད་ཀྱི་ཚད་མ་མེད་པའི་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡོད་པའི་ཐ་སྙད་དེ་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། སྣང་རུང་མ་དམིགས་པའི་འབྲས་བུ་འཆད་པ་ནི། གཞན་སྣང་རུང་མ་དམིགས་པ་ནི་ཆོས་ཅན། མེད་ངེས་ཀྱི་ཐ་སྙད་འཇུག་པའི་འབྲས་བུ་ཅན་ཡིན་ཏེ། མེད་ངེས་ཀྱི་ཐ་སྙད་དེའི་རྒྱུ་མཚན་མཐོང་བ་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། དེ་ཉིད་འགྲེལ་བ་ནི། མ་དམིགས་པ་སྔ་མ་བུམ་པ་སྣང་རུང་མ་དམིགས་པ་ནི་ཆོས་ཅན། བུམ་པ་ཡོད་ངེས་ཀྱི་ཐ་སྙད་འགོག་པའི་འབྲས་བུ་ཅན་ཡིན་པར་མ་ཟད་བུམ་པ་མེད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་འཇུག་པའི་འབྲས་བུ་ཅན་ཡང་ཡིན་ཏེ། བུམ་པ་མེད་པའི་ཐ་སྙད་ཀྱི་ཡུལ་རབ་ཏུ་བསྟན་པས་སྔར་དཔེ་ལ་རབ་ཏུ་གྲུབ་པའི་ཐ་སྙད་ཤེས་འདོད་ཆོས་ཅན་ལ་བསྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཡང་གི་སྒྲ་བཤད་པའི་ཕྱིར་སྨྲས་པ། མི་སྣང་བ་མི་དམིགས་པའི་གཏན་ཚིགས་འདི་ཆོས་ཅན། ཁྱོད་དང་སྣང་རུང་མ་དམིགས་པ་གཉིས་ནི་རང་གི་དགག་བྱའི་ཆོས་ཀྱི་དོན་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་ནི་འདྲ་བ་ཡིན་ཏེ། ཁྱོད་དགག་བྱའི་ཆོས་ཀྱི་ཐ་སྙད་རང་གི་རྒྱུ་མེད་པ་རྟགས་སུ་བཀོད་པའི་གཏན་ཚིགས་ཡིན་ཞིང༌། སྣང་རུང་མ་དམིགས་པ་ཡོད་པ་ལས་བཟློག་པ་མེད་པའི་ཐ་སྙད་ཀྱི་རྒྱུ་སྣང་བ་མི་དམིགས་པ་ཡོད་པ་དག་གིས་སོ། །གཅིག་མི་སྣང་བ་མི་དམིགས་པ་ལ་ནི་དགག་བྱའི་ཆོས་ཀྱི་དོན་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར་ཡོད་ངེས་ཀྱི་ཐ་སྙད་དགག་ནུས་ལ། གཞན་སྣང་རུང་མ་དམིགས་པ་ལ་ཡོད་པ་ལས་བཟློག་པ་མེད་པར་ངེས་པའི་ཕྱིར་ཐེ་ཚོམ་དང་ངེས་པའི་ཐ་སྙད་གཉིས་ཀ་དགག་ནུས་སོ། །གཏན་ཚིགས་གཉིས་ཡོད་པ་དེ་ལ་གཉིས་པ་མི་སྣང་བ་མི་དམིགས་པ་ནི་ཆོས་ཅན། ངེས་པ་སྔོན་དུ་འགྲོ་བའི་གཏན་ཚིགས་ཡིན་པ་ཡོད་པའི་ཐ་སྙད་དགག་པ་ལ་ཉེ་བར་མཁོ་བའི་ཕྱིར་སྒྲུབ་བྱེད་ཀྱི་ཚད་མར་བཤད་ཀྱི་དགག་བྱའི་ཆོས་ཀྱི་དོན་ལྡོག་པ་མཐོང་བ་ལ་སོགས་པ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ཏེ། དགག་བྱའི་ཆོས་ཀྱི་དོན་མེད་ངེས་སུ་བསྒྲུབ་པ་ལ་ཁྱབ་པ་ལ་ཐེ་ཚོམ་མི་ཟ་བའི་རྟགས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ངེས་པར་བྱེད་པའི་ཡན་ལག་ཁྱབ་པ་མ་ངེས་པ་ལས་ནི་བསྒྲུབ་བྱ་མི་རྟོགས་པའི་ཕྱིར། འདི་ནི་སྒྲུབ་བྱེད་གྱི་ཚད་མ་རྣལ་མ་ཡིན་ཏེ། རྣམ་འགྲེལ་ལས། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཕྱིར་ན་ཚད་མ་ཉིད་མི་འགྱུར། །ཞེས་པ་དང༌། སློབ་དཔོན་ཆོས་མཆོག་གིས་མི་སྣང་བ་མ་དམིགས་པ་ནི་ངེས་པར་བྱེད་པ་མིན་པས་ན་དོན་གང་ལ་ཡང་སྐྱེས་བུ་འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་བཤད་པས་སོ། །དེས་ན་འདི་ལ་སྦྱོར་བའི་དབྱེ་བ་དེ་ཡང་མ་བཤད་དོ། །དང་པོ་བུམ་པ་སྣང་རུང་མ་དམིགས་པ་ནི་ཆོས་ཅན། བུམ་པ་མེད་པ་དེ་ལ་སྒྲུབ་བྱེད་ཀྱི་ཚད་མ་ཡིན་ཏེ། བུམ་པ་མེད་པར་ངེས་པའི་འབྲས་བུ་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར་རོ། །དགག་པའི་གཏན་ཚིགས་བཤད་ཟིན་ཏོ། །གནས་མ་བུའི་སྡེ་པ་ལ་སོགས་པས་ཕྱིས་འབྱུང་གི་མི་རྟག་པ་འདོད་པ་དགག་པའི་ཕྱིར་དུ་རང་བཞིན་གྱི་གཏན་ཚིགས་འཆད་པ་ལ། དང་པོ་རང་བཞིན་གྱི་གཏན་ཚིགས་དང་རང་བཞིན་ངོས་གཟུང་བ་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེ་བསྒྲུབ་ཀྱི་སྒྲུབ་རྟགས་གང་ཞིག མི་རྟག་པ་དང་བདག་ཉིད་གཅིག་ཏུ་འབྲེལ་བའི་ཕྱིར། ཇི་ལྟར་བདག་ཉིད་གཅིག་ཅེ་ན། བྱས་པ་དེ་ཆོས་ཅན། མི་རྟག་པ་དང་བདག་ཉིད་གཅིག་པ་ཡིན་པར་ཐལ། ཁྱོད་ཡོད་ཙམ་དང་མི་རྟག་པ་དང་བདག་ཉིད་གཅིག་ཏུ་རྗེས་སུ་འབྲེལ་བ་ཅན་ཡིན་པའི་ཕྱིར། བདག་ཉིད་གཅིག་ཏུ་འབྲེལ་བའི་ཚུལ་འདི་ལྟར། དེ་ཡོད་ཙམ་དང་རྗེས་འབྲེལ་ཞེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། བསྒྲུབ་བྱའི་ཆོས་ཀྱི་དོན་མི་རྟག་པ་དེའི་བདག་ཉིད་བྱས་པ་དེ་ནི་ཡོད་ཙམ་དང་མི་རྟག་པ་དང་བདག་ཉིད་གཅིག་ཏུ་རྗེས་སུ་འབྲེལ་བ་ཅན་ཁོ་ན་ཡིན་གྱི་ཕྱིས་འབྱུང་གི་རྒྱུ་གཞན་དག་ལ་མི་རྟག་པ་རག་ལས་པ་ནི་མིན་པར་བསྟན་པའི་ཕྱིར། ཇི་ལྟར་ཕྱིས་འབྱུང་མིན་ཞེ་ན། བྱས་པ་དེ་ཆོས་ཅན། མི་རྟག་པ་དེའི་བདག་ཉིད་དུ་འགལ་བར་ཐལ། ཁྱོད་ཡོད་པའི་དུས་ན་མི་རྟག་པ་ཡོད་པར་མ་འགྱུར་བར་ཕྱིས་འབྱུང་བ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་ཙམ་རྣམས་ཀྱང་འབྲས་བུ་བསྐྱེད་པ་ལ་འཁྲུལ་བའི་ཕྱིར། ཕྱིས་འབྱུང་བདག་ཉིད་དུ་འགལ་བ་དེའི་ཕྱིར་བྱས་པ་དེ་ཡོད་པ་ཙམ་དང་བདག་གཅིག་ཏུ་རྗེས་སུ་འབྲེལ་བ་མི་རྟག་པ་ཉིད་ཀྱི་བདག་ཉིད་རང་བཞིན་བྱས་པ་ནི་ཆོས་ཅན། སྒྲ་མི་རྟག་པར་གོ་བར་བྱེད་པའི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །བསྒྲུབ་བྱའི་ཆོས་ཀྱི་རང་བཞིན་དེ་ཡང་གཏན་ཚིགས་ཉིད་དུ་སྒྲས་ཉེ་བར་འགོད་པ་ན། འདི་ལྟར་འགོད་དེ། བྱས་པ་ཆོས་ཅན། སྒྲ་འཇིག་པར་བསྒྲུབ་པའི་ལྟོས་པ་པའི་གཏན་ཚིགས་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་གང་ཞིག ཁྱོད་བརྗོད་པའི་སྒྲས་ཁྱོད་ཀྱི་ཁྱད་པར་བྱེད་ཆོས་འཕངས་པའི་ཕྱིར། རྒྱུ་རྐྱེན་ཡོད་པ་ཉིད་རྟགས་སུ་བཀོད་པ་ཆོས་ཅན། དེ་བསྒྲུབ་ཀྱི་དག་པ་བའི་གཏན་ཚིགས་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་གང་ཞིག ཁྱོད་བརྗོད་པའི་སྒྲས་ཁྱོད་ཀྱི་ལྟོས་ས་མ་འཕངས་པའི་ཕྱིར། ཞེས་ཉེ་བར་འགོད་པ་ཡིན་ནོ། །དང་པོ་ལྟོས་པ་བ་སྟོན་པ་ལ། ལྟོས་པ་བ་ངོས་བཟུང་བ་ནི། གཟུགས་ནི་ཆོས་ཅན། བྱས་པ་ཡིན་ཏེ། རང་གི་ངོ་བོ་འགྲུབ་པར་བྱ་བའི་ཕྱིར་རྒྱུ་རྐྱེན་གཞན་གྱི་བྱེད་པ་ལ་ལྟོས་པའི་ཕྱིར། རྒྱུ་རྐྱེན་གྱི་བྱེད་པ་ལ་ལྟོས་པ་བྱས་པ་ཡིན་པ་དེས་ན་བྱས་པ་ཞེས་པའི་སྒྲ་འདི་ནི་ཆོས་ཅན། བྱས་པ་རང་གི་ངོ་བོ་བརྗོད་པ་ཡིན་ཡང་ཁྱད་པར་བྱེད་ཆོས་ཤུགས་ལ་བརྗོད་པ་ཡིན་ཏེ། བྱེད་པ་པོའི་རྒྱུ་རྐྱེན་གྱི་ཁྱད་པར་གཞན་དེ་དག་བློ་ཡུལ་དུ་འཕེན་པར་བྱེད་པའི་ངག་ཡིན་པའི་ཕྱིར། བྱས་པ་ལྟོས་པ་བར་བཤད་པ་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པ་ཡིན་ཏེ། རྒྱུ་རྐྱེན་གྱི་བྱེ་བྲག་གི་ཐ་དད་པ་ཅན་ཉེར་ལེན་ལ་སོགས་པ་ཡང་ལྟོས་པ་བར་བཤད་པ་ཡིན་པའི་ཕྱིར། སྔར་བཤད་པ་དེ་ལྟར་རང་བཞིན་གྱི་རྟགས་ཀྱི་འགོད་ཚུལ་ཁ་ཅིག་ཏུ་ནི་ཁྱད་པར་བྱེད་ཆོས་ལ་ལྟོས་ནས་རང་བཞིན་གྱི་གཏན་ཚིགས་སུ་བརྗོད་ལ། སྦྱོར་བའི་འགོད་ཚུལ་ཁ་ཅིག་ཏུ་ནི་ཁྱད་པར་ལ་མ་ལྟོས་པར་སྟེ། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་ཡོད་པ་ཉིད་རྟགས་སུ་བཀོད་པ་བཞིན་ནོ། །སྦྱོར་བའི་འགོད་ཚུལ་ཁ་ཅིག་ཏུ་ནི། གཏན་ཚིགས་ཀྱི་རང་བཞིན་དུ་གྱུར་བའི་བདག་ཉིད་ཁྱད་པར་གྱི་ཆོས་ཡོངས་སུ་བཟུང་ནས་འགོད་པ་ནི། དཔེར་ན་སྒྲ་དེ་ཉིད་མི་རྟག་པར་བསྒྲུབ་པ་ལ་སྐྱེ་བ་དང་ལྡན་པ་རྟགས་སུ་བཀོད་པ་བཞིན་ནོ། །རང་བཞིན་གཏན་ཚིགས་ཀྱི་རབ་དབྱེ་གསུམ་བཤད་པའི་ཕྱོགས་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པ་ཡིན་ཏེ། ཁྱོད་ལ་བརྟེན་ནས་གཞན་དུ་ཁྱད་པར་བྱེད་ཆོས་དང་འབྲེལ་བའི་དོན་བརྗོད་པའི་སྒྲས་བསྒྲུབ་བྱའི་ཆོས་དང་བདག་ཉིད་ཐ་མི་དད་པའི་སྒྲུབ་རྟགས་རྟགས་སུ་བཟུང་བ་ཐམས་ཅད་རང་བཞིན་གཏན་ཚིགས་ཀྱི་དབྱེ་བར་བལྟ་བར་བྱ་བ་ཡིན་པའི་ཕྱིར། མི་རྟག་པའི་རང་བཞིན་བྱས་པ་དེ་ཡང་ཆོས་ཅན། སྒྲ་ལ་མི་རྟག་པ་གོ་བར་བྱེད་པའི་རྟགས་ཡང་དག་ཡིན་ན་ནི་དེའི་ཚེ་གལ་ཏེ་རང་གི་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱབ་པ་ཚད་མས་ངེས་དགོས་པ་ཡིན་ཏེ། ཁྱབ་པ་ཚད་མས་མ་ངེས་པའམ་ཆོས་ཅན་ལ་བརྟེན་པ་ཕྱོགས་ཆོས་མ་ངེས་ན་ནི་བསྒྲུབ་བྱའི་ཆོས་ཀྱི་རང་བཞིན་གྱི་རྟགས་ཀྱིས་གོ་བར་བྱ་བ་སྒྲ་དང་མི་རྟག་པའི་ཚོགས་དོན་གོ་བར་བྱེད་པ་ཉིད་མིན་པར་འགྱུར་བའི་ཕྱིར། དཔེར་ན་རང་གསལ་བའི་ངོ་བོ་ཡིན་པ་ཉིད་ཀྱིས་གཞན་གསལ་བར་བྱེད་པའི་སྒྲོན་མ་ནི་སྒྲོན་མ་དེའི་རང་བཞིན་མ་རྟོགས་ན་རང་གི་དོན་གསལ་བའི་བྱ་བ་མི་བྱེད་པ་བཞིན་ནོ། །ཁྱབ་པའམ་འབྲེལ་བ་ཚད་མས་ངེས་པ་དེའི་ཕྱིར། ཁྱབ་པར་བྱ་བ་བྱས་པ་ནི་སྒྲ་མི་རྟག་པ་གོ་བར་བྱེད་པ་ཡིན་ལ། ཁྱབ་པར་བྱེད་པ་མི་རྟག་པ་ནི་སྒྲའི་སྟེང་དུ་ཁྱོད་ཀྱིས་གོ་བར་བྱ་བ་ཡིན་ཏེ། ཁྱོད་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་ཚད་མས་ངེས་པ་ཉིད་ཀྱི་ཕྱིར། ཁྱབ་པར་བྱེད་པའི་ཆོས་མི་རྟག་པ་དེ་ནི་ཆོས་ཅན། རང་ལོག་པ་ན་ཁྱབ་པར་བྱ་བ་བྱས་པ་དེ་ལྡོག་པར་བྱེད་པ་ཡིན་ཏེ། བྱས་པའི་ཁྱབ་བྱེད་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། མི་རྟག་པ་འདི་ཆོས་ཅན། བྱས་པ་དེའི་ཁྱབ་པར་བྱེད་པར་གྲུབ་པ་ཡིན་པར་ཐལ། བྱས་པ་ཁྱོད་ལས་ཐ་དད། ཁྱོད་མེད་ན་བྱས་པ་མེད་པ་དེ་ལྟར་ཡིན་པའི་ཕྱིར། གོ་བྱ་གོ་བྱེད་དུ་ངེས་པ་ཁྱབ་བྱ་ཁྱབ་བྱེད་དུ་ངེས་པ་ལ་རག་ལས་པ་དེའི་ཕྱིར། རྟགས་དང་བསྒྲུབ་བྱའི་ཆོས་ཁྱབ་བྱ་ཁྱབ་བྱེད་དུ་ངེས་པར་བསྟན་པ་འདིས་ནི་ཆོས་ཅན། གོ་བྱ་དང་གོ་བྱེད་དུ་འགྱུར་བའི་རྒྱུ་མཚན་བསྟན་པ་ཡིན་ཏེ། སྦྱོར་བ་རྣམ་པ་གཉིས་ཀྱི་བརྗོད་བྱ་གཏན་ཚིགས་དང་བསྒྲུབ་བྱའི་ཆོས་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དུ་འགྱུར་བའི་རྒྱུ་མཚན་ཡང་ཁྱབ་བྱ་ཁྱབ་བྱེད་དུ་ངེས་པ་ཁོ་ན་ལས་ངེས་པ་ཡིན་པར་བཤད་པར་རིག་པར་བྱ་བ་ཡིན་པའི་ཕྱིར། གོ་བྱེད་ཁྱབ་པ་ངེས་པ་ལ་ལྟོས་པར་བཤད་ནས་སྦྱོར་བའི་དབྱེ་བ་བཤད་པ་ནི། གཏན་ཚིགས་སྟོན་བྱེད་ཀྱི་ངག་ནི་ཆོས་ཅན། སྦྱོར་བའི་དབང་གིས་རྣམ་པ་གཉིས་ཡོད་དེ། ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་གཅིག་དང་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་གཅིག་གྲུབ་པའི་ཕྱིར། བསྒྲུབ་བྱའི་ཆོས་ཅན་དང་དཔེའི་ཆོས་ཅན་གཉིས་བསྒྲུབ་བྱའི་ཆོས་ལྡན་དུ་མཐུན་པར་སྟོན་པ་དང་མི་མཐུན་པར་སྟོན་པའི་ཆ་ནས་ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་དང་ཞེས་བཤད་དོ། །ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་འདི་གཉིས་ནི་ཆོས་ཅན། ཁྱོད་གཉིས་སྒྲའི་སྦྱོར་ཚུལ་ཐ་དད་པས་ཚུལ་གསུམ་སྟོན་པ་ཡིན་མིན་གྱི་ཁྱད་པར་ཡོད་མི་དགོས་པར་ཐལ། སྦྱོར་བའི་བྱེ་བྲག་མ་གཏོགས་པར་བརྗོད་བྱའི་དོན་ཚུལ་གསུམ་སྟོན་བྱེད་དུ་ནི་བྱེ་བྲག་ཅི་ཡང་མེད་པའི་ཕྱིར། སྦྱོར་བའི་ཁྱད་པར་འདི་ནི་གཞན་དོན་དུ་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན། གཞན་དོན་དུ་མ་ཟད་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་སྦྱོར་བའི་དབྱེ་བ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། སྦྱོར་བ་དེ་མཐོང་བ་གོམས་པ་ལས་རང་ཉིད་ཀྱིས་བསྒྲུབ་བྱ་རྟོགས་པ་ན་ཡང་རང་དོན་དེ་ལྟར་དུ་འགྱུར་བར་བསྟན་པའི་ཆེད་ཡིན་པའི་ཕྱིར། རྟོག་གེ་པ་གཞན་ཐམས་ཅད་རྗེས་སུ་འགྲོ་ལྡོག་གཅིག་སྦྱར་བས་གཉིས་ཀ་མི་རྟོགས་པས་གཉིས་ཀ་རྟོགས་པའི་དོན་དུ་གཉིས་ཀ་བརྗོད་དགོས་ཞེས་འདོད་པ་དགག་པ་ནི། ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ལ་ཡང་ཆོས་ཅན། དོན་གྱིས་ཁྱོད་ལས་ཆོས་མི་མཐུན་པ་ཉིད་རྟོགས་ཏེ། ཁྱོད་ཀྱིས་རྗེས་འགྲོ་དངོས་སུ་བསྟན་པའི་ཕྱིར། ཁྱབ་པ་ཡོད་དེ། ལྡོག་པ་གྲུབ་པ་དེ་མེད་ན་བསྒྲུབ་པར་བྱ་བའི་ཆོས་ཀྱིས་གཏན་ཚིགས་ལ་ཁྱབ་པའི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཆོས་མཐུན་སྦྱོར་ལས་ལྡོག་པ་རྟོགས་པ་དེ་བཞིན་དུ་ཆོས་མི་མཐུན་པ་ལ་ཡང་ཆོས་ཅན། ཁྱོད་ལས་རྗེས་སུ་འགྲོ་བ་རྟོགས་ཏེ། ཁྱོད་ཀྱིས་ལྡོག་པ་དངོས་སུ་བསྟན་པའི་ཕྱིར། ཁྱབ་པ་ཡོད་དེ། རྗེས་འགྲོ་གྲུབ་པ་དེ་མེད་ན་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པས་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཞེས་ལྡོག་པ་གཅིག་པུ་ཅན་དགག་པའི་སྐབས་སུ་འཆད་པར་འགྱུར་རོ་ཞེས་ཤཱཀྱ་བློ་གསུངས། གཏན་ཚིགས་ཀྱི་སྦྱོར་བ་དེ་དག་ཀྱང་དཔེར་ན། གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་སྟེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཅན་གྱི་སྦྱོར་བ་ཡིན་ནོ། །ངག་འདིར་ནི་ཆོས་ཅན། ཕྱོགས་སྒྲ་མི་རྟག་པ་གདོན་མི་ཟ་བར་ངག་གིས་ཟིན་པར་བསྟན་པར་མི་བྱ་སྟེ། ཤུགས་ཀྱིས་སྒྲ་མི་རྟག་པའོ་ཞེས་གོ་བར་འགྱུར་བ་ཡིན་པ་དེས་ནའོ། །ལྡོག་པ་ཅན་གྱི་སྦྱོར་བ་ཡང་དཔེར་ན། མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་དུ་འགྱུར་བ་མིན་ཏེ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ནི་བྱས་པ་ཡིན་ཞེས་བྱ་བའོ། །ངག་འདིར་ནི་ཆོས་ཅན། རྗེས་སུ་དཔག་པར་བྱ་བ་སྒྲ་མི་རྟག་པ་དངོས་སུ་མི་བརྗོད་དེ། ཁྱོད་ཀྱིས་བྱས་པ་མི་རྟག་པ་དེ་མེད་ན་མེད་པའི་ཁྱབ་པ་དང་སྒྲ་ལ་ཡང་བྱས་པ་ཡོད་པར་བསྟན་པ་ན་སྒྲའི་དངོས་པོ་མི་རྟག་པ་དེའི་བདག་ཉིད་དུ་ཡོད་པ་ཡིན་ནོ་ཞེས་ཤུགས་ཀྱིས་གྲུབ་པའི་ཕྱིར། ཇི་ལྟར་མི་རྟག་པ་མེད་ན་མེད་ཅེ་ན། བྱས་པ་ཆོས་ཅན། མི་རྟག་པ་མེད་ན་ཁྱོད་མེད་པར་ཐལ། མི་རྟག་པ་དེའི་ངོ་བོར་གྲུབ་པ་ཉིད་ཀྱིས་སོ། །ཁྱོད་ལས་རྗེས་སུ་འགྲོ་བ་རྟོགས་པ་ཡང་དོན་གྱི་གོ་བས་འགྲུབ་སྟེ། ཁྱོད་ཀྱིས་ལྡོག་པ་དངོས་སུ་བསྟན་པའི་ཕྱིར། ཁྱབ་པ་ཡོད་པའི་ཚུལ་འདི་ལྟར། མི་རྟག་པ་དེའི་བདག་ཉིད་དུ་མ་ངེས་པས་ནི་མི་རྟག་པ་དེ་ལྡོག་པས་ལྡོག་པར་མི་འགྱུར་བའི་ཕྱིར་རོ། །འབྲེལ་ཡུལ་མ་ཡིན་པ་ལྡོག་ཀྱང་གཞན་མི་ལྡོག་པ་དེས་ན། རྗེས་འགྲོའི་ཁྱབ་པ་ངེས་པ་རབ་ཏུ་བསྒྲུབས་ནས་ལྡོག་པ་བརྗོད་པར་བྱའོ། །སྦྱོར་བའི་དབྱེ་བ་འཕྲོས་དང་བཅས་པ་བཤད་ནས། བྱས་པ་དང་མི་རྟག་པ་བདག་གཅིག་ཏུ་ལྟོས་མེད་ཀྱི་རྟགས་ཀྱིས་གྲུབ་པར་བསྟན་པ་ལ། དང་པོ་ལྟོས་མེད་ཀྱི་རྟགས་འགོད་པ་ལ། ཕྱོགས་སྔ་མ་བརྗོད་པ་ཡིན་ཏེ། བྱས་པ་ཁྱབ་བྱ་ཁྱབ་བྱེད་དུ་ངེས་པ་གཏན་ཚིགས་སུ་འདོད་པ་ད་ནི་བློ་གང་གིས་གང་བྱས་པ་མི་རྟག་ཅེས་དེ་སྐད་དུ་བརྗོད་པར་འགྱུར་བ་བྱས་པ་གདོན་མི་ཟ་བར་མི་རྟག་པའོ་ཞེས་ཇི་ལྟར་ཤེས་པར་བྱ་ཞེ་ན། ལན་ལ། དང་པོ་ལྟོས་མེད་ཀྱི་རྟགས་འགོད་པ་ནི། བྱས་པ་ལ་མི་རྟག་པས་ཁྱབ་པའི་ཚུལ་འདི་ལྟར། འཇིག་པ་ནི་ཆོས་ཅན། བྱས་པ་ལ་རང་གི་ངོ་བོས་རྗེས་སུ་འབྲེལ་བ་ཉིད་ཡིན་ཏེ། བྱས་པའི་རྒྱུ་ལས་དོན་གཞན་ལ་ལྟོས་མེད་དུ་བྱས་པ་དང་ལྷན་གཅིག་ལས་སྐྱེས་པའི་ཕྱིར། དེ་ཉིད་བཤད་པ་ནི། བུམ་གཟུགས་སོགས་ཀྱི་དངོས་པོ་ནི་ཆོས་ཅན། ཁྱོད་འཇིག་པ་དེའི་ངོ་བོར་འགྱུར་བ་འཇིག་རྒྱུ་དོན་གཞན་ལ་ལྟོས་པ་མེད་པ་ཡིན་ཏེ། རང་གི་རྒྱུ་ཁོ་ན་ལས་འཇིག་པའི་ངང་ཅན་དུ་འབྱུང་བའི་ཕྱིར། ལྟོས་མེད་ཡིན་པ་དེ་བས་ན། བུམ་གཟུགས་སོགས་དེ་ནི་ཆོས་ཅན། མི་རྟག་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གང་ཅུང་ཟད་བྱས་པ་ཐམས་ཅད་རང་བཞིན་གྱིས་འཇིག་པའི་ངང་ཅན་ཡིན་པས་སོ། །བྱས་པ་ཡོད་པ་ལ་འཇིག་པས་ཁྱབ་པ་ནི་གནོད་པ་ཅན་གྱི་རིགས་པས་གྲུབ་པ་མ་ཡིན་ནམ། ལྟོས་མེད་ཀྱི་རྟགས་ཀྱིས་ཅི་ཞིག་བྱ་ཞེ་ན། འདི་ལ་སློབ་དཔོན་ཆོས་མཆོག་གིས་འཇིག་རྒྱུ་གཞན་ཡོད་ན་འཇིག་པར་མ་ངེས་པས་གནོད་པ་ཅན་གྱི་རིགས་པས་སྐད་ཅིག་མ་མི་འགྲུབ་པའི་ཕྱིར། གནོད་པ་ཅན་གྱི་ཡན་ལག་ཡོངས་སུ་སྦྱོང་བའི་དོན་དུ་འདི་བཀོད་པ་ཡིན་ནོ་ཞེས་འཆད་དོ། །བོད་ཁ་ཅིག་ནི། འཇིག་པ་རྒྱུ་གཞན་ལ་ལྟོས་པར་ཁས་ལེན་པ་ལ་ལྟོས་མེད་དང༌། གཏན་མི་འཇིག་པར་འདོད་པ་ལ་གནོད་པ་ཅན་བཀོད་པ་ཡིན་ནོ་ཞེས་འདོད་དེ། ལྟོས་བཅས་ལ་སྐྱོན་བརྗོད་པ་ནི་རྩ་བ་ལ་ཁྱབ་པ་ཡོད་པའི་ཚུལ་འདི་ལྟར། བུམ་གཟུགས་སོགས་ཀྱི་དངོས་པོ་རྣམས་ནི་ཆོས་ཅན། ངེས་པར་འགྱུར་བ་སྟེ་འཇིག་པ་མེད་པར་ཐལ། ཁྱོད་འཇིག་པར་འགྱུར་བ་འཇིག་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །དེ་ཉིད་བཤད་པ་ནི། བུམ་གཟུགས་སོགས་ཀྱི་དངོས་པོ་ནི་ཆོས་ཅན། ཁྱོད་འཇིག་པར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་མེད་པ་ཡིན་ཏེ། ཁྱོད་འཇིག་པར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་ན་ནི་བུམ་པ་ལ་སོགས་པ་འགའ་ཞིག་རྟག་པར་ཡང་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །གལ་ཏེ་ལྟོས་བཅས་ཡིན་ཡང་འཇིག་པར་འགྱུར་ཏེ། འཇིག་རྒྱུ་མང་པོ་ཡོད་པས་སོ་ཞེ་ན། འཇིག་པའི་རྒྱུ་མང་པོ་ཡོད་ཀྱང་བུམ་སོགས་ཀྱི་དངོས་པོ་འགའ་ཞིག་ཆོས་ཅན། མི་འཇིག་པར་ཡང་འགྱུར་བར་ཐལ། འཇིག་རྒྱུ་ཐོ་བ་ལ་སོགས་པ་དེ་དག་ཀྱང་རང་གི་རྐྱེན་ལ་རག་ལས་ནས་འབྲས་བུ་བསྐྱེད་པ་ལ་ཉེ་བ་ཡིན་པའི་ཕྱིར་དང༌། གདོན་མི་ཟ་བར་ཁྱོད་འཇིག་བྱེད་ཀྱི་དངོས་རྒྱུར་ཉེ་བ་མ་ཡིན་པའི་ཕྱིར། དེར་ཐལ། ཐོ་སོགས་དེ་དག་ཀྱང་རང་གི་རྐྱེན་ལ་རག་ལས་ནས་ཁྱོད་འཇིག་བྱེད་ཀྱི་རྒྱུར་ཉེ་དགོས་པའི་ཕྱིར། འཇིག་བྱེད་ཀྱི་རྒྱུར་འདོད་པའི་ཐོ་བ་ལ་སོགས་པ་རྣམས་ནི་ཆོས་ཅན། གདོན་མི་ཟ་བར་འབྲས་བུ་བུམ་པའི་འཇིག་པ་དང་ལྡན་པ་སྟེ་སྐྱེད་བྱེད་མ་ཡིན་ཏེ། ཁྱོད་ཀྱིས་བུམ་པའི་འཇིག་པ་བསྐྱེད་པ་ལ་མཐུན་རྐྱེན་མ་ཚང་བ་དང་འགལ་རྐྱེན་གྱིས་གེགས་བྱེད་པ་སྲིད་པའི་ཕྱིར། དེ་ཉིད་ཚིགས་སུ་བཅད་པས་བསྡུས་པ་ནི། འཇིག་པ་རྒྱུ་དང་ལྡན་པར་སྨྲ་བ་གནས་མ་བུའི་སྡེ་པ་རྣམས་ཀྱིས་འཇིག་པའི་རྒྱུར་འདོད་པའི་ཐོ་བ་ལ་སོགས་པ་ཐམས་ཅད་དག་ནི་ཆོས་ཅན། བུམ་པའི་འཇིག་པ་བསྐྱེད་པ་ལ་འཁྲུལ་བ་ཉིད་དུ་ཐལ། ཁྱོད་ཀྱིས་འབྲས་བུ་བུམ་པའི་འཇིག་པ་བསྐྱེད་པར་ངེས་པ་མེད་པའི་ཕྱིར། ཞེས་བཤད་དོ། །འཇིག་རྒྱུ་དོན་གཞན་མེད་པ་དེའི་ཕྱིར། བུམ་སོགས་ཀྱི་དངོས་པོ་དེ་ནི་ཆོས་ཅན། ཁྱོད་འཇིག་པ་དེའི་ངོ་བོར་ངེས་པ་ཡིན་ཏེ། ཁྱོད་འཇིག་པ་དེའི་ངོ་བོར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་མེད་པར་སྐྱེས་པའི་ཕྱིར། རྒྱུའི་ཚོགས་ཐ་མས་རང་གི་འབྲས་བུ་བསྐྱེད་པ་ལ་གེགས་བྱེད་པ་མི་སྲིད་པ་བཞིན་ནོ། །ལྟོས་མེད་ཀྱི་རྟགས་ལ་རྩོད་པ་སྤང་བ་ལ་མཐུན་པའི་རྒྱུ་ཚོགས་ཀྱིས་མ་ངེས་པར་སྨྲ་བ་སྤང་བ་ནི། གལ་ཏེ་ལྟོས་མེད་འཇིག་ངེས་ལ་འཁྲུལ་བར་ཐལ། དངོས་པོ་འགའ་ཞིག་འཇིག་པ་འགའ་ཞིག་ཏུ་འགྱུར་བ་རྒྱུ་གཞན་ལ་ལྟོས་པ་མེད་དུ་ཟིན་ཀྱང་འཇིག་པ་དེའི་ངོ་བོར་མ་ངེས་པ་མིན་ནམ་སྟེ་ཡིན་པའི་ཕྱིར། དཔེར་ན་ས་དང་ས་བོན་དང་ཆུའི་ཚོགས་པ་དག་གིས་མྱུ་གུ་བསྐྱེད་པ་གཞན་ལ་ལྟོས་པ་མེད་ཀྱང་རེ་འགའ་མྱུ་གུ་མི་བསྐྱེད་པར་མཐོང་བ་བཞིན་ནོ་ཞེ་ན། མྱུ་གུའི་རྒྱུ་ཚོགས་ཆོས་ཅན། ཁྱོད་ཀྱིས་མྱུ་གུ་བསྐྱེད་པ་གཞན་ལ་ལྟོས་མེད་མིན་པར་ཐལ། ཁྱོད་ཀྱིས་མྱུ་གུ་སྐྱེད་པའི་སྐབས་དེར་ཡང་ཁྱོད་ཀྱི་རྒྱུན་ཡོངས་སུ་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །ཚོགས་པས་འབྲས་བུ་བསྐྱེད་པ་གཞན་ལ་ལྟོས་པ་དེ་ལྟར་དུ་དངོས་པོ་འཇིག་པ་ནི་ཕྱིས་འབྱུང་གི་རྒྱུ་འགའ་ལ་ཡང་ལྟོས་པ་མ་ཡིན་ནོ། །རྒྱུ་ཚོགས་ལ་གཉིས་ལས་དང་པོ་དང་ཐ་མ་གཉིས་ལས། ཐ་མས་འབྲས་བུ་བསྐྱེད་པའི་སྐབས་དེ་ལ་ཡང་མྱུ་གུའི་རྒྱུ་ཚོགས་ཐ་མ་གང་ཡིན་པ་དེ་ནི་ཆོས་ཅན། འབྲས་བུ་དང་ལྡན་པ་ཉིད་དེ། འགལ་རྐྱེན་གྱིས་བར་དུ་ཆོད་པར་མེད་པར་ཁྱོད་ཀྱིས་འབྲས་བུ་བསྐྱེད་པའི་ཕྱིར། རྒྱུ་ཚོགས་གཉིས་ཡོད་པ་དེ་ལ་མྱུ་གུའི་རྒྱུ་ཚོགས་ཐ་མ་དེ་ཉིད་ཆོས་ཅན། མྱུ་གུའི་དངོས་རྒྱུ་ཡིན་ཏེ། མྱུ་གུ་དངོས་སུ་བསྐྱེད་ངེས་ཡིན་པའི་ཕྱིར། ནུས་པ་ཡོངས་སུ་འགྱུར་བ་མྱུ་གུའི་རྒྱུ་ཚོགས་སྔ་མ་དག་ནི་ཆོས་ཅན། མྱུ་གུ་དངོས་སུ་བསྐྱེད་ངེས་མིན་ཡང་མྱུ་གུའི་རྒྱུར་ཐལ། མྱུ་གུའི་དངོས་རྒྱུའི་དོན་དུ་ཁྱོད་འཇུག་དགོས་པ་ཡིན་པའི་ཕྱིར། མྱུ་གུའི་རྒྱུ་ཚོགས་ཐ་མ་དེ་ཆོས་ཅན། ཁྱོད་ཀྱིས་མྱུ་གུ་བསྐྱེད་པ་དེར་ནི་འགལ་རྐྱེན་གྱིས་གེགས་བྱེད་པར་ནུས་པ་འགའ་ཡང་ཡོད་པ་མིན་ཏེ། མྱུ་གུ་དངོས་སུ་བསྐྱེད་ནུས་པའི་ཕྱིར། ཞེས་མཐའ་ཡི་སྐད་ཅིག་ན་ནི་གེགས་མེད་ཅེས་སོགས་མང་དུ་བཤད་ཟིན་ཏོ། །མི་མཐུན་པའི་རྒྱུ་ཚོགས་ཀྱིས་མ་ངེས་པ་སྤང་བ་ནི། གལ་ཏེ་སཱ་ལུའི་ས་བོན་དང་ལྷན་ཅིག་ཏུ་གནས་པའི་ནས་ཀྱི་ས་བོན་ཐ་མ་ལ་སོགས་པ་ཡང་ཆོས་ཅན། སཱ་ལུའི་མྱུ་གུ་བསྐྱེད་པ་གཞན་ལ་ལྟོས་པ་མེད་པ་མིན་ནམ་སྟེ་ཡིན་པར་ཐལ། ནས་ཀྱི་མྱུ་གུ་སྐྱེད་བྱེད་གང་ཞིག ཁྱོད་ཀྱིས་ནས་ཀྱི་མྱུ་གུ་དེ་བསྐྱེད་པའི་རྐྱེན་དག་ནི་དུས་རེས་འགའ་ས་ལུའི་མྱུ་གུ་དེ་ལ་ཡང་ཉེ་བའི་ཕྱིར། འདོད་ན་ས་ལུའི་མྱུ་གུ་བསྐྱེད་ངེས་སུ་ཐལ། སཱ་ལུའི་མྱུ་གུ་བསྐྱེད་པ་གཞན་ལ་ལྟོས་པ་མེད་པའི་ཕྱིར་ཞེ་ན། སཱ་ལུའི་མྱུ་གུ་དེ་ཆོས་ཅན། ཇི་ལྟར་ནས་ཀྱི་ས་བོན་ལས་གཞན་ལ་ལྟོས་མེད་ཡིན་ཏེ་སྟེ་མིན་པར་ཐལ། གང་གི་ཕྱིར་ན་ས་ལུའི་ས་བོན་དེའི་རང་གི་ངོ་བོ་ལ་ལྟོས་པ་ཡིན་པའི་ཕྱིར། དེར་ཐལ། སཱ་ལུའི་ས་བོན་ལ་ལྟོས་ཤིང༌། ནས་ཀྱི་ས་བོན་ལ་སོགས་པ་དེ་དག་ལ་ནི་ཁྱོད་སྐྱེད་པར་བྱེད་པའི་ཉེར་ལེན་གྱི་རྒྱུའི་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་མེད་པའི་ཕྱིར། དེ་ལྟ་ན་ནི་འོ་ན་རྟགས་སུ་བཀོད་པའི་བྱས་པའམ་ཡོད་པ་འགའ་ཞིག་ལ་ཡང་ཆོས་ཅན། འཇིག་པ་དེའི་རང་གི་ངོ་བོ་སྐྱེད་བྱེད་ཀྱི་རྒྱུ་ལ་ལྟོས་པར་ཐལ། འཇིག་པ་དེའི་རང་གི་ངོ་བོ་ཉེར་ལེན་གྱི་རྒྱུ་ལ་མེད་པས་སོ། །འདོད་ན་འཇིག་ངེས་སུ་གྲུབ་པ་མིན་པར་ཐལ། ལྟོས་བཅས་ཡིན་པའི་ཕྱིར་ཞེ་ན། ལན་ལ་མྱུ་གུ་གཉིས་ལ་ཉེར་ལེན་ཐ་དད་དུ་ཡོད་པར་བསྟན་པ་དང༌། འཇིག་མི་འཇིག་ཏུ་སྐྱེད་བྱེད་ཐ་དད་མེད་པ་དང་མི་མཚུངས་པར་བསྟན་པ་དང་དོན་གསུམ་ལས་དང་པོ་ནི། སཱ་ལུའི་ས་བོན་ལ་སོགས་པ་ཆོས་ཅན། སཱ་ལུའི་མྱུ་གུའི་ཉེར་ལེན་གྱི་རང་གི་ངོ་བོ་ཡིན་ཏེ། དེ་ཡིན་པར་རང་གི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར། ནས་ཀྱི་ས་བོན་དེ་ནི་ཆོས་ཅན། སཱ་ལུའི་མྱུ་གུ་དེའི་ཉེར་ལེན་གྱི་རང་བཞིན་དུ་མི་འགྱུར་ཏེ། སཱ་ལུའི་མྱུ་གུའི་ཉེར་ལེན་དུ་སྐྱེད་བྱེད་ཀྱི་རྒྱུ་ཅན་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱིས་ནས་ཀྱི་མྱུ་གུ་བསྐྱེད་པར་ནུས། སཱ་ལུའི་མྱུ་གུ་བསྐྱེད་པར་མི་ནུས་པ་ནི་རང་གི་རྒྱུས་བྱས་པའི་ཕྱིར། རྒྱུའི་ནུས་པ་ངེས་པར་དཀའ་བས་འདི་བསྐྱེད་ནུས་མི་ནུས་ཀྱི་དབྱེ་བ་མི་འཐད་དོ་ཞེ་ན། རྒྱུའི་ནུས་པ་སོ་སོར་ངེས་པ་དེ་ཡང་ཆོས་ཅན། ཚད་མས་རྟོགས་པར་ཐལ། རང་རང་གི་ཉེར་ལེན་ཅན་གྱི་རྒྱུའི་རང་གི་ངོ་བོར་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མས་རྟོགས་པ་ཉིད་ཀྱི་ཕྱིར་རོ། །དོན་རྣམས་ཀྱི་རྒྱུའི་རང་བཞིན་སོ་སོར་ངེས་པ་དེ་ཡང་ཆོས་ཅན། གློ་བུར་བ་ནི་མི་རིགས་པར་ཐལ། ཡུལ་དང་དུས་དང་རྫས་རེས་འགའ་བ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་ལ་ལྟོས་པ་མེད་པ་ཡིན་ན་ནི་ཡུལ་དང་དུས་དང་རྫས་སོ་སོར་ངེས་པར་མི་འཐད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གནས་མ་བུའི་སྡེ་པ་ཆོས་ཅན། མྱུ་གུ་གཉིས་ལ་ཉེར་ལེན་ཐ་དད་ཡོད་པ་དེ་བཞིན་དུ་བྱས་ཡོད་ཀྱི་སྐབས་འདི་ལ་ཡང་རྒྱུ་གང་གི་སྟོབས་ཀྱིས་དངོས་པོ་འདི་དག་ལས་འགའ་ཞིག་འཇིག་པའི་བདག་ཉིད་དུ་སྐྱེ་བར་འགྱུར། འགའ་ཞིག་མི་འགྱུར་བའི་ངེས་པའི་རྒྱུ་འགའ་ཞིག་བརྗོད་དགོས་པར་ཐལ། དངོས་པོ་འགའ་ཞིག་འཇིག་པར་སྐྱེ་འགའ་ཞིག་མི་འཇིག་པར་སྐྱེ་བའི་ཕྱིར། འདོད་ན་དེ་མིན་པར་ཐལ། བྱས་ཡོད་ཀྱི་སྐབས་འདིར་འཇིག་མི་འཇིག་སོ་སོར་ངེས་པར་བྱེད་པའི་རྒྱུའི་རང་བཞིན་ནི་འགའ་ཡང་མེད་པའི་ཕྱིར། དེར་ཐལ། སྐྱེ་བ་ཅན་ཐམས་ཅད་ནི་འཇིག་པ་དང་ལྡན་པར་གྲུབ་པའི་ཕྱིར། གལ་ཏེ་སྐྱེ་བ་ཅན་གྱི་རང་བཞིན་ནི་སྐྱེ་བའི་རྒྱུས་འཇིག་པ་དང་ལྡན་པར་འགྱུར་རོ་ཞེ་ན། དེའི་སྐྱེ་བ་ནི་ཆོས་ཅན། འཇིག་པའི་རྒྱུ་མིན་པར་ཐལ། འཇིག་པའི་རང་བཞིན་ཡིན་པའི་ཕྱིར། རྒྱུ་མེད་ཀྱང་རང་བཞིན་ངེས་སོ་ཞེ་ན། དངོས་པོ་རྣམས་ལ་ཡང་ཆོས་ཅན། ཡུལ་དུས་རང་བཞིན་ངེས་པ་ཡོད་པ་མ་ཡིན་པར་ཐལ། རྒྱུ་མེད་པ་ཡིན་པའི་ཕྱིར། གསུམ་པ་མི་མཚུངས་པར་བསྟན་པ་ནི། དངོས་པོ་འདི་ལ་ཆོས་ཅན། འཇིག་པ་དང་མི་འཇིག་པ་སྐྱེད་བྱེད་ཀྱི་རྒྱུའི་རང་བཞིན་གྱི་རྣམ་པར་དབྱེ་བ་འགའ་ཡང་མེད་པར་ཐལ། སྐྱེ་བ་ཅན་ཐམས་ཅད་འཇིག་པར་མཚུངས་པ་དེའི་ཕྱིར། འདོད་ན། འབྲས་བུ་འདུས་བྱས་ལ་ཡང་འཇིག་མི་འཇིག་གི་རྣམ་དབྱེ་མེད་པར་ཐལ། རྒྱུ་དེ་ལ་འཇིག་མི་འཇིག་ཏུ་སྐྱེད་བྱེད་ཀྱི་རྣམ་དབྱེ་མེད་པའི་ཕྱིར། འདོད་ན། ནས་དང་ས་ལུའི་མྱུ་གུ་གཉིས་ལ་རྒྱུ་ཐ་དད་ཡོད་པ་ལྟར། དངོས་པོ་ལ་འཇིག་མི་འཇིག་ཏུ་སྐྱེད་བྱེད་ཀྱི་རྒྱུ་ཐ་དད་ཡོད་པར་མི་མཚུངས་པར་ཐལ་ལོ། །གནོད་པ་ཅན་གྱི་རིགས་པས་བསྒྲུབ་པ་ལ། དང་པོ་དངོས་པོ་ལ་དོན་བྱེད་པས་ཁྱབ་པ་བསྟན་པ་ནི། གལ་ཏེ་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བ་ཅན་ཐམས་ཅད་ནི་འཇིག་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ངེས་པ་མེད་པ་ཡིན་ཏེ། རྒྱུའི་ཚོགས་པ་དེ་དག་ལ་ནི་མ་ལུས་པར་ཚད་མས་མཐོང་བ་མེད་པའི་ཕྱིར་རོ། །ངེས་པ་མེད་པའི་ཚུལ་ཡང་འདི་ལྟར་གཟུགས་དང་ཤེས་པ་སོགས་ཀྱི་དངོས་པོ་རྣམས་ཀྱི་ཚོགས་པ་ནི་ཐོགས་བཅས་ཐོགས་མེད་བསྐྱེད་པའི་ནུས་པ་སྣ་ཚོགས་པར་མཐོང་བ་བཞིན་དུ་རྒྱུའི་ཚོགས་པ་ཕལ་ཆེར་འཇིག་པ་སྐྱེད་བྱེད་ཡིན་ཡང་རྒྱུའི་ཚོགས་པ་དེ་ལས་འགའ་ཞིག་འབྲས་བུ་མི་འཇིག་པའི་བདག་ཉིད་དུ་བསྐྱེད་པ་གང་ཡིན་པར་ཡང་འགྱུར་སྲིད་དེ། འབྲས་བུ་རྟག་པ་བསྐྱེད་པའི་རྒྱུ་འགོག་པའི་རྟགས་མེད་པའི་ཕྱིར་རོ། །དངོས་པོ་ལ་མི་རྟག་པས་མ་ཁྱབ་བོ་ཞེ་ན། དངོས་པོ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་སྟེ། དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཏེ། ནུས་པ་བརྗོད་པ་ཐམས་ཅད་བྲལ་བ་ནི་ཉེ་བར་བརྗོད་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར། འོ་ན་ནི་དགྲ་བཅོམ་མཐའི་སེམས་ཀྱི་སྐད་ཅིག་ཉེ་བར་བརྗོད་པ་མེད་པ་དངོས་མེད་དུ་ཐལ་ལོ་ཞེ་ན། ལྷག་མེད་དུ་འདའ་ཁའི་སེམས་ཆོས་ཅན། ཁྱོད་དོན་བྱེད་མི་ནུས་པ་མ་ཡིན་པར་ཐལ། འབྲས་བུ་བྱེད་པའི་ཕྱིར། འོ་ན་མཐའ་ཞེས་བརྗོད་པ་དང་འགལ་ལོ་ཞེ་ན། ཁྱོད་ལ་མཐའ་ཞེས་བརྗོད་པ་དོན་མི་བྱེད་པ་མིན་པར་ཐལ། སེམས་ཅན་དུ་བགྲང་བའི་སྐད་ཅིག་གཞན་ཉེ་བར་ལེན་པ་མེད་པ་ལ་ཁྱོད་མཐའི་མཚན་ཉིད་ཅན་དུ་བཤད་པ་ཡིན་པའི་ཕྱིར་རོ། །ཁམས་གསུམ་དུ་འབྲས་བུ་གང་གི་རྐྱེན་བྱེད་པ་བསྟན་པ་ནི། མྱ་ངན་ལས་འདའ་བའི་སེམས་ཀྱི་སྐད་ཅིག་ཐ་མ་དེ་ཡང་ཆོས་ཅན། དོན་བྱེད་ནུས་པར་ཐལ། གཟུགས་མེད་པའི་ཁམས་སུ་ཡང་ཐ་ན་ཤེས་བྱ་ལ་ཁྱབ་པའི་ཡེ་ཤེས་ལ་ཕན་པ་བྱེད་ནུས་པ་ཉིད་ཡིན་པའི་ཕྱིར་དང༌། ཁམས་གཞན་འདོད་གཟུགས་དག་ཏུ་ནི་མངོན་ཤེས་ལ་སོགས་དུ་མ་ལ་ཕན་འདོགས་པར་འགྱུར་བའི་ཕྱིར། བསྒྲིམ་པ་སྟེ་གཟིགས་བཞེད་མེད་ན་ཕན་འདོགས་མི་ནུས་པར་འགྱུར་རོ་ཞེ་ན། ཁྱོད་ལ་བཅོམ་ལྡན་འདས་གཟིགས་བཞེད་མེད་པ་མིན་པར་ཐལ། བཅོམ་ལྡན་འདས་ཁྱོད་ལ་བསྒྲིམ་པ་སྟེ་གཟིགས་བཞེད་མེད་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཐ་མའི་སེམས་མ་ཤེས་ན་ནི། བཅོམ་ལྡན་འདས་གཞན་གྱི་དོན་ལ་འཇུག་པ་ན་ཆོས་ཅན། གཞན་དོན་སྒྲུབ་པར་བྱེད་པའི་ཡན་ལག་མ་ཚང་བ་མེད་པ་མི་འཐད་པར་ཐལ། གཞན་དོན་སྒྲུབ་པ་དེའི་ཡན་ལག་ཐ་མའི་སེམས་ཤེས་པ་མ་ཚང་བས་ནའོ། ཁྱབ་པ་ཡོད་དེ་ཆོས་གཅིག་ཡོངས་སུ་མ་ཤེས་ན་ཡང་བྱ་བ་དང་བྱ་བ་མིན་པ་ཐར་ཕྱིན་པ་མི་རྟོགས་པར་འགྱུར་བའི་ཕྱིར་རོ། །རྟགས་གྲུབ་སྟེ། དེ་ལྟ་ན་དུས་ཐམས་ཅད་དུ་བླང་དོར་ཐམས་ཅད་ཤེས་པ་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་ཏེ། གནས་སྐབས་འགའ་ཞིག་ཏུ་ཅི་ཞིག་ལྟར་ཐམས་ཅད་ཉེ་བར་མཁོ་བའི་ཕྱིར་རོ། །མྱ་ངན་ལས་འདའ་ཁའི་སེམས་ཀྱི་སྐད་ཅིག་ཐ་མ་ཆོས་ཅན། འབྲས་བུ་བྱེད་པའི་ནུས་པ་མེད་པ་ཉིད་ཀྱང་མིན་ཏེ། འབྲས་བུ་འགའ་བྱེད་པའི་ཕྱིར། འབྲས་བུ་མི་བྱེད་ཀྱང་རྐྱེན་དང་བྲལ་བ་མ་ཡིན་གྱི་རྐྱེན་དང་མ་བྲལ་ན་ནི་འབྲས་བུ་བྱེད་པ་ཉིད་དོ། །དངོས་པོ་ལ་དོན་བྱེད་པས་ཁྱབ་པ་བསྒྲུབས་ནས། རྟག་པ་ལ་དོན་བྱེད་པ་འགོག་པ་ལ་རྟགས་འགོད་པ་ནི། སྐད་ཅིག་མ་མིན་པ་ནི་ཆོས་ཅན། ཐ་མའི་སེམས་དེ་ལྟར་དུ་རྐྱེན་དང་ཕྲད་པ་ནི་འབྲས་བུ་བྱེད་པ་མིན་པར་ཐལ། རྐྱེན་ཡོད་མེད་ཀྱི་རྣམ་པ་ཐམས་ཅད་དུ་དོན་བྱེད་པ་མི་སྲིད་པའི་ཕྱིར་རོ། །རྟགས་དེ་ཉིད་སྒྲུབ་པའི་བཤད་པ་ནི། སྐད་ཅིག་མ་མ་ཡིན་པ་དེ་ནི་ཆོས་ཅན། དོན་བྱེད་པ་སྲིད་པ་མིན་ཏེ། རིམ་དང་ཅིག་ཅར་གྱིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །རིམ་གྱིས་དོན་བྱེད་པ་ནི་མིན་ཏེ། རྐྱེན་ལ་ལྟོས་མེད་དུ་འབྲས་བུ་བྱེད་པའི་ཕྱིར། ཁྱབ་པ་ཡོད་དེ། རྐྱེན་ལ་ལྟོས་པ་མེད་པར་རང་ཡོད་པ་ཙམ་གྱིས་བྱེད་པ་པོར་འགྱུར་བ་ནི་འབྲས་བུ་སྡོད་པར་ཏེ་རིམ་ཅན་དུ་བྱས་པ་མི་རིགས་པའི་ཕྱིར་རོ། །སྐད་ཅིག་དང་པོར་མི་བྱེད་ཀྱི་ཕྱིས་བྱེད་དོ་ཞེ་ན། ཁྱོད་སྔར་འབྲས་བུ་བྱེད་པ་པོ་མ་ཡིན་པ་ན་ནི་ཕྱིས་ཀྱང་བྱེད་པར་མི་འགྱུར་ཏེ། རང་གི་ངོ་བོ་སྔ་ཕྱི་འགྱུར་བ་མེད་པའི་ཕྱིར། རྐྱེན་ལ་ལྟོས་ནས་འབྲས་བུ་བྱེད་པ་ཡིན་པར་འདོད་ན་ཡང་རིག་བྱེད་དགག་པར་ལན་བཤད་ཟིན་ཏོ། །འབྲས་བུ་གཅིག་ཆར་བྱེད་པ་ཡང་མིན་ཏེ། གཅིག་ཆར་བྱེད་པ་ལ་ཡང་སྐྱོན་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། རྟག་པ་ནི་ཆོས་ཅན། ཕྱིས་ཀྱང་འབྲས་བུ་མི་བྱེད་པར་མི་འཐད་པར་ཐལ། དོན་བྱེད་ཅིང་རྟག་པ་དེའི་རང་གི་ངོ་བོ་ཡིན་པའི་ཕྱིར། རིམ་དང་ཅིག་ཆར་གྱིས་དོན་བྱེད་པར་མི་རུང་བ་དེས་ན། རྟག་པ་དེ་ནི་ཆོས་ཅན། ཡོད་པ་དངོས་པོའི་མཚན་ཉིད་ལས་འདས་པ་ཡིན་ཏེ། འབྲས་བུ་བསྐྱེད་པའི་ནུས་པ་ཐམས་ཅད་ལྡོག་པའི་ཕྱིར། དེ་ཉིད་ཀྱི་དོན་སྡུད་པ་ནི། གཟུགས་སོགས་ཀྱི་དངོས་པོ་གང་ཡིན་པ་དེ་ཆོས་ཅན། འགྲོ་བ་འདིར་དོན་དམ་དུ་ཡོད་པ་ཡིན་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། སྐད་ཅིག་མ་མ་ཡིན་པ་དེ་ལ་ཆོས་ཅན། དངོས་པོར་མེད་དེ་རིམ་དང་རིམ་མ་ཡིན་པར་དོན་བྱེད་པ་འགལ་བའི་ཕྱིར། དེ་ལྟར་རྟག་པ་ལ་དོན་བྱེད་པ་ཁེགས་པས་ན་མི་རྟག་པ་ཁོ་ན་ལ་གྲུབ་པར་འགྱུར་བས་འཇིག་པ་རྒྱུ་མེད་པའི་སྒོ་ནས་ལམ་སྦྱངས་ནས། གནོད་པ་ཅན་གྱིས་བྱས་པ་ལ་མི་རྟག་པས་ཁྱབ་པ་ལེགས་པར་བསྒྲུབས་པ་ཡིན་ནོ། །རྩོད་རིགས་ལས། ཁྱབ་པ་སྒྲུབ་པར་བྱེད་པ་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་བསྟན་ཞེས་བཤད་དོ། །གནོད་པ་ཅན་གྱི་རིགས་པས་བྱས་ཡོད་མི་རྟག་པར་བསྒྲུབ་པ་ལས་ཡང་ན། རྣམ་ཤེས་ཆད་འགྱུར་དང་སྐྱེ་འགག་རིག་པའི་རིགས་པས་ཕུང་ཁམས་སྐྱེ་མཆེད་ཀྱི་བྱས་པ་མི་རྟག་པར་བསྒྲུབ་པ་ནི། ཤེས་བྱ་ཆོས་ཅན། དུས་ཐམས་ཅད་འཇིག་པར་ངེས་པ་མེད་པའི་སྐྱོན་མེད་དེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱི་བྱས་པ་མི་རྟག་པ་ཉིད་དུ་འོག་ཏུ་རིགས་པས་བསྒྲུབ་པའི་ཕྱིར། ཕུང་ཁམས་སྐྱེ་མཆེད་དུ་མ་འདུས་པའི་བྱས་པ་ཡོད་པས་དེ་ལ་མི་རྟག་པས་ཁྱབ་པ་བསྒྲུབ་དགོས་ཤེ་ན། ཕུང་པོ་ལ་སོགས་པ་དེའི་རང་བཞིན་མིན་པའི་བྱས་པ་ལ་ནི་ཆོས་ཅན། ཁྱོད་ལ་མི་རྟག་པས་ཁྱབ་པའི་རྗེས་སུ་འགྲོ་བ་སྒྲུབ་པ་མི་འཐད་པར་ཐལ། ཁྱོད་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པས་ཁྱོད་མ་གྲུབ་པའི་ཕྱིར། སངས་རྒྱས་པ་ཁོ་བོ་ཅག་བྱས་པ་ནི་ཕུང་པོ་ལྔ་པོ་དེ་ཉིད་ཡིན་ཏེ། ཇི་སྐད་དུ་ཆོས་མངོན་པ་ལས། འདུས་བྱས་གང་ཞེ་ན། ཕུང་པོ་ལྔའོ་ཞེས་གསུངས་པ་ཡིན་ནོ། །ཕུང་པོ་ལྔ་ཡོད་པ་དེ་ལ་མིག་སོགས་དབང་པོ་ལྔ་ནི་ཆོས་ཅན། འཕོ་བ་མི་རྟག་པའི་རང་བཞིན་ཅན་ཡིན་ཏེ། ཁྱོད་འབྲས་བུ་རྣམ་པར་ཤེས་པ་རྣམ་པར་ཆད་པ་དང་རྣམ་པར་འགྱུར་བ་མཐོང་བའི་ཕྱིར། ཁྱབ་པ་ཡོད་དེ། དབང་པོ་སོགས་དེ་དག་གི་རང་བཞིན་རྟག་པ་དེ་ཉིད་ཡིན་ན་ནི་འབྲས་བུ་རེས་འགའ་བ་དེ་མི་འཐད་པའི་ཕྱིར་དང༌། རྐྱེན་ལ་ལྟོས་པར་ཡང་འགལ་བའི་ཕྱིར་རོ། །དབང་པོ་མི་རྟག་པ་ཡིན་པ་དེ་བཞིན་དུ་ཡུལ་གཟུགས་སོགས་དང་བདེ་བ་དང་སྡུག་བསྔལ་བ་སོགས་ཀྱི་ཚོར་བ་དང་མཚན་མ་ཉེ་བར་རྟོག་པའི་འདུ་ཤེས་དང་འདོད་ཆགས་ལ་སོགས་ཀྱི་འདུ་བྱེད་དང་ཡུལ་ལ་ཉེ་བར་དམིགས་པའི་རྣམ་པར་ཤེས་པའི་ཕུང་པོ་ནི་ཆོས་ཅན། མི་རྟག་པ་ཡིན་ཏེ། སྐྱེ་བ་དང་འགག་པར་མངོན་སུམ་གྱིས་སོ་སོར་རིག་པ་ཉིད་ཡིན་པའི་ཕྱིར། མི་རྟག་པ་དེ་ལྟ་བུའི་རང་བཞིན་ཅན་འཇིག་པར་མཐོང་བའི་གློག་ལ་སོགས་དེ་དག་ནི་ཆོས་ཅན། ཁྱོད་མི་རྟག་པ་ཡིན་པ་ལ་རྩོད་པ་མེད་དེ། རང་གི་རྒྱུའི་རང་བཞིན་གྱིས་ཁྱོད་འཇིག་པ་དེའི་ངོ་བོར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་རྟོགས་པའི་ཕྱིར། རྣམ་པ་དེ་ལྟ་བུའི་སྐྱེ་བ་ཅན་གཞན་དཀར་པོ་ལ་སོགས་པ་དག་ཀྱང་ཆོས་ཅན། མི་རྟག་པར་ཐལ། རང་གི་རྒྱུས་འཇིག་པ་དེ་རང་གི་ངོ་བོ་དེ་ལ་སྦྱོར་བར་བྱེད་པའི་ཕྱིར། ཕུང་པོ་མི་རྟག་པར་བསྟན་པ་འདིས་ནི་ཆོས་ཅན། གཞན་ཡང་མི་རྟག་པར་བསྟན་ཏེ། ཁམས་སྐྱེ་མཆེད་ཀྱི་བྱས་པ་དག་ཀྱང་མི་རྟག་པར་བཤད་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཀྱང་ཆོས་ཅན། ཁྱོད་མི་རྟག་པར་གཞག་པ་ལ་འགལ་བ་མེད་དེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་གསུམ་པོ་གང་རུང་དུ་ཅི་རིགས་པར་འདུས་པ་ཡིན་པའི་ཕྱིར། བྱས་པ་ལ་མི་རྟག་པས་ཁྱབ་པར་བསྟན་པ་འདིས་ནི་ཡོད་པ་དངོས་པོ་ཡང་མི་རྟག་པར་བཤད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་བརྟགས་པའི་རྣམ་པར་རིག་བྱེད་མིན་པ་དང་ནམ་མཁའ་དང་སོ་སོར་བརྟགས་པ་དང་བརྟགས་མིན་གྱི་འགོག་པ་རྣམས་ནི་མདོ་སྡེ་པས་བཀག་པའི་ཕྱིར་ཁོ་བོ་ཅག་ཀྱང་མི་འདོད་པས། ཆོས་ཀྱི་སྐྱེ་མཆེད་དང་ཁམས་ཕུང་པོ་གསུམ་དུ་བསྡུས་པ་ལ་སྐྱོན་མེད་དོ། །རྗེས་དཔག་དང་མངོན་སུམ་གྱིས་མི་རྟག་པར་གྲུབ་པ་འོ་ན་ད་ནི། དངོས་པོ་འཇིག་པར་བསྒྲུབ་པ་ལ་ལྟོས་པ་མེད་པའི་རྟགས་ལ་ནུས་པ་ཅི་ཞིག་ཡོད་དེ་མེད་པར་ཐལ། གང་གི་ཕྱིར་ན་ཕུང་པོ་ལ་སོགས་པ་དག་ནི་གཏན་ཚིགས་དང་གཞན་མངོན་སུམ་ཁོ་ནས་མི་རྟག་པར་འགྲུབ་པའི་ཕྱིར་རོ་ཞེ་ན། ཕུང་པོ་འགའ་ཞིག་ཆོས་ཅན། རྣམ་ཤེས་ཆད་འགྱུར་གྱི་རྟགས་དང་མངོན་སུམ་གྱིས་མི་རྟག་པར་གྲུབ་ཀྱང་ལྟོས་མེད་ཀྱི་རྟགས་དོན་མེད་པ་མིན་པར་ཐལ། འདུས་བྱས་ཀྱི་རྣམ་པ་དེ་ལྟ་བུ་དག་མི་རྟག་པ་དེས་ཁྱབ་པ་ནི་ལྟོས་པ་མེད་པའི་རྟགས་ལས་འགྲུབ་དགོས་པ་ཡིན་པའི་ཕྱིར། འཇིག་པ་ལ་ཕྱིས་བྱུང་གི་རྒྱུ་གཞན་ཡོད་པ་ཉིད་ཡིན་ན་ནི། བྱས་པ་ལ་མི་རྟག་པས་མ་ཁྱབ་པར་འགྱུར་ཏེ། འདུས་བྱས་འགའ་ཞིག་གི་འཇིག་པ་དེ་ལྟར་ཡིན་ཡང་གཞན་ལ་འཇིག་རྒྱུ་མ་ཚང་བས་མི་འཇིག་པར་ཡང་འགྱུར་བའི་ཕྱིར། འཇིག་རྒྱུ་གཞན་ལ་ལྟོས་པ་མེད་པ་ཉིད་འདིས་ནི་ཆོས་ཅན། དངོས་པོ་འཇིག་ངེས་མིན་པ་དེ་མེད་པའི་རང་གི་ངོ་བོ་ཉིད་དུ་སྒྲུབ་པར་བྱེད་དེ། དངོས་པོ་འཇིག་པར་བསྒྲུབ་པའི་ཕྱོགས་ཆོས་གང་ཞིག འཇིག་པ་ཡུལ་འགའ་ཞིག་ལ་དུས་འགའ་ཞིག་གི་ཚེ་འགྱུར་བ་དང་འགལ་བའི་ཕྱིར། ཇི་ལྟར་འགལ་བའི་ཚུལ་བཤད་པ་ནི། གལ་ཏེ་དུས་རེས་འགའ་འམ་དངོས་པོ་འགའ་ཞིག་ཁོ་ན་ལ་འཇིག་པ་གྲུབ་པར་འགྱུར་ན་ནི། འཇིག་རྒྱུ་གཞན་ལ་ལྟོས་པ་མེད་པའི་རང་བཞིན་གང་ཡིན་པ་དེ་ནི་ཆོས་ཅན། འཇིག་རྒྱུ་གཞན་ལ་ལྟོས་པ་མེད་པ་ཉིད་དུ་མི་འགྱུར་བར་ཐལ། ཁྱོད་འཇིག་པར་འགྱུར་བ་ཕྱིས་འབྱུང་གི་དུས་དང་རྫས་དེ་ལ་ལྟོས་པའི་ཕྱིར། ཞེས་པས་འགལ་བ་བསྟན་ཏོ། །ལྟོས་མེད་ཡིན་པ་འོ་ན་ནི་འཇིག་པ་དེའི་རང་གི་ངོ་བོ་དེ་ལྟོས་པ་མེད་པའི་ཕྱིར། འཇིག་པ་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེ་ན། དངོས་པོར་ཡོད་པ་ཆོས་ཅན། ཁྱོད་འཇིག་པའི་རྒྱུ་མེད་པ་ཅན་དུ་མི་འགྱུར་བར་ཐལ། རང་གི་རྒྱུའི་དངོས་པོ་ཉིད་ལས་འཇིག་པ་དེ་ལྟར་དུ་སྐྱེས་པའི་ཕྱིར། རྟགས་གྲུབ་སྟེ། ཡོད་པ་འབྱུང་བ་ནི་འཇིག་པ་དེ་འདྲ་བ་ཉིད་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡོད་པ་དངོས་པོ་ཡང་ནི་རྒྱུ་མེད་པས་གདོན་མི་ཟ་བར་རྒྱུ་འགའ་ཞིག་ལས་འབྱུང་བ་མ་ཡིན་པས་འཇིག་པ་རྒྱུ་མེད་དུ་གྲུབ་བོ་ཞེ་ན། འོ་ན་ནི་ཡོད་པ་འདིའི་རྫས་འགའ་ཞིག་ཆོས་ཅན། ཡུལ་འགའ་ཞིག་ཏུ་དུས་འགའ་ཞིག་གི་ཚེ་ལྡོག་པར་མི་འགྱུར་བར་ཐལ། གློ་བུར་བ་སྟེ་རྒྱུ་མེད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དངོས་པོ་གང་ཡུལ་དུས་འགའ་ཞིག་ལ་ཉེ་བར་བརྟེན་པ་དེ་ཡུལ་དུས་གང་ལ་ཅུང་ཟད་འབྲེལ་བ་ཡིན་ལ། ཡུལ་དུས་ལ་བརྟེན་པ་དེ་མིན་པ་དེ་ཡུལ་དུས་ལ་འབྲེལ་པ་མ་ཡིན་པའི་ཕྱིར། གལ་ཏེ་དེ་མིན་ན། ཡོད་པ་དངོས་པོ་འདི་ཆོས་ཅན། ཡུལ་དུས་སོ་སོར་ངེས་པ་དང་ལྡན་པར་མི་འགྱུར་བར་ཐལ། རྒྱུ་དང་འབྲེལ་བ་མ་ཡིན་པའི་ཕྱིར། དངོས་པོ་འདི་ནི་ཆོས་ཅན། འགར་ཡང་གློ་བུར་བ་མིན་པར་ཐལ། ཡུལ་དུས་ལ་ལྟོས་པ་དེའི་ཕྱིར། འཇིག་པ་རྒྱུ་མེད་དུ་ཐལ་བ་སྤངས་ཟིན་ཏོ། །འཇིག་རྒྱུ་མེད་པའི་དགོངས་པ་བཤད་པ་ནི། འོ་ན་ད་ནི་འཇིག་པ་རྒྱུ་མེད་པར་ཇི་ལྟར་འགྱུར་ཞེ་ན་འཇིག་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེད་པའི་སྒོ་ནས་རྒྱུ་མེད་དུ་བཤད་པ་མ་ཡིན་པར་ཐལ། སྐྱེས་པའི་དངོས་པོ་དེའི་ངོ་བོའི་རྒྱུ་ལས་གཞན་ལ་མི་ལྟོས་པ་ལ་དགོངས་ནས་རྒྱུ་མེད་དུ་བཤད་པ་ཙམ་ཡིན་པའི་ཕྱིར། འཇིག་པ་དང་དངོས་པོ་གཞན་དུ་མེད་པར་བསྟན་པ་ནི། དངོས་པོ་ལ་འཇིག་པས་ཁྱབ་པའི་རིགས་པ་གཞན་ཡང་འཇིག་པ་ཞེས་བྱ་བ་དངོས་པོ་ལས་གཞན་དུ་གྱུར་པ་འགའ་ཡང་མེད་ཀྱི་དངོས་པོ་ཉིད་འཇིག་པ་ཡིན་ཏེ། དངོས་པོ་དེ་ཉིད་སྐད་ཅིག་མར་གནས་པར་སྐྱེས་པའི་ཕྱིར། མི་རྟག་པར་ངེས་པའི་དུས་བསྟན་པ་ནི། དངོས་པོ་ཉིད་འཇིག་པ་ཡིན་ན་དངོས་པོ་རྟོགས་པའི་དུས་སུ་མི་རྟག་པ་ཡང་རྟོགས་དགོས་སོ་ཞེ་ན། བློ་ཞན་པ་རྣམས་ཀྱིས་ནི་ཆོས་ཅན། མི་རྟག་པ་འདི་ཡི་རང་བཞིན་དེ་ཡོད་པའི་དུས་ལས་ཕྱིས་ངེས་པར་འགྱུར་གྱི་སྔར་ཡོད་པའི་དུས་ལ་ནི་དངོས་སུ་མི་རྟག་པར་ངེས་པ་མ་ཡིན་ཏེ། སྔར་འཇིག་པ་མཐོང་ཡང་ཁྱོད་ཀྱི་བློ་ལ་ངེས་པའི་ཚུལ་གྱིས་གསལ་བ་མེད་པའི་ཕྱིར། ཕྱིས་ངེས་པ་དེས་ན། ཕྱིས་ཞིག་པ་དེའི་དབང་གིས་སྔར་གྱི་དངོས་པོ་མི་རྟག་པར་རྣམ་པར་འཇོག་སྟེ། སྔར་དུག་ཏུ་མི་ཤེས་པ་ཕྱིས་དུག་གི་རྣམ་པར་འགྱུར་བ་མཐོང་ནས་དུག་ཏུ་རྣམ་པར་འཇོག་པ་བཞིན་ནོ། །འཇིག་པ་ཡོད་པའི་རྒྱུ་ཁོ་ན་ལས་བྱུང་བ་དེ་བས་ན། ཤེས་བྱ་ཆོས་ཅན། བྱས་པ་དེ་ལ་མི་རྟག་པས་ཁྱབ་པ་ཡིན་ཏེ། འཇིག་པ་འདི་ནི་ཡོད་པའི་རྒྱུ་མ་གཏོགས་པ་རྒྱུ་གཞན་ལ་ལྟོས་པ་མེད་པར་དངོས་པོ་དང་རྒྱུ་ཉེར་ལེན་གཅིག་ལས་སྐྱེས་པའི་ཕྱིར། ལྟོས་མེད་ཀྱི་རྟགས་བསྒྲུབ་ཚུལ་གཞན་བཤད་པ་ནི། ཡང་ཇི་ལྟར་ན་འཇིག་པ་ལྟོས་པ་མེད་པ་ཞེས་བྱ་བ་འདི་རྟོགས་པར་བྱ་ཞེ་ན། འཇིག་པ་དེའི་རྒྱུར་འདོད་པ་ཐོ་བ་སོགས་ཆོས་ཅན། འཇིག་པའི་རྒྱུ་མ་ཡིན་པར་ཐལ། འཇིག་པ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་ཡང་ངོ༌། །འཇིག་པ་དངོས་མེད་ཀྱི་རྒྱུ་མ་ཡིན་པར་ཐལ། ཡང་གི་སྒྲས་དངོས་པོ་མེད་པ་བྱེད་པའི་བྱ་བ་བཀག་པའི་ཡང་ཕྱིར་རོ་ཞེས་བྱ་བའོ། །དེ་ཉིད་བཤད་པ་ནི་ཇི་ལྟར་ཐོ་སོགས་ལ་འཇིག་པ་བསྐྱེད་པའི་ནུས་པ་མེད་ཅེ་ན། གལ་ཏེ་ཐོ་སོགས་ཀྱིས་བུམ་པའི་འཇིག་པ་བསྒྲུབ་ན། བུམ་པ་དང་དོན་གཅིག་ཏུ་བསྒྲུབ་པའམ། དོན་གཞན་དུ་བསྒྲུབ། དང་པོ་ལྟར་ན་བུམ་པའི་དངོས་པོ་དེ་ཆོས་ཅན། འཇིག་རྒྱུས་ཁྱོད་ཀྱི་འཇིག་པ་བྱེད་པ་མིན་པར་ཐལ། ཁྱོད་འཇིག་པར་གྲུབ་ཟིན་པའི་ཕྱིར། གཉིས་པ་ལྟར་ན། བུམ་པའི་འཇིག་རྒྱུ་ཆོས་ཅན། བུམ་པའི་འཇིག་པ་དེ་ལ་ཕན་པ་ཅུང་ཟད་བྱས་པ་མེད་པར་ཐལ། བུམ་པའི་འཇིག་པ་བུམ་པ་ལས་དོན་གཞན་ཁོ་ན་བྱེད་ན་ཡང་ངོ༌། །རྒྱུ་མཚན་དེས་ན་འཇིག་པར་བྱེད་པས་འཇིག་པ་དོན་གཞན་བྱེད་པ་ནི་མིན་ནོ། །གཅིག་དང་གཅིག་མིན་པ་གང་ཡང་མི་བྱེད་པ་དེས་ན། ཐོ་སོགས་འདི་ཆོས་ཅན། བུམ་པའི་འཇིག་པ་ཅུང་ཟད་ཀྱང་མི་བྱེད་པར་ཐལ། བུམ་པའི་འཇིག་པ་བུམ་པ་དེ་དང་དེ་མ་ཡིན་པའི་རང་བཞིན་གང་ཡང་མི་བྱེད་པས་ནའོ། །འདོད་ན། བུམ་པའི་འཇིག་པའི་ལྟོས་པར་བྱ་བ་རྒྱུ་མིན་པར་ཐལ་ལོ། །ནུས་པ་མེད་པར་བསྟན་ནས། རྩ་བའི་ཡང་གི་སྒྲས་ནི་དངོས་པོ་མེད་པ་བྱེད་པ་བྱ་བ་བཀག་པའི་ཡང་ཕྱིར་རོ་ཞེས་གསུངས་པ་བཤད་པའི་ཕྱིར་དུ་འཇིག་རྒྱུས་དངོས་མེད་མི་བྱེད་པར་བསྟན་པ་ནི། ཇི་ལྟར་དངོས་མེད་བྱེད་པའི་བྱ་བ་འགོག་ཅེ་ན། འགོག་ཚུལ་འདི་ལྟར་འཇིག་པ་ཞེས་བྱ་བ་ནི་དངོས་པོ་མེད་པར་གྱུར་པ་ཡིན་པར་ཉན་ཐོས་སྡེ་པ་དག་སེམས་ཏེ། སེམས་པ་དེས་ན་འཇིག་པའི་རྒྱུ་འདི་ནི་ཆོས་ཅན། ཁྱོད་ཀྱིས་དངོས་པོ་མེད་པ་བྱེད་དོ་ཞེས་བྱ་བར་འགྱུར་བར་ཐལ། ཁྱོད་ཀྱིས་འཇིག་པ་བྱེད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །དེ་ལ་འདོད་ན། གལ་ཏེ་དངོས་པོ་མེད་པ་ཞེས་བྱ་བའི་ངོ་བོ་གང་ཞིག་འབྲས་བུར་འགྱུར་དགོས་ལ། དགོས་ན་ནི་བུམ་པ་ཞིག་པ་དེ་ཉིད་ཆོས་ཅན། དངོས་པོ་མེད་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པས་སོ། །འཇིག་པ་དངོས་མེད་ཡིན་པ་དེ་བས་ན། འཇིག་རྒྱུ་ནི་ཆོས་ཅན། རང་འབྲས་དངོས་པོ་མི་བྱེད་པར་ཐལ། དངོས་པོ་མེད་པ་བྱེད་དོ་ཞེས་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བར་འགྱུར་བས། བྱ་བ་དགག་པ་བྱས་པར་འགྱུར་རོ། །བྱ་བ་དགག་པ་བྱས་པ་དེ་ལྟར་འདོད་པ་ཡང་མི་རིགས་ཏེ། འཇིག་རྒྱུ་འདི་ཆོས་ཅན། འཇིག་པའི་ལྟོས་པར་བྱ་བའི་རྒྱུར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། འཇིག་པ་ལ་ཕན་པ་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར། ལྟོས་མེད་དུ་གྲུབ་པ་དེས་ན་དངོས་པོ་འཇིག་པ་ནི་རྒྱུ་གཞན་ལ་ལྟོས་པ་མེད་པར་གྲུབ་བོ། །འཇིག་པ་དངོས་པོའི་ངོ་བོ་ཉིད་དུ་བསྟན་པ་ནི། ལྟོས་མེད་ཀྱི་རྟགས་གྲུབ་པ་དེའི་ཕྱིར། སྐད་ཅིག་གིས་འགྱུར་བ་གྲུབ་པའི་དངོས་པོ་གང་ཡིན་པ་དེ་ལ་ཆོས་ཅན། ངོ་བོ་ཉིད་ཀྱིས་འཇིག་པ་གྲུབ་པར་འགྱུར་ཏེ། གཞན་ལ་ལྟོས་མེད་དུ་འཇིག་པའི་ཕྱིར་རོ། །དངོས་སུ་མཐོང་བ་དེ་ལས་གཞན་པའི་འདུས་བྱས་རྣམས་ལའང་ཆོས་ཅན། ངོ་བོ་ཉིད་ཀྱིས་འཇིག་པ་གྲུབ་པར་འགྱུར་ཏེ། རྟགས་སྔ་མ་བཞིན་ནོ། །མར་མེ་སོགས་འགའ་ཞིག་ལ་ཆོས་ཅན། འགྱུར་བ་མི་རྟག་པར་མཐོང་བ་འདི་ནི། ཁྱོད་ལ་ངོ་བོ་ཉིད་ཀྱིས་གྲུབ་པར་འགྱུར་བ་ཡིན་ཏེ། འཇིག་རྒྱུ་གཞན་ལ་ལྟོས་མེད་དུ་འཇིག་པའི་ཕྱིར་རོ། །མར་མེ་སོགས་དེ་བཞིན་དུ། གཞན་རི་ལ་སོགས་པ་ལ་ཡང་ཆོས་ཅན། ངོ་བོ་ཉིད་ཀྱིས་འཇིག་པ་གྲུབ་པར་འགྱུར་བ་ཡིན་ཏེ། མར་མེ་སོགས་དང་གཞན་ལ་ལྟོས་མེད་དུ་འཇིག་པར་ཁྱད་པར་མེད་པའི་ཕྱིར། རང་བཞིན་གྱི་རྟགས་གཞན་ལ་བསྒྲེ་བའི་ཡང་བཤད་པ་ནི། བྱས་ཡོད་མི་རྟག་པ་ལ་བདག་གཅིག་པའི་འབྲེལ་བ་གྲུབ་པའི་སྒོ་ནས་གོ་བྱེད་ཡིན་པ་དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་གཞན་རྒྱུ་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ལ་སོགས་པའི་རྟགས་དག་ཀྱང་ཆོས་ཅན། བདག་གཅིག་འབྲེལ་པ་གྲུབ་པའི་སྒོ་ནས་གོ་བྱེད་ཡིན་ཏེ། བདག་ཉིད་ཇི་ལྟ་བའི་ཚད་མ་དག་གིས་བསྒྲུབ་བྱའི་ཆོས་དེ་ཙམ་དང་རྗེས་སུ་འབྲེལ་བ་གྲུབ་པ་ཁོ་ནའི་སྒོ་ནས་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་པར་རིག་པར་བྱ་བ་ཡིན་པའི་ཕྱིར། དངོས་པོའི་རང་བཞིན་རྒྱུ་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་གང་ཡིན་པ་དེ་ནི་ཆོས་ཅན། མི་རྟག་པ་དེ་ཉིད་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པར་ངེས་པ་ཡིན་ཏེ། ཁྱོད་གྲུབ་ཙམ་གྱིས་མི་རྟག་པ་དེ་ཙམ་དང་རྗེས་སུ་འབྲེལ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། སྒྲུབ་བྱེད་དེ་ཡང་བསྒྲུབ་བྱའི་ཆོས་ཀྱི་བདག་ཉིད་བོར་ནས་ཇི་ལྟར་ཡོད་པར་འགྱུར་ཏེ། མི་འགྱུར་བར་ཐལ། དངོས་པོ་དེ་ཙམ་དང་རྗེས་སུ་འབྲེལ་བའི་རང་བཞིན་ཞེས་བྱ་བའི་ཚིག་གིས་རྟགས་དེ་ཉིད་བསྒྲུབ་བྱའི་ཆོས་ཀྱི་རང་གི་ངོ་བོར་དངོས་སུ་ཡོད་པ་ཡིན་པར་དོན་མཐུན་དུ་བརྗོད་པའི་ཕྱིར། རང་བཞིན་གྱི་གཏན་ཚིགས་བརྗོད་ཟིན་ཏོ། བརྡ་སྤྲོད་པ་ལ་སོགས་པ་དུ་བ་བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་བའི་ཕྱིར་འབྲས་བུའི་གཏན་ཚིགས་འཁྲུལ་ལོ་ཞེས་སྨྲ་བ་དགག་པའི་ཕྱིར་དུ་འབྲས་བུ་ཡི་གཏན་ཚིགས་འཆད་པ་ལ་དོན་གཞན་ལ་འབྲས་བུ་གཏན་ཚིགས་སུ་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བ་དང་དུ་བ་མེ་ལ་མི་འཁྲུལ་བར་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། འབྲས་བུ་དུ་བ་ཆོས་ཅན། དུ་ལྡན་གྱི་ལ་ལ་དོན་གཞན་མེ་རྟོགས་པར་བྱ་བ་ལ་ནི་གཏན་ཚིགས་ཡིན་ཏེ། ཕྱོགས་ཆོས་གང་ཞིག མེ་ལ་འཁྲུལ་པ་མེད་པའི་ཁྱབ་པ་ངེས་པ་ཡིན་པའི་ཕྱིར། ལྡན་པ་ཅན་དང་འདུ་བ་ཅན་ལ་སོགས་པ་ཡང་མི་འཁྲུལ་བ་མིན་ནམ་ཞེ་ན། མེ་དེ་ལས་སྐྱེས་པ་མིན་པའི་དུ་བ་ནི་ཆོས་ཅན། མེ་ལ་ལ་མི་འཁྲུལ་བ་མིན་པར་ཐལ། མེ་ལ་ལ་རག་མ་ལས་པའི་ཕྱིར། ཁྱབ་པ་ཡོད་དེ། དོན་དེ་ལ་རག་མ་ལས་པའི་ངོ་བོ་རྣམས་ནི་དོན་དེ་དང་ལྷན་ཅིག་འབྱུང་བར་ཏེ་འབྲེལ་བར་ངེས་པ་མེད་པའི་ཕྱིར་རོ། །རྩོད་པ་སྤང་བ་ལ་གསུམ་ལས། རྩོད་པ་དང་པོ་སྤང་བ་ནི། གལ་ཏེ་ཆོས་དང་ཆོས་ཅན་ལས་དོན་གཞན་གཏན་ཚིགས་ཡིན་ན། འོ་ན་དུ་བ་དེ་ལ་དང་མེ་དེའི་ཆོས་སུ་ཇི་ལྟར་འགྱུར་ཞེ་ན། དུ་བ་ཆོས་ཅན། ལ་དང་མེའི་ཆོས་སུ་ཐལ། ལ་དང་མེ་དེ་ལ་བརྟེན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ན་རྒྱུ་དང་འབྲས་བུ་ཡི་དངོས་པོ་ཡིན་ཞེ་ན། རྟེན་དང་བརྟེན་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་རྒྱུ་འབྲས་སུ་གྲུབ་སྟེ། རྒྱུ་འབྲས་སུ་གྲུབ་པ་དེ་ལྟ་མ་ཡིན་ན་རྟེན་དང་བརྟེན་པ་ཉིད་དུ་མི་གྲུབ་པའི་ཕྱིར་རོ། །གལ་ཏེ་དུ་བའི་རྟེན་ནི་ས་ཕྱོགས་ཡིན་ལ་རྒྱུ་ནི་མེ་མ་ཡིན་ནམ་ཞེ་ན། དུ་བ་དང་ལྡན་པའི་ས་ཕྱོགས་ཆོས་ཅན། དུ་བའི་རྒྱུ་ཉིད་དུ་ཐལ། དུ་བའམ་དུ་བ་དེའི་རྒྱུ་མེ་རྣམས་ཀྱི་གཞི་ཡིན་པའི་ཕྱིར། རྩོད་པ་གཉིས་པ་སྤང་བ་ནི། གལ་ཏེ་མེ་དེ་ལས་སྐྱེས་པའི་ཕྱིར་འབྲས་བུ་དུ་བ་མེ་གོ་བར་བྱེད་པ་ཡིན་ན་མེ་ཙམ་དང་ཙནྡན་གྱི་མེ་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་ལུས་ཅན་དང་དུ་བ་གོ་བར་བྱེད་པའི་དངོས་པོ་ཡིན་པར་ཐལ་ཏེ། ལུས་ཅན་དང་དུ་བ་རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་མེ་དང་ཙནྡན་གྱི་མེ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེ་ན། །དུ་བ་ཆོས་ཅན། ཙནྡན་གྱི་མེའི་བསྐྱེད་བྱ་མིན་པར་ཐལ། ཙནྡན་གྱི་མེ་མེད་པར་འབྱུང་བའི་ཕྱིར། ཁྱབ་པ་ཡོད་དེ། དོན་དེ་མེད་པར་ཡང་འབྱུང་བ་ནི་དོན་དེ་ལས་སྐྱེ་བར་ངེས་པ་མེད་པའི་ཕྱིར་རོ། །དུ་བ་དང་ལུས་ཅན་ལའང་སྦྱོར་རོ། །དོན་གཞན་འབྲེལ་བ་གྲུབ་པ་ཁོ་ན་ལ་རྒྱུ་འབྲས་གྲུབ་པ་དེའི་ཕྱིར། རྒྱུ་མེ་ལ་རྣམ་པར་གནས་པའི་རང་བཞིན་ནི་ཇི་སྙེད་ཅིག་རྒྱུར་མེད་ན་མི་འབྱུང་བའི་འབྲས་བུ་དུ་བ་ནི་ཆོས་ཅན། དུ་ལྡན་གྱི་ལ་ལ་མེ་དེ་དག་ནི་གོ་བར་བྱེད་པའི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག མེ་དེ་དག་གི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ། །གང་དག་མེ་དེ་དག་མེད་ན་མི་འབྱུང་བའི་ཆོས་དུ་བ་དེ་དག་ཁོ་ནས་མེ་གོ་བར་བྱེད་པ་ཡིན་གྱི་ལུས་ཅན་སོགས་ནི་མ་ཡིན་ནོ། །རྩོད་པ་གསུམ་པ་སྤང་བ་ནི། གལ་ཏེ་དུ་བ་དང་ལུས་ཅན་ཆ་ཤས་ཀྱིས་བསྐྱེད་པར་བྱ་བར་ཐལ། དུ་བ་མེ་ལས་སྐྱེས་ཀྱང་ལུས་ཅན་མིན་པའི་ཕྱིར། སྐྱེས་ན་ལུས་ཅན་མེ་ལ་རྟགས་སུ་འགྱུར་རོ། །མེ་ཙམ་དང་ཙནྡན་གྱི་མེ་ཡང་ཆ་ཤས་ཀྱིས་སྐྱེད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། མེ་དུ་བ་སྐྱེད་བྱེད་ཡིན་ཡང་ཙནྡན་གྱི་མེ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཆ་ཤས་ཀྱིས་བསྐྱེད་བྱ་སྐྱེད་བྱེད་དུ་ཐལ་བ་མ་ཡིན་ཏེ། ཙནྡན་གྱི་མེ་དེས་བསྐྱེད་པར་བྱ་བའི་ཁྱད་པར་ཙནྡན་གྱི་དུ་བ་རྟགས་སུ་བཟུང་ན་ཙནྡན་གྱི་མེ་གོ་བྱེད་དུ་འདོད་པའི་ཕྱིར་རོ། །རྟགས་ཀྱི་བྱེ་བྲག་དུ་བ་དག་གིས་ཁྱད་པར་དུ་བྱས་པ་ཅན་གྱི་སྤྱི་དུ་བའི་ལུས་ཅན་རྣམས་བཟུང་ན་མེ་གོ་བྱེད་དུ་འདོད་པའི་ཕྱིར་རོ། །སྤྱི་ཁྱད་པར་དུ་མ་བྱས་པར་རྟགས་སུ་བརྗོད་པར་འདོད་ན་ནི། ལུས་ཅན་ཆོས་ཅན། ལ་ལ་མེ་བསྒྲུབ་པའི་རྟགས་ཡང་དག་ཏུ་མི་འདོད་དེ། མེ་ལ་འཁྲུལ་བའི་ཕྱིར། །རྩོད་པ་སྤངས་ཟིན་ནས། དུ་བ་མེ་ལ་མི་འཁྲུལ་བར་བསྒྲུབ་པ་ལ་དང་པོ་གནོད་པ་ཅན་གྱི་ཐལ་བ་དགོད་པ་ནི། གལ་ཏེ་དུ་བ་མེ་ལ་མི་འཁྲུལ་ལོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། དུ་བ་འདི་ཆོས་ཅན། རྒྱུ་དང་ལྡན་པ་ལས་འདས་པར་འགྱུར་བར་ཐལ། དུ་བ་གང་ཞིག་མེ་དེ་ལ་འཁྲུལ་བའི་ཕྱིར། དུ་བ་མེ་ལ་མི་འཁྲུལ་བའི་ཚུལ་བཤད་པ་ནི། སྣང་རུང་དེའི་མཚན་ཉིད་དུ་གྱུར་པའི་མ་དམིགས་པ་ལས་རྒྱུ་གང་དག་དམིགས་ན། འབྲས་བུ་གང་ཞིག་དམིགས་ལ་རྒྱུ་དེ་ལས་གཅིག་མ་ཚང་ན་ཡང་འབྲས་བུ་མི་དམིགས་པ་དེ་ནི་རྒྱུ་དེའི་འབྲས་བུ་ཡིན་ཏེ། ལྔ་པོ་དེ་ཡང་དུ་བ་ལ་ཡོད་དོ། །སྔ་ཕྱིའི་མ་དམིགས་པ་གཉིས་དང་བར་གྱི་དམིགས་པ་ནི་འབྲས་བུ་ཡི་ཡུལ་ཅན་ཡིན་ལ། ལྷག་མའི་དམིགས་པ་དང་མ་དམིགས་པ་གཉིས་ནི་རྒྱུའི་ཡུལ་ཅན་ནོ། །ལྔ་པོ་དག་བསྡུས་ནས་མངོན་སུམ་དང་མི་དམིགས་པ་གཉིས་སུ་འདུས་པར་ཆོས་མཆོག་འཆད་དོ། །དུ་བ་དེ་ཆོས་ཅན། མེའི་འབྲས་བུར་འགྲུབ་སྟེ། ལན་གཅིག་མེ་ལས་སྐྱེ་བ་དེ་ལྟར་མཐོང་བས་སོ། །ཁྱབ་པ་ཡོད་དེ། འབྲས་བུ་མ་ཡིན་པ་ནི་རྒྱུ་མ་ཡིན་པ་ལས་ལན་གཅིག་ཀྱང་མི་འབྱུང་བའི་ཕྱིར་རོ། །གལ་ཏེ་གཙུབ་ཤིང་གཙུབས་པ་དང་མེ་ཤེལ་ལ་སོགས་པ་དག་ལས་མེ་མེད་ཀྱང་དུ་བ་འབྱུང་བས་མེའི་འབྲས་བུ་མ་ཡིན་ནོ་ཞེ་ན། གཙུབ་ཤིང་གཙུབས་པ་ལས་བྱུང་བས་མེའི་འབྲས་བུ་མ་ཡིན་མི་དགོས་པར་ཐལ། གཙུབ་ཤིང་གཙུབས་པའི་སྐབས་དེར་ཡང་བུད་ཤིང་འགྱུར་བའི་རྒྱུ་དྲོ་བའི་རེག་པའི་ཁྱད་པར་ནི་མེ་ཡིན་པའི་ཕྱིར་རོ། །འཁྲུལ་ན་རྒྱུ་མེད་དུ་འགྱུར་བར་བཤད་པ་ནི། འབྲས་བུ་དུ་བ་ཆོས་ཅན། རྒྱུ་མེད་པ་ཅན་དུ་འགྱུར་བར་ཐལ། དུ་བ་གང་ཞིག རྒྱུ་མེ་མེད་པར་འབྱུང་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། གང་ཞིག་གང་མེད་པར་འབྱུང་བ་དེ་ནི་དེའི་རྒྱུ་ཅན་མ་ཡིན་པས་ཁྱབ་པས་སོ། །དུ་བ་ཡང་ཆོས་ཅན། མེ་དེའི་རྒྱུ་ཅན་དུ་མི་འགྱུར་བར་ཐལ། མེ་མེད་པར་འབྱུང་བ་དེས་ནའོ། །གལ་ཏེ་གཞན་བརྒྱ་བྱིན་གྱི་སྤྱི་བོའི་རྒྱུ་ཅན་ཡིན་པའི་ཕྱིར། རྒྱུ་མེད་པ་ཅན་མིན་ནོ་ཞེ་ན། ཁྱོད་གྲོག་མཁར་ལས་འབྱུང་བས་རྒྱུ་ཅན་དུ་འགྱུར་བ་མིན་པར་ཐལ། ཁྱོད་གྲོག་མཁར་ལས་བྱུང་བར་འདོད་པ་དེ་ལ་ཡང་གྲོག་མཁར་གྱི་འབྲས་བུ་མ་ཡིན་པར་ཐལ་བའི་སྐྱོན་མཚུངས་པའི་ཕྱིར་ཏེ། གྲོག་མཁར་དེ་མེད་ཀྱང་མེ་ཡོད་ན་འབྱུང་བའི་ཕྱིར། མེ་དང་གྲོག་མཁར་གཉིས་ཀ་ལས་འབྱུང་ན་རྒྱུ་མེད་དུ་ཐལ་བ་བསྟན་པ་ལས་ཡང་ན་གཅིག་ལས་སྐྱེ་ན་གཞན་ལས་མི་སྐྱེ་བས་རྒྱུ་མེད་དུ་འགྱུར་བར་བསྟན་པ་ནི། མེ་དེའམ་གཞན་གྲོག་མཁར་ཡང་རུང་སྟེ་མེ་དང་གྲོག་མཁར་གཉིས་ཆོས་ཅན། ཁྱོད་གཉིས་གང་ལས་ཀྱང་ཇི་ལྟར་དུ་བ་འབྱུང་བར་འགྱུར་ཏེ་མི་འགྱུར་བར་ཐལ། དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། རང་གི་ངོ་བོས་དུ་བ་དེ་བསྐྱེད་པའི་རང་བཞིན་མ་ཡིན་པ་ནི་དུ་བ་དེ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར། འདོད་ན་དུ་བ་དེ་ཆོས་ཅན། རྒྱུ་མེད་པ་ཅན་དུ་འགྱུར་བར་ཐལ། མེ་དང་མེ་མིན་གང་ལས་ཀྱང་མ་བྱུང་བའི་ཕྱིར། གལ་ཏེ་མེའི་དུ་བ་དེ་ཉིད་གྲོག་མཁར་ལས་འབྱུང་བ་ནི་མིན་གྱི་དེ་དང་འདྲ་བ་འབྱུང་བའི་ཕྱིར་ཞེ་ན། གྲོག་མཁར་ལས་འབྱུང་བའི་སྔོ་འཕྱུར་བ་ཆོས་ཅན། ཇི་ལྟར་མེ་ལས་བྱུང་བའི་སྔོ་འཕྱུར་དེ་དང་དུ་བར་འདྲ་བ་ཡིན་ཏེ་མིན་པར་ཐལ། མེ་ལས་བྱུང་བའི་སྔོ་འཕྱུར་བ་དང་མེ་ཡོད་དུ་མི་འདྲ་བའི་རྒྱུ་ལས་འབྱུང་བའི་ཕྱིར། ཁྱབ་པ་ཡོད་དེ། མེའི་སྔོ་འཕྱུར་བ་དེ་དང་རྒྱུ་འདྲ་བ་ལས་བྱུང་ན་དེ་དང་འདྲ་བར་འགྱུར་དགོས་པའི་ཕྱིར་རོ། །གལ་ཏེ་དངོས་རྒྱུ་མི་འདྲ་བ་ལས་ཀྱང་འབྲས་བུ་དེ་དང་འདྲ་བར་འབྱུང་བའི་ཕྱིར། དངོས་པོ་ཆོས་ཅན། རྒྱུ་ཐ་དད་དེ་དག་གི་ནུས་པ་སོ་སོར་མ་ངེས་པར་ཐལ། དངོས་རྒྱུ་མི་འདྲ་བ་ལས་འབྲས་བུ་འདྲ་བར་འབྱུང་བའི་ཕྱིར། དངོས་པོ་མཐའ་དག་གི་འབྲས་བུ་སྣ་ཚོགས་ཀྱི་རང་བཞིན་རྒྱུ་མེད་པར་འགྱུར་བར་ཐལ། རྒྱུའི་ནུས་པ་ཐ་དད་པས་འབྲས་བུ་ཐ་དད་པར་བྱེད་པ་མ་ཡིན་པའི་ཕྱིར། འདོད་ན། དེ་ལ་ཡང་ཡུལ་དུས་སོ་སོར་ངེས་པ་མ་ཡིན་པར་ཐལ་ལོ་ཞེས་ཉེས་པ་བཤད་ཟིན་ཏོ། །གཞན་ཡང་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཡང་འགྱུར་རོ། །རྒྱུ་ཐ་དད་ཀྱི་ནུས་པ་སོ་སོར་མ་ངེས་པའི་ཕྱིར། རྒྱུའི་ནུས་པ་སོ་སོར་མ་ངེས་ན་ཐམས་ཅད་ལས་ཐམས་ཅད་ལས་སྐྱེ་བར་ཐལ་བ་དེའི་ཕྱིར། ཉེར་ལེན་གྱི་རྒྱུ་ཐ་དད་པ་ལས། འབྲས་བུ་ཐ་དད་པ་དང༌། ཉེར་ལེན་གྱི་རྒྱུ་ཐ་དད་པ་མ་ཡིན་པ་ལས་འབྲས་བུ་ཐ་དད་པ་མིན་པར་འགྱུར་བ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར། དུ་བ་ནི་མཐོང་བའི་རྣམ་པ་མེ་དེ་དང་རིགས་མི་མཐུན་པའི་དོན་བརྒྱ་བྱིན་གྱི་སྤྱི་བོ་ལས་མི་འབྱུང་སྟེ། འབྱུང་ན་རྒྱུ་མེད་དུ་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། རྒྱུ་མེད་ལ་དངོས་པོ་རེས་འགའ་བ་མིན་པའི་སྐྱོན་བསྟན་པ་ནི། རྒྱུ་མེད་དུ་འདོད་པ་དེ་ལྟ་ན་ཡང༌། རྒྱུ་མེད་པའི་ཕྱིར་གཞན་ལ་མི་ལྟོས་པར་འགྱུར་ལ། མི་ལྟོས་པའི་ཕྱིར་རྟག་ཏུ་ཡོད་པའམ་མེད་པར་འགྱུར་རོ། །དངོས་པོ་རྣམས་ནི་ཆོས་ཅན། རྒྱུ་ལ་ལྟོས་པ་ལས་འབྱུང་བ་ཡིན་ཏེ། རེས་འགར་འབྱུང་བས་སོ། །དེ་བཤད་པ་ནི། དུ་བ་དེ་རྒྱུ་མེད་པ་ལས་འབྱུང་ན་ནི། ནམ་ཡང་མི་འབྱུང་བར་མི་འགྱུར་བར་ཐལ། རྒྱུ་ལ་ལྟོས་པ་མེད་པར་འབྱུང་བའི་ཕྱིར། ཁྱབ་པ་ཡོད་དེ། དུ་བ་དེ་འབྱུང་བ་ལ་རྒྱུ་མ་ཚང་བ་མེད་པའི་ཕྱིར། དུ་བ་འབྱུང་བར་འདོད་པའི་དུས་བཞིན་ནོ། །ཡང་ན་ནི་རྒྱུ་རྐྱེན་ཚོགས་པ་དེའི་ཚེ་ཡང་འབྱུང་བར་མི་འགྱུར་ཏེ། མེད་པའི་དུས་དང་རྒྱུ་མེད་དུ་ཁྱད་པར་མེད་པའི་ཕྱིར། རྒྱུ་ལ་མི་ལྟོས་ཀྱང་རེས་འགའ་བར་གྲུབ་བོ་ཞེ་ན། དངོས་པོ་རྒྱུ་ལ་ལྟོས་པ་དང་བཅས་པ་རྣམས་རེས་འགའ་བར་འགྱུར་ཏེ། འགྱུར་བའི་ཚུལ་འདི་ལྟར། དངོས་པོ་ཆོས་ཅན། རྒྱུ་རྐྱེན་ལ་ལྟོས་པ་ཡིན་ཏེ། རྒྱུ་ཡོད་པའི་དུས་དག་ན་འབྱུང་བར་རུང༌། མེད་པའི་དུས་དག་ན་འབྱུང་བར་མི་རུང་བ་ཉིད་དང་ལྡན་པའི་ཕྱིར། རྟགས་མ་གྲུབ་ན། དངོས་པོ་དག་ལ་ནི་ཆོས་ཅན། འབྲས་བུ་དེ་དང་ལྡན་པ་དང་གཅིག་ཤོས་དག་ཏུ་ངེས་པར་མི་རུང་བར་ཐལ། འབྲས་བུ་འབྱུང་བར་རུང་བའི་ཡུལ་དུས་དང་མི་རུང་བའི་ཡུལ་དུས་འདྲ་བ་ཅན་ཏེ་ཁྱད་པར་མེད་པའི་ཕྱིར། ཡུལ་དུས་སོགས་འབྲས་བུ་སྐྱེད་རུང་ཡིན་གྱི་རྒྱུ་མ་ཡིན་ནོ་ཞེ་ན། འབྲས་བུ་བསྐྱེད་པར་རུང་བ་ཡང་རྒྱུའི་དངོས་པོ་ལས་གཞན་ཅི་སྟེ་གཞན་མ་ཡིན་ནོ། །རྒྱུ་མེད་ལ་རྟག་ཏུ་ཡོད་པའམ་མེད་པར་འགྱུར་བའི་སྐྱོན་ཡོད་པ་དེའི་ཕྱིར། དུ་བ་ནི་ཆོས་ཅན། རྒྱུ་རྐྱེན་དེ་དག་ལ་ལྟོས་པ་དང་བཅས་པ་ཞེས་བྱ་བ་ཡིན་ཏེ། མི་མཐུན་པའི་ཡུལ་དང་དུས་འགའ་ཞིག་སྤངས་ནས་མཐུན་པའི་ཡུལ་དང་དུས་གཞན་དག་ན་ཡོད་པའི་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཡོད་པའི་ཚུལ་འདི་ལྟར། ཡུལ་དུས་སོ་སོར་ངེས་པ་དེ་ལྟར་དུ་ཡོད་པ་ཉིད་རྒྱུ་ལ་ལྟོས་པས་ཁྱབ་པ་ཡིན་ནོ། །ཡུལ་དུས་ཀྱིས་ཕན་པ་མི་བྱེད་དོ་ཞེ་ན། དུ་བ་ནི་ཆོས་ཅན། ཡུལ་དུས་སོ་སོར་ངེས་པ་དེར་མི་རུང་བར་ཐལ། ཡུལ་དུས་དེ་དག་གིས་བྱས་པའི་ཕན་པ་ལ་མི་ལྟོས་པའི་ཕྱིར་རོ། །མེ་ལས་འབྱུང་ཞིང་མེ་མེད་ལས་མི་འབྱུང་བར་བསྟན་པ་ནི། རྒྱུ་མེད་ཡུལ་དུས་ལ་ལྟོས་པར་མི་རུང་བ་དེ་བས་ན། རྒྱུ་ལ་ལྟོས་པ་ཡིན་ཏེ། ཡུལ་དང་དུས་སོ་སོར་ངེས་པའི་ཕྱིར། དུ་བ་འདི་ཆོས་ཅན། མེ་དེས་བསྐྱེད་པར་བྱ་བའི་ངོ་བོ་ཉིད་ཡིན་ཏེ། མེ་ལས་ལན་ཅིག་འབྱུང་བར་མཐོང་ལ་མེ་མ་ཚང་ན་འབྱུང་བར་མ་མཐོང་བའི་ཕྱིར། ཁྱབ་པ་ཡོད་དེ། གཞན་དུ་ན་ལན་འགའ་ཡང་མེད་པའི་ཕྱིར་རོ། །དུ་བ་དེ་ཆོས་ཅན། ཇི་ལྟར་གཞན་བརྒྱ་བྱིན་གྱི་སྤྱི་བོ་ལས་འབྱུང་སྟེ་མི་འབྱུང་བར་ཐལ། མེའི་འབྲས་བུ་དེར་ངེས་པའི་ཕྱིར། མེ་མེད་ལས་འབྱུང་ན་ནི་དུ་བ་མ་ཡིན་པར་འགྱུར་ཏེ། དུ་བ་ནི་དེས་བསྐྱེད་པའི་རང་བཞིན་གྱི་ཁྱད་པར་ཡིན་པའི་ཕྱིར། དེ་བཞིན་དུ་རྒྱུ་མེ་ཡང་འབྲས་བུ་དེ་ལྟ་བུ་བསྐྱེད་པའི་རང་བཞིན་ཡིན་ནོ། །དེ་གཞན་ལས་ཀྱང་འབྱུང་ན་ནི་དེ་དེའི་རང་བཞིན་མ་ཡིན་པས་ལན་འགའ་ཡང་བསྐྱེད་པར་མི་འགྱུར་རོ། །ཡང་ན་དེ་དུ་བ་མ་ཡིན་ཏེ་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པ་ལས་བྱུང་བའི་ཕྱིར་རོ། །དུ་བ་སྐྱེད་བྱེད་དེའི་རང་བཞིན་ཉིད་ཡིན་ནོ་ཞེ་ན། བརྒྱ་བྱིན་གྱི་སྤྱི་བོ་དེ་ཉིད་ཆོས་ཅན། ཁྱོད་ལ་དུ་བ་ཞུགས་པས་དུ་བ་མེ་ལ་འཁྲུལ་བའི་སྐྱོན་མེད་པར་ཐལ། ཁྱོད་དུ་བའི་རྒྱུར་གྱུར་པའི་མེ་ཡིན་པས་སོ། །དུ་བ་མེ་ལ་མི་འཁྲུལ་བར་བསྟན་པ་དེ་ཉིད་སྡུད་པ་ནི། གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་མེའི་འབྲས་བུ་དུ་བ་སྐྱེད་བྱེད་ཀྱི་རང་བཞིན་ཡིན་ན། བརྒྱ་སྤྱི་དེ་ཉིད་མེ་ཡོད་དུ་ཐལ། འོན་ཏེ་བརྒྱ་སྤྱི་དེ་མེའི་རང་བཞིན་མིན་ན། བརྒྱ་སྤྱི་དེ་ཆོས་ཅན། ཇི་ལྟར་ཁྱོད་ལས་དུ་བ་འབྱུང་སྟེ་མི་འབྱུང་བར་ཐལ། མེ་ཡོད་མིན་པའི་ཕྱིར། ཁྱབ་པ་ཡོད་དེ། དུ་བ་སྐྱེད་བྱེད་ཀྱི་རྒྱུའི་རང་བཞིན་མེ་ཡོད་ཡོད་པས་སོ། །མེ་མེད་ལས་བྱེ་བྲག་ལྡན་པ་སྟེ་ཐ་དད་པར་ཐལ། དུ་བ་དེའི་ངོ་བོ་ལ་ཕན་འདོགས་པའི་ནུས་པ་ཅན་ཡིན་པས་སོ། །གལ་ཏེ་མེ་མེད་ལས་འབྱུང་ན། དུ་བ་དེ་ནི་ཆོས་ཅན། རྒྱུ་མེད་དུ་འགྱུར་བར་ཐལ། དུ་བའི་རྒྱུ་མིན་པ་ལས་འབྱུང་བའི་ཕྱིར། རྒྱུ་མི་འདྲ་བ་ལས་འབྲས་བུ་འདྲ་བ་མི་འབྱུང་བ་འོ་ན་ད་ནི་ལྷན་ཅིག་བྱེད་རྐྱེན་སོགས་རྐྱེན་གསུམ་ཐ་དད་པ་ལས་འབྲས་བུ་གཅིག་ཇི་ལྟར་སྐྱེ་སྟེ་སྐྱེ་བར་མི་རིགས་པ་ལས་མི་སྐྱེ་བ་མ་ཡིན་ཏེ། དཔེར་ན་མིག་དང་གཟུགས་དང་ཡིད་ལ་བྱེད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ལྟ་བུའོ་ཞེ་ན། རྒྱུ་དུ་མ་ལས་འབྲས་བུ་སྐྱེ་བར་མི་འདོད་པ་ནི་མིན་ཏེ། རྒྱུ་དུ་མ་ལས་འབྲས་བུ་སྐྱེ་བར་མཐོང་ཞིང༌། རྒྱུ་རྐྱེན་གཅིག་པུ་རེ་རེ་ཁོ་ནས་འབྲས་བུ་སྐྱེད་པར་བྱེད་པའམ་སྐྱེད་བྱེད་དེའི་རང་བཞིན་ཡིན་པ་ནི་འགའ་ཡང་མེད་པའི་ཕྱིར། གང་གིས་བསྐྱེད་ཅེ་ན། འོན་ཀྱང་མྱུ་གུའི་རྒྱུ་ཚོགས་ཆོས་ཅན། མྱུ་གུ་སྐྱེད་པར་བྱེད་པ་དང་དེའི་རང་བཞིན་ཡིན་ཏེ། ཁྱོད་ལས་འབྲས་བུ་མྱུ་གུ་འབྱུང་བར་མཐོང་བའི་ཕྱིར། སྐྱེད་བྱེད་དང་སྐྱེད་བྱེད་ཀྱི་རང་བཞིན་གཉིས་སྨོས་པ་ནི་རང་ལུགས་ལ་ཁྱད་མེད་ཀྱང༌། མུ་སྟེགས་པ་རྣམས་རྒྱུ་རྐྱེན་སོ་སོ་བ་སྐྱེད་བྱེད་ཀྱི་རང་བཞིན་ཚོགས་པ་སྐྱེད་བྱེད་དུ་འདོད་པས་དེའི་འདོད་པ་ལ་ལྟོས་ནས་བཞག་གོ །འབྲས་བུ་འདྲ་བ་ཆོས་ཅན། དངོས་རྒྱུའི་ཚོགས་པ་འདྲ་བ་དེ་ཁོ་ན་རྗེས་སུ་དཔག་སྟེ་ཤར་ནུབ་ཀྱི་ས་ལུའི་མྱུ་གུ་ལ་དངོས་རྒྱུ་འདྲ་བ་སྔོན་དུ་སོང་བར་བསྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། མྱུ་གུའི་རྒྱུའི་ཚོགས་པ་དེ་ཉིད་ཆོས་ཅན། འབྲས་བུ་མྱུ་གུའི་རང་གི་ངོ་བོ་གནས་པའི་རྟེན་ཡིན་ཏེ། ཁྱོད་ཀྱི་རྒྱུན་འཇུག་པ་དེ་སྲིད་དུ་རང་འབྲས་མྱུ་གུའི་རྒྱུན་མ་ཆད་པར་འཇུག་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ཀྱང་ཆོས་ཅན། འགའ་ཞིག་གིས་བསྐྱེད་འགའ་ཞིག་གིས་མི་བསྐྱེད་པའམ་རྣམ་གྲངས་མེད་པར་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ནོ། །འབྲས་བུ་ལ་ནུས་པ་འཇུག་པར་མཚུངས་པའི་ཕྱིར། རྒྱུ་རིགས་ཐ་དད་པའི་རྩོད་པ་སྤང་བ་ནི། རྒྱུ་མི་འདྲ་བ་ལ་འབྲས་བུ་འདྲ་བ་མི་འབྱུང་བ་མ་ཡིན་ཏེ། ཨུཏྤ་ལའི་ས་བོན་དང་བ་ལང་གི་ལྕི་བ་ལས་ཨུཏྤ་ལ་རིགས་གཅིག་སྐྱེ་བའི་ཕྱིར་ཞེ་ན། གང་ཡང་ལྕི་བ་ལ་སོགས་པ་ཅུང་ཟད་རིགས་མི་མཐུན་པ་ལས་ཨུཏྤ་ལ་ལ་སོགས་པ་འབྱུང་བར་མཐོང་བ་དེ་ལ་ཡང་ཨུཏྤ་ལ་ཞེས་རིགས་གཅིག་དེ་སྐད་དུ་བརྗོད་ཀྱང༌། ལྕི་བ་དང་ཨུཏྤ་ལ་རང་གི་ས་བོན་ལས་སྐྱེ་བ་ཅན་གྱི་ཨུཏྤ་ལའི་མིང་ཅན་གཉིས་པོ་ཆོས་ཅན། རང་གི་ངོ་བོ་རིགས་ཐ་དད་པ་ཡོད་པ་ཁོ་ན་ཡིན་ཏེ། རྒྱུའི་རང་གི་ངོ་བོ་ཐ་དད་པ་ལས་སྐྱེས་པའི་ཕྱིར། དཔེར་ན་ས་བོན་དང་སྡོང་བུ་ལས་སྐྱེས་པའི་ཆུ་ཤིང་ལྟ་བུའོ། །དེ་གཉིས་ཇི་ལྟར་ཐ་དད་ཅེ་ན། དེ་ལྟ་བུ་ནི་འཇིག་རྟེན་ན་གསལ་བ་ཁོ་ནར་རྣམ་པ་ཐ་དད་པའི་སྒོ་ནས་རྣམ་པར་འབྱེད་དོ། །ས་བོན་ལས་སྐྱེས་པའི་ཆུ་ཤིང་སྐྱ་ལ་ཕྲ། སྡོང་བུའི་ཆུ་ཤིང་སྔོ་ལ་སྦོམ་པའི་ཕྱིར། དངོས་དང་བརྒྱུད་རྒྱུའི་རྩོད་པ་སྤང་བ་ནི། འབྲས་བུ་འདྲ་བས་རྒྱུ་འདྲ་བ་དཔོག་པ་འཁྲུལ་ཏེ། ས་བོན་དང་ཆུ་ཤིང་མི་འདྲ་བའི་ཕྱིར་ཞེ་ན། འབྲས་བུ་འདྲ་བ་ཆོས་ཅན། རྒྱུ་མི་འདྲ་བ་ལ་བརྒྱུད་འབྲས་འདྲ་བ་མཐོང་བས་ཁྱོད་ཀྱིས་རྒྱུ་འདྲ་བ་དཔོག་པ་འཁྲུལ་བ་མ་ཡིན་པར་ཐལ། བརྒྱུད་རྒྱུ་འདྲ་བར་རྗེས་སུ་དཔོག་པ་མིན་གྱི། ཁྱོད་ཀྱིས་འདྲ་བར་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་ཡང་དེ་མ་ཐག་པ་དངོས་རྒྱུ་ཉིད་ཡིན་པའི་ཕྱིར། རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་སྐྱེ་བའི་རྗེས་འགྲོ་བསྟན་པ་ནི། འབྲས་བུ་ཡི་རྫས་རང་བཞིན་མཚུངས་པ་ཤར་ནུབ་ཀྱི་ས་ལུའི་མྱུ་གུ་ལྟ་བུ་རྣམས་ལ་ནི་ཆོས་ཅན། དངོས་རྒྱུ་འདྲ་བ་དེ་ནི་སྔོན་དུ་སོང་བར་འདྲ་བ་ཡིན་ཏེ། འབྲས་བུ་འདྲ་བ་ཡིན་པའི་ཕྱིར། དཔེར་ན་ཚོགས་པ་གཅིག་ལ་རྗེས་སུ་འབྲེལ་བའི་ཆུ་ཤིང་སྡོང་བུ་གཅིག་ལས་སྐྱེས་པའི་ཡལ་ག་བཞིན་ནོ། །རྒྱུ་འདྲ་བ་ལོག་ན་འབྲས་བུ་འདྲ་བ་ལྡོག་པ་ནི། ནས་དང་སྲན་མ་ལ་སོགས་པའི་མྱུ་གུ་གང་ཡིན་པ་དེ་ལ་ནི་ཆོས་ཅན། རང་བཞིན་ཐ་དད་པ་ཡང་ཡོད་པ་ཡིན་ཏེ། དངོས་ཀྱི་རྒྱུ་ཐ་དད་ལས་སྐྱེས་པའི་ཕྱིར། དཔེར་ན་ས་བོན་དང་སྡོང་བུ་ལས་སྐྱེས་པའི་ཆུ་ཤིང་དེ་དག་ཉིད་བཞིན་ནོ། །རྒྱུ་གང་ལས་འབྲས་བུ་ཅི་འདྲ་བ་སྐྱེ་བར་མཐོང་བའི་འབྲས་བུ་དེ་ཆོས་ཅན། ཁྱོད་ལས་རྒྱུ་འདྲ་བ་རྗེས་སུ་དཔོག་ནུས་པ་ཡིན་ཏེ། གང་གི་ཆོས་ཅན་ལ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག ཁྱོད་ལ་དངོས་རྒྱུ་འདྲ་བས་ཁྱབ་པ་དེས་ནའོ། །འབྲས་བུ་འདྲ་བ་དཔོག་པའི་སྒོ་བརྒྱུད་རྒྱུ་མི་འདྲ་བ་དཔོག་པའི་སྒོ་ནས་ཁྱོད་ཀྱིས་རྒྱུ་འདྲ་བ་བསྒྲུབ་པའི་ཁྱབ་པ་འཁྲུལ་པའི་སྐྱོན་མེད་དེ། །བར་དུ་ཆོད་པའི་བརྒྱུད་པའི་རྒྱུ་འདྲ་བ་དག་ནི་རྗེས་སུ་དཔོག་པ་མིན་པས་སོ། །དངོས་རྒྱུ་འདྲ་བ་ལ་འཁྲུལ་ཏེ་ནགས་དང་ཅིག་ཤོས་ཐ་དད་ཀྱང་འབྲས་བུ་ག་གོན་རྣམ་པ་འདྲ་བའི་ཕྱིར་ཞེ་ན། རྣམ་པ་ཐ་དད་པ་འབའ་ཞིག་ནི་དེ་དང་རིགས་ཐ་དད་པར་འཇོག་པའི་རྒྱུ་མཚན་མིན་ནོ། །རྣམ་པ་འདྲ་བ་འབའ་ཞིག་ནི་རིགས་ཐ་དད་པ་དེ་ཉིད་མིན་པའི་རྒྱུ་མཚན་ཡང་མིན་ནོ། །འོན་ཀྱང་འབྲས་བུ་རིགས་ཐ་དད་པའི་རང་བཞིན་གཞན་ཡང་ཡོད་པ་ཡིན་ཏེ། བཅོས་མ་དང་བཅོས་མ་མིན་པའི་ནོར་བུ་དང་བྱུ་རུ་ལ་སོགས་པ་རྣམ་པ་འདྲ་ཡང་ལྕིད་ཀྱི་སྒོ་ནས་འབྱེད་པ་བཞིན་ནོ། །གནས་སྐབས་ཁ་ཅིག་ཏུ་རྣམ་པ་འདྲ་ཡང་མེ་ཏོག་ཐ་དད་པས་འབྱེད་དེ། སྔོན་པོ་དང་ཅིག་ཤོས་ཀྱི་མེ་ཏོག་ཅན་གྱི་ཤུར་པ་ཀ་བཞིན་ནོ། །གནས་སྐབས་ཁ་ཅིག་ཏུ་ནི་འབྲས་བུ་ཐ་དད་པས་འབྱེད་དེ། འབྲས་བུ་མེད་པ་དང་ཅིག་ཤོས་ཀྱི་ཀར་ཀོ་ཏ་བཞིན་ནོ། །ཁ་ཅིག་ཏུ་ནི་རོ་ལས་འབྱེད་དེ། ནགས་དང་ཅིག་ཤོས་ལྡུམ་རྭའི་རྒྱལ་མོ་ག་གོན་བཞིན་ནོ། །ཁ་ཅིག་ཏུ་ནི་ནུས་པས་འབྱེད་དེ། རེག་པ་དང་མྱངས་པས་འཁྲུ་བའི་ཨ་རུ་ར་བཞིན་ནོ། །རྒྱུ་རིགས་ཐ་དད་ན་འབྲས་བུ་རིགས་ཐ་དད་པ་དེའི་ཕྱིར། རིགས་ཐ་དད་དུ་ཤིན་ཏུ་རྣམ་པར་ཕྱེ་བའི་འབྲས་བུ་ནི་རྒྱུ་ཐ་དད་ལ་འཁྲུལ་པ་མེད་དེ། རྒྱུ་ཁྱད་པར་ཡོད་ཀྱང་འབྲས་བུ་ཁྱད་པར་མེད་ན་འབྲས་བུ་རྒྱུ་མེད་དུ་འགྱུར་བར་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར། འབྲས་བུ་རྒྱུ་ལ་མི་འཁྲུལ་བར་བསྟན་པའི་དོན་བསྡུ་བ་ནི། དུ་བ་དེའི་རང་བཞིན་ཆོས་ཅན། མེ་ཡོད་དང་རིགས་མི་མཐུན་པ་ལས་མི་འབྱུང་སྟེ། མེ་དེའི་རྒྱུ་ཅན་ཡིན་པ་དེའི་ཕྱིར། མ་གྲུབ་ན་དུ་བ་གང་ཞིག་ཆོས་ཅན། དེར་ཐལ། རྗེས་སུ་འགྲོ་ལྡོག་ངེས་པའི་ཚད་མ་ལས་མེ་གང་གི་རྗེས་སུ་འགྲོ་ལྡོག་བྱེད་པར་མཐོང་བའི་ཕྱིར། ཚུལ་གཉིས་ངེས་པ་འབྲེལ་བ་ངེས་པ་ལ་ལྟོས་པར་བསྟན་པ་ནི། ཤེས་བྱ་ཆོས་ཅན། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་དང་མཐུན་ཕྱོགས་ལ་མཐོང་ཙམ་ལས་ཁྱབ་པའི་ཚུལ་གཉིས་ངེས་པ་མིན་པར་ཐལ། རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་བྱེད་པའམ། རང་བཞིན་དང་རང་བཞིན་ཅན་དུ་ངེས་པར་བྱེད་པའི་དོན་གཞན་སྔ་མ་ཚད་མ་ལས་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པའི་སྒོ་ནས་ཁྱབ་པའི་ཚུལ་གསུམ་ངེས་དགོས་པའི་ཕྱིར། འབྲེལ་པ་མི་དགོས་ཤེ་ན། གཞན་དུ་བ་ནི་ཆོས་ཅན། ཁྱོད་ཡོད་པ་དང་ནི་དོན་གཞན་མེ་དག་ངེས་པར་ཡོད་པའི་ངེས་པ་གང་ལ་ཡོད་དེ་མེད་པར་ཐལ། མེ་ལས་ཐ་དད་དེ་ལ་འབྲེལ་བ་ལས་གཞན་དུ་སྟེ་མ་འབྲེལ་བའི་ཕྱིར། བྱས་པ་ཆོས་ཅན། མི་རྟག་པ་དང་ལྷན་ཅིག་ཏུ་ངེས་པར་ཡོད་པའི་ངེས་པ་གང་ལ་ཡོད་དེ་མེད་པར་ཐལ། ཐ་དད་འབྲེལ་བ་མེད་པའི་ཕྱིར། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། ཁྱོད་ཀྱི་འཇིག་པ་རང་ལས་ཕྱིས་འབྱུང་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར། དཔེར་ན་གོས་སྔོན་པོར་གྱུར་པ་ཚོན་ལ་ལྟོས་པས་གྲུབ་ཙམ་ནས་སྔོན་པོར་མ་ངེས་པ་བཞིན་ནོ། །འབྲེལ་པ་མེད་ན་ཚུལ་གཉིས་མི་འགྲུབ་པར་བསྟན་ནས། བདག་གཅིག་འབྲེལ་བ་ལ་ལོག་རྟོག་དགག་པ་ནི། རང་བཞིན་རྟགས་སུ་བཤད་པ་ལས་རིགས་པ་གཞན་ཡང༌། ཆོས་མི་རྟག་པ་དེ་ཆོས་ཅན། དངོས་པོ་ལས་རྫས་གཞན་ཉིད་དུ་ཐལ། དངོས་པོ་ལས་ཕྱིས་འབྱུང་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་པར་འགྱུར་པའི་ཕྱིར། དེ་བཤད་པ་ནི། དངོས་པོ་དེའི་རང་བཞིན་དུ་རིགས་པ་མིན་པར་ཐལ། དངོས་པོ་དེ་གྲུབ་པའི་དུས་ན་མ་གྲུབ་བམ། དངོས་པོ་དང་༼དངོས་རྒྱུ་༽སྔ་ཕྱི་རྫས་ཐ་དད་ལས་སྐྱེས་པའི་ཕྱིར། ཁྱབ་པ་ཡོད་དེ། དངོས་པོ་རྣམས་ཀྱི་ཐ་དད་པའམ། རྒྱུ་ཐ་དད་ལས་ཐ་དད་དུ་འཇོག་པ་ནི་རྒྱུ་མཚན་གཉིས་པོ་འདི་ཁོ་ན་ཡིན་པའི་ཕྱིར། གཉིས་པོ་གང་ཞེ་ན། གཅིག་གྲུབ་དུས་གཅིག་མ་གྲུབ་པའི་ཆོས་འགལ་བར་གནས་པའམ། རྒྱུ་སྔ་ཕྱི་ཐ་དད་པའོ། །ཁྱབ་པ་མེད་ན། དངོས་པོ་ཆོས་ཅན། སྔོན་པོ་ལ་སོགས་པ་འགའ་ཡང་སེར་པོ་ལ་སོགས་པ་གང་ལས་ཀྱང་རྫས་ཐ་དད་མེད་པར་ཐལ། གྲུབ་མ་གྲུབ་འགལ་བར་གནས་པ་དང༌། དངོས་རྒྱུ་སྔ་ཕྱི་ཐ་དད་པ་དེས་ཀྱང་རྫས་ཐ་དད་པར་མ་གྲུབ་པའི་ཕྱིར། འདོད་ན། དངོས་པོ་རིལ་རྫས་གཅིག་ཏུ་འགྱུར་རོ། །འདོད་ན། སྔོ་སེར་སོགས་ལྷན་ཅིག་སྐྱེ་བ་དང་ལྷན་ཅིག་འཇིག་པར་ཐལ། རྫས་གཅིག་ཡིན་པ་དེས་ནའོ། །་ཆུ་མེ་ལ་སོགས་པ་ཐམས་ཅད་བསྲེག་པ་ལ་སོགས་ཐམས་ཅད་ལ་ཉེ་བར་སྦྱོར་བར་འགྱུར་རོ། །རྫས་གཅིག་ཀྱང་དོན་སོ་སོར་བྱེད་ཅེ་ན། སྐྱེ་འཇིག་ལྷན་ཅིག་ཏུ་བྱེད་པ་དེ་ལྟ་མིན་ན་རྫས་གཅིག་ཅེས་བྱ་བར་མི་འགྱུར་རོ། །རྫས་གཅིག་ཅེས་པ་དང་རྫས་ཐ་དད་ཅེས་པ་མིང་ཐ་དད་པ་ཙམ་དུ་ཟད་པར་ཐལ། རྫས་དུ་མའི་དོན་ཁས་བླངས་ནས་རྫས་གཅིག་ཅེས་དེ་སྐད་བརྗོད་པའི་ཕྱིར། རང་ལ་མཚུངས་པ་སྤང་བ་ནི། དངོས་པོ་དང་དངོས་པོ་རིལ་འཇིག་པ་རྒྱུ་དོན་ཐ་དད་པ་ཉིད་མེད་པར་འདོད་ཀྱང་མི་རྟག་པ་དངོས་པོ་དེའི་རང་བཞིན་མ་ཡིན་པར་ཁྱོད་ལ་ཡང་མཚུངས་པ་མིན་ནམ་སྟེ་མཚུངས་ཏེ། དངོས་པོའི་དུས་ན་མི་རྟག་པ་ཉིད་མ་གྲུབ་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། མི་རྟག་པ་ཉིད་ཅེས་བྱ་བ་དངོས་པོ་ལས་གང་ཕྱིས་འགྲུབ་པར་འགྱུར་བ་འགའ་ཡང་མེད་དེ། དངོས་པོ་སྐད་ཅིག་མར་གནས་པའི་ཆོས་ཅན་དེ་ཁོ་ན་མི་རྟག་པ་ཡིན་པའི་ཕྱིར་ཞེས་རང་བཞིན་རྟགས་སུ་མང་དུ་བཤད་ཟིན་ཏོ། །དངོས་པོ་ཉིད་མི་རྟག་པ་ཡིན་ན་དངོས་པོ་དང་དངོས་པོའི་མི་རྟག་པ་ཞེས་ཆོས་ཆོས་ཅན་གྱི་ཚིག་གི་རྣམ་དབྱེ་མེད་པར་འགྱུར་རོ་ཞེ་ན། བུམ་པའི་མི་རྟག་པ་ཞེས་ཆོས་བརྗོད་པ་དང་བུམ་པ་མི་རྟག་ཅེས་ཆོས་ཅན་བརྗོད་པའི་ཚིག་ཐ་དད་པ་ལ་ཡང༌། ཐ་དད་པའི་རྒྱུ་མཚན་ནི་འདི་ཡིན་ཏེ། བུམ་པ་ཡི་མི་རྟག་པ་ཞེས་པའི་ཚིག་ཆོས་ཅན། ཁྱད་པར་གཞན་སྤོང་བའི་ཚིག་ཡིན་ཏེ། ཆོས་ཅན་བུམ་པ་དེ་དྲུག་པའི་སྒྲས་ལྡོག་པ་གཞན་དང་འབྲེལ་མི་རུང་གི་ཚུལ་གྱིས་བརྗོད་པའི་ཕྱིར། བུམ་པ་མི་རྟག་ཅེས་པའི་ཚིག་ཆོས་ཅན། ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་པར་ཐལ། ཆོས་ཅན་བུམ་པ་དེ་ལྡོག་ཆོས་གཞན་དང་འབྲེལ་བ་མ་བཅད་པར་མི་རྟག་པ་ཙམ་དུ་བརྗོད་པའི་ཕྱིར། ཁྱད་པར་ནི་འདི་ཙམ་དུ་ཟད་ཀྱི་བརྗོད་བྱའི་དོན་ལ་ཁྱད་པར་མེད་དོ་ཞེས་ཚད་མ་རྣམ་འགྲེལ་དུ་གཏན་ལ་ཕབ་ཟིན་ཏོ། །དངོས་པོ་དང་མི་རྟག་པ་ལ་རྟོགས་མ་རྟོགས་ཀྱི་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། དངོས་པོ་འདིའི་རང་བཞིན་མི་རྟག་པ་དེ་ནི་མཐོང་བཞིན་དུ་ཡང་མི་རྟོགས་སོ། །ཅིའི་ཕྱིར་མི་རྟོགས་ཤེ་ན། རྟག་ཏུ་སྔར་གྱི་དེ་ལྟར་དུ་ཡོད་པར་དོགས་པས་བསླུས་པའམ། འདྲ་བ་གཞན་འབྱུང་བས་བསླུས་པས་སོ། །ཅིའི་ཕྱིར་ཞེ་ན། མི་རྟག་པ་རྟོགས་པར་ངེས་པའི་གེགས་བློ་ཞན་པ་རྒྱུད་ལ་ཡོད་པ་དམིགས་པས་སོ། །འོ་ན་དུས་ནམ་ངེས་ཤེ་ན། ངེས་པའི་དུས་བསྟན་པ་ནི། བུམ་པའི་སྐད་ཅིག་ཐ་མ་འགག་བཞིན་པར་མཐོང་བ་རྣམས་ཆོས་ཅན། བུམ་པ་མི་རྟག་པར་རྟོགས་ཏེ། དེ་མི་རྟག་པར་ངེས་པའི་ཕྱིར། ཕྱིས་བུམ་པའི་རྒྱུ་ལོག་པ་དེའི་ཚེ་ཆོས་ཅན། བུམ་པ་མི་རྟག་པ་ཉིད་དུ་རྣམ་པར་བཞག་སྟེ། དེ་མི་རྟག་པར་ངེས་པའི་དུས་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། བུམ་པ་དེའི་རྒྱུ་རྐྱེན་མི་དམིགས་པས་མི་གནས་པར་རྟོགས་པའི་ཕྱིར་ཞེས་ཀྱང་བཤད་ཟིན་ཏོ། །དངོས་པོ་ཉིད་མི་རྟག་པ་དེ་ལྟ་མིན་ན་ཕྱིས་གཞན་གྱི་རྒྱུ་མཚན་ཅན་ཡིན་ནམ་རྒྱུ་མཚན་མེད་པ་ཅན་ཉིད་ཡིན་ཡང་རུང་སྟེ། མི་རྟག་པ་དེ་ཉིད་ཆོས་ཅན། དངོས་པོ་ལས་དོན་གཞན་ཁོ་ནར་འགྱུར་ཏེ། དངོས་པོ་དང་འབྲས་བུར་མཚུངས་ཤིང་བདག་ཉིད་མི་གཅིག་པའི་ཕྱིར། འདོད་པ་དེ་ལྟ་ཡིན་ན་ནི་དངོས་པོ་ཆོས་ཅན། མི་རྟག་པ་དེ་དང་ལྡན་པར་མི་འགྱུར་ཏེ། གཞན་གྱི་ཆེད་དུ་ཡང་ལྡན་མི་དགོས། ཁྱོད་ལ་འཇིག་བྱེད་ལྡན་ཡང་མི་དགོས་པའི་ཕྱིར། དགོས་ན་ནི། དངོས་པོ་འདི་ཆོས་ཅན། ཁྱོད་ལ་འཇིག་བྱེད་མི་རྟག་པ་དོན་གཞན་ཉིད་ཀྱིས་ཅི་ཞིག་བྱ་སྟེ། མི་དགོས་པར་ཐལ། མི་རྟག་དེ་ཉིད་རང་གི་བདག་ཉིད་དུ་གྱུར་པའི་མི་རྟག་པ་ཡིན་པས་སོ། །འཇིག་པར་བྱེད་ཀྱང་རང་གི་བདག་ཉིད་མི་བྱེད་ཅེ་ན། མི་རྟག་པ་དོན་གཞན་དང་ལྡན་ཡང་འཇིག་པ་དེའི་ངོ་བོར་མི་འཐད་པར་ཐལ། རང་བཞིན་མི་གཡོ་བ་རྟག་པའི་ཕྱིར། མི་རྟག་པ་ཉིད་དམ་ཆོས་གཞན་དེ་ཡང་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལས་འབྱུང་ན་ནི་མི་རྟག་པ་དངོས་པོའི་རྒྱུ་ཡིན་པའམ། འབྲས་བུ་ཡིན་པ་ཞིག་ཏུ་འགྱུར་གྲང༌། གཉིས་ཀ་མིན་ནོ་ཞེ་ན། དངོས་པོ་ཆོས་ཅན། མི་རྟག་པ་དང་འབྲེལ་བ་མེད་པར་ཐལ། དེ་ལས་དོན་གཞན། དེའི་རྒྱུ་ཡང་མིན་འབྲས་བུ་ཡང་མིན་པའི་ཕྱིར། འདོད་ན། སྒྲ་དེ་ལ་མི་རྟག་པ་ཡོད་པར་རྗེས་སུ་དཔག་པ་མི་སྲིད་པར་ཐལ། འདོད་པ་དེའི་ཕྱིར། གཉིས་སུ་བརྟགས་པ་དེ་ལ། དངོས་པོའི་རྒྱུར་འདོད་ན། དེའི་རྒྱུ་ཉིད་མིན་པར་ཐལ། དེ་ལས་ཕྱིས་འབྱུང་བའི་ཕྱིར། དེའི་འགྲེལ་པ་ནི། ཇི་ལྟར་བུམ་པའི་དངོས་པོ་དེའི་རྒྱུ་ཡིན་ཏེ་མིན་པར་ཐལ། བུམ་པ་དེ་དངོས་པོར་གྲུབ་ནས་ཕྱིས་དོན་གཞན་ལས་འབྱུང་བའི་ཕྱིར། འབྲས་བུར་འདོད་ན་ཡང་ཁྱབ་པ་ག་ལ་ངེས་ཞེས་པའི་དོན་སྟོན་པ་ནི། རྒྱུའི་དངོས་པོ་ཆོས་ཅན། ཁྱོད་ཡོད་པ་ལ་གདོན་མི་ཟ་བར་མི་རྟག་པ་ཡོད་པར་ངེས་པ་མིན་པར་ཐལ། འབྲས་བུ་མི་རྟག་པ་ཁྱོད་ལས་ཕྱིས་འབྱུང་གི་འབྲས་བུ་ལ་ལྟོས་པའི་ཕྱིར། འདོད་ན་སྒྲ་ལ་མི་རྟག་པ་དེ་ཡོད་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་སུ་ཐལ། ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཕྱོགས་ཆོས་ཅན་གང་ཞིག འདོད་པ་དེའི་ཕྱིར། ལྟོས་པའི་རྟགས་མ་གྲུབ་སྟེ་དངོས་པོ་ཙམ་ལས་མི་རྟག་པ་འབྱུང་བ་ཡིན་ཞེ་ན། མི་རྟག་པ་ཆོས་ཅན། འཇིག་རྒྱུ་གཞན་ལ་ལྟོས་པ་མེད་པ་དང་དངོས་པོ་དེ་ཙམ་དང་རྗེས་སུ་འབྲེལ་བ་གྲུབ་སྟེ། འཇིག་རྒྱུ་གཞན་ལ་ལྟོས་པ་མེད་པར་འཇིག་པའི་ཕྱིར། དངོས་པོའི་རྒྱུ་ལས་དངོས་པོ་འབྱུང༌། དངོས་པོ་ལས་འཇིག་པ་འབྱུང་ངོ་ཞེ་ན། དངོས་པོ་དེ་ལས་མི་རྟག་པ་འགའ་ཞིག་འབྱུང་ཡང་དངོས་པོ་ཆོས་ཅན། སྔར་གྱི་བདག་ཉིད་ལས་ཉམས་པ་མེད་པར་ཐལ། ཁྱོད་ལ་འཇིག་པ་རང་གི་བདག་ཉིད་དུ་ལྡན་མི་དགོས་པས་སོ། །འདོད་ན། འཇིག་པ་དང་ལྡན་པར་མི་འགྱུར་བར་ཐལ་བ་སྔ་མ་བཞིན་ནོ། །འདོད་ན། འདོད་པ་དེས་ན་དངོས་པོ་ཆོས་ཅན། སྒྲ་ལ་མི་རྟག་པ་དེ་རྗེས་སུ་དཔོག་ནུས་པ་མིན་པར་ཐལ། མི་འཇིག་པའི་རང་བཞིན་ཡིན་པའི་ཕྱིར། བདག་གཅིག་འབྲེལ་པ་ལ་ལོག་རྟོག་བཀག་ཟིན་ཏོ། །མ་མཐོང་ཙམ་གྱིས་ལྡོག་པ་ངེས་པ་དགག་པ་ལ། ཕྱོགས་ཆོས་སྔ་མ་ནི་ཇི་ལྟར་རྗེས་སུ་མི་དཔོག་སྟེ། འདི་ལྟར་མི་རྟག་པ་མིན་པའི་དངོས་པོ་ལ་ནི་ལན་འགར་ཡང་སྐྱེ་བ་མ་མཐོང་ལ་མ་མཐོང་བ་ལས་ནི་མི་མཐུན་ཕྱོགས་ལས་ལྡོག་པ་ངེས་པ་དེས་ན་ཁྱབ་པ་འཁྲུལ་པ་མེད་པ་ཡིན་ཞེ་ན། ལན་ལ། མ་མཐོང་ཙམ་འཁྲུལ་པ་དང༌། མི་འཁྲུལ་བ་ལ་གནོད་པ་བརྗོད་པའོ། དང་པོ་ལ་འཁྲུལ་པར་རིགས་པས་བསྒྲུབ་པ་ནི། དངོས་པོ་ཆོས་ཅན། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཁྱབ་པ་འཁྲུལ་པ་མེད་པ་མིན་པར་ཐལ། ཁྱབ་པ་འཁྲུལ་པ་སྲིད་པ་ཉིད་ཀྱི་ཕྱིར། ཕྲུ་བ་གཅིག་ཏུ་ཚུད་པས་འབྲས་ལྷག་མ་ཚོས་པར་དཔག་པ་བཞིན། ཇི་ལྟར་ཚོས་པ་དཔག་མི་ནུས་པ་དེ་ནི། མང་པོ་ཞིག་ཚོས་པར་མཐོང་ཡང་ཕྲུ་བའི་ནང་དུ་ཚུད་པར་མཚུངས་པའི་རྟགས་ཙམ་གྱིས་ནི་འབྲས་ཆན་ལྷག་མ་ཚོས་པར་མ་གྲུབ་སྟེ། ཁྱབ་པ་འཁྲུལ་བར་མཐོང་བའི་ཕྱིར། འདི་ལྟར་ཚོས་པ་འདི་ལྟ་བུའི་རང་བཞིན་ཡིན་ལ་འདི་དང་ཚོས་པའི་རྒྱུ་འདྲ་བའི་ཕྱིར་འབྲས་ཆན་ལྷག་མ་ཚོས་ཞེས་བྱ་བར་མི་འགྱུར་རོ། །དེ་ལྟ་བུ་རྟགས་སུ་བཀོད་པ་དེ་ལྟ་མིན་ན། ཕྲུ་བ་གཅིག་གི་ནང་དུ་ཚུད་པའི་རྗེས་སུ་དཔག་པ་རྟགས་དེ་ཆོས་ཅན། འབྲས་ཆན་ལྷག་མ་ཚོས་པར་བསྒྲུབ་པའི་ལྷག་མ་དང་ལྡན་པའི་འཁྲུལ་པ་ཅན་ཡིན་ནོ། །ཡང་ལྷག་མ་དང་ལྡན་ཞེས་བྱ་བ་འདི་ནི་ཅི་ཞེ་ན། རྒོལ་བ་ཆོས་ཅན། རྟགས་གང་ཞིག་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་རབ་ཏུ་སྟོན་པར་བྱེད་པ་དེ་ལ་ལྷག་མ་དང་ལྡན་ཞེས་བརྗོད་དེ། ལྡོག་པ་བསྒྲུབ་པ་ལ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་དེ་ནི་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་དེའི་རྒྱུ་ཡིན་པའི་ཕྱིར། དེ་ལྟ་བུའི་རྟགས་ནི་མི་མཐུན་ཕྱོགས་ལ་འཇུག་པར་ཐེ་ཚོམ་ཟ་བའི་ཕྱིར་ཏེ། རྟགས་དེའི་ལྡོག་པ་དེ་ནི་དཔྱད་ཀྱང་མ་ངེས་པའི་ཕྱིར། མ་དམིགས་པས་མེད་པར་ངེས་ཤེ་ན། མ་ཡིན་ཏེ། མི་དམིགས་པ་ཐམས་ཅད་ནི་མེད་པ་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར། མ་མཐོང་བས་ལྡོག་པ་མི་འགྲུབ་པ་དེའི་ཕྱིར། རྣལ་འབྱོར་པ་རྟོགས་ལྡན་ནི་ཆོས་ཅན། བྱས་མི་རྟག་དེ་གཉིས་རང་བཞིན་འབྲེལ་པ་འབའ་ཞིག་ཀྱང་འདོད་པར་བྱ་དགོས་ཏེ། གཅིག་མི་རྟག་པ་ལྡོག་པས་གཞན་བྱས་པ་ལྡོག་པར་འདོད་པས་སོ། །གཞན་དུ་ན་གཏན་ཚིགས་བྱས་པ་ཆོས་ཅན། སྒྲ་མི་རྟག་པ་གོ་བྱེད་མིན་པར་འགྱུར་ཏེ། བསྒྲུབ་བྱའི་ཆོས་དང་འབྲེལ་བ་གྲུབ་པ་དེ་ལྟ་མ་ཡིན་པའི་ཕྱིར། འབྲེལ་བ་ངེས་དགོས་པ་ལུང་གིས་བསྟན་ཚུལ་ནི། ངེས་པ་བརྗོད་པར་མཛད་པ་ཡིན་ནོ། །གང་ལ་ཞེ་ན། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ག་ལའང་ངོ༌། །གང་གིས་ཤེ་ན། ཕྱོགས་ཀྱི་གླང་པོ་དེ་ཡིས་སོ། །དགོས་པ་ཅིའི་དོན་དུ་ཞེ་ན། མ་གྲུབ་པའི་གཉེན་པོར་ཕྱོགས་ཆོས། ལྡོག་དོན་འགལ་བའི་གཉེན་པོར་རྗེས་འགྲོ་དང༌། འཁྲུལ་བ་ཅན་མ་ངེས་པའི་གཉེན་པོར་ལྡོག་པ་ལ་བརྗོད་དོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། འབྲེལ་བ་དེ་ཉིད་སྟོན་པར་མཛད་པ་ན་རྒོལ་བ་གཉིས་ཀ་ལ་རྗེས་སུ་འགྲོ་ལྡོག་ངེས་པས་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ་ཞེས་ངེས་པ་བཤད་པ་ལ་རྒྱུ་མཚན་ཡོད་པ་ཡིན་ཏེ། འབྲེལ་བ་ངེས་པ་མེད་པར་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་པ་དེས་ནའོ། །རྗེས་སུ་འགྲོ་ལྡོག་གཉིས་ཀ་ངེས་དགོས་པ་དེ་ལ་རྗེས་འགྲོ་ལ་ངེས་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། འགལ་བ་དང་དེའི་ཕྱོགས་དང་མཐུན་པ་འགལ་བའི་ལྷག་ལྡན་རྣམས་རྗེས་འགྲོ་གྲུབ་པར་བསལ་བའི་ཕྱིར། ལྡོག་པ་ལ་ངེས་པ་སྨྲོས་པ་ཆོས་ཅན། དགོས་པ་ཡོད་དེ། ཐུན་མོང་གི་མ་ངེས་པ་ལྡོག་པ་ཡོད་པ་བསལ་བའི་ཕྱིར། གཉིས་ཀ་ལ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྟགས་རྒོལ་བ་གཅིག་ཁོ་ན་ལ་གྲུབ་པ་གཞན་དོན་གྱི་རྟགས་ཡིན་པ་འགོག་པའི་ཕྱིར། རབ་ཏུ་གྲུབ་པ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བ་འགལ་བའི་ལྷག་ལྡན་དང༌། མི་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བ་ཡང་དག་ལྷག་ལྡན་དང༌། གཉིས་ཀ་ལ་ཐེ་ཚོམ་ཟ་བ་ཐུན་མོང་མ་ཡིན་པའི་ཚུལ་གཉིས་གྲུབ་པ་དགག་པའི་ཕྱིར། མ་མཐོང་ཙམ་མི་འཁྲུལ་བ་ལ་གནོད་པ་བརྗོད་པ་ལ་ལུང་དང་རིགས་པའི་གནོད་བྱེད་གཉིས་ལས། དང་པོ་ལ་ལྡོག་ཁྱབ་མི་བརྗོད་པར་ཐལ་བ་ནི། རང་སྡེ་འགའ་ཞིག་འབྲེལ་པ་མེད་པར་མ་མཐོང་བ་ཙམ་གྱིས་ལྡོག་པ་ངེས་པར་འདོད་ན་ནི། ལུང་གི་གནོད་པ་དུ་མ་ཡོད་པའི་ནང་ནས་རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་ཁྱབ་པ་གཉིས་ཀ་བརྗོད་པར་བྱ་བ་གང་ཡིན་པ་འདི་ནི་རིགས་སོ་ཞེས་བཤད་པ་གང་ཡིན་པ་སྟེ། ཆོས་མི་མཐུན་པ་སྨོས་པ་ནི་མ་ངེས་པའི་གཉེན་པོར་རོ་ཞེས་གསུངས་པ་མི་འཐད་པར་ཐལ། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་པ་ངེས་པའི་ཕྱིར། གལ་ཏེ་མི་མཐུན་སྦྱོར་དེས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་སྟོན་པར་བྱེད་དོ་ཞེ་ན། ཕྱིར་རྒོལ་བ་ཆོས་ཅན། ཁྱོད་ཀྱིས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་རྟོགས་པའི་དོན་དུ་མི་མཐུན་སྦྱོར་སྨོས་པ་དོན་མེད་པར་ཐལ། དེ་མ་སྨོས་ཀྱང་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་རྟོགས་པར་འགྱུར་བའི་ཕྱིར། རྟགས་མི་མཐུན་ཕྱོགས་ལ་མཐོང་བའི་འཁྲུལ་པ་བཟློག་པའི་དོན་དུ་སྨོས་ཤེ་ན། མི་མཐུན་སྦྱོར་བརྗོད་པས་སྔར་ཡོད་ལྡོག་པར་འགྱུར་བ་རྟགས་མི་མཐུན་ཕྱོགས་ལ་མཐོང་བའི་འཁྲུལ་བ་ཁྱོད་ཀྱིས་བཟློག་བྱར་བརྟགས་པ་གང་ཡིན་པ་དེ་ནི་ཆོས་ཅན། ཕྱིར་རྒོལ་དེ་ལ་ཁྱོད་ཡོད་པས་ཁྱོད་བཟློག་དོན་དུ་མི་མཐུན་སྦྱོར་སྨོས་པ་དོན་མེད་དུ་ཐལ། ཕྱིར་རྒོལ་དེ་ལ་ཁྱོད་མེད་པའི་ཕྱིར། གལ་ཏེ་མཐུན་ཕྱོགས་ལ་མཐོང་བ་དྲན་པའི་དོན་དུ་རྗེས་འགྲོ་སྨོས་དགོས་པ་ལྟར། མི་མཐུན་སྦྱོར་གྱི་ཚིག་གིས་མི་མཐུན་ཕྱོགས་ལ་མ་མཐོང་བ་དྲན་པར་བྱེད་དོ་ཞེ་ན། མཐུན་ཕྱོགས་ལ་མཐོང་བ་མ་རྟོགས་པ་ནི་བསྒྲུབ་བྱ་རྟོགས་པའི་ཡན་ལག་མིན་པས་དེ་ལ་ནི་རྗེས་འགྲོ་དྲན་པའི་དོན་དུ་མཐུན་སྦྱོར་སྨོས་པར་རིགས་མོད། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་དྲན་པའི་དོན་དུ་མི་མཐུན་སྦྱོར་སྨོས་པ་ནི་དོན་མེད་པར་ཐལ། མ་མཐོང་བ་ནི་མཐོང་བ་མེད་པའི་ཕྱིར། མཐོང་བ་མེད་པ་མིན་ན་ནི། ཕྱིར་རྒོལ་དེ་ལ་ནི་ཆོས་ཅན། མི་མཐུན་ཕྱོགས་ལ་རྟགས་མཐོང་བར་ཐལ། རྟགས་མ་མཐོང་བ་མེད་པའི་ཕྱིར། ཞེས་པས་གནོད་པར་འགྱུར་ཏེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་དེ་འགྲུབ་པར་བྱ་བའི་ཕྱིར་མི་མཐུན་སྦྱོར་བརྗོད་པ་དོན་མེད་པར་ཐལ། རྟགས་མཐོང་བ་དེ་མེད་ན་མ་མཐོང་བ་གྲུབ་པ་ཁོ་ན་ཡིན་པའི་ཕྱིར། གལ་ཏེ་མི་མཐུན་ཕྱོགས་ལ་མ་དམིགས་པ་དེ་ཙམ་གྱིས་རྟགས་མེད་དོ་ཞེས་བྱ་བར་ངེས་པ་མ་ཡིན་པས་ངེས་པ་དེའི་དོན་དུ་བརྗོད་ཅེ་ན། གལ་ཏེ་མི་མཐུན་ཕྱོགས་ལ་རྟགས་མ་དམིགས་ཀྱང་མེད་དོ་ཞེས་བྱ་བར་མི་རྟོགས་ན། ཕྱིར་རྒོལ་ཆོས་ཅན། མི་མཐུན་ཕྱོགས་ལ་རྟགས་མ་དམིགས་པ་བརྗོད་པས་ཀྱང་མི་རྟོགས་པར་ཐལ་བར་འགྱུར་ཏེ། ངག་དེ་ཡང་མ་དམིགས་པ་ཁོ་ན་བརྗོད་པར་བྱེད་པ་ཡིན་པའི་ཕྱིར། གཅིག་བསྒྲུབ་བྱའི་ཆོས་མི་དམིགས་པས་རྟགས་མེད་ཅེས་སྒྲུབ་པར་བྱེད་ནུས་པ་ཡང་མ་ཡིན་ཏེ། རྟགས་ཆོས་འབྲེལ་མེད་ཐ་དད་ཅིང༌། འབྲེལ་ཡུལ་མ་ཡིན་པ་བཀག་པས་ཆོས་འགོག་ན་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་ཡང་ཡོད་པའི་ཕྱིར། ཆོས་མེད་པ་དེས་རྟགས་མེད་པ་བསྒྲུབ་པ་ནི་མ་ཡིན་ཏེ། འོན་ཀྱང་རྟགས་རང་ཉིད་མ་དམིགས་པ་ཁོ་ནས་མེད་པར་ངེས་པ་ཡིན་ནོ་ཞེ་ན། རྟགས་དེ་ཆོས་ཅན། མི་མཐུན་ཕྱོགས་ལ་མེད་པར་མི་རིགས་པར་ཐལ། མི་མཐུན་ཕྱོགས་ལ་སྣང་རུང་མ་དམིགས་པ་དེ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། མེད་པར་རིགས་པ་ལ་སྣང་རུང་མ་མཐོང་བས་ཁྱབ་པས་སོ། །གནས་སྐབས་ལ་ལར་འདོད་རྒྱལ་དུ་རྟགས་མ་དམིགས་པ་དེ་ལྟར་གྱུར་ཀྱང༌། བསྒྲུབ་བྱའི་ཆོས་མེད་པ་ལ་རྟགས་མེད་པའི་ཁྱབ་པ་མི་འགྲུབ་པར་ཐལ། རྟགས་ཆོས་དེ་དག་འབྲེལ་མེད་ཐ་དད་པའི་ཕྱིར། མི་མཐུན་ཕྱོགས་ལ་རྟགས་མེད་དོ་ཞེས་བརྗོད་པས་ཀྱང་མེད་པ་དེ་ལྟར་འགྱུར་བ་ནི་མ་ཡིན་པར་ཐལ། ཚིག་གིས་རྟགས་མི་མཐུན་ཕྱོགས་ལ་མེད་དོ་ཞེས་བརྗོད་པས་དེ་ལྟར་འགྱུར་ན་ཧ་ཅང་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །འབྲེལ་པ་མེད་ན་ལྡོག་པ་མི་འགྲུབ་པ་དེ་བས་ན། སྔ་རྒོལ་ཆོས་ཅན། ཕྱི་རྒོལ་དེ་ལ་ཆོས་ལྡོག་པ་གང་གིས་ན་རྟགས་འདི་ལྡོག་གོ་ཞེས་བྱ་བར་འགྱུར་བའི་རིགས་པ་བརྗོད་དགོས་ཏེ། དེ་ལ་ཆོས་མེད་པ་ལ་རྟགས་ལྡོག་པར་བསྟན་པར་འདོད་པས་སོ། །རྒོལ་བས་མི་མཐུན་ཕྱོགས་ལ་རྟགས་མེད་ཅེས་བྱ་བའི་ཚིག་གིས་ཀྱང་རྟགས་མེད་པར་ངེས་པ་ཁོ་ན་མིན། གལ་ཏེ། རྟགས་མི་མཐུན་ཕྱོགས་ལ་ཇི་ལྟར་མེད་པའི་རིགས་པ། མི་མཐུན་ཕྱོགས་ལ་རྟགས་མེད་པར་ཐལ། འབྲེལ་ཡུལ་བསྒྲུབ་པའི་ཆོས་ལྡོག་པས་སོ་ཞེས་བརྗོད་ན། དེའི་ཚེ་ཕྱི་རྒོལ་གྱིས་མི་མཐུན་ཕྱོགས་ལ་རྟགས་མེད་ཅེས་བྱ་བར་རྟོགས་སོ། །བསྒྲུབ་བྱའི་ཆོས་དེ་མེད་པ་ལ་རྟགས་མི་དམིགས་པས་ལྡོག་པ་གྲུབ་པ་མ་ཡིན་ནམ་ཞེ་ན། འདི་ལ་ལན་ཅུང་ཟད་ལ་ལར་འདོད་རྒྱལ་དུ་ཞེས་པར་བཤད་ཟིན་ཏོ། །གཉིས་པ་ལྷག་ལྡན་འཁྲུལ་ཅན་མ་ཡིན་པར་ཐལ་བ་ནི། ལུང་འགལ་གཞན་ཡང༌། སློབ་དཔོན་གྱིས་ལྷག་ལྡན་འཁྲུལ་ཅན་ཇི་ལྟར་དུ་གསུངས་ཏེ་གསུངས་པར་མི་རིགས་པར་ཐལ། མ་མཐོང་ཙམ་གྱིས་ལྡོག་པ་གྲུབ་པའི་ཕྱིར། ལྷག་ལྡན་གང་ཞེ་ན། དཔེར་ན་འབྲས་བུ་ཤིང་ཐོག་ལྷག་མ་འདི་དག་ནི། སྨིན་པའམ་རོ་མངར་བ་འདི་བྲོ་བ་ཡིན་ཏེ། གཟུགས་ཁྱད་པར་མེད་པའི་ཕྱིར་དང༌། ཤིང་སྡོང་གཅིག་ལས་སྐྱེས་པའི་ཕྱིར། ཟོས་པའི་ཤིང་ཐོག་དང་འདྲའོ་ཞེས་པ་ལྟར་རོ། །བརྗོད་མ་ཐག་པ་འདི་ལ་ཆོས་ཅན། ཁྱབ་པ་འཁྲུལ་པ་ཅན་ཇི་ལྟར་ཡིན་ཏེ་མིན་པར་ཐལ། ཟོས་པ་ལས་གཞན་ལྷག་མ་རྣམས་ཕྱོགས་ཆོས་ཅན་དུ་བྱས་ནས། བསྒྲུབ་པར་བྱ་བའི་ཆོས་མེད་པ་ལ་མ་དམིགས་པ་ཙམ་ཁྱོད་ལ་ཡོད་པས་སོ། །ཁ་ཅིག་ན་རེ། བསྒྲུབ་བྱ་ལ་མངོན་སུམ་གྱིས་གནོད་པར་དོགས་པའི་ཕྱིར་གནོད་མེད་ཀྱི་ཡུལ་ཅན་མ་ཚང་བས་རྟགས་འདི་འཁྲུལ་པར་བཞག་པ་ཡིན་ནོ་ཞེས་ཟེར་རོ། །ཇི་སྐད་བརྗོད་པའི་གཏན་ཚིགས་ཆོས་ཅན། བསྒྲུབ་བྱ་ལ་མངོན་སུམ་གྱིས་གནོད་པས་ཁྱབ་པ་འཁྲུལ་བ་མ་ཡིན་པར་ཐལ། ཕྱོགས་སུ་བྱས་པའི་ཡུལ་ལ་བསལ་བ་ཞུགས་པ་མེད་པའི་ཕྱིར། གལ་ཏེ་གནོད་པར་དོགས་པས་ཕྱོགས་ལ་གནོད་པར་འགྱུར་ཞེ་ན། གལ་ཏེ་གནོད་པ་དེ་ལྟ་བུར་དོགས་པས་ཕྱོགས་ལ་བསལ་བ་ཞུགས་ན་ནི། གཞན་ཕྱོགས་སྐྱོན་མེད་པ་ལ་ཡང་ཆོས་ཅན། བསལ་པ་ཞུགས་པར་ཧ་ཅང་ཐལ་བར་འགྱུར་ཏེ། གནོད་པ་མེད་པར་ཚད་མས་ངེས་པ་མེད་པའི་ཕྱིར། གནོད་བྱེད་ཀྱི་ཚད་མ་ཞུགས་པས་གནོད་པར་བྱེད་པ་ཡིན་གྱི། གནོད་བྱེད་ཀྱི་ཚད་མ་མ་ཞུགས་པར་དོགས་པས་གནོད་ན་ནི། ཕྱིར་རྒོལ་ཆོས་ཅན། རྒོལ་བས་ཁྱོད་ཀྱི་ངོར་བཀོད་པའི་རྟགས་ཐམས་ཅད་ལ་ཡིད་བརྟན་མེད་པར་ཐལ། ཁྱོད་ཀྱིས་ཕྱོགས་ལ་གནོད་པར་དོགས་པས་དེ་ལ་གནོད་པའི་ཕྱིར། དེས་ན་ལྡོག་པ་ཚད་མས་ངེས་པའི་རྟགས་ཁོ་ན་སྒྲུབ་པར་བྱེད་པ་ཡིན་ཏེ། ལྡོག་པ་མ་ངེས་པར་བསྒྲུབ་བྱ་བསྒྲུབ་མི་ནུས་པའི་ཕྱིར། མི་ནུས་པ་དེའི་ཕྱིར་སྒྲུབ་བྱེད་དེ་ལྟ་བུའི་ངོ་བོ་ནི་ལྡོག་པ་ཚད་མས་ངེས་པ་ལ་ལྟོས་སོ། །མ་དམིགས་པས་མི་མཐུན་ཕྱོགས་འགའ་ཞིག་ལ་རྟགས་མེད་པར་གྲུབ་ཀྱང༌། ཤིང་སྡོང་གཅིག་ལས་སྐྱེས་པ་སོགས་ཀྱི་རྟགས་ཆོས་ཅན། ཤིང་ཐོག་ལྷག་མ་རོ་མངར་བ་དང་ལྡན་པར་བསྒྲུབ་པའི་ལྷག་མ་དང་ལྡན་པའི་འཁྲུལ་པ་ཅན་ཡིན་ཏེ། ཕྱོགས་ཆོས་གང་ཞིག མཐུན་ཕྱོགས་ལ་མཐོང་མི་མཐུན་ཕྱོགས་ལ་མ་མཐོང་ཡང་ལྡོག་པ་ཚད་མས་ངེས་པ་མེད་པའི་ཕྱིར། ངེས་པ་མེད་པར་ཐལ། ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། མ་གྲུབ་སྟེ་མི་མཐུན་ཕྱོགས་ལ་མེད་པར་ངེས་ཤེ་ན། བསྒྲུབ་བྱའི་ཆོས་མེད་པའི་མི་མཐུན་ཕྱོགས་ཐམས་ཅད་ལ་རྟགས་མེད་པར་མི་འགྲུབ་པར་ཐལ། རྟགས་ཆོས་འབྲེལ་མེད་ཐ་དད་པའི་ཕྱིར། གསུམ་པ་ལྡོག་པ་ཅན་རྟགས་སུ་ཐལ་བ་ནི། ལུང་འགལ་གཞན་ཡང༌། རིགས་པ་ཅན་པ་ལྡོག་པ་འབྲས་བུ་ཅན་དུ་འདོད་པའི་སྲོག་སོགས་ཀྱང་ཆོས་ཅན། ལྡོག་པ་ངེས་པར་ཐལ། འདོད་ན་གཏན་ཚིགས་ཡང་དག་ཏུ་ཐལ། ཕྱོགས་ཁྱབ་ངེས་པའི་ཕྱིར། རིགས་པ་ཅན་པ་ན་རེ། གསོན་པའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ། ཡིན་ན་སྲོག་ལ་སོགས་པ་དང་ལྡན་པ་མ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཀྱིས་གྲུབ་པ་ནི། བདག་མེད་པ་བུམ་པ་ལ་སོགས་པ་མངོན་སུམ་དུ་མཐོང་བ་དང་མ་མཐོང་བ་དག་ལ་སྲོག་ལ་སོགས་པ་མེད་པས་ཁྱབ་པའི་ཕྱིར། ཁྱབ་བྱེད་སྲོག་མེད་དེ་ལོག་ན་ཁྱབ་བྱ་བདག་མེད་དེ་ལྡོག་པས། གསོན་ལུས་ལ་བདག་ཡོད་པར་རྟོགས་པར་འགྱུར་རོ་ཞེས་ཟེར་རོ། །བུམ་པ་ལ་སོགས་པ་ཆོས་ཅན། ཁྱོད་ལ་སྲོག་ལ་སོགས་པ་ལྡོག་པར་ཚད་མས་རྟོགས་པ་མེད་པར་ཐལ། ཁྱོད་ལ་བདག་མེད་པར་མ་གྲུབ་པའི་ཕྱིར། རྟགས་གསོན་ལུས་ལ་ཡང་མཚུངས། མ་དམིགས་པས་མེད་པར་གྲུབ་ཅེ་ན། བདག་མ་དམིགས་པས་མེད་པར་མ་གྲུབ་པར་ཐལ། བདག་ཡོད་ཀྱང་བལྟར་མི་རུང་བའི་ཕྱིར། རྟགས་ཕྱི་རོལ་པས་བདག་ཤིན་ཏུ་ལྐོག་གྱུར་བསྐལ་དོན་དུ་འདོད་པས་ཁས་བླངས་སོ། །བདག་མེད་དུ་འགྲུབ་སྟེ། ཁྱོད་ཀྱིས་བདག་མེད་དུ་ཁས་བླངས་པའི་ཕྱིར་ཞེ་ན། ད་ནི་གསོན་ལུས་ཆོས་ཅན། བདག་བཅས་སུ་ཇི་ལྟར་འགྲུབ་སྟེ་མི་འགྲུབ་པར་ཐལ། བདག་མེད་དུ་ཁས་བླངས་པའི་ཕྱིར། དེ་ཁས་བླངས་ཚད་མ་ཅན་མིན་ཞེ་ན། གཞན་བུམ་པ་ཆོས་ཅན། སངས་རྒྱས་པའི་ཁས་བླངས་ཀྱིས་བདག་མེད་པར་ཇི་ལྟར་འགྲུབ་པར་འགྱུར་ཏེ་མི་འགྲུབ་པར་ཐལ། དེ་ཁས་བླངས་ཚད་མ་ཅན་མ་ཡིན་པས་སོ། །གསོན་ལུས་ཆོས་ཅན། རིགས་པ་ཅན་པས་བདག་བཅས་སུ་ལུང་ཙམ་ལ་བརྟེན་ནས་ཁས་བླངས་པར་འགྱུར་གྱི་རྟགས་ཀྱི་རྗེས་སུ་དཔག་པར་བྱ་བ་ཡིན་པར་སྨྲ་བ་ནི་མ་ཡིན་པར་ཐལ། རིགས་པ་ཅན་པས་ཁས་བླངས་ཀྱི་སྒོ་ནས་ཁྱོད་བདག་བཅས་དང་བུམ་སོགས་བདག་མེད་དག་ཏུ་རྣམ་པར་ཕྱེ་ནས་བདག་མེད་དེ་ལ་སྲོག་མེད་པས་སྲོག་སོགས་ཁྱོད་བདག་བཅས་སུ་རྟོགས་པར་བྱེད་པ་ཉིད་དུ་བརྗོད་པས་སོ། །ཐེ་ཚོམ་ཟ་བ་རྟགས་སུ་མི་བཟློག་པར་ཐལ་བ་ནི། ཡང་དག་ལྷག་ལྡན་དང་ཐུན་མོང་མ་ཡིན་པ་སྨྲ་བས་ངག་སྨྲ་ཕ་རོལ་པོ་ཆགས་ལྡན་དུ་བསྒྲུབ་པའི་གཏན་ཚིགས་དེ་ཡང་ཆོས་ཅན། ལྡོག་པ་ངེས་པར་ཐལ། མི་ཕྱོགས་ལ་མ་མཐོང་ཙམ་གྲུབ་པའི་ཕྱིར། འདོད་ན་རྟགས་ཡང་དག་ཏུ་ཐལ། འདོད་ན་སློབ་དཔོན་གྱིས་རྟགས་སྐྱོན་ཅན་དུ་བརྗོད་པར་བྱ་བ་མིན་པར་ཐལ། འདོད་ན། གང་ཡང་སློབ་དཔོན་གྱིས་ཕྱོགས་ཆོས་རྒོལ་ཕྱིར་རྒོལ་གཉིས་ཀ་དང༌། གང་རུང་དང་ཐེ་ཚོམ་ཟ་བ་དང་ཆོས་ཅན་གཞི་མ་གྲུབ་ནས་ཕྱོགས་ཆོས་མ་གྲུབ་པ་བཞི་རྟགས་ཀྱི་སྐྱོན་དུ་སྦྱར་ལ། དེ་བཞིན་དུ་ཕྱོགས་ཆོས་ཅན་དགུ་ལ་མཐུན་པའི་ཕྱོགས་ལ་ཡོད་པ་གཞལ་བྱ་དང་མེད་པ་འགལ་བ་དང༌། སོགས་པ་ཐུན་མོང་མ་ཡིན་པ་དང་ལྷག་ལྡན་དང་ཕྱོགས་གཉིས་ལ་མ་མཐོང་བ་ཡང་ཅི་རིགས་པ་རྟགས་ཀྱི་སྐྱོན་དུ་བརྗོད་པར་བྱའོ་ཞེས་གསུངས་པ་མི་རིགས་པར་ཐལ་ལོ། །དེ་བཤད་པ་ནི། དབང་ཕྱུག་སྡེ་ཆོས་ཅན། སློབ་དཔོན་གྱིས་ལྡོག་པ་ལ་ཐེ་ཚོམ་དུ་གྱུར་པ་སྨྲ་བས་ཕ་རོལ་པོ་ཆགས་ལྡན་དུ་བསྒྲུབ་པ་ཡང་རྟགས་ཡང་དག་ཡིན་པ་མི་བཟློག་པར་ཐལ། ལྡོག་པ་ཡང་མི་མཐུན་ཕྱོགས་ལ་མི་དམིགས་པ་ཙམ་ལས་འཇོག་པ་ཡིན་པ་དེས་ནའོ། །ཁྱབ་པ་ཡོད་དེ། མེད་པར་ངེས་པ་མ་ཡིན་པར་མི་དམིགས་པ་ཙམ་ཁོ་ནར་ཟད་ན་ཐེ་ཚོམ་ཟ་བའི་ཕྱིར། རྟགས་གྲུབ་སྟེ། ཚད་མས་དམིགས་ན་ཐེ་ཚོམ་དེ་མེད་པའི་ཕྱིར་རོ། །གལ་ཏེ་ཅི་རིགས་པ་ཞེས་སྨོས་པའི་ཕྱིར་ཐེ་ཚོམ་ཟ་བ་རྟགས་ཡིན་པ་མི་བཟློག་པ་ཁོ་ནའོ་ཞེ་ན། མི་བཟློག་པ་མ་ཡིན་ཏེ། ངག་གང་ཞིག རྒོལ་ཕྱིར་རྒོལ་གཉིས་ཀ་ལ་ལྡོག་པ་ངེས་པ་བརྗོད་པ་དེ་ཁོ་ན་སྒྲུབ་པ་དང་སུན་འབྱིན་པའི་ངག་ཏུ་གསུངས་པའི་ཕྱིར་རོ། །དེས་ན་ཅི་རིགས་པ་དེ་ནི་ཆོས་ཅན་གཞི་མ་གྲུབ་པ་སོགས་རྟགས་ཀྱི་སྐྱོན་དུ་སྦྱར་ན། མི་མཐུན་དཔེ་གཞི་མ་གྲུབ་པ་ཡང་སྐྱོན་དུ་འགྱུར་སྙམ་ན་མ་ཡིན་ཅི་རིགས་པར་སྦྱར་ཞེས་པའོ། །དོན་བསྡུ་བ་ནི། ཐེ་ཚོམ་ཟ་བ་རྟགས་ཡིན་པ་བཀག་པ་དེའི་ཕྱིར། ཕྱོགས་ཀྱི་གླང་པོ་ཆོས་ཅན། ཐེ་ཚོམ་ཟ་བ་དེ་རྟགས་ཡིན་པ་ལ་དགག་པ་བཤད་པ་ལ་རྒྱུ་མཚན་ཡོད་དེ། མི་མཐུན་ཕྱོགས་ལ་མ་དམིགས་ཀྱང་ཐེ་ཚོམ་ཟ་བས་ལྡོག་པ་མེད་པར་དགོངས་པའི་ཕྱིར། མཉན་བྱ་རྟགས་སུ་ཐལ་བ་ནི། མཉན་པར་བྱ་བ་ཉིད་ཀྱང་ཆོས་ཅན། རྟག་པ་དང་མི་རྟག་པ་དེ་ལས་ལྡོག་པར་ཐལ། རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་ཙམ་ཡིན་པའི་ཕྱིར། འདོད་ན་སྒྲ་ལ་རྟག་པ་དང་མི་རྟག་པ་དེ་དག་རྣམ་པར་གཅོད་པའི་གཏན་ཚིགས་སུ་འགྱུར་ཏེ། ཕྱོགས་ཆོས་གང་ཞིག་འདོད་པ་དེའི་ཕྱིར། ཁྱབ་པ་ཡོད་དེ། རྟག་པ་དང་མི་རྟག་པ་དེ་རྣམ་པར་གཅོད་པ་ནི་དེ་དག་ལས་ལྡོག་པ་ལས་གཞན་མ་ཡིན་པས་སོ། །ཁྱོད་ལ་ཡང་གཅོད་པར་མཚུངས་ཤེ་ན། མཉན་བྱ་ནི་ཆོས་ཅན། སྒྲ་ལ་རྟག་པ་དང་མི་རྟག་པ་རྣམ་པར་གཅོད་པ་མ་ཡིན་པར་ཐལ། རྟག་མི་རྟག་གང་ལས་ཀྱང་ལྡོག་པ་ཉིད་དུ་མ་ངེས་པའི་ཕྱིར། མ་གྲུབ་ན། མཉན་བྱ་གང་ཞིག་ཆོས་ཅན། སྒྲ་ལ་མི་རྟག་པ་དེ་ཇི་ལྟར་མེད་པར་རྟོགས་པར་མི་བྱེད་དེ་བྱེད་པར་ཐལ། ཕྱོགས་ཆོས་ཅན་གང་ཞིག་མི་རྟག་པ་གང་ལ་མེད་དོ་ཞེས་ལྡོག་པ་ངེས་པ་དེ་ཡོད་པའི་ཕྱིར། རྟག་པ་ལའང་སྦྱར་རོ། །གལ་ཏེ་རྟག་མི་རྟག་གཉིས་ཀ་རྣམ་པར་གཅོད་པ་ནི་མ་ཡིན་ཏེ། གཅིག་བཅད་ན་གཅིག་ཤོས་གྲུབ་པའི་ཚད་མ་གཞན་གྱིས་གནོད་པའི་ཕྱིར། ཇི་ལྟར་གནོད་ན། རྟག་མི་རྟག་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་རྣམས་ནི་གཅིག་རྟག་པ་རྣམ་པར་བཅད་པས་གཞན་མི་རྟག་པ་གྲུབ་པའི་ཕྱིར། རྟག་མི་རྟག་གཉིས་དགག་པ་ནི་མ་ཡིན་ཏེ། ཆོས་ཅན་གཅིག་ལ་ཆོས་གཅིག་སྒྲུབ་པ་དང་དགག་པ་དག་ནི་འགལ་བའི་ཕྱིར་རོ་ཞེ་ན། མ་མཐོང་བས་ལྡོག་པ་འགྲུབ་ན། མཉན་བྱས་རྟག་མི་རྟག་གཉིས་ཀ་གཅོད་པར་ཐལ་བའི་སྐྱོན་ཡོད་པ་ད་ནི། མཉན་བྱ་ཆོས་ཅན། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ལྡོག་པ་སྒྲུབ་བྱེད་ཀྱི་ཚད་མ་མིན་པར་ཐལ། དེ་ཡིན་པ་ལ་རྟག་མི་རྟག་གཉིས་ཀ་གཅོད་པ་སོགས་ཀྱི་གནོད་བྱེད་སྲིད་པའི་ཕྱིར། མཉན་བྱ་མ་མཐོང་ཙམ་གྱིས་ལྡོག་པ་འགྲུབ་པ་ལ་སྐྱོན་ཡོད་པ་དེ་བཞིན་དུ་རྟགས་གཞན་ལ་ཡང་ཆོས་ཅན། མ་མཐོང་ཙམ་གྱིས་ལྡོག་པ་འགྲུབ་པ་ལ་ཚད་མ་གཞན་གྱིས་གནོད་པ་སྲིད་དེ། མ་མཐོང་ཙམ་གྱི་མཚན་ཉིད་དང་ལྡན་པ་ལྡོག་ཁྱབ་ཡིན་པ་ལ་གནོད་པ་སྲིད་ན་དེའི་མཚན་ཉིད་ཅན་གཞན་ཡང་སུན་ཕྱུང་བ་ཁོ་ནར་འགྱུར་བས་སོ། །འདོད་ན་རྟགས་ཐམས་ཅད་ལ་ཡང་ཡིད་བརྟན་མེད་པར་ཐལ། མ་མཐོང་ཙམ་གྱིས་ལྡོག་པ་ངེས་པར་འཇོག་ཅིང་དེ་ཐམས་ཅད་ལ་གནོད་པ་སྲིད་པའི་ཕྱིར། འོ་ན་རྗེས་སུ་དཔག་པའི་ཡུལ་ལ་ཡང་མངོན་སུམ་དང་རྗེས་སུ་དཔག་པ་དང་འགལ་བ་མཐོང་བས་ཡིད་བརྟན་དུ་མེད་པར་ཐལ་ཞེ་ན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ་གནོད་པ་མཐོང་བ་མ་ཡིན་ཏེ། ཇི་སྐད་བཤད་པ་དེ་ལྟ་བུའི་རྗེས་དཔག་གི་ཡུལ་ལ་གནོད་པ་མི་སྲིད་པའི་ཕྱིར་རོ། །འོ་ན་འགལ་བ་འཁྲུལ་པ་མེད་པ་ཅན་མི་བརྗོད་པར་འགྱུར་རོ་ཞེ་ན། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་ནི་འདོད་པ་ཡིན་ཏེ། སློབ་དཔོན་གྱིས་རྗེས་སུ་དཔག་པའི་ཡུལ་མ་བརྗོད་པའི་ཕྱིར། འདིས་ནི་སློབ་དཔོན་ལ་ཉན་དགོས་པར་བསྟན་ཏོ། །གང་ལ་སྲིད་ཅེ་ན། འདི་གང་ལ་སྲིད་པའི་ཡུལ་འོག་ཏུ་བསྟན་པར་བྱའོ། །དྲུག་པ་མ་དམིགས་པས་འགོག་ནུས་པར་ཐལ་བ་ནི། བྱེ་བྲག་པས་རེག་བྱ་བཏང་སྙོམས་རླུང་ཁོ་ན་ལ་ལྡན་ཏེ། འབྱུང་བཞི་གང་རུང་ལ་ལྡན་ཞིང༌། ས་སོགས་གཞན་རྣམས་ལ་མི་ལྡན་པའི་ཕྱིར། སྣང་བའི་ས་སོགས་ལ་ལྡན་སྙམ་ན་མི་ལྡན་ཏེ། མི་དམིགས་པའི་ཕྱིར་སྨྲ་བ་ཡང་ཁྱེད་ལྟར་ན་རིགས་པར་ཐལ། མ་དམིགས་པ་ལས་མེད་པར་འགྲུབ་པའི་ཕྱིར། འདོད་ན་མ་མཐོང་བ་ཙམ་གྱིས་སྣང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ཞེས་བཤད་པ་ཇི་ལྟར་རིགས་པ་མ་ཡིན་ཏེ་རིགས་པར་ཐལ་ལོ། །མི་སྣང་བའི་ས་སོགས་ལ་ཇི་ལྟར་འགོག་དྲིས་པས། དེ་ལའང་མེད་དེ་མ་དམིགས་པའི་ཕྱིར་ཞེས་མ་དམིགས་པས་མེད་པར་འགྲུབ་པ་སྨྲ་བ་ཡང་ཁྱེད་ལྟར་ན་ཇི་ལྟར་རིགས་པ་མ་ཡིན་ཏེ་རིགས་པར་ཐལ། མ་དམིགས་པ་ལས་མེད་པར་འགྲུབ་པའི་ཕྱིར། འདོད་ན་མ་མཐོང་བ་ཙམ་གྱིས་མི་སྣང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བཤད་པ་ཇི་ལྟར་རིགས་པ་མ་ཡིན་ཏེ་རིགས་པར་ཐལ་ལོ། །འདི་ནི་རྣམ་འགྲེལ་ངེས་སུ་དངོས་བསྟན་དང་ཤུགས་བསྟན་དུ་ལྷ་དབང་བློས་བཤད་དེ། ས་ཙམ་ལ་རེག་པ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ལས་མ་དམིགས་པའི་ཕྱིར་དགག་པར་རིགས་པ་ཁོ་ན་མ་ཡིན་ནམ་ཞེ་ན། རེག་བྱ་བཏང་སྙོམས་པ་ཆོས་ཅན། མ་དམིགས་པས་ས་སོགས་ཐམས་ཅད་ལ་ཁྱོད་དགག་པར་རིགས་པ་མ་ཡིན་ཏེ། ས་སོགས་ལ་ཁྱོད་སྣང་དུ་རུང་བ་དང་སྣང་རུང་དེའི་རང་བཞིན་གྱི་ཡུལ་ལ་ཡོད་ན་སྣང་རུང་ཙམ་མ་དམིགས་པ་འགོག་པ་མ་ཡིན་པའི་ཕྱིར། ཅིའི་ཕྱིར་ཞེ་ན། བྱེ་བྲག་པ་དེས་ནི་ས་ལ་སོགས་པ་སྣང་མི་སྣང་སྤྱིར་བཟུང་ནས་དགག་པ་སྨྲས་པས་སོ། །ཤིང་བལ་དང་རྡོ་བ་དང་ལོ་མ་ལ་སོགས་པ་དག་ཆོས་ཅན། ས་སོགས་དེ་དག་ལ་རེག་བྱ་བཏང་སྙོམས་པ་དགག་པར་རིགས་པ་མ་ཡིན་པར་ཐལ། ཁྱོད་ལ་ས་དེ་ཡོད་ཀྱང་རེག་བྱ་འཇམ་རྩུབ་བཏང་སྙོམས་ཐ་དད་པར་མཐོང་བའི་ཕྱིར། རེག་བྱ་བཏང་སྙོམས་པ་ཆོས་ཅན། ཁྱོད་ས་སོགས་ཐམས་ཅད་ལ་མ་མཐོང་བ་ཙམ་གྱིས་དགག་པར་རིགས་པ་མ་ཡིན་པར་ཐལ། སའི་ཁྱད་པར་འགའ་ཞིག་ལ་སྲིད་པར་དོགས་པར་འགྱུར་བའི་ཕྱིར། ལུང་ལ་བརྟེན་པའི་ཐལ་བ་བརྗོད་ཟིན་ནས། ལུང་གི་གནོད་པ་ལས་གཞན་དུ་རིགས་པའི་གནོད་བྱེད་ཀྱང་སྟོན་པ་ནི། གལ་ཏེ་ཅི་ཞིག་ལྟར་མི་མཐུན་པའི་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་རྟགས་ཆོས་འབྲེལ་པ་མེད་པར་ཡང་ཆོས་དེར་འཁྲུལ་པ་མེད་དོ་ཞེ་ན། རང་གཞན་གྱི་སྡེ་པ་ཆོས་ཅན། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་ངེས་པ་མ་ཡིན་པར་ཐལ། ཡུལ་བཟང་པོ་འགའ་ཞིག་ན་ཤིང་ཐོག་རྫས་ཁ་ཅིག་ཅི་ཞིག་ལྟར་རོ་མངར་བར་མཐོང་བ་ཡུལ་གཞན་ན་སྐྱུར་བ་སོགས་སུ་མཐོང་བའི་ཕྱིར། དཔེར་ན་སྨན་སྐྱུ་རུ་ར་ཁ་ཅིག་ཞིང་ཁྱད་པར་ཅན་ལས་ནི་རོ་དང་ནུས་པ་དང་སྨིན་པར་བྱེད་པ་ཁྱད་པར་ཅན་དུ་འགྱུར་ཞིང་གཞན་ལས་ནི་མ་ཡིན་པ་ལྟ་བུའོ། །དུས་སྔ་ཕྱི་དང་ལེགས་པར་བྱ་བ་ཞིང་ལས་ཀྱི་ཁྱད་པར་ལས་ཀྱང་དེར་འདྲའོ། །དབུས་ལྟ་བུའི་ཡུལ་དེ་པ་རྣམས་ཀྱིས་རོ་ནུས་ཅན་དེ་ལྟར་དུ་མཐོང་བའི་ཕྱིར་ཞེས་པའི་རྟགས་དེ་ཉིད་ཀྱིས། སྐྱུ་རུ་ར་ཐམས་ཅད་རོ་ནུས་ཅན་དེ་ལྟར་ཡིན་པར་ནི་མི་འགྱུར་ཏེ། སྐྱུ་རུ་ར་རྣམས་ལ་རྒྱུ་བཟང་ངན་གྱི་ཁྱད་པར་སྲིད་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་ཁྱད་པར་སྲིད་པ་རྣམས་ལ་ཡོན་ཏན་གཞན་དུ་སྲིད་པའི་ཕྱིར། སྐྱུ་རུ་ར་རྣམས་ལ་རྒྱུ་ཁྱད་པར་མེད་ན་ནི་སྐྱུ་རུ་ར་ཐམས་ཅད་མཚུངས་པར་རྗེས་སུ་དཔག་ཏུ་རུང་སྟེ། དཔེར་ན་བྱེད་པ་པོ་མ་མཐོང་བའི་རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། སྐྱེས་བུའི་འདུ་བྱེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། སྐྱེས་བུའི་ཚིག་དང་ཚིག་ཏུ་ཁྱད་པར་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །སྐྱེས་བུས་མ་བྱས་ཏེ་ངོ་བོ་སྨྲ་དཀའ་བ་ནུས་པ་དུག་ཞི་བ་སོགས་མཐོང་བའི་ཕྱིར་ཞེ་ན། དེ་ཙམ་གྱིས་སྐྱེས་བུས་མ་བྱས་པར་མི་འགྲུབ་སྟེ། ངོ་བོ་སྨྲ་དཀའ་བ་དང་ནུས་པ་དུག་ཞི་བ་སོགས་ཀྱི་རྣམ་པ་ཐམས་ཅད་སྐྱེས་བུ་དག་གིས་བྱེད་པ་ལ་ཡང་མཐོང་བའི་ཕྱིར། ཚིག་ཏུ་ཁྱད་པར་མེད་པས་སྐྱེས་བུས་བྱས་པར་བསྒྲུབ་ན། སེམས་སུ་ཁྱད་པར་མེད་པས་སེམས་ཐམས་ཅད་ཆགས་ལྡན་དུ་བསྒྲུབ་བོ་ཞེ་ན། མི་མཚུངས་པར་སྟོན་པ་ནི་ཚིག་དང་ལུས་ལ་སོགས་པ་ཅུང་ཟད་ཙམ་ཆོས་མཐུན་པས་སེམས་ཀྱི་ཡོན་ཏན་རྣམ་པ་ཐམས་ཅད་དུ་མཐུན་པར་རྗེས་སུ་དཔག་པར་འགྱུར་བ་ལ་གང་གིས་ཁྱབ་ན། སེམས་ཀྱི་ཡོན་ཏན་ལ་རྒྱུ་ཁྱད་པར་མེད་པས་ཁྱབ་པ་ལས་དེ་ལྟར་སྐྱེས་བུ་དག་ནི་ཆོས་ཅན། སེམས་ཀྱི་ཡོན་ཏན་ལ་རྒྱུ་ཁྱད་པར་མེད་པ་ཅན་མ་ཡིན་ཏེ། ཤེས་རབ་ལ་སོགས་པའི་སེམས་ཀྱི་ཡོན་ཏན་ཐམས་ཅད་ལ་ཆེ་ཆུང་ལ་སོགས་པའི་ཁྱད་པར་མཐོང་བའི་ཕྱིར། ལེགས་པར་བྱ་བ་གོམས་པའི་བྱེ་བྲག་ལས་ཀྱང་སེམས་ཀྱི་ཡོན་ཏན་ལ་ཁྱད་པར་རྟོགས་པའི་ཕྱིར། དེ་བཞིན་དུ་སྔར་ཆགས་པ་དང་མ་བྲལ་ཡང་དུས་གཞན་དུ་ཆགས་པ་དང་བྲལ་བ་ཡང་སྲིད་པའི་ཕྱིར། ཁྱོད་ཀྱིས་ཆགས་བྲལ་འདོད་ཀྱང་ཁོ་བོས་མི་སྲིད་པར་དཔོག་ཅེ་ན། ཕྱི་རོལ་པ་ཆོས་ཅན། ཁྱོད་ཀྱིས་ཆགས་བྲལ་མི་སྲིད་པར་རྗེས་སུ་དཔོག་ནུས་པ་མ་ཡིན་ཏེ། ཆགས་བྲལ་འགྱུར་སྲིད་པ་ལ་གནོད་པར་བྱེད་པའི་གཏན་ཚིགས་མཐོང་བ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། མ་མཐོང་བའི་ཡུལ་ལ་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །རྟགས་གྲུབ་སྟེ། འདོད་ཆགས་དང་བྲལ་བའི་རྒྱུ་མ་མཐོང་བའི་ཕྱིར་ཏེ་འབྲས་བུ་འདོད་ཆགས་དང་བྲལ་བ་མ་མཐོང་བའི་ཕྱིར། སྔར་ཆགས་ཅན་ལ་ཆགས་བྲལ་གྱི་འབྲས་བུ་མི་སྲིད་ཅེ་ན། མི་སྲིད་པ་མིན་ཏེ། འདོད་ཆགས་ལ་སོགས་པའི་འབྲས་བུ་ཆགས་སོགས་དང་རིགས་མཐུན་པར་འབྱུང་བ་འཁྲུལ་བ་མེད་པ་ཅན་དུ་མེད་པའི་ཕྱིར། ཆགས་བྲལ་དེ་ལྟ་བུ་ནི་སྤང་བར་འོས་པ་མ་ཡིན་པར་ཐལ། ཆགས་བྲལ་སྲིད་ཀྱང་དེའི་ཁྱད་པར་བལྟར་མི་རུང་བའི་ཕྱིར། ཚིག་རྣམས་ནི་ཆོས་ཅན། བལྟར་མི་རུང་གི་ཆགས་བྲལ་དེ་ལྟ་བུ་མ་ཡིན་ཏེ། ཁྱད་པར་བལྟར་རུང་བ་ཡིན་པའི་ཕྱིར། ལ་ལར་བལྟར་མི་རུང་བ་ཉིད་ཡིན་ན་ཡང༌། ཚིག་ཆོས་ཅན། མ་མཐོང་བའི་ཁྱོད་ཀྱི་ཁྱད་པར་རྣམས་མ་བྱས་པར་མི་འཐད་དེ། སྐྱེས་བུའི་ཚིག་དང་རིགས་མི་མཐུན་པ་ཉིད་དུ་ཁས་ལེན་པ་འགལ་བའི་ཕྱིར། རིག་བྱེད་ཀྱི་ཚིག་རྣམས་ཆོས་ཅན། ཁྱོད་ཀྱི་ཁྱད་པར་དུག་ཞི་བ་སོགས་དམིགས་པས་མ་བྱས་པ་མ་ཡིན་ཏེ། དུག་ཞི་བ་སོགས་ནི་གཞན་སྐྱེས་བུའི་ཚིག་ལ་ཡང་བྱ་བར་ནུས་པའི་ཕྱིར་རོ། །འཁྲུལ་པས་བྱས་པ་ཙམ་དུ་མཚུངས་པར་བཟུང་བ་ཡིན་ཞེ་ན། ཁྱོད་བྱས་པར་འཛིན་པ་འཁྲུལ་པར་མི་གྲུབ་སྟེ། ཁྱོད་བྱས་པ་ཡིན་པ་ལ་གནོད་བྱེད་མེད་པ་ཕྱིར། ཚིག་བྱས་པར་འཛིན་པ་དང་སེམས་ཐམས་ཅད་ཆགས་ལྡན་དུ་འཛིན་པ་མཚུངས་སོ་ཞེ་ན། མི་མཚུངས་ཏེ། གཅིག་ཤོས་ལ་འཁྲུལ་པའི་རྒྱུ་མཚན་ཡོད་དེ། ཚིག་བྱས་པར་འཛིན་པ་ལ་འཁྲུལ་པའི་རྒྱུ་མཚན་མེད་པའི་ཕྱིར། ངོ་བོ་འདྲ་ཡང་ཁྱད་པར་ལྐོག་དུ་གྱུར་པས་འཁྲུལ་ལོ་ཞེ་ན། སྒྲ་མངོན་སུམ་པ་རྣམས་ཆོས་ཅན། ཁྱོད་ཀྱི་ཁྱད་པར་ལྐོག་དུ་གྱུར་པ་མེད་དེ། ཁྱོད་ལ་མངོན་སུམ་དུ་གྱུར་པ་མ་ཡིན་པའི་ངོ་བོ་མེད་པའི་ཕྱིར། སྒྲ་བྱས་པར་འཛིན་པ་ལ་གནོད་བྱེད་མེད་ན་ཆགས་བྲལ་མི་སྲིད་པར་འཛིན་པ་ལ་ཡང་མེད་དོ་ཞེ་ན། སྒྲ་ཆོས་ཅན། ཁྱོད་བྱས་པར་འཛིན་པ་དང་ཆགས་བྲལ་མི་སྲིད་པར་འཛིན་པ་གནོད་བྱེད་མེད་པར་མཚུངས་པ་མ་ཡིན་པར་ཐལ། ཁྱོད་བྱས་པ་ཡིན་ན་ཡང་གནོད་བྱེད་མེད། ཆེ་ཆུང་མཐོང་བ་ཆགས་བྲལ་མི་སྲིད་པ་ལ་གནོད་བྱེད་ཡིན་པའི་ཕྱིར། སྐྱེས་བུ་དག་ལ་ཡོན་ཏན་གྱི་ཁྱད་པར་ངོ་བོ་ལས་ཐ་དད་པའི་ཁྱད་པར་བལྟར་མི་རུང་ཡོད་པས་དེ་བྱས་པར་འཛིན་པ་འཁྲུལ་ལོ་ཞེ་ན། ངོ་བོ་ལས་ཐ་དད་པའི་ཚིག་གི་ཁྱད་པར་ཆོས་ཅན། ཚིག་དེའི་ངོ་བོ་མ་ཡིན་པར་ཐལ། དེ་ལས་དོན་གཞན་གྱི་ངོ་བོར་གྱུར་པའི་ཕྱིར། ཚིག་མ་བྱས་པ་ལ་གནོད་བྱེད་ཡོད་པ་དེའི་ཕྱིར། ཚིག་གི་རང་བཞིན་ཆོས་ཅན། ཁྱོད་མཐོང་མ་མཐོང་ཐམས་ཅད་སྐྱེས་བུས་བྱེད་དེ། ཚིག་ཏུ་ཁྱད་པར་མེད་པའི་ཕྱིར། ཡང་ན་ནི་སྐྱེས་བུའི་ཚིག་འགའ་ཡང་བྱས་པ་མ་ཡིན་པར་ཐལ། རིག་བྱེད་ཀྱི་ཚིག་དང་ཚིག་ཏུ་ཁྱད་པར་མེད་པའི་ཕྱིར། འབྲེལ་པ་མེད་ན་ཚུལ་གཉིས་མི་འགྲུབ་པར་ལུང་རིགས་གཉིས་ཀྱིས་བསྟན་ཟིན་ཏོ། །ཚུལ་གཉིས་འབྲེལ་བའི་རྗེས་སུ་བྱེད་པར་བསྟན་པ་ནི། འབྲེལ་པ་མེད་པར་མ་མཐོང་ཙམ་གྱིས་ལྡོག་པ་ངེས་པ་མི་འཐད་པ་དེའི་ཕྱིར། ངོ་བོ་ཉིད་མི་རྟག་པ་ཆོས་ཅན། ཁྱོད་ལྡོག་ན་ངོ་བོ་ཉིད་བྱས་པ་ལྡོག་པར་བྱེད་པ་ཡིན་ཏེ། བྱས་པ་དེ་ཡོད་ཙམ་དང་ཁྱོད་རང་བཞིན་གཅིག་ཏུ་འབྲེལ་བའི་ཕྱིར། དཔེར་ན་ཤིང་གིས་ཤ་པ་ལྡོག་པར་བྱེད་པ་ལྟ་བུའོ། །ཡལ་ག་ལ་སོགས་པ་དང་ལྡན་པའི་ཁྱད་པར་འགའ་ཞིག་ལ་ཤ་པ་ཞེས་དེ་སྐད་དུ་གྲགས་པའི་ཕྱིར་ཤ་པ་དེ་ནི་ཆོས་ཅན། རང་གི་ངོ་བོ་ཤིང་ཡོངས་སུ་བོར་ནས་ཀྱང་ཇི་ལྟར་ཡོད་པར་འགྱུར་ཏེ་ཡོད་པར་མི་རིགས་པར་ཐལ། ཤིང་དེའི་རང་གི་ངོ་བོ་ཡིན་པའི་ཕྱིར། བྱས་པ་དེ་ནི་ཆོས་ཅན། མི་རྟག་པ་དེ་ལ་ནི་འཁྲུལ་པ་མེད་དེ། དེ་ལ་རང་བཞིན་གཅིག་ཏུ་འབྲེལ་བའི་ཕྱིར། འབྲས་བུ་དུ་བ་ཆོས་ཅན། རྒྱུ་མེ་ལྡོག་པ་ཡིས་ཀྱང་ཁྱོད་ལྡོག་པར་བྱེད་དེ། མེ་ལ་འཁྲུལ་པ་མེད་པའི་ཕྱིར། རྒྱུ་མེ་ལྡོག་པ་ན་ཡང་འབྲས་བུ་དུ་བ་ལྡོག་པར་བྱེད་དོ་ཞེས་འགྲེལ་པས་བཤད་དོ། །མི་ལྡོག་ཅེ་ན། དུ་བ་དེ་ཆོས་ཅན། མེ་དེའི་འབྲས་བུ་ཉིད་དུ་མི་འགྱུར་བར་ཐལ། མེ་ལྡོག་པ་ན་ལྡོག་པ་ལས་གཞན་དུ་སྟེ་མི་ལྡོག་པའི་ཕྱིར། དེས་ན་འབྲས་བུ་དུ་བའི་དངོས་པོ་ཆོས་ཅན། རྒྱུ་མེའི་དངོས་པོ་དང་རང་བཞིན་འབྲེལ་པ་ཡོད་པར་ངེས་ཏེ། མེ་དང་ཐ་དད་དེ་ལྡོག་ན་ལྡོག་པའི་ཕྱིར། དོན་བསྡུ་བ་ནི་ངོ་བོ་དང་རྒྱུ་ལྡོག་ན་ལྡོག་པ་དེའི་ཕྱིར། རང་བཞིན་དང་འབྲས་བུ་གཉིས་ཀར་ཡང་རང་བཞིན་འབྲེལ་པ་ཁོ་ནས་ལྡོག་གོ །འབྲེལ་པ་མེད་པར་ལྡོག་ཚུལ་མི་རུང་བ་ནི། གཅིག་ཆོས་ལྡོག་པས་གཞན་རྟགས་ནི་ཇི་ལྟར་ལྡོག་སྟེ་མི་ལྡོག་པར་ཐལ། རྟགས་ཆོས་ཐ་དད་འབྲེལ་པ་དེ་ལྟ་མིན་ནའོ། །མི་ལ་རྟ་མི་བདོག་ན་ཕྱུགས་ཀྱང་བདོག་པ་མིན་ནམ་ཅི་སྟེ་མི་བདོག་པ་མིན་པ་བཞིན། འབྲེལ་མེད་ལ་རྗེས་འགྲོ་མི་རུང་བ་ནི། གཞི་གཅིག་ལ་གཅིག་རྟགས་ཉེ་བའི་ཕྱིར། ཇི་ལྟར་གཞན་ཆོས་ཉེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། རྟགས་ཆོས་ཐ་དད་འབྲེལ་པ་མེད་པའི་ཕྱིར། མི་ལ་ཕྱུགས་བདོག་པ་དེ་བཞིན་དུ་རྟ་ཡང་བདོག་གམ་ཅི་སྟེ་བདོག་མི་དགོས་པ་བཞིན་ནོ། །འབྲེལ་པ་མེད་ན་རྗེས་སུ་འགྲོ་ལྡོག་མེད་པ་དེའི་ཕྱིར། རང་བཞིན་འབྲེལ་པ་གྲུབ་པ་ཁོ་ནས་གཏན་ཚིགས་བསྒྲུབ་བྱ་གོ་བར་བྱེད་པ་ཡིན་ཏེ། རང་བཞིན་འབྲེལ་པ་དེ་ཡང་ཆོས་ཅན། གཉིས་ཡོད་དེ། དེའི་ངོ་བོའི་མཚན་ཉིད་ཅན་དང་དེ་ལས་བྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པ་གཉིས་སུ་ངེས་པའི་ཕྱིར། དེ་ལ་འབྲེལ་པ་གཉིས་པོ་དེ་གང་དུ་ངེས་ཤེ་ན། མེད་ན་མི་འབྱུང་བའི་འབྲེལ་པ་དེ་ཉིད་ཆོས་ཅན། དཔེ་དག་གི་སྟེང་དུ་རབ་ཏུ་སྟོན་ཏེ། དཔེའི་སྟེང་དུ་གཏན་ལ་དབབ་པར་བྱ་བ་ཡིན་པའི་ཕྱིར། འབྲས་རང་གི་རྟགས་འདི་ལ་ཆོས་ཅན། ཁྱབ་པ་སྟོན་པ་ལ་ཆོས་མི་མཐུན་དཔེ་ངེས་པར་གཞི་གྲུབ་མི་དགོས་ཏེ། མཐུན་དཔེ་ལ་འབྲེལ་པ་ངེས་པ་དེའི་ཕྱིར། ཚུལ་གཉིས་ཀྱི་འབྲེལ་པ་དཔེ་ལ་སྟོན་པ་ནི། མེད་ན་མི་འབྱུང་བའི་འབྲེལ་པ་དེ་ཉིད་ཆོས་ཅན། མཐུན་དཔེ་ལ་སྟོན་ཏེ། མཐུན་དཔེའི་སྟེང་དུ་གཏན་ལ་དབབ་པར་བྱ་བ་ཡིན་པའི་ཕྱིར། འབྲས་རང་གི་རྟགས་འདི་ལ་ཆོས་ནི། ལྡོག་ཁྱབ་འགྲུབ་པ་ལ་ཆོས་མི་མཐུན་དཔེ་ངེས་པར་གཞི་གྲུབ་མི་དགོས་ཏེ། མཐུན་དཔེའི་སྟེང་དུ་འབྲེལ་པ་རྟོགས་པས་ཆོས་ལྡོག་ན་རྟགས་ལྡོག་པ་དེའི་ཕྱིར། རྗེས་འགྲོ་ངེས་ཚུལ་སྟོན་པ་ནི། ཕྱིར་རྒོལ་ཆོས་ཅན། མཐུན་དཔེ་ལ་འབྲེལ་པ་སྟོན་ཏེ། བྱས་པ་དེ་ཡོད་ཙམ་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་དེའི་རང་གི་ངོ་བོ་དང་རྗེས་སུ་འབྲེལ་པར་སྟོན་པའི་ཕྱིར་ཏེ། བྱས་པའི་ངོ་བོ་ཉིད་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མི་རྟག་པ་དངོས་སུ་སྐྱེད་པར་བྱེད་ཡིན་ནོ། །ཞེས་རྟོགས་པའི་ཚད་མ་མཐུན་དཔེས་རབ་ཏུ་སྟོན་པའི་ཕྱིར། ཚད་མ་དེས་ཀྱང་བྱས་པ་དེ་ཡོད་ཙམ་དང༌། བསྒྲུབ་པར་བྱ་བའི་མི་རྟག་པ་རང་ཆས་སུ་རྗེས་སུ་འབྲེལ་པར་རྟོགས་པར་འགྱུར་རོ། །མཐུན་དཔེ་ལ་འབྲེལ་པ་སྟོན་ཏེ། རྟགས་ཆོས་ངོ་བོ་གཅིག་པ་སྟོན་པ་ལས་ཡང་ན་མཐུན་དཔེ་ལ་ཆོས་རྟགས་ཀྱི་རྒྱུའི་དངོས་པོ་རབ་ཏུ་སྟོན་པའི་ཕྱིར་ཏེ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ལས་མེ་ཡོད་པའི་རྗེས་ན་དུ་བ་ཡོད་པའི་ཕྱིར་རོ་ཞེས་དཔེ་ལ་དོན་གཞན་གྱི་འབྲེལ་པ་རབ་ཏུ་སྟོན་པའི་ཕྱིར་རོ། །ལྡོག་པ་ངེས་ཚུལ་ནི། མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་དེ། བྱས་པ་མི་རྟག་པ་དེའི་ངོ་བོར་རབ་ཏུ་གྲུབ་པའི་ཕྱིར། མེ་མེད་ན་ཡང་དུ་བ་མེད་དེ། མེ་དུ་བའི་རྒྱུའི་དངོས་པོར་རབ་ཏུ་གྲུབ་པའི་ཕྱིར། འདི་ལྟར་བྱས་པ་དེ་ནི་ཆོས་ཅན། རང་གི་ངོ་བོ་མི་རྟག་པ་མེད་པར་ཇི་ལྟར་ཡོད་པར་འགྱུར་ཏེ། མི་རྟག་པ་དེའི་རང་གི་ངོ་བོ་ཡིན་པའི་ཕྱིར། དུ་བ་དེ་ནི་ཆོས་ཅན། རྒྱུ་མེ་མེད་པར་ཇི་ལྟར་ཡོད་པར་འགྱུར་ཏེ། མེ་ཁྱོད་ཀྱི་རྒྱུ་ཡིན་པའི་ཕྱིར། ཆོས་ལྡོག་ན་རྟགས་ལྡོག་པ་དེའི་ཕྱིར་མི་མཐུན་དཔེ་གཞི་མེད་པར་ཡང་ཆོས་མི་མཐུན་པའི་དཔེ་ལ་ལྡོག་པ་རབ་ཏུ་འགྲུབ་བོ་ཞེས་རྩ་བར་བཤད་དོ། །རྒྱུ་དང་རང་བཞིན་ལྡོག་ན་འབྲས་བུ་དང་རང་བཞིན་ཅན་ལྡོག་པ་དེའི་ཕྱིར་རྒྱུ་མེ་མེད་དང་རང་བཞིན་ཤིང་དག་མེད་པ་འགའ་ཞིག་ཆོས་ཅན། ཆོས་ཅན་ལ་རྒྱུ་དང་རང་བཞིན་དག་དགག་པ་སྟེ་མེད་པར་བསྒྲུབ་པའི་ཡང་གཏན་ཚིགས་ཡིན་ནོ་ཞེས་སྦྱར་རོ། །དོན་དུ་བ་ལྟ་བུ་འགའ་ཞིག་དགག་པ་བསྒྲུབ་པར་འདོད་པས་ཀྱང༌། རྒྱུ་མེ་ལྡོག་པ་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ། །ཕྱོགས་ཆོས་གང་ཞིག མེ་དེ་དག་ལྡོག་པ་ན། རང་དང་འབྲེལ་བའི་དུ་བ་ལྡོག་པར་བྱེད་པའི་ཕྱིར། དོན་ཤ་པ་འགའ་ཞིག་དགག་པ་སྟེ་མེད་པར་བསྒྲུབ་པར་འདོད་པས་ཀྱང༌། རང་བཞིན་ལ་ཁྱབ་པར་བྱེད་པ་ཤིང་ལྡོག་པ་གཏན་ཚིགས་ཉིད་དུ་བརྗོད་པར་བྱའོ། །ཕྱོགས་ཆོས་གང་ཞིག ཤིང་དེ་དག་ལྡོག་པ་ན་རང་དང་འབྲེལ་པ་ཤ་པ་ལྡོག་པར་བྱེད་པའི་ཕྱིར། རྟགས་ཆོས་འབྲེལ་པ་དེ་ལྟ་མ་ཡིན་ན། མེ་ལོག་པས་གཞན་དུ་བ་ལྡོག་པར་མི་འགྲུབ་པར་ཐལ། མེ་དུ་འབྲེལ་པ་མེད་པའི་ཕྱིར། སྔ་མ་གཉིས་སུ་མ་ཟད་བུམ་པ་དམིགས་པར་རིགས་པ་ལས་མི་དམིགས་པ་ཡང་དགག་པའི་གཏན་ཚིགས་ཡིན་ནོ་ཞེས་བཤད་དོ། །དགག་པའི་ཡུལ་ཅན་གྱི་དགག་པའི་ཐ་སྙད་ཀྱི་གཏན་ཚིགས་ལ་དགག་པའི་གཏན་ཚིགས་ཞེས་བཤད་པ་ལ་རྒྱུ་མཚན་ཡོད་དེ། སྣང་རུང་དེ་ལྟ་བུའི་བུམ་པ་མི་དམིགས་པ་ནི་བུམ་པ་མེད་པར་བསྒྲུབ་པའི་དོན་སྒྲུབ་ཀྱི་གཏན་ཚིགས་མིན་ཏེ། སྣང་རུང་གི་བུམ་པ་མ་དམིགས་པ་རང་ཉིད་བུམ་པ་དགག་པའི་ངོ་བོ་ཡིན་པའི་ཕྱིར། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ནི་དོན་སྒྲུབ་དང༌། ཐ་སྙད་སྒྲུབ་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ། །དེ་གཉིས་ཀྱི་ཁྱད་པར་ནི་ཆོས་ཅན་ལ་མཚན་ཉིད་མཚོན་བྱའི་འབྲེལ་པ་སྒྲུབ་པ་ཐ་སྙད་སྒྲུབ་དང༌། དེ་ལས་གཞན་པ་རྣམས་ནི་དོན་སྒྲུབ་བོ། །རྒྱན་གྱིས་ཐམས་ཅད་ཐ་སྙད་སྒྲུབ་ཏུ་བཤད་པ་ནི། ཀུན་རྫོབ་བསྒྲུབ་པ་ཙམ་ལ་དགོངས་སོ། །ཡང་དགག་རྟགས་གསུམ་དུ་བསྟན་པ་ནི། དགག་པའི་གཏན་ཚིགས་འདི་ནི་རྣམ་པ་གསུམ་ཁོ་ན་སྟེ། གསུམ་གང་ཞེ་ན། དམིགས་སུ་ཡོད་པའི་རྒྱུ་མི་དམིགས་པ་དང༌། ཁྱབ་པར་བྱེད་པ་མ་དམིགས་པ་དང༌། རང་གི་བདག་ཉིད་དེ་ལྟར་ངེས་པ་མི་དམིགས་པའོ། །མ་དམིགས་པའི་གཏན་ཚིགས་དེ་ནི་ཆོས་ཅན། ཕྱེ་ན་རྣམ་པ་དུ་མ་བཤད་དེ། འགལ་ཟླ་མ་རྟོགས་པ་འབྲེལ་ཡུལ་མ་དམིགས་པའི་སྦྱོར་བ་བཞི། འགའ་ཟླ་རྟོགས་པའི་སྦྱོར་བ་དྲུག་ཡོད་པའི་དབྱེ་བ་དེ་དང་དེ་དག་གིས་སོ། །རང་གི་དོན་གྱི་རྗེས་སུ་དཔག་པ་བཤད་ཟིན་ཏོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*