རྣམ་ངེས་རྣམ་བཤད་རྟོག་གེའི་སྣང་བ།

༄༅། །རྣམ་ངེས་རྣམ་བཤད་རྟོག་གེའི་སྣང་བ་བཞུགས་སོ།།

ཚད་མ་རྣམ་པར་ངེས་པའི་རྣམ་བཤད་རྟོག་གེའི་སྣང་བ་ཞེས་བྱ་བ། ལྷག་པའི་ལྷ་ཁྲོ་རྒྱལ་མི་གཡོའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་པ་གནས་གསུམ་ཤེས་བྱའི་དོན་ལ་མི་བསླུ་དོན་དམ་ཚད་མར་གྱུར་པ་འཁྲུལ་པའི་དྲི་མ་མཐའ་དག་བྲལ་བ་ཅན། །ཐུགས་རྗེའི་ཆུ་གཏེར་ཡུན་དུ་བསྲུབས་པ་ལས་བྱུང་བརྒྱད་ཁྲི་བཞི་སྟོང་དམ་ཆོས་བདུད་རྩིའི་ཆར་གྱིས་མཐའ་ཡས་འགྲོ་ལ་ཕན་བཞེད་པས། །གཞན་དོན་ཐབས་མཁས་ལམ་ལ་གྲངས་མེད་གསུམ་དུ་བརྩོན་པས་གོམས་མཛད་སྐྱེ་འགྲོ་ཀུན་ལ་བདེན་བཞི་ཐབས་དང་བཅས་པའི་ལམ་སྟོན་པ། །སུམ་བཅུ་རྩ་བདུན་རིམ་ལྡན་རྫུ་འཕྲུལ་ཞབས་ཀྱིས་བགྲོད་མཛད་མི་ལྡོག་བདེ་བར་རབ་གཤེགས་སྐྱོབ་པ་བླ་མེད་ཆོས་ཀྱི་སྐུ། །བདག་དང་ཆོས་སུ་རྟོག་པའི་བག་ཆགས་ཆུ་འཛིན་དྲྭ་བ་མཐའ་དག་བདག་མེད་ཡེ་ཤེས་སྣང་བས་རྣམ་བསལ་ཅིང༌། །ཟབ་ཅིང་སྤྲོས་བྲལ་ཆོས་སྐུ་དག་པའི་མཁའ་ལ་མཚན་དཔེའི་རི་བོང་གིས་བརྒྱན་རྒྱ་ཆེ་གཞན་དོན་གཟུགས་སྐུའི་དཀྱིལ་འཁོར་རྒྱས། །དུས་གསུམ་ཀུན་ཏུ་འཕྲིན་ལས་བཟང་པོའི་འོད་ཟེར་མཐའ་ཡས་གླིང་གཞི་ཀུན་ལ་ཀུན་ནས་ཀུན་ཏུ་འཕྲོ་བྱེད་པ། །ལྷ་དང་ལྷ་མིན་ཀུན་གྱི་ལག་པའི་པད་མ་སྤྱི་བོར་ཟུམ་མཛད་ཐུབ་དབང་སྨྲ་བའི་ཟླ་བ་ལ་ཕྱག་འཚལ། །ཕྱི་རོལ་མུ་སྟེགས་ལྟ་ལ་མངོན་ཞེན་དྲི་མེད་བསྟན་ལ་གཞུག་པའི་ཕྱིར། །མདོ་དང་རྣམ་འགྲེལ་མཛད་པ་སྨྲ་ངན་ཀུན་འཇོམས་རིགས་པའི་དབང་ཕྱུག་ཅེས། །འཇིག་རྟེན་གསུམ་ན་སྙན་པའི་གྲགས་པ་གསལ་བས་རྣ་བའི་ལམ་མཛེས་པ། །གང་གི་གསུང་རབ་ཉིན་བྱེད་ད་དུང་གདུལ་བྱའི་གླིང་ན་གསལ་གྱུར་ཅིག །མཐའ་ཡས་གདུལ་བྱ་རྣམས་ལ་ཐར་པའི་ལམ་སྟོན་ཅིང༌། །ལེགས་བཤད་བདུད་རྩིས་ཉོན་མོངས་ནད་ཀུན་སེལ། །དམ་ཆོས་ཟབ་མོ་མི་ཟད་གཏེར་གྱུར་པ། །བླ་མ་རྣམས་ཀྱི་ཞབས་ལ་སྤྱི་བོས་མཆོད། །མི་མཁས་སྐྱེ་བོ་ལེགས་བཤད་དོན་དུ་མི་གཉེར་ཕྲག་དོག་དག་གིས་ཀུན་ནས་སྡང་བར་བྱེད་གྱུར་ན་འང༌། །ཟབ་མོའི་དོན་གྱི་མདངས་གསལ་ཚིག་དོན་དྲི་མེད་རིགས་གསུང་ཀུན་ནས་འཕྲོ་བའི་འཐད་ལྡན་ཀུ་མུད་རྒྱས་པ་དག །ཀུན་བཏགས་དྲི་མའི་རྡུལ་གྱིས་དབེན་པའི་སྡེ་བདུན་ཆུ་གཏེར་སྣ་ཚོགས་གྲུབ་མཐའི་རླབས་འཕྲེང་གཡོ་བའི་རྒྱན་དུ་གྲུབ་པ་དང༌། །སེམས་ནི་ཡུན་རིང་རིགས་པའི་དོན་ལ་གོམས་པ་བསྐྱེད་ཕྱིར་རྟོག་གེའི་གཞུང་ལུགས་རྣམ་པར་འབྱེད་ལ་སྤྲོ་བ་སྐྱེས། །རྨད་དུ་བྱུང་བའི་བློ་གྲོས་ཁྱད་པར་ཅན་དང་ལྡན་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་བསྟན་པ་ལ་ཕྱིར་རྒོལ་བའི་མུ་སྟེགས་ཚར་གཅོད་པའི་དོན་དུ་ཚད་མའི་མདོ་ཀུན་ལ་བཏུས་པ་མཛད་དོ། །དེ་ལ་ཡང་རང་གཞན་གྱི་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་ལོག་པར་རྟོག་པ་བཟློག་པའི་དོན་དུ་དཔལ་ལྡན་ཆོས་ཀྱི་གྲགས་པས། ཀུན་ལས་བཏུས་ཀྱི་ཚིག་དོན་རྒྱས་པར་འགྲེལ་པ་རྣམ་འགྲེལ། ཀུན་ལས་བཏུས་རིགས་པས་གཏན་ལ་འབེབས་པ་རྣམ་ངེས། ཚད་མའི་མཚན་ཉིད་བསྡུས་པ་ཙམ་སྟོན་པ་རིགས་པའི་ཐིགས་པ། རང་དོན་ལེའུ་ལས་འཕྲོས་པ་འབྲེལ་བ་བརྟག་པ་དང་གཏན་ཚིགས་ཐིགས་པ། གཞན་དོན་ལེའུ་ལས་འཕྲོས་པ་རྩོད་རིགས་དང་རྒྱུད་གཞན་གྲུབ་པ་དང་སྡེ་བདུན་མཛད་པ་ལས། ཚད་མ་རྣམ་པར་ངེས་པ་ནི་འདིར་གང་བསྟན་པར་བྱ་བའི་ཆོས་སོ། །དེ་ཡང་བསྟན་བཅོས་ལ་འཇུག་པའི་ཡན་ལག་དང༌། ཡན་ལག་ཅན་གྱི་བསྟན་བཅོས། བསྟན་བཅོས་མཐར་ཕྱིན་པའི་བྱ་བ་དང་གསུམ་མོ། །དང་པོ་མཚན་དོན་ནི། གཞུང་ཚོགས་འདི་ལ་རྒྱ་གར་སྐད་དུ། པྲ་མཱ་ན་བི་ནི་ཤྩ་ཡ་ཞེས་བྱ་བ་ཡིན་ལ། བོད་སྐད་དུ། ཚད་མ་རྣམ་པར་ངེས་པའོ་ཞེས་བྱ་བ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་ལོ་ཙཱ་བའི་བཀྲ་ཤིས་པའི་མཆོད་བརྗོད་དོ། །གཉིས་པ་ལ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་དང༌། བསྟན་བཅོས་ཀྱི་ལུས་དངོས་བསྟན་པའོ། །དང་པོ་ལ། མི་ཕན་པ་སྤོང་བའི་རྒྱུ་ཐུགས་རྗེ་བསྟན་པ་དང༌། རྩོམ་པར་དམ་འཆའ་བ་གཉིས་ལས། དང་པོ་ནི། ཕྱོགས་ཀྱི་གླང་པོ་དེའི་ལུགས་ཀུན་ལས་བཏུས་པའི་དོན་གསལ་བར་དབྱེ་བར་བྱའོ། །རྩོམ་པའི་རྒྱུ་ནི། བརྩེ་བ་སྙིང་རྗེས་སོ། །དགོས་པ་ཅིའི་ཕྱིར་ཞེ་ན། གདུལ་བྱའི་འཇིག་རྟེན་བསྡུ་བའི་དངོས་པོ་བཞིས་ཉེར་བར་བསྟེན་ཅིང་རྣམ་གྲོལ་ཐར་པའི་ས་བོན་རྒྱས་པར་མཛད་པའི་ཕྱོགས་ཀྱི་གླང་པོ་དེ་ལ་རྨོངས་པས་ཅུང་ཟད་སྨད་བྱས་ནའང༌། སྨོད་པ་པོའི་རྒྱུད་ལ་དོན་མིན་གྱི་སྡུག་བསྔལ་སྐྱེ་བར་འགྱུར་བ་བཟློག་པའི་ཆེད་ཡིན་ནོ། །སྨོད་པའི་རྒྱུ་གང་ཞེ་ན། འཇིག་རྟེན་སྐྱེ་བོ་བློ་གྲོས་བླུན་པོ་ནག་པོ་ཐུབ་རྒྱལ་འདིས་ནི། ཀུན་ལས་བཏུས་དེའི་ཚིག་བརླིང་བ་གསལ་བར་མི་ཤེས་པའི་རྒྱུ་མཚན་གྱིས་སོ། །སྨད་ན་སྡུག་བསྔལ་སྐྱེ་བའི་རྒྱུ་མཚན་ཅི་ཡོད་ཅེ་ན། དཔལ་ལྡན་དྲི་མ་མེད་པའི་བློ་མངའ་བའི་ཕྱིར་དང༌། འཕགས་པ་འཇམ་དབྱངས་ཉིད་དངོས་སུ་བྱོན་ནས་ཐེག་ཆེན་དུ་བཟུང་བའི་ཕྱིར། གཉིས་པ་ནི། ཚད་མ་རྣམ་པར་ངེས་པ་འདི་བརྩམ་མོ། །དགོས་པ་ཅིའི་ཕྱིར་དུ་ཞེ་ན། ཡང་དག་པའི་ཤེས་པ་དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུའོ། །དེ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཕན་པ་ཐོབ་པ་དང་མི་ཕན་པ་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར། གཉིས་པ་བསྟན་བཅོས་ཀྱི་ལུས་དངོས་ལ་ཚད་མ་སྤྱིའི་རབ་དབྱེ་ལ་ལོག་རྟོག་བསལ་བ་དང༌། སོ་སོའི་རང་བཞིན་བཤད་པའོ། །དང་པོ་ནི། ཡང་དག་པའི་ཤེས་པ་དེ་ནི་དབྱེ་གཞི། དབྱེ་བའི་ངོ་བོ་གཉིས་སོ། །གཉིས་གང་ཞེ་ན། མངོན་སུམ་དང་ནི་རྗེས་སུ་དཔག་པའོ། །དབྱེ་བའི་རྒྱུ་མཚན་ཡུལ་མངོན་གྱུར་དང་ལྐོག་གྱུར་གཉིས་སུ་ངེས་པས་སོ། །ཚད་མའི་མཚན་ཉིད་བསྟན་པ་ནི། མངོན་སུམ་རྗེས་དཔག་འདི་དག་ཆོས་ཅན། ཚད་མ་ཡིན་ཏེ། ཁྱོད་གཉིས་ཀྱིས་གཞལ་བྱའི་དོན་ཡོངས་སུ་བཅད་པ་སྟེ་ཤེས་པར་བྱས་ནས་སྐྱེས་བུ་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །མི་བསླུ་བའི་དོན་གང་ཞེ་ན། བླང་དོར་དོན་དུ་གཉེར་བའི་གང་ཟག་ལ་ཡུལ་ཇི་ལྟ་བ་བཞིན་སྟོན་པའོ། །དེ་ལས་དོན་ཐོབ་ཚུལ་ནི་འོག་ཏུ། དེ་མཐོང་ཉིད་ན་མཐོང་རྣམས་ལ། །ཞེས་པའི་སྐབས་སུ་འཆད་དོ། །གལ་ཏེ་ཚད་མ་གཉིས་སུ་གྲངས་ངེས་པ་མི་འཐད་དེ། བུམ་པ་ཡོད་ཅེས་པའི་སྒྲ་ལས་བུམ་པ་ཡོད་པ་རྟོགས་པ་ལྟ་བུ་སྒྲ་ལས་བྱུང་བའི་ཚད་མ་དང་མཐོང་བའི་བ་མེན་ལས་མ་མཐོང་བའི་བ་ལང་དཔོག་པ་ལྟ་བུ་དཔེ་ཉེ་བར་འཇལ་བའི་ཚད་མ་དང༌། སོགས་པ་དོན་གྱིས་གོ་བའི་ཚད་མ་ལ་སོགས་པ་གཞན་ཡང་ཡོད་པ་མ་ཡིན་ནམ་སྟེ་ཡོད་པའི་ཕྱིར་རོ་ཞེ་ན། ཤེས་བྱ་ཆོས་ཅན། ཚད་མ་རྣམ་པ་གཉིས་ཁོ་ན་ཡིན་གྱི་ཕུང་པོ་གསུམ་པ་མེད་པ་ཡིན་ཏེ། ཚད་མ་ཡིན་ན་ནི་མངོན་སུམ་དང་རྗེས་དཔག་འདི་གཉིས་ཁོ་ནར་འདུས་པའི་ཕྱིར། ཚད་མ་ལ་ཆོས་ཅན། ཁྱོད་མངོན་རྗེས་གཉིས་ཁོ་ནར་ངེས་ཏེ། ཁྱོད་ཀྱི་གཞལ་བྱ་ལ་མངོན་གྱུར་དང་ལྐོག་གྱུར་གཉིས་ལས་གཞན་མེད་པའི་ཕྱིར། གཞལ་བྱ་གཉིས་སུ་གྲངས་ངེས་པ་དང༌། ཚད་མ་ཕུང་པོ་གསུམ་པ་ཡོད་པར་ཅི་འགལ་ཞེ་ན། གཞལ་བྱ་གཉིས་སུ་གྲངས་ངེས་ན་ཚད་མ་གཉིས་སུ་གྲངས་ངེས་དགོས་པར་ཐལ། གཞན་བསྒྲུབ་བྱའི་ཆོས་དང་འབྲེལ་བ་གྲུབ་པའི་ཕྱོགས་ཆོས་ཅན་གྱི་རྟགས་ལས་ཆོས་ཅན་གྱི་སྟེང་དུ་འདྲ་བ་མཐུན་དཔེ་དང་ཐུན་མོང་དུ་ཡོད་པའི་མངོན་སུམ་མིན་པ་ལྐོག་གྱུར་གྱི་དོན་རྟོགས་པའི་ཚད་མ་ཡིན་ན་རྗེས་དཔག་ཏུ་འདུ་དགོས་པའི་ཕྱིར་རོ། །མ་ངེས་ན། འོན་མངོན་གྱུར་རྟོགས་སམ་ལྐོག་གྱུར་རྟོགས། དང་པོ་ལྟར་ན་མངོན་སུམ་དུ་འགྱུར་ལ། གཉིས་པ་ལྟར་ན་འབྲེལ་པ་དང་གཞན་ཕྱོགས་ཆོས་གྲུབ་པའི་རྟགས་ལས་གཞལ་བྱ་འཇལ་བར་ཐལ། མངོན་སུམ་མ་ཡིན་པ་ལྐོག་གྱུར་རྟོགས་པའི་བློ་ཡིན་པའི་ཕྱིར་རོ། །འདོད་ན། རྗེས་དཔག་ཏུ་ཐལ། དཔེ་དང་ཐུན་མོང་དུ་འཇུག་པར་འདྲ་བའི་བདག་ཉིད་ཀྱི་རྒྱུ་ལས་བསྒྲུབ་བྱ་རྟོགས་པའི་ཕྱིར་རོ། །རྗེས་དཔག་ལོག་རྟོག་གི་གནས་མང་བས་བྱེ་བྲག་ཏུ་བཤད་པ་ཡིན་ནོ། །གཞལ་བྱ་གཉིས་སུ་ངེས་པ་རྟགས་མ་གྲུབ་ཅེ་ན། གཞལ་བྱའི་དོན་ནི་ཆོས་ཅན། རྣམ་པ་གཉིས་ཉིད་དུ་འདུས་ཀྱི་ཕུང་པོ་གསུམ་པ་མེད་པར་ཐལ། ཁྱོད་ཀྱི་ཁྱད་པར་ཡིན་ན་མངོན་གྱུར་དང་ལྐོག་ཏུ་གྱུར་པ་གང་རུང་ཡིན་དགོས་པའི་ཕྱིར། གཞལ་བྱ་གཉིས་ཡོད་པ་དེ་ལ་གང་ཞིག་སྔོན་པོ་དེ་ནི་ཆོས་ཅན། མངོན་སུམ་ཞེས་བརྗོད་དེ། རང་འཛིན་བྱེད་ཀྱི་ཤེས་པ་ལ་སྣང་བ་སྟེ་རྣམ་པ་རང་དང་རྗེས་སུ་མཐུན་པ་གཏོད་པར་བྱེད་པའི་སྒོ་ནས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མཐུན་པར་བྱེད་པ་ཡིན་པའི་ཕྱིར། དབང་མངོན་གྱི་གཟུང་དོན་དེ་ནི་ཆོས་ཅན། རང་གི་མཚན་ཉིད་ཡིན་ཏེ། ཡུལ་དུས་ཐུན་མོང་མ་ཡིན་པའི་དངོས་པོའི་རང་བཞིན་ཡིན་པའི་ཕྱིར། གཞན་ལྐོག་གྱུར་ནི་ཆོས་ཅན། རྗེས་དཔག་ལས་གཞན་མངོན་སུམ་གྱིས་གཟུང་དོན་དུ་བྱས་ནས་རྟོགས་པ་མི་འཐད་པ་ཉིད་དུ་ཐལ། རང་འཛིན་བྱེད་ཀྱི་བློ་མ་འཁྲུལ་པ་ལ། དངོས་སུ་རང་གི་ངོ་བོའི་རྣམ་པ་འཇོག་པའི་ནུས་པས་སྟོང་པའི་ཕྱིར། དེས་ན་ལྐོག་གྱུར་འདི་ནི་རྟགས་ལ་བརྟེན་པའི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཁོ་ན་ཡིན་ནོ། །འོ་ན་འབྲེལ་པ་ཅན་གྱི་རྟགས་ལས་རྟོགས་སམ། འབྲེལ་པ་མེད་པའི་རྟགས་ལས་རྟོགས་ཤེ་ན། འབྲེལ་མེད་ཀྱི་རྟགས་ལས་ནི་རྟོགས་པ་མིན་ཞེས་སྟོན་པ་ནི། རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་གཞན་མེ་དང་འབྲེལ་པ་མེད་པའི་སྐྱ་བོའི་རྫས་མཐོང་བ་ལ་བརྟེན་ནས་གཞན་མེ་རྟོགས་པའི་རྟོག་པ་ཚད་མར་རིགས་པར་ནི་མ་ཡིན་པར་ཐལ། འབྲེལ་མེད་ཀྱི་རྟགས་ལས་ཁྱོད་ཀྱིས་བསྒྲུབ་བྱ་རྟོགས་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། ཧ་ཅང་ཐལ་བའི་སྐྱོན་ནི་དུ་བ་ཆོས་ཅན། ཚང་མང་དུ་རི་བོང་གི་རྭ་གོ་བྱེད་དུ་ཐལ། བསྒྲུབ་བྱའི་ཆོས་དང་འབྲེལ་མེད་ཀྱི་རྟགས་ལས་བསྒྲུབ་བྱ་རྟོགས་པའི་ཕྱིར་རོ། །འབྲེལ་པ་གྲུབ་པ་ན་གོ་བྱེད་དུ་རུང་བར་བསྟན་པ་ནི། སྐྱ་རྫས་དེ་ཡང་ཆོས་ཅན། མེ་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་ཉིད་ཡིན་ན་ནི་ལའི་སྟེང་དུ་མེ་གོ་བྱེད་དུ་རུང་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར། དེ་དག་གིས། འབྲེལ་པ་ནི། །གཞན་ལས་མངོན་སུམ་མ་ཡིན་པ། །རྟོགས་ཕྱིར་རོ་ཞེས་པའི་དོན་བཤད་ནས། འདྲ་བའི་བདག་ཏུ་རྟོགས་པ་ཉིད་འཆད་པ་ནི། དུ་བ་དེ་ནི་ཆོས་ཅན། བཙོ་བསྲེག་གི་དོན་བྱེད་པའི་མེ་དེ་ལྟ་བུའི་རྣམ་པ་ཉེ་བའི་ཆོས་ཅན། ལའི་སྟེང་དུ་གོ་བར་བྱེད་པའི་རྟགས་ཡང་དག་ཏུ་ཐལ། ཆོས་ཅན་ལའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཚད་མས་གྲུབ་ཅིང༌། མེ་ཇི་ལྟ་བུའི་རྣམ་པ་དང་དཔེའི་སྟེང་དུ་རང་བཞིན་འབྲེལ་བ་གྲུབ་པའི་ཕྱིར། གཉིས་ཀའི་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཚད་མ་གཉིས་ཁོ་ནར་འདུས་ཀྱི་རྟོག་པར་གྱུར་པའི་ཚད་མ་ཕུང་གསུམ་མེད་པ་ཡིན་ཏེ། རྟགས་ཆོས་འབྲེལ་པ་གྲུབ་པའི་རྟགས་ལས་བསྒྲུབ་བྱའི་ཆོས་སྤྱིའི་ཚུལ་དུ་རྟོགས་པ་དེ་ཡང་རྗེས་སུ་དཔག་པ་ཁོ་ན་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཚུལ་གསུམ་པའི་རྟགས་ལ་བརྟེན་པ་ལས་གཞན་དུ་ཚུལ་གསུམ་པའི་རྟགས་ལ་བརྟེན་པ་མེད་ན་གཞལ་བྱ་ལྐོག་གྱུར་རྟོགས་པའི་རྟོག་པ་ཚད་མར་མི་འཐད་པའི་ཕྱིར་རོ། །ལྐོག་གྱུར་རྟོགས་པ་ལ་རྗེས་དཔག་གིས་ཁྱབ་པར་བསྟན་པས། མ་ཁྱབ་པའི་ལོག་རྟོག་དགག་པ་ལ་དང་པོ་རྩོད་པ་ནི། བུམ་པ་ཡོད་ཅེས་པའི་སྒྲ་ལས་བུམ་པ་ཡོད་པར་རྟོགས་པའི་བློ་ཆོས་ཅན། ཇི་ལྟར་ཚད་མ་གཉིས་ལས་གཞན་མ་ཡིན་ནམ་སྟེ་ཡིན་པར་ཐལ། འབྲེལ་པ་ཁོ་ན་རྟགས་ཀྱི་མཚན་ཉིད་མ་ཡིན་གྱི་འོན་ཀྱང་གཟུང་བའི་ཆོས་དང་ལྡན་པའི་ཤེས་འདོད་ཆོས་ཅན་ལ་རྟགས་མཐོང་བ་ཡང་རྟགས་ཀྱི་མཚན་ཉིད་ཡིན་ལ་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པ་ཕྱོགས་ཆོས་དེ་ནི་རྟེན་སྒྲ་ལ་ཡོད་པ་མ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁང་ནང་ན་བུམ་པ་ཡོད་ཅེས་པའི་ཚིག་དེ་དག་ཆོས་ཅན། ཆོས་ཅན་གྲོང་ཁྱེར་འདབ་ལྡན་གྱི་སྟེང་དུ་བུམ་པའི་དོན་ཅི་ཞིག་བསྒྲུབ་པའམ་བུམ་མེད་ཅི་ཞིག་འགོག་པར་བྱེད་དེ་མི་བྱེད་པར་ཐལ། ལྷ་སྦྱིན་ཁང་ནང་དེ་ལ་འགོད་ཚུལ་དང་མཐུན་པར་ཚད་མས་མ་མཐོང་བའི་ཕྱིར། སྒྲ་དེས་སྔར་བུམ་པ་གང་མཐོང་བའི་གཞི་དེ་ལ་དྲན་པར་བྱེད་པས་སྒྲ་བྱུང་ཚད་མ་འཐད་དོ་ཞེ་ན། རྗོད་བྱེད་ཀྱི་སྒྲ་དང་རྟགས་མེད་པར་དོན་དེ་རང་ཉིད་ཀྱིས་བསམས་པ་ཇི་ཞིག་ལྟར་ཡང་དྲན་པར་མི་འགྱུར་རམ་སྟེ་འགྱུར་བས། རང་ཉིད་ཀྱི་བསམས་པས་བུམ་པ་དྲན་པའི་བློ་ཆོས་ཅན། ཚད་མ་ཡིན་པར་ཐལ། སྔར་མཐོང་དྲན་པའི་ཕྱིར་རོ། །སྒྲ་ལས་མཐོང་ཟིན་དྲན་པ་དང༌། སྒྲ་མེད་པར་ཡང་བསམས་པས་བུམ་པ་དྲན་པའི་གནས་སྐབས་འདི་གཉིས་ཆོས་ཅན། ཚད་མ་མ་ཡིན་པར་བྱེ་བྲག་ཀྱང་ཡོད་དེ་མེད་པར་ཐལ། གསར་དུ་མི་བསླུ་བ་མ་ཡིན་པར་མཚུངས་པའི་ཕྱིར། སྒྲ་བྱུང་ཚད་མ་མ་ཡིན་པའི་མཇུག་བསྡུ་བ་ནི། ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་མ་གྲུབ་པ་དེའི་ཕྱིར་བུམ་པ་ཡོད་ཅེས་པའི་སྒྲ་འདི་དག་ཆོས་ཅན། ལྷ་སྦྱིན་ཁང་ནང་དུ་ཇི་ལྟར་བུམ་པ་འགའ་ཞིག་སྒྲུབ་པར་བྱེད་པ་ཡིན་ཏེ་མ་ཡིན་པར་ཐལ། ལྷ་སྦྱིན་ཁང་ནང་དུ་བུམ་པ་སྒྲུབ་པར་མི་བྱེད་པའི་ཕྱིར་རམ་བུམ་མེད་འགོག་པར་མི་བྱེད་པའི་ཕྱིར་ཏེ། གཞི་གྲོང་ཁྱེར་འདབ་ལྡན་ལྟ་བུ་འགའ་ཞིག་ཏུ་འགོད་ཚུལ་དང་མཐུན་པར་དེ་ལ་ཕྱོགས་ཆོས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་འབྲེལ་བ་ཡོད་དུ་ཆུག་ཀྱང་ཕྱོགས་ཆོས་མེད་པས་གོ་བྱེད་མ་ཡིན་པར་བསྟན་ནས། འབྲེལ་བ་ཡང་མེད་པར་སྟོན་པ་ནི། བུམ་པ་ཡོད་ཅེས་པའི་སྒྲ་དེ་དག་ཆོས་ཅན། ཁྱོད་ལས་ཆོས་ཅན་འགའ་ཞིག་གི་སྟེང་དུ་དོན་བུམ་པ་རྗེས་དཔག་ཚད་མའི་ཡུལ་དུ་འགྲུབ་པ་ཡང་མིན་ཏེ། ཁྱོད་བུམ་པ་དེར་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །བུམ་པ་ཞེས་པའི་སྒྲ་ལས་བུམ་པ་རྟོགས་པའི་བློ་སྒྲ་བྱུང་གི་ཚད་མ་མ་ཡིན་ན། ཚད་མ་མདོ་ལས། སྒྲ་ལས་བྱུང་བ་རྗེས་དཔག་ལས་ཚད་མ་གཞན་མིན་ཞེས་བཤད་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། འདི་ནི་བརྗོད་འདོད་ལ་སྣང་བའི་དོན་སྤྱི་དཔོག་པ་ལ་དགོངས་པས་ཚད་མར་འདུ་ཞེས་སྟོན་པ་ནི། བུམ་པ་ཞེས་པའི་གནས་སྐབས་ལྔ་བྲལ་གྱི་ངག་ཆོས་ཅན། རང་སྨྲ་བ་པོ་ལྷ་སྦྱིན་གྱི་མངོན་པར་བརྗོད་པར་འདོད་པའི་རྟོག་པ་ལ་བུམ་པའི་དོན་སྤྱི་སྣང་བ་ཡོད་པར་གོ་བར་བྱེད་པའི་རྒྱུ་ཡིན་ཏེ། དེ་ལ་དེ་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་པའི་ཕྱིར། འཆད་པ་པོ་ཡི་བྱེད་པའི་ཡུལ། །དོན་གང་བློ་ལ་རབ་གསལ་བ། །ཞེས་གསུངས་པས་རྟོག་པ་ལ་སྣང་བའི་དོན་སྤྱི་དཔག་པར་བྱ་བ་ཡིན་ནོ། །དེ་ལྟར་རྟོགས་པར་བྱ་བའི་གཞི་ཤེས་འདོད་ཆོས་ཅན་ནི་བུམ་པ་ཞེས་པའི་ངག་སྨྲ་བ་པོ་ལྷ་སྦྱིན་དེ་ཉིད་ཡིན་ནོ། །གྲགས་པ་སྒྲ་ལས་བྱུང་བའི་ཚད་མར་འདོད་པ་བཀག་ཟིན་ནས། ཅི་རནྟ་པ་རྗེས་སུ་འགྲོ་ལྡོག་ལས་འབྲས་བུའི་ཐ་སྙད་གོ་བ་ལྐོག་གྱུར་འཇལ་བའི་ཚད་མ་ཡིན་ཡང་རྗེས་དཔག་མ་ཡིན་པར་འདོད་པ་དགག་པ་ལ། དང་པོ་རྩོད་པ་ནི། འོ་ན་རྒྱུ་དེ་ཕན་འདོགས་བྱེད་དུ་ཡོད་ན་ཡོད་པའི་རྗེས་སུ་འགྲོ་བ་དང༌། མེད་ན་མི་འབྱུང་བས་དེའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཆོས་ཅན། དུ་བ་འབྲས་བུར་བསྒྲུབ་པ་ལ་རྗེས་སུ་དཔག་པ་རྟགས་མིན་ཏེ། རྗེས་སུ་འགྲོ་བའི་ཁྱབ་པ་མེད་པའི་ཕྱིར་རོ། །སྣང་རུང་མི་དམིགས་པའི་རྟགས་ཆོས་ཅན། བུམ་པ་མེད་པར་བསྒྲུབ་པ་ལ་རྗེས་སུ་དཔག་པ་རྟགས་མིན་ཏེ། རྗེས་སུ་འགྲོ་བའི་ཁྱབ་པ་མེད་པའི་ཕྱིར་རོ། །རྟགས་འདི་གཉིས་ལ་རྗེས་འགྲོ་མེད་དེ། ཁྱབ་པ་ངེས་པའི་དཔེ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། འདི་གཉིས་ལས་གཞན་འབྲེལ་པ་སྒྲུབ་པར་བྱེད་པའི་མངོན་སུམ་མེད་པའི་ཕྱིར་དང༌། རྟགས་དེ་ཉིད་འབྲེལ་པ་སྒྲུབ་པར་བྱེད་པ་ཡིན་ན་རྟགས་དེ་ལ་ཡང་དཔེ་དགོས་པས་དཔེ་དང་སྒྲུབ་བྱེད་ཐུག་པ་མེད་པར་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ་ཞེ་ན། ཐ་སྙད་བསྒྲུབ་པ་ལ་རྒོལ་ལམ་དོན་བསྒྲུབ་པ་ལ་རྒོལ་བར་བྱེད། དང་པོ་ལྟར་ན། ཕན་གདགས་པར་བྱ་བ་ཡིན་པས་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ཆོས་ཅན། ཁྱོད་ཀྱིས་དུ་བ་འབྲས་བུའི་ཐ་སྙད་བྱ་རུང་བསྒྲུབ་པའི་མཐུན་དཔེ་མེད་པ་མ་ཡིན་པར་ཐལ། ཕྱི་རྒོལ་དེ་ལ་དཔེའི་སྟེང་དུ་ཐ་སྙད་ཀྱི་ཡུལ་མཚན་ཉིད་བསྟན་པས་དེའི་བརྡ་ཞུགས་པའི་ཡུལ་ཅན་མཚོན་བྱའི་ཐ་སྙད་དང་མཚན་ཉིད་གཉིས་ཀྱི་འབྲེལ་པ་དྲན་པར་འགྱུར་བའི་ཕྱིར། དོན་སྒྲུབ་ཀྱི་རྟགས་མ་ཡིན་པར་འདོད་དེ། རྒྱུའི་ངོ་བོ་ཉིད་ནི་ཕན་འདོགས་པར་བྱེད་པ་ཡིན་པའི་སྒོ་ནས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་མ་ཡིན་པའི་ཕྱིར། ཕན་གདགས་པར་བྱ་བའི་དོན་ཆོས་ཅན། དུ་བ་འབྲས་བུར་བསྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར། དེར་ཐལ། འབྲས་བུ་དག་གི་ངོ་བོ་ཉིད་ནི་ཕན་གདགས་བྱ་ཡིན་པའི་སྒོ་ནས་རྗེས་སུ་འགྲོ་བ་དང་ལྡོག་པ་བྱེད་པ་པོ་དག་ལས་གཞན་མ་ཡིན་པའི་ཕྱིར། ཕན་གདགས་བྱ་དང་འདོགས་བྱེད་རྒྱུ་འབྲས་ཀྱི་ཐ་སྙད་ཀྱི་ཡུལ་ཡིན་པ་དེ་བཞིན་དུ། ཡོད་ན་དམིགས་པར་རིགས་པ་ལས་མ་དམིགས་པ་ཡང་མེད་དོ་ཞེས་པའི་བརྡ་འདོགས་པའི་ཡུལ་ཡིན་པར་བརྗོད་དེ། རྒྱུ་མཚན་དེའི་ཕྱིར་བུམ་པ་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་བུམ་པ་སྣང་རུང་མ་དམིགས་པ་ཆོས་ཅན། ཕྱིར་རྒོལ་རྨོངས་པ་ལ་ཁྱོད་ཉེ་བར་བསྟན་པས་སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་སྣང་རུང་གི་བུམ་པ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་དེ། དེ་སྒྲུབ་གྱི་ཚུལ་གསུམ་ཡིན་པའི་ཕྱིར། ལུས་སྐྱེད་པར་བྱེད་པ་ལ་ཕ་ཉིད་ཀྱི་ཐ་སྙད་བརྗོད་པ་བཞིན་ནོ། །ཞར་ལ་མི་སྣང་བ་མ་དམིགས་པ་བསྟན་པ་ནི། ཤ་ཟའི་བུམ་པ་ཚུར་མཐོང་རང་གི་ཚད་མས་མ་དམིགས་པས་མདུན་གྱི་གཞི་འདིར་ཤ་ཟའི་བུམ་པ་ཡོད་ངེས་མ་ཡིན་པར་བསྒྲུབ་པའི་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡང་ཆོས་ཅན། མདུན་གྱི་གཞི་འདིར་བསྐལ་དོན་ཤ་ཟའི་བུམ་པ་ཡོད་ངེས་པའི་ཐ་སྙད་འགོག་པའི་གཏན་ཚིགས་ཡིན་ཏེ། མདུན་གྱི་ས་ཕྱོགས་ཀྱི་སྟེང་དུ་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་ཐ་སྙད་ཀྱི་རྒྱུ་ཤ་ཟའི་བུམ་པ་དམིགས་བྱེད་ཀྱི་ཚད་མ་མེད་པ་རྟགས་སུ་བཀོད་པའི་ཚུལ་གསུམ་ཡིན་པའི་ཕྱིར། ལུས་བསྐྱེད་པར་བྱེད་པ་མ་ཡིན་པ་ལ་ཕའི་ཐ་སྙད་བརྗོད་པར་མི་རིགས་པ་བཞིན་ནོ། །ཚད་མ་ཕུང་པོ་གསུམ་པ་དགག་པའི་དོན་བསྡུ་བ་ནི། འབྲས་བུ་དང་མེད་པའི་ཐ་སྙད་བསྒྲུབ་པ་གཏན་ཚིགས་ཡིན་པ་དེའི་ཕྱིར་མངོན་སུམ་མ་ཡིན་པའི་རྟོག་པ་ཚད་མ་ནི་རྗེས་དཔག་ལས་དོན་གཞན་དུ་ཡོད་པ་མ་ཡིན་པར་ཐལ། རང་གི་ངོ་བོ་མངོན་སུམ་གྱིས་གྲུབ་པ་མ་ཡིན་པ་ལྐོག་གྱུར་ཐམས་ཅད་ནི་བདག་ཉིད་དང་འབྲེལ་པ་སྒྲུབ་པར་བྱེད་པའི་བསྒྲུབ་བྱ་ལ་མི་འཁྲུལ་པའི་རྟགས་གཞན་ལ་ལྟོས་དགོས་པའི་ཕྱིར། གཞན་རྒྱང་འཕེན་པ་དག་མངོན་སུམ་མིན་པའི་ཚད་མ་མེད་དོ་ཞེས་ཟེར་བ་དགག་པ་ནི། རྒྱང་འཕེན་པ་ཆོས་ཅན། རྗེས་དཔག་ཚད་མ་མེད་ཅེས་སྨྲ་བ་དེ་ནི་རིགས་པ་མ་ཡིན་པར་ཐལ། གང་གི་ཕྱིར་ན་མངོན་སུམ་ཚད་མ་ལས་གཞན་རྗེས་དཔག་ཚད་མ་ནི་སྲིད་པ་ཉིད་ཀྱི་ཕྱིར་རོ། །དེར་ཐལ། མངོན་སུམ་ཚད་མ་ཡིན་པ་དང་ཅིག་ཤོས་སྤྱི་འཇལ་བྱེད་ཀྱི་རྗེས་དཔག་ཚད་མ་ཉིད་དུ་རྣམ་པར་བཞག་པའི་རང་བཞིན་གྱི་རྟགས་དང༌། ལུས་ངག་གི་རྣམ་འགྱུར་གྱིས་གཞན་བློ་རྟོགས་པར་བྱེད་པའི་འབྲས་བུའི་གཏན་ཚིགས་ཡོད་པའི་ཕྱིར་དང༌། མ་དམིགས་པའི་རྟགས་ལས་ཆོས་འགའ་ཞིག་འགོག་པར་བྱེད་པའི་དགག་རྟགས་ཡོད་པའི་ཕྱིར་རོ། །ཡང་སྒྲས་རྟགས་གསུམ་སྡུད་པའོ། །རྒྱང་འཕེན་པ་དེ་ཡིད་ཀྱི་ཤེས་པའི་གསལ་བ་ཡུལ་ལ་འཇུག་པའི་ཚུལ་ལ་བསླུ་བར་དམིགས་དབང་མངོན་གྱི་ཤེས་པའི་གསལ་བ་འགའ་ཞིག་ཡུལ་ལ་འཇུག་པའི་ཚུལ་ལ་མི་བསླུ་བ་དག་དམིགས་ནས་ཇི་ལྟར་སློབ་མ་ལ་ཚད་མ་དང་ཚད་མིན་ཉེ་བར་བསྟན་པ་ལ་བློའི་འཇུག་པ་མི་འཁྲུལ་བར་བྱ་བའི་ཕྱིར་དངོས་པོ་འཛིན་པས་མངོན་སུམ་ཁོ་ན་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ཏེ། དངོས་པོ་མི་འཛིན་པའི་ཕྱིར་ཞེས་ཚད་མ་དང་ཚད་མིན་དེའི་མཚན་ཉིད་ཅན་ལ་ཁྱབ་པར་སྨྲ་བར་བྱེད་དོ། །རྗེས་དཔག་དང་ཚད་མིན་གྱི་ཚོགས་དོན་དེ་ནི་ཆོས་ཅན། རྗེས་སུ་དཔག་པའི་ཚད་མའི་གཞལ་བར་བྱ་བ་ལས་མ་འདས་པར་ཐལ། དཔེ་དང་རྩོད་གཞིར་རྟགས་ཡོད་པར་ཆོས་མཐུན་པ་མཐོང་བ་ལས་དཔེ་ལ་ཡོད་པ་ཇི་ལྟ་བ་དེ་ལྟར་ཆོས་ཅན་ལ་རྟགས་ཡང་དག་གིས་རབ་ཏུ་བསྒྲུབས་པའི་ཕྱིར་རོ། །བསྟན་མི་ནུས་པས་བསྟན་བཅོས་དོན་མེད་དུ་འགྱུར་བར་བསྟན་པ་ལ། རྗེས་དཔག་ལ་བསྟན་མི་ནུས་པ་ནི་རང་གི་ཡུལ་ཉམས་སུ་མྱོང་བ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མིན་ཆོས་ཅན། གཞན་གྱི་རྗེས་དཔག་ལ་བསྟན་དུ་མེད་པར་ཐལ། རྟགས་ཀྱི་རྗེས་སུ་དཔག་བྱ་དེའང་མ་གྲུབ་པའི་ཕྱིར། རང་གི་ཤེས་པ་བསྟན་མི་ནུས་ཀྱང་གཞན་གྱི་ཤེས་པ་སྟོན་ཞེ་ན། རང་གི་ཤེས་པའི་གསལ་བ་དབང་ཤེས་དང་ཡིད་ཤེས་རྣམས་ལས་མ་གཏོགས་པ་གཞན་ཅུང་ཟད་ཀྱང་ཚད་མའམ་ཚད་མ་མིན་པར་བསྟན་ནུས་པར་མི་འགྱུར་བར་ཐལ། གཞན་རྒྱུད་ཁྱོད་ཀྱི་མངོན་སུམ་གྱིས་མ་གྲུབ། རྗེས་དཔག་ཚད་མས་ཀྱང་མ་གྲུབ་པའི་ཕྱིར། གཞན་གྱི་མངོན་སུམ་ལ་སྟོན་ཞེ་ན། མངོན་སུམ་དེ་དག་གིས་ཀྱང་ཆོས་ཅན། རང་གི་ཤེས་པའི་གསལ་བ་འདི་ཚད་མ་ཡིན་མིན་གྱི་བྱེ་བྲག་གིས་ཐ་སྙད་བྱེད་པར་མི་དབང་བར་ཐལ། རང་གི་རྒྱུད་ལ་ཡོད་པ་གཞན་ལ་དངོས་སུ་མཚོན་པར་བྱ་བར་ནུས་པ་མ་ཡིན་པའི་ཕྱིར། བསྟན་བཅོས་རྩོམ་པར་བྱེད་ན་ཡང་འཐད་པ་མ་ཡིན་ཏེ། རང་གི་འདོད་པ་གཞན་ལ་བསྟན་པའི་དོན་དུ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཚེ་རྗེས་དཔག་ཚད་མ་མེད་ཅེས་པའི་རང་གི་ཚིག་གིས་ཅོ་འདྲི་བར་བྱེད་པ་ཡིན་ནོ། །རྒྱང་འཕེན་པ་ཆོས་ཅན། གཞན་གྱིས་བསྟན་བཅོས་ཀྱི་བརྗོད་བྱ་ཁོང་དུ་ཆུད་པར་བྱ་བའི་དོན་དུ་བསྟན་བཅོས་ཀྱང་བྱེད་ལ། རྗེས་སུ་དཔག་པའི་ཚད་མ་ཡང་འདོར་རོ་ཞེས་བྱ་བ་འདི་ནི་མི་རིགས་ཏེ། རྗེས་དཔག་དེ་ཚད་མ་མིན་ན་བསྟན་བཅོས་རྩོམ་པ་ལ་འཇུག་པའི་འབྲས་བུའམ་དགོས་པ་མེད་པར་འགྱུར་བའི་ཕྱིར་རོ། །ཚད་དང་ཅིག་ཤོས་སྤྱི་གཞག་དང༌། །ཞེས་པའི་འཕྲོས་དོན་བཤད་ཟིན་ནས། གཞན་བློ་རྟོགས་པར་བྱེད་ཕྱིར་དང༌། །ཞེས་པའི་འཕྲོས་དོན་སྟོན་པ་ནི། གཞན་བློ་རྟོགས་པ་ལ་རྗེས་དཔག་མི་དགོས་ཏེ། ལུས་བློ་གཅིག་པས་ལུས་འཛིན་མངོན་སུམ་གྱིས་རྟོགས་པས་སོ་ཞེ་ན། ལུས་ཉིད་ནི་ཆོས་ཅན། བློ་མ་ཡིན་པར་ཐལ། ཁྱོད་ཚད་མས་གྲུབ་ཀྱང་བློའི་རྣམ་པར་བརྟག་པ་ལ་ཐེ་ཚོམ་ཟ་བར་མཐོང་བའི་ཕྱིར། མཆོད་སྦྱིན་གྱི་ཤེས་རབ་དེ་ནི་ཆོས་ཅན། མངོན་ཤེས་མེད་པའི་སྐྱེས་བུ་ལྷ་སྦྱིན་གྱི་དབང་མངོན་ཙམ་གྱིས་མངོན་སུམ་དུ་མི་རྟོགས་པར་ཐལ། ལྷ་སྦྱིན་ལས་གཞན་མཆོད་སྦྱིན་གྱི་རྒྱུད་དང་འབྲེལ་བའི་བློ་ཡིན་པའི་ཕྱིར། གཞན་བློ་རྟོགས་པར་བྱེད་ཕྱིར་དང་ཞེས་པའི་འཕྲོས་དོན་བཤད་ཟིན་ཏོ། །འགའ་ཞིག་འགོག་པར་བྱེད་ཕྱིར་ཡང༌། །ཞེས་པའི་འཕྲོས་དོན་ནི། རྒྱང་འཕེན་པ་འདི་ཆོས་ཅན། རྗེས་དཔག་ཚད་མ་སྲིད་པར་ཐལ། གཞི་འགའ་ཞིག་ཏུ་གཞལ་བྱ་ཤིན་ཏུ་ལྐོག་གྱུར་དགག་པ་བྱེད་པའི་རྟགས་ཡང་དག་ཡོད་པས་སོ། །མངོན་སུམ་ཉིད་ཀྱིས་འཇིག་རྟེན་ཕ་རོལ་མེད་པའི་ཐ་སྙད་བྱེད་ཅེ་ན། དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ཀྱིས་ཚེ་སྔ་ཕྱི་མེད་པ་འཇལ་བར་འོས་པ་མིན་པར་ཐལ། ཚེ་སྔ་ཕྱི་མེད་པ་ཁྱོད་ཀྱི་དངོས་ཡུལ་དུ་འགལ་བའི་ཕྱིར། དེར་ཐལ། རང་གི་གཟུང་དོན་གྱི་ནུས་པ་ཕན་འདོགས་བྱེད་དུ་ཉེ་བ་ལ་ལྟོས་པ་མེད་པས་སོ། །རྟགས་མ་གྲུབ་ན། སྒྲིབ་བྱེད་ཀྱིས་བར་དུ་ཆོད་པའི་དངོས་པོ་ལ་ཡང་དངོས་སུ་སྐྱེ་བར་ཐལ། རང་གི་གཟུང་དོན་ལས་སྐྱེ་ཞིང་དེ་ལ་མི་ལྟོས་པའི་ཕྱིར་རོ། །མངོན་སུམ་འཇལ་བྱེད་དུ་ལོག་པ་ལས་མེད་པའི་ཐ་སྙད་འཇུག་པས་དབང་པོའི་མངོན་སུམ་ཉིད་ཀྱིས་འཇིག་རྟེན་ཕ་རོལ་གྱི་དངོས་པོ་མེད་པར་ངེས་པ་ཡིན་ནོ་ཞེ་ན། རྒྱང་འཕེན་པ་ཆོས་ཅན། དབང་པོའི་མངོན་སུམ་དེས་ཚེ་སྔ་ཕྱི་མེད་པ་དངོས་སུ་རྟོགས་སོ་ཞེས་པ་འདི་ནི་མི་འཐད་པར་ཐལ། འཇིག་རྟེན་ཕ་རོལ་མེད་པ་དེ་དངོས་པོར་མེད་པའི་ཕྱིར། ཀྱང་ཡང་གཉིས་ཕན་ཚུན་འགལ་བ་སྡུད་པའོ། །ཚེ་སྔ་ཕྱི་མེད་པ་དེ་མངོན་སུམ་འཇལ་བྱེད་ལོག་པའི་རྟགས་ལས་རྟོགས་སོ་ཞེ་ན། ཚེ་སྔ་ཕྱི་དབང་མངོན་གྱིས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ལས་ཚེ་སྔ་ཕྱི་མེད་དོ་ཞེས་གང་ལས་ངེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་ཀྱིས་སྐྱེས་བུ་ལ་ཚེ་སྔ་ཕྱི་མེད་པར་བསྒྲུབ་པའི་ཁྱབ་པ་ངེས་པ་མེད་པའི་ཕྱིར། ཁྱབ་པ་ཡོད་པར་འདོད་ན་ཡང་སྐྱོན་ཡོད་དེ། དེ་ནི་ཆོས་ཅན། རྒྱང་འཕེན་པ་དེས་སྐྱེས་བུའི་སྟེང་དུ་ཚེ་སྔ་ཕྱིའི་དངོས་པོ་མེད་པར་བསྒྲུབ་པའི་རྟགས་ཡང་དག་ཉིད་དུ་འདོད་དགོས་པར་ཐལ། དེས་ཚེ་སྔ་ཕྱིའི་དངོས་པོ་དེ་ཉིད་ལ་མི་འཁྲུལ་བའི་མི་དམིགས་པའི་རྟགས་ཡང་དག་ཡིན་པར་ཁས་ལེན་པའི་ཕྱིར། རྟགས་འགའ་ཞིག་བསྒྲུབ་བྱའི་ཆོས་ལ་མི་བསླུ་ཡང་སྐྱུ་རུ་རས་མ་ག་དྷའི་སྐྱུ་རུ་ར་རོ་བསྐ་བར་བསྒྲུབ་པའི་ཚུལ་གསུམ་པའི་རྟགས་དེའི་རང་བཞིན་ཅན་ལ་འཁྲུལ་བ་མཐོང་བའི་ཕྱིར་ཚུལ་གསུམ་པའི་རྟགས་གང་ཡིན་བསྒྲུབ་བྱའི་ཆོས་ལ་འཁྲུལ་མེད་དུ་ཡིད་བརྟན་མེད་དོ་ཞེ་ན། སྐྱུ་རུ་ར་ཆོས་ཅན། མ་ག་དྷའི་སྐྱུ་རུ་ར་རོ་བསྐ་བར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་རྟགས་མ་ཡིན་པར་ཐལ། རང་བཞིན་འབྲེལ་བ་ནི་རྟགས་ཡང་དག་གི་མཚན་ཉིད་ཀྱི་ཡན་ལག་ཡིན་ལ། དེ་ཁྱོད་ཀྱིས་མ་ག་དྷའི་སྐྱུ་རུ་ར་རོ་བསྐ་བར་བསྒྲུབ་པ་ལ་མ་ཚང་བའི་ཕྱིར་ཏེ། དེ་སྒྲུབ་ཀྱི་ཁྱབ་པ་རྣལ་མར་མ་ངེས་པའི་ཕྱིར་ཏེ། མ་ག་དྷའི་སྐྱུ་རུ་རའི་སྟེང་དུ། རོ་བསྐ་བ་དེའི་རང་བཞིན་མ་མཚོན་པའི་ཕྱིར་ཏེ། ཚུལ་གསུམ་པའི་རྟགས་གང་ཡིན་དེ་ལ་ནི་རང་གི་བསྒྲུབ་བྱའི་ཆོས་ལ་འཁྲུལ་པ་ཡོད་པ་མ་ཡིན་ཏེ། རང་གི་བསྒྲུབ་བྱའི་ཆོས་དེ་མེད་ན་རང་གི་ངོ་བོ་མེད་པར་འགྱུར་བའི་ཕྱིར་རོ། །མངོན་སུམ་ཚད་མར་ཁས་ལེན་ན་རྗེས་དཔག་ཀྱང་ཚད་མར་ཁས་ལེན་དགོས་པའི་དོན་སྟོན་པ་ནི། རྗེས་དཔག་དེ་ཆོས་ཅན། ཁྱོད་དང་མངོན་སུམ་གཉིས་ཀ་ཚད་མར་མཚུངས་པར་ཐལ། རྒྱུ་མཚན་འདི་ལྟར། མངོན་སུམ་ཡང་ནི་གཞལ་བྱའི་དོན་མེད་ན་མི་འབྱུང་བ་ལས་ཚད་མར་འཇོག་པ་ཉིད་ཡིན་ལ། བསྒྲུབ་བྱའི་ཆོས་དང་འབྲེལ་བའི་རང་བཞིན་རྟགས་ཡང་དག་ནི་ཁྱོད་ཚད་མར་སྐྱེད་བྱེད་ཀྱི་རྒྱུ་ཡིན་པས་ཁྱོད་ཀྱང་རང་གི་གཞལ་བྱ་ལ་བརྒྱུད་ནས་འབྲེལ་བའི་ཕྱིར། སྔོ་འཛིན་མངོན་སུམ་ཡང་ཆོས་ཅན། ཚད་མ་ཡིན་ཏེ། གསར་དུ་མི་བསླུ་བའི་ཤེས་པ་ཉིད་ཡིན་པའི་ཕྱིར། གསར་དུ་མི་བསླུ་བའི་ཤེས་པ་ཡིན་པར་ཐལ། རང་གི་གཞལ་བྱ་སྔོན་པོ་དེ་ལས་རང་གི་བདག་ཉིད་ཐོབ་ཅིང་སྐྱེས་པའི་སྒོ་ནས་དེ་ལ་འབྲེལ་བའི་ཕྱིར། རྩ་བ་ལ་ཁྱབ་པ་ཡོད་དེ། གཞན་སྒྲ་ལས་བྱུང་བའི་དབང་མངོན་ནི་སྔོན་པོ་དེ་ལ་མི་བསླུ་བར་མི་རིགས་པའི་ཕྱིར་དང༌། སྔོན་པོ་ལས་མ་བྱུང་བའི་ཡོད་པ་དེ་ནི་སྔོན་པོ་དེ་ལ་ངེས་པར་མི་བསླུ་བར་མི་རིགས་པའི་ཕྱིར། ཁྱབ་པ་ལ་རྩོད་པ་ནི། གལ་ཏེ་མངོན་སུམ་གཞལ་བྱའི་དོན་ལ་མི་བསླུ་བ་ནི་གཞལ་བྱའི་དོན་དང་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པ་ལས་འཇོག་པ་མ་ཡིན་གྱི། འོན་ཀྱང་གཞལ་བྱའི་དོན་མཐོང་བ་ལས་དོན་ཐོབ་པར་འཇོག་པ་ཡིན་ནོ་ཞེ་ན། མཐོང་ཞེས་པའི་སྒྲ་མཐོང་བྱ་མཐོང་བྱེད་གཉིས་ཀ་ལ་འཇུག་པས་དོན་མཐོང་བ་དེ་ཡང་མཐོང་བྱའི་དོན་ལ་འདོད་པ་ཡིན་ནམ་ཤེས་པ་ཡིན། དོན་ཡིན་ནོ་ཞེ་ན། རྒྱང་འཕེན་པ་ཆོས་ཅན། དོན་ཐམས་ཅད་ཤེས་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བར་འགྱུར་བར་ཐལ། ལྐོག་གྱུར་ཅུང་ཟད་ཀྱང་མ་གྲུབ་པར་དོན་ཐམས་ཅད་མངོན་སུམ་གྱི་ཡུལ་དུ་གྱུར་པའི་མངོན་གྱུར་པ་ཁོ་ན་ཡིན་པའི་ཕྱིར། ཤེས་པ་ཡིན་ནོ་ཞེ་ན། གཞན་སྔོ་འཛིན་མངོན་སུམ་ཆོས་ཅན། ཁྱོད་ཡོད་ན་གཞན་སྔོན་པོ་ངེས་པར་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་དང་སྔོན་པོ་འབྲེལ་པ་མེད་ཅིང་ཐ་དད་ཡིན་པའི་ཕྱིར། ཤེས་པས་དོན་མཐོང་བའི་ཕྱིར་དོན་ཡོད་པར་འགྲུབ་ཅེ་ན། དོན་མཐོང་བ་ཞེས་བྱ་བ་འདི་མཐོང་བྱའམ་མཐོང་བྱེད་ཅི་ཞིག་ཡིན་ཞེས་བརྒལ་ཞིང་བརྟག་པ་བྱས་ཟིན་པ་མ་ཡིན་ནམ་སྟེ་བྱས་ཟིན་པ་ཡིན་ནོ། །འབྲེལ་བ་མེད་ན་མི་བསླུ་བ་མི་འཐད་པ་དེའི་ཕྱིར་རྒྱང་འཕེན་པ་ཆོས་ཅན། སྔོ་འཛིན་མངོན་སུམ་དེ་དང་སྔོན་པོ་འབྲེལ་བར་བརྗོད་པར་བྱ་བ་ཡིན་པར་ཐལ། སྔོ་འཛིན་ཤེས་པ་ཡོད་པ་ལས་དོན་སྔོན་པོ་ཡོད་པར་དོན་མཐུན་དུ་འདོད་པས་སོ། །ཚད་མའི་གྲངས་ལ་ལོག་པར་རྟོག་པ་རྒྱས་པར་བཀག་ཟིན་པའི་མཇུག་བསྡུ་བ་ནི། ཤེས་བྱ་ཆོས་ཅན། རྗེས་སུ་དཔག་པ་ཚད་མའི་མཚན་ཉིད་དང་མི་ལྡན་པ་མ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བ་དེ་ནི་འབྲས་བུ་དང་རང་བཞིན་གྱི་རྟགས་དག་ལ་བརྟེན་པའི་རྗེས་སུ་དཔག་པ་ཐམས་ཅད་ལ་ཡང་མཚུངས་པ་ཡིན་པའི་ཕྱིར། མཚན་ཉིད་ལ་ལོག་རྟོག་བསལ་བ་ནི། མངོན་སུམ་དང་རྗེས་དཔག་གཉིས་ཡོད་པ་དེ་ལ་མངོན་སུམ་རྟོག་བྲལ་མ་འཁྲུལ་བའི་མཚན་ཉིད་ཅན་དུ་སྟོན་ཏེ། འདི་ལྟར་དབང་པོའི་ཤེས་པ་མ་འཁྲུལ་བ་ནི་ཆོས་ཅན། མངོན་སུམ་ཡིན་པའི་ཐ་སྙད་བྱ་རུང་སྟེ། འཁྲུལ་བའི་རྒྱུ་དབང་པོ་ལ་ཡོད་པ་རབ་རིབ་དང་ཡུལ་ལ་ཡོད་པ་མགལ་མེ་མྱུར་དུ་བསྐོར་བ་དང༌། གནས་ལ་ཡོད་པ་གྲུར་ཞུགས་པ་དང་རླུང་མཁྲིས་བད་ཀན་ལ་སོགས་པས་འཁྲུགས་པ་དང༌། སོགས་པ་བསྐོར་གར་ལ་སོགས་པའི་འཁྲུལ་རྒྱུས་འཁྲུལ་པར་མ་བསྐྱེད་ཅིང་རྣམ་པར་རྟོག་པ་མེད་པའི་བློ་ཡིན་པའི་ཕྱིར། མངོན་སུམ་གྱི་བྲལ་བྱ་རྟོག་པ་དེ་ཡང་གང་ཞེ་ན། ལན་ལ་རྟོག་པ་མངོན་པར་བརྗོད་ཅན་གྱི། ཤེས་པ་ཞེས་གསུངས་པའི་དོན་འཆད་པ་ནི། སྔོན་པོ་ལ་ཞེན་པའི་བློ་ནི་ཆོས་ཅན། རྟོག་པ་ཡིན་ཏེ། བརྗོད་པ་སྒྲ་སྤྱི་དང་དོན་སྤྱི་འདྲེར་རུང་བ་སྣང་ནས་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། བརྡ་ལ་མ་བྱང་བའི་རྟོག་པ་ལ་མ་ཁྱབ་པ་སྤང་བའི་དོན་དུ་རུང་བ་སྨོས་པ་ཡིན་ནོ། །དེ་ལྟ་བུའི་རྟོག་པ་དེ་དང་བྲལ་བ་ཡིན་ནོ། །མངོན་སུམ་སྤྱིའི་མཚན་ཉིད་བརྗོད་ཟིན་ནས། མངོན་སུམ་བཞི་པོ་སོ་སོར་བཤད་པ་ལ། དང་པོ་དབང་པོའི་མངོན་སུམ་སྟོན་པ་ལ། དབང་པོའི་མངོན་སུམ་སྒྲ་སྦྱོར་རྟོག་པར་འདོད་པ་དགག་པ་ནི། དབང་པོའི་ཤེས་པ་མ་འཁྲུལ་བ་ཆོས་ཅན། ཁྱོད་ལ་སྒྲ་སྦྱོར་རྟོག་པ་ངོ་བོར་ལྡན་པ་སྲིད་པ་མ་ཡིན་ཏེ། རང་གི་གཟུང་དོན་གྱི་མཐུ་ཡིས་ནི་མ་འཁྲུལ་བར་ཡང་དག་པར་དངོས་སུ་སྐྱེས་པ་ཡིན་པའི་ཕྱིར་རོ། །ཁྱབ་པ་མེད་ན། དབང་པོའི་མངོན་སུམ་དེ་ཆོས་ཅན། རང་གི་གཟུང་དོན་ལས་མ་འཁྲུལ་བར་སྐྱེས་ན་རྟོག་པ་མ་ཡིན་པས་ཁྱབ་སྟེ། གང་གི་ཕྱིར་ན་རང་གི་གཟུང་དོན་གྱི་ནུས་པ་དེ་ལས་དངོས་སུ་སྐྱེས་པ་ཡིན་ན་རང་གི་གཟུང་དོན་དེའི་རང་བཞིན་ཁོ་ནའི་རྗེས་སུ་བྱེད་པའི་ཕྱིར། ཁོ་ནའི་སྒྲས་མིང་གི་རྗེས་སུ་བྱེད་པ་བཅད་པ་ཡིན་ནོ། །ཁྱབ་བསྒྲུབ་ལ་རྩོད་པ་ནི། དོན་གྱི་རྗེས་སུ་བྱེད་ན་མིང་གི་རྗེས་སུ་ཡང་བྱེད་དགོས་ཏེ། མིང་དོན་བདག་ཉིད་གཅིག་པའི་ཕྱིར་དང་དོན་གང་ཡོད་པ་ལ་མིང་ཡོད་པས་ཁྱབ་པའི་ཕྱིར་རོ་ཞེས་ཕྱི་རོལ་པ་ཁ་ཅིག་སེམས་པར་བྱེད་དོ། །དབང་ཤེས་ཆོས་ཅན། མིང་དེ་དོན་དང་བདག་ཉིད་གཅིག་པའི་རྒྱུ་མཚན་གང་གིས་ཁྱོད་ལ་དོན་དེ་སྣང་བ་ན་མིང་དེ་ཡང་སྣང་བར་འགྱུར་བ་མ་ཡིན་པར་ཐལ། མིང་དོན་དེའི་བདག་ཉིད་མ་ཡིན་པའི་ཕྱིར། དོན་གང་ཡོད་པ་ལ་དེའི་མིང་ཡོད་པས་ཁྱབ་པའི་རྒྱུ་མཚན་གང་གིས་ཁྱོད་ལ་དོན་དེ་སྣང་བ་ན་དེའི་མིང་ཡང་སྣང་བར་འགྱུར་བ་མ་ཡིན་པར་ཐལ། དོན་གང་ཡོད་པ་ལ་སྒྲའམ་མིང་ཡོད་པས་མ་ཁྱབ་པའི་ཕྱིར། ཕྱོགས་ཆོས་བསྒྲུབ་པ་ནི། དབང་པོ་གཟུགས་ཅན་ལ་དངོས་སུ་བརྟེན་པའི་རིག་པའི་ཆོས་གཟུང་བའི་རྣམ་པ་དེ་ནི་དོན་ལ་རེག་པ་དང་མི་ལྡན་པའམ་མ་སྐྱེས་པ་མ་ཡིན་ཏེ། རྗེས་ཀྱི་ངེས་ཤེས་ཀྱིས་དོན་དུ་ཞེན་ནས་ཞུགས་པས་དོན་ཐོབ་པ་དག་ཏུ་སྦྱོར་བའི་ཕྱིར་རོ། །གཟུང་རྣམ་དོན་ལས་སྐྱེས་པ་མ་ཡིན་ན། གཟུང་རྣམ་དེ་ཆོས་ཅན། ཁྱོད་ལས་དོན་རྣམས་མི་རྟོགས་པ་དང་མི་ཐོབ་པར་ཐལ། ཁྱོད་དོན་གྱིས་གཏད་པའི་རྣམ་པ་ནི་གང་ཞིག དོན་དང་འབྲེལ་བ་མེད་པའི་ཕྱིར་རོ། །ཀྱང་ནི་དོན་ལས་སྐྱེས་པ་ལ་སྒྲུབ་བྱེད་ཡོད་པར་མ་ཟད་མ་སྐྱེས་ན་གནོད་བྱེད་ཡོད་པར་བསྟན་པའོ། །མིག་གི་རྣམ་པར་ཤེས་པ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་འདི་ཉེ་བར་གྱུར་པས་བསྐྱེད་པ་ཡིན་ཏེ། རང་ལ་སྣང་བའི་གཟུགས་ཀྱི་སྐྱེ་མཆེད་ཀྱི་རྣམ་པ་དོན་ལས་སྐྱེས་པ་དེའི་ཕྱིར། སྒྲའི་རྣམ་པ་ནི་མདུན་དུའམ་གཟུང་དོན་དུ་བྱེད་པར་རིགས་པ་མ་ཡིན་ཏེ། གཟུགས་ཀྱི་བདག་ཉིད་མིན་པར་སྒྲ་མེད་ན་ཁྱོད་མི་འབྱུང་བ་མ་ཡིན་པའི་ཕྱིར། དྲི་དང་རོ་ལ་སོགས་པ་ཕན་ཚུན་རྣམ་པ་འཆོལ་བ་མེད་པ་བཞིན་ནོ། །མིག་གི་རྣམ་པར་ཤེས་པ་ཆོས་ཅན། གཟུགས་ལས་དོན་གཞན་སྒྲའི་རྗེས་སུ་འབྲང་བ་མིན་ཏེ། གཟུགས་དེའི་སྟོབས་ཀྱིས་བསྐྱེད་པའི་ཤེས་པ་ཡིན་པའི་ཕྱིར་རོ། །རོ་འཛིན་ལྕེའི་ཤེས་པ་དྲིའི་རྗེས་སུ་འབྲང་བ་མ་ཡིན་པ་ལ་སོགས་པ་བཞིན་ནོ། །དེས་ན་ཇི་ལྟར་བཤད་པའི་རིགས་པས་མིང་དོན་གཅིག་ཏུ་མི་འཐད་དོ། །མིང་དོན་དེའི་བདག་ཉིད་ཡིན་དུ་ཆུག་ཀྱང་རྣ་བའི་དབང་པོ་ལས་གཞན་མིག་གི་དབང་པོའི་ཤེས་པ་ཆོས་ཅན། མིང་གཟུང་དོན་དུ་བྱེད་པ་མ་ཡིན་པར་ཐལ། མིང་གིས་ཁྱོད་བསྐྱེད་པར་མི་ནུས་པའི་ཕྱིར་དང༌། ཁྱོད་ཀྱིས་མིང་གཟུང་དོན་དུ་བྱེད་ན། ཡུལ་ལྔ་འཛིན་པ་ལ་དབང་ཤེས་ལྔ་དོན་མེད་པ་ལ་སོགས་པ་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་ཡང་ཡོད་པའི་ཕྱིར་རོ། །དབང་ཤེས་རྟོག་པ་མ་ཡིན་ན་རྟོག་པ་དེ་ཤེས་པ་གང་དུ་གཏོགས་ཤེ་ན། རྣམ་པར་རྟོག་པ་ཅན་ནི་ཆོས་ཅན། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ། གཟུང་དོན་གྱི་ནུས་པ་ཉེ་བ་ལ་ལྟོས་པ་མེད་པར་དབང་པོ་སོ་སོའི་དོན་མཐའ་གཅིག་ཏུ་མ་ངེས་པར་ཐམས་ཅད་འཛིན་པར་བྱེད་པའི་ཕྱིར། དེ་རྒྱུ་གང་ལས་བྱུང་ཞེ་ན། རྒྱུ་མེད་མ་ཡིན་ཏེ། རྣམ་པར་རྟོག་པའི་བག་ཆགས་ཀྱིས་ཀུན་ནས་བསླངས་པ་སྟེ་དེའི་སྟོབས་ལས་བྱུང་བའི་ཕྱིར། བག་ཆགས་གང་ལས་བྱུང་ཞེ་ན། ཉམས་སུ་མྱོང་བ་དབང་པོའི་མངོན་སུམ་འགའ་ཞིག་དང་རྒྱུ་འབྲས་སུ་འབྲེལ་བའི་སྟོབས་ལས་བྱུང་ངོ༌། །འོ་ན་མངོན་སུམ་ལྟར་ཡུལ་སོ་སོར་ངེས་པ་ལ་འཇུག་དགོས་པས། རེས་འགའ་མིང་དོན་ལྷན་ཅིག་ཏུ་འཛིན་པ་དང་རེས་འགའ་སོ་སོར་འཛིན་པ་མི་རིགས་སོ་ཞེ་ན། མིང་དོན་ལྷན་ཅིག་གམ་སོ་སོར་འཛིན་པའི་རྒྱུ་ཡོད་དེ། མིང་དོན་ལྷན་ཅིག་པ་ལ་བྱེད་པ་གོམས་པ་ལས། ལྷན་ཅིག་ཏུ་འཛིན། སོ་སོར་གོམས་པ་ལས་སོ་སོར་འཛིན་པར་བྱེད་པའི་ཕྱིར། དབང་ཤེས་རྟོག་པ་མ་ཡིན་པའི་རིགས་པ་གཞན་ཡང༌། དོན་ནི་དབང་ཤེས་ལ་ཕན་པ་ཉེ་བར་སྦྱོར་བ་ཡིན་པར་འདོད་ནའང༌། མིང་དོན་བདག་ཉིད་གཅིག་པས་ཅིག་ཆར་དུ་འཛིན་པ་ལས་གཞན་ཡང་སྔར་བརྡའི་དུས་ན་ཡོད་པའི་སྒྲ་སྦྱོར་དྲན་པ་སྔོན་དུ་འགྲོ་བ་ལ་ལྟོས་པར་འདོད་ན། དབང་པོའི་མངོན་སུམ་ཆོས་ཅན། རང་གི་གཟུང་དོན་དེ་དང་མིང་དྲན་པས་བར་དུ་ཆོད་པར་འགྱུར་བ་ཡིན་པར་ཐལ། རང་གི་གཟུང་དོན་གྱི་མིང་དྲན་པའི་སྒོ་ནས་རང་གི་གཟུང་དོན་འཛིན་པ་ཡིན་པའི་ཕྱིར། མིང་དོན་དེ་གཅིག་ཏུ་སྦྱོར་བའི་སྒོ་ནས་འཛིན་པ་མི་སྲིད་པར་ཐལ། གང་གི་ཕྱིར་བརྡ་སྦྱར་བའི་དུས་ན་ཁོང་དུ་ཆུད་ཅིང་ཕྱིས་གོམས་པར་བྱས་པའི་བརྗོད་པ་སྒྲའི་སྤྱི་མ་དྲན་པའི་ཕྱིར། ཀ་བ་བརྗོད་པའི་སྒྲ་ལས་གཞན་བུམ་པ་མི་འཛིན་པ་བཞིན་ནོ། །དོན་མཐོང་བ་དང་མིང་དྲན་པ་དུས་མཉམ་པས་གཉིས་ཀ་ལས་དངོས་སུ་སྐྱེ་བ་ཅི་འགལ་ཞེ་ན། དབང་ཤེས་ཆོས་ཅན། གཟུང་དོན་གྱིས་ཕན་པ་ཉེ་བར་སྦྱོར་བས་བྱས་པའི་ནང་སེམས་ཀྱི་རྣམ་པར་འགྱུར་བ་མིང་དྲན་གྱི་བག་ཆགས་སད་པ་མེད་པར་སྒྲའི་ཁྱད་པར་མིང་དྲན་པར་མི་རིགས་པར་ཐལ། དོན་མཐོང་བའི་རྒྱུས་མ་བྱས་པའི་ཕྱིར། སྒྲའི་ཁྱད་པར་དྲན་ན་ནི་དོན་མཐོང་རྗེས་སུ་མིང་དྲན་པ་དེ་ཆོས་ཅན། མཐོང་བའི་དོན་དེའི་མིང་མི་འཛིན་པར་ཐལ། མིང་དྲན་པ་དེ་དོན་མཐོང་བ་དེས་མ་བྱས་པའི་ཕྱིར་རོ། །སྒྲ་དྲན་པའི་བག་ཆགས་སད་པ་དོན་གྱི་འབྲས་བུར་གྲུབ་པ་དེས་ན་སྒྲ་སྦྱོར་རྟོག་པ་ཡིན་ན་དོན་དང་མིང་དྲན་ལ་བརྒྱུད་ནས་སྐྱེ་བས་དེ་གཉིས་ཀྱི་བར་དུ་དྲན་པས་ཆོད་པར་གྲུབ་པ་དེས་ན། དབང་ཤེས་ཆོས་ཅན། ཕན་པ་ཉེ་བར་སྦྱོར་བའི་རང་གི་གཟུང་དོན་གྱི་དེ་མ་ཐག་པའི་བྱེད་པའི་འབྲས་བུར་མི་འགྱུར་བར་ཐལ། ཁྱོད་དང་གཟུང་དོན་གྱི་བར་དུ་དྲན་པས་ཆོད་པའི་ཕྱིར་རོ། །རྟགས་ཁས་བླངས་སོ། །དྲན་པས་བར་དུ་ཆོད་ན་སྐྱོན་ཅི་ཡོད་ཅེ་ན། དབང་པོའི་མངོན་སུམ་གྱི་གཟུང་དོན་དེ་ནི་ཆོས་ཅན། སྔོན་དབང་པོའི་བློ་ཡི་དངོས་སུ་སྐྱེད་བྱེད་མིན་པར་ཐལ། ཁྱོད་དང་དབང་བློའི་བར་དུ་དྲན་པས་ཆོད་པ་དེའི་ཕྱིར། འདོད་ན། ཕྱིས་ཀྱང་དབང་བློ་དངོས་སུ་སྐྱེད་བྱེད་དུ་འགྱུར་བ་མ་ཡིན་པར་ཐལ། སྔོན་དབང་བློའི་སྐྱེད་བྱེད་མིན་ཞིང༌། ཁྱོད་སྔ་མས་དབང་བློ་ལ་ཕན་པ་མི་སྦྱོར། ཕྱི་མས་ཉེ་བར་སྦྱོར་བའི་ཁྱད་པར་མེད་པའི་ཕྱིར། དེ་ཉིད་བཤད་པ་ནི། དབང་པོའི་མངོན་སུམ་གྱི་གཟུང་དོན་སྐད་ཅིག་མ་གཅིག་ཉིད་ཆོས་ཅན། དབང་མངོན་སྐད་ཅིག་གཅིག་ལ་ཕྱིས་དངོས་སུ་ཕན་པ་བྱེད་པ་དང་སྔར་མི་བྱེད་པར་ནི་མི་གྱུར་པར་ཐལ། ཁྱོད་སྔོན་དབང་པོའི་མངོན་སུམ་བསྐྱེད་ནུས་མིན། ཕྱིས་བསྐྱེད་ནུས་ཡིན་པའི་ཁྱད་པར་མེད་པའི་ཕྱིར་ཏེ། བདག་ཉིད་ཐ་དད་མེད་པའི་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར། གཟུང་དོན་ལས་ལྟོས་མེད་དུ་སྐྱེ་བ་དེས་ན་གཟུང་དོན་མེད་ན་ཡང་མིག་བློ་མངོན་སུམ་དངོས་སུ་སྐྱེ་བར་འགྱུར་རོ་ཞེས་འཆད་པ་ནི། དབང་པོའི་མངོན་སུམ་གྱི་གཟུང་དོན་ཆོས་ཅན། ཁྱོད་ཀྱིས་དབང་པོའི་མངོན་སུམ་ལ་དངོས་སུ་ཕན་འདོགས་པ་མེད་པར་ཐལ། དབང་བློ་མ་འཁྲུལ་བ་ལ་དངོས་སུ་ཕན་པ་མི་སྦྱོར་བའི་ཕྱིར་དང༌། དྲན་པ་སད་པར་བྱེད་པ་ལ་ཕན་པ་དངོས་སུ་སྦྱོར་བའི་ཕྱིར། འདོད་ན། དབང་པོའི་མངོན་སུམ་ཆོས་ཅན། རང་གི་གཟུང་དོན་དེ་དངོས་སུ་ཕན་འདོགས་བྱེད་དུ་ཡོད་པ་ལ་མི་ལྟོས་པ་དེ་ཉིད་དུ་ཐལ། འདོད་པ་དེའི་ཕྱིར། དོན་གྱི་ཉེ་བར་སྦྱོར་བས་དབང་པོའི་བློ་དངོས་སུ་སྐྱེད་པར་བྱེད་ན་ནི་དབང་པོའི་མངོན་སུམ་ཆོས་ཅན། རྟོག་པ་མེད་པར་གྲུབ་པ་ཡིན་ཏེ། གཟུང་དོན་དང་བརྗོད་པ་དྲན་པའི་རྟོག་པས་བར་དུ་ཆོད་པ་མེད་པར་རང་གི་གཟུང་དོན་ལས་དངོས་སུ་སྐྱེས་པའི་དབང་ཤེས་ཡིན་པའི་ཕྱིར། སྒྲ་སྦྱོར་རྟོག་པ་བསལ་ནས་གཞན་དོན་སྦྱོར་རྟོག་པ་དགག་པ་ཡང་སྟོན་ནོ། །དབང་ཤེས་ཆོས་ཅན། ཁྱད་པར་དང་ནི་ཁྱད་པར་ཅན་བྱས་གཞི་དང་བྱས་ཆོས་དེ་གཉིས་ཀྱི་འབྲེལ་པ་དང་འཇིག་རྟེན་པའི་ཆོས་ལུགས་སམ་ཐ་སྙད་ནི་དང་པོར་སོ་སོར་གཟུང་སྟེ་ཤེས་དགོས་པར་ཐལ། ཕྱིས་ཆོས་བཞི་པོ་དེ་དག་བསྡོམས་པར་བྱས་ནས་ཁྱད་པར་དང་ཁྱད་པར་ཅན་དེ་ལྟར་རྟོགས་པའི་ཕྱིར། སོ་སོར་འཛིན་ཤེས་པ་ལས་གཞན་དུ་མི་ཤེས་ན་ཁྱད་པར་དང་ཁྱད་པར་ཅན་དུ་འཛིན་པ་མ་ཡིན་ཞེས་རྒྱས་པར་སྟོན་པ་ནི། སྐྱེས་བུ་གོས་སྔོན་ཅན་ནོ་སྙམ་དུ་འཛིན་པའི་བློ་དེ་ཆོས་ཅན། ཁྱད་པར་གོས་སྔོན་དང་ཁྱད་པར་ཅན་སྐྱེས་བུ་དང་དེ་གཉིས་ཀྱི་ལྡན་འདུའི་འབྲེལ་པ་དང་འཇིག་རྟེན་པའི་རྣམ་པར་བཞག་པ་སོ་སོར་འཛིན་ཤེས་པར་ཐལ། བྱས་གཞི་དང་བྱས་ཆོས་ལ་སོགས་པའི་ཆོས་བཞི་པོ་དེ་བསྡོམས་ནས་འཛིན་པའི་ཕྱིར། དཔེར་ན་རྟོག་པས་སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པ་ན་སྐྱེས་བུ་འགའ་ཞིག་ཁྱད་པར་བྱེད་ཆོས་འགའ་ཞིག་གིས་ཁྱད་པར་བྱས་པ་ཅན་དུ་འཛིན་པ་ཡིན་པ་བཞིན་ནོ། །གཞན་དུ་མིན་ཞེས་པའི་གཞུང་ཕྱི་མ་འགྲེལ་པ་ནི། ཁྱད་པར་དང་ཁྱད་པར་ཅན་དུ་འཛིན་པ་མ་ཡིན་པར་ཐལ། ཆོས་བཞི་སོ་སོར་འཛིན་ཤེས་པ་ལས་གཞན་དུ་ཤེས་པ་མིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཁྱད་པར་དང་ཁྱད་པར་ཅན་གྱི་དོན་དང་དེ་གཉིས་ཀྱི་འབྲེལ་པ་དང༌། རྗོད་པར་བྱེད་པའི་འཇིག་རྟེན་གྱི་གཙུག་ལག་གམ་ཐ་སྙད་རྣམས་མི་ཤེས་ན་ཆོས་བཞི་གཅིག་ཏུ་སྦྱོར་བར་མི་འགྱུར་བའི་ཕྱིར། རྒྱལ་དཔོག་པ་མངོན་སུམ་གྱིས་རིགས་དང་ཡོན་ཏན་ལ་སོགས་བསྡོམས་ནས་འཛིན་པར་འདོད་པ་དགག་པ་ནི། བ་གླང་གི་གཟུགས་འཛིན་པའི་མངོན་སུམ་དེ་ལ་ཆོས་ཅན། བ་ལང་གི་རིགས་དང་ཁ་དོག་གི་ཡོན་ཏན་དང་འགྲོ་བའི་བྱ་བ་དང་ལྡན་པའི་ཆོས་དག་བསྡོམས་ནས་འཛིན་པ་མི་སྲིད་པ་ཡིན་ཏེ། བ་ལང་གི་རིགས་དང་ཡོན་ཏན་དང་བྱ་བ་ཡན་ལག་ཅན་གྱི་རྫས་རང་བཞིན་ཐ་དད་པ་དང་འབྲེལ་བ་དག་གི་རྣམ་པ་མི་སྣང་བས་རིགས་སོགས་སྦྱར་ནས་འཛིན་པར་མི་རིགས་པའི་ཕྱིར་རོ། །ཆུ་དང་འོ་མ་སོ་སོ་བ་དེ་ལྟར་རྟོགས་པ་མེད་པའི་ཕྱིར་ཆུ་དང་འོ་མ་དག་སྦྱར་ནས་འོ་མ་ཆུ་ཅན་དུ་མི་ཤེས་པ་བཞིན། རིགས་ལ་སོགས་པའི་ཡན་ལག་ཡན་ལག་ཅན་ལས་རྫས་ཐ་དད་དུ་དབང་ཤེས་ལ་མི་སྣང་ཡང༌། ཁྱད་པར་དང་ཁྱད་པར་ཅན་ལ་སོགས་པ་རང་བཞིན་ཐ་དད་པ་སྣང་ངོ་ཞེ་ན། སྐྱེས་བུ་དང་དབྱུག་པ་ལྟ་བུ་གང་ལ་རང་བཞིན་ཐ་དད་པ་རྟོགས་པ་ཡོད་པ་དེ་ལ་ཡང་ཁྱད་པར་དང་ཁྱད་པར་ཅན་སོགས་བརྡ་ལ་ལྟོས་པས་དབང་ཤེས་ཀྱིས་འཛིན་པ་མེད་དོ་ཞེས་འཆད་པ་ནི། མིག་ཤེས་ལ་ནི་ཆོས་ཅན། བརྡ་འཛིན་པ་དང་དྲན་པའི་རྒྱུ་ལས་འབྱུང་བ་ཅན་གྱི་སྔོན་མཐོང་བ་དང་ད་ལྟར་སྣང་བ་གཅིག་ཏུ་སྡུད་པའི་བདག་ཉིད་ཅན་ཁྱད་པར་ཅན་དུ་འཛིན་པའི་རྟོག་པ་དེ་ཉིད་ངོ་བོར་ལྡན་པ་ཇི་ལྟར་འགྱུར་ཏེ་མིན་ཏེ། སྔ་ཕྱི་འཛིན་པས་སྟོང་པའི་ཤེས་པ་ཡིན་པའི་ཕྱིར། དེ་ཉིད་འགྲེལ་པ་ནི། དབང་པོའི་མངོན་སུམ་འདི་ལ་ཆོས་ཅན། ཁྱད་པར་དང་ཁྱད་པར་ཅན་དུ་འཛིན་པ་འདི་ཙམ་བྱེད་པའི་ནུས་པ་ཡོད་པ་མ་ཡིན་ཏེ། གཟུང་ཡུལ་གྱི་དོན་ཉེ་བའི་སྟོབས་ལས་སྐྱེས་པས་སྔ་ཕྱི་ལ་དཔྱོད་པ་མེད་པའི་ཕྱིར་རོ། །ཕྱོགས་ཆོས་མ་གྲུབ་སྟེ། སྔ་ཕྱི་ལ་དཔྱོད་པར་བྱེད་པ་ཉིད་ཡིན་ནོ་ཞེ་ན་ནི། དབང་པོའི་ཤེས་པ་མ་འཁྲུལ་བ་དག་ཆོས་ཅན། ཡིད་ཀྱི་ཤེས་པ་རྟོག་བཅས་ཀྱི་ཚད་མ་དང་རང་ཡུལ་ཞེན་པའི་སྒོ་ནས་འཛིན་པར་ཐ་དད་མེད་པའམ་མཚུངས་པར་ཐལ། སྔ་ཕྱི་ལ་ཞེན་ནས་དཔྱོད་པའི་བློ་ཡིན་པའི་ཕྱིར། འདོད་ན། འདས་པ་དང་མ་འོངས་པ་དང་དངོས་པོའི་ལྡོག་པ་རབ་ཏུ་དབྱེ་བ་འཛིན་པ་དང་གཞལ་བྱ་ལྐོག་གྱུར་དཔོག་པ་དང་རང་གི་གཟུང་དོན་ཉེ་བར་ཡོད་པ་ལ་མི་ལྟོས་པ་དང་སོགས་པ་དབང་པོ་ལ་ཡང་མི་ལྟོས་པར་ཐལ་བར་འགྱུར་ཏེ། རྟོག་བཅས་ཀྱི་ཚད་མ་དང་ཞེན་པའི་སྒོ་ནས་རང་ཡུལ་འཇལ་བ་ཐ་དད་པ་མེད་པའམ་མཚུངས་པ་ཉིད་ཡིན་པའི་ཕྱིར། རྟོག་བཅས་ཀྱི་ཚད་མ་ཆོས་ཅན། འདས་མ་འོངས་སོགས་མི་འཛིན་པ་དང་གཞལ་བྱ་ལྐོག་གྱུར་མི་དཔོག་པ་དང་གཟུང་དོན་ཉེ་བར་ཡོད་པ་ལ་ལྟོས་པ་དང་སོགས་པ་དབང་པོ་ལ་ལྟོས་པར་ཐལ། དབང་པོའི་མངོན་སུམ་དང་ཡུལ་འཛིན་པའི་ཚུལ་མཚུངས་པའི་ཕྱིར་རོ། །ཕྱོགས་ཆོས་ལ་རྩོད་པ་སྤངས་ཟིན་ཏོ། །སླར་ཡང་ཁྱབ་པ་ལ་རྒོལ་བ་ནི། ཡིད་ཀྱི་རྣམ་པར་ཤེས་པས་ཆོས་བཞི་མངོན་པར་འདུ་བྱས་པ་ལ་དབང་པོའི་ཤེས་པས་ཁྱད་པར་དང་ཁྱད་པར་ཅན་དུ་འཛིན་པར་བྱེད་དོ་ཞེ་ན། དབང་པོའི་ཤེས་པ་ཆོས་ཅན། ཡིད་ཤེས་ཀྱིས་ཆོས་བཞི་གཅིག་ཏུ་སྦྱར་བའི་ཁྱད་པར་ཅན་སོགས་འཛིན་པ་མ་ཡིན་པར་ཐལ། དབང་པོའི་མངོན་སུམ་སྔར་ཇི་སྐད་ཅིག་བཤད་པའི་ཆོས་བཞི་མི་འཛིན་པས་ཁྱད་པར་དང་ཁྱད་པར་ཅན་དེ་ལྟར་འཛིན་པར་མི་རིགས་པའི་ཕྱིར། དེར་ཐལ། རིགས་དང་ཡོན་ཏན་ལ་སོགས་པ་དང་ལྡན་འདུའི་འབྲེལ་བ་དང་འདས་པ་དང་སྒྲའི་ཐ་སྙད་དང་སོགས་པ་དངོས་པོའི་རབ་ཏུ་དབྱེ་བ་ལ་སོགས་པ་རྣམས་ནི་ཁྱོད་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། ཁྱོད་ཡུལ་མ་ཡིན་པ་ལ་མི་འཇུག་པའི་ཕྱིར་རོ། །དོན་སྦྱོར་རྟོག་པ་མ་ཡིན་པའི་དོན་བསྡུ་བ་ནི། དབང་པོའི་ཤེས་པ་ཆོས་ཅན། དོན་སྦྱོར་བར་བྱེད་པའི་རྟོག་པ་རྣམས་ཀྱི་ནང་དུ་གཏོགས་པ་མིན་ཏེ། ཁྱད་པར་དང་ཁྱད་ཅན་ལ་སོགས་པ་མི་འཛིན་པ་དེའི་ཕྱིར། དབང་ཤེས་རྟོག་བྲལ་དུ་བསྒྲུབ་པའི་རང་རྒྱུད་ཀྱི་རྟགས་གཉིས་ཡོངས་སུ་བསྟན་ཟིན་ནས། རང་རྒྱུད་གཉིས་ལ་འཁྲུལ་པ་སྤང་བའི་ཡན་ལག་ཏུ་དོན་སྦྱོར་རྟོག་པ་ཐལ་འགྱུར་གྱིས་འགོག་པ་ལ་མདོར་བསྟན་པ་ནི། དབང་པོའི་བློ་མ་འཁྲུལ་བ་དེ་ནི་ཆོས་ཅན། འདོད་པས་རང་ཡུལ་གཞན་དུ་བརྟགས་པ་ཙམ་གྱིས་གཞན་བརྟགས་པའི་འཛིན་སྟངས་ཅན་དུ་འགྱུར་བར་ཐལ། རྟོག་པས་བསླངས་པ་སྟེ། དེའི་སྒོ་ནས་ཀུན་བཏགས་འཛིན་པའི་ཕྱིར་རོ། །ཕན་འདོགས་བྱེད་དུ་ཉེ་བའི་རང་གི་གཟུང་དོན་ལ་ལྟོས་པ་མེད་པར་ཐལ་ལོ། །རྟགས་གཅིག་གོ །འདིས་རང་རྒྱུད་གཉིས་འཕངས་པ་ཡིན་ཏེ། ཡང་ནི་སྐྱོན་གསོག་པ་ཡིན་ལ། དང་ནི་སྡུད་པའི་ཚིག་གོ །ཡིད་ཤེས་ཀྱིས་ཀུན་བཏགས་པ་དབང་ཤེས་ཀྱིས་མི་འཛིན་པར་བསྟན་པ་ལས་གཞན་འཛིན་ན་སྐྱོན་གཞན་ཡང་ཡོད་པར་སྟོན་པ་ནི། རྐྱེན་གསུམ་གྱི་ཚོགས་པ་ཚང་བ་ཅན་གྱི་རྒྱུ་མཚན་འཇུག་བཞིན་པའི་དབང་ཤེས་ཆོས་ཅན། འདོད་པས་འཛིན་སྟངས་ཅན་ལས་ལྡོག་ནས་དེ་མ་ཡིན་གྱི་འཛིན་སྟངས་ཅན་དུ་ཡང་འགྱུར་དུ་རུང་བར་ཐལ། ཁྱད་པར་དང་སོགས་པ་ཁྱད་པར་ཅན་འཛིན་པའི་རྟོག་པས་བསླང་པའམ་ཡུལ་ལ་འཇུག་པའི་སྒོ་ནས་ཀུན་བཏགས་འཛིན་པ་ཡིན་པའི་ཕྱིར། དབང་ཤེས་རྟོག་བཅས་སུ་འདོད་པ་དེ་ལས་གཞན་པའི་ཡིད་ཀྱི་ཤེས་པ་རྣམ་པར་རྟོག་པ་བཞིན་ནོ། །དེ་ཉིད་ཀྱི་ཁྱབ་པ་བཤད་པ་ནི། སྔོ་སེར་སོགས་མི་འཛིན་པའི་རྣམ་པར་རྟོག་པ་རྣམས་ནི་སོ་སོར་བརྟགས་པའི་གཉེན་པོ་སྐྱེས་པས་བཟློག་པར་ནུས་པ་ཡིན་ཏེ། རྟོག་པ་ཡིན་པའི་ཕྱིར་རོ། །ཚོགས་པ་ཚང་བ་ཅན་གྱི་དབང་པོ་ལ་ཡང་མཚུངས་སོ་ཞེ་ན། རྐྱེན་གསུམ་གྱི་ཚོགས་པ་ཚང་བ་ལ་བརྟེན་པའི་བ་ལང་གི་གཟུགས་འཛིན་པའི་དབང་པོའི་བློ་མ་འཁྲུལ་བ་ནི་ཆོས་ཅན། འདོད་པ་ཙམ་གྱིས་ལྡོག་པ་མ་ཡིན་པར་ཐལ། བ་ལང་གི་བློ་བཟློག་ཅིང་ཁྱོད་ཀྱི་དམིགས་རྐྱེན་རྟོག་པས་རྟར་རྣམ་པར་བརྟགས་ཀྱང་ཁྱོད་ཀྱིས་བ་ལང་གི་གཟུགས་མཐོང་བའི་ཕྱིར་རོ། །ཐལ་འགྱུར་གཉིས་པ་སྟོན་པ་ནི། འདི་ཆོས་ཅན། གཟུང་དོན་ཉེ་བ་ལ་མི་ལྟོས་པར་ཡང་འགྱུར་བར་ཐལ། རྟོག་པས་ཀུན་བཏགས་པ་འཛིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། གང་གི་ཕྱིར་ན་འདི་བ་ལང་ངོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་ནི་གཟུང་དོན་ཉེ་བ་ཉིད་ལ་ལྟོས་པར་འགྱུར་བ་མ་ཡིན་པས་སོ། །དོན་ཉེ་བ་ལ་མི་ལྟོས་པའི་ཐལ་འགྱུར་ལ་རྩོད་པ་སྤོང་པའི་དང་པོ་རྩོད་པ་ནི། མངོན་སུམ་རྟོག་བཅས་སུ་འདོད་པ་དག་འདི་ཉིད་ཀྱིས་གཞན་མིན་ཞེ་ན། དེ་འགྲེལ་པ་ནི། གལ་ཏེ་རྟོག་པ་ནི་རྣམ་པ་གཉིས་ཏེ། དོན་ཉེ་བའི་འདིར་རྟོག་དང་དེའོ་སྙམ་པའི་རིང་བ་ལ་རྟོག་པ་གཉིས་ལས། གང་གི་ཕྱིར་འདི་བ་ལང་ངོ་ཞེས་བྱ་བའི་འདིར་རྟོག་ནི་དོན་ཉེ་བ་མིན་པ་ལས་འབྱུང་བར་མི་འགྱུར་བར་ཐལ། རིགས་པ་ཅན་པ་ཁོ་བོ་ཅག་གི་མངོན་སུམ་ཡང་འདིར་རྟོག་པ་འདི་ཉིད་ཡིན་ཏེ། མངོན་སུམ་དོན་ཉེ་བ་ངེས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེ་ན། ཤེས་བྱ་ཆོས་ཅན། འདིར་རྟོག་ཡིན་ན་གཟུང་དོན་ལ་ལྟོས་པས་ཁྱབ་པ་དེ་ནི་ཡོད་པ་མིན་པར་ཐལ། གང་གི་ཕྱིར་ན། མེད་པ་རི་བོང་གི་རྭ་དང་ལུས་ཤེས་ཀྱི་གཟུང་དོན་དུ་མེད་པར་ཐ་དད་མེད་པའམ་ཁྱད་པར་མེད་པའི་ཁ་དོག་ལའང་མཚན་མོ་རེག་པ་ལས་ཀྱང་འདིར་རྟོག་གི་བློ་དེ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཁ་དོག་དེ་ཉིད་གཟུང་དོན་ནོ་ཞེ་ན། ཁ་དོག་དེ་ཆོས་ཅན། ལུས་ཀྱི་དབང་པོའི་ཤེས་པ་དངོས་སུ་སྐྱེད་པར་བྱེད་པ་གཟུང་དོན་དུ་མེད་པའི་རི་བོང་གི་རྭ་ལས་ཐ་དད་པ་ཅི་ཡོད་དེ་མེད་པར་ཐལ། ལུས་ཀྱི་དབང་པོའི་ཤེས་པའི་དངོས་ཀྱི་སྤྱོད་ཡུལ་མ་ཡིན་པའི་དོན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཁ་དོག་དེའི་ནུས་པ་ནི་ལུས་ཤེས་དེ་ལས་དངོས་སུ་རྣམ་པ་གཏོད་བྱེད་དུ་རྣམ་པ་ཐམས་ཅད་དུ་ལོག་པ་ཡིན་པའི་ཕྱིར། དངོས་སུ་མི་བསྐྱེད་ཀྱང་བརྒྱུད་པས་ཕན་པ་ཉེ་བར་སྦྱོར་བའི་གཟུང་དོན་དུ་འདོད་ན་ནི་དབང་ཤེས་ཀྱི་བརྒྱུད་རྒྱུར་སོང་བའི་ཡུལ་དང་བློ་འདས་པ་ཆོས་ཅན། དབང་ཤེས་ཀྱི་གཟུང་དོན་དུ་ཐལ། དབང་ཤེས་ལ་བརྒྱུད་ནས་ཕན་འདོགས་པར་མཐོང་བའི་ཕྱིར། ཁ་དོག་ལུས་ཤེས་ཀྱི་ཡུལ་མ་ཡིན་པ་དེའི་ཕྱིར་རེག་བྱ་ལ་རེག་པ་ལས་འདིར་བུམ་པ་ཡོད་སྙམ་པའི་རྟོག་པ་འདི་ཆོས་ཅན། ཁ་དོག་འདི་མངོན་སུམ་དུ་འཛིན་པ་དང་ལྡན་པའི་དབང་པོའི་མངོན་སུམ་དུ་རིགས་པ་མིན་པར་ཐལ། ཁ་དོག་ཁྱོད་ཀྱི་དངོས་ཀྱི་སྤྱོད་ཡུལ་མིན་པ་ཉིད་ཀྱིས་ཁྱོད་ཀྱི་གཟུང་དོན་དུ་མེད་པ་རི་བོང་གི་རྭ་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་རེག་བྱ་དེ་ཁ་དོག་གི་རྫས་ཡིན་དགོས་ན་ཁྱོད་ཀྱི་འདོད་པ་དེ་ནི་མིན་ཏེ། ཁ་དོག་གི་རྫས་ནི་རེག་པར་བྱ་བ་དང་ཁ་དོག་ཀྱང་ཡིན་པས་རེག་བྱ་ལ་རེག་ནས་ཁ་དོག་ཀྱང་འཛིན་པའི་ཕྱིར་རོ་ཞེ་ན། ལན་ལ། མ་ཡིན་འདི་ནི་བུམ་པ་ཞེས། ཤེས་ལ་ཁ་དོག་སྣང་ཕྱིར་རོ། །ཞེས་གསུངས་པ་འགྲེལ་པ་ནི། འདི་ནི་བུམ་པ་དམར་པོའོ་སྙམ་པའི་ཤེས་པ་ནི་ཆོས་ཅན། རེག་བྱ་འཛིན་པའི་དབང་པོ་ལས་དངོས་སུ་སྐྱེས་པ་མི་རིགས་པར་ཐལ། འདི་བུམ་པའོ་ཞེས་དེ་ལྟར་སེམས་པ་ན་ཁྱོད་ལ་ཁ་དོག་ཀྱང་སྣང་བའི་ཕྱིར། དྲན་པའི་རྣམ་པར་རྟོག་པ་འདི་ནི་ཆོས་ཅན། གཟུགས་འཛིན་དབང་ཤེས་དང་རེག་བྱ་འཛིན་པའི་རྣམ་པར་ཤེས་པ་དག་གི་རྒྱུ་ཅན་གྱི་ཡིད་ཡིན་ཏེ། གཟུང་དོན་ལ་མི་ལྟོས་པར་ལུས་ཤེས་དང་མིག་ཤེས་གཉིས་ཀྱི་སྟོབས་ལས་བྱུང་བའི་རྣམ་རྟོག་ཡིན་པ་དེས་ནའོ། །དབང་ཤེས་དོན་སྦྱོར་རྟོག་པ་ཡིན་པ་ལ་གནོད་བྱེད་ཀྱི་ཐལ་བ་བརྗོད་ཟིན་ནས་གཞན་མིང་སྦྱོར་རྟོག་པ་ལ་གནོད་པའི་ཐལ་བ་ཡང་སྟོན་པ་ནི། དབང་ཤེས་ཆོས་ཅན། དོན་དག་པ་བ་དེ་རྟོགས་པ་མེད་ན་ནི་སྒྲའི་ཁྱད་པར་དོན་དེའི་མིང་ཇི་ལྟར་དྲན་ཏེ་དྲན་པར་མི་རིགས་པར་ཐལ། དོན་དག་པ་བ་མཐོང་བ་ལས་དོན་དེའི་སྒྲའམ་མིང་དྲན་པ་ནི་སྔར་དོན་དག་པ་བ་གང་ཞིག་ཡོད་པར་ཚད་མས་མཐོང་བ་ལ་མིང་དང་བརྡ་བྱེད་པ་མཐོང་བ་དེ་གོམས་པར་བྱས་པའི་སྟོབས་ལས་བྱུང་བར་རིགས་པའི་ཕྱིར་རོ། །འདོད་ན། མིང་དེ་དང་དོན་བསྲེས་ནས་རིག་པ་དེ་ཇི་ལྟར་ཡིན་ཏེ་མིན་པར་ཐལ། མིང་དྲན་པ་མེད་པའི་ཕྱིར་རོ། །གལ་ཏེ་དོན་རང་གི་རྗོད་པར་བྱེད་པའི་ཁྱད་པར་མིང་ལ་ལྟོས་པའི་དོན་དེ་ཉིད་ཤེས་པས་ངེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟར་དུ་དཔྱོད་པ་བ་ཁྱོད་ཀྱིས་ངེས་པར་འདོད་པ་ཡིན་ན། ད་ནི་དབང་པོའི་ཤེས་པ་ཆོས་ཅན། དོན་དག་པ་བ་མི་འཛིན་པར་མ་ཟད་བརྗོད་པ་མིང་འཛིན་པ་ཡང་ལྡོག་པར་འགྱུར་བར་ཐལ། དོན་དག་པ་བ་མི་འཛིན་པ་གང་ཞིག་རྗོད་པར་བྱེད་པའི་ཁྱད་པར་མིང་དྲན་པར་མི་རིགས་པར་རིགས་པས་གྲུབ་པའི་ཕྱིར་རོ། །རྟགས་མ་གྲུབ་ན། དབང་ཤེས་འདིས་ཆོས་ཅན། སྒྲ་དྲན་པ་མིན་པར་ཐལ། གང་གི་ཕྱིར་ན་དོན་དག་པ་བ་མཐོང་བ་ཡོད་ན་ནི་དེ་ལས་དོན་གྱི་ཁྱད་པར་ཉེ་བ་ལ་བརྡ་བྱེད་པར་མཐོང་བའི་སྒྲ་དྲན་པར་འགྱུར་བ་རིགས་པ་ལས་དོན་དག་པ་བ་མཐོང་བ་མེད་པའི་ཕྱིར། སྔར་དོན་མཐོང་བ་ལ་བརྡ་བྱེད་པའི་མིང་ཕྱིས་དོན་མཐོང་བ་ན་དྲན་པར་རིགས་པ་དཔེར་ན། མེ་དང་དུ་བའི་འབྲེལ་བ་ཤེས་པས་མེ་མཐོང་བ་ན་དུ་བ་དྲན་པ་བཞིན་ནོ། །འདོད་ན། དོན་མི་མཐོང་བར་ཐལ། སྒྲ་དྲན་པ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །འདོད་ན། སྒྲའི་ཁྱད་པར་མི་དྲན་པར་ཐལ། འདོད་ན། སྒྲ་དང་དོན་སྦྱོར་བར་མི་བྱེད་པར་ཐལ། འདོད་ན། མིང་ལས་དོན་རྟོགས་པར་མི་འགྱུར་བར་ཐལ་ལོ། །དེ་ཡང་འདོད་ན། དཔྱོད་པ་བ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་འགྲོ་བ་མ་ལུས་པ་ལོང་བ་ཉིད་དུ་འགྱུར་བར་ཐལ། ཁྱོད་ཀྱི་ལུགས་ལ་མིང་ལས་དོན་གཏན་ནས་མི་རྟོགས་པའི་ཕྱིར་རོ། །གལ་ཏེ་དོན་དག་པ་བ་མཐོང་བས་ནི་སྒྲ་དྲན་པ་མ་ཡིན་གྱི་དོན་མི་སྣང་ཡང་དོན་རུང་ཡུལ་དུ་གནས་པ་ཉིད་ཀྱིས་ནང་གི་འདུ་བྱེད་བག་ཆགས་སད་པར་བྱས་པ་དེས་མིང་དྲན་པར་འགྱུར་ལ་དྲན་པས་སྦྱར་བ་དབང་ཤེས་ཀྱིས་མ་མཐོང་བས་ལོང་བར་ཐལ་བའི་སྐྱོན་མེད་དོ་ཞེ་ན། རུང་ཡུལ་ན་གནས་པའི་ལྟོ་ལྡིར་བ་ཆོས་ཅན། ཁྱོད་ཚད་མས་མ་མཐོང་བཞིན་དུ་ཁྱོད་དྲན་པ་སད་བྱེད་ཡིན་པའི་སྒོ་ནས་བུམ་པ་ཞེས་པའི་མིང་དྲན་བྱེད་མ་ཡིན་པར་ཐལ། ཁྱོད་ཀྱིས་བུམ་པ་ཞེས་པའི་མིང་དྲན་པར་བྱེད་པ་བུམ་པ་ཞེས་པའི་མིང་ཁྱོད་ལ་བརྡ་བྱེད་པར་མཐོང་བ་ལ་ལྟོས་པའི་ཕྱིར། ངོ་བོ་ཉིད་ཀྱི་འབྲེལ་པ་གྲུབ་པས་དྲན་བྱེད་མིན་ནམ་ཞེ་ན། མ་ཡིན་ཏེ། ཁྱོད་དང་བུམ་པ་དེའི་འབྲེལ་པ་ནི་རང་གི་ངོ་བོ་མེད་པས་སོ། །རྟགས་མ་གྲུབ་ན། དེར་ཐལ། བུམ་པ་ཞེས་པའི་མིང་ཁྱོད་ལ་བརྡ་ལ་བྱེད་པ་མ་མཐོང་བ་ལ་ཁྱོད་དང་བུམ་པའི་འབྲེལ་བ་སྣང་བ་མེད་པས་སོ། །དོན་གྱིས་རྒྱུ་བྱས་ཤིང་བརྡ་བྱེད་པའི་སྐྱེས་བུས་རྐྱེན་བྱས་ནས་དོན་བརྗོད་བྱའི་ངོ་བོར་སྐྱེ་བ་ཡིན་ནོ་ཞེ་ན། བརྡ་སྦྱར་བའི་དུས་ན་སྐྱེས་པའི་ཁྱོད་དང་བུམ་པ་ཞེས་པའི་མིང་གི་འབྲེལ་བ་དེའི་རང་གི་ངོ་བོ་ནི་ཡོད་པ་མ་ཡིན་པར་ཐལ། སྐྱེས་བུའི་འདོད་པ་ཙམ་གྱིས་ནི་དོན་རྣམས་ཀྱི་ངོ་བོ་གང་འདོད་དུ་ཡོངས་སུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་འགྱུར་བར་འདོད་ན་ནི་གཞན་ལྟོ་ལྡིར་བ་དེ་ཆོས་ཅན། བུམ་པ་ཞེས་པའི་བརྡ་མ་མཐོང་བ་རྣམས་ལ་ཡང་ཁྱོད་དང་བུམ་པའི་འབྲེལ་བ་སྣང་བར་འགྱུར་བ་ཡོད་པར་ཐལ། ཁྱོད་བུམ་པ་ཞེས་པའི་མིང་དོན་གྱི་འབྲེལ་བ་དེའི་བདག་ཉིད་དུ་གྱུར་པའི་དངོས་པོ་ཡིན་པའི་ཕྱིར་རོ། །བརྡ་མ་མཐོང་བ་ལ་མིང་དོན་གྱི་འབྲེལ་བ་མེད་ཀྱང་མཐོང་བ་ལ་ཡོད་དོ་ཞེ་ན། མིང་དོན་གྱི་འབྲེལ་བའི་དོན་རྣམས་ཆོས་ཅན། བརྡ་ཤེས་མི་ཤེས་ཀྱི་སྐྱེས་བུ་སོ་སོ་ལ་བརྡ་མཐོང་མ་མཐོང་གི་དབང་ཁོ་ནས་བདག་ཉིད་ཡོད་མེད་ཆ་ཐ་དད་པ་གཉིས་སུ་འགྱུར་བ་ནི་མ་ཡིན་པར་ཐལ། དེ་ཡིན་ན། ཁྱོད་ཀྱི་བདག་ཉིད་དངོས་པོ་མེད་པར་ཐལ་བར་འགྱུར་བའི་ཕྱིར། རང་རྒྱུད་ནི། ཁྱོད་ཀྱི་བདག་ཉིད་དངོས་པོར་གནས་པ་མེད་པར་ཐལ། བརྡ་མཐོང་བ་ལ་སྣང་ཞིང་མ་མཐོང་བ་ལ་མི་སྣང་བའི་ཕྱིར་ཏེ། ཀུན་བརྟགས་ཡིན་པའི་ཕྱིར། དབང་ཤེས་ཀྱིས་དོན་དག་པ་བ་མཐོང་བ་མེད་པ་ལ་སྐྱོན་ཡོད་པ་དེའི་ཕྱིར་དབང་ཤེས་མ་འཁྲུལ་བ་འདི་ཆོས་ཅན། སྒྲ་དང་མ་སྦྱར་བའམ་མ་འདྲེས་པའི་དོན་དག་པ་བ་ཉིད་མཐོང་བ་ཡིན་ཏེ། རང་གི་གཟུང་དོན་རང་མཚན་མཐོང་བས་ནའོ། །དབང་ཤེས་རྟོག་བྲལ་ཏུ་རྟགས་ཀྱིས་བསྒྲུབས་པ་ལས་ཡང་ན་མངོན་སུམ་གྱིས་བསྒྲུབ་པ་ནི། ཤེས་བྱ་ཆོས་ཅན། མངོན་སུམ་ཉིད་ཀྱིས་དབང་པོའི་བློ་རྟོག་པ་དང་བྲལ་བར་སྒྲུབ་པར་བྱེད་ནུས་པ་ཡིན་ཏེ། གང་གི་ཕྱིར་ན། གཟུགས་སོགས་ཐམས་ཅད་ལས་ནི་སེམས་བསྡུས་ནས་ནང་སེམས་ཀྱི་བདག་ཉིད་ཕྱི་རོལ་ཏུ་གཡོ་བ་མེད་པར་གནས་ནའང༌། མིག་གིས་གཟུགས་དག་མཐོང་བའི་བློ་དེ་རྟོག་པས་དབེན་པར་མངོན་སུམ་གྱིས་གྲུབ་པའི་དབང་ཤེས་ཡིན་པའི་ཕྱིར་རོ། །དེ་འཆད་པ་ནི། མཉམ་པར་བཞག་དུས་ཀྱི་དབང་མངོན་འདི་ལ་ཆོས་ཅན། ཁྱོད་རྟོག་བྲལ་ཡིན་པ་ལ་སྒྲུབ་བྱེད་གཞན་རྗེས་དཔག་གིས་ཅི་ཞིག་བྱ་སྟེ་མི་དགོས་པར་ཐལ། བརྗོད་པ་སྒྲ་སྤྱི་འཛིན་པའི་རྣམ་རྟོག་གི་སྣང་བ་མེད་པའི་རྟོག་མེད་ཀྱི་སྣང་བ་ཅན་དུ་རང་རིག་མངོན་སུམ་ཉིད་ཀྱིས་གྲུབ་པ་ཡིན་པའི་ཕྱིར། དབང་ཤེས་གཅིག་རྟོག་བྲལ་དུ་གྲུབ་པ་ན་གཞན་ཡང་འགྲུབ་པ་ལ་དགོངས་ནས་སྲོག་ཆགས་ཐམས་ཅད་ཀྱི་ཞེས་གསུངས་སོ། །མཉམ་པར་བཞག་པའི་གནས་སྐབས་སུ་རྟོག་པ་ཡོད་ཀྱང་སྣང་དུ་མི་རུང་བ་ཡིན་ནོ་ཞེ་ན། རྣམ་པར་རྟོག་པ་འདི་དག་ཆོས་ཅན། ཁྱོད་སྣང་དུ་མི་རུང་བའི་རྒྱུ་མཚན་གང་གིས་ཡོད་ཀྱང་མི་རྟོགས་པར་འགྱུར་བ་མིན་པར་ཐལ། ཁྱོད་སྔར་མེད་གསར་དུ་སྐྱེ་བ་དང་རྒྱུན་འགག་པར་རིག་པར་མི་འགྱུར་བ་ཡང་མ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། འདི་ལྟར་སེམས་བསྡུས་པ་ལས་ལངས་ཏེ་ཅུང་ཟད་རྣམ་པར་རྟོག་པ་ན་ཁོ་བོའི་རྣམ་པར་རྟོག་པ་འདི་དང་འདི་འདྲ་བར་གྱུར་ཏོ་ཞེས་རང་གི་སེམས་ཀྱི་རྣལ་པར་རྟོག་པའི་རྒྱུན་སླར་ཡང་སྡོམ་པར་བྱེད་པར་མཐོང་བའི་ཕྱིར་རོ། །དེས་ནི་སླར་ཡང་ཞེས་པ་ནས་ཞེས་རིག་ཅེས་པའི་བར་བཤད་པ་ཡིན་ནོ། །སྔར་བཤད་པའི་རང་བཞིན་གྱི་དབང་པོ་ལས་བྱུང་བའི་གཟུགས་རྟོགས་པའི་མིག་ཤེས་ལ་རྟོག་པ་མེད་པར་སྣང་རུང་མ་དམིགས་པའི་རྟགས་ཀྱིས་གྲུབ་བོ། །ཅུང་ཟད་རྟོག་ཀྱང་རང་རིག་གིས་རིག་པ་དེའི་ཕྱིར་རྣམ་པར་རྟོག་པ་འདི་དག་ཆོས་ཅན། རྣམ་པར་རྟོག་པ་ཕྱི་རོལ་ལས་བསྡུས་པའི་གནས་སྐབས་ཀྱི་གཟུགས་སོགས་མཐོང་བའི་དབང་ཤེས་ལ་ཁྱོད་ཡོད་བཞིན་དུ་ཚད་མས་རྟོགས་པར་མི་འགྱུར་བ་ཞེས་ཇི་ལྟར་བྱ་སྟེ་མི་རིགས་པར་ཐལ། ཁྱོད་རང་རིག་གི་མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར། རྟོག་པ་མངོན་སུམ་ཚད་མས་འཇལ་ནུས་པ་དེས་ན་གཟུགས་མཐོང་བའི་བདག་ཉིད་ཀྱི་དབང་ཤེས་འདི་ཆོས་ཅན། ཁྱོད་ལ་རྟོག་པ་མེད་པའི་ཐ་སྙད་བྱར་རུང་སྟེ། ཁྱོད་ལ་རྟོག་པ་ཡོད་ན་མངོན་སུམ་གྱིས་དམིགས་སུ་རུང་བ་ལས་ཁྱོད་རྟོག་པ་དང་མ་འདྲེས་པར་མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར། གཟུགས་སོགས་མཐོང་བའི་དབང་པོའི་ཤེས་པ་ཆོས་ཅན། ཁྱོད་ལ་རྣམ་པར་རྟོག་པ་སྤངས་པ་ཡིན་ཏེ། སྣང་དུ་རུང་བའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་ཡོད་ན་ཚད་མས་དམིགས་སུ་རུང་བ་ལས་ཡོད་པར་ཚད་མ་ལ་མི་སྣང་བས་སོ། །བློ་མངོན་གྱུར་ཡིན་པ་གང་གིས་དབང་པོའི་ཤེས་པ་རྣམ་པར་རྟོག་པར་ཁས་བླངས་པ་ལ་སྣང་རུང་མ་དམིགས་པའི་རྟགས་ཀྱིས་གནོད་པར་འགྱུར་བ་ཡིན་གྱི་མངོན་སུམ་གྱིས་གནོད་པ་མེད་དེ། བློ་གང་ཡིན་མངོན་སུམ་དུ་གྱུར་པ་མ་ཡིན་པས་སོ་ཞེ་ན། བློ་མངོན་གྱུར་མིན་པ་དེ་ལྟ་ན་རེ་ཞིག་སྐྱེ་བ་དང་འགག་པར་རིག་པའི་རྣམ་པར་རྟོག་པ་འདི་དག་ཕྱི་རོལ་གྱི་དོན་ནམ་བློ་གང་གི་ནང་དུ་འདུ། དང་པོ་ལྟར་ན། རྟོག་པ་འདི་དག་ཆོས་ཅན། ཕྱི་རོལ་གྱི་དོན་ནི་མ་ཡིན་པར་ཐལ། ནང་དུ་ཡུལ་འཛིན་བྱེད་ཀྱི་བདག་ཉིད་དུ་ཡོངས་སུ་གསལ་བའི་ཕྱིར་དང༌། ཁྱོད་ཕྱི་རོལ་གྱི་དོན་ཡིན་ན་འདོད་པའི་དབང་གིས་སྐྱེ་བ་དང་འགག་པར་རིགས་པ་མ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། བློ་ཡིན་ནོ་ཞེ་ན། བློ་ནི་འཛིན་བྱེད་ཀྱི་བདག་ཉིད་འདིར་འགྱུར་བ་ཡིན་ན། རྣམ་རྟོག་དེ་ནི་ཆོས་ཅན། སྐྱེ་འགག་བྱེད་པར་འཇུག་ཏུ་ཟིན་ཀྱང་ནང་དུ་གསལ་བ་མིན་པར་ཐལ། མངོན་སུམ་གྱིས་གྲུབ་པ་མིན་པའི་ཤེས་པ་ཡིན་པའི་ཕྱིར། བློ་ལྐོག་གྱུར་ཡིན་ཡང་བློས་གསལ་བར་བྱས་པའི་དོན་དེ་ནང་དུ་གསལ་བ་ཡིན་ནོ་ཞེ་ན། བློས་གསལ་བའི་ཕྱི་རོལ་གྱི་དོན་ཡང་ཆོས་ཅན། ནང་དུ་གསལ་བར་ཚད་མས་རྟོགས་པ་མ་ཡིན་པར་ཐལ། ནང་དུ་གསལ་བ་དེ་ལྟར་དུ་འགྱུར་བར་འཐད་པ་མ་ཡིན་པའི་ཕྱིར། གཉིས་ཀ་མིན་ནོ་ཞེ་ན། དོན་དང་བརྗོད་པ་སྒྲ་སྤྱིའི་རྗེས་སུ་བྱེད་པའི་རང་རིག་གིས་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་ནི་ཆོས་ཅན། དངོས་པོར་མེད་པར་འགྱུར་བར་ཐལ། བློ་ཡང་མིན། དོན་ཡང་མིན་ཞིང་གཞན་འགའ་ཞིག་དང་རྗེས་སུ་འབྲེལ་པ་ཡང་མིན་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་ཡང་ཆོས་ཅན། ལྐོག་ཏུ་གྱུར་པ་ཡིན་པར་ཐལ། བློ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། རང་རྒྱུད་ལ་མྱོང་བས་ཕན་པ་དང་གནོད་པར་མི་འགྱུར་བར་ཐལ། ལྐོག་ཏུ་གྱུར་པའི་ཕྱིར། སྐྱེས་བུ་གཞན་གྱི་བདེ་སྡུག་མྱོང་བ་བཞིན་ནོ། །བློ་འདི་དག་ཆོས་ཅན། བདག་ཉིད་ལ་ཡོད་པར་རྟོགས་པར་ཡང་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། མངོན་སུམ་གྱིས་ཤེས་པ་མིན་པའི་བློ་ཡིན་པའི་ཕྱིར། ཡང་ནི་སྐྱོན་གཞན་སྡུད་པའོ། །གཟུགས་སོགས་ཀྱི་དོན་མ་ཤེས་པར་མིག་བློ་མི་འགྲུབ་པས་ན་དོན་དེ་ཤེས་པའི་རྗེས་སུ་དཔག་པ་རྟགས་ལས་མིག་བློ་ཁོང་དུ་ཆུད་པ་ཡིན་ནོ་ཞེ་ན། བླུན་པོ་དཔྱོད་པ་པ་ཆོས་ཅན། རྒྱལ་བ་ཡིན་ནོ་ཞེས་བརྗོད་དུ་རུང་སྟེ། འཇིག་རྟེན་པ་རྣམས་ཀྱི་མདུན་དུ་རྒྱལ་བའི་སྒྲ་བསྒྲགས་པའི་ཕྱིར་དང་འགལ་བ་འདི་སྐད་སྨྲ་བའི་ཁྱོད་ཀྱི་ཚིག་ལ་རྣ་གཏད་པར་མི་འོས་པ་ལ་ཡང་འཇིག་རྟེན་པ་རྣམས་རྣ་གཏོད་པར་བྱེད་པའི་ཕྱིར་རོ། །འགལ་བ་སྨྲས་པ་སྟོན་པ་ནི། བསྔགས་པར་འོས་པའི་ཤེས་རབ་ཅན་བླུན་པོ་ལྷ་རྣམས་དགའ་བར་བྱེད་པ་ཡིན་པར་ཐལ། གཟུགས་སོགས་ཀྱི་དོན་ཤེས་པ་ཞེས་བྱ་བ་མིག་བློའི་སྒྲུབ་པར་བྱེད་པ་ནི་ཚད་མས་རྟོགས་པ་ཡིན་ལ་བློ་ནི་རང་རིག་གིས་རྟོགས་པ་མ་ཡིན་པ་ཡིན་པའི་ཤེས་པ་ཡིན་ནོ་ཞེས་བདེན་ཞེན་གྱིས་ཟེར་བའི་ཕྱིར། དོན་ཤེས་པ་ནི་བློ་སྒྲུབ་བྱེད་ཀྱི་རྟགས་མིན་གྱི་འོན་ཀྱང་དབང་པོ་དང་དོན་དག་རྟགས་ཡིན་ནོ་ཞེ་ན། མིག་བློ་ལ་མི་འཁྲུལ་ན་རང་རྒྱུད་ལ་མིག་བློ་བསྒྲུབ་པའི་གཏན་ཚིགས་ཡིན་དུ་ཆུག་ཀྱང༌། མིག་དབང་དང་གཟུགས་ཆོས་ཅན། རང་རྒྱུད་ལ་མིག་བློ་བསྒྲུབ་པའི་གཏན་ཚིགས་མིན་པར་ཐལ། ཁྱབ་པ་འཁྲུལ་བའི་ཕྱིར། ཡིད་རྟགས་ཡིན་ནོ་ཞེ་ན། བྱེ་བྲག་པས་འདོད་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྟགས་སུ་འགོད་ན་བསྒྲུབ་བྱའི་ཆོས་རྟགས་སུ་བཀོད་པའི་མ་འགྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། ཡིད་དབང་དེ་ཡང་ཆོས་ཅན། རིགས་མི་མཐུན་གྱི་ཤེས་པས་བར་དུ་མ་ཆོད་པའི་ཤེས་པའི་ཕྱིའི་རྒྱུར་གྱུར་པ་རྣམ་པར་ཤེས་པ་སྔ་མ་ཉིད་ཡིན་པར་རིགས་ཏེ། ཁྱོད་ཡུལ་གཞན་ལ་སེམས་གཟུགས་ལ་གཏད་ཅིང་གཉིད་ལོག་པས་ནུས་པ་ཉམས་པར་གྱུར་ན་གཞན་སྒྲ་ལ་དམིགས་པའི་སེམས་མི་སྐྱེ་བའི་ཕྱིར་རོ། །དེས་ན་ཡིད་དེ་ཡང་ཆོས་ཅན། རང་རྒྱུད་ལ་མིག་བློ་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཕྱོགས་ཆོས་མ་གྲུབ་པའི་ཕྱིར་རོ། །ཡུལ་གསལ་བ་རྟགས་ཡིན་ཞེ་ན། ཡུལ་གསལ་བ་དེ་ཉིད་བློ་མ་ཡིན་ནམ་སྟེ་ཡིན་པས་ཡུལ་གསལ་བ་དེ་ཡང་ཆོས་ཅན། རང་རྒྱུད་ལ་བློ་སྒྲུབ་བྱེད་ཀྱི་ཕྱོགས་ཆོས་མ་གྲུབ་པར་ཐལ། ཚད་མས་མ་གྲུབ་པའི་བློ་དེ་ཡིས་ཁྱད་པར་དུ་བྱས་པ་ཅན་ཡིན་པའི་ཕྱིར། གསལ་བ་ནི་བློ་ཡིན་ཏེ། དོན་གྱི་བདག་ཉིད་ཡིན་ནོ་ཞེ་ན། ཕྱི་རོལ་གྱི་དོན་དེ་ཆོས་ཅན། ཇི་ལྟར་རང་རྒྱུད་ལ་བློ་གོ་བར་བྱེད་པ་ཡིན་ཏེ་མིན་པར་ཐལ། བློ་དང་ཐ་དད་ཅིང་འབྲེལ་བ་མེད་པའི་ཕྱིར། དེར་ཐལ། བློ་དེ་དང་རྫས་ཐ་དད་བློས་མ་བསྐྱེད་པའི་ཕྱིར་རོ། །དོན་གྱི་བདག་ཉིད་གཟུགས་དེ་ཆོས་ཅན། གཞན་རྒྱུད་ཀྱི་བློ་ཡང་རྗེས་སུ་དཔོག་པར་བྱེད་པའི་རྟགས་ཡང་དག་ཏུ་ཐལ། རང་གཞན་གཉིས་ཀའི་མིག་ཤེས་ཀྱི་མཐོང་བྱ་ཐུན་མོང་བ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་དེ་དག་སྤྱིར་ཕྱོགས་ཆོས་གྲུབ་ཏུ་ཆུག་ཀྱང༌། ཕྱི་རོལ་གྱི་དོན་ཆོས་ཅན། རང་རྒྱུད་ལ་བློ་སྒྲུབ་བྱེད་ཀྱི་རྗེས་སུ་དཔག་པ་རྟགས་ཡང་དག་མིན་པར་ཐལ། བློ་དང་འབྲེལ་བ་མེད་པའི་ཕྱིར་ཏེ། བློ་ཚད་མས་མ་གྲུབ་པས་སོ། །དབང་ཤེས་རྟོག་བྲལ་དུ་མངོན་སུམ་གྱིས་གྲུབ་པའི་དོན་བསྡུ་བ་ནི་ཇི་སྐད་བཤད་པའི་རིགས་པས་བློ་མངོན་གྱུར་དུ་འཐད་པ་དེའི་ཕྱིར། མཉམ་པར་བཞག་དུས་ཀྱི་དབང་མངོན་འདི་ཆོས་ཅན། བརྗོད་པ་སྒྲ་སྤྱི་འཛིན་པ་མེད་པ་ཡིན་ཏེ། ཁྱོད་རྟོག་བྲལ་དུ་མངོན་སུམ་དུ་སྣང་བ་ཡིན་པའི་ཕྱིར། མཚན་ཉིད་ལ་ལོག་པར་རྟོག་པ་བསལ་ཟིན་ནས། སྤྱོད་ཡུལ་ལ་ལོག་པར་རྟོག་པ་བསལ་བའི་སྒོ་ནས་དབང་ཤེས་རྟོག་མེད་དུ་ཤུགས་ལ་བསྟན་པ་ནི། དབང་པོའི་བྱ་བ་མེད་པ་ལ། ཞེས་པ་ནས་བརྗོད་མེད་རྟོགས་བྱེད་ཡིན་ཞེས་པའི་གཞུང་འགྲེལ་བ་ནི། མངོན་སུམ་དེ་ནི་ཆོས་ཅན། སྒྲས་དངོས་སུ་བརྗོད་དུ་མེད་པའི་ཡུལ་ཅན་ཡིན་ཏེ། ཁྱོད་ཀྱི་དངོས་ཡུལ་མིག་ཤེས་ཀྱིས་གཟུགས་མཐོང་བ་བཞིན་དུ་དབང་པོ་ཡུལ་ལ་འཇུག་པའི་བྱ་བ་མེད་པ་ལ་སྒྲའི་སྟོབས་ཀྱིས་རྟོག་བློ་ལ་སྣང་བ་མེད་པའི་ཕྱིར་རོ། །རྟོག་པ་ལ་མི་སྣང་ན་བརྗོད་མེད་ཡིན་པས་ཁྱབ་སྟེ། གང་གི་ཕྱིར་ན་སྒྲ་ལས་བྱུང་བའི་རྟོག་པའི་ཤེས་པ་ལ་མི་སྣང་བ་གང་ཡིན་པ་དེ་ནི་སྒྲའི་དངོས་ཀྱི་བརྗོད་བྱའི་དོན་མ་ཡིན་པས་སོ། །དོན་གཅིག་ཉིད་སྒྲའི་བརྗོད་བྱ་ཡང་ཡིན་ལ་གཟུང་དོན་ཡང་ཡིན་པར་ཅི་འགལ་ཞེ་ན། སྒྲ་ཡི་དངོས་ཡུལ་ཉིད་ནི་ཆོས་ཅན། གཟུགས་སོགས་ཀྱི་དངོས་པོ་མིན་པར་ཐལ། གཟུགས་སོགས་མཐོང་བའི་དབང་ཤེས་ལ་སྒྲའི་དངོས་ཡུལ་ལས་རྣམ་པ་གཞན་དུ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། དེ་ཉིད་གཅིག་མིན་པའི་རྒྱུ་མཚན་ཡང་རྣམ་པ་ཐ་དད་དུ་སྣང་བ་འདི་ཙམ་དུ་ཟད་པའི་ཕྱིར་རོ། །ཁྱབ་པ་ལ་རྩོད་པ་སྤངས་ཟིན་ཏོ། །རང་མཚན་རྟོག་པ་ལ་མི་སྣང་བའི་ཕྱོགས་ཆོས་མ་གྲུབ་ཞེ་ན། ཕྱོགས་ཆོས་ལ་རྩོད་པ་སྤོང་བ་ནི། སྒྲ་ལས་བྱུང་བའི་རྟོག་པའི་ཤེས་པ་དེ་ནི་ཆོས་ཅན། གཟུགས་སོགས་ཀྱི་དངོས་པོ་ཡོད་ཀྱང་གཟུགས་སོགས་དེའི་བདག་ཉིད་སྣང་ནས་འཛིན་པ་མ་ཡིན་ཏེ། གཟུགས་སོགས་ཕན་འདོགས་བྱེད་དུ་ཡོད་པ་དང་མེད་པའི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། རོའི་བློ་དྲིའི་རྗེས་སུ་མི་བྱེད་པ་བཞིན། མ་ཁྱབ་ན་བཟློག་སྟེ། མིག་གི་བློ་གཟུགས་ཀྱི་རྗེས་སུ་བྱེད་པ་བཞིན་ནོ། །གོང་གི་རྟགས་གྲུབ་སྟེ། དེར་ཐལ། མེད་པའི་དོན་སྣང་བའི་རྨི་ལམ་གྱི་སྣང་བ་དང་ཁྱོད་ཀྱི་དངོས་ཡུལ་དངོས་མེད་དུ་ཁྱད་པར་མེད་པའི་ཕྱིར་ཏེ། དེར་ཐལ། དངོས་པོ་མེད་ཀྱང་ཁྱོད་ཀྱི་སྣང་བ་མི་ཉམས་པས་སོ། །དབང་ཤེས་མ་འཁྲུལ་པའི་ཡུལ་གཟུགས་སོགས་ནི་ཆོས་ཅན། དབང་མངོན་གྱི་གཟུང་ཡུལ་ཡིན་ཏེ། དབང་མངོན་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་པར་ནུས་པའི་དོན་ཡིན་པའི་ཕྱིར། རྟོག་པའི་དངོས་རྒྱུ་མ་ཡིན་ཏེ། རྟོག་པ་ཁྱོད་ཡོད་པའི་རྗེས་སུ་འགྲོ་བ་དང་མེད་པའི་རྗེས་སུ་ལྡོག་པར་མི་བྱེད་པའི་ཕྱིར། འདོད་ན། རྟོག་པའི་གཟུང་ཡུལ་མ་ཡིན་པར་ཐལ། རྟོག་པའི་དངོས་རྒྱུ་མ་ཡིན་པའི་ཕྱིར། ཕྱོགས་ཆོས་ལ་རྩོད་པ་སྤང་བའི་དོན་བསྡུ་བ་ནི། རྟོག་པ་ལ་རང་མཚན་མི་སྣང་བ་དེའི་ཕྱིར་སྒྲ་ལས་བྱུང་བའི་རྣམ་པར་རྟོག་པ་ནི། དངོས་པོའི་དངོས་ཀྱི་ཡུལ་ཅན་མ་ཡིན་པར་ལེགས་པར་གྲུབ་པ་ཡིན་ནོ། །དབང་ཤེས་ཀྱི་སྤྱོད་ཡུལ་རྟོག་བློ་ལ་མི་སྣང་བའི་རྟགས་བརྗོད་ཟིན་ནས། རྗེས་འགྲོ་མེད་པའི་རྟགས་ཡང་སྟོན་པ་ནི། དབང་པོའི་མངོན་སུམ་གྱི་གཟུང་དོན་ནི་ཆོས་ཅན། ཁྱོད་ལ་བརྡ་དངོས་སུ་སྦྱར་བ་ལ་དགོས་པ་མེད་དེ། བརྡ་སྦྱར་བའི་དགོས་པ་ནི་བརྡ་བྱས་པ་གང་ལས་བརྡ་དུས་སུ་རྗོད་བྱེད་ཀྱི་སྒྲ་དང་འབྲེལ་པར་མཐོང་བ་དེ་ཐ་སྙད་ཀྱི་ཚེ་རྟོགས་པར་འགྱུར་བའི་ཆེད་གང་ཞིག་ཁྱོད་བརྡ་དུས་སུ་མཐོང་བ་ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་དང་ལྡན་པ་ཡང་མ་ཡིན་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། སྒྲ་སྦྱར་བའི་དགོས་པ་ཐ་སྙད་ཀྱི་དུས་སུ་དོན་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། འགྲོ་བ་དང་ལྡན་པ་ཡང་མ་ཡིན་པའི་ཕྱིར་ཏེ། འདི་ལྟར་ཡུལ་དུས་གཅིག་ཏུ་བརྡ་དུས་སུ་མཐོང་བའི་ཁྱད་པར་རང་མཚན་ནི་གཞན་ཐ་སྙད་ཀྱི་དུས་འགའ་ཞིག་ཏུ་ཚད་མས་མ་མཐོང་བའི་ཕྱིར། གསལ་བའི་བདག་ཉིད་ཤ་པ་དང་སེང་ལྡེང་ལ་སོགས་པ་རྣམས་ནི་ཆོས་ཅན། ཕན་ཚུན་རྗེས་སུ་འགྲོ་བའི་བདག་ཉིད་དུ་ཡོད་པ་མ་ཡིན་པར་ཐལ། ཁྱོད་གཉིས་ཀྱི་ནུས་པ་དང་སྣང་བའམ་རྣམ་པ་ཡང་ཐ་དད་པའི་ཕྱིར་རོ། །སོགས་པས་སྐྱེ་འགག་སྡུད་དོ། །བྱེ་བྲག་པས་གསལ་བ་ལས་རྫས་ཐ་དད་པའི་སྤྱི་དབང་ཤེས་ཀྱི་གཟུང་དོན་དུ་འདོད་ཅེ་ན། གསལ་བ་དེ་ལས་ཐ་དད་པའི་སྤྱི་གཞན་ཡོད་པ་མིན་ཏེ། ཐ་དད་དུ་བློ་ལ་སྣང་བ་མེད་པའི་ཕྱིར་ཞེས་པའི་དོན་འགྲེལ་བ་ནི། ཤིང་གི་གསལ་བའི་བདག་ཉིད་གང་ཡིན་པ་རྣམས་ཆོས་ཅན། རང་རང་ལ་སྤྱི་སྒྲ་འཇུག་པར་འགྱུར་བའི་རྒྱུ་རང་ལས་རྫས་ཐ་དད་པའི་སྤྱི་མེད་པར་ཐལ། རང་ལ་རྗེས་སུ་འགྲོ་བའི་སྤྱི་རྫས་གཞན་གྱི་དོན་ཡོད་ན་དེ་དམིགས་པར་རིགས་པ་ལས་ཡོད་པར་ཚད་མས་མ་མཐོང་བའི་ཕྱིར། གོང་ནས་གསལ་སྤྱི་གཅིག་ཡིན་པ་བཀག་ཅིང་འདིས་ཐ་དད་བཀག་པ་ཡིན་ནོ། །ཁྱབ་པ་ཡོད་དེ། དོན་ཐ་དད་པ་ཉིད་དུ་ཡོད་པ་ལ་ནི་བློས་ཐ་དད་པར་མཐོང་དགོས་པས་སོ། །དཔེར་ན། འབྱུང་པོའི་གཟུགས་བརྙན་དང་དེའི་མགུལ་ཆིངས་བཞིན་ནོ། །གསལ་སྤྱི་དེ་བློས་ཐ་དད་དུ་དམིགས་པ་མེད་ཀྱང་དོན་ཐ་དད་པར་རྟོགས་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། འདི་ལྟར། བརྟན་གཡོའི་འགྲོ་བ་ཆོས་ཅན། རྫས་གཅིག་གི་ཐ་སྙད་ཡོད་པར་མི་འགྱུར་བར་ཐལ། དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ལ་གཅིག་ཏུ་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། རྫས་དུ་མའི་ཐ་སྙད་ཡོད་པར་མི་འགྱུར་བར་ཐལ། རྫས་ཐ་དད་པར་ཚད་མས་མ་རྟོགས་པས་སོ། །སྤྱི་སྣང་རུང་ཡིན་པ་དེ་ལྟ་མོད་ཀྱི་དབང་ཤེས་ལ་སྤྱི་དེ་སྣང་དུ་ཟིན་ཀྱང་གསལ་བ་ལས་རྫས་ཐ་དད་པར་ངེས་པར་མི་འགྱུར་ཏེ། ཐ་དད་དུ་མི་རྟོགས་པའི་རྒྱུ་གསལ་བ་དང་ཡུལ་དུས་གཅིག་ཏུ་གནས་པའི་ཕྱིར་ཞེ་ན། དེ་ལྟར་དུ་སྨྲ་བ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་ན་སྤྱི་དེ་ཆོས་ཅན། གསལ་བ་ལས་ཐ་དད་དུ་ཚད་མས་མི་རྟོགས་པ་མིན་པར་ཐལ། ཁྱོད་ལས་གཞན་གསལ་བ་ལ་སྤྱི་བློ་དང་སྤྱི་སྒྲ་འཇུག་པའི་ཕྱིར། འགྲེལ་པ་ནི་གསལ་བ་ལས་ཐ་དད་དུ་ཚད་མས་ཇི་ལྟར་མི་རྟོགས་ཏེ་རྟོགས་པར་ཐལ། སྤྱི་འཛིན་གྱིས་ཁྱོད་གསལ་བ་ལས་ཐ་དད་དུ་མཐོང་བའི་སྟོབས་ཀྱིས་སྤྱི་བློ་དང་སྤྱི་སྒྲ་རྗེས་སུ་འགྲོ་བ་ལ་མི་བརྟེན་པའི་ཁྱད་པར་སོ་སོ་བ་འདི་རྟོགས་ནས་གསལ་བ་དེ་ལ་སྤྱི་སྒྲ་དང་སྤྱི་བློ་རྗེས་སུ་འགྲོ་བའི་ཕྱིར། རྟགས་གསལ་ཁས་བླངས་སོ། །ཤེས་བྱ་ཆོས་ཅན། ཁྱད་པར་ཅན་གསལ་བ་དེ་སྤྱི་བློས་ཁྱད་པར་དུ་བྱས་པ་དེ་ལྟར་དུ་ཚད་མས་རྟོགས་པར་མི་འགྱུར་བར་ཐལ། ཁྱད་པར་སྤྱི་གང་ལས་གསལ་བ་གང་ལ་སྤྱི་སྒྲ་དང་སྤྱི་བློ་འཇུག་པ་དེ་ཚད་མས་མ་རྟོགས་པའི་ཕྱིར། དབྱིག་པ་ཚད་མས་མ་རྟོགས་ན་དབྱིག་པ་ཅན་དུ་ཚད་མས་མི་རྟོགས་པ་བཞིན། རྟོག་པའི་བློ་ལ་མི་སྣང་བ་དང་རྗེས་འགྲོ་མེད་པའི་རྟགས་ཀྱིས་དབང་པོའི་སྤྱོད་ཡུལ་བརྗོད་མེད་དུ་རྒྱས་པར་བསྟན་ཟིན་པའི་མཇུག་བསྡུ་བ་ནི། བརྗོད་མེད་ཀྱི་ཡུལ་ཅན་ཡིན་པ་དེའི་ཕྱིར་དབང་པོ་གཟུགས་ཅན་ལས་དངོས་སུ་སྐྱེས་པའི་བློ་མ་འཁྲུལ་བ་ཐམས་ཅད་ཆོས་ཅན། རྗོད་བྱེད་ཀྱི་སྒྲས་དངོས་སུ་བརྗོད་དུ་མེད་པའི་ཁྱད་པར་རང་མཚན་གྱི་ཡུལ་ཅན་ཉིད་ཡིན་ཏེ། ཁྱོད་ལ་སྤྱི་མི་སྣང་བར་རང་མཚན་འཛིན་པའི་ཕྱིར་དང༌། ཁྱོད་ཀྱི་སྤྱོད་ཡུལ་གསལ་བ་རང་མཚན་རྣམས་ཀྱང་རྗེས་སུ་མི་འགྲོ་བར་ཐུན་མོང་མིན་པར་གནས་པའི་ཕྱིར། དེས་ན་དབང་པོའི་བློ་མ་འཁྲུལ་བ་ནི་སྒྲས་དངོས་སུ་བརྗོད་དུ་མེད་པའི་དངོས་པོའི་རང་བཞིན་ཁྱད་པར་ཅན་ཉིད་མངོན་སུམ་དུ་ཡུལ་དུ་བྱེད་པ་ཡིན་ནོ། །འོ་ན་ད་ནི་མངོན་སུམ་གྱི་བདག་ཉིད་ཆོས་ཅན། ཁྱོད་ལས་ཇི་ལྟར་བླང་དོར་གྱི་ཐ་སྙད་དུ་འགྱུར་ཏེ་མི་འགྱུར་བར་ཐལ། ཡུལ་མ་ངེས་པའི་ཕྱིར། འདི་འོ་ཞེས་བྱ་བར་ངེས་ན་ནི་བདེ་བའི་སྒྲུབ་བྱེད་ཐོབ་པ་དང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་སྤོང་བའི་དོན་དུ་སྐྱེས་བུ་འཇུག་པའི་ཕྱིར་རོ་ཞེ་ན། མངོན་སུམ་ཆོས་ཅན། ཡུལ་གྱི་དོན་ལ་ལྟ་བ་ཙམ་ཡིན་ཡང་ཁྱོད་ལ་བརྟེན་ནས་བླང་དོར་གྱི་ཐ་སྙད་མི་འཇུག་པའི་སྐྱོན་འདི་མེད་དེ། གང་གི་ཕྱིར་ན། སྔར་བདེ་སྡུག་སྒྲུབ་བྱེད་དུ་ཉམས་སུ་མྱོང་བའི་མངོན་སུམ་གྱིས་བཞག་པའི་བག་ཆགས་ཀྱི་མཐུ་ལས་བྱུང་བ་སྔ་ཕྱིའི་མྱོང་བ་མཚམས་སྦྱོར་བའི་དྲན་པ་ལས་སྔར་གྱི་ཡུལ་དེ་དང་འདྲ་བ་མཐོང་བ་ཉིད་ན་མཐོང་བའི་ཡུལ་རྣམས་ལ་བླང་བྱར་མངོན་པར་འདོད་པ་དང་ཅིག་ཤོས་དོར་བྱར་མངོན་པར་འདོད་པ་དག་སྐྱེ་བའི་སྒོ་ནས་བླང་བྱ་དང་དོར་བྱའི་ཐ་སྙད་ཀྱི་ཡན་ལག་ཏུ་འགྱུར་བ་ཡིན་པའི་ཕྱིར། མྱོང་བ་ལས་དྲན་པ་སྐྱེ་བ་གང་ལས་ཤེས་ཤེ་ན། ཡུལ་གསལ་བར་ཉམས་སུ་མྱོང་བའི་མངོན་སུམ་ཆོས་ཅན། ཁྱོད་ཡིད་ཤེས་ལ་དྲན་པའི་ས་བོན་འཇོག་བྱེད་ཡིན་ཏེ། ཁྱོད་ཀྱིས་ཡིད་ཤེས་ལ་དྲན་པའི་ས་བོན་འཇོག་པ་གང་ཡིན་པ་འདི་ནི་དངོས་པོའི་ཆོས་ཉིད་ཡིན་པས་སོ། །གཞན་དག་ཀུན་གཞི་ལ་འཇོག་པར་འདོད་དོ། །འདི་ནི་རྟེན་འབྲེལ་ལམ་ཆོས་ཉིད་ཀྱི་རིགས་པའོ། །དྲན་པའི་ས་བོན་འཇོག་པ་ཚད་མས་གྲུབ་པར་བསྟན་ནས། དྲན་པ་སད་པའི་རྒྱུ་ཡང་སྟོན་པ་ནི། སྔར་མྱོང་བ་དེ་དང་རིགས་འདྲ་བ་མཐོང་བའི་མངོན་སུམ་ཆོས་ཅན། ཁྱོད་ཀྱི་སྟོབས་ལས་བག་ཆགས་འདི་སད་པས་དེ་ལས་ཀྱང་བླང་དོར་གྱི་ཐ་སྙད་འཇུག་པ་ཡིན་ཏེ། ཁྱོད་ཀྱིས་བག་ཆགས་སད་པར་བྱས་པ་ལ་བརྟེན་ནས་བླང་བྱའམ་དོར་བྱར་མངོན་པར་འདོད་པའི་བག་ཆགས་འཇུག་པའི་ཕྱིར་རོ། །དབང་པོའི་མངོན་སུམ་བཤད་ཟིན་ཏོ། །མདོ་ལས། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། དབང་པོ་ལ་བརྟེན་པ་དང་ཡིད་དོ་ཞེས་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་དུ། ཀུན་ལས་བཏུས་ལས། ཡིད་ཀྱང་དོན་དང་ཞེས་དོན་འཛིན་པའི་ཡིད་ཀྱི་མངོན་སུམ་བཤད་པ་ལ། རྣ་མ་ཕུག་པ་སྐྱོན་བརྗོད་དེ། དབང་ཤེས་ཀྱིས་གཟུང་བ་འཛིན་ན་ཚད་མར་མི་རུང་ལ་མ་གཟུང་བ་འཛིན་ན་ལོང་བས་ཀྱང་གཟུགས་འཛིན་པར་འགྱུར་རོ་ཞེས་པའི་རྩོད་པ་སྤོང་བར་བཞེད་ནས། དབང་ཤེས་དེ་མ་ཐག་རྐྱེན་ལས། །བྱུང་ཞིང་དེ་དོན་དེ་ཐག །འཛིན་པར་བྱེད་པའི་ཡིད་ཀྱང་ངོ༌། །མངོན་སུམ་ཞེས་བྱ་བར་སྦྱར་རོ། །ཞེས་གསུངས་པའི་དོན་འགྲེལ་པ་ནི། དབང་ཤེས་རང་གི་ཡུལ་གྱི་དེ་མ་ཐག་ཏུ་བྱུང་བའི་སྐད་ཅིག་མ་དམིགས་པའི་རྐྱེན་དང་ལྷན་ཅིག་བྱེད་པ་ཅན་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་དབང་པོའི་རྣམ་པར་ཤེས་པ་དང་རྐྱེན་གཉིས་ཀྱིས་བསྐྱེད་པའི་ཡིད་ཤེས་མ་འཁྲུལ་བ་ཆོས་ཅན། དབང་པོའི་མངོན་སུམ་དུ་མ་ཟད་ཁྱོད་ཀྱང་མངོན་སུམ་ཡིན་ཏེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། ཡིད་ཀྱི་མངོན་སུམ་ཆོས་ཅན། དབང་པོའི་རྣམ་པར་ཤེས་པ་དེ་མ་ཐག་རྐྱེན་དུ་མེད་པར་ཁྱོད་ཀྱིས་གཟུང་དོན་མཐོང་བ་མ་ཡིན་ཏེ། རང་གི་དེ་མ་ཐག་རྐྱེན་དབང་ཤེས་ལས་སྐྱེས་པ་དེ་ཉིད་ཀྱི་ཕྱིར་རོ། །འདིས་ལོང་བས་གཟུགས་མཐོང་བའི་སྐྱོན་སྤངས་པ་ཡིན་ནོ། །ཁྱོད་ཀྱི་ཡུལ་ལམ་གཟུང་དོན་དབང་པོའི་མངོན་སུམ་གྱི་གཟུང་དོན་ལས་རིགས་གཞན་པ་ཉིད་ཀྱང་མིན་ཏེ། རང་གི་དེ་མ་ཐག་རྐྱེན་གྱི་གཟུང་དོན་འདས་མ་ཐག་པའི་དོན་འཛིན་པའི་ཕྱིར། འདིས་ནི་བཟུང་ཟིན་འཛིན་པས་ཚད་མ་མིན་པར་ཐལ་བ་ཡང་སྤངས་པ་ཡིན་ནོ། །ཡིད་ཀྱི་མངོན་སུམ་གྱི་གཟུང་དོན་ནི་ཆོས་ཅན། དེ་མ་ཐག་རྐྱེན་དང་ལྷན་ཅིག་ཏུ་ཡིད་ཀྱི་མངོན་སུམ་སྐྱེད་བྱེད་མིན་པར་ཐལ། དེ་མ་ཐག་རྐྱེན་དེ་དང་ཡིད་ཀྱི་མངོན་སུམ་སྐྱེད་པར་བྱེད་པའི་དུས་མཚུངས་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཡིད་ཀྱི་མངོན་སུམ་རང་གི་ཤེས་པའི་དུས་ན་ཡོད་པའི་ཕྱིར་རོ་ཞེ་ན། ཡིད་ཀྱི་མངོན་སུམ་གྱི་དམིགས་རྐྱེན་དང་དེ་མ་ཐག་རྐྱེན་གཉིས་ཀ་ཆོས་ཅན། དུས་མི་མཚུངས་པའི་སྒོ་ནས་ཡིད་མངོན་ལ་ལྷན་ཅིག་ཏུ་བྱེད་པ་མི་འཇུག་པ་མ་ཡིན་ཏེ། ཁྱོད་གཉིས་དུས་མཚུངས་པའི་ཕྱིར་རོ། །རྟགས་མ་གྲུབ་ན། ཡིད་ཀྱི་མངོན་སུམ་གྱི་གཟུང་དོན་ཆོས་ཅན། ཡིད་ཀྱི་མངོན་སུམ་གྱི་སྔ་རོལ་ཏུ་མེད་པར་ཐལ། ཁྱོད་ཡིད་ཀྱི་མངོན་སུམ་དང་དུས་མཉམ་དུ་འབྱུང་བའི་ཕྱིར། འདོད་ན། ཡིད་མངོན་གྱི་རྒྱུ་མིན་པར་ཐལ། ཡིད་ཀྱི་མངོན་སུམ་གྱི་སྔར་ཡིད་ཀྱི་མངོན་སུམ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །རྟགས་ཁས་བླངས། ཡིད་མངོན་གྱི་དུས་སུ་ཕན་འདོགས་པའི་ནུས་པ་ཡོད་པས་དེའི་ཚེ་རྒྱུར་ཁས་ལེན་ཞེ་ན། ཡིད་ཀྱི་མངོན་སུམ་བསྐྱེད་པའི་ནུས་པ་ཡོད་པར་འདོད་པའི་དུས་ན་ཡང་ཡིད་ཀྱི་མངོན་སུམ་གྱི་རྒྱུ་མ་ཡིན་པར་ཐལ། ཡིད་ཀྱི་མངོན་སུམ་ལ་ཕན་པ་ཉེ་བར་སྦྱོར་བ་མེད་པའི་ཕྱིར་ཏེ། འབྲས་བུ་ཡིད་ཀྱི་མངོན་སུམ་རྫོགས་ཟིན་པས་སོ། །རྟགས་གསལ་དངོས། གཟུང་འཛིན་དུས་མི་མཉམ་པ་དེས་ན་ཡིད་ཀྱི་མངོན་སུམ་གྱི་ཡུལ་ལམ་གཟུང་དོན་ཆོས་ཅན། ཡིད་ཀྱི་མངོན་སུམ་དང་ལྷན་ཅིག་འབྱུང་བར་འགལ་བ་ཡིན་ཏེ། ཡིད་ཤེས་མ་འཁྲུལ་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ལེགས་པར་གྲུབ་པ་ཡིན་ནོ། །ཡིད་ཀྱི་མངོན་སུམ་དང་དུས་ཐ་དད་པས་ཇི་ལྟར་གཟུང་དོན་དུ་འཐད་ཅེ་ན། ཡིད་ཀྱི་མངོན་སུམ་གྱི་གཟུང་བའི་དོན་ཡིན་པར་འཐད་པར་ཐལ། ཡིད་ཤེས་མ་འཁྲུལ་བ་ལ་རང་འདྲའི་རྣམ་པ་ནི་འཇོག་པར་ནུས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པས་རིག་ཅེས་པའི་དོན་རིགས་པའི་སྟོབས་ལས་བཞག་གོ་ཞེས་བྱ་བ་ཡིན་ནོ། །རྩ་བས་མ་ཟིན་པའི་དོན་བརྗོད་པའི་ཚིགས་བཅད་ཡིན་པས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཁ་ཅིག་འདི་དབང་ཤེས་ཀྱིས་བཟུང་ཟིན་འཛིན་པར་ཕྱོགས་ཀྱི་གླང་པོས་བཞེད་པར་སྨྲ་བ་འགོག་པ་ནི། ཡིད་ཀྱི་མངོན་སུམ་འདི་ཆོས་ཅན། དུས་མཉམ་མི་འཛིན་པར་མ་ཟད་ཚད་མ་སྔ་མས་བཟུང་ཟིན་གྱི་ཡུལ་འཛིན་པ་ཡང་མིན་ཏེ། ཁྱོད་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཚད་མ་ཡིན་ན་ནི་སྔར་མ་རྟོགས་པའི་ཡུལ་གསར་དུ་རྟོགས་པ་ཅན་ཉིད་ཡིན་པའི་ཕྱིར་ཏེ། མ་བཟུང་བ་འཛིན་པ་ལས་གཞན་དུ་བཟུང་ཟིན་འཛིན་ན་ཧ་ཅང་ཐལ་བའི་སྐྱོན་ཡང་ཡོད་པའི་ཕྱིར་རོ། །ཧ་ཅང་ཐལ་བ་ཉིད་བཤད་པ་ནི། ཡིད་ཀྱི་མངོན་སུམ་ཆོས་ཅན། དེ་མ་ཐག་རྐྱེན་དབང་པོའི་མངོན་སུམ་གྱིས་མཐོང་བའི་འདུ་བྱེད་མ་ཉམས་པའི་གཟུང་བ་འཛིན་པ་མིན་པར་ཐལ། ཡིན་ན་དྲན་པ་བཅད་ཤེས་དང་ཚད་མིན་དུ་ཁྱད་པར་མེད་པའི་སྐྱོན་ཡོད་པའི་ཕྱིར། འཇུག་ཡུལ་སྟོན་པའི་བྱ་བ་རྫོགས་པའི་ལས་སམ་གཞལ་བྱ་ལ་འཇུག་པའི་བློ་ཆོས་ཅན། རྟོགས་ཟིན་པའི་དོན་སྒྲུབ་པར་བྱེད་པའི་ཚད་མ་ཡིན་ནོ་ཞེས་བྱ་བ་ཡང་སྒྲུབ་པར་བྱེད་པའི་ཚུལ་ལས་འདས་པ་ཡིན་ཏེ། སྔར་མ་རྟོགས་པའི་དོན་ཁྱད་པར་དུ་རྟོགས་བྱེད་མིན་པའི་ཕྱིར། བཅད་ཟིན་པ་སླར་བཅད་མི་དགོས་པ་བཞིན་ནོ། །སྐྱོན་གཞན་ཡང༌། དབང་པོའི་མངོན་སུམ་དང་ཡིད་ཀྱི་མངོན་སུམ་གྱི་བློ་རྣམས་ཆོས་ཅན། རིམ་གྱིས་འབྱུང་བ་འགལ་བ་ཡིན་པར་ཐལ། དབང་པོའི་མངོན་སུམ་གྱི་གཟུང་དོན་དེ་ཉིད་དངོས་རྒྱུར་གྱུར་པ་ཅན་གྱི་ཤེས་པར་མཚུངས་པའི་ཕྱིར། གཞན་ཡིད་མངོན་གྱི་དམིགས་རྐྱེན་ལ་ལྟོས་ནས་རིམ་གྱིས་སྐྱེ་བ་སྐྱོན་མེད་དོ་ཞེ་ན། ཡིད་ཀྱི་མངོན་སུམ་གྱི་དམིགས་རྐྱེན་ལ་ལྟོས་པར་མི་འཐད་པར་ཐལ། གཞན་ཡིད་ཀྱི་མངོན་སུམ་གྱི་དམིགས་པའི་རྐྱེན་གྱིས་ཕན་པའི་ཁྱད་པར་དུ་བྱར་མེད་པའི་ཕྱིར་ཏེ། ཡིད་ཀྱི་མངོན་སུམ་གྱི་དམིགས་པའི་རྐྱེན་གྱི་དུས་སུ་གྲུབ་ཟིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཡིད་ཀྱི་མངོན་སུམ་གྱི་དམིགས་རྐྱེན་ལ་ལྟོས་ནས་དབང་མངོན་དང་རིམ་གྱིས་སྐྱེ་བ་མི་འཐད་པར་ཐལ། ཡིད་ཀྱི་མངོན་སུམ་གྱི་དམིགས་པའི་རྐྱེན་ལ་མི་ལྟོས་པའི་ཕྱིར། བསལ་བ་དངོས། ཁྱད་པར་དུ་བྱས་སོ་ཞེ་ན། ཁྱོད་ཀྱི་གཟུང་དོན་རང་གི་དེ་མ་ཐག་རྐྱེན་དབང་པོའི་མངོན་སུམ་གྱི་གཟུང་དོན་ལས་གཞན་ཉིད་ཡིན་པར་ཐལ། རང་གི་དེ་མ་ཐག་རྐྱེན་དབང་པོའི་མངོན་སུམ་གྱི་གཟུང་དོན་ལས་གཞན་པའི་དམིགས་རྐྱེན་གྱིས་ཁྱོད་ལ་ཕན་པའི་ཁྱད་པར་བྱས་པ་ཉིད་ཡིན་པའི་ཕྱིར་རོ། །རྟགས་དངོས། དབང་པོའི་མངོན་སུམ་གྱི་གཟུང་དོན་སྐད་ཅིག་མ་དང་པོ་སྔ་མ་སྔ་མ་རྣམས་ཆོས་ཅན། ཡིད་ཀྱི་མངོན་སུམ་གྱིས་འཛིན་པ་མིན་པར་ཐལ། ཡིད་ཀྱི་མངོན་སུམ་གྱི་དམིགས་རྐྱེན་གྱི་དུས་སུ་མེད་པའི་ཕྱིར། ཁྱོད་སྐད་ཅིག་མ་ཡིན་པ་ཉིད་ཀྱིས་ཡིད་ཀྱི་མངོན་སུམ་གྱི་དམིགས་རྐྱེན་གྱི་དུས་སུ་འདས་ཟིན་པའི་ཕྱིར་རོ། །ཡིད་ཤེས་དང་དབང་ཤེས་ཡུལ་ཐ་དད་ལ་འཇུག་པར་རྒྱས་པར་བསྟན་ཟིན་པའི་མཇུག་བསྡུ་བ་ནི། དབང་པོའི་མངོན་སུམ་གྱི་གཟུང་དོན་མི་འཛིན་པ་དེའི་ཕྱིར་ཡིད་ཀྱི་མངོན་སུམ་ཆོས་ཅན། དབང་པོའི་མངོན་སུམ་གྱི་གཟུང་དོན་ལས་དོན་གཞན་ཉིད་རྟོགས་པ་ཡིན་ཏེ། དབང་པོའི་མངོན་སུམ་གྱི་གཟུང་དོན་ལས་གཞན་པའི་ཡིད་ཀྱི་མངོན་སུམ་གྱི་དམིགས་རྐྱེན་གྱི་ཁྱད་པར་གྱིས་བསྐྱེད་པའི་ཕྱིར་རོ། །ཡིད་ཀྱི་མངོན་སུམ་བསྟན་ཟིན་ནས་དཔྱོད་པ་བ་བློ་ལྐོག་གྱུར་དུ་འདོད་པ་དང་བྱེ་བྲག་ཏུ་སྨྲ་བ་རང་རིག་མེད་པར་འདོད་པའི་ལོག་རྟོག་དགག་པའི་ཕྱིར་དུ། བདེ་བ་ལ་སོགས་རང་རིག་རྣམས། །ཞེས་གསུངས་པའི་དོན་འགྲེལ་པ་ནི། བདེ་བ་དང་སོགས་པ་སྡུག་བསྔལ་ལ་སོགས་པ་རང་གི་ངོ་བོ་གསལ་བར་རིག་པའི་བློ་རྣམས་ཆོས་ཅན། དབང་ཤེས་དང་ཡིད་མངོན་དུ་མ་ཟད་ཁྱོད་ཀྱང་མངོན་སུམ་ཡིན་ཏེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། རང་རིག་མངོན་སུམ་གྱི་སྐབས་འདིར་བདེ་ལ་སོགས་པ་དཔེར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཤེས་པའི་བདག་ཉིད་ཉམས་སུ་མྱོང་བ་གསལ་བར་བསྟན་པའི་དོན་ནམ་ཆེད་ཡིན་པའི་ཕྱིར། རང་རིག་འདི་ཁོ་ནར་ཟད་དམ་ཞེ་ན། མ་ཡིན་ཏེ། རྟོག་པ་ཡོད་མེད་ཀྱི་ཤེས་པ་ཐམས་ཅད་ཀྱི་བདག་ཉིད་གསལ་བར་རིག་པ་ནི་རང་རིག་མངོན་སུམ་ཡིན་པའི་ཕྱིར་རོ། །རང་རིག་གི་ངོ་བོ་བསྟན་ཟིན་ནས་རྟོག་བྲལ་དུ་བསྒྲུབ་པ་ནི། བདེ་བ་དང་སྡུག་བསྔལ་ལ་སོགས་པ་རྣམས་ཀྱི་བདག་ཉིད་རིག་པའི་མངོན་སུམ་ཆོས་ཅན། རྣམ་པར་རྟོག་པའི་བདག་ཉིད་དུ་སྲིད་པ་མིན་ཏེ། བརྡ་དངོས་སུ་སྦྱར་ནུས་པ་མིན་པའི་བདེ་བ་རང་མཚན་དངོས་སུ་འཛིན་པའི་ཕྱིར། ཅིའི་ཕྱིར་བདེ་སོགས་ལ་བརྡ་སྦྱར་མི་ནུས་ཤེ་ན། བདེ་བ་ལ་སོགས་པ་རྣམས་ཆོས་ཅན། ཁྱོད་ལ་བརྡ་དངོས་སུ་སྦྱར་ནུས་པ་མིན་པར་ཐལ། བརྡ་དུས་སུ་མཐོང་བ་གཞན་ཐ་སྙད་ཀྱི་དུས་སུ་བརྟེན་པ་མིན་པའི་རང་མཚན་གྱི་བདག་ཉིད་ཡིན་པའི་ཕྱིར། མཐའ་གཞན་འགོག་པའི་རིགས་པས་བརྡ་སྦྱོར་མི་ནུས་པའི་ཚུལ་སྟོན་པ་ནི། བརྡ་སྦྱོར་བར་ཁས་ལེན་ན་ཤེས་པ་དེ་ཉིད་དམ་ཤེས་པ་གཞན་གྱིས་འགོད་པར་འདོད། དང་པོ་ལྟར་ན་འདས་མ་འོངས་ད་ལྟར་གང་ལ་བརྡ་སྦྱོར། མ་འོངས་པ་ལ་བྱེད་དོ་ཞེ་ན། བདེ་བ་ལ་སོགས་པ་ཡུལ་དུས་སོ་སོར་ངེས་པའི་བདག་ཉིད་བརྡ་སྦྱོར་བའི་དུས་སུ་མ་སྐྱེས་པ་རྣམས་ནི་ཆོས་ཅན། ད་ལྟ་རང་མྱོང་བྱེད་ཀྱིས་ཁྱོད་ལ་བརྡ་དངོས་སུ་སྦྱོར་བ་མིན་པར་ཐལ། ད་ལྟ་རང་མྱོང་བྱེད་ཀྱི་རིག་པས་ཁྱོད་ཡུལ་དུ་བྱེད་པ་མ་ཡིན་པའི་ཕྱིར་ཏེ། ད་ལྟ་ཁྱོད་མ་སྐྱེས་པའི་ཕྱིར། ཁྱབ་པ་ཡོད་དེ། བདེ་སོགས་དེ་ནི་མྱོང་བྱེད་ཤེས་པ་དེའི་བདག་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ད་ལྟར་བ་ལ་བརྡ་སྦྱོར་ཞེ་ན། ད་ལྟར་གྱི་རང་རིག་འདི་ཆོས་ཅན། རང་གི་མྱོང་བྱ་ད་ལྟར་གྱི་བདེ་བ་འདི་དག་ལ་རྗོད་པར་བྱེད་པ་སྦྱོར་བ་མིན་པར་ཐལ། དེ་དང་བདག་ཉིད་གཅིག་པའི་ཕྱིར། ཁྱབ་པ་ཡོད་དེ། བདག་ཉིད་དབྱེར་མེད་ལ་བརྡ་བྱ་བྱེད་དེ་ལྟར་འཇུག་པ་འགལ་བའི་ཕྱིར་རོ། །ད་ལྟར་གྱི་བདེ་བས་བརྡ་དངོས་སུ་སྦྱོར་བ་མ་ཡིན་པར་ཐལ། ད་ལྟར་གྱི་བདེ་བ་དེའི་རང་བཞིན་སྔོན་དུ་མ་མཐོང་བའི་ཕྱིར་དང༌། བརྡ་བརྗོད་པར་གཟོ་བ་ན་ཡུལ་ད་ལྟར་གྱི་བདེ་བ་དེ་དང་ཐ་དད་མེད་པར་རང་བཞིན་གཅིག་པས་ད་ལྟར་གྱི་བདེ་བ་འགགས་པ་ན་རིག་པ་ཁྱོད་ཀྱང་འགགས་པའི་ཕྱིར། ཆོས་ཅན་སྔར་བཞིན། བདག་ཉིད་ཀྱིས་བདག་ཉིད་ལ་བརྡ་སྦྱོར་བ་མ་ཡིན་པར་ཐལ། གཟུང་བ་བརྡ་སྦྱོར་བའི་ཡུལ་དང་འཛིན་པ་བརྡ་བྱེད་པ་པོ་མེད་པའི་བརྡ་སྦྱོར་བ་ཡང་མེད་པའི་ཕྱིར་རོ། །འོག་རོལ་ཏུ་འབྱུང་བའི་ཤེས་པ་གཞན་གྱིས་བྱེད་དོ་ཞེ་ན། དུས་མཉམ་གྱི་རང་རིག་གིས་མི་བྱེད་པར་མ་ཟད་འོག་རོལ་ཏུ་འབྱུང་བའི་ཤེས་པ་གཞན་གྱིས་ཀྱང་ཆོས་ཅན། འདས་པའི་བདེ་བ་ལ་སྣང་ནས་བརྡ་དངོས་སུ་བྱེད་པ་མིན་པར་ཐལ། འདས་པའི་རང་བཞིན་སྣང་ནས་རིག་པ་མ་ཡིན་པའི་ཕྱིར། བརྡ་སྦྱར་མི་ནུས་པ་བསྟན་ཟིན་ནས་བརྡ་དོན་མེད་པ་ཡང་སྟོན་པ་ནི། བདེ་བ་རང་མཚན་ནི་ཆོས་ཅན། རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་མ་ཡིན་པར་ཐལ། ཁྱོད་ལ་བརྡ་དངོས་སུ་སྦྱར་བ་དོན་མེད་པའི་ཡང་ཕྱིར་ཏེ། ཁྱོད་བརྡ་དུས་སུ་མཐོང་བ་ཐ་སྙད་ཀྱི་དུས་སུ་འབྱུང་བ་མིན་པའི་ཕྱིར། བདེ་བ་ལ་སོགས་པ་བརྗོད་མེད་དུ་བསྟན་ཟིན་ཏོ། །བརྗོད་མེད་ཡིན་པ་དེའི་ཕྱིར་རང་རིག་རྟོག་བྲལ་དུ་བསྒྲུབ་པ་ནི། བདེ་བ་ལ་སོགས་པ་བརྗོད་མེད་ཡིན་པ། དེའི་ཕྱིར་དེ་དག་རང་རིག་ནི། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། །ཞེས་གསུངས་པའི་དོན་འགྲེལ་པ་ནི། བདེ་བ་དང་ལ་སོགས་པ་སྡུག་བསྔལ་ལ་སོགས་པ་རྣམས་ཀྱི་བདག་ཉིད་རིག་པ་བརྗོད་པ་སྒྲ་སྤྱི་དང་ཡུལ་ཡུལ་ཅན་དུ་མ་འབྲེལ་པའི་བློ་མ་འཁྲུལ་བ་དེ་ནི་ཆོས་ཅན། མངོན་སུམ་གྱི་ཚད་མ་ཡིན་ཏེ། བརྡ་དངོས་སུ་སྦྱར་མི་ནུས་པའི་བདེ་བ་རང་མཚན་དངོས་སུ་མྱོང་བའི་བློ་ཡིན་པའི་ཕྱིར། མངོན་སུམ་བརྗོད་མེད་ཀྱི་ཡུལ་ཅན་དུ་རྒྱས་པར་བསྟན་ཟིན་ཏོ། །གོང་དུ་བདེ་བ་ལ་སོགས་པ་ཤེས་པའི་རང་བཞིན་དུ་བསྟན་པའི་ཚེ་རིགས་པ་ཅན་པ་ཁ་ཅིག་ན་རེ། བདེ་བ་ལ་སོགས་པ་རྣམས་ནི་བེམ་པོ་ཡིན་པས་རིག་པའི་རང་བཞིན་ཉིད་མིན་གྱི་གཟུགས་སོགས་ལྟར་གཟུང་བར་བྱ་བ་ཁོ་ན་ཡིན་ནོ། །ཕྱི་རོལ་དུ་ཅིའི་ཕྱིར་སྣང་བར་མི་འགྱུར་སྙམ་ན། འོན་ཀྱང་ཕྱི་རོལ་དུ་སྣང་བར་མི་འགྱུར་ཏེ། གང་ཟག་བདག་ཉིད་ཀྱི་དོན་གཅིག་ལ་འདུ་བ་ཅན་གྱི་ཤེས་པས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་དེ་དག་གི་འདོད་པ་ཡང་འཐད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་དང་དེའི་འཁོར་གྱི་བདེ་སོགས་ཆོས་ཅན། ཅིའི་ཕྱིར་ཤེས་པ་མ་ཡིན་ཏེ་ཡིན་པར་ཐལ། ཤེས་པའི་རང་བཞིན་ཐ་དད་མེད་པར་སྐྱེད་བྱེད་ཀྱི་རྒྱུ་རྐྱེན་གསུམ་གྱིས་བསྐྱེད་པའི་ཕྱིར། ཁྱབ་པ་ཡོད་དེ། འབྲས་བུ་འདྲ་བ་དེའི་རང་བཞིན་ཅན་དངོས་ཀྱི་རྒྱུ་འདྲ་བ་ལས་སྐྱེས། འབྲས་བུ་འདྲ་བ་དེ་མིན་པའི་རང་བཞིན་ཅན་དངོས་རྒྱུ་འདྲ་བ་དེ་མིན་པའི་རྒྱུ་ལས་དངོས་སུ་སྐྱེ་བར་མཐོང་བའི་ཕྱིར་རོ། །རིགས་པ་ཅན་པ་ལ་དཔེ་མ་གྲུབ་བོ་སྙམ་ན། སངས་རྒྱས་པར་མ་ཟད་རིགས་པ་ཅན་པ་དེ་དག་ཀྱང་འབྲས་བུ་འདྲ་བ་དེའི་རང་གི་ངོ་བོ་ཅན་གྱི་དངོས་པོ་རྣམས་ཀྱི་འདྲ་བ་དེའི་རང་བཞིན་ཅན་ལ་བརྒལ་ཞིང་བརྟགས་པ་ན་འདྲ་བ་དེའི་རང་བཞིན་གྱི་རྒྱུ་ལས་སྐྱེས་པ་ནི། འབྲས་བུ་འདྲ་བ་དེའི་རང་བཞིན་དངོས་རྒྱུའི་རང་བཞིན་འདྲ་བ་ལ་བརྟེན་ཏེ། དཔེར་ན་ས་ལུའི་ས་བོན་ལ་སོགས་པ་རྒྱུ་འདྲ་བ་དག་ལས་ནི། འབྲས་བུ་འདྲ་བ་དེ་བསྐྱེད་པ་ཡིན་ཡང་འབྲས་བུ་འདྲ་ཞེས་པ་དེ་མ་ཡིན་པའི་རང་གི་ངོ་བོ་ཅན་གྱི་དངོས་པོ་རྣམས་ཀྱི་འདྲ་བ་དེ་མ་ཡིན་པའི་རང་བཞིན་ཅན་ལ་སངས་རྒྱས་པས་བརྒལ་ཞིང་བརྟགས་པ་ནི། འདྲ་བ་དེའི་རང་བཞིན་མིན་པའི་རྒྱུ་ལས་སྐྱེས་པ་ནི་འབྲས་བུ་འདྲ་བ་དེའི་རང་བཞིན་མིན་པ་རྒྱུ་མི་འདྲ་བའི་རང་བཞིན་ལ་བརྟེན་ཏེ། དཔེར་ན་འདྲ་བ་དེ་ལས་གཞན་པ་ནས་དང་སྲན་མ་ལ་སོགས་པ་དག་ལས་ནི་གཞན་འབྲས་བུ་མི་འདྲ་བ་བསྐྱེད་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་ཞེས་སྨྲ་བར་བྱེད་པས་དཔེ་མ་གྲུབ་པ་མིན་ནོ། །ཇི་ལྟར་ན་རྒྱུའི་རང་བཞིན་ལ་བརྟེན་ནས་འབྲས་བུ་རྣམ་པར་འཇོག་ཅེ་ན། ཤེས་བྱ་ཆོས་ཅན། འབྲས་བུའི་རྣམ་པར་དབྱེ་བ་རྒྱུའི་རྣམ་པར་དབྱེ་བ་ཁོ་ནས་བྱས་པ་ཡིན་ཏེ། གློ་བུར་བའམ་རྒྱུ་མེད་པ་ནི་ཡུལ་དང་དུས་དང་རང་བཞིན་ངེས་པ་ཅན་དུ་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་ཕྱེད་ཀྱི་དོན་བརྗོད་ཟིན་ནས་ཚིག་རྐང་ཕྱི་མ་གཉིས་ཀྱི་དོན་བརྗོད་པའི་སྒོ་ནས་རྐྱེན་གསུམ་ལས་སྐྱེས་པའི་ཕྱོགས་ཆོས་སྟོན་པ་དེ་ལ། བདེ་བ་ལ་སོགས་པ་ཆོས་ཅན། དམིགས་ཡུལ་མེད་པར་སྐྱེ་བ་མ་ཡིན་ཏེ། བདེ་སོགས་བདག་ཉིད་ཇི་ལྟ་བུའི་ཡུལ་དང་རྗེས་སུ་འབྲེལ་བའི་བདེ་བ་ལ་སོགས་པ་རྣམས་དམིགས་རྐྱེན་དེ་ཚོགས་པ་མེད་པར་མི་འབྱུང་ཞིང་ཡོད་ན་ཁྱོད་འབྱུང་བའི་ཕྱིར། བདག་རྐྱེན་དབང་པོ་མེད་པར་ཡང་སྐྱེ་བ་མ་ཡིན་ཏེ། ཡུལ་གཟུགས་ལ་སོགས་པ་དང་རྗེས་སུ་འབྲེལ་བའི་ཁྱོད་ཀྱི་རང་བཞིན་རྣམས་གཟུགས་སོགས་དེའི་ཡུལ་ཅན་གྱི་དབང་པོ་དང་བྲལ་བ་ལ་སྐྱེ་བར་མ་མཐོང་ཞིང་བདག་རྐྱེན་དབང་པོ་ཉམས་པ་མེད་པར་ཉེ་བར་གནས་པའམ་མངོན་དུ་ཕྱོགས་པ་ན་སླར་ཡང་འབྱུང་བའི་ཕྱིར་རོ། །དེ་མ་ཐག་རྐྱེན་ཡིད་ལ་བྱེད་པ་མེད་པར་ཡང་ཁྱོད་སྐྱེ་བ་མིན་ཏེ། དམིགས་རྐྱེན་དང་བདག་རྐྱེན་གཉིས་ཀ་ཚོགས་ཀྱང་གཉིད་དང་བརྒྱལ་བ་ལ་སོགས་པས་བསླད་པའི་བློ་ཅན་ལ་ཁྱོད་བྱུང་བ་མེད་ཅིང༌། མ་བསླད་པ་ཅན་ལ་འབྱུང་བའི་ཕྱིར་རོ། །དབང་པོའི་རྣམ་པར་ཤེས་པ་ཆོས་ཅན། རྐྱེན་གསུམ་དུ་མ་འདུས་པའི་ཁྱོད་ཀྱི་རྐྱེན་མེད་དེ། ཁྱོད་སྐྱེ་བ་ལ་རྒྱུའི་ཚོགས་པ་རྐྱེན་གསུམ་པོ་འདི་དག་ཙམ་ཁོ་ནར་ཟད་པའི་ཕྱིར་རོ། །རྐྱེན་གསུམ་ལས་སྐྱེས་པ་དེས་ན་རྣམ་པར་ཤེས་པ་དང་བདེ་བ་ལ་སོགས་པ་ཆོས་ཅན། དམིགས་པ་མེད་པ་བེམ་པོའི་བདག་ཉིད་མིན་ནོ། །ཁྱབ་པ་ཡོད་དེ། རྒྱུའི་རྐྱེན་གསུམ་གྱི་རང་གི་ངོ་བོ་སོ་སོར་ངེས་པས་རྒྱུ་དེའི་འབྲས་བུའི་རང་གི་ངོ་བོ་སོ་སོར་ངེས་པས་སོ། །རྣམ་པར་ཤེས་པ་ཆོས་ཅན། བདེ་བ་ལ་སོགས་པ་དང་རྐྱེན་གསུམ་ལས་སྐྱེས་ཀྱང་ཤེས་པར་མི་མཚུངས་ཏེ། ཁྱོད་བདག་གི་ཡོན་ཏན་འདུས་བྱས་པ་ལས་སྐྱེས་པས་ཤེས་པ་ཡིན་ལ། བདེ་བ་ལ་སོགས་པ་མ་སྐྱེས་པས་བེམ་པོར་ངེས་པ་ཡིན་པའི་ཕྱིར་ཞེ་ན། བདག་གི་ཡོན་ཏན་འདུས་བྱས་ལས་སྐྱེས་པ་མིན་པར་ཐལ། བདག་གི་ཡོན་ཏན་འདུས་བྱས་དེའི་ནུས་པ་ཁྱོད་ལ་ཕན་འདོགས་བྱེད་དུ་འཇུག་པར་ཚད་མས་མ་མཐོང་བའི་ཕྱིར། ཁྱབ་པ་ཡོད་དེ། རྐྱེན་གསུམ་དེ་ཙམ་ལས་བྱུང་བ་ལས་གཞན་ཕན་འདོགས་བྱེད་མིན་པ་རྒྱུར་བརྟགས་ན་ནི་ཁྱོད་ཀྱི་རྒྱུ་མ་ཡིན་པའང་ཁྱོད་ཀྱི་རྒྱུར་ཧ་ཅང་ཐལ་བར་གྱུར་པའི་སྐྱོན་ཡོད་པའི་ཕྱིར་རོ། །འདུས་བྱས་པ་ཞེས་བྱ་བའི་སྒྲའི་བསྟན་བྱའི་དོན་ཆོས་ཅན། བེམ་པོའི་དངོས་པོ་མིན་པར་ཐལ། རང་འབྲས་རྣམ་ཤེས་ཕྱི་མའི་རྒྱུར་རུང་བའི་རྣམ་པར་ཤེས་པ་སྔ་མ་ཉིད་ཡིན་པའི་ཕྱིར་རོ། །རྟགས་གྲུབ་པར་ཆོས་ཀྱི་གྲགས་པ་ཁོ་བོས་རྟོགས་སོ། །བསལ་བ་དངོས། དབང་ཤེས་འཁོར་གྱི་བདེ་བ་ལ་སོགས་པ་ཤེས་པ་སྔ་མ་སྔོན་དུ་འགྲོ་བ་ཅན་ཡིན་མོད་ཡིད་ཤེས་འཁོར་གྱི་བདེ་བ་ལ་སོགས་པའི་རྒྱུ་ཤེས་པ་སྔ་མར་ཅི་ལྟར་འགྱུར་ཞེ་ན། ནང་གི་བྱེད་པ་ཡིད་ཤེས་ལས་བྱུང་བའི་བདེ་བ་ལ་སོགས་པ་རྣམས་ཆོས་ཅན། རང་གི་ཉེར་ལེན་རྣམ་ཤེས་སྔ་མ་སྔོན་དུ་སོང་བར་ཐལ། རང་གི་ཉེར་ལེན་རྣམ་པར་ཤེས་པ་སྔ་མ་གོམས་པ་གཡེར་བའམ་ཁྱད་པར་ཅན་དུ་གྱུར་པ་དང་གཞན་པ་ཉིད་ལ་སོགས་པ་དེ་ལས་ཕྱིན་ཅི་ལོག་ཏུ་གོམས་པ་ལ་སོགས་པའི་ཁྱད་པར་གྱི་རྗེས་སུ་བྱེད་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཆོས་ཅན། ཁྱད་པར་མེད་པར་ཐལ་བར་འགྱུར་ཏེ། རྒྱུ་རྐྱེན་གསུམ་ལས་སྐྱེས་པར་མཚུངས་པའི་ཕྱིར་རོ་ཞེ་ན། ཁྱད་པར་མེད་པ་མིན་པར་ཐལ། རྐྱེན་གསུམ་དེའི་ཚོགས་པ་ཉིད་ཀྱི་ནང་དུ་འདུས་པའི་ཡིད་དུ་འོང་བ་དང་མི་འོང་བ་ལ་སོགས་གོམས་པའི་ཁྱད་པར་གྱིས་བདེ་སྡུག་གི་རང་བཞིན་དུ་བྱས་པ་ཉིད་ཕྱིར། དཔེར་ན་ཐག་ཉེ་རིང་གི་བྱེ་བྲག་གིས་དོན་གཅིག་ལ་ཡང་ཐེ་ཚོམ་ཟ་བ་དང་གཏན་ལ་འབེབས་པ་ལ་སོགས་པའི་ཤེས་པ་འབྱུང་བ་བཞིན་ནོ། །རིག་པ་ཅན་བདེ་བ་ལ་སོགས་པ་ནང་གི་བེམ་པོར་འདོད་པ་བཀག་ཟིན་ནས་གཞན་གྲངས་ཅན་པ་དག་ཕྱི་རོལ་གྱི་བེམ་པོར་འདོད་པ་འགོག་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། བདེ་བ་ལ་སོགས་པ་ནི་ནང་མ་ཡིན་ལ་སེམས་པ་ཅན་ཡང་མ་ཡིན་གྱི་བདེ་བ་ལ་སོགས་པ་དེའི་བདག་ཉིད་དུ་གྱུར་པའི་རྣམ་འགྱུར་སྒྲ་ལ་སོགས་པ་བློའི་མེ་ལོང་ལ་ཤེས་རིག་གིས་ཉམས་སུ་མྱོང་བ་ལས་བདེ་བ་ལ་སོགས་པ་དེ་ཉམས་སུ་མྱོང་བ་ཤེས་པ་ལྟ་བུར་འཇིག་རྟེན་པས་རྟོགས་པ་ཡིན་ནོ་ཞེས་བདེ་སོགས་ཕྱི་རོལ་ཏུ་འདོད་པ་དེའི་ལྟར་ན་ཡང་འཐད་པ་མིན་ཏེ། འདི་ལྟར་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཆོས་ཅན། ཕྱི་དོན་གྱི་རང་བཞིན་མིན་པར་ཐལ། ཕྱི་རོལ་གྱི་དངོས་པོ་ཁྱད་པར་མེད་ན་ཡང་ཡིད་དུ་འོང་བ་དང་མི་འོང་བ་གོམས་པས་ཁྱོད་དགའ་བ་དང་ཡོངས་སུ་གདུང་བའི་ཁྱད་པར་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཁྱབ་པ་མ་གྲུབ་བོ་ཞེས་རྩོད་ན། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཆོས་ཅན། སྒྲ་ལ་སོགས་པ་ཁྱད་པར་མེད་པ་ལ་སྙན་པ་དང་མི་སྙན་པ་ལ་སོགས་པ་གོམས་པའི་ཁྱད་པར་ལས་དགའ་བ་དང་ཡོངས་སུ་གདུང་བའི་ཁྱད་པར་དུ་མི་འགྱུར་བར་ཐལ། གང་གི་ཕྱིར་ན། སྒྲ་ལ་སོགས་པའི་ཕྱི་རོལ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་སྔོན་པོ་དང་སེར་པོ་ལ་སོགས་པའི་སྣང་བའི་ཁྱད་པར་གོམས་པ་ལ་མི་ལྟོས་པ་བཞིན་ནོ། །བདེ་བ་ལ་སོགས་པ་དེ་དག་ནི་ཆོས་ཅན། བློ་ཉིད་ཡིན་ཏེ། ཕྱི་རོལ་དེའི་ཁྱད་པར་ལ་མི་ལྟོས་པ་རང་གི་ཉེར་ལེན་ཡིད་བྱེད་གོམས་པའི་ཁྱད་པར་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །དཔེར་ན་ཤེས་རབ་དང་བརྩེ་བ་ལ་སོགས་པ་བཞིན་ནོ། །བདེ་སོགས་ཕྱི་རོལ་གྱི་དོན་དུ་འདོད་པ་བཀག་ནས་སེམས་ཅན་དུ་བསྒྲུབ་པ་ལ། མྱོང་ཕྱིར་སེམས་པ་ཞེས་གསུངས་པ་གསལ་བར་སྟོན་པ་ནི། བདེ་བ་ལ་སོགས་པ་འདི་དག་ནི་ཆོས་ཅན། ནང་ཡིན་པར་མ་ཟད་སེམས་པ་ཅན་ཡང་ཡིན་ཏེ། རང་མྱོང་བྱེད་ཀྱི་ཤེས་པས་རང་གི་བདག་ཉིད་དུ་མྱོང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཐལ་འགྱུར་སྟོན་པ་ལ། དེའི་རང་བཞིན། །མ་ཡིན་མྱོང་བ་མིན་ཕྱིར་རོ། །ཞེས་གསུངས་པའི་དོན་ནི། བདེ་སོགས་མྱོང་བྱེད་ཀྱི་ཤེས་པ་དེ་ནི་ཆོས་ཅན། བདེ་སོགས་དེ་མྱོང་བར་བྱེད་པ་མིན་པར་ཐལ། གང་གི་ཕྱིར་ན། བདེ་སོགས་ཀྱི་ཡུལ་ཅན་ཡིན་པ་གང་ཞིག ཡུལ་བདེ་སོགས་གང་གི་རྣམ་པ་མྱོང་བ་མིན་པའམ་མ་ཤར་བའི་ཕྱིར་རོ། །སྡུག་བསྔལ་དང་ཕན་ཚུན་རང་བཞིན་གཅིག་ཏུ་མེད་པའི་བདེ་བ་སྡུག་བསྔལ་ལ་རྣམ་པ་མ་ཤར་བས་སྡུག་བསྔལ་མྱོང་བྱེད་ཀྱི་ཤེས་པས་མྱོང་བ་མེད་པ་བཞིན་ནོ། །ཤེས་རིག་འདི་གཟུགས་སོགས་འདིའི་མྱོང་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཡུལ་ཡུལ་ཅན་དུ་འབྲེལ་བའི་རྒྱུ་མཚན་ནི་ཡུལ་མངོན་པར་གསལ་བ་ཡིན་པའི་ཕྱིར་རྣམ་པ་མ་ཤར་ཡང་མི་རྟོགས་པའི་སྐྱོན་མེད་དོ་ཞེ་ན། ཡུལ་མངོན་པར་གསལ་བ་ཆོས་ཅན། ཁྱོད་ཡུལ་རྟོགས་པའི་མཚན་ཉིད་དུ་མི་རིགས་པར་ཐལ། ཁྱོད་ཡུལ་རྟོགས་པའི་མཚན་ཉིད་ཡིན་ན། དབང་པོ་ལ་སོགས་པ་ལ་ཡང་ཁྱོད་ཡོད་པས་དབང་པོ་ལ་སོགས་པ་རྣམས་ཀྱིས་ཡུལ་རྟོགས་པར་ཐལ་བའི་སྐྱོན་ཡོད་པས་སོ། །དེས་ན་ཡུལ་དེ་མྱོང་བའམ་རྟོགས་པའི་མཚན་ཉིད་ནི་ཡུལ་ལས་སྐྱེས་ལ་འདྲ་བ་ཉིད་ཡིན་པར་རིགས་པ་ཡིན་ནོ། །སེམས་པ་ཅན་ཆོས་ཅན། ཡུལ་དེ་དང་འདྲ་བ་ཡང་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། སྔར་འདྲ་བ་དེའི་བདག་ཉིད་མིན་པ་མི་འདྲ་བ་ཡིན་པས་ཕྱིས་ཀྱང་མི་འདྲ་བ་དེའི་བདག་ཉིད་ལས་ཉམས་པ་མེད་པའི་ཕྱིར་ཞེ་ན། ཐལ་འགྱུར་འདི་ནི་ཆོས་ཅན། གཞན་གྲངས་ཅན་པ་འདིའི་གྲུབ་མཐའི་ཉེས་པ་ལ་གནོད་བྱེད་ཡིན་ཏེ། གྲངས་ཅན་པ་ཁྱོད་ཀྱིས་རྟགས་བསལ་ཁས་བླངས་ཤིང་ཁྱབ་པ་ཚད་མས་གྲུབ་པའི་ཐལ་འགྱུར་ཡིན་པའི་ཕྱིར། བདེ་སོགས་མྱོང་བྱེད་ཀྱི་ཤེས་པ་ཆོས་ཅན། བདེ་སོགས་མྱོང་བ་མིན་པར་ཐལ། བདེ་སོགས་ལས་དོན་གཞན་བདེ་སོགས་དང་འདྲ་བ་མེད་པའི་ཕྱིར་རོ། །རྟགས་ཁས་བླངས། རྣམ་པ་མ་ཤར་ཡང་རིག་ཙམ་དུ་ཡོད་པས་མྱོང་བྱེད་ཡིན་ནོ་ཞེ་ན། ཡུལ་ལྔ་ལ་ཉེ་རིང་གི་ཁྱད་པར་མེད་པའི་རིག་ཙམ་དུ་ཡོད་པ་ཉིད་ནི་ཆོས་ཅན། གཟུགས་ཀྱི་རང་བཞིན་དུ་གྱུར་པའི་བདེ་སོགས་དེའི་མྱོང་བྱེད་དུ་རིགས་པ་མ་ཡིན་པར་ཐལ། ཡིན་ན་ཡུལ་ལྔ་ཐམས་ཅད་ལ་རིག་ཙམ་དུ་ཡོད་པར་ཁྱད་པར་མེད་པས་ཁྱོད་ཉིད་ཀྱིས་ཡུལ་ཐམས་ཅད་རིག་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །ཤེས་པ་དེ་ལ་ཡུལ་གྱི་རྣམ་པ་ཤར་བ་ཡོད་ན་ནི་དབང་ཤེས་ཆོས་ཅན། འདྲ་བར་བྱེད་པ་ཡུལ་ལ་སྦྱོར་བའམ་འབྲེལ་བ་ཡིན་ཏེ། ཡུལ་གྱི་རྣམ་པ་ཤར་བའི་ཤེས་པ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བདེ་བ་ལ་སོགས་པ་ནི་སེམས་པ་ཅན་ཡིན་པར་གྲུབ་སྟེ། བདེ་བ་ལ་སོགས་པ་ཡང་སིམ་པར་ཉམས་སུ་མྱོང་བ་ཡིན་ཞིང༌། སིམ་པར་ཉམས་སུ་མྱོང་བ་གང་ཡིན་པ་འདི་ཉིད་ཀྱང་ཁོ་བོ་ཅག་གི་བདེ་བ་ཡིན་པའི་ཕྱིར་རོ། །ཡུལ་བདེ་སོགས་དེ་དང་འདྲ་བའི་ཕྱིར་མྱོང་བ་ཤེས་རིག་དེ་ཡུལ་དེ་འཛིན་པའི་བདག་ཉིད་དུ་ཁས་ལེན་པ་ཡིན་ན། བདེ་བ་ལ་སོགས་པ་ཆོས་ཅན། མྱོང་བ་ཤེས་པ་མ་ཡིན་པར་འགྱུར་ཏེ། རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར། བུམ་སོགས་བཞིན་ཞེ་ན། སངས་རྒྱས་པ་ཆོས་ཅན། རྣམ་པ་གཏོད་བྱེད་ཡིན་པས་ཕྱི་རོལ་གྱི་དོན་དུ་ཁས་ལེན་པ་མིན་ཏེ། བདེ་སོགས་བེམ་པོར་འདོད་པ་ཁྱོད་ཀྱི་ཕྱོགས་ལ་ཡང་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ཤེས་རིག་ནི་ཡུལ་དང་འདྲ་བར་ཡོད་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་ངེད་ཀྱིས་ཡུལ་གྱི་རྣམ་པ་ཤར་བ་ཡུལ་རྟོགས་པའི་མཚན་ཉིད་དུ་བཀོད་པའི་ཕྱིར་རོ། །ངེད་ཀྱིས་ནི་བདེ་སོགས་དེ་ལ་ཡང་འདི་ལྟར་འདོད་དེ། བདེ་བ་ཆོས་ཅན། ཕྱི་རོལ་གྱི་དངོས་པོ་མ་ཡིན་ཏེ། སེམས་པ་ཅན་དང་མཐའ་གཅིག་ཏུ་དགའ་བར་ནང་དུ་ཉམས་སུ་མྱོང་བ་ཉིད་དུ་ཚད་མས་མཐོང་བའི་ཕྱིར་རོ། །སྡུག་བསྔལ་ཆོས་ཅན། ཕྱི་རོལ་གྱི་དངོས་པོ་མིན་པར་ཐལ། ཡོངས་སུ་གདུང་བར་སེམས་པ་ཅན་དང་གཅིག་ཏུ་ཉམས་སུ་མྱོང་བ་ཉིད་དུ་ཚད་མས་མཐོང་བའི་ཕྱིར་རོ། །བདེ་སོགས་སེམས་པ་ཅན་དུ་བསྟན་ནས་དོན་གྱི་རྣམ་པར་འདོད་པ་དགག་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། སྒྲ་ལ་སོགས་པས་གཏད་པའི་དོན་གྱི་རྣམ་པ་ཡིན་ནོ་ཞེ་ན། ཉམས་སུ་མྱོང་བ་འདིའི་བདེ་བའི་བདག་ཉིད་འདི་ཆོས་ཅན། གཞན་ཕྱི་རོལ་གྱིས་འཇོག་པར་བྱེད་པའི་ཕྱི་རོལ་གྱི་དོན་རྣམས་ཡིན་པར་ནི་རིགས་པ་ཡང་མ་ཡིན་པར་ཐལ། ཕྱི་རོལ་དེ་ཁྱད་པར་མེད་ཀྱང་སྲོག་ཆགས་ཀྱི་རང་བཞིན་ཐ་དད་དང་ཡིད་བྱེད་གོམས་པའི་ཁྱད་པར་ལས་ཁྱོད་ཀྱི་བདག་ཉིད་ཁྱད་པར་དུ་གྲུབ་ཅིང་ཉམས་སུ་མྱོང་བའི་ཕྱིར་རོ། །ཡིད་བྱེད་གོམས་པའི་ཁྱད་པར་དང་ལྡན་པ་ནི་བློ་ཡིན་གྱི་མྱོང་བ་ཤེས་རིག་ནི་མིན་ནོ་ཞེ་ན། ཁྱད་པར་མེད་པ་ལ་ཁྱད་པར་འབྱེད་པ་མི་འཐད་པར་མཐོང་ནས་བློ་ཞེས་བྱ་བ་འདི་ཅི་ཞིག་ཅེས་དྲིས་པ་ན། ཞེན་པའོ་ཞེས་ལན་འདེབས་པར་བྱེད་དོ། །མྱོང་བ་ཞེས་པ་འདི་ཅི་ཞིག་ཅེས་དྲིས་པ་ན། ཡུལ་ཉམས་སུ་མྱོང་བའོ་ཞེས་ལན་འདེབས་པར་བྱེད་དོ། །བློ་མྱོང་འདི་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་སྨྲས་པ་ན། ཡུལ་གྱི་རྣམ་པ་དང་འདྲ་བ་ཅན་གྱི་དོན་བེམ་པོ་ནི་མྱོང་བ་མེད་པ་བློའི་མཚན་ཉིད་ཡིན་ལ། གཞན་ཡུལ་གྱི་རྣམ་པ་ཤར་བ་མེད་པ་ནི། མྱོང་བའི་མཚན་ཉིད་དུ་འཇོག་པར་བྱེད་དོ། །མྱོང་བ་མེད་པའི་འདྲ་བ་བློའི་མཚན་ཉིད་ཡིན་ན་ནི། འདྲ་བ་གཞན་ཤེས་བྱ་ཡང་ཆོས་ཅན། བློ་དེར་འགྱུར་བར་ཐལ། མྱོང་བ་མེད་པའི་འདྲ་བ་ཡིན་པའི་ཕྱིར། བློའི་མཚན་ཉིད་དེ་ལ་རིགས་མི་མཐུན་རྩོད་པའི་ཁྱད་པར་གཞན་ཡོད་ན་ཡང་བརྗོད་དགོས་སོ། །རང་ཉིད་ཀྱིས་གཞན་གྱི་བློའི་མཚན་ཉིད་ཁྱད་པར་དོགས་པ་བསུས་ནས་འགོག་པ་ནི། ནང་གི་བྱེད་པ་ཉིད་ཆོས་ཅན། བློའི་མཚན་ཉིད་དུ་མི་འཐད་པར་ཐལ། བློ་དེའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར། ལ་སོགས་པས་ཤིན་ཏུ་དྭངས་པ་དང་ནང་ཉིད་བཟུང་ངོ༌། །རྟགས་གྲུབ་སྟེ། ནང་གི་བྱེད་པ་ཅི་འདྲ་ཞེས་འདྲི་ན། བློ་ཡིན་ནོ་ཞེས་བརྗོད་དགོས་པའི་ཕྱིར། ནང་གི་ཆོས་སུ་གཏོགས་པ་ཆོས་ཅན། བློའི་མཚན་ཉིད་དུ་བསྒྲགས་པར་བྱ་བ་མ་ཡིན་པར་ཐལ། བློ་ཐུན་མོང་མིན་པར་རྟོགས་པར་བྱེད་པའི་ཡན་ལག་མིན་པའི་ཕྱིར། རྟགས་ཅིའི་ཕྱིར་ཞེ་ན། ནང་གི་ཆོས་སུ་གཏོགས་པའི་རྣམ་པ་དེ་ལྟ་བུ་ནི་ཤིན་ཏུ་དྭངས་པའི་དབང་པོ་གཟུགས་ཅན་ལ་སོགས་པའི་ཁྱད་པར་གཞན་ལ་ཡོད་པའི་ཕྱིར་རོ། །བློ་སེམས་མེད་དུ་འདོད་པ་ཡང་དགག་པར་བྱ་སྟེ། བློ་དེས་ནི་ཆོས་ཅན། སྒྲ་ལ་སོགས་པའི་དོན་རྣམ་པར་འཇོག་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། སེམས་པ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། ཡུལ་སྒྲ་ལ་སོགས་པ་རྣམ་པར་འཇོག་པ་ཡང་མྱོང་བའི་མཐར་ཐུག་པའམ་དེ་ཁོ་ན་ལ་རག་ལས་པའི་ཕྱིར། འདྲ་བ་ཙམ་ལས་འཇོག་གོ་ཞེ་ན། ཤེས་བྱ་ཆོས་ཅན། ཡུལ་དང་འདྲ་བ་ཙམ་ལས་ཡུལ་འཇོག་པར་རིགས་པ་མིན་པར་ཐལ། དེ་ཡིན་ན་མེ་ལོང་ལ་སོགས་པས་ཀྱང་ཡུལ་འཇོག་པ་ལ་སོགས་པའི་ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །དོན་མི་འཇོག་པ་དང་ཧ་ཅང་ཐལ་བའི་སྐྱོན་ཡོད་པར་མ་ཟད་ཕྱིའི་སྒྲ་ལ་སོགས་པའི་བདེ་བ་ཁྱད་པར་མེད་ཀྱང་ནང་བློའི་བདེ་བ་ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བ་ཡང་ཆོས་ཅན། ཚིག་ཙམ་ཡིན་གྱི་རིགས་པས་འཐད་པ་མིན་པར་ཐལ། ཁྱོད་གྱིས་བེམ་པོའི་རང་བཞིན་དུ་གྱུར་པའི་བློ་ལ་ཁྱད་པར་དུ་འགྱུར་མི་འགྱུར་ཆ་གཉིས་སུ་བསྟན་པ་གང་ཞིག ཡིད་བྱེད་ལས་ཁྱད་པར་དུ་འགྱུར་མི་འགྱུར་འདི་དག་ཕྱིའི་བེམ་པོ་གཅིག་ལ་ཅིག་ཆར་འགལ་བའི་ཕྱིར། གཞན་གྲངས་ཅན་པ་དག་ལ་ཡང་ཡིད་བྱེད་གོམས་པས་ཁྱད་པར་དུ་བྱས་པ་ཅན་གྱི་བློ་ནི་ཆོས་ཅན། སེམས་པ་ཡོད་པ་ལས་རྫས་གཞན་དུ་ཡོད་པར་རིགས་པ་མིན་པར་ཐལ། ཁྱོད་སེམས་པ་ཅན་ལས་རྫས་གཞན་དུ་ཡོད་ན་དོན་འཇོག་བྱེད་དུ་མི་རུང་བ་ལ་སོགས་པའི་སྐྱོན་ཡོད་པ་དེའི་ཕྱིར། གཞན་གྱིས་བརྟགས་པའི་བློའི་མཚན་ཉིད་དང་བློ་སེམས་མེད་དུ་འདོད་པ་བཀག་ཟིན་ནས་བློ་མྱོང་གཅིག་ཏུ་མངོན་སུམ་གྱིས་གྲུབ་པར་བསྟན་པ་ནི། བློ་ནི་ཆོས་ཅན། སེམས་པ་དེའི་རང་བཞིན་ལས་ལྡོག་པའི་བདག་ཉིད་མིན་པར་ཐལ། སེམས་པ་ཅན་ལས་ལྡོག་པར་ཚད་མས་རྟོགས་པ་མེད་པའི་ཕྱིར་རོ། །བློ་འདི་དག་ནི་ཆོས་ཅན། སེམས་པ་ཅན་ཡིན་ཏེ། རེས་འགའ་དགའ་བ་དང་རེས་འགའ་ཞུམ་པ་ལ་སོགས་པའི་རྣམ་པར་འགྱུར་བ་རྣམ་པ་དུ་མའི་རང་བཞིན་ཅན་དུ་མཐའ་གཅིག་ཏུ་མྱོང་བ་ཉིད་ཡིན་པར་ཚད་མས་མཐོང་བའི་ཕྱིར། དེ་ལྟ་བུའི་བློའི་རང་བཞིན་དེ་ལ་མིང་ནི་བེམ་པོ་ཞེས་སོགས་ཇི་ལྟར་འདོད་པར་བརྡ་བྱེད་ལ་རག་གོ །མྱོང་བ་ཤེས་རིག་ནི་མངོན་སུམ་གྱིས་གྲུབ་པ་མིན་ལ་བློའི་རྣམ་པར་འགྱུར་བ་ནི་མངོན་སུམ་གྱིས་གྲུབ་པ་ཡིན་པས་གཅིག་ཏུ་མྱོང་བ་མི་འཐད་དོ་ཞེ་ན། རང་རྒྱུད་ཀྱི་ལོངས་སྤྱོད་བྱེད་ཀྱི་ཤེས་པ་ནི་ཆོས་ཅན། ཁྱོད་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། ཁྱོད་མངོན་སུམ་གྱིས་གྲུབ་པ་མིན་ན་གཞན་རྒྱུད་ཀྱི་མངོན་སུམ་བཞིན་དུ་ཁྱོད་ཀྱི་ལོངས་སྤྱད་བྱ་དང་སྤྱོད་པ་ཐམས་ཅད་རང་རྒྱུད་ཀྱི་མངོན་སུམ་གྱིས་གྲུབ་པ་མ་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེར་མ་ཟད་ཡུལ་ཡོད་པ་ཙམ་ལས་ཡུལ་ལ་ལོངས་སྤྱོད་པར་ཡང་འགྱུར་ཏེ། ལོངས་སྤྱོད་བྱེད་ཀྱི་ཤེས་པ་མངོན་སུམ་གྱིས་མ་གྲུབ་པར་ལོངས་སྤྱོད་པ་མངོན་སུམ་གྱིས་མ་གྲུབ་པའི་ཕྱིར་རོ། །དེར་མ་ཟད་ཡུལ་དེ་ལ་ལོངས་སྤྱོད་བྱེད་ཀྱི་ཤེས་པ་དེ་ཆོས་ཅན། ཡུལ་ལ་ལོངས་སྤྱོད་བྱེད་དུ་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་པར་ཐལ། ཁྱོད་མངོན་སུམ་གྱིས་གྲུབ་པ་མིན་པས་ཁྱོད་ཀྱིས་ཡུལ་རྟོགས་པའི་ཁྱད་པར་ཚད་མས་མ་གྲུབ་པའི་ཕྱིར་རོ། །ཚད་མས་མ་གྲུབ་པའི་ཉེས་པ་མེད་དེ། རྗེས་དཔག་གིས་རྟོགས་པས་སོ་ཞེ་ན། ཡུལ་ལ་ཉེ་བར་ལོངས་སྤྱོད་བྱེད་ཀྱི་རང་རྒྱུད་ཀྱི་ཤེས་པ་ཆོས་ཅན། ཡུལ་ལ་ཉེ་བར་ལོངས་སྤྱོད་བྱེད་ཀྱི་རང་རྒྱུད་ཀྱི་ཤེས་པ་མིན་པར་ཐལ། རང་རྒྱུད་ལ་རྟགས་ཅན་གྱི་བློས་བསྒྲུབ་དགོས་པའི་ལྐོག་གྱུར་ཡིན་པའི་ཕྱིར། གཞན་རྒྱུད་ཀྱི་ལོངས་སྤྱོད་བྱེད་ཀྱི་ཤེས་པ་བཞིན་ནོ། །རང་རྒྱུད་ལ་ཁྱོད་བསྒྲུབ་པའི་རྟགས་དེ་ལས་ཀྱང་ཁྱོད་མི་འགྲུབ་པར་ཐལ། རང་རྒྱུད་ལ་ཁྱོད་བསྒྲུབ་པའི་རྟགས་མ་གྲུབ་པའི་ཕྱིར། སྔར་བློ་ལྐོག་གྱུར་དུ་མི་འཐད་པས་དེ་བསྒྲུབ་པའི་རྟགས་ཀྱང་མི་འཐད་པར་ཇི་སྐད་བཤད་པ་བཞིན་ནོ། །ཤེས་རིག་ནི་ཤིན་ཏུ་ལྐོག་གྱུར་ཡིན་ལ་བློ་ལ་དོན་གྱི་གཟུགས་བརྙན་ཤར་བ་ནི་ལོངས་སྤྱོད་ཡིན་ཞིང་མངོན་སུམ་གྱིས་གྲུབ་པ་ཡང་ཡིན་ནོ་ཞེ་ན། ཁྱོད་དེ་ལྟར་ཁས་ལེན་པ་ཡིན་ན་ཡང༌། གྲངས་ཅན་ཆོས་ཅན། གཞན་ལྐོག་གྱུར་གྱི་ཤེས་པ་ཡོད་པར་བརྟགས་པ་ནི་དོན་མེད་པར་ཐལ། ཤེས་པས་ཡུལ་དམིགས་པ་མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཡུལ་ལ་དམིགས་པ་མངོན་སུམ་གྱིས་གྲུབ་ན་ལོངས་སྤྱད་བྱ་སྤྱོད་བྱེད་སྤྱོད་པའི་ཐ་སྙད་ཐམས་ཅད་རྫོགས་པར་གྲུབ་པའི་ཕྱིར། སྐབས་ཀྱི་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། བློ་ཡང་གཞན་ལ་ཉམས་སུ་མྱོང་བ་ཡང་རྫས་གཞན་པ་ནི་མིན་པར་ཐལ། བློ་དང་མྱོང་བ་དེ་ཡང་རང་བཞིན་གཅིག་ཏུ་ཚད་མས་མཐོང་བའི་ཕྱིར་རོ། །བློ་མྱོང་གཅིག་ཏུ་འདྲེས་པས་མ་ཕྱེད་པར་འདོད་པ་དགག་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། ལྕགས་གོང་དང་ནི་མེ་བཞིན་དུ་དོན་ཐ་དད་དུ་མེད་ཀྱང་བློ་མྱོང་འདྲེས་པས་རྣམ་པར་དབྱེ་བ་མེད་དོ་ཞེས་མདོར་བསྟན་ནས། དེ་ཉིད་འགྲེལ་པ་ནི། མྱོང་བ་སེམས་པ་དང་ཞེན་པ་བློ་དག་རྫས་ཐ་དད་ཀྱང་ལྷན་ཅིག་ཏུ་འདྲེས་པས་རྣམ་པར་བསླད་པའི་གང་ཟག་གིས་བྱེ་བྲག་ཐ་དད་དུ་རྟོགས་པར་མི་འགྱུར་ཏེ། དཔེར་ན་ལྕགས་ཀྱི་གོང་བུ་དང་མེ་དོན་ལ་ཐ་དད་དུ་ཡོད་ཀྱང་ལྷན་ཅིག་ཏུ་འདྲེས་པས་ཐ་དད་དུ་མི་རྟོགས་པ་བཞིན་ནོ། །དོན་ལ་ཐ་དད་དུ་གང་གིས་ངེས་ཤེ་ན། ལྕགས་དེའི་གཟུགས་དང་མེའི་ཁ་དོག་དང་རེག་པ་ནི་ཕྱིས་ཐ་དད་དུ་ངེས་པའི་ཕྱིར་དོན་ལ་ཐ་དད་དོ་ཞེ་ན། ལན་ལ། དེ་ལྟར་ཡིན་ན་དངོས་ཀུན་ལ། །ཐ་དད་ཐ་དད་མེད་གཞག་ཉམས། །ཞེས་གསུངས་པ་འགྲེལ་པ་ནི། ཨེ་མའོ་ཞེས་བརྩེ་བའི་ཚིག་གིས་སྨྲས་པ། གྲངས་ཅན་པ་ཆོས་ཅན། རྫས་ཐ་དད་པ་འདི་དག་རྒྱུའམ་གཏན་ཚིགས་ཅི་ལ་བརྟེན་ནས་རྣམ་པར་འཇོག་སྟེ་འཇོག་བྱེད་མེད་པར་ཐལ། བདེ་བ་དང་སྔོན་པོ་ལ་སོགས་པ་རྣམ་པ་ཐ་དད་པར་བློ་མ་འཁྲུལ་བས་དམིགས་པ་དག་ཀྱང་རྫས་ཐ་དད་པ་མིན་པའི་ཕྱིར། དེ་ལྟ་ཡིན་ན་དངོས་ཀུན་ལ། །ཐ་དད་ཐ་དད་མེད་གཞག་ཉམས། །ཞེས་པའི་དོན་འགྲེལ་པ་ནི། ཐ་དད་པ་མ་ཡིན་པ་འདི་དག་རྒྱུའམ་གཏན་ཚིགས་ཅི་ལ་བརྟེན་ནས་རྣམ་པར་འཇོག་སྟེ་འཇོག་བྱེད་མེད་པར་ཐལ། དོན་གཅིག་ཏུ་བློ་མ་འཁྲུལ་བས་དམིགས་པ་ཐམས་ཅད་ལ་ཐ་དད་འདྲེས་པར་དོགས་པས་གཅིག་ཏུ་ངེས་པ་མེད་པའི་ཕྱིར་རོ། །རྫས་གཅིག་ཏུ་རྟོགས་པའི་ཚད་མ་དེ་རྫས་གཅིག་གི་སྒྲུབ་བྱེད་ཡིན་ནམ་མིན། ཡིན་ནོ་ཞེ་ན། དོན་གང་རྫས་གཅིག་དེ་ལྟར་མིན་པ། རྫས་ཐ་དད་དུ་རྟོགས་པའི་ཚད་མ་དེས་རྫས་ཐ་དད་འགྲུབ་པར་འགྱུར་བར་ཐལ། རྫས་ཐ་དད་མེད་པར་རིག་པའི་ཚད་མ་དེ་རྫས་གཅིག་གི་སྒྲུབ་བྱེད་ཡིན་པའི་ཕྱིར། མིན་ནོ་ཞེ་ན། རྫས་ཐ་དད་རྟོགས་པའི་ཚད་མ་དེ་རྫས་ཐ་དད་སྒྲུབ་བྱེད་དུ་འགྲུབ་པར་མི་འགྱུར་བར་ཐལ། རྫས་གཅིག་རིག་པའི་ཚད་མ་དེ་རྫས་གཅིག་སྒྲུབ་བྱེད་མིན་པའི་ཕྱིར། གྲངས་ཅན་གྱིས་ཐ་དད་དང་ཐ་དད་མིན་པའི་རྒྱུ་མཚན་སྤངས་སོ་ཞེས་སྟོན་པ་ནི། རྫས་ཐ་དད་དུ་རྣམ་པར་འཇོག་པའི་རྟེན་ཅི་ཡིན་ཏེ་མེད་པར་ཐལ། དཀར་པོ་དང་སྡུག་བསྔལ་ལ་སོགས་པ་རྫས་ཐ་དད་དུ་ཚད་མ་ལ་སྣང་བ་རྣམས་རྫས་ཐ་དད་མིན་པའི་ཕྱིར། རྫས་ཐ་དད་དུ་མེད་པའི་རྟེན་ནམ་རྒྱུ་ཅི་ཡིན་ཏེ་མེད་པར་ཐལ། རྫས་ཐ་དད་དུ་མེད་པར་ཚད་མ་ལ་སྣང་བའི་བློ་མྱོང་རྫས་ཐ་དད་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་རྩ་བས་སྤྱིར་བཀོད་ཅིང་འགྲེལ་པས་ཀྱང་བཀྲལ་བའི་དོན་སྡུད་པར་བྱེད་པས་བསྡུ་བའི་ཚིགས་སུ་བཅད་པ་དག་གོ །བློ་མྱོང་ཐ་དད་དུ་འདོད་པ་བཀག་ནས་དཔེ་ཡང་མ་གྲུབ་པར་སྟོན་པ་ནི། བློ་མྱོང་དུ་མ་ཟད་ལྕགས་ཀྱི་གོང་བུ་རེག་བྱ་ཚ་བ་དང་ཁ་དོག་དམར་པོར་གྱུར་པ་ལ་ཡང་བདག་ཉིད་གཅིག་ཏུ་འདོད་དེ། ཁ་དོག་དམར་བ་ཅན་གྱི་ལྕགས་ཀྱི་གོང་བུ་ཆོས་ཅན། ཁྱོད་མེ་དང་རང་བཞིན་ཐ་དད་པའི་རྫས་དག་ལྷན་ཅིག་འདྲེས་པའི་ཕྱིར་རྫས་ཐ་དད་དུ་བློས་ཐ་དད་དུ་རྣམ་པར་མ་ཕྱེད་པ་ནི་མིན་པར་ཐལ། རྐྱེན་མེ་དང་འབྲེལ་བ་ལས་རེག་བྱ་ཚ་བ་ཅན་དེ་ལྟར་སྐྱེས་པའི་གྲང་རེག་ལས་དོན་གཞན་གཅིག་ཉིད་དུ་ཚད་མས་མཐོང་བའི་ཕྱིར། ཅིའི་ཕྱིར་ཕྱིས་ནག་པོར་འགྱུར་ཞེ་ན། ཕྱིས་ཁྱོད་ཀྱི་ཁ་དོག་དམར་བ་དེ་ལྡོག་པ་ཡིན་ཏེ། ཡང་ཕྱིས་ཁྱོད་ཀྱི་ཁ་དོག་གི་རྫས་དེའི་རྒྱུན་རྣམ་པར་གནས་པའི་རྒྱུ་རྒྱུན་ཆད་པའི་ཕྱིར་རོ། །ལྡོག་པར་མ་ཟད་ལྕགས་དེའི་ཉེ་བར་ལེན་པ་ལ་ལྟོས་པ་ཅན་གྱི་གྲང་བའི་རེག་པ་དང་སོགས་པ་ཆུ་ལ་སོགས་པའི་རྐྱེན་རྣམས་ཆོས་ཅན། ཁྱོད་ལས་ཁ་དོག་དམར་བ་ལས་རྫས་གཞན་པའི་ཁ་དོག་ནག་པོ་ཅན་གྱི་ལྕགས་གོང་སྐྱེ་བ་ཡིན་ཏེ། དེའི་རྐྱེན་ཡིན་པའི་ཕྱིར། བདེ་བ་ལ་སོགས་པ་ཤེས་པའི་བདག་ཉིད་དུ་རང་རྒྱུད་ཀྱིས་བསྒྲུབས་ཤིང་བེམ་པོར་འདོད་པ་ཐལ་འགྱུར་གྱིས་རྒྱས་པར་བཀག་ཟིན་པའི་མཇུག་བསྡུ་བ་ནི། བདེ་བ་ལ་སོགས་པ་ཆོས་ཅན། ནང་ཡིན་ཞིང་མྱོང་བ་ཡང་ཡིན་ནོ། །མྱོང་བྱེད་ཀྱི་ཤེས་པས་རང་གི་བདག་ཉིད་དུ་མྱོང་བར་བྱ་བ་ཡིན་པ་དེའི་ཕྱིར་རོ། །རང་རིག་པའི་མངོན་སུམ་བཤད་ཟིན་ཏོ། །དཔྱོད་པ་པ་དང་རྒྱང་འཕེན་པ་གཉིས་ཚེ་སྔ་ཕྱི་མེད་ཅིང་དྲི་མ་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དྲི་མ་ཟད་པའི་རྣལ་འབྱོར་པའི་ཤེས་པ་མེད་པར་སྨྲ་བའི་ལོག་རྟོག་བསལ་བའི་ཕྱིར་དུ། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་ཞེས་གསུངས་པའི་དོན་འཆད་པ་ལ། མདོར་བསྟན་པ་ནི། འཇིགས་སོགས་བཞིན་དུ་བདག་མེད་བསྒོམས་པའི་སྟོབས་ཀྱིས་བདག་མེད་གསལ་བར་སྣང་བའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཅན། མངོན་སུམ་ཡིན་ཏེ། བསླུ་བ་ཅན་མིན་པའི་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། དེ་ཉིད་རྒྱས་པར་སྟོན་པ་ནི། བདག་མེད་སྟོན་པའི་བསྟན་བཅོས་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཚིག་བཟུང་བ་ངེས་པའི་བརྗོད་བྱའི་དོན་རིགས་པ་རྣམ་དག་གིས་སེམས་པ་ལས་བྱུང་བའི་བསམ་བྱུང་གི་ཤེས་རབ་ཀྱིས་བློ་ལ་རྣམ་པར་བཞག་ནས་བློ་ལ་བཞག་པའི་དོན་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་ཞི་གནས་དང་ལྡན་པའི་ལྷག་མཐོང་དེ་ཆོས་ཅན། ཁྱོད་ཡུན་རིང་དུ་གོམས་པའི་བསྒོམ་པ་ཡོངས་སུ་རྫོགས་པ་ན་རང་འབྲས་རྣལ་འབྱོར་མངོན་སུམ་འབྱུང་དུ་རུང་སྟེ། དེའི་རྒྱུ་ཚོགས་གྲངས་ཚང་གི་ནུས་པ་ཡིན་པའི་ཕྱིར། འདིས་ནི་རྣལ་འབྱོར་མངོན་སུམ་གྱི་རྒྱུ་བསྟན་པ་ཡིན་ནོ། །ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དེའི་སྟོབས་ལས་བྱུང་བའི་རྟོག་མེད་ཀྱི་མཉམ་བཞག་དེ་ཆོས་ཅན། མངོན་སུམ་གྱི་ཚད་མ་ཡིན་ཏེ། རང་ཡུལ་ལ་རྣམ་པར་རྟོག་པར་མེད་ཅིང་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར། དཔེར་ན་འཕགས་པའི་བདེན་པ་བཞིའི་རྣམ་པ་གསལ་བར་མཐོང་བ་བཞིན་ཏེ། ཇི་ལྟར་ཁོ་བོས་ཚད་མ་རྣམ་འགྲེལ་དུ་གཏན་ལ་ཕབ་པ་བཞིན་ནོ། །ཅིའི་ཕྱིར་རྟོག་པ་མེད་ཅེ་ན། རྟོག་མེད་ཡིན་པར་ཐལ། འཇིགས་པ་ལ་སོགས་པ་ལ་འཇིགས་ཡུལ་གསལ་བར་སྣང་བ་བཞིན་དུ་རང་ཡུལ་གསལ་བར་སྣང་བའི་ཕྱིར་རོ། །དཔེ་དེ་ཉིད་གསལ་བར་སྟོན་པ་ནི། འདོད་པ་དང་འཇིགས་པ་དང་མྱ་ངན་གྱིས་བརླམས་པ་དང་ཆོམ་རྐུན་བྱུང་བར་རྨི་བ་སོགས་ཀྱིས་བསླད་པའི་ཤེས་པ་ཆོས་ཅན། ཡུལ་ཡང་དག་པར་ཡོད་པ་མིན་ཡང་མདུན་དུ་གནས་པ་བཞིན་དུ་མཐོང་བར་འགྱུར་ཏེ། འདོད་ཆགས་སོགས་ཀྱིས་བསླད་པ་ཇི་བཞིན་དུ་ཡུལ་ལ་གུས་པར་རམ་སྒྲིམ་པའི་སྒོ་ནས་རང་གི་སྣང་བ་ལ་རབ་ཏུ་བསྒྲུབ་པར་མཐོང་བའི་ཕྱིར། ཁྱབ་པ་ཡོད་དེ། ངས་ལྐོག་གྱུར་རྟོགས་སོ་སྙམ་པའི་འདུ་ཤེས་ལ་ཡུལ་ཇི་ལྟ་བ་བཞིན་སྒྲིམ་པའི་སྒོ་ནས་རང་གི་སྣང་བ་ལ་བཀོད་པ་དེ་ལྟ་བུའི་འཇུག་པ་མ་མཐོང་བའི་ཕྱིར་རོ། །གོམས་པའི་སྟོབས་ལས་གོམས་ཡུལ་གསལ་བར་སྣང་བ་འཐད་པ་དེའི་ཕྱིར་སྟོང་ཉིད་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་མི་སྡུག་པ་གང་དང་གང་ཤིན་ཏུ་བསྒོམས་པར་འགྱུར་བའི་བསྒོམ་པའམ་ཏིང་ངེ་འཛིན་ཆོས་ཅན། རང་གི་འབྲས་བུ་གསལ་ལ་མི་རྟོག་པའི་བློ་འབྱུང་དུ་རུང་སྟེ། ཁྱོད་ཡུན་རིང་དུ་བསྒོམ་པའི་སྟོབས་ཡོངས་སུ་རྫོགས་པ་ན་རང་འབྲས་གསལ་ལ་མི་རྟོག་པའི་བློ་སྐྱེ་བའི་ཕྱིར། རང་གི་སྡེ་པ་ཁ་ཅིག་འཇིགས་སོགས་ལ་གོམས་པའི་སྟོབས་ཀྱིས་མི་བདེན་པའི་དོན་སྣང་དུ་ཟིན་ཀྱང་ཏིང་ངེ་འཛིན་ལ་མི་འཐད་པས། དེ་ཕྱིར་ཡང་དག་ཡང་དག་མིན། །ཞེས་སྨྲས་པ་མི་འཐད་དོ་ཞེ་ན། མི་བདེན་པའི་དོན་ཏིང་ངེ་འཛིན་ལ་མི་སྣང་བར་འདོད་པའི་རང་གི་སྡེ་པ་ཆོས་ཅན། མི་བདེན་པའི་དོན་སྣང་བའི་ཏིང་ངེ་འཛིན་ནི་འདོད་དགོས་ཏེ། འདི་ལྟར་འཇིགས་སོགས་སུ་མ་ཟད་མི་སྡུག་པ་ཀེང་རུས་ཀྱི་ཏིང་ངེ་འཛིན་དང་ཟད་པར་ས་ལ་སོགས་པ་ཡང་དག་པ་མིན་པའི་ཡུལ་ཅན་ལ་ཡང་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་དང་རྣམ་པར་རྟོག་པ་མེད་པར་གྲུབ་པར་འདོད་དགོས་པ་ཡིན་པའི་ཕྱིར་རོ། །ཀེང་རུས་ལ་སོགས་པ་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བ་ཡིན་དུ་ཟིན་ཀྱང་རྟོག་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། ཤེས་བྱ་ཆོས་ཅན། རང་ཡུལ་གསལ་བར་སྣང་བའི་བློ་ཡིན་ན་རྟོག་པ་མིན་དགོས་ཏེ། གང་གི་ཕྱིར་ན། རྣམ་རྟོག་རྗེས་སུ་འབྲེལ་པའི་བློ་ལ་ཡུལ་གྱི་དོན་གསལ་བར་སྣང་བ་ཡོད་པ་མིན་པའི་ཕྱིར་རོ། །རྣམ་པར་བསླད་པའི་བློ་རྟོག་པ་འཁྲུལ་པ་དང་མ་འཁྲུལ་པ་ཡོད་ཀྱང་རུང་སྟེ་རྟོག་པའི་ཤེས་པ་ཐམས་ཅད་ཆོས་ཅན། གཟུང་དོན་གསལ་བར་སྣང་བ་ཉིད་ལྡོག་པ་ཡིན་ཏེ། བརྗོད་པ་སྒྲ་སྤྱི་དང་དོན་སྤྱི་འདྲེས་རུང་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། དོན་བསྡུ་བ་ནི། ཡུལ་ལ་རྣམ་པར་རྟོག་པ་ཅན་གྱི་བློ་འདི་ནི་ཆོས་ཅན། གཟུང་དོན་གསལ་བར་སྣང་བར་འོས་པ་མིན་ཏེ། གཟུང་དོན་གསལ་བར་སྣང་བ་ལྡོག་པ་དེས་ནའོ། །དམ་བཅས་པ་ཙམ་གྱིས་མི་འགྲུབ་པས་རིགས་པ་དགོས་སོ་ཞེ་ན། རིགས་པའི་ཚུལ་འདི་ལྟར། རྨི་ལམ་གྱི་གནས་སྐབས་ན་ཡང་འདས་པ་དྲན་པའི་རྟོག་པ་དེ་ཆོས་ཅན། གསལ་སྣང་དེ་འདྲའི་དོན་དང་ལྡན་པ་མིན་ཏེ། རང་ཡུལ་མི་གསལ་བ་ཅན་དུ་རྗེས་ཀྱི་དྲན་པས་དམིགས་པའི་ཕྱིར། དེ་ཉིད་གསལ་བར་སྟོན་པ་ནི། གཉིད་ཀྱིས་བསླད་པ་རྣམས་ལ་ཡང་སྔར་གྱི་ཡུལ་ཉམས་སུ་མྱོང་བ་དྲན་པའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ནི་ཆོས་ཅན། ཡུལ་གསལ་བར་སྣང་བ་མིན་པར་ཐལ། གཉིད་ཀྱིས་བསླད་པ་རྣམས་ཀྱི་རྒྱུད་ལ་ཁྱོད་འབྱུང་ལ་ཁྱོད་རྒྱུད་ལ་ལྡན་བའི་གང་ཟག་དེ་དག་གིས་ཁྱོད་ནི་གནས་སྐབས་སུ་ཡུལ་གསལ་བ་དེ་ལྟར་སྣང་བ་ཅན་དུ་དྲན་པ་མེད་པའི་ཕྱིར། རྣམ་པར་རྟོག་པ་ནི་ཆོས་ཅན། བསླད་པའམ་རྐྱེན་གཞན་སྟོབས་ཀྱིས་ཀྱང་རང་ཡུལ་གསལ་བར་བྱེད་ནུས་པ་མིན་ཏེ། བརྗོད་བྱ་དང་རྗོད་བྱེད་འདྲེས་རུང་འཛིན་པའི་བློ་ཡིན་པ་དེའི་ཕྱིར། དེས་ན་ཡུལ་གསལ་བར་སྣང་བ་ནི་རྣམ་པར་རྟོག་པ་མེད་པ་ཉིད་དུ་གྲུབ་པ་ཡིན་ནོ། །རྣལ་འབྱོར་མངོན་སུམ་བཤད་ཟིན་ཏོ། །མངོན་སུམ་བཞི་པོའི་རང་བཞིན་བཤད་ཟིན་པའི་འོག་ཏུ་མངོན་སུམ་ལྟར་སྣང་སྟོན་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། གསལ་སྣང་རྟོག་མེད་ཡིན་པ་འོ་ན་ནི། རྨི་ལམ་གྱི་ཤེས་པ་གསལ་སྣང་ཡང་མངོན་སུམ་དུ་འགྱུར་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར། ཁྱབ་པ་མེད་ན། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་སློབ་དཔོན་གྱིས་གསུངས་པ་དང་འགལ་ལོ་ཞེ་ན། ཆོས་ཀྱི་གྲགས་པ་ཆོས་ཅན། གསལ་སྣང་ལ་མངོན་སུམ་གྱིས་ཁྱབ་པར་ཁས་ལེན་པ་མིན་ཏེ། མངོན་སུམ་གྱི་མཚན་ཉིད་དུ་མ་འཁྲུལ་བ་ཞེས་ཁོ་བོས་ཀྱང་བསྟན་ཅིང་སློབ་དཔོན་ཡང་བཞེད་པའི་ཕྱིར་རོ། །རྨི་ལམ་གསལ་སྣང་མངོན་སུམ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་མངོན་སུམ་ལྟར་སྣང་རྣམ་པ་གཉིས་སུ་བདག་གིས་བརྗོད་དོ། །གཉིས་པོ་དེ་གང་ཞེ་ན། བུམ་པ་ལ་རྣམ་པར་རྟོག་པའི་བློ་ཆོས་ཅན། མངོན་སུམ་ལྟར་སྣང་ཡིན་ཏེ། དངོས་པོ་རང་མཚན་མི་སྣང་བའི་ཞེན་བློ་ཡིན་པའི་ཕྱིར། བདག་རྐྱེན་དབང་པོ་ཉེ་བར་བསླད་པ་ལས་བྱུང་བའི་རྟོག་མེད་ཀྱི་ཤེས་པ་ཆོས་ཅན། མངོན་སུམ་ལྟར་སྣང་ཡིན་ཏེ། རང་གི་སྣང་ཡུལ་ལ་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། དངོས་པོ་མི་སྣང་ན་མངོན་སུམ་མིན་པའི་རྒྱུ་མཚན་གང་གི་ཕྱིར་ན། དབང་པོའི་མངོན་སུམ་ཆོས་ཅན། ཁྱོད་ལ་དངོས་པོ་རང་མཚན་སྣང་བ་ཡིན་ཏེ། ཁྱོད་ལ་དངོས་པོ་རང་མཚན་དེ་སྣང་བ་མེད་ན་ཁྱོད་ཀྱི་སྣང་ཡུལ་ཉམས་པའི་སྐྱོན་ཡོད་པའི་ཕྱིར་རོ་ཞེས་དེ་ལ་གང་ཞིག་ཤེས་པའི་སྣང་བ་ཞེས་པ་དང༌། རྒྱུ་མ་ཡིན་པ་ནི་ཡུལ་མིན་ཞེས་སོགས་ཀྱི་སྐབས་སུ་བརྗོད་ཟིན་ཏོ། །རྣམ་པར་རྟོག་པ་ནི་ཆོས་ཅན། ཁྱོད་ལ་དངོས་པོ་རང་མཚན་སྣང་བ་དེ་ལྟ་མིན་ཏེ། ཁྱོད་ཀྱི་སྣང་བ་དངོས་པོ་དང་རྗེས་སུ་འགྲོ་ལྡོག་མཐུན་པར་བྱེད་པ་མིན་པའི་ཕྱིར། དེའི་ཕྱིར་རྣམ་པར་རྟོག་པ་འདི་ནི་མངོན་སུམ་ལྟར་སྣང་བའོ། །རྟོག་པ་མངོན་སུམ་ལྟར་སྣང་བརྗོད་ཟིན་ཏོ། །རྟོག་མེད་མངོན་སུམ་ལྟར་སྣང་ནི། བདག་རྐྱེན་ཉེ་བར་བསླད་པ་ལས་བྱུང་བའི་ཟླ་བ་གཉིས་འཛིན་གྱི་མིག་ཤེས་ཆོས་ཅན། རྟོག་པར་མ་ཟད་ཁྱོད་ཀྱང་མངོན་སུམ་ལྟར་སྣང་ཡིན་ཏེ། བསླུ་བའི་ཤེས་པ་ཡིན་པའི་ཕྱིར། དེ་དབང་ཤེས་མིན་ནོ་ཞེ་ན། ལན་ལ། དབང་སྐྱེས་ཀྱང༌། །གཞན་ལས་དེ་ཁྱད་མེད་པའི་ཕྱིར་རོ། །ཞེས་གསུངས་པ་འགྲེལ་པ་ནི། བདག་རྐྱེན་ཉེ་བར་བསླད་པ་ལས་འབྱུང་བའི་ཟླ་བ་གཉིས་འཛིན་གྱི་འཁྲུལ་ཤེས་འགའ་ཞིག་ནི་ཆོས་ཅན། མངོན་སུམ་ལྟར་སྣང་ཡིན་པར་མ་ཟད་དབང་སྐྱེས་ཀྱང་ཡིན་ཏེ། ཉེ་བར་བསླད་པ་དེ་ལས་གཞན་པའི་མ་བསླད་པའི་དབང་པོ་ལས་སྐྱེས་པ་དང་བདག་རྐྱེན་དབང་པོ་གཟུགས་ཅན་ལས་སྐྱེས་པར་ཁྱད་པར་མེད་པའི་ཕྱིར་རོ། །རྟོག་པ་མངོན་སུམ་ལྟར་སྣང་ཡིན་པར་མ་ཟད་ཟླ་བ་གཉིས་འཛིན་གྱི་འཁྲུལ་ཤེས་འདི་ཡང་ཆོས་ཅན། མངོན་སུམ་ལྟར་སྣང་ཡིན་ཏེ། ཁྱོད་ཀྱི་སྣང་བ་དངོས་པོ་དང་མཐུན་པར་སྣང་བ་མིན་པས་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །བསླུ་བའི་ཕྱིར་མངོན་སུམ་ལྟར་སྣང་དུ་བསྟན་པ་འདིས་ནི། ཡིད་ཀྱི་ཤེས་པ་རྣམ་པར་བསླད་པ་ཡང་ཆོས་ཅན། མངོན་སུམ་ལྟར་སྣང་ཡིན་ཏེ། བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་བཤད་པ་ཡིན་ནོ། །འགྲེལ་བྱེད་ཁ་ཅིག་ལ་ཟླ་བ་གཉིས་སུ་སྣང་བ་དང་མགལ་མེ་མྱུར་དུ་བསྐོར་བ་འཁོར་ལོར་སྣང་བ་ལ་སོགས་པའི་འཁྲུལ་པ་ནི། ཡིད་ཤེས་ཡིན་གྱི་དབང་པོ་ལས་སྐྱེས་པ་མ་ཡིན་པ་ཉིད་དོ་ཞེས་ཟེར་རོ། །དེ་ནི་འཐད་པ་མིན་ཏེ། ཟླ་བ་གཉིས་སྣང་གི་ཤེས་པ་འཁྲུལ་བ་འདི་ཆོས་ཅན། དབང་ཤེས་ཡིན་པར་ཐལ། དབང་པོ་ལས་བྱུང་བའི་ཤེས་པ་ཡིན་པ་ནི་དབང་པོ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་དེ་ཉིད་ཀྱི་མཚན་ཉིད་དེ་ངོ་བོར་གནས་པ་ཡིན་ལ། དེ་ནི་ཁྱོད་ལ་ཡང་མཚུངས་པའི་ཕྱིར་དང༌། དབང་པོས་ཕན་བཏགས་སྟོབས་ཀྱིས་དབང་པོ་འགྱུར་ན་ཡང་འགྱུར་བའི་ཕྱིར། ཁྱབ་པ་ཡོད་དེ། དབང་ཤེས་ཀྱི་རྟེན་ལ་དབང་པོ་རྟེན་དུ་འཇོག་པའི་རྒྱུ་མཚན་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །དཔྱད་པའི་ཚེ་ཡུལ་མི་བདེན་པར་ཤེས་པའི་ཚེ་དབང་པོའི་རྣམ་པར་འགྱུར་བ་ཡོད་ཀྱང་ལྡོག་པར་ཐལ། དབང་པོའི་རྣམ་པར་འགྱུར་བའི་རྗེས་སུ་མི་འགྲོ་བ་དེ་བཞིན་དུ། ཡུལ་མི་བདེན་པར་མ་ཤེས་པའི་ཚེ་དབང་པོའི་རྣམ་པར་འགྱུར་བ་ལྡོག་ཀྱང་མི་ལྡོག་པར་ཐལ། ཡིད་དབང་ལས་སྐྱེས་པའི་ཡིད་ཤེས་འཁྲུལ་པ་ཡིན་པའི་ཕྱིར། ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་ལྟར་རོ། །ཟླ་བ་གཉིས་སྣང་གི་ཤེས་པ་འཁྲུལ་པ་འདི་ནི་ཆོས་ཅན། དབང་པོ་ལས་སྐྱེས་ཀྱང་མངོན་སུམ་མ་ཡིན་པར་ཐལ། དབང་པོ་ལས་སྐྱེས་ཀྱང་འཁྲུལ་པ་དེའི་ཕྱིར་རོ། །དབང་པོ་ལས་སྐྱེས་ཀྱང་མངོན་སུམ་ལྟར་སྣང་ཡིན་པ་དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། ཁྱོད་ཀྱིས་རྟོག་མེད་མངོན་སུམ་ལྟར་སྣང་བཞེད་པ་ཡིན་ཏེ། ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཡོད་ཤེས་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ་ཞེས་བྱ་བའི་འོ་ཡོངས་སུ་རྫོགས་པའི་ཚིག་གིས་རྟོག་པ་མངོན་སུམ་ལྟར་སྣང་རྫོགས་པར་བསྟན་ནས། ལོགས་ཤིག་ཏུ་མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་རབ་རིབ་ཀྱིས་བསླད་པའི་ཤེས་པས་མཚོན་པའི་བདག་རྐྱེན་བསླད་པ་ལས་བྱུང་བའི་རྟོག་མེད་ཀྱི་ཤེས་པ་གང་ཡིན་པ་མངོན་སུམ་ལྟར་སྣང་བར་གསུངས་པའི་ཕྱིར། ཅིའི་ཕྱིར་ལོགས་ཤིག་ཏུ་བསྟན་ཅེ་ན། འོ་ཞེས་བྱ་བའི་ཚིག་གིས་རྟོག་པའི་སྡེ་ཚན་ལས་རྟོག་མེད་མངོན་སུམ་ལྟར་སྣང་ལོགས་ཤིག་ཏུ་རྟོག་མེད་མངོན་སུམ་ལྟར་རྣམ་པར་བཅད་པ་ཆོས་ཅན། དགོས་པ་ཡོད་དེ། སྤྱིར་རྟོག་པ་དང་བྲལ་བ་མངོན་སུམ་དུ་བསྟན་ཅིང༌། བྱེ་བྲག་ཏུ་རྟོག་པ་དང་བྲལ་ཡང་འཁྲུལ་ན་མངོན་སུམ་ཡིན་པར་དམིགས་ཀྱིས་བསལ་ནས་མངོན་སུམ་མ་འཁྲུལ་བ་དང་བཅས་པར་བསྟན་པའི་དོན་ཡིན་པའི་ཕྱིར། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། ཟླ་བ་གཉིས་སྣང་གི་འཁྲུལ་ཤེས་འདི་དབང་ཤེས་སུ་བཞེད་པ་ཡིན་ཏེ། ཁྱོད་ཀྱིས་མངོན་སུམ་གྱི་མཚན་ཉིད་སྒྲུབ་པ་ལས་གཞན་རྩོད་སྒྲུབ་བརྟག་པར་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཟླ་བ་གཉིས་སུ་སྣང་བའི་ཤེས་པ་དང་སྔོན་པོ་དང་སེར་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་རང་ལུགས་སུ་གསལ་བར་གསུངས་པ་ཡིན་པའི་ཕྱིར། ལེགས་བཤད་འདབ་བརྒྱ་ལྡན་པའི་རྣམ་ངེས་གཞུང་གི་པད་མོའི་ཚལ། །མཁའ་ལྟར་ཡངས་པའི་བདག་གི་བློ་གྲོས་ཉིན་བྱེད་དབང་པོ་ཡིས། །དཔལ་ལྡན་གྲགས་པའི་དགོངས་པ་ཇི་བཞིན་གསལ་བར་འབྱེད་པའི་ཚེ། །མཁས་རློམ་མེ་ཁྱེར་ཚོགས་རྣམས་ཡིད་ལ་ཞུམ་པ་མ་བྱིན་ནམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །མངོན་སུམ་སྤྱིའི་རབ་དབྱེ་བསྟན་ཟིན་ནས་དབྱེ་བ་དང་བཅས་པ་རྟོགས་པའི་ཕྱིར། འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོད་པ་སྟེ། །དབྱེ་བ་མེད་པ་མ་ཡིན་ནོ། །ཞེས་ཚད་མ་མདོ་ལས་གསུངས་པའི་དོན་བཤད་པའི་ཕྱིར་དང་ཡང་ཚད་མའི་འབྲས་བུ་གཏན་ལ་དབབ་པ་ལ། དང་པོར་མདོ་སྡེ་པའི་ཚད་འབྲས་སྟོན་པ་ནི། ཚད་མ་འདི་ཡི་གདོན་མི་ཟ་བར་བྱ་དགོས་པའི་འབྲས་བུ་གང་ཡིན་ཞེ་ན། གཞལ་བྱ་ཕྱི་རོལ་གྱི་དོན་རྟོགས་པའོ། །ཚད་མ་དང་འབྲས་བུ་རྫས་ཐ་དད་པ་མ་ཡིན་ནམ། དོན་རྟོགས་དེ་ནི་ཤེས་པ་ཡིན་ལ། དེ་ཡང་ཚད་མའི་འབྲས་བུ་ཡིན་པའི་ཕྱིར། ད་ནི་ཚད་མ་གང་ཞིག་ཡིན་ཏེ། ཚད་མ་མི་རྙེད་པར་འགྱུར་རོ་ཞེ་ན། ཤེས་བྱ་ཆོས་ཅན། དོན་རྟོགས་ཤེས་པ་ཡིན་པས་ཚད་མ་མེད་མི་དགོས་པར་ཐལ། དོན་འདྲ་བ་གང་ལས་རྣམ་པར་འཇོག་བྱེད་རྫས་གཞན་གྱིས་བར་དུ་ཆོད་པ་མེད་པར་གཞལ་བྱ་རྟོགས་པ་འདིའི་དེ་ཉིད་འགྲུབ་པའི་རྒྱུ་མཚན་གྱི་དོན་འདྲ་བ་དོན་རྟོགས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར། གཞལ་བྱ་ཕྱི་དོན་རྟོགས་པའི་བློ་འདི་ཆོས་ཅན། དོན་རྟོགས་ཤེས་པ་ཡིན་པ་དང་ཁྱོད་རྣམ་པར་འཇོག་བྱེད་ཀྱི་ཚད་མ་མེད་མི་དགོས་པར་ཐལ། དོན་འདྲ་བ་གང་ལས་མཚན་ཉིད་རྫས་གཞན་གྱིས་བར་དུ་ཆོད་པ་མེད་པར་ཁྱོད་ཀྱི་དེ་ཉིད་ཀྱི་ངོ་བོ་འགྲུབ་པའི་རྒྱུ་མཚན་གྱི་དོན་འདྲ་བ་ཁྱོད་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར། ཚུལ་དེ་ལྟར་གནས་པ་དེ་ལ། གཞལ་བྱ་ཕྱི་རོལ་དོན་གྱི་རྣམ་པ་ཤར་བའི་རང་བཞིན་ཉིད་ཆོས་ཅན། གཞལ་བྱ་ཕྱི་དོན་རྟོགས་པའི་སྒྲུབ་བྱེད་ཀྱི་ཚད་མ་ཡིན་ཏེ། དོན་རྟོགས་ཀྱི་འཇོག་བྱེད་ཡིན་པ་ཡོད་དོན་རྟོགས་ཀྱི་ཤེས་པ་གཞལ་བྱ་ཕྱི་རོལ་གྱི་དོན་དང་ཡུལ་ཡུལ་ཅན་དུ་འབྲེལ་བར་བྱེད་པ་དོན་གྱི་རྣམ་པ་ཤར་བའི་རང་བཞིན་ཁྱོད་མིན་པ་གཞན་མེད་པ་དེའི་ཕྱིར། དོན་རྟོགས་སྐྱེད་བྱེད་ཀྱི་རྒྱུ་དེ་ཉིད་ཀྱིས་དོན་རྟོགས་སྐྱེད་པར་བྱེད་པའི་ཕྱིར་འཇོག་བྱེད་ཡིན་ནོ་ཞེ་ན། དོན་རྟོགས་ཀྱི་རྒྱུ་ཐམས་ཅད་བྱ་བ་དོན་རྟོགས་ཐམས་ཅད་ཀྱི་རྣམ་པར་འཇོག་བྱེད་ཀྱི་སྒྲུབ་པར་བྱེད་པ་ནི་མིན་པར་ཐལ། གང་གི་ཕྱིར་ན། བསྒྲུབ་པར་བྱ་བ་དོན་རྟོག་གསར་དུ་སྒྲུབ་པར་བྱེད་པ་སྐྱེད་བྱེད་ཀྱི་རང་བཞིན་ཡིན་པའི་ཕྱིར། འོན་ཀྱང་དོན་འདྲ་བ་གང་ལས་དོན་རྟོགས་གང་འགྲུབ་པས་དོན་འདྲ་བ་དོན་རྟོགས་སྒྲུབ་བྱེད་དུ་རིགས་སོ། །དོན་འདྲ་བ་དོན་རྟོགས་ཀྱི་མཚན་ཉིད་དུ་བཞག་པ་དེ་ལ་གྲངས་ཅན་པ་ན་རེ། དོན་དང་འདྲ་བ་མེད་པར་ཡང་དོན་རིག་ཙམ་ཉིད་དོན་རྟོགས་ཀྱི་འཇོག་བྱེད་ཡིན་ནོ་ཞེ་ན། ལས་གཟུགས་སོགས་ཐམས་ཅད་ལ་ཉམས་སུ་མྱོང་བ་རིག་ཙམ་དུ་འདྲ་བའི་བདག་ཉིད་གྱི་ཤེས་པ་ནི་ཆོས་ཅན། ལས་གཟུགས་སོགས་སོ་སོ་ལ་རྣམ་པར་འབྱེད་པ་དོན་འདྲ་བ་དེའི་བདག་ཉིད་དུ་འགྱུར་བ་བྱ་དགོས་པར་ཐལ། དོན་རྟོགས་འཇོག་བྱེད་ཡིན་པ་གང་གིས་སོ། །དབང་པོ་ལ་སོགས་རྐྱེན་སོ་སོ་དང་འབྲེལ་པ་ལས་དོན་སོ་སོར་རྟོགས་པའི་ཕྱིར་དབང་པོ་ལ་སོགས་འཇོག་བྱེད་ཡིན་ནོ་ཞེ་ན། ཤེས་པ་དེའི་བདག་ཉིད་མིན་པ་དབང་པོ་དང་དོན་དང་དབང་དོན་ཕྲད་པ་དང་ཡིད་ལ་བྱེད་པ་ལ་སོགས་པའི་རྒྱུ་རྣམས་ནི་ཆོས་ཅན། དོན་རྟོགས་སོ་སོ་ལ་ཉེ་རིང་གི་བྱེ་བྲག་མེད་ཅིང་བྱེ་བྲག་ཡོད་དུ་ཟིན་ཀྱང་ལས་གཟུགས་སོགས་ཀྱི་བྱེ་བྲག་ལ་རིག་ཙམ་དུ་བདག་ཉིད་ཐ་དད་མེད་པའི་ཤེས་པ་བྱེ་བྲག་ཐ་དད་དུ་ངེས་པར་བྱེད་པ་པོ་མིན་ཏེ། དོན་རྟོགས་མཚོན་པར་བྱེད་པའི་དོན་གྱི་རྣམ་པ་ཤར་བའི་ཤེས་པ་དེ་ཉིད་ནི་བསྒྲུབ་པར་བྱ་བ་དོན་རྟོགས་ཀྱི་རྒྱུ་མཚན་ཡིན་ལ་ཁྱོད་ལ་དོན་གྱི་རྣམ་པ་ཤར་བ་མེད་པའི་ཕྱིར། དོན་སོ་སོའི་རྣམ་པ་ཅན་དུ་སྐྱེད་བྱེད་གྱི་དབང་པོ་ལ་གནས་པའི་རྒྱུའི་བྱེ་བྲག་དོན་རྟོགས་སོ་སོར་འཇོག་བྱེད་ཡིན་ནོ་ཞེ་ན། དབང་པོ་ལ་གནས་པའི་རྒྱུའི་བྱེ་བྲག་དེ་ཆོས་ཅན། ཁྱོད་སྔོན་པོ་རྟོགས་པ་དེའི་འཇོག་བྱེད་ཡིན། སེར་པོ་རྟོགས་པའི་འཇོག་བྱེད་མིན་པ་ལ་སོགས་པའི་ཁྱད་པར་མི་འགྲུབ་པར་ཐལ། ཁྱོད་ལ་སྔོན་པོའི་རྣམ་པ་ཤར་སེར་པོའི་རྣམ་པ་མ་ཤར་བ་ལ་སོགས་པའི་ཁྱད་པར་མེད་པའི་ཕྱིར། ཤེས་པ་སོ་སོ་ལ་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར་དོན་སོ་སོ་བ་རྣམས་དོན་རྟོགས་ཀྱི་འཇོག་བྱེད་ཡིན་ནོ་ཞེ་ན། དོན་ཐ་དད་དུ་ཡོད་ཀྱང་དོན་སོ་སོ་བ་རྣམས་ཆོས་ཅན། དོན་རྟོགས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་དོན་རྟོགས་དེའི་ངོ་བོ་མཚོན་པར་བྱེད་པ་མིན་པའི་ཕྱིར། དེར་ཐལ། དོན་རྟོགས་དེའི་རྣམ་འཇོག་གི་ཡན་ལག་མིན་པའི་ཕྱིར། དོན་དང་འདྲ་བ་མེད་ན་དོན་རྟོགས་ཀྱི་འཇོག་བྱེད་དུ་མི་རུང་བ་དེའི་ཕྱིར་ཤེས་པ་འདིའི་བདག་ཉིད་ཀྱི་བྱེ་བྲག་དོན་འདྲ་བ་གང་ཡིན་པ་དེ་ནི་ཆོས་ཅན། དོན་རྟོགས་ཀྱི་སྒྲུབ་པར་བྱེད་པ་ཡིན་པར་ཐལ། ཁྱོད་ལས་དོན་འདིའི་ཡུལ་ཅན་གྱི་རྟོགས་པ་ནི་འདི་ཡིན་ཞེས་ཤེས་པ་འདིའི་ལས་གཞལ་བྱ་ལ་བྱེ་བྲག་སོ་སོར་འབྱེད་པའམ་ངེས་པ་འདིར་འགྱུར་བའི་ཕྱིར། དོན་དང་འདྲ་བའི་ཤེས་པ་ཆོས་ཅན། ཤེས་པ་གཞལ་བྱའི་དོན་དང་འབྲེལ་བ་མཚོན་པའི་ནུས་པ་འདི་ཁྱོད་ལས་གཞན་ལ་སྲིད་པ་མིན་པར་ཐལ། དོན་རྟོགས་མཚོན་བྱེད་ཡིན་ན་ཁྱོད་ཡིན་དགོས་པའི་ཕྱིར། དོན་དང་འདྲ་བ་མེད་ན་དོན་རྟོགས་ཀྱི་མཚོན་བྱེད་དུ་མི་རུང་བ་སྤྱིར་བསྟན་ནས་སོ་སོར་བཤད་པ་ནི། དབང་པོ་གསལ་མི་གསལ་སོགས་ཤེས་པ་བྱེ་བྲག་ཏུ་བྱེད་པ་པོ་ཡིན་པས་འཇོག་བྱེད་ཡིན་ནོ་ཞེ་ན། དབང་པོ་གསལ་བ་དང་མི་གསལ་བ་ཉིད་ལ་སོགས་པ་གོམས་པ་ཤས་ཆེ་ཆུང་རང་གི་བྱེ་བྲག་གིས་ཤེས་པ་བྱེ་བྲག་ཏུ་བྱེད་པ་པོ་ཡིན་ཀྱང་དབང་པོ་གསལ་མི་གསལ་སོགས་དེ་ཆོས་ཅན། དོན་རྟོགས་ཀྱི་འཇོག་བྱེད་མ་ཡིན་པར་ཐལ། དོན་འདྲ་བ་དེ་ལྟར་དུ་ཤེས་པ་གཞལ་བྱའི་དོན་དང་ཡུལ་ཡུལ་ཅན་དུ་འབྲེལ་བར་བྱེད་པ་མ་ཡིན་པའི་ཕྱིར་ཏེ། ཁྱོད་ལ་ཤེས་པ་དོན་ལ་ཉེ་བ་སྟེ་འབྲེལ་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །དོན་ཐ་དད་ཀྱིས་བྱས་པའི་ཉམས་སུ་མྱོང་བའི་བྱེ་བྲག་གང་ལས་དོན་རྟོགས་པ་འདིར་འགྱུར་བ་ཡིན་གྱི་གཞལ་བྱའི་དོན་དང་འདྲ་བ་ལས་ནི་མིན་ནོ་ཞེ་ན། ད་ནི་དོན་ཐ་དད་ཀྱིས་བྱས་པའི་ཉམས་མྱོང་ཐ་དད་དུ་ཡོད་པའི་རང་བཞིན་ཇི་ལྟར་མི་སྟོན་ཏེ་སྟོན་ཅིག་བྱས་པའི་ཚེ། དེ་ནི་འདིའོ་ཞེས་བསྟན་པར་ནུས་པ་མིན་ནོ་ཞེ་ན། དོན་ཐ་དད་ཀྱིས་བྱས་པའི་ཉམས་མྱོང་ཐ་དད་འདི་ཆོས་ཅན། སྔོན་འཛིན་འདི་ནི་སྔོན་པོ་འདིའི་ཡུལ་ཅན་ཡིན་གྱི་སེར་པོ་འདིའི་ཡུལ་ཅན་མིན་ཞེས་མཚོན་བྱའི་དངོས་པོར་རྣམ་པར་འཇོག་པར་བྱེད་པ་ནི་མིན་པར་ཐལ། ཁྱོད་ཀྱི་བདག་ཉིད་ཚད་མའི་སྟོབས་ཀྱིས་ངེས་པར་རྟོགས་པ་མེད་པས་སོ། །ལེགས་པར་རྣམ་པར་བཞག་པ་ཡིན་ནོ་ཞེས་བྱ་བ་ནི་བསྟིང་ཚིག་གོ །དོན་དང་འདྲ་བ་མེད་པ་དོན་རྟོགས་ཀྱི་མཚོན་བྱེད་དུ་མི་རུང་བ་དེའི་ཕྱིར་གཞལ་བྱ་ཕྱི་རོལ་དོན་གྱི་རྣམ་པ་ཤར་བའི་རང་བཞིན་ཉིད་ཆོས་ཅན། གཞལ་བྱ་ཕྱི་དོན་རྟོགས་པའི་སྒྲུབ་བྱེད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། དབང་དོན་ཕྲད་པ་སོགས་ནི་ཆོས་ཅན། དོན་རྟོགས་དེའི་ལས་གཞལ་བྱ་དང་དོན་རྟོགས་ཡུལ་ཡུལ་ཅན་དུ་འབྲེལ་བྱེད་ཀྱི་ཚད་མར་མ་གྲུབ་པར་ཐལ། དོན་རྟོགས་སྒྲུབ་པར་བྱེད་པ་དོན་འདྲ་བ་ལས་རྫས་གཞན་ཡིན་པའི་ཕྱིར། དོན་འདྲ་བ་དེ་ཆོས་ཅན། འབྲས་བུ་དོན་རྟོགས་ལས་དོན་གཞན་མིན་ཏེ། དོན་རྟོགས་དེའི་བདག་ཉིད་ཡིན་པ་དེས་ན་སྟེ་དེའི་ཕྱིར། འདི་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །བྱེད་པ་ཐམས་ཅད་ལ་ནི་བྱེད་པ་པོ་གཞན་གྱི་དབང་དང་རང་ཉིད་བྱ་བ་དང་ལྡན་པ་དང་གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་གསུམ་དགོས་པ་ལས། དོན་འདྲ་བ་ལ་དེ་མེད་པའི་ཕྱིར་དོན་རྟོགས་ཀྱི་བྱེད་པར་མི་རུང་ངོ་ཞེ་ན། གསུམ་ཀ་ཚང་བའི་ཚུལ་འདི་ལྟར། དོན་འདྲ་བ་ཆོས་ཅན། བྱེད་པ་པོ་གཞན་གྱི་དབང་དང་ལྡན་པར་ཐལ། བྱེད་པ་པོ་འཛིན་པའི་རྣམ་པ་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །རང་ཉིད་བྱ་བའི་ལས་དང་ལྡན་པར་ཐལ། རང་གི་ལས་གཟུགས་སོགས་ལ་བྱ་བྱེད་དང་བཅས་པ་ལྟ་བུར་སྣང་བའི་ཕྱིར། དེར་ཐལ། དོན་གཟུགས་སོགས་རྟོགས་པའི་བདག་ཉིད་ཀྱི་བྱ་བ་བྱེད་པའི་ཕྱིར། ལྟ་བུའི་སྒྲས་ནི་དོན་དམ་སྐད་ཅིག་ལ་བྱ་བྱེད་མེད་པར་བསྟན་པས་མདོ་ལས། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་གནས་བྱེད་པོ་ག་ལ་ཡོད། །ཅེས་པའི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །སྐད་ཅིག་མའི་ཁྲིད་ཡིག་ཟབ་མོ་ནི་ཁོ་བོས་བྱས་པའི་ཡིག་ཆུང་གཞན་དུ་བལྟ་བར་བྱའོ། །གཙོ་བོར་གྱུར་པའི་བསྒྲུབ་བྱ་ལ་ཉེ་བར་སྦྱོར་བ་དང་ལྡན་པར་ཐལ། འདྲ་བ་རང་ཉིད་དོན་དམ་པར་དོན་རྟོགས་མཚོན་པར་བྱེད་པ་པོ་མིན་ན་ཡང་དོན་གྱི་རྣམ་པ་ཤར་བའི་ཤེས་པ་ཡིན་པའི་དབང་གིས་དོན་རྟོགས་མཚན་བྱེད་དེར་བཞག་པའི་ཕྱིར་རོ། །སྟ་རེས་ཤིང་གཅོད་པ་ལྟར་བྱ་བྱེད་རྫས་ཐ་དད་པ་མ་ཡིན་ནམ། ཇི་ལྟར་ན་དོན་འདྲ་དང་དོན་རྟོགས་བྱ་བྱེད་དུ་བརྗོད་ཅེ་ན། གཟུགས་འཛིན་དབང་ཤེས་དེ་ནི་ཆོས་ཅན། རང་གི་ལས་གཟུགས་སོགས་ལ་བྱ་བ་བྱེད་པ་དང་བཅས་པ་ལྟ་བུར་སྣང་སྟེ། དོན་གཟུགས་སོགས་རྟོགས་པའི་བདག་ཉིད་ཀྱི་བྱ་བ་བྱེད་པས་སོ། །རང་ཉིད་དོན་དངོས་སུ་འཛིན་པར་བྱེད་པ་པོ་མིན་ཡང་དོན་རྟོགས་སུ་ཐལ། དོན་གྱི་རྣམ་པ་ཤར་བ་དེའི་དབང་གིས་དོན་རྟོགས་དེར་གཞག་པའི་ཕྱིར། གཞན་གྱི་འདོད་པ་ཐུན་མོང་དུ་དགག་པ་ནི། སྒྲུབ་བྱེད་དོན་གཞན་བཀག་པ་འདིས་ནི་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། དབང་པོ་དང་དབང་དོན་ཕྲད་པ་དང་དོན་ལ་ལྟ་བ་དང་ཁྱད་པར་གྱི་ཤེས་པ་ཡང་དོན་རྟོགས་ཀྱི་སྒྲུབ་བྱེད་ཡིན་པ་སྤངས་པའི་ཕྱིར། ཅི་ལྟར་མི་འཐད་ཅེ་ན། དབང་སོགས་དེ་དག་ཆོས་ཅན། དོན་རྟོགས་ཀྱི་འཇོག་བྱེད་མིན་པར་ཐལ། ཁྱོད་ལས་དོན་རྟོགས་པས་གཞལ་བྱ་དང་འབྲེལ་བ་མ་གྲུབ་པའི་ཕྱིར་ཏེ། དོན་རྟོགས་དང་བྱེད་པ་གཞན་གྱིས་བར་དུ་མ་ཆོད་པ་མིན་པའི་ཕྱིར་ཏེ། ཁྱོད་ལས་དོན་རྟོགས་པར་བྱེད་པ་པོ་ཁྱད་པར་ཅན་དུ་མ་གྲུབ་པའི་ཕྱིར། དབང་སོགས་དོན་རྟོགས་ཀྱི་འཇོག་བྱེད་ཡིན་ཏེ། དེ་ལ་ཕན་པ་ཉེ་བར་སྦྱོར་བའི་ཕྱིར་ཞེ་ན། དོན་རྟོགས་བྱེད་པ་པོ་ཐམས་ཅད་འབྲས་བུ་དོན་རྟོགས་ལ་ཕན་པ་ཉེ་བར་སྦྱོར་ཡང༌། སྒྲུབ་བྱེད་གཞན་གྱིས་བར་དུ་མ་ཆོད་པས་ཐ་མའི་བྱེ་བྲག་ཏུ་བྱེད་པ་པོ་དོན་འདྲ་བ་ཆོས་ཅན། དོན་རྟོགས་བྱེད་པ་པོ་རྣམས་ཀྱི་ནང་ནས་ཁྱོད་ཉིད་དོན་རྟོགས་ཀྱི་སྒྲུབ་བྱེད་དམ་པ་ཡིན་པར་ཐལ། དེའི་འཇོག་བྱེད་ཡིན་པའི་ཕྱིར། དབང་པོ་ལ་སོགས་པ་དོན་རྟོགས་ཀྱི་རྒྱུར་ཡོད་ཀྱང་དོན་རྟོགས་ཀྱི་འཇོག་བྱེད་མིན་པར་ཐལ། ཡུལ་གཟུགས་སོགས་སོ་སོ་ལ་དོན་རྟོགས་བྱེ་བྲག་ཏུ་འབྱེད་བྱེད་དུ་མེད་པས་ནའོ། །དོན་འདྲ་བ་ནི་ཆོས་ཅན། དོན་རྟོགས་འདིའི་བྱེད་པ་པོ་ཡིན་ཏེ། དོན་ཡུལ་སོ་སོ་རྟོགས་བྱེད་དུ་མཚོན་པར་བྱེད་པ་པོ་ཡིན་པའི་ཕྱིར། སོ་སོར་དགག་པ་ནི། བྱེ་བྲག་སྨྲ་བས་རྟེན་བཅས་ཀྱི་དབང་པོ་ཚད་མ། དོན་རྟོགས་འབྲས་བུའོ་ཞེ་ན། རྟེན་བཅས་ཀྱི་མིག་གི་དབང་པོ་ཆོས་ཅན། དོན་རྟོགས་བྱེ་བྲག་ཏུ་མཚོན་པར་བྱེད་པ་པོ་མ་ཡིན་པར་ཐལ། སྔོ་སེར་འཛིན་པའི་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར། དཔྱོད་པ་བ་དང་པོར་དོན་ལ་ལྟ་བ་རྟོག་མེད་ཀྱི་ཤེས་པ་ཚད་མ། རྗེས་སུ་སྐྱེས་པའི་རིགས་སོགས་ངེས་པ་འབྲས་བུའོ་ཞེ་ན། དང་པོར་དོན་ལ་ལྟ་བ་ཡང་ཆོས་ཅན། དོན་རྟོགས་ཀྱི་འཇོག་བྱེད་མ་ཡིན་པར་ཐལ། དོན་འདྲ་བ་དེའི་རང་བཞིན་མིན་པའི་ཕྱིར། ཁྱབ་པ་ཡོད་དེ། དོན་འདྲ་བ་དེའི་རང་བཞིན་མིན་ན་དོན་རྟོགས་དེའི་ཡུལ་དོན་ལ་ལྟ་བ་དེ་ཉིད་མ་གྲུབ་པའི་ཕྱིར། བྱེ་བྲག་པ་བུམ་པ་ལྟ་བུའི་ཁྱད་པར་ཅན་དང༌། དབྱིབས་ལ་སོགས་པའི་ཁྱད་པར་རྫས་ཐ་དད་ཅིང་ཁྱད་པར་གྱི་ཤེས་པ་ཚད་མ། ཁྱད་པར་ཅན་གྱི་ཤེས་པ་འབྲས་བུའོ་ཞེ་ན། དོན་ལ་ལྟ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་མི་རུང་བ་དེ་བཞིན་དུ་ཁྱད་པར་གྱི་ཤེས་པ་ཡང་མི་རུང་བའི་ཚུལ་འདི་ལྟར། ཁྱད་པར་གྱི་ཤེས་པ་དང་ཁྱད་པར་ཅན་གྱི་ཤེས་པ་ཆོས་ཅན། ཡུལ་སོ་སོ་ལ་འཇུག་པའི་དོན་རྟོགས་ཀྱི་རྣམ་པར་བཞག་འཇོག་ཏུ་མི་བསྒྲུབ་པར་ཐལ། ཡུལ་སོ་སོའི་རྣམ་པས་ཁྱད་པར་དུ་བྱར་མེད་པའི་ཕྱིར། ཡུལ་སོ་སོའི་རྣམ་པ་ཤར་བས་ཁྱད་པར་དུ་མ་བྱས་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཏུ་འགལ་བར་ཐལ། ཡུལ་རྫས་ཐ་དད་པའི་ཕྱིར་རོ། །ཁྱད་པར་དང་ཁྱད་པར་ཅན་གྱི་ཤེས་པ་གཉིས་དག་ཆོས་ཅན། ཡུལ་གཅིག་འཇལ་བ་ལ་སྔ་ཕྱིར་འབྱུང་བ་དོན་མེད་པར་ཐལ། ཡུལ་ཐ་དད་མེད་པ་གཅིག་ལ་འཇུག་པའི་ཕྱིར། ཡུལ་གཅིག་ཡིན་ཀྱང་རིམ་གྱིས་འབྱུང་ངོ་ཞེ་ན། དངོས་རྒྱུ་ཐ་དད་མེད་པ་གཅིག་ནི་རིམ་གྱིས་འབྱུང་བ་ཡིད་ཀྱི་མངོན་སུམ་གྱི་སྐབས་སུ་བཀག་པ་ཡང་ཡིན་ནོ། །དུས་གཅིག་ཆར་དུ་འབྱུང་ངོ་ཞེ་ན། རྒྱུ་འབྲས་ཀྱི་བསྒྲུབ་པར་བྱ་དང་སྒྲུབ་པར་བྱེད་པ་ཉིད་དུ་ཡོད་པ་མིན་པར་ཐལ། དུས་ཅིག་ཆར་དུ་འབྱུང་བའི་ཕྱིར། ཤེས་པའི་ཆ་དོན་འདྲ་དང་དོན་རྟོགས་ཆོས་ཅན། བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོ་ཡིན་ཏེ། རྣམ་པར་བཞག་འཇོག་གི་ཚུལ་དུ་མཚན་གཞི་གཅིག་ལ་བརྟེན་པའི་ཕྱིར། བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཏུ་འགལ་བར་ཐལ། གཅིག་པའི་ཕྱིར་ཏེ། དངོས་པོ་ཐ་དད་མེད་པའི་ཕྱིར་ཞེ་ན། དོན་འདྲ་དང་དོན་རྟོགས་ཆོས་ཅན། ཐ་དད་མེད་པ་མིན་ཏེ། ལྡོག་ཆོས་ཐ་དད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དོན་འདྲ་དང་དོན་རྟོགས་ཐ་དད་པའི་ཐ་སྙད་འདི་དངོས་པོ་ལ་གནས་པ་ནི་མིན་ཏེ། དེ་གཉིས་དངོས་པོ་ཐ་དད་མེད་པའི་ཕྱིར། དངོས་པོ་ཐ་དད་པ་མེད་ཀྱང་ཐ་དད་དེ་རྟོག་ངོར་ཐ་དད་པའི་རྣམ་པར་བཞག་པ་མཐོང་བ་ཡི་ཡང་ཕྱིར་རོ། །དེར་ཐལ། དོན་འདྲ་དོན་རྟོགས་མཚོན་ནུས་ཀྱི་བྱེ་བྲག་དང་ལྡན་པ་དག་གིས་སོ། །རིགས་པ་ཅན་པ་དོན་མེད་ན་ཕྲད་པ་མི་རུང་བས་དབང་པོ་དང་དོན་ཕྲད་པ་ཚད་མའོ་ཞེ་ན། མིག་གི་དབང་པོ་ཆོས་ཅན། ཁྱོད་ཀྱི་བདག་རྐྱེན་དབང་པོ་དང་དོན་ཕྲད་པ་ཁྱོད་ཀྱིས་དོན་རྟོགས་པའི་ཚད་མར་མི་རུང་བར་ཐལ། ཁྱོད་ཀྱི་བདག་རྐྱེན་དབང་པོ་དང་བུམ་པའི་གཟུགས་དྲི་སོགས་བདག་ཉིད་ཐམས་ཅད་ཀྱིས་ཕྲད་ཀྱང་ཁྱོད་ཀྱིས་འགའ་ཞིག་ཏུ་གཟུགས་ཁོ་ན་རྟོགས་ཀྱི་དྲི་རོ་སོགས་མ་རྟོགས་པའི་ཕྱིར། དབང་སོགས་དང་དོན་འདྲ་བ་རྣམས་ཀྱི་ནང་ནས་དོན་འདྲ་བ་དེ་ཁོ་ན་ཚད་མར་རིགས་ཏེ། མིག་གི་དབང་པོ་བུམ་པའི་གཟུགས་དྲི་སོགས་དང་ཕྲད་པར་ཁྱད་པར་མེད་ན་ཡང་དེས་གཟུགས་རྟོགས་དྲི་རོ་སོགས་མ་རྟོགས་པའི་ཁྱད་པར་འདི་ནི་བློའི་སྣང་བ་དོན་ལ་འདྲ་བས་བྱས་པའི་ཕྱིར། དོན་སྨྲ་བའི་ཚད་འབྲས་བསྟན་ཟིན་ཏོ། །རྣམ་རིག་པའི་ཚད་འབྲས་བསྟན་པ་ནི། དོན་སྨྲ་བའི་ཚད་འབྲས་བཞག་པའི་རྗེས་དེ་ནས། གང་ཁྱོད་ཚད་མའི་འབྲས་བུར་འདོད་པའི་དོན་རིག་པ་འདི་གང་ཞིག་ཡིན་དྲིས་པ་ན། མངོན་སུམ་དུ་གྱུར་པའི་དོན་རིག་པ་གང་ཡིན་པ་འདི་ཉིད་དོ། །མྱོང་བ་ཡོད་པ་འདི་དོན་རིག་པ་ཡིན་པ་གང་གིས་འཇོག་དྲིས་པ་ན། དོན་ལས་སྐྱེས་པ་དང་འདྲ་བ་དག་གིས་འཇོག་ཅེས་ལན་འདེབས་སོ། །འོ་ན་ནི་སྔ་མ་དང་ཡུལ་སྔོན་པོའི་རྣམ་པ་ཅན་དུ་མཚུངས་པའི་སྔོ་འཛིན་ཕྱི་མ་དེ་ཆོས་ཅན། དེ་མ་ཐག་པའི་སྔོ་འཛིན་སྔ་མ་ཁྱོད་དེའི་ཡུལ་ཅན་དུ་ཐལ། དེ་ལས་སྐྱེས་པ་དེ་དང་འདྲ་བའི་ཕྱིར། དོན་རིག་གི་སྒྲུབ་བྱེད་འགོག་ན་འོ་ན་དབང་ཤེས་འདིས་དོན་གང་ཞིག་ཉམས་སུ་མྱོང་སྟེ་མྱོང་བ་མེད་པར་འགྱུར་རོ་ཞེ་ན། དོན་རིག་ཚུལ་དོན་སྨྲ་ཁྱེད་ཀྱིས་བཞག་པ་རིགས་ཏེ། སེམས་ཙམ་པ་ཁོ་བོ་ཅག་ཀྱང་དོན་རིག་ཚུལ་འདི་ཉིད་ཁྱེད་ཀྱི་རྗེས་སུ་རྟོགས་པར་འདོད་པ་མིན་ནམ་སྟེ་ཡིན་པའི་ཕྱིར་ཞེས་སྨྲས་པ་ན། གཟུགས་འདི་བལྟས་པའམ་སྒྲ་འདི་མཉན་ནོ་ཞེས་མཐོང་བ་དང་ཐོས་པ་དག་ལས་གཟུགས་སྒྲ་གང་ལ་ངེས་པའི་ཤེས་པ་སྐྱེ་བར་འགྱུར་བ་དེ་དག་ནི་གཟུགས་སྒྲ་ཉམས་སུ་མྱོང་བ་སྟེ་རྟོགས་པ་དེའི་འཇོག་བྱེད་དོ་ཞེ་ན། གཟུགས་མཐོང་རྗེས་ཀྱི་ངེས་ཤེས་ཚད་མས་མ་གྲུབ་པར་ཐལ། ཇི་ལྟར་དབང་ཤེས་དེ་དོན་དེའི་མཐོང་བྱེད་ཡིན་ཞེས་དབང་ཤེས་དང་དོན་དེ་དག་གི་ཉེ་བ་སྟེ། ཡུལ་ཡུལ་ཅན་གྱི་འབྲེལ་བ་དེ་ཉིད་ད་དུང་དཔྱོད་པར་བྱ་བ་མིན་ནམ་སྟེ་ཡིན་པའི་ཕྱིར། འདོད་ན། དོན་རྟོགས་ཀྱི་སྒྲུབ་བྱེད་དུ་མི་འཐད་པར་ཐལ་ལོ། །མ་ངེས་སོ་ཞེ་ན། དོན་དང་འབྲེལ་བ་མ་གྲུབ་ན་དོན་མཐོང་རྗེས་ཀྱི་ངེས་ཤེས་མ་གྲུབ་པས་ཁྱབ་སྟེ། དོན་ལྟ་བ་པོའི་རྗེས་ཀྱི་ངེས་པ་འདི་ནི་ཤེས་པ་དང་དོན་དེ་དག་གི་འབྲེལ་པ་ལ་བརྟེན་ནས་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་ཏེ། དོན་དང་ཤེས་པའི་འབྲེལ་པ་དེ་མེད་ན་མཐོང་རྗེས་སུ་ངེས་པ་དེར་མི་འགྱུར་བའི་ཕྱིར། འདྲ་བ་སྲིད་ཀྱང་ཁྱབ་ཆེས་པའི་སྐྱོན་བརྗོད་ནས་འདྲ་བ་མི་སྲིད་པར་ཡང་སྟོན་པ་ལ་དང་པོ་མདོ་སྡེ་པ་དགག་པ་ནི། དོན་དང་ཤེས་པ་དེ་དག་གི་འབྲེལ་པ་དེ་མེད་ན་ནི་དེ་ལྟ་བུའི་ངེས་ཤེས་དེར་མི་འགྱུར་བའི་ཕྱིར་རོ། །ཁྱབ་ཆེས་པའི་སྐྱོན་བརྗོད་ཟིན་ཏོ། །མདོ་སྡེ་པས་དབང་པོ་རྡུལ་ཕྲ་རབ་སོ་སོ་བ་དང་འདྲའོ་ཞེ་ན། དབང་པོའི་རྣམ་པར་ཤེས་པ་དེ་ཆོས་ཅན། འདྲ་བ་སྲིད་ཀྱང་སྐྱོན་ཡོད་པར་མ་ཟད། རྡུལ་ཕྲ་རབ་སོ་སོ་བ་རྣམས་དང་འདྲ་བ་ཡང་མིན་ཏེ། ཁྱོད་ལ་སྣང་བའི་རགས་པའི་རྣམ་པ་ནི་ཆ་བཅས་ཡིན་ལ། རྡུལ་ཕྲ་རབ་སོ་སོ་བ་རྣམས་ལ་ཆ་བཅས་མེད་པའི་ཕྱིར་རོ། །ཆ་ཤས་དང་བཅས་པའམ་མང་པོ་ཚོགས་པས་རྣམ་པ་གཏད་པའི་ཕྱིར་མི་འདྲ་བའི་ཉེས་པ་མེད་དོ་ཞེ་ན། རེ་རེ་བའི་རྣམ་པ་མི་སྣང་བར་མ་ཟད་རང་བཞིན་མང་པོ་ཚོགས་པ་རྣམས་ལ་ཡང་ཆོས་ཅན། མང་པོ་ཚོགས་པ་དེ་ལྟར་དུ་དབང་ཤེས་ལ་སྣང་བ་ཡིན་ནོ་ཞེས་བྱ་བ་ཡང་རིགས་པ་མ་ཡིན་པར་ཐལ། དབང་པོའི་ཤེས་པ་ལ་གནས་པའི་ཁྱོད་ཀྱི་རྣམ་བ་འདི་ཡང་རགས་པ་གཅིག་གི་རྣམ་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གཅིག་གི་རང་བཞིན་རྣམ་པ་ཅན་ནི་དུ་མ་ཚོགས་པའི་རྣམ་པ་ཅན་དུ་འགལ་བའི་ཕྱིར་རོ། །ཕྱོགས་ཀྱི་གོས་ཅན་པ་ན་རེ། རྡུལ་ཕྲ་རབ་མང་པོ་ལ་ཐུན་མོང་དུ་ཡོད་པའི་རགས་པ་རྫས་གྲུབ་པ་དང་འདྲའོ་ཞེ་ན། རྡུལ་ཕྲ་རབ་མང་པོ་ལ་ཐུན་མོང་དུ་ཡོད་པའི་རགས་པ་རྫས་གྲུབ་པ་དེ་དང་འདྲ་བ་མ་ཡིན་པར་ཐལ། རྡུལ་ཕྲ་རབ་མང་པོ་རྣམས་ལ་ཡང་རྣམ་པ་ཡང་རགས་པ་གཅིག་གི་རྣམ་པ་གཏོད་བྱེད་ཐུན་མོང་བ་དེ་ལྟ་བུ་ཡོད་པ་མིན་པའི་ཕྱིར། རྡུལ་ཕྲ་རབ་ནི་ཡུལ་མིན་པས་རྡུལ་ཕྲ་རབ་དུ་མས་བརྩམས་པའི་ཡན་ལག་ཅན་གྱི་རྫས་རགས་པ་དང་འདྲའོ་ཞེ་ན། རྡུལ་ཕྲ་རབ་དུ་མས་བརྩམས་པའི་ཡུལ་རགས་པ་ཆ་མེད་ནི་ཁྱོད་ལ་རྣམ་པ་གཏོད་བྱེད་དེ་ལྟར་དུ་གནས་པའི་སྒོ་ནས་ཁྱོད་ལ་དེའི་རྣམ་པ་སྣང་བ་ཡང་མིན་ཏེ། རྡུལ་ཕྲ་རབ་དུ་མས་བརྩམས་པའི་ཡུལ་རགས་པ་ཆ་མེད་གཅིག་ཏུ་བདེན་པ་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། སྐྱེས་བུའི་ལུས་འདི་ཆ་མེད་གཅིག་ཏུ་བདེན་པས་སོ་ཞེ་ན། སྐྱེས་བུ་ལྷ་སྦྱིན་ཆོས་ཅན། ཁྱོད་ཀྱི་ལག་པ་ལ་སོགས་པ་གཅིག་གཡོ་ན་ཁྱོད་ཀྱི་ལུས་ཐམས་ཅད་གཡོ་བར་འགྱུར་བར་ཐལ། གཡོ་བའི་ཁྱོད་ཀྱི་ལག་པ་དང་ཁྱོད་ཀྱི་ལུས་ཐ་དད་མེད་པའི་ཆ་མེད་དུ་བདེན་པའི་ཕྱིར། དེའི་ཚེ་ཡན་ལག་གཡོ་ཡི་ཡན་ལག་ཅན་མི་གཡོའོ་ཞེ་ན། ལག་པ་དང་ལུས་གཞན་གྱི་ཡན་ལག་དང་ཡན་ལག་ཅན་ཆོས་ཅན། རང་བཞིན་སོ་སོར་གྲུབ་པར་ཐལ་བར་འགྱུར་ཏེ། གཡོ་བ་དང་མི་གཡོ་བ་ཆ་གཉིས་དག་ཏུ་གནས་པའི་ཕྱིར། རས་དང་རས་ལས་བཙགས་པའི་ཆུ་བཞིན་ནོ། །ལག་པ་ལྟ་བུ་གཅིག་གོས་གྱིས་བསྒྲིབས་ན་ཡང་ལུས་ཐམས་ཅད་བསྒྲིབས་པར་ཐལ། ཡན་ལག་དང་ཡན་ལག་ཅན་ཐ་དད་མེད་པའི་ཆ་མེད་དུ་བདེན་པའི་ཕྱིར། ཡང་ན་ནི་ལག་པ་བསྒྲིབས་པའི་ཚེ་ཡན་ལག་དང་ཡན་ལག་ཅན་འགའ་ཡང་མ་ཚང་བ་མེད་པར་མཐོང་བར་འགྱུར་བར་ཐལ། མ་བསྒྲིབས་པར་མཐོང་བའི་ཡན་ལག་ཅན་དང་ཡན་ལག་རྣམས་རྫས་གཅིག་པའི་ཕྱིར། དེའི་ཚེ་ཡན་ལག་བསྒྲིབས་ཀྱི་ཡན་ལག་ཅན་ནི་བསྒྲིབས་པ་མིན་ནོ་ཞེ་ན། ལུས་འདི་ཆོས་ཅན། ཁྱོད་ནི་ཕྱེད་བསྒྲིབས་ཀྱང་སྔ་མ་ཁོ་ན་བཞིན་དུ་མ་ཚང་བ་མེད་པར་མཐོང་བར་ཐལ། ཁྱོད་མ་བསྒྲིབས་པའི་ཡན་ལག་ཅན་ཡིན་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་ཁས་བླངས་སོ། །ཡན་ལག་གི་སྒོ་ནས་ཡན་ལག་ཅན་གྱི་གཟུགས་དེ་མཐོང་བའི་ཕྱིར་ཡན་ལག་མ་མཐོང་བ་ལ་ཡན་ལག་ཅན་དེ་རྟོགས་པར་མི་འགྱུར་རོ་ཞེ་ན། ཡན་ལག་མ་མཐོང་བས་ཡན་ལག་ཅན་མ་མཐོང་བར་རིགས་པ་མིན་པར་ཐལ། དེ་རིགས་ན་ཡན་ལག་ཅན་ལ་བསྒྲིབས་མ་བསྒྲིབས་ཐ་དད་པ་གཉིས་མེད་པས་ཡན་ལག་ཅན་རྣམ་པ་ཐམས་ཅད་དུ་མ་རྟོགས་པར་ཐལ་བའི་ཕྱིར་རོ། །གཞན་ཡང་ཐ་མལ་གྱི་གང་ཟག་ཆོས་ཅན། དུས་ཐམས་ཅད་ཀྱི་ཚེ་ཡན་ལག་ཅན་གྱི་གཟུགས་འདི་མི་མཐོང་བའམ་མཐོང་བའི་སྐབས་མེད་པར་ཐལ། ཡན་ལག་ཐམས་ཅད་ཀྱང་གཅིག་ཆར་མཐོང་བར་མི་ནུས་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་སོ། །ཡན་ལག་ཅུང་ཟད་ཅིག་རྟོགས་པ་ལས་ཡན་ལག་ཅན་མཐོང་བ་ཡིན་ན་ནི་སོར་མོའི་གཟུགས་ཙམ་མཐོང་བའི་དབང་མངོན་ཆོས་ཅན། སོར་མོ་དེ་བཞིན་དུ་ཡན་ལག་ཅན་རགས་པ་ཡང་མཐོང་བར་ཐལ། ཡན་ལག་ཅུང་ཟད་གཅིག་མཐོང་བའི་ཕྱིར། ཁྱབ་པ་ཁས་བླངས་སོ། །ཡན་ལག་ཚོན་གྱིས་ཁ་བསྒྱུར་བ་ན་ཡན་ལག་ཅན་ཚོན་གྱིས་ཁ་བསྒྱུར་རམ་མ་བསྒྱུར། དང་པོ་ལྟར་ན། ཡན་ལག་གཅིག་ཚོན་གྱིས་ཁ་བསྒྱུར་ན་ཡན་ལག་ཅན་ཐམས་ཅད་ཚོན་གྱིས་ཁ་བསྒྱུར་བར་ཐལ། ཡན་ལག་དང་ཡན་ལག་ཅན་ཐ་དད་མེད་པའི་ཆ་མེད་དུ་བདེན་པའི་ཕྱིར། འམ་སྡུད་ཚིག་གོ །ཚོན་གྱིས་ཁ་བསྒྱུར་བའི་ཡན་ལག་དང་ཁ་མ་བསྒྱུར་བའི་ཡན་ལག་ཆོས་ཅན། ཁྱེད་གཉིས་ཚོན་གྱིས་ཁ་མ་བསྒྱུར་བར་ཚད་མས་རྟོགས་པར་ཐལ། ཁྱོད་ཚོན་གྱིས་ཁ་མ་བསྒྱུར་བའི་ཡན་ལག་ཅན་དང་ཐ་དད་མེད་པའི་གཅིག་ཏུ་བདེན་པའི་ཕྱིར། མ་བསྒྱུར་རོ་ཞེ་ན། ལུས་ཆོས་ཅན། ཁྱོད་དང་ཁྱོད་ཀྱི་ཡན་ལག་ཚོན་གྱིས་བསྒྱུར་བ་དང་མ་བསྒྱུར་བ་སོ་སོར་སྣང་བར་ཐལ། ཁྱོད་ཀྱི་ཡན་ལག་ཚོན་གྱིས་ཁ་བསྒྱུར་ན་ཡང་ཡན་ལག་ཅན་ཁྱོད་ཚོན་གྱིས་ཁ་མ་བསྒྱུར་བའི་ཕྱིར། ཤེས་བྱ་ཆོས་ཅན། གང་ཞིག་ཤེས་པ་ལ་རང་དང་འདྲ་བའི་རྣམ་པ་གཏོད་པར་བྱེད་པའི་དོན་རགས་པ་ཆ་མེད་གཅིག་པུ་ནི་འགའ་ཡང་ཡོད་པ་མ་ཡིན་པར་ཐལ། རྣམ་པ་གཏོད་བྱེད་ཀྱི་ཕྱི་རོལ་རགས་པ་ཆ་མེད་ཡོད་པ་ལ་རིགས་པས་གནོད་པ་དེའི་ཕྱིར་རོ། །ཕྱི་རོལ་དོན་འགོག་གི་རིགས་པ་བསྟན་ནས་རྣམ་བདེན་པའི་གྲུབ་པའི་མཐའ་ལས་བརྩམས་ཏེ་གཟུང་འཛིན་གཉིས་མེད་དུ་བསྟན་པ་ནི། བློའི་ཉམས་སུ་མྱོང་བྱ་ཆོས་ཅན། ཤེས་པ་ལས་གཞན་ཕྱི་རོལ་ཏུ་བདེན་པ་མེད་དེ། ཕྱི་རོལ་གྱི་དོན་མེད་པ་དེ་ཉིད་ཀྱི་ཕྱིར། དོན་སྣང་དེའི་ཡུལ་ཅན་མྱོང་བ་ཆོས་ཅན། གང་ལས་དོན་གཞན་མྱོང་བྱེད་ཡོད་པ་མིན་ཏེ། ཁྱོད་གཟུང་བ་དང་འཛིན་པ་གཉིས་མེད་པར་མྱོང་བ་གཉིས་མེད་ཀྱི་ངོ་བོར་གནས་པའི་ཕྱིར། འོ་ན་ཤེས་པ་དང་ཤེས་བྱར་སྣང་བ་ཅི་ཞེ་ན། ཤེས་པ་དང་ཤེས་བྱར་སྣང་བ་དེ་ནི་ཆོས་ཅན། ཐ་དད་དུ་བདེན་པ་མ་ཡིན་པར་ཐལ། སྒྲོན་མ་རང་གིས་གསལ་བར་བྱེད་པ་དེ་ལྟར་དུ་ཤེས་པ་རང་ཉིད་རང་ལ་གསལ་བ་ཡིན་པའི་ཕྱིར། དབང་ཤེས་ཆོས་ཅན། རྣམ་པ་གཏོད་བྱེད་ཕྱི་རོལ་གྱི་དོན་འགའ་ཞིག་ཀྱང་ཉམས་སུ་མྱོང་བ་མིན་ནོ། །ཡུལ་གྱི་མཚན་ཉིད་འདྲ་བར་སྐྱེད་བྱེད་ཀྱི་ཕྱི་རོལ་གྱི་དོན་རིགས་པས་བཀག་པའི་ཕྱིར་རོ། །ལ་སྡུད་ཚིག་གོ །དོན་སྣང་འདིའི་མྱོང་བྱེད་ཀྱི་ཤེས་པ་འདི་ཡང་ཆོས་ཅན། རང་ལས་དོན་གཞན་འགའ་ཞིག་ཉམས་སུ་མྱོང་བ་མིན་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་གཉིས་མེད་པར་མྱོང་བ་གཉིས་མེད་དུ་གནས་པའི་ཕྱིར་རོ། །དེར་ཐལ། ཤེས་བྱ་ཆོས་ཅན། ཉམས་སུ་མྱོང་བ་དོན་སྣང་ནི་བློའི་བདག་ཉིད་ཁོ་ན་ཡིན་ལ། མྱོང་བྱེད་ཤེས་པ་དེ་ཡང་རང་ལས་དོན་གཞན་འགའ་ཞིག་ཉམས་སུ་མྱོང་བ་ནི་མིན་ཏེ། གཟུང་འཛིན་གཉིས་མེད་པ་དེའི་ཕྱིར་ཞེས་བྱ་བ་ནི་རིམ་པ་བཞིན་དུ་དོན་བསྡུ་བའོ། །མྱོང་བྱེད་དོན་གཞན་མེད་ན་བདེ་བ་ལ་སོགས་པ་འདིའི་མངོན་སུམ་དུ་རིག་པར་བྱ་བ་གང་ཡིན་ཞེ་ན། རིག་བྱར་སྣང་བ་འདི་ཆོས་ཅན། རང་འཛིན་བྱེད་ཀྱི་ཤེས་པ་ལས་དོན་གཞན་མིན་ཏེ། དེའི་བདག་ཉིད་ཁོ་ན་ཡིན་པའི་ཕྱིར། དབང་ཤེས་ཆོས་ཅན། བདག་ཉིད་གསལ་བར་བྱེད་པ་ཞེས་བརྗོད་དེ་རང་ཉིད་རབ་ཏུ་གསལ་བ་ཡིན་པ་དེས་ན་སྟེ་དེའི་ཕྱིར། མར་མེ་རང་གིས་རང་གསལ་བ་བཞིན་ནོ། །དེར་ཐལ། རང་གི་རིག་བྱ་དེ་ནི་རང་གི་བདག་ཉིད་ཡིན་པའི་ཕྱིར། ཅིའི་ཕྱིར་སྔོན་པོ་ལ་སོགས་པ་མྱོང་ཞེས་བརྗོད་ཅེ་ན། སྔོན་འཛིན་དབང་ཤེས་ཆོས་ཅན། ཁྱོད་ཀྱིས་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་ཞེས་བྱ་བ་ཡང་རང་ལས་དོན་གཞན་མྱོང་བ་མིན་ཏེ། རང་གི་ངོ་བོ་ཉིད་ཀྱི་སྔོན་པོའི་རྣམ་པར་སྐྱེས་པ་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར། གཉིས་སུ་མི་བདེན་ན་གཉིས་སུ་སྣང་བར་འགལ་ལོ་ཞེ་ན། རིག་བྱ་དང་རིག་བྱེད་ཀྱི་རྣམ་པ་ཐ་དད་དུ་མེད་པས་གཉིས་སུ་སྣང་བ་མེད་པར་མི་འགལ་ཏེ། བློ་ཚུལ་གཉིས་པ་ཅན་བློ་འཁྲུལ་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་ཅན་བློ་ཚུལ་གཉིས་པ་ཡིན་པའི་ཕྱིར། སྐྲ་ཤད་སོགས་དང་དེ་འཛིན་གྱི་ཤེས་པ་དོན་ལ་ཐ་དད་མེད་ཀྱང་ཐ་དད་དུ་སྣང་བ་བཞིན། གཉིས་སུ་བདེན་པ་མེད་བཞིན་དུ་གཉིས་སུ་སྣང་བ་ཅི་ཞེ་ན། གཟུང་བ་དང་འཛིན་པའི་མཚན་ཉིད་དོན་ལ་མེད་ན་གཉིས་སུ་སྣང་བ་མི་འཐད་དོ་ཞེས་བརྩད་པར་བྱ་བ་མིན་ཏེ། གང་གི་ཚེ་གཟུང་འཛིན་གཉིས་སུ་རྣམ་པར་ཕྱེ་བའི་མཚན་ཉིད་ཇི་ལྟར་མ་རིག་པས་རྣམ་པར་བསླད་པ་ཅན་གྱི་བློ་འཁྲུལ་བས་མཐོང་བར་གྱུར་པ་དེ་ལྟར་གཟུང་འཛིན་ཐ་དད་དུ་རྣམ་བཞག་བྱས་པ་དེའི་ཚེ་སྟེ་དེའི་ཕྱིར། མྱོང་བ་གཉིས་མེད་ཀྱི་ངོ་བོར་བསྟན་ཟིན་ནས་རང་རིག་འབྲས་བུ་བསྟན་པ་ནི། ཕྱི་རོལ་གྱི་དོན་མེད་པ་དེའི་ཚེ་གཞན་རིག་མེད་པའི་ཕྱིར་རང་ཉིད་རིག་པ་འབྲས་བུར་འདོད་དོ། །དེ་འགྲེལ་པ་ནི། བློ་གཅིག་ཉིད་མ་རིག་པའི་དབང་གིས་གཟུང་བ་དང་འཛིན་པའི་རྣམ་པ་ཉེ་བར་སྟོན་པར་སྐྱེ་བར་འདོད་པ་སེམས་ཙམ་གང་དག་གི་ལུགས་ལ། དབང་ཤེས་དག་ནི་ཆོས་ཅན། རང་རིག་འབྲས་བུ་ཡིན་ཏེ། རིག་པར་བྱ་བ་དོན་གཞན་མེད་པར་རང་གི་བདག་ཉིད་མྱོང་བའི་ཕྱིར། རྟགས་གྲུབ་སྟེ། ཐ་སྙད་དུ་དོན་རྟོགས་པ་ནི་དཔྱད་ན་རང་རིག་དེའི་ངོ་བོ་ཡིན་པའི་ཕྱིར། དེ་ཉིད་སྟོན་པ་ནི། དོན་སྣང་ཆོས་ཅན། ཕྱི་དོན་དུ་བདེན་པ་མེད་དེ། གང་གི་ཕྱིར་ན་ཉམས་སུ་མྱོང་བ་དེ་འདོད་པའི་རྣམ་པ་འམ་མི་འདོད་པའི་རྣམ་པར་གྱུར་ན་འདོད་པ་དང་མི་འདོད་པའི་ཡུལ་བདེ་སྡུག་སོ་སོར་རིག་པར་འགྱུར་བའི་ཕྱིར་རོ། །དེས་ན་འཛིན་པའི་རྣམ་པ་ཚད་མ། རང་རིག་པ་འབྲས་བུ། གཟུང་རྣམ་གཞལ་བྱའོ། །འབྲས་བུའི་རྣམ་པར་རྟོག་པ་གཉིས་པ་བསྟན་ནས་མདོ་སྡེ་པའི་ཚུལ་ལས་བརྩམས་ཏེ་འབྲས་བུའི་རྣམ་པར་རྟོག་པ་གསུམ་པ་སྟོན་པ་ནི། དབང་ཤེས་ཆོས་ཅན། སེམས་ཙམ་པ་ལ་རང་རིག་འབྲས་བུ་ཡིན་པ་བཞིན་དུ་འདིར་ཡང་དཔྱད་ན་ངེས་ཤེས་ཀྱི་ངོ་ན་ཕྱི་རོལ་གྱི་དོན་ཡོད་ཀྱང༌། རང་རིག་དེ་ཉིད་འབྲས་བུར་རིགས་ཏེ། རང་རིག་པ་ཇི་ལྟ་བ་བཞིན་དུ་རང་གི་བདག་ཉིད་དུ་གྱུར་པའི་དོན་གྱི་རྣམ་པ་རིག་པའི་སྒོ་ནས་དོན་རྟོགས་སུ་འཇོག་པའི་ཕྱིར། དོན་རྣམ་མེད་ཐུག་ཕྲད་དུ་འཛིན་པའི་ཕྱིར་རང་རིག་འབྲས་བུ་ཇི་ལྟར་བརྗོད་ཅེ་ན། གཟུགས་སོགས་ཆོས་ཅན། དོན་གྱི་ངོ་བོ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་རྣམ་པ་འཇོག་པར་བྱེད་པ་ནི་མིན་ཏེ། ཡིན་ན་དོན་སྣང་གི་ཤེས་པ་ཐམས་ཅད་རྣམ་པ་གཅིག་ཏུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཅིག་ཡིན་པ་ལ་སྐྱོན་ཅི་ཡོད་ཅེ་ན། དོན་སྣང་གི་ཤེས་པའི་རྣམ་པ་རྣམས་ནི་དུ་མར་རྣམ་པར་རིག་སྟེ། གང་གི་ཕྱིར་ན། སྐྱེས་བུའི་གཟུགས་ཀྱི་རང་བཞིན་གཅིག་ཉིད་གཅིག་གཉེན་གྱིས་ཡིད་དུ་འོང་ལ་གཞན་དགྲས་ཡིད་དུ་མི་འོང་བར་མཐོང་བའི་ཕྱིར་རོ། །འདོད་པ་དང་མི་འདོད་པར་སྣང་བ་ནི་རྟོག་པ་ཡིན་གྱི་དབང་པོའི་བློ་ལ་ནི་སྣང་བ་མིན་ནོ་ཞེ་ན། དབང་ཤེས་དེ་ཆོས་ཅན། ཡིད་དུ་འོང་བ་དང་མི་འོང་བའི་རྣམ་པ་སྣང་བ་མེད་པ་མིན་པར་ཐལ། ཁྱོད་སྔར་ཡིད་དུ་འོང་བར་སྣང་ཡང་ཕྱིས་འཆི་ལྟས་ལ་སོགས་པས་ཐེབས་པའི་ཚེ་སྔར་གྱི་ཡིད་དུ་འོང་བ་མཚམས་སྦྱོར་བ་མེད་པར་ཕྱིས་ཡིད་དུ་མི་འོང་བར་ཚད་མས་མཐོང་བའི་ཕྱིར། རྒྱུད་གཅིག་པ་ལ་ཡིད་དུ་འོང་བ་དང་མི་འོང་བ་སྣང་བའི་དབང་ཤེས་འབྱུང་བར་བསྟན་ནས་རྒྱུད་ཐ་དད་ལ་ཡང་འབྱུང་བར་བརྗོད་པ་ནི། ཤེས་བྱ་ཆོས་ཅན། དབང་ཤེས་ལ་ཡིད་དུ་འོང་མི་འོང་གི་རྣམ་པ་སྣང་བ་མེད་པ་མིན་པར་ཐལ། རྒྱུད་གཅིག་ཏུ་མ་ཟད་རྒྱུད་གཞན་དུ་གནས་པ་ལ་ཡང་ཐ་དད་མེད་པའི་གླུའི་སྒྲ་དང་གླ་རྩིའི་དྲི་དང་ལན་ཚའི་རོ་དང་ཉི་མའི་རེག་བྱ་ལ་སོགས་པའི་ཁྱད་པར་གྱི་སྲོག་ཆགས་ཀྱི་བྱེ་བྲག་རི་དྭགས་དང་མི་དང་རྔ་མོང་དང་བད་ཀན་ཅན་རྣམས་ཀྱི་དབང་པོའི་ཤེས་པ་ཉིད་ཀྱི་འཁོར་དུ་བདེ་བ་བསྐྱེད། རྔོན་པ་དང་སྦྲུལ་དང་སྦལ་བ་དང་མཁྲིས་ནད་ཅན་གྱི་དབང་ཤེས་ཀྱི་འཁོར་དུ་མི་བདེ་བ་བསྐྱེད་པའི་ཕྱིར་རོ། །དོན་གཅིག་ཉིད་དུ་མར་སྣང་བ་དེའི་ཕྱིར། དོན་སྣང་རྟོགས་པའི་བློ་ནི་དཔྱད་ན་རང་རིག་པ་ཁོ་ནའི་རང་བཞིན་ཡིན་ནོ། །འཐད་པ་འདིས་དོན་འགོག་པ་མ་ཡིན་གྱི་དོན་ཡོད་ཀྱང་རང་རིག་འབྲས་བུར་རིགས་སོ་ཞེས་བྱ་བ་ཡིན་ནོ། །དཔྱད་ན་རང་རིག་པ་ཡིན་ཡང་ངེས་ཤེས་ཀྱི་ངོ་ན་དོན་རིག་ཏུ་བསྟན་པ་ནི། འབྲས་རྟོགས་གསུམ་པ་འཆད་པའི་སྐབས་འདིར་ཆོས་ཅན། རང་རིག་ཡིན་ཡང་དོན་རིག་སྣང་བ་འདིའི་སྒྲུབ་པར་བྱེད་པའི་ཚད་མ་ནི་ཡུལ་གྱི་རྣམ་པ་གཟུང་རྣམ་ཉིད་ཡིན་པར་རིགས་ཏེ། རང་རིག་པ་འདི་ཡུལ་དོན་གྱི་རྣམ་པ་ཇི་ལྟ་བ་བཞིན་དུ་སྣང་བའི་ཕྱིར་རོ། །དོན་རིག་ཚད་འབྲས་ལ་གཉིས་ལས་དང་པོ་ནི་བརྗོད་ཟིན་ལ། གཉིས་པ་ནི་དོན་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། ཅུང་ཟད་དཔྱད་ན་རང་རིག་འབྲས་བུ་ཡིན་ནོ། །དེས་ན་འདིས་ནི་དོན་རིག་གི་ཚད་འབྲས་ཚུལ་གཉིས་པ་དེ་བརྗོད་པ་ཡིན་ནོ། །མདོ་སྡེ་པའི་སྐབས་སུ་དཔྱད་ན་རང་རིག་འབྲས་བུ་ཡིན་ན་ཇི་ལྟར་དོན་རིག་འབྲས་བུར་བརྗོད་ཅེ་ན། ངེས་ཤེས་ཀྱི་ངོ་ན་དོན་དུ་གནས་པའི་གཟུང་རྣམ་ནི་དཔྱད་ན་རང་རིག་པར་བྱེད་པའི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རང་རིག་པ་ཡིན་ཡང་དབང་ཤེས་འདི་ཆོས་ཅན། ཐ་སྙད་དུ་དོན་རིག་ཡིན་པར་བལྟ་སྟེ། བྱ་བ་རང་གི་འབྲས་བུ་རྗེས་ཀྱི་ངེས་ཤེས་ལས་དོན་རིག་ཏུ་གྲུབ་པའི་ཕྱིར། འབྲས་རྟོག་གསུམ་པའི་ཚད་མ་དང་འབྲས་བུ་དག་ཆོས་ཅན། ཡུལ་རྫས་ཐ་དད་ལ་འཇུག་པ་ཡང་མ་ཡིན་ཏེ། དཔྱད་ན་གཉིས་ཀ་ཤེས་པ་ལ་འཇུག་ཅིང་མ་དཔྱད་ན་གཉིས་ཀ་ཕྱི་དོན་ལ་འཇུག་པ་དེ་ཉིད་ཀྱི་ཕྱིར། འབྲས་རྟོག་གསུམ་པའི་སྐབས་འདིར་ཆོས་ཅན། རང་རིག་འབྲས་བུར་བཤད་པ་ལ་རྒྱུ་མཚན་ཡོད་དེ། དོན་རིག་གི་རང་བཞིན་སེམས་པའམ་དཔྱད་ན་ནི་དོན་རིག་དེ་ཉིད་རང་རིག་གི་བདག་ཉིད་ཡིན་པའི་ཕྱིར། ཚད་མ་དང་འབྲས་བུ་བསྟན་ཟིན་ནས་གཞལ་བྱ་བསྟན་པ་ནི། དོན་དེ་དང་འདྲའམ་གཞན་མི་འདྲ་ཡང་རུང་ཕྱི་རོལ་གྱི་དོན་ནི་གཞལ་བྱ་ཉིད་དུ་འདོད་དེ། དབང་པོའི་ཤེས་པ་ལ་དོན་གྱི་རྣམ་པ་དེ་ལྟར་སྣང་བའི་རྒྱུ་ནི་དོན་ཡང་ཡིན་པས་ནའོ། །རྒྱ་བོད་ཀྱི་མཁས་པ་རྣམས་འཆད་ཚུལ་མི་འདྲ་བ་དུ་མ་བྱས་ཀྱང་དཔལ་ལྡན་གྲགས་པའི་དགོངས་པ་འདི་ཁོ་ནར་མངོན་ནོ། །ཤེས་པ་དོན་དང་འདྲ་བ་ལ་གནོད་བྱེད་དུ་བརྗོད་པའི་རིགས་པའི་སྟོབས་མ་བཟོད་ནས་ཤེས་པ་དོན་དང་འདྲའམ་མི་འདྲ་ཡང་རུང་ཞེས་མདོ་སྡེ་པས་སྨྲ་བའི་ཚེ་གུད་ན་གནས་པའི་རྒོལ་བས། དོན་སྣང་བ་ཅན་གྱི་དབང་ཤེས་དེ་ཆོས་ཅན། ཇི་ལྟར་དོན་འཛིན་ཏེ་མི་འཛིན་པར་ཐལ། ཇི་ལྟར་ཟླ་བ་གཉིས་འཛིན་པ་ལ་སོགས་པའི་རྣམ་པ་འགའ་ཞིག་ལྟར་དོན་དངོས་སུ་དང་འདྲ་བ་མེད་པའི་ཕྱིར་ཞེ་ན། ཕྱི་རོལ་གྱི་དོན་དང་འདྲ་བ་མེད་པར་ཕྱི་རོལ་གྱི་དོན་འཛིན་པ་མི་འཐད་པ་བདེན་ཏེ། ཕྱི་དོན་དང་འདྲ་བ་མེད་པར་ཕྱི་དོན་འཛིན་པར་ཚད་མས་མི་ཤེས་པའི་ཕྱིར་ཞེས་ངས་ཀྱང་སྨྲའོ་ཞེས་སློབ་དཔོན་གྱིས་ལན་བཏབ་བོ། །ཡང་ན་རང་ཉིད་རིག་པ་འབྲས་བུར་བཤད་པ་ཡན་ཆོད་ཀྱིས་འབྲས་རྟོགས་གསུམ་པ་རྫོགས་པར་བསྟན་ནས་སེམས་ཙམ་པས་མདོ་སྡེ་པ་ལ་སྐྱོན་བརྗོད་པ་ནི། མདོ་སྡེ་པ་ཆོས་ཅན། ཤེས་པ་དོན་དེ་དང་འདྲའམ་གཞན་མི་འདྲ་ཡང་རུང་དོན་ནི་ཤེས་པའི་རྒྱུ་ཡིན་པའི་སྒོ་ནས་གཞལ་བྱ་ཉིད་དུ་འདོགས་དགོས་ཀྱི་འདྲ་བར་སྐྱེད་བྱེད་གྱི་སྒོ་ནས་གཞལ་བྱར་འདོད་པ་མི་འཐད་དེ། ཤེས་པ་ཕྱི་རོལ་དང་འདྲ་བ་མ་གྲུབ་ཅིང་ཤེས་པ་གཟུང་འཛིན་དེ་ལྟར་དུ་སྣང་བའི་རྒྱུ་ནི་དོན་ཡང་ཡིན་པས་སོ། །ཕྱི་མ་ཁས་བླངས་སོ། །རྟགས་སྔ་མ་གྲུབ་སྟེ། མཐོང་བ་ལ་རག་ལས་པ་ཡིན་ལ། དོན་སྨྲ་ཁྱེད་ཀྱི་ཕྱོགས་ལ་དོན་ནི་སྔར་གང་གིས་ཀྱང་མཐོང་བ་མེད་པའི་ཕྱིར་ཞེས་སློབ་དཔོན་ཆོས་མཆོག་འཆད་དོ། །ཕྱི་རོལ་གྱི་དོན་མེད་ན་འོ་ན་ཇི་ལྟར་ཚད་མ་དང་གཞལ་བྱ་དང་འབྲས་བུ་རྣམ་པར་གནས་ཤེ་ན། དྲི་བ་འདི་ལ། ཚད་འབྲས་གཞལ་གསུམ་གྱི་རྣམ་པར་བཞག་པ་འདི་ནི་ཆོས་ཅན། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན། དོན་དུ་གནས་པ་ནི་མིན་པར་ཐལ། བློ་འཁྲུལ་པ་ལ་ཇི་ལྟར་སྣང་བ་བཞིན་ཐ་སྙད་བྱས་པ་ཡིན་པའི་ཕྱིར། ཞེས་ཇི་ལྟར་འཁྲུལ་པས་མཐོང་འགྱུར་བ་ཞེས་པའི་སྐབས་སུ་བཤད་ཟིན་ཏོ། །ཡུལ་གྱི་རྣམ་པ་གཟུང་བ་འགའ་ཞིག་དང་ནང་དུ་ཡོངས་སུ་གཅོད་པ་འཛིན་པ་ནི་ཆོས་ཅན། བློ་འཁྲུལ་པས་གཟུང་འཛིན་ཐ་དད་པ་གཉིས་སུ་མཚོན་པའམ་རྟོགས་པར་འགྱུར་ཏེ། ཁྱོད་རང་རིག་པའི་རང་བཞིན་དུ་གནས་པ་ཉིད་མ་རིག་པའི་དབང་གིས་གཟུང་འཛིན་གྱི་རྣམ་པ་ཉེ་བར་སྟོན་བྱེད་དུ་སྐྱེ་བའི་ཕྱིར། དབང་ཤེས་ཆོས་ཅན། ཁྱོད་རང་རིག་པའི་རང་བཞིན་དུ་སྐྱེ་བ་ཉིད་མ་རིག་པའི་དབང་གིས་ཡུལ་གྱི་རྣམ་པ་གཟུང་བ་འགའ་ཞིག་དང་ནང་དུ་ཡོངས་སུ་གཅོད་པའི་འཛིན་པའི་རྣམ་པ་གཉིས་སུ་སྣང་བ་ནི་བློ་འཁྲུལ་པས་མཚོན་པའམ་རྟོགས་པར་འགྱུར་ཏེ། ཁྱོད་མྱོང་བ་གཉིས་མེད་ཀྱི་ངོ་བོར་སྐྱེས་པ་ཉིད་བློའི་འཁྲུལ་པ་ལ་གཟུང་འཛིན་གཉིས་སུ་སྣང་བའི་ཕྱིར། འཁྲུལ་པ་ལ་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་དེ་ལ་ཚད་མ་དང་གཞལ་བྱ་དང་འབྲས་བུའི་རྣམ་པར་བཞག་པ་འདི་ནི་བློ་འཁྲུལ་པས་ཇི་ལྟར་མཚོན་པ་ཁོ་ན་ལྟར་ཡིན་ནོ། །ཅིའི་ཕྱིར་གཟུང་འཛིན་ཐ་དད་པ་འདི་བློ་འཁྲུལ་པ་ཁོ་ན་ལས་བཞག་ཅེ་ན། དེ་ཉིད་དཔེ་དང་བཅས་པའི་སྒོ་ནས་བསྟན་པ་ནི། གཟུང་འཛིན་གཉིས་མེད་ཀྱི་བློའི་བདག་ཉིད་ཆོས་ཅན། དོན་དམ་པར་གཟུང་འཛིན་རིག་པ་ཐ་དད་དུ་དབྱེར་མེད་ཀྱང་འཁྲུལ་ངོར་གཟུང་འཛིན་རིག་པ་ཐ་དད་པ་གསུམ་དུ་སྣང་བ་ཡིན་པ་དེའི་ཚེ་སྔར་གྱི་མ་རིག་པའི་དབང་གིས་མཐོང་བ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱིས་གཟུང་བ་དང་འཛིན་པ་དང་རིག་པ་ཐ་དད་པ་གསུམ་དང་བཅས་པ་བཞིན་དུ་རྟོགས་པར་འགྱུར་བའི་ཕྱིར་རོ། །དཔེར་ན་མིག་གི་དབང་པོ་སྒྱུ་མ་མཁན་གྱི་སྔགས་དང་སྨན་སོགས་གྱིས་བསླད་པ་རྣམས་ལ་འཇིམ་དུམ་སོགས་རྟ་གླང་དེའི་གཟུགས་དང་བྲལ་ན་ཡང་འཇིམ་དུམ་སོགས་ལས་རྣམ་པ་གཞན་རྟ་གླང་དུ་སྣང་བ་བཞིན་ནོ། །དེའི་ཚེ་སྔགས་ཀྱི་ནུས་པས་རྟ་གླང་དུ་སྐྱེས་པ་ཡིན་ནོ་ཞེ་ན། འཇིམ་དུམ་སོགས་དེ་དག་ཆོས་ཅན། སྔགས་ཀྱི་ནུས་པས་རྟ་གླང་དུ་སྐྱེས་པ་མ་ཡིན་པར་ཐལ། ཡིན་ན་མིག་མ་བསླད་པ་རྣམས་ལ་ཡང་སྣང་དགོས་པ་ལས་སྔགས་སོགས་ཀྱི་ནུས་པས་མིག་མ་བསླད་པ་རྣམས་ཀྱིས་རྟ་གླང་དེ་ལྟར་དུ་ཚད་མས་མ་མཐོང་བའི་ཕྱིར། ཤེས་པ་གཅིག་ཁོ་ན་གཞལ་བྱ་དང་འཇལ་བྱེད་འབྲས་བུར་གནས་པའི་རྣམ་གཞག་འདི་ཆོས་ཅན། གཟུང་བ་དང་འཛིན་པ་དང་རིག་པ་རྣམས་དོན་དམ་པར་ཐ་དད་པ་གསུམ་ཡོད་པ་མིན་ཡང་འཁྲུལ་པ་ལ་ལྟོས་ཏེ་བཞག་ཏུ་རུང་སྟེ། བློ་འཁྲུལ་པ་ལ་ཇི་ལྟར་སྣང་བ་བཞིན་ཐ་སྙད་བྱས་པའི་ཕྱིར། གཟུང་འཛིན་རིག་པ་རྫས་ཐ་དད་པ་གསུམ་དུ་མི་བདེན་པ་ལས་གཞན་དུ་བདེན་ན། ཤེས་པ་གཅིག་གི་ངོ་བོ་ལ་དཀར་དམར་ལ་སོགས་པ་རང་བཞིན་དུ་མར་སྣང་བའི་རྣམ་པ་ཆོས་ཅན། ཇི་ལྟར་ཐ་དད་དུ་བདེན་པར་འགྱུར་ཏེ་མི་བདེན་པར་ཐལ། ཁྱོད་དུ་མར་བདེན་ན་ཁྱོད་ཤེས་པ་གཅིག་གི་བདག་ཉིད་ཡིན་པ་དེ་ཉིད་ཉམས་པའི་སྐྱོན་ཡོད་པའི་ཕྱིར། སྣ་ཚོགས་གཉིས་མེད་པའི་འདོད་པ་ཡིན་པར་མངོན་ནོ། །གསུམ་པོ་གཅིག་ཏུ་བདེན་ནོ་ཞེ་ན། གཟུང་འཛིན་རིག་པ་གསུམ་པོ་ཆོས་ཅན། ཆོས་ཅན་གཞན་གྱི་སྟེང་དུའང་གཞན་ཉིད་ཀྱི་ཐ་སྙད་ཉམས་པའི་རྒྱུན་ཆད་པར་ཐལ། དུ་མར་དམིགས་ཀྱང་དུ་མ་མ་ཡིན་པའི་ཕྱིར། འདིས་གཟུང་འཛིན་ཐ་དད་བཀག་པ་ཡིན་ནོ། །གཅིག་ཏུ་བདེན་པའི་དངོས་པོ་ཡང་མིན་པར་ཐལ། གཅིག་གི་དངོས་པོར་ཚད་མས་མཐོང་བ་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། འཛིན་པའི་བློ་དང་གཟུང་བའི་དངོས་པོ་ཐ་དད་མེད་པར་ཚད་མའི་སྟོབས་ཀྱིས་ངེས་པར་འགྱུར་དགོས་པས་སོ། །འདིས་གཅིག་ཏུ་བདེན་པ་བཀག་པ་ཡིན་ནོ། །གཟུང་འཛིན་བདེན་པ་འགོག་པའི་གཏན་ཚིགས་ནི། གཟུང་འཛིན་གཉིས་སུ་སྣང་བའི་དངོས་པོ་དེ་དག་ཆོས་ཅན། དེ་ཁོ་ན་ཉིད་དཔྱོད་པའི་རིགས་པ་གང་གིས་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་དུ་གཟུང་འཛིན་གཉིས་ཀྱི་དངོས་པོར་མེད་དེ། གང་གི་ཕྱིར་ན། ཤིན་ཏུ་དཔྱད་པའི་ཚེ། གཟུང་འཛིན་གཅིག་ཏུ་ཡང་མི་བདེན། དུ་མའི་རང་བཞིན་དུ་ཡང་མེད་པའི་ཕྱིར། སྒྱུ་མའི་རྟ་གླང་སོགས་ཀྱི་དཔེའི་སྒོ་ནས་གཟུང་འཛིན་དུ་སྣང་བ་འཁྲུལ་པར་བསྟན་པ་ལ་རྩོད་པ་ནི། ཉ་ཕྱིས་དང་དངུལ་ཕོར་ཆོས་མཐུན་པ་ནི་མཐོང་བ་ལས་དངུལ་ཕོར་དེའི་བདག་ཉིད་མིན་པ་ཉ་ཕྱིས་ལ་དངུལ་ཕོར་དུ་ཞེན་པ་ཡིས་ནི་འཇིག་རྟེན་པ་ལ་ཉ་ཕྱིས་ལ་དངུལ་ཕོར་དུ་འཛིན་པའི་འཁྲུལ་པ་བསྐྱེད་སྲིད་པ་ལས། རྣམ་པར་ཤེས་པ་སྨྲ་བ་འདིར་ནི། གཟུང་འཛིན་བདེན་པ་མཐོང་བས་འཁྲུལ་རྒྱུ་བྱས་ནས་གཟུང་འཛིན་འཁྲུལ་པར་སྐྱེ་བ་དེ་མེད་དེ། འགྲོ་བ་འདི་ལ་གཟུང་འཛིན་བདེན་པ་དེའི་བདག་ཉིད་གཅིག་ཀྱང་མཐོང་བ་མེད་པའི་ཕྱིར་ཞེ་ན། འཁྲུལ་པར་སྐྱེ་བ་ཆོས་མཐུན་མཐོང་བ་ལ་ལྟོས་པ་དེ་ལྟ་བུ་ཡང་ཡོད་ན་མི་ལྟོས་པའི་རྟོག་མེད་འཁྲུལ་པ་ཡོད་དེ། འདི་ལྟར། ནང་གི་བསླད་པ་ལས་བྱུང་བའི་གཟུང་འཛིན་གཉིས་སྣང་གི་དབང་ཤེས་གང་ཡིན་པ་དེ་ཆོས་ཅན། ཁྱོད་འཁྲུལ་པར་སྐྱེ་བ་དེ་འདྲ་བ་དང་འདྲ་ཡུལ་གྱི་ཆོས་མཐུན་པ་མཐོང་བ་དང་སོགས་པ་གཅིག་ཏུ་སྒྲོ་འདོགས་པ་སོགས་ཀྱི་རིམ་པ་ལ་ལྟོས་པ་མེད་པར་རང་བཞིན་གྱིས་ཕྱིན་ཅི་ལོག་ཏུ་སྣང་བར་འགྱུར་ཏེ། ཆོས་མཐུན་མཐོང་བ་གཟུང་འཛིན་བདེན་པ་བ་མེད་པར་ཡང་མ་རིག་པའི་ཉེས་པས་བསྐྱེད་པའི་སྟོབས་ཀྱིས་གཟུང་འཛིན་གཉིས་སྣང་དུ་སྐྱེ་བའི་ཕྱིར། རབ་རིབ་ལ་སོགས་པའི་ཉེས་པས་སྐྲ་ཤད་འཛག་པར་སྣང་བ་བཞིན། གཟུང་འཛིན་དུ་སྣང་བ་འདི་རྣམ་པར་རིག་པ་སེམས་ཙམ་ཉིད་ཡིན་ན་ནི་ཚད་མ་དང་གཞལ་བྱ་ལ་སོགས་པའི་རྣམ་པར་བཞག་པ་འཁྲུལ་ངོར་ཇི་ལྟར་སྣང་བ་བཞིན་དུ་འགྱུར་དུ་ཆུག་ནའང༌། སེམས་ཙམ་དུ་གནས་པ་དེ་ཉིད་ཇི་ལྟར་འགྲུབ་ཅེ་ན། རྩོད་པ་འདི་ལ་དཔྱད་པའི་ཚེ་ཤེས་པ་ཐམས་ཅད་གཟུང་བ་དང་འཛིན་པའི་མཚན་ཉིད་དང་མི་ལྡན་པའི་ཕྱིར། ཞེས་གཟུང་འཛིན་བདེན་མེད་ཀྱི་རྟགས་ཀྱིས་ཕྱི་རོལ་གྱི་དོན་མེད་པར་བསྒྲུབ་པའི་སྐབས་སུ་བཤད་ཟིན་ཏོ། །ཕྱི་རོལ་གྱི་དོན་མེད་པར་བསྒྲུབ་པའི་གཏན་ཚིགས་བཞི་ཡོད་པ་ལས་གཟུང་འཛིན་བདེན་མེད་ཀྱི་རྟགས་བསྟན་ཟིན་ལ། ཕྱི་རོལ་གྱི་དོན་མེད་པས་གཟུང་འཛིན་ཐ་དད་དུ་འགོག་པའི་རིགས་པ་གཞན་ཡང་སྟོན་པ་ནི། སྔོན་པོར་སྣང་བ་དང་དེ་འཛིན་གྱི་བློ་ཆོས་ཅན། རྫས་གཞན་མ་ཡིན་པར་ཐལ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་མདོར་བསྟན་ནས། དེ་ཉིད་འགྲེལ་པ་ནི། ཐ་དད་པར་སྣང་བ་ཉིད་ཡིན་ཡང་ཐ་དད་དུ་བདེན་པ་མེད་ཅེས་སྟོན་པ་ནི། སྔོན་པོར་སྣང་བ་ནི་ཆོས་ཅན། རང་ཉམས་སུ་མྱོང་བྱེད་ཀྱི་ཤེས་པ་ལས་དོན་གཞན་པའི་རང་བཞིན་ཉིད་མིན་ཏེ། གང་གི་ཕྱིར་ན། རང་འཛིན་བྱེད་ཀྱི་ཤེས་པ་དེ་དག་དང་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། ཟླ་བ་གཉིས་དང་དེ་འཛིན་གྱི་ཤེས་པ་ལ་སོགས་པ་བཞིན་ནོ། །རྟགས་གྲུབ་སྟེ། འདི་དག་ལས་གཟུང་བའི་རྣམ་པ་གཅིག་མ་དམིགས་ན་གཞན་འཛིན་པའི་རྣམ་པ་དམིགས་པ་མེད་ལ། འཛིན་པའི་རྣམ་པ་དམིགས་པ་མེད་ན་ཡང་གཟུང་བ་མི་དམིགས་པའི་ཕྱིར། སྣང་བ་དང་མུན་པ་ལྟ་བུ་རང་བཞིན་ཐ་དད་པ་ལ་ནི་ཆོས་ཅན། ལྷན་ཅིག་དམིགས་ངེས་འདི་འཐད་པ་མིན་ཏེ། འབྲེལ་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །འབྲེལ་པ་མེད་པ་ལ་ལྷན་ཅིག་དམིགས་ངེས་མེད་ན་སྣང་གཟུགས་ལྷན་ཅིག་དམིགས་ངེས་མ་ཡིན་པར་འགྱུར་རོ་ཞེ་ན། སྣང་བ་དང་ལྷན་ཅིག་ཏུ་གནས་པའི་གཟུགས་ཆོས་ཅན། ཁྱོད་དང་སྣང་བ་དག་ལ་ལྷན་ཅིག་དམིགས་ངེས་མེད་པ་མ་ཡིན་ཏེ། ཁྱོད་ཀྱིས་རང་འཛིན་གྱི་ཤེས་པ་བསྐྱེད་པར་རུང་བའི་མཚན་ཉིད་རང་དང་ལྷན་ཅིག་པའི་སྣང་བ་ལས་ཐོབ་ཅིང་འབྲེལ་བའམ་མིག་གི་དབང་པོས་ཁྱོད་འཛིན་བྱེད་དབང་པོའི་ཤེས་པ་བསྐྱེད་པར་རུང་བའི་མཚན་ཉིད་སྣང་བ་ལས་ཐོབ་པའི་སྒོ་ནས་རང་དང་ལྷན་ཅིག་པའི་སྣང་བ་དང་ཁྱོད་ལྷན་ཅིག་པའི་འབྲེལ་པ་ཡོད་པའི་ཕྱིར། གཟུགས་དམིགས་པ་སྣང་བ་ལ་ལྟོས་པའི་མིག་ཤེས་ཆོས་ཅན། གསལ་བྱེད་ཀྱི་རྒྱུ་སྣང་བ་མེད་པར་ཁྱོད་ཀྱིས་གཟུགས་དམིགས་པར་མི་འགྱུར་བའི་ཕྱིར་ཏེ། ཁྱོད་ཀྱིས་འབྲས་བུ་གཟུགས་དམིགས་པ་གསལ་བྱེད་ཀྱི་རྒྱུ་སྣང་བ་ལ་འཁྲུལ་བ་མེད་པའི་ཕྱིར། འབྲས་བུ་རྒྱུ་ལ་མི་འཁྲུལ་བས་ལྷན་ཅིག་དམིགས་ངེས་སུ་འདོད་པ་མི་འཐད་དེ། མེ་དང་དུ་བ་ཡང་ལྷན་ཅིག་དམིགས་ངེས་སུ་འགྱུར་བས་སོ་ཞེ་ན། བར་ཆད་མེད་པའི་སྣང་གཟུགས་ལ་འཐད་དོ་ཞེས་སྟོན་པ་ནི། སྣང་བ་དང་བར་ཆད་མེད་པའི་གཟུགས་ཆོས་ཅན། སྣང་བ་དང་ལྷན་ཅིག་ཏུ་གཟུང་བར་འགྱུར་ཏེ། སྣང་བ་དང་བར་ཆད་མེད་པའི་རྒྱུ་འབྲས་ཡིན་པས་སྣང་བ་དང་ཤེས་པ་གཅིག་གིས་ལྷན་ཅིག་ཏུ་གཟུང་དུ་རུང་བའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །གཟུགས་དམིགས་པ་སྣང་བ་ལ་ལྟོས་པའི་དབང་དུ་བྱས་ནས་སྣང་གཟུགས་ལྷན་ཅིག་དམིགས་ངེས་སུ་བསྟན་པ་ལས་ཡང་ན་ལྷན་ཅིག་དམིགས་ངེས་མིན་པར་སྟོན་པ་ནི། གཟུང་འཛིན་ལྷན་ཅིག་དམིགས་ངེས་སུ་འཆད་པའི་སྐབས་འདིར་ཆོས་ཅན། སྣང་གཟུགས་དེ་དག་ལ་ནི་གནས་སྐབས་ཀུན་ཏུ་ལྷན་ཅིག་དམིགས་ངེས་སུ་ཡོད་པའི་ངེས་པ་ཡོད་པ་མིན་ཏེ། སྟོན་ཀའི་ནམ་མཁའ་ལ་རེས་འགའ་སྣང་བ་འབའ་ཞིག་ཀྱང་མཐོང་བའི་ཕྱིར་དང་སྣང་བ་མེད་པའི་གཟུགས་ཀྱང་སྲོག་ཆགས་ཀྱི་བྱེ་བྲག་བྱི་ལ་ལ་སོགས་པ་འགའ་ཞིག་གིས་མཐོང་བ་ཡིན་པའི་ཕྱིར། སྔོན་པོའི་རྣམ་པ་དང་དེ་རིག་པའི་བློ་དེ་དག་ཆོས་ཅན། ལྷན་ཅིག་དམིགས་ངེས་ཡིན་ཏེ། ཁྱོད་གཉིས་གཅིག་དམིགས་པ་ལ་གཅིག་དམིགས་པས་ཁྱབ་པའི་ཕྱིར། རང་བཞིན་ཐ་དད་པའི་དངོས་པོ་ལ་ནི་ཆོས་ཅན། ལྷན་ཅིག་དམིགས་ངེས་དེ་རིགས་པ་མིན་ཏེ། འབྲེལ་བ་མེད་པའི་ཕྱིར། སྔོན་པོ་དང་སེར་པོ་བཞིན་ནོ། །གཟུང་འཛིན་ལྷན་ཅིག་དམིགས་ངེས་སུ་བསྟན་པ་ལ་བྱེ་བྲག་སྨྲ་བའི་རྩོད་པ་བརྗོད་པ་ནི། ཡུལ་ནི་སྔོན་པོའི་རྣམ་པར་ཤེས་པའི་རྒྱུར་ཉེ་བར་གནས་པའི་ཕྱིར། སྔར་དམིགས་ལ་སྔོན་པོ་རྟོགས་པའི་རིག་པ་ནི་འབྲས་བུར་ཉེ་བར་གནས་པའི་ཕྱིར། ཕྱིས་དམིགས་པས་ལྷན་ཅིག་དམིགས་ངེས་སུ་མི་འཐད་དོ་ཞེ་ན། དབང་ཤེས་ཀྱིས་དོན་དམིགས་དུས་སུ་ཆོས་ཅན། དབང་ཤེས་ཀྱིས་དོན་མཐོང་བར་མི་འགྱུར་བར་ཐལ། དོན་དམིགས་པའི་ཤེས་པ་མངོན་སུམ་གྱིས་གྲུབ་པ་མ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། དོན་ཚད་མས་གྲུབ་དུས་སུ་ཤེས་པ་ཚད་མས་མ་གྲུབ་པར་ཁས་བླངས་པས་སོ། །ཁྱབ་པ་ཡོད་དེ། ཡུལ་ཡོད་པ་ཙམ་གྱིས་ནི་ཡུལ་དམིགས་པ་མ་ཡིན་གྱི་འོན་ཀྱང་ཡུལ་དམིགས་པ་ལ་དེའི་དམིགས་བྱེད་ཀྱི་ཤེས་པ་ཡོད་པ་ལ་ལྟོས་དགོས་པས་སོ། །ཡུལ་སྔོན་པོ་དམིགས་པའི་དུས་སུ་ཆོས་ཅན། ཡུལ་སྔོན་པོ་ཡོད་པའི་རྒྱུ་མཚན་ཅན་གྱི་ཐ་སྙད་འཇུག་པར་མི་འགྱུར་བར་ཐལ། སྔོན་འཛིན་ཤེས་པ་དེ་ཡང་དམིགས་བྱེད་ཀྱི་ཚད་མ་དང་མི་ལྡན་པས་སོ། ཁྱབ་པ་ཡོད་དེ། སྔོན་འཛིན་ཤེས་པ་དེ་རབ་ཏུ་མ་གྲུབ་ན། དོན་སྔོན་པོ་རབ་ཏུ་མ་གྲུབ་པའི་ཕྱིར། འདོད་ན། དམིགས་བྱ་དང་དམིགས་བྱེད་ཀྱི་སྔོན་པོ་དང་སྔོན་འཛིན་གྱི་ཤེས་པ་ཡུལ་ཡུལ་ཅན་ཡིན་པའི་ཐ་སྙད་ཐམས་ཅད་ནུབ་པར་འགྱུར་བས་སོ། །དོན་དང་ཤེས་པ་མ་གྲུབ་ཀྱང་ཡུལ་ཡུལ་ཅན་གྱི་ཐ་སྙད་ནུབ་པར་མི་འགྱུར་རོ་ཞེ་ན། བྱེ་བྲག་སྨྲ་བ་ཆོས་ཅན། ཡུལ་ཡུལ་ཅན་ཡོད་དུ་ཆུག་ཀྱང་ཡུལ་ཡུལ་ཅན་ཡོད་པའི་ཐ་སྙད་བྱེད་པར་མི་འཐད་པར་ཐལ། ཚད་མས་མ་གྲུབ་པ་ལ་ཡོད་པའི་ཐ་སྙད་མི་རིགས་པའི་ཕྱིར་རོ། །མི་རིགས་པ་དེའི་ཕྱིར་དོན་སྣང་དམིགས་དུས་ན་ཆོས་ཅན། དོན་རིག་པར་བྱེད་པའི་གང་ཟག་ཅུང་ཟད་ཀྱང་ཡོད་པ་མིན་པར་ཐལ། དོན་དམིགས་བྱེད་ཀྱི་རིག་པ་འགའ་ཡང་མི་དམིགས་པའི་ཕྱིར་རོ། །རིག་པ་ནི་རང་རིག་མིན་ཡང་མངོན་སུམ་གྱིས་གྲུབ་སྟེ། ཤེས་པ་གཞན་གྱིས་མངོན་སུམ་དུ་དམིགས་པའི་ཕྱིར་རོ། །དེས་ན་དམིགས་པ་མངོན་སུམ་མིན་པའི་སྐྱོན་མེད་དོ་ཞེ་ན། རྟོགས་དུས་ཕྱིན་ཅི་ལོག་དུ་ཐལ་བའི་སྐྱོན་བརྗོད་པ་ནི། ཡུལ་ཕྱི་རོལ་གྱི་དོན་དེ་དམིགས་ཀྱང་དམིགས་པ་དེའི་ཚེ་ནི་ཚད་མས་མ་གྲུབ་ལ་གཞན་དམིགས་བྱེད་ཀྱི་ཤེས་པའི་ཚེ་ནི་ཚད་མས་གྲུབ་བོ་ཞེས་པའི་གྲུབ་མཐའ་འདི་ཆོས་ཅན། ལེགས་པར་ཐ་སྙད་དུ་བྱ་བ་སྟེ་བཞད་གད་ཀྱི་གནས་ཡིན་ཏེ། ཡུལ་ཕྱི་རོལ་གྱི་དོན་དེ་རང་དམིགས་པའི་ཚེ་ནི་སྒྲུབ་བྱེད་ཀྱི་ཤེས་པ་མ་གྲུབ་པས་མ་གྲུབ་ལ་གཞན་དམིགས་བྱེད་ཀྱི་ཤེས་པའི་དུས་སུ་ནི་དོན་འགག་བཞིན་དུ་གྲུབ་བོ་ཞེས་པའི་གྲུབ་མཐའ་ཡིན་པའི་ཕྱིར། ལེགས་པར་ཐ་སྙད་དུ་བྱས་སོ་ཞེས་པ་ནི་བཞད་གད་དུ་བྱ་བ་ཡིན་ནོ་ཞེས་པའི་དོན་ནོ། །རིག་པ་ཡང་གཞན་གྱིས་དམིགས་པ་ལ་ཞེས་པའི་ལན་ལ་དང་པོ་འདོད་པ་བརྗོད་པ་ནི། ཡུལ་དོན་སྣང་དུ་མ་ཟད་དོན་སྣང་རིག་པ་སྔ་མ་ཡང་ཕྱིས་འབྱུང་གི་རིག་པ་གཞན་གྱིས་དམིགས་ལ་རིག་པ་གཞན་དེ་ཡང་རང་རིག་གིས་མ་གྲུབ་པར་རིག་པ་གཞན་གྱིས་བསྒྲུབ་དགོས་པར་འདོད་ན་ནི། དོན་སྣང་རིག་པ་སྔ་མའི་སྒྲུབ་བྱེད་དུ་འདོད་པ་རིག་པ་གཞན་དེ་ཆོས་ཅན། །ཁྱོད་དོན་སྣང་རིག་པའི་སྒྲུབ་བྱེད་དུ་རང་ལས་ཕྱིས་འབྱུང་གི་དམིགས་པ་གཞན་གྱི་རྗེས་སུ་འབྲངས་ནས་འཇོག་དགོས་པར་ཐལ། ཁྱོད་དོན་སྣང་རིག་པའི་སྒྲུབ་བྱེད་གང་ཞིག རང་ལས་ཕྱིས་འབྱུང་གི་རིག་པ་གཞན་ལ་ལྟོས་མེད་དུ་དོན་སྣང་རིག་པའི་སྒྲུབ་བྱེད་མིན་པའི་ཕྱིར། འདོད་ན། དོན་སྣང་དམིགས་པའི་ཤེས་པ་སྔ་མ་རྣམས་ཚད་མས་གྲུབ་པ་དོན་སྣང་རིག་པ་དམིགས་པའི་ཤེས་པ་ཕྱི་མ་མཐར་ཐུག་པ་ལ་སྡོད་ཅིང་ལྟོས་པར་ཐལ། དོན་སྣང་རིག་པ་སྔ་མ་སྔ་མ་རྣམས་རང་རིག་གིས་མ་གྲུབ་པར་ཕྱི་མ་ཕྱི་མ་ལ་ལྟོས་ནས་དོན་སྣང་རིག་པའི་ཤེས་པར་འཇོག་དགོས་པ་དེའི་ཕྱིར། འདོད་ན། སྐྱེས་བུ་འདིས་དོན་སྣང་འགའ་ཡང་རྟོགས་པར་མི་འགྱུར་བར་ཐལ། དོན་སྣང་རིག་པ་ཕྱི་མ་གཅིག་ཚད་མས་མ་གྲུབ་ན་སྔ་མ་ཐམས་ཅད་ཚད་མས་མི་འགྲུབ་པའི་ཕྱིར་རོ། །དམིགས་པ་མཐར་ཐུག་པའི་ཚེ་ཐམས་ཅད་དམིགས་སོ་ཞེ་ན། འགྲོ་བ་འདི་དག་དོན་མཐོང་བ་མེད་པའི་ལོང་བ་དང་ཐ་སྙད་འདོགས་པ་མེད་པའི་ལྐུགས་པ་ཡིན་པར་ཐལ། དོན་སྣང་ཚད་མས་གྲུབ་པ་དམིགས་པ་མཐར་ཐུག་པ་ལ་ལྟོས་པ་གང་ཞིག་དམིགས་པ་ཐམས་ཅད་ཀྱི་སྐྱེ་བ་ལ་ཡང་རང་རིག་མེད་པས་སྔ་མ་རྣམས་རྟོགས་པའི་དོན་དུ་ཕྱི་མ་ཕྱི་མ་སྐྱེ་དགོས་པ་ལ་སོགས་པ་སྐྱེ་བ་ལ་ཡང་མཐར་ཐུག་པ་མེད་པའི་ཕྱིར་རོ། །འགའ་ཞིག་ཏུ་མཐར་ཐུག་པའི་ཚེ་རང་གི་བདག་ཉིད་དང་ཡུལ་གྱི་རྣམ་པ་གཉིས་ཀ་རིག་པར་ཁས་ལེན་ན་ནི། བྱེ་བྲག་སྨྲ་བ་ཆོས་ཅན། མཐར་ཐུག་པའི་ཤེས་པ་ཐ་མ་ལས་གཞན་དོན་སྣང་རིག་པ་སྔ་མ་རྣམས་ཀྱང་ཤེས་པ་ཐ་མ་དེ་བཞིན་དུ་ཤེས་པ་རང་གི་བདག་ཉིད་དང་ཡུལ་གྱི་རྣམ་པ་དམིགས་པར་ཐལ། དོན་སྣང་རིག་པ་མཐར་ཐུག་པའི་ཤེས་པ་ཐ་མ་དེས་བདག་ཉིད་དང་ཡུལ་གྱི་རྣམ་པ་ཅིག་ཆར་དུ་དམིགས་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། ཕྱི་མས་རྟོགས་ལ་སྔ་མས་མ་རྟོགས་པའི་བྱེ་བྲག་གི་རྒྱུ་མེད་པའི་ཕྱིར་རོ། །གཟུང་འཛིན་ལྷན་ཅིག་དམིགས་ངེས་མིན་པ་ལ་གནོད་བྱེད་ཡོད་པ་དེའི་ཕྱིར་ཡུལ་དང་ཤེས་པ་ལྷན་ཅིག་དམིགས་ངེས་ཡིན་པའི་རྟགས་གྲུབ་སྟེ། འདི་ལྟར་སྔོན་པོའི་རྣམ་པ་དང་དེ་རིག་པའི་བློ་དེ་ཆོས་ཅན། ལྷན་ཅིག་དམིགས་ངེས་ཡིན་པར་ཐལ། ཁྱབ་མཉམ་བདག་ཉིད་གཅིག་གང་ཞིག བློ་རྫས་གཅིག་གིས་ལྷན་ཅིག་ཏུ་དམིགས་པའི་ཕྱིར། ཁྱབ་པ་ཡོད་དེ། བློ་གཅིག་གི་བྱ་བ་སྐད་ཅིག་མ་ཡིན་པས་སྐད་ཅིག་གཉིས་པར་མི་སྡོད་པ་ལ་སྔ་ཕྱིའི་རིམ་པ་མི་རིགས་པའི་ཕྱིར། སྐད་ཅིག་མ་མིན་ན་དེ་ལ་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པའི་ཕྱིར་ཕྱིས་དམིགས་པ་བཞིན་དུ་སྔར་ཡང་དམིགས་པས་ཅིག་ཆར་དུ་དམིགས་པར་གྲུབ་བོ། །ལྷན་ཅིག་དམིགས་ངེས་ཀྱི་རྟགས་བསྟན་ཟིན་ནས་གསལ་ཞིང་རིག་པའི་རྟགས་ཞེས་བྱ་བ་ཡང་སྟོན་པ་ནི། སྔོན་པོ་རིག་པའི་བློ་དེ་ཆོས་ཅན། མར་མེ་རང་གིས་རང་གསལ་བ་དེ་ལྟར་དུ་རང་གི་རིག་བྱ་རང་ལ་གསལ་བ་ཡིན་ཏེ། རང་ཡུལ་གསལ་བ་དེའི་བདག་ཉིད་ཡིན་པའི་ཕྱིར། དོན་གཞན་གསལ་བ་མ་ཡིན་ནམ་ཞེ་ན། སྔོར་སྣང་དབང་ཤེས་ལ་གསལ་བར་སྣང་བ་དེ་ཆོས་ཅན། སྔོར་སྣང་དབང་ཤེས་ལས་གཞན་འགའ་ཞིག་ཏུ་གྲུབ་པ་ནི་མིན་པར་ཐལ། སྔོར་སྣང་དབང་ཤེས་ཀྱི་རིག་བྱར་གསལ་བའི་ཕྱིར། རང་གི་བདག་ཉིད་རིག་པ་བཞིན་ནོ། ལྷན་ཅིག་དམིགས་ངེས་སུ་མ་ཟད་གསལ་བར་སྣང་བ་དེའི་ཕྱིར་ཡང་སྣང་བ་དེ་ནི་མྱོང་བྱེད་ལས་དོན་གཞན་དུ་རིགས་པ་མ་ཡིན་ནོ། །རང་རིག་འབྲས་བུར་བསྟན་པའི་དོན་བསྡུ་བ་ནི། རྟགས་དེས་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བ་སེམས་ལས་དོན་གཞན་མིན་པར་གྲུབ་ལ། གྲུབ་ན་ནི། སྔོར་སྣང་དབང་ཤེས་དེ་ཆོས་ཅན། སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་ཏེ། རང་གི་བདག་ཉིད་དུ་གྱུར་པའི་སྔོར་སྣང་མར་མེ་རང་གིས་རང་གསལ་དེ་ལྟར་དུ་ཁྱོད་ལ་གསལ་བའི་ཕྱིར། དོན་གཞན་མ་ཡིན་པ་ལ་དེའི་བདག་ཉིད་མྱོང་བའི་ཐ་སྙད་མཛད་པ་ཡིན་ནོ། །མར་མེ་རང་གིས་རང་གསལ་བར་བྱེད་པ་དེ་ལྟར་དུ་སྔོན་པོའི་རྣམ་པ་སྣང་བའི་བྱ་བ་བྱེད་པའི་ཚེ་ན་སྔོར་སྣང་དབང་ཤེས་ཆོས་ཅན། རང་གསལ་བར་བྱེད་པར་འགྱུར་ཏེ། རང་གི་བདག་ཉིད་གསལ་པར་བྱེད་པ་དེའི་བདག་ཉིད་ཡིན་པའི་ཕྱིར། གསལ་བར་བྱེད་པ་སྒྲོན་མེ་བཞིན་ནོ། །གཞན་གསལ་བར་བྱེད་པ་ཡིན་ཏེ། རང་གི་གཟུང་རྣམ་གསལ་བར་བྱེད་པ་ཡིན་པའི་ཕྱིར། འབྲས་བུ་བསྟན་ཟིན་ནས་ཚད་མ་སྟོན་པ་ནི། གཟུང་བ་དོན་གཞན་ཁེགས་པ་དེའི་ཕྱིར་འཛིན་པའི་རྣམ་པ་དེ་ཆོས་ཅན། རང་རིག་པའི་སྒྲུབ་པར་བྱེད་པར་འདོད་དེ། ཁྱོད་ལས་རང་རིག་དེའི་དངོས་པོ་རྣམ་པར་འཇོག་ཅིང་འཇལ་བ་ཡིན་པའི་ཕྱིར། དཔེར་ན་འདོད་ཆགས་སོགས་རང་གིས་རང་ཚོར་བ་མྱོང་བར་བྱེད་པ་དེ་འདོད་ཆགས་སོགས་རིག་པའི་རང་རིག་འཇོག་བྱེད་ཡིན་པ་བཞིན་ནོ། །འདོད་ཆགས་སོགས་བདག་ཉིད་ཀྱིས་བདག་ཉིད་འཇལ་བ་དེར་ཆགས་སོགས་བདག་ཉིད་ཡུལ་དུ་བཞག་པ་ན། གཞལ་བྱ་དང་འཇལ་བྱེད་འབྲས་བུར་གནས་པའི་ཚད་འབྲས་གྱི་རྣམ་གཞག་འདི་ནི་ཆོས་ཅན། རང་རིག་ཚད་འབྲས་ཀུན་ལ་སྦྱར་བར་བྱ་བ་ཡིན་ཏེ། རང་རིག་གི་ཚད་འབྲས་ཡིན་པའི་ཕྱིར། ཐ་སྙད་པའི་ཚད་མར་མ་ཟད་དོན་དམ་པའི་ཚད་མ་ཀུན་ལའང་སྦྱར་བར་བྱའོ་ཞེས་ལོ་ཙཱ་བ་ཆེན་པོ་འཆད་དོ། །སེམས་ཙམ་པ་དེ་ལའང་དབང་ཤེས་དེ་དག་ཆོས་ཅན། རང་གི་བདག་ཉིད་མྱོང་བར་བྱེད་རུང་ཡིན་ཏེ། རང་གི་མྱང་བྱ་རང་གི་བདག་ཉིད་ཡིན་པའི་ཕྱིར། རྒྱུ་མཚན་དེའི་ཕྱིར་རང་མྱོང་བར་བྱེད་རུང་དེ་ཚད་མ། བདག་གཞལ་བྱ། རང་རིག་འབྲས་བུ་ཡིན་ནོ། །རང་རིག་པའི་སྒྲུབ་བྱེད་དུ་འདོད་པའི་ཚད་མ་དེ་ལ་རྣམ་གྲངས་དུ་ཡོད་ཅེ་ན། གོང་དུ་འཛིན་པའི་རྣམ་པ་རང་རིག་སྒྲུབ་བྱེད་དུ་ཚད་མར་བསྟན་པའི་ཚེ་རང་རིག་སྒྲུབ་བྱེད་འཛིན་རྣམ་ཁོ་ནར་ཟད་དམ་སྙམ་ན་གཞན་ཡང་ཡོད་པར་ཤེས་པའི་དོན་དུ་ཚད་མའི་རྣམ་གྲངས་བསྟན་པ་ནི། འཛིན་པའི་རྣམ་པ་དང་བདག་ལ་སྒྲོ་འདོགས་གཅོད་པར་རུང་བར་བརྗོད་པའི་ནང་དུ་ཡོངས་སུ་གཅོད་པའི་བདག་ཉིད་དེ་གང་གི་ཚད་མ་ཡིན་ཞེ་ན། ཚད་མའི་རང་གི་བདག་ཉིད་རིག་པའི་རང་རིག་གི་སྒྲུབ་བྱེད་ཚད་མར་བརྗོད་དོ། །ཅིའི་ཕྱིར་ཞེ་ན། རང་རིག་རྣམ་པར་འཇོག་བྱེད་ཡིན་པའི་ཕྱིར་རོ། །རང་གི་བདག་ཉིད་རིག་པ་ཚད་མའོ་ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོས་གསུངས་པ་ལ་རང་རིག་པ་འབྲས་བུ་ཡང་ཡིན་ལ། ཚད་མར་ཡང་བསྟན་པས་ཚད་འབྲས་གཅིག་ཏུ་འགྱུར་རོ་སྙམ་པའི་དོགས་པ་བཟློག་པའི་ཕྱིར་དུ་སྨྲས་པ། ཚད་མའི་རྣམ་གྲངས་བསྟན་པའི་སྐབས་འདིར་ཆོས་ཅན། སློབ་དཔོན་གྱིས་རང་གི་བདག་ཉིད་རིག་པ་ཚད་མའོ་ཞེས་བསྟན་པས་ཚད་འབྲས་གཅིག་ཏུ་གྱུར་བའི་སྐྱོན་མེད་དེ། འཛིན་པའི་རྣམ་པ་དང་བདག་ལ་སྒྲོ་འདོགས་གཅོད་པར་རུང་བར་བརྗོད་པའི་ནང་དུ་ཡོངས་སུ་གཅོད་པའི་བདག་ཉིད་དེ་ནི་ཚད་མ་ཡིན་ལ་དེ་ཉིད་ཀྱང་རང་རིག་པར་བརྗོད་ཅེས་བྱེད་པར་སྒྲུབ་པའི་སྒོ་ནས་ཚད་མར་བསྟན་པའི་ཕྱིར་རོ་ཞེས་པ་འདི་ནི་དྷ་ན་ཤཱི་ལའི་ངག་རྒྱུན་བཅོམ་ལྡན་རིག་པའི་རལ་གྲིས་བཀོད་པ་བཤད་པ་ཡིན་ནོ། །ཕྱོགས་ཀྱི་གླང་པོས་རང་རིག་ཚད་མར་བཤད་པ་དང་འདིར་འཛིན་རྣམ་ཚད་མར་བཤད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། འདིར་འཛིན་པའི་རྣམ་པ་དང་བདག་ལ་རུང་བར་བརྗོད་པའི་ནང་དུ་ཡོངས་སུ་གཅོད་པའི་བདག་ཉིད་ཚད་མར་བསྟན་པ་དང་སློབ་དཔོན་གྱིས་རང་རིག་པར་བྱེད་པ་ལ་དགོངས་ནས་རང་གི་བདག་ཉིད་རིག་པ་ཚད་མའོ་ཞེས་གསུངས་པ་དགོངས་པ་མཐུན་པའི་ཕྱིར། སློབ་དཔོན་གྱིས་བྱེད་པ་ལ་དགོངས་པ་གང་གིས་ཤེས་ཤེ་ན། རང་གི་བདག་ཉིད་རིག་པར་བྱེད་པ་ཚད་མའོ་ཞེས་དོན་གྱིས་ཐོབ་པ་སྡེབ་སྦྱོར་གྱི་དབང་གིས་བྱེད་པའི་ཚིག་མི་མངོན་པར་བྱས་ནས་གསུངས་པའི་ཕྱིར་རོ། །ལྷན་ཅིག་དམིགས་ངེས་དང་གསལ་ཞིང་རིག་པའི་རྟགས་གཉིས་ཀྱི་སྒོ་ནས་གཟུང་བ་དོན་གཞན་མེད་པར་རྒྱས་པར་བསྟན་ཟིན་པའི་མཇུག་བསྡུ་བ་ལ་མདོར་བསྟན་པ་ནི། རྟགས་གཉིས་ཀྱིས་གཟུང་བ་དོན་གཞན་ཁེགས་པ་དེའི་ཕྱིར་སྣང་བའི་དོན་དང་དེ་འཛིན་གྱི་བློ་དག་ཕྱི་དོན་ཡོད་དུ་ཆུག་ཀྱང་ཐ་དད་མིན་ནོ། །དེ་ཉིད་བཤད་པ་ནི། ཕྱི་དོན་ལྐོག་ན་མོ་ཡོད་དུ་ཆུག་ཀྱང༌། སྔོན་པོ་ལ་སོགས་པར་སྣང་བ་དང་དེ་རིག་པ་དག་ཆོས་ཅན། རྫས་ཐ་དད་མེད་པར་གྲུབ་སྟེ། ལྷན་ཅིག་དམིགས་ངེས་ཀྱི་རྟགས་དང་གསལ་ཞིང་རིག་པའི་རྟགས་དག་གིས་བདག་ཉིད་ཐ་དད་མེད་པར་གྲུབ་པའི་ཕྱིར། དངོས་སུ་ཕྱི་རོལ་གྱི་དོན་མེད་པར་བསྒྲུབ་པའི་རྟགས་གཉིས་བསྟན་ཟིན་ནས་ཤུགས་ལ་ཕྱི་དོན་མེད་པར་བསྒྲུབ་པའི་བློ་ཚུལ་གཉིས་ཉིད་ཀྱི་རྟགས་བསྟན་པ་ནི། རྟགས་གཉིས་ཀྱིས་གཟུང་བ་དོན་གཞན་ཁེགས་པ་དེས་ན། བློ་ནི་ཚུལ་གཉིས་པར་གྲུབ་བོ་ཞེས་མདོར་བསྟན་ནས། དེ་ཉིད་བཤད་པ་ནི། ཐ་དད་དུ་སྣང་མོད་དོན་ལ་ཐ་དད་མེད་པ་དེའི་ཕྱིར་དབང་ཤེས་ཆོས་ཅན། ཐ་སྙད་དུ་བློ་ཚུལ་གཉིས་སུ་གྲུབ་པ་ཡིན་ཏེ། ཡུལ་གྱི་རང་བཞིན་གཟུང་བའི་བློའི་ཚུལ་དང་ཤེས་པའི་རང་བཞིན་འཛིན་པའི་ཚུལ་གཉིས་སུ་སྣང་བ་དག་གིས་སོ། །དེས་ན་མདོ་ལས། ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ནི་ཚུལ་གཉིས་ཉིད། །ཅེས་གསུངས་པ་ཡང་ལེགས་པར་བཤད་པ་ཡིན་ནོ། །ཟུར་ན་གནས་པའི་རྒོལ་བས་དོན་དུ་སྣང་བའི་ཡུལ་གྱི་རྣམ་པ་དོན་སྣང་གི་བློ་ལས་ཐ་མི་དད་ན་དེ་ལས་ཐ་དད་པའི་ཕྱི་དོན་ལྐོག་ན་མོ་ཡོད་དོ་ཞེས་བྱ་བ་ག་ལས་ཤེས་ཤེ་ན། དེ་ལ་སློབ་དཔོན་གྱིས་དོན་སྨྲའི་ལན་འདེབས་ཚུལ་བསྟན་པ་ནི། ཕྱི་རོལ་གྱི་དོན་འབྲས་བུ་རྣམ་ཤེས་ལྡོག་པའི་རྟགས་ལས་འགྲུབ་པར་འགྱུར་རོ། །དེ་ཉིད་བཤད་པ་ནི། འབྲས་བུ་བུམ་གཟུགས་འཛིན་པའི་མིག་གི་ཤེས་པ་ཆོས་ཅན། ནུས་པའི་རྒྱུ་གཞན་བདག་རྐྱེན་དང་དེ་མ་ཐག་རྐྱེན་ཡོད་ཀྱང་ཁྱོད་མི་སྐྱེ་ན་ཁྱོད་ཀྱི་རྒྱུ་གཞན་མ་ཚང་བར་སྟོན་པའམ་རྟོགས་པར་འགྱུར་ཏེ། ཁྱོད་ཀྱི་བདག་རྐྱེན་དང་དེ་མ་ཐག་རྐྱེན་ཡོད་ཀྱང་ཁྱོད་ཀྱི་རྒྱུ་གཞན་མ་ཚང་ན་མི་སྐྱེ་ཞིང་རེས་འགའ་སྐྱེ་བ་ཡིན་པའི་ཕྱིར། རྒྱུ་གཞན་དེ་ཡང་ཕྱིའི་དོན་ཡིན་ནོ་ཞེ་ན། མདོ་སྡེ་པས་ཕྱི་རོལ་དོན་གྱི་སྒྲུབ་བྱེད་བརྗོད་པའི་སྐབས་འདིར་ཆོས་ཅན། རྣམ་ཤེས་ལྡོག་པའི་རྟགས་སེམས་ཙམ་པ་ལ་དོན་གྱི་སྒྲུབ་བྱེད་ཡང་དག་ཏུ་མི་འགྱུར་བར་ཐལ། གལ་ཏེ་སེམས་པ་འགའ་ཞིག་ཉེ་བར་ལེན་པའི་ཁྱད་པར་དོན་སྣང་གི་བག་ཆགས་སྨིན་པ་མེད་པས་འབྲས་བུ་དོན་སྣང་གི་ཤེས་པ་ལྡོག་པར་མི་སྨྲ་ན་ནི་རྣམ་ཤེས་ལྡོག་པའི་རྟགས་དོན་གྱི་སྒྲུབ་བྱེད་དུ་འགྱུར་བ་ལས་སེམས་ཙམ་པ་རྣམས་དོན་སྣང་གི་བག་ཆགས་སྨིན་པ་མེད་པས་དོན་སྣང་གི་ཤེས་པ་ལྡོག་པར་སྨྲ་བའི་ཕྱིར། སེམས་ཙམ་པ་དེ་ཡང་ཆོས་ཅན། བསླད་པ་དང་གཅིག་ཤོས་མ་བསླད་པའི་ཁྱད་པར་ཇི་ལྟར་སྨྲ་སྟེ་མི་རུང་བར་ཐལ། ཤེས་པ་ཐམས་ཅད་འཁྲུལ་པར་ཁྱད་པར་མེད་པའི་ཕྱིར་ཏེ། དོན་སྣང་གི་ཤེས་པའི་ཡུལ་ཕྱི་དོན་བཟློག་པས་ནའོ་ཞེ་ན། གཅིག་ཟླ་བ་གཉིས་སྣང་ནི་ཆོས་ཅན། ཐ་སྙད་དུ་ཡང་ཚད་མ་མ་ཡིན་པར་བརྗོད་དེ། མི་མཁས་པ་བྱིས་པས་ཀྱང་ཁྱོད་ཀྱིས་ཀུན་ནས་བསླང་བའི་ཐ་སྙད་ལ་ཡིད་བརྟན་དུ་མེད་པར་མཐོང་བས་སོ། །དེར་ཐལ། ཉེ་བར་བསླད་པའི་མ་རིག་པའི་བག་ཆགས་སྔ་མས་བཞག་པའི་རིགས་འདྲ་ཕྱི་མ་ལ་མཚམས་སྦྱོར་བའི་ནུས་པ་མེད་པའི་སྐྱོན་གྱིས་ཐ་སྙད་ལ་ཡང་བསླུ་བར་མཐོང་བའི་ཕྱིར་རོ། །གཞན་ཟླ་གཅིག་གི་གཟུགས་འཛིན་པའི་དབང་ཤེས་ནི་ཆོས་ཅན། ཐ་སྙད་མི་བསླུ་བ་ལ་ལྟོས་ནས་འདིར་ཚད་མ་ཡིན་ཏེ། འཁོར་བ་ཇི་སྲིད་པར་སྔ་མས་བཞག་པའི་རིགས་འདྲ་དང་མི་འབྲལ་བར་སྔ་མའི་རིགས་ཕྱི་མ་ལ་རྗེས་སུ་འབྲེལ་བར་བྱེད་པའི་ཐ་སྙད་ལ་མི་བསླུ་བའི་བློ་ཡིན་པའི་ཕྱིར། དེར་ཐལ། ནང་གི་རྒྱུ་བག་ཆགས་ཀྱི་རིགས་རྒྱུན་བརྟན་པ་སྟེ་མ་ཆད་པར་འཇུག་པས་བསྐྱེད་པའི་དབང་ཤེས་ཡིན་པའི་ཕྱིར། དོན་དམ་པའི་ཚད་མ་བསྟན་པར་བྱ་བ་མ་ཡིན་ནམ་ཅིའི་ཕྱིར་ཐ་སྙད་པའི་ཚད་མ་བརྗོད་ཅེ་ན། རྣམ་ངེས་འདིར་ནི་གོང་འོག་ཀུན་ཏུ་ཕལ་ཆེར་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། ཐ་སྙད་པའི་ཚད་མ་འདི་ལ་ཡང༌། ཕ་རོལ་མུ་སྟེགས་བྱེད་ཀྱི་རྟག་ཆད་ཀྱི་ལྟ་བའི་རྨོངས་པས་འཇིག་རྟེན་པ་བསླུ་བར་བྱེད་པ་བཟློག་པའི་ཆེད་ཡིན་པའི་ཕྱིར་རོ། །དེ་བཟློག་པ་ལ་ཡང་དགོས་པ་ཅི་ཡོད་ཅེ་ན། ཐ་སྙད་པའི་ཚད་མས་རྟག་ཆད་དུ་ལྟ་བའི་རྨོངས་པ་བཟློག་པ་ཆོས་ཅན། དགོས་པ་ཡོད་དེ། དོན་དམ་པའི་ཚད་མ་མངོན་དུ་བྱེད་པའི་ཆེད་ཡིན་པའི་ཕྱིར། མངོན་དུ་བྱ་བའི་དོན་དམ་པའི་ཚད་མ་དེ་གང་ཞེ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཆོས་ཅན། དོན་དམ་པའི་ཚད་མ་ཡིན་ཏེ། ཐོས་པས་བཟུང་ཞིང་བསམ་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་པའི་དོན། ཏིང་ངེ་འཛིན་གྱིས་གོམས་པར་བྱས་པའི་སྟོབས་ལས་རྣམ་པར་འཁྲུལ་བས་དབེན་ཞིང་དྲི་མ་མེད་ལ་སྤངས་རྟོགས་སླར་ལྡོག་པ་མེད་པའི་མཁྱེན་པ་ཡིན་པའི་ཕྱིར་རོ། །དོན་དམ་པའི་ཚད་མ་དེ་ཡང་རྣལ་འབྱོར་མངོན་སུམ་གྱི་སྐབས་སུ་ཆ་ཙམ་ཞིག་བསྟན་པ་ཡིན་ནོ། །གཞན་གྱིས་འབད་ཀྱང་རྟོགས་པར་དཀའ་བའི་ལམ། མངོན་སུམ་ལེའུའི་གཞུང་གི་དེ་ཉིད་རྣམས། །རྣམ་དག་རིགས་པས་ཀུན་ནས་གསལ་བྱེད་པའི། །གངས་རིའི་ཁྲོད་འདིར་སྔོན་མེད་ལེགས་བཤད་བཀོད། །མངོན་སུམ་ལེའུ་གཏན་ལ་དབབ་པ་ལ་འཇུག་པ་སྟེ་ལེའུ་དང་པོའི་རྣམ་བཤད་དོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*