ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད། ཇ༽

སྒྲུབ་བྱེད་ཡིན་མིན་གྱི་ཁྱད་པར་ཡོད་དེ། རང་ཚིག་ནི་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར་ཏེ། བརྗོད་བྱ་རྟོགས་པ་སྔོན་དུ་སོང་ནས་སྨྲ་དགོས་ལ། བརྗོད་བྱ་རྟོགས་ན་ནི་རྗོད་བྱེད་སྒྲུབ་བྱེད་དུ་མི་འཇུག་པའི་ཕྱིར་རོ། །གཞན་ལ་ཡིན་ནོ་སྙམ་ན། ཕ་རོལ་པོ་ལ་རང་ཚིག་དུ་མི་རུང་བའི་ཕྱིར་རོ། །རང་ཚིག་དང་བསྟན་བཅོས་ཀྱི་ཁྱད་པར་ཅི་ཞེ་ན། རང་ལ་ཡིད་ཆེས་ནས་གཞན་ལ་ལྟོས་མེད་དུ་སྨྲས་པ་ནི། རང་གི་ཚིག་ཡིན་ལ། ཡིད་ཆེས་པའི་གང་ཟག་ཕ་རོལ་པོས་གསུངས་པའི་ལུང་ནི་བསྟན་འཆོས་སོ། །ཡིད་ཆེས་པའི་བསལ་བ་བསྟན་ཟིན་ཏོ། དཔལ་ལྡན་གྲགས་པའི་གསུང་རབ་པད་མོའི་ཚལ། །ལེགས་བཤད་མངར་རྩིའི་རོ་བརྒྱ་ལྡན་པ་འདི། །ཁོ་བོའི་རྣམ་དཔྱོད་རྐང་དྲུག་ལྡན་པ་ཡིས། །རྟོགས་ཀྱི་མཁས་རློམ་ཤ་སྦྲང་འབུམ་ཕྲག་གིས། །ཡུན་རིང་དཔྱད་ཀྱང་རྟོགས་པར་མི་འགྱུར་བས། །ཁོ་བོས་རྣམ་དཔྱོད་ཁོ་ན་ལྷག་པར་མཐོང༌། གྲགས་པའི་བསལ་བ་ལ་ངོ་བོ་ངོས་བཟུང་ནི། གྲགས་པས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་ཏེ། རི་བོང་ཅན་ཟླ་བ་མིན་ཞེས་བྱ་བ་ལྟ་བུའོ། །དབྱེ་བ་ལ་སེལ་བྱེད་ཀྱི་སྒོ་ནས་འདོད་རྒྱལ་བའི་གྲགས་པ་དང་འགལ་བ་དང༌། ཐ་སྙད་ཀྱི་གྲགས་པ་དང་འགལ་བའོ། །དང་པོ་ནི། སྒྲ་བྱུང་གྲགས་པ་དང་འགལ་བ་སྟེ། བུམ་པ་ཟླ་བའི་སྒྲས་བརྗོད་མི་རུང་དུ་དམ་བཅས་པ་ལྟ་བུའོ། །ཅིའི་ཕྱིར་སྒྲ་ལས་བྱུང་བ་ཞེས་བྱ་ཞེ་ན། གྲུབ་ཙམ་ཉིད་ནས་སྒྲའི་བརྗོད་རུང་དུ་གྲུབ་པའི་ཕྱིར་སྒྲ་ལས་བྱུང་བ་ཞེས་བརྗོད་དོ། །སྒྲ་ནི་བརྡ་ལས་བརྟེན་པ་ཡིན་ལ་དེ་ཡང་འདོད་པ་ཙམ་ལ་བརྟེན་པ་ཡིན་པའི་ཕྱིར། དེས་ན་སྒྲས་བརྗོད་མི་རུང་ནི་མེད་པའི་ཕྱིར། ཡང་ན་ངེས་པའི་ཡུལ་དུ་འགྲོ་བ་སྒྲ་ལ་རག་ལས་པས་སྒྲ་ལས་བྱུང་བ་ཞེས་བསྟན་ཏོ། །དགོས་པ་ཅིའི་ཕྱིར་སྒྲ་ལ་རག་ལས་པ་ལ་སྒྲ་ལས་བྱུང་བ་ཞེས་བརྗོད་ཅེ་ན། རྗོད་བྱེད་ཀྱི་སྒྲ་ནི་བརྡ་ལ་བརྟེན་པ་ཡིན་ལ། དེ་ཡང་འདོད་པ་ཙམ་ལ་བརྟེན་པས་རྟོག་ཡུལ་གྱི་དོན་གང་ལ་ཡང་སྒྲས་མ་གྲུབ་པ་དག་ནི་མིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །གཉིས་པ་ཐ་སྙད་ཀྱི་གྲགས་པ་དང་འགལ་བ་ནི། ལོ་འདབ་ཅན་ཤིང་མིན་ནོ་ཞེས་པ་ལྟར་རོ། །ཐོག་མར་ལོ་འདབ་ཅན་ལ་ཤིང་དུ་བརྡ་སྦྱར་བའི་དབང་གིས་ཐ་སྙད་ཀྱི་དུས་སུ་ཡང་དེ་ལྟར་དུ་གྲགས་པའི་དབང་གིས་གནོད་པ་ཡིན་ནོ། །འདིར་ཡང་གྲགས་པས་གྲུབ་པའི་དོན་གྱིས་གནོད་པ་ལ་གྲགས་པས་གནོད་པ་ཞེས་བྱས་སྟེ། གང་དུ་སེལ་བ་དང༌། གང་སེལ་བ་དང༌། གང་གིས་སེལ་བ་དང༌། ཇི་ལྟར་སེལ་བའི་ཚུལ་ལ་སོགས་པ་སྔ་མ་བཞིན་དུ་རིག་པར་བྱའོ། །གྲགས་པའི་ངོ་བོ་ནི་སྔར་བརྗོད་ཟིན་ཏོ། །འདིར་སེལ་བྱེད་ཀྱི་གྲགས་པ་ལ་འདོད་རྒྱལ་བའི་གྲགས་པ་དང་འགལ་བ་ལ་གནོད་བྱེད་ནི། སྒྲ་ལས་བྱུང་བའི་གྲགས་པ་ཉིད་ཡིན་ཏེ། བརྗོད་རུང་གིས་བརྗོད་མི་རུང་ལ་གནོད་པའི་ཕྱིར་ཏེ། རྟོག་པ་ལ་སྣང་བ་ཀུན་ལ་ད་ལྟ་ཟླ་བ་སོགས་སུ་དངོས་སུ་གྲགས་པ་མེད་ཀྱང༌། འདོད་རྒྱལ་བའི་སྒྲ་དང་མིང་ཅན་དུ་འབྲེལ་རུང་དུ་ཡོད་པའི་ཕྱིར་རོ། །འདིར་སྒྲུབ་པར་བྱེད་པའི་གཏན་ཚིགས་ནི་གཉིས་ཏེ། ཡུལ་རུང་བར་སྒྲུབ་པ་དང་ཡུལ་ཅན་རུང་བར་སྒྲུབ་པའོ། །དང་པོ་ནི། རི་བོང་ཅན་གྱི་དོན་སྤྱི་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། རྟོག་ཡུལ་ན་ཡོད་པའི་ཕྱིར། དཔེར་ན་ལོ་འདབ་ཅན་ལ་ཤིང་གིས་བརྗོད་དུ་རུང་བ་བཞིན། གཉིས་པ་ནི་ཟླ་བ་ཞེས་པའི་སྒྲ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་དུ་རུང་སྟེ། བརྡ་དང་འདོད་པ་ཙམ་གྱིས་རྗེས་སུ་བྱེད་པའི་མིང་ཡིན་པའི་ཕྱིར། དཔེར་ན་བརྡ་དུས་ཀྱི་ལྷ་སྦྱིན་ཞེས་པའི་མིང་བཞིན་ནོ། །ཅིའི་ཕྱིར་བརྗོད་རུང་ལ་གྲགས་པའི་མིང་གིས་བཏགས་ཤེ་ན། ཐ་སྙད་ལས་སྐྱེས་པ་ཡི་ཆོས། །དེ་ནི་གྲགས་པའི་སྒྲས་བརྗོད་དོ། །ཅེས་པ་ལྟར་རོ། །བརྗོད་རུང་ལ་གྲགས་པ་ཞེས་འདོད་པའི་རྒྱུ་མཚན་ནི། གྲགས་པས་གྲུབ་པའི་ཕྱིར་ཏེ། གྲགས་པ་ནི་སྒྲ་ཡིན་ལ་དེའི་བརྗོད་རུང་དུ་གནས་པའི་ཕྱིར། འདོད་རྒྱལ་བའི་སྒྲ་ནི་འདོད་པ་ཙམ་ལ་བརྟེན་པས་དོན་ཐམས་ཅད་ལ་འཇུག་རུང་དུ་ཡོད་པའི་ཕྱིར་རོ། །དགོས་པ་ནི་བརྗོད་མི་རུང་དུ་དམ་བཅས་པ་ལ་གྲགས་པས་གནོད་པར་ཤེས་པ་ཡིན་ནོ། །དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པ་དང༌། གྲགས་པས་གྲུབ་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྒྲོ་མ་བཏགས་པར་རྒྱུ་རྐྱེན་ལས་གྲུབ་པ་ནི་དངོས་པོའི་སྟོབས་ལས་གྲུབ་པ་སྟེ། སྒྲའི་སྐད་ཅིག་མ་རང་རྒྱུ་ལས་བྱུང་བ་བཞིན་ནོ། །གྲགས་པས་གྲུབ་པ་ནི་འདོད་པས་བརྡ་སྦྱར་བ་ཙམ་ལས་གྲུབ་སྟེ། རི་བོང་ཅན་ལ་ཟླ་བ་ཞེས་པའི་སྒྲའི་ཐ་སྙད་སྦྱར་བ་བཞིན་ནོ། །འདི་རང་རྒྱུ་ལས་ཟླ་བར་སྐྱེས་པ་ནི་མིན་ཏེ། ཟླ་བའི་སྒྲའི་ཐ་སྙད་མཐོང་བའི་ངོར་ཡིན་གྱི། མ་མཐོང་བའི་ངོར་མིན་པའི་ཕྱིར། དངོས་པོའི་སྟོབས་ལས་གྲུབ་པ་ནི་བརྡའི་རྗེས་སུ་བྱེད་པ་མིན་ཏེ། བརྡ་མི་ནུས་པའི་ངོར་ཡང་དེར་འཛིན་གྱི་བློ་རང་དབང་དུ་སྐྱེ་བའི་ཕྱིར་རོ། །བརྡ་མཐོང་བ་ཁོ་ནའི་བློར་འབྱུང་གི་མ་མཐོང་བའི་ངོར་མི་འབྱུང་བའི་ཕྱིར་བརྡ་དང་འདོད་པ་ཙམ་གྱིས་ཟླ་བར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལེགས་པར་གྲུབ་པ་ཡིན་ནོ། །མདོར་ན་ཤིང་ཞེས་པའི་སྒྲའི་ཐ་སྙད་འདི་བརྡའི་སྔ་རོལ་དུ་ཉེ་རིང་མེད་པར་ཀུན་གྱི་མིང་དུ་སྦྱར་དུ་རུང་བས་སྒྲ་ལས་བྱུང་བའི་གྲགས་པས་ཀུན་ལ་ཁྱབ་པར་གསུངས་སོ། །གྲགས་པའི་བསལ་བ་བརྗོད་ཟིན་ཏོ། །དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་རྒྱས་པར་གོང་དུ་བསྟན་ཟིན་ལ། ཡིད་ཆེས་པའི་རྟགས་ལ། རྟགས་སུ་འདོད་པ་དང༌། ལྟར་སྣང་དུ་འདོད་པ་དང༌། འཐད་པའི་ཕྱོགས་དཔྱད་པའོ། །དང་པོ་ལ་ལུང་གི་སྒྲུབ་བྱེད་དང༌། རིགས་པའི་སྒྲུབ་བྱེད་དོ། །དང་པོ་ནི། སློབ་དཔོན་གྱིས། ཡིད་ཆེས་ཚིག་ནི་མི་སླུ་བའི། །སྤྱི་ལས་འདི་ཡུལ་ལྐོག་གྱུར་ན། །གོ་སྐབས་མེད་པའི་ཕྱིར་བློ་ནི། །རྗེས་སུ་དཔག་པ་ཉིད་དུ་གསུངས་ཞེས་དང༌། རྣམ་པ་དེ་ལྟ་བུའི་ཡུལ་ལ་ནི་གདོན་མི་ཟ་བར་བསྟན་བཅོས་ཚད་མར་འགྱུར་བར་བྱ་དགོས་སོ། །ཅེས་པ་དང༌། རྣམ་འགྲེལ་ངེས་གཉིས་ཀ་ལས། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །འདོད་པའི་དུས་ཡིན་དེ་ཡི་ཚེ། །བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར། །ཅེས་པ་དང༌། སློབ་དཔོན་ལྷ་དབང་བློས། ཁས་བླངས་དེ་ནི་འབྲས་རྟགས་དེ། །འབྲས་བུའི་མཚན་ཉིད་ཅན་གྱི་རྟགས་སོ། །ཞེས་པ་དང༌། ཤཱཀྱ་བློས་བསྟན་བཅོས་ལ་བརྟེན་པའི་ཆོས་ཅན་ནི། རྣམ་པར་དཔྱོད་པའི་རྟེན་ཉིད་ཀྱི་ཕྱིར་བསྟན་བཅོས་སྒྲུབ་པར་བྱེད་པ་ཡིན་པར་ཡང་འགྱུར་ཅེས་པ་དང༌། དེ་ལྟར་ཡུལ་གཉིས་རྣམ་དག་པར། །འདོད་པའི་དུས་ཡིན་དེ་ཡི་ཚེ། །བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར། །ཞེས་སོགས་སོ། །གཉིས་པ་རིགས་པ་ལ། གནོད་བྱེད་ཀྱི་རིགས་པ་དང༌། རང་ལུགས་སྒྲུབ་བྱེད་ཀྱི་རིགས་པའོ། །དང་པོ་ལ་གཞལ་བྱ་མིན་པར་ཐལ་བ་དང༌། ཤིན་ཏུ་ལྐོག་གྱུར་རྟོགས་པ་མེད་པར་ཐལ་བ་དང༌། འཇུག་བྱ་མིན་པར་ཐལ་བ་དང༌། བླང་དོར་གྱི་གནས་མི་རྟོགས་པར་ཐལ་བ་དང༌། བསམ་བྱུང་གི་ཤེས་རབ་མེད་པར་ཐལ་བ་དང༌། འགལ་བའི་དམ་བཅའ་ལ་གནོད་བྱེད་མིན་པར་ཐལ་བའོ། །དང་པོ་ནི། གཞལ་བྱ་ཤིན་ཏུ་ལྐོག་གྱུར་གཞལ་བྱ་མིན་པར་ཐལ། ཡིད་ཆེས་པའི་རྗེས་དཔག་ཚད་མ་ཚད་མ་མིན་པའི་ཕྱིར། ཚད་མ་གཞན་གྱིས་རྟོགས་པས་ཉེས་པ་མེད་དོ་སྙམ་ན། མིན་ཏེ། ཡིད་ཆེས་རྗེས་དཔག་ལས་གཞན་དེ་ལ་འཇལ་བྱེད་དུ་མི་འཇུག་པའི་ཕྱིར་དང༌། དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་ན་ཤིན་ཏུ་ལྐོག་གྱུར་མིན་པར་འགྱུར་རོ། །གཉིས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། ཤིན་ཏུ་ལྐོག་གྱུར་སྟོན་པའི་གསུང་རབ་ལས། ཤིན་ཏུ་ལྐོག་གྱུར་གྱི་དོན་རྟོགས་པའི་གོ་སྐབས་མེད་པར་ཐལ། ལུང་རིགས་གང་གིས་ཀྱང་མི་རྟོགས་པའི་ཕྱིར་དང༌། དེ་གཉིས་ཀྱིས་མ་རྟོགས་པར་གཞལ་བྱའི་དོན་རྟོགས་པའི་ཐབས་གཞན་ཡང་མེད་པའི་ཕྱིར་རོ། །གསུམ་པ་ནི། གསུང་རབ་ཆོས་ཅན། ཁྱོད་ཀྱིས་བསྟན་པའི་གྲུབ་མཐའི་རྗེས་སུ་འཇུག་བྱ་མིན་པར་ཐལ། བརྗོད་བྱ་ཚད་མས་མ་གྲུབ་པའི་དོན་ཅན་ཡིན་པའི་ཕྱིར། ཚད་མས་མ་གྲུབ་པའི་དོན་ཅན་གྱི། གྲུབ་མཐའ་རྗེས་སུ་འབྲང་ངམ་ཅི། ཞེས་པ་ལྟར་རོ། །བཞི་པ་ནི། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་དང༌། རྒྱུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ཚད་མས་མི་རྟོགས་པར་ཐལ། ལུང་ལ་བརྟེན་ནས་ཚད་མས་མི་རྟོགས། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ཡང་མིན། གྲགས་པ་ཙམ་གྱིས་གྲུབ་པ་ཡང་མིན་པའི་ཕྱིར། འགའ་ཞིག་དངོས་སྟོབས་ཀྱི་ཚད་མས་གྲུབ་སྟེ། བདེན་བཞི་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཕྱིར་ཞེས་ཟེར་རོ། །འོ་ན་དཀར་ཆོས་ཚེ་འཕོས་ནས་བདེ་བ་སྟེར་བྱེད་ཀྱང་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཕྱིར་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་ཡང་དངོས་སྟོབས་ཀྱི་ཚད་མས་གྲུབ་པར་ཐལ། ཀུན་འབྱུང་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཕྱིར། འདོད་ན། དཀར་ཆོས་ཚེ་འཕོས་ནས་བདེ་བ་མི་སྟེར་བར་དམ་བཅས་པའི་དམ་བཅའ་དེ་ཆོས་ཅན། ཤིན་ཏུ་ལྐོག་གྱུར་གྱི་སྟེང་དུ་ལུང་དང་འགལ་བ་དམ་བཅས་པའི་དམ་བཅའ་མིན་པར་ཐལ་ལོ། །ལྔ་པ་ནི་ཚུར་མཐོང་གི་གང་ཟག་ཆོས་ཅན། ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་ལ་ཐོས་བསམ་བྱེད་པས་ལུང་གི་དོན་རྟོགས་པའི་བསམ་བྱུང་གི་ཤེས་རབ་སྐྱེད་མི་སྲིད་པར་ཐལ། ཤིན་ཏུ་ལྐོག་གྱུར་རྟོགས་པའི་ཐབས་མེད་པའི་ཕྱིར་རོ། །ལྐོག་གྱུར་དག་ལ་བསྟན་བཅོས་དག །འདི་འདོད་དཔྱད་པ་ཉིད་མི་འཇུག །ཅེས་པ་ལྟར་རོ། །འདོད་ན། གཞལ་བྱའི་གནས་གསུམ་སྟོན་པའི་བསྟན་འཆོས་ལ་ཐོས་བསམ་བྱེད་པ་དོན་མེད་པར་ཐལ། ལུང་ལ་བརྟེན་ནས་བསམ་བྱུང་གི་ཤེས་རབ་སྐྱེ་མི་སྲིད་པའི་ཕྱིར་རོ། །དྲུག་པ་ནི། དཀར་ཆོས་བདེ་བ་སྟེར་བྱེད་དུ་སྟོན་པའི་ལུང་བདེ་བ་མི་སྟེར་བར་དམ་བཅས་པ་ལ་གནོད་བྱེད་མིན་པར་ཐལ། །དཀར་ཆོས་བདེ་བ་སྟེར་བྱེད་དུ་རྟོགས་པའི་ཚད་མ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་ཁས་བླངས་ནང་འགལ་བར་བརྗོད་པ་ནི། ཡིད་ཆེས་པའི་རྗེས་དཔག་ཚད་མ་མ་ཡིན་པར་སྟོན་པའི་ལུང་ཡིད་ཆེས་པའི་རྗེས་དཔག་ཚད་མར་དམ་བཅས་པ་ལ་གནོད་བྱེད་དུ་འདྲེན་པ་མི་རིགས་པར་ཐལ། ལུང་གནོད་བྱེད་ཡིན་པ་སྤྱིར་ཁེགས་པའི་ཕྱིར་རོ། །ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཀྱང་གཏན་ཚིགས་ཡང་དག་མིན་པར་ཐལ། སྤྱིར་ལུང་ཚད་མ་ཡིན་པ་ཁེགས་ཀྱང༌། ཡིད་ཆེས་པའི་རྗེས་དཔག་ཚད་མ་མིན་པར་སྟོན་པའི་ལུང་དེ་ལུང་ཚད་མ་ཡིན་པའི་ཕྱིར། རང་ཚིག་འགལ་བར་ཐལ་བ་ནི། ཡིད་ཆེས་པའི་རྗེས་དཔག་ཚད་མ་མིན་ཞེས་དམ་བཅས་པའི་ཚིག་འདི་རང་ཚིག་འགལ་བ་ཡིན་པར་ཐལ། སྤྱིར་ཡིད་ཆེས་པའི་རྗེས་དཔག་ཚད་མ་མིན་པར་དམ་བཅས་ནས། ཤུགས་ལ་རང་གི་ཚིག་ལ་བརྟེན་པའི་བློ་བརྗོད་བྱའི་དོན་ལ་མི་སླུ་བར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་མིན་ན་གཞལ་བྱའི་དོན་རྟོགས་པའི་ཚད་མ་མེད་ཅེས་དམ་བཅས་པའི་ཚིག་རང་ཚིག་འགལ་བ་ཡིན་པར་འཇོག་པ་མི་འཐད་དེ། དེ་རང་ཚིག་འགལ་བར་འཇོག་བྱེད་སྔ་མ་ལས་གཞན་མེད་པའི་ཕྱིར་རོ། །སྨྲ་བ་ཐམས་ཅད་རྫུན་ཡིན་ཞེས་པའི་ཚིག་དང༌། རྗེས་སུ་དཔག་པ་ཚད་མ་མིན་ཞེས་བྱ་བ་རྣམས་ལ་ཡང་རང་ཚིག་འགལ་བར་འཇོག་བྱེད་མེད་པར་འགྱུར་རོ། །གནོད་བྱེད་ཀྱི་རིགས་པ་བརྗོད་ཟིན་ཏོ། །གཉིས་པ་སྒྲུབ་བྱེད་ཀྱི་རིགས་པ་ནི། ཡིད་ཆེས་པའི་རྗེས་དཔག་ཚད་མར་ཁས་ལེན་དགོས་ཏེ། བཅོམ་ལྡན་འདས་ཚད་མའི་མཚན་ཉིད་དང་ལྡན་པར་རྟོགས་དགོས་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཚད་མར་རྟོགས་པ་ཡང་ལུང་ལ་རག་ལས་པའི་ཕྱིར་རོ། །ཐར་པ་དོན་གཉེར་གྱི་རྟོགས་ལྡན་རྣམས་ལུང་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་གྱི་བླང་དོར་གྱི་གནས་རྣམས་རྟོགས་པར་བྱ་དགོས་པའི་ཕྱིར་ཏེ། ལུང་ལ་མ་བརྟེན་པར་ཤིན་ཏུ་ལྐོག་གྱུར་ལ་དཔྱོད་པ་མི་འཇུག་པའི་ཕྱིར། ལྐོག་གྱུར་དག་ལ་བསྟན་བཅོས་དག །མི་འདོད་དཔྱོད་པ་ཉིད་མི་འཇུག །ཅེས་པ་ལྟར་རོ། །གནས་སྐབས་ཀྱི་བླང་དོར་ཙམ་དངོས་སྟོབས་ཀྱི་ཚད་མས་རྟོགས་ཀྱང༌། མཐར་ཐུག་གི་བླང་དོར་གྱི་གནས་འཁོར་བ་རྒྱུ་འབྲས་དང་མྱང་འདས་རྒྱུ་འབྲས་རྣམས་ལུང་ལ་བརྟེན་ནས་རྟོགས་པར་བྱ་དགོས་ཏེ། ཀུན་འབྱུང་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དང༌། ལམ་བདེན་ལས་འབྲས་བུ་འགོག་བདེན་འབྱུང་བའི་ཚུལ་རྣམས་ལུང་ལ་མ་བརྟེན་པར་རྟོགས་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་དེ་དག་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གཏན་ལ་འབེབས་སོ་སྙམ་ན། འོ་ན་གཞལ་བྱ་ཤིན་ཏུ་ལྐོག་གྱུར་རྣམ་པར་གཞག་ཏུ་མེད་དེ། ཐར་པ་དང་ཐམས་ཅད་མཁྱེན་པ་ཐམས་ཅད་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཕྱིར་རོ། །གལ་ཏེ་ལྷ་སྦྱིན་འདི་ལྷ་ལས་ཚེ་འཕོས་པ་ཡིན་ཞེས་བྱ་བ་ལྟ་བུ་ལ་འདོད་པ་གཞལ་བྱ་ཤིན་ཏུ་ལྐོག་གྱུར་མི་རྙེད་པར་ཡང་མི་འགྱུར་རོ་སྙམ་ན། དེ་ནི་གཞལ་བྱ་ཙམ་དུ་མི་རུང་ན། ཇི་ལྟར་ན་གཞལ་བྱ་གནས་གསུམ་པ་ཡིན། འོ་ན་ཤིན་ཏུ་ལྐོག་གྱུར་ལ་ལུང་གི་སྒྲུབ་བྱེད་ཙམ་ཡང་མེད་པར་ཐལ། ལྷ་སྦྱིན་ལྷ་ལས་ཚེ་འཕོས་པའི་ཚུལ་དང་སྒྲུབ་བྱེད་མེད་པར་མཚུངས་པའི་ཕྱིར་རོ། །ཡིད་ཆེས་པའི་རྗེས་དཔག་ཚད་མ་འདོད་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་གཏན་ཚིགས་ལྟར་སྣང་དུ་འདོད་པ་ལ་ཡང༌། ལུང་དང་རིགས་པའི་འདོད་ཚུལ་གཉིས་ལས། དང་པོ་ནི། རང་འགྲེལ་ལས། རྗེས་སུ་དཔག་པ་ཉེས་པ་མེད་པ་ཡིན་ཏེ། སྒྲ་རྣམས་ནི་དོན་དག་ལ་མེད་ན་མི་འབྱུང་བ་ནི་མིན་ནོ་ཞེས་བསྟན་ཟིན་ཏོ། །ཞེས་པ་དང༌། འདིའི་འགྲེལ་པར་ཤཱཀྱ་བློས། ལུང་ལ་བརྟེན་པའི་ཤེས་པ་ཉེས་པ་མེད་པ་མིན་ཏེ། སྐྱོན་དང་བཅས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་དག་ནི་དོན་རྣམས་དང་མེད་ན་མི་འབྱུང་བ་ནི་མིན་ཏེ། འབྲེལ་པ་མེད་པའི་ཕྱིར་ཅེས་པ་དང༌། རྒྱལ་བ་ཅན་གྱིས་ཀྱང༌། གསལ་བའི་དབྱེ་བས་རྣམ་པ་གསུམ་ཉིད་མིན་ཏེ། འོ་ན་ཅི་ཞེ་ན། འབྲས་བུ་དང༌། རང་བཞིན་དང༌། དེ་དང་འདྲ་བའི་དབྱེ་བས་སོ་ཞེས་པ་དང༌། རྒྱན་གྱིས། གྲགས་པ་རང་བཞིན་དང་མཐུན་པ་ཡིན་ལ། ཡིད་ཆེས་པ་ནི་འབྲས་བུ་དང་མཐུན་པ་ཡིན་ནོ་ཞེས་པ་དང༌། ཛྙ་ན་ཤྲཱིས། འབྲས་བུ་དང་རང་བཞིན་དུ་བཏགས་པ་དག་གི་དབྱེ་བས་ཞེས་སོགས་གསུངས་སོ། །གཉིས་པ་རིགས་པ་ལ། གཞན་ལ་གནོད་བྱེད་དང༌། རང་གི་སྒྲུབ་བྱེད་དོ། །དང་པོ་ལ། ཚིག་དོན་ལ་འབྲེལ་པ་ཡོད་པར་ཐལ་བ་དང༌། དམ་བཅའ་བརྗོད་པ་སྒྲུབ་ངག་གི་ཡན་ལག་ཏུ་ཐལ་བ་དང༌། ཚུལ་གསུམ་སྒྲུབ་བྱེད་ཐུག་མེད་དུ་ཐལ་བ་དང༌། འདོད་པ་ཙམ་གྱིས་གནོད་སྒྲུབ་ཏུ་ཐལ་བ་དང༌། ལུང་དོན་ལ་དཔྱོད་ཚུལ་ལོག་པར་ཐལ་བའོ། །དང་པོ་ནི། ལུང་རྣམ་དག་ཆོས་ཅན། རང་གི་བརྗོད་བྱའི་དོན་ལ་འབྲེལ་པ་གྲུབ་པར་ཐལ། རང་གི་བརྗོད་བྱའི་དོན་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། རང་གི་བརྗོད་བྱའི་དོན་དང་དེ་བྱུང་འབྲེལ་པར་ཐལ། འབྲེལ་པ་གྲུབ་ཅིང་བདག་གཅིག་འབྲེལ་པ་མེད་པའི་ཕྱིར། འདོད་ན། བརྗོད་བྱ་རྗོད་བྱེད་ཀྱི་འབྲེལ་པ་ཐམས་ཅད་འདོད་པས་སྦྱར་བ་མིན་པར་ཐལ། བརྗོད་བྱའི་དོན་དང་དངོས་སྟོབས་ཀྱི་འབྲེལ་པ་གྲུབ་པའི་ཕྱིར། གཉིས་པ་ནི། དཀར་ཆོས་ཆོས་ཅན། ཚེ་འཕོས་པ་ན་རང་འབྲས་བདེ་བ་འབྱུང་སྟེ། དེ་ལྟར་ལུང་རྣམ་དག་ལས་གསུངས་པའི་ཕྱིར་ཞེས་འགོད་དགོས་སོ། །དེའི་ཚེ་དམ་བཅའ་བརྗོད་པ་སྒྲུབ་ངག་གི་ཡན་ལག་དུ་ཐལ། དཀར་ཆོས་བདེ་བ་སྟེར་བྱེད་ཡིན་ཞེས་པའི་ལུང་དཀར་ཆོས་བདེ་བ་སྟེར་བྱེད་དུ་སྒྲུབ་བྱེད་ཡིན་པའི་ཕྱིར། འདོད་ན། དམ་བཅའ་ཡང་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་ཐལ་བས་ཧ་ཅང་ཐལ་ལོ། །དཀར་ཆོས་བདེ་བ་སྟེར་བྱེད་ཡིན་ཞེས་དམ་བཅས་པའི་ཚིག་ཙམ་གྱིས་ཀྱང་དཀར་ཆོས་བདེ་བ་སྟེར་བྱེད་དུ་སྒྲུབ་ནུས་པར་ཐལ། ལུང་སྒྲུབ་བྱེད་དུ་བཀོད་པའི་ཚེ་ཡང་ནུས་པ་དེ་ལས་ལྷག་པ་གཞན་མེད་པའི་ཕྱིར། གསུམ་པ་ནི། དཀར་ཆོས་བདེ་བ་སྟེར་བྱེད་སྟོན་པའི་ལུང་བརྗོད་བྱའི་དོན་དང་མ་འབྲེལ་ན་རྟགས་ཡང་དག་ཏུ་མི་འགྱུར་ལ། འབྲེལ་ན་འབྲེལ་པ་དངོས་སྟོབས་ཀྱི་ཚད་མས་གྲུབ་བམ་ཡིད་ཆེས་པའི་ལུང་གིས་གྲུབ། དང་པོ་ལྟར་ན། བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་འཛིན་པའི་ཚེ། འབྲེལ་པ་པོ་གཉིས་ཀྱང་གཟུང་བར་བྱ་དགོས་པས་བརྗོད་བྱ་དངོས་སྟོབས་ཀྱིས་གྲུབ་པའི་ཕྱིར་ལུང་གི་རྟགས་ལ་ལྟོས་དགོས་པ་ཅི་ཞིག་ཡོད། གཉིས་པ་ལྟར་ན། ལུང་དེའི་བརྗོད་བྱ་སྒྲུབ་བྱེད་ལ། ལུང་དེ་དང་དེའི་བརྗོད་བྱ་གཉིས་འབྲེལ་པར་དངོས་སྟོབས་ཀྱིས་གྲུབ་བམ་ཡིད་ཆེས་པའི་ལུང་གིས་གྲུབ། དང་པོ་ལྟར་ན། སྔ་མ་བརྗོད་བྱའི་དོན་དང་འབྲེལ་པ་ཡང་དངོས་སྟོབས་ཀྱིས་གྲུབ་པར་ཐལ། འབྲེལ་པ་སྒྲུབ་བྱེད་ཀྱི་ལུང་ཕྱི་མ་བརྗོད་བྱ་དང་འབྲེལ་པ་དངོས་སྟོབས་ཀྱིས་གྲུབ་ཅིང་ཕྱི་མ་གྲུབ་པ་སྔ་མ་མི་གྲུབ་པའི་རྒྱུའི་བྱེ་བྲག་མེད་པའི་ཕྱིར་དང༌། རྩ་བའི་གཏན་ཚིགས་ཀྱི་ལུང་བརྗོད་བྱའི་དོན་དང་འབྲེལ་པ་བསྒྲུབ་བྱར་བྱས་ནས་དེ་ལ་སྒྲུབ་བྱེད་ཀྱི་ལུང་འགོད་པ་ན། སྒྲུབ་བྱེད་ཀྱི་ལུང་སྔ་མ་བརྗོད་བྱའི་དོན་དང་འབྲེལ་པའི་ལྡོག་པ་མི་སྲིད་པར་ཐལ་བར་ཚད་མ་གྲུབ་དགོས་ལ། གྲུབ་ན་ནི། སྔ་མ་བརྗོད་བྱའི་དོན་དང་འབྲེལ་པར་ཚད་མས་གྲུབ་དགོས་ཏེ། སྒྲུབ་བྱེད་ཀྱི་ལུང་སྔ་མ་གཉིས་བརྗོད་བྱ་བརྗོད་བྱེད་དུ་འབྲེལ་བར་ཚད་མས་གྲུབ་ཅིང༌། འབྲེལ་ཡུལ་དང་འབྲེལ་ཆོས་གཉིས་མ་བཟུང་བར་འབྲེལ་པ་ཚད་མས་གཟུང་བར་མི་ནུས་པའི་ཕྱིར་རོ། །རྩ་བའི་གཏན་ཚིགས་ཀྱི་ལུང་བརྗོད་བྱ་ལ་འབྲེལ་བར་ཚད་མས་གྲུབ་ན་བརྗོད་བྱ་ཡང་ཚད་མས་གྲུབ་དགོས་པས་རྟགས་སུ་དགོད་པ་དོན་མེད་པར་འགྱུར་རོ། །ཕྱི་མ་ལྟར་ན། སྒྲུབ་བྱེད་ཀྱི་ལུང་ཕྱི་མ་ལ་ཡང་བརྗོད་བྱའི་དོན་ལ་འབྲེལ་པ་སྒྲུབ་བྱེད་ཀྱི་ལུང་དགོས་པས་ཐུག་མེད་དུ་འགྱུར་རོ། །ཕྱི་མ་ལ་ལུང་སྒྲུབ་བྱེད་ཁས་མི་ལེན་ན། སྔ་མ་ལ་ཡང་མཚུངས་པས་སྐྱོན་སོ་ན་གནས་སོ། །བཞི་པ་ནི། ལུང་རང་གི་བརྗོད་བྱའི་དོན་གྱི་སྒྲུབ་བྱེད་དང་ལྡོག་པ་ལ་གནོད་བྱེད་དུ་མི་འཐད་པར་ཐལ། ལུང་ཁས་བླངས་ན་བརྗོད་བྱའི་དོན་གྱི་སྒྲུབ་བྱེད་དང་གནོད་བྱེད་དུ་འགྱུར་གྱི་ཁས་མ་བླངས་ན་མི་འགྱུར་བའི་ཕྱིར་དང༌། ཁས་ལེན་མི་ལེན་ཡང་འདོད་པས་བྱེད་པའི་ཕྱིར་རོ། །དེ་ལྟ་ན་ལུང་གནོད་སྒྲུབ་ཏུ་འགྱུར་བ་འདོད་པས་བྱས་པས། འདོད་པའི་དབང་གིས་གནོད་སྒྲུབ་ཏུ་འགྱུར་གྱི་གནས་ཚུལ་ལ་གནོད་བྱེད་དུ་མི་འགྱུར་བའི་ཕྱིར་རོ། །རྣམ་ངེས་ལས། འདིའི་ཚད་མ་ཉིད་སྐྱེས་བུའི་འདོད་པས་བྱས་པ་ཉིད་ཡོངས་སུ་རྫོགས་པ་ཡིན་ནོ། །འདོད་པས་གནོད་སྒྲུབ་དུ་བཞག་ན་བརྗོད་བྱ་ལས་ལྡོག་པ་ཡང་བརྗོད་བྱའི་དོན་ལ་གནོད་བྱེད་དུ་འགྱུར་ཏེ། ལྡོག་ཕྱོགས་ཀྱི་དོན་ཡང་འདོད་པས་གཞག་ནུས་པའི་ཕྱིར་རོ། །ལྔ་པ་ནི་ལུང་ཁས་ལེན་ཚུལ་ཕྱིན་ཅི་ལོག་ཡིན་པར་ཐལ། ཐོག་མར་ལུང་དོན་ལ་དཔྱད་ནས་ལུང་ཁས་ལེན་དགོས་པ་ཡིན་ན། ཁྱོད་ལྟར་ན་ཐོག་མར་ལུང་ཁས་བླངས་ནས་རྗེས་ཐོགས་སུ་ལུང་དོན་ལ་དཔྱོད་པའི་ཕྱིར། རྣམ་ངེས་ལས། ཁས་བླངས་ནས་བརྟག་པ་འཇུག་པ་ནི་མིན་གྱི། འོན་ཀྱང་བརྟགས་ནས་ཁས་ལེན་པ་ཡིན་པའི་ཕྱིར་ཏེ་ཞེས་པ་དང༌། བསྟན་བཅོས་འདིར་ཡང༌། ཁས་བླངས་ནས་ནི་དཔྱོད་པ་བླུན། དཔྱད་ནས་ཁས་ལེན་མཛངས་པའི་ལུགས་ཞེས་གསུངས་སོ། །དྲུག་པ་ལུང་དོན་བསྒྲུབ་བྱར་ཐལ་བ་ནི། ལུང་དོན་རྟགས་ཡང་དག་གི་བསྒྲུབ་བྱར་འགྱུར་བ་གཅིག་སྲིད་པར་ཐལ། ལུང་རྣམ་དག་རང་གི་བརྗོད་བྱའི་དོན་སྒྲུབ་བྱེད་ཀྱི་རྟགས་ཡིན་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་ནི། ལུང་རྣམ་དག་ཆོས་ཅན། རང་གི་བརྗོད་བྱའི་དོན་སྒྲུབ་བྱེད་ཀྱི་རྟགས་མིན་ཏེ། དེ་ལ་བདག་གཅིག་དང་དེ་བྱུང་གི་འབྲེལ་པ་གང་ཡང་མེད་པའི་ཕྱིར། དཔེར་ན་བདག་བརྗོད་བྱར་བྱེད་པའི་ལུང་ཚིག་བཞིན། ལུང་བརྗོད་བྱའི་དོན་སྒྲུབ་བྱེད་ཀྱི་རྟགས་མིན་ཏེ། ལུང་ཙམ་རྟགས་སུ་བཀོད་པ་ལ་མ་ངེས། ལུང་རྣམ་དག་རྟགས་སུ་བཀོད་པ་ལ་མ་གྲུབ་པའི་སྐྱོན་ཡོད་པའི་ཕྱིར། ཇི་ལྟར་ཡོད་ན། ལུང་རྣམ་དག་ཏུ་ངེས་པ་བརྗོད་བྱའི་དོན་ལ་མི་སླུ་བར་ངེས་པ་ལ་ལྟོས་དགོས་ལ། དེ་ཡང་བརྗོད་བྱ་ངེས་པ་ལ་ལྟོས་དགོས་པའི་ཕྱིར་ཏེ། བརྗོད་བྱ་མ་རྟོགས་པར་བརྗོད་བྱ་ལ་མི་སླུ་བར་མི་རྟོགས་པའི་ཕྱིར་ཏེ། དཔེར་ན་འབྲེལ་ཡུལ་མ་རྟོགས་པར་འབྲེལ་པ་མི་རྟོགས་པ་བཞིན་ནོ། །ཡང་ཚད་མར་འདོད་ཚུལ་གཞན་བསྟན་པ་ནི། ཡིད་ཆེས་པའི་རྟགས་ནི་གཉིས་ཏེ། ཡིད་ཆེས་པའི་ལུང་རྟགས་སུ་བཀོད་པ་དང་ཚུལ་ཡིད་ཆེས་ཀྱིས་གྲུབ་པ་རྟགས་སུ་བཀོད་པའོ། །དཀར་ཆོས་ཆོས་ཅན། ཚེ་འཕོས་ནས་བདེ་བ་སྟེར་བྱེད་ཡིན་ཏེ། དཀར་ཆོས་བདེ་བ་སྟེར་བྱེད་དུ་སྟོན་པའི་ལུང་རྣམ་དག་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། འདི་ནི་འབྲས་བུའི་རྟགས་སོ། །གཉིས་པ་ལ་ཡང༌། འབྲས་རང་མ་དམིགས་པའི་རྟགས་གསུམ་ལས། དང་པོ་ནི། བཅོམ་ལྡན་འདས་ཆོས་ཅན། སྙིང་རྗེ་ཆེན་པོ་སྔོན་དུ་སོང་བ་ཡིན་ཏེ། རང་གིས་གཟིགས་པའི་ལམ་གཞན་ལ་གསུང་བར་མཛད་པའི་ཕྱིར། གཉིས་པ་ནི། སངས་རྒྱས་ཀྱི་ཤེས་བྱ་མ་ལུས་པར་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཚད་མ་ཡིན་ཏེ། མ་ཤེས་དོན་གསལ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དེ་ཆོས་ཅན། ཆགས་སོགས་ཉོན་མོངས་པ་དང་མི་ལྡན་ཏེ། རྒྱུ་མ་རིག་པ་མེད་པའི་ཕྱིར་རོ། ཞེས་པ་ལྟ་བུའོ། །ད་ལྟར་གྱི་ཐ་མལ་པ་ལ་འདིའི་ཆོས་ཅན་འགྲུབ་པ་ལུང་ལ་རག་ལས་པའི་ཕྱིར་ཕྱོགས་ཆོས་ལུང་གིས་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །འགའ་ཞིག་ནི་ལུང་རྟགས་སུ་བཀོད་པ་སྐྱོན་ཅན་ཡིན་ལ། ཕྱི་མ་གསུམ་རྟགས་ཡིན་ཞེས་བཞེད་དོ། །ལ་ལ་ནི་ལུང་རྟགས་སུ་བཀོད་པའི་རྟགས་ཡོད་ཀྱང་འགོད་ཚུལ་སྔ་མ་ལྟར་མིན་ཏེ། གཞན་དུ་ན། བདག་ཡོད་པར་ཐལ། ལུང་རྣམ་དག་ནས་བཤད་པའི་ཕྱིར་ཏེ། བདག་ཉིད་བདག་གི་མགོན་ཡིན་གྱི། ཞེས་པ་དང༌། བདག་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཁོ་ན་ལ་སྨིན་གྱིས་གཞན་ལ་ནི་མིན་ནོ་ཞེས་གསུངས་པའི་ཕྱིར་རོ། །བདག་མེད་པར་ཡང་ཐལ། བདག་གིས་སྟོང་ཞིང་བྱེད་པོ་མེད། ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་བདེ་བ་སྟེར་བའི་ལུང་རྣམ་དག་ཡོད་པའི་ཕྱིར་ཅེས་པ་དང༌། ལུང་དེ་ལུང་རྣམ་དག་ཡིན་པའི་ཕྱིར་ཞེས་སོགས་ཀྱི་ཞིབ་ཆ་སྦྱོར་བ་ཡང་བཀག་པ་ཡིན་ནོ། །གཞན་ཡང༌། མཐར་ཐུག་ཐེག་པ་གསུམ་དུ་ཐལ། དེ་ལྟར་སྟོན་པའི་ལུང་རྣམ་དག་ཡོད་པའི་ཕྱིར། མཐར་ཐུག་ཐེག་པ་གཅིག་ཏུ་ཐལ། དེ་ལྟར་སྟོན་པའི་ལུང་རྣམ་དག་ཡོད་པའི་ཕྱིར་ཞེས་སོགས་དེ་ལ་ཡང་སྦྱར་ཏེ་དགག་པར་བྱའོ། །འོ་ན་རྟགས་ཡང་དག་ཏུ་འགྱུར་བའི་ལུང་རྟགས་སུ་སྦྱོར་ཚུལ་ཇི་ལྟ་བུ་ཞེ་ན། རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། རང་གི་བརྗོད་བྱའི་དོན་ལ་མི་སླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་བཀོད་པར་བྱེད་དེ། དོན་དེ་དག་ལ་མངོན་སུམ་དང༌། རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། གནོད་མེད་འདི་ཡི་མི་བསླུའོ། །ཞེས་གསུངས་པ་ལྟར་རོ་ཞེས་འཆད་པར་བྱེད་དོ། །གསུམ་པ་རང་གི་ཕྱོགས་རྣམ་པར་གཞག་པ་ལ། མཚན་ཉིད། དབྱེ་བ། མཚན་གཞིའི་རྣམ་གཞག་གོ །དང་པོ་ནི། ཤིན་ཏུ་ལྐོག་གྱུར་དུ་གྱུར་པའི་བསྒྲུབ་བྱ་སྒྲུབ་པ་ལ་ཡིད་ཆེས་པའི་ཚུལ་གསུམ་ཚང་བའོ། །འདི་ལ་ལུང་རྟགས་སུ་བཀོད་པ་དང༌། མ་བཀོད་པ་གཉིས་ལས། དང་པོ་ནི། རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། རང་གི་བརྗོད་བྱ་དོན་མཐུན་ཡོད་དེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། འདུས་བྱས་མི་རྟག་པར་སྟོན་པའི་ལུང་བཞིན། གཉིས་པ་ལ་ཡང་འབྲས་རང་མ་དམིགས་པ་གསུམ་སྟེ་སྔར་བརྗོད་ཟིན་ཏོ། །གསུམ་པ་རྣམ་གཞག་ལ། རྟགས་ཀྱི་ཚུལ་སྒྲུབ་པ་དང༌། གཞན་གྱི་ཀླན་ཀ་སྤང་པའོ། །དང་པོ་ལ། ཕྱོགས་ཆོས་གྲུབ་པའི་ཚུལ་ནི། ཐོག་མར་ལུང་གི་ཚིག་བཟུང་ནས་རྗེས་ཐོགས་སུ་ལུང་གི་དོན་ལ་རིགས་པས་རྣམ་པར་དཔྱོད་དོ། །དཔྱད་པ་ཡོངས་སུ་རྫོགས་པ་ན་ལུང་དོན་གཞལ་བྱའི་གནས་དང་པོ་གཉིས་རིགས་པས་རྟོགས་ནས་དེ་སྟོན་པའི་ཚུལ་ལ་གནོད་པ་མེད་པར་གྲུབ་ལ། དེ་རྟོགས་པ་ཡང་རྗོད་བྱེད་ཀྱི་ལུང་བློ་ཡུལ་དུ་བཟུང་བ་ལ་བརྟེན་ནས་ལུང་གི་དོན་ལ་དཔྱོད་པ་འབྱུང་ལ། དེ་ནས་ལུང་དོན་རིགས་པས་རྙེད་པ་འབྱུང་བའི་ཕྱིར། ཚིག་ལས་བརྗོད་བྱའི་དོན་རྟོགས་པ་འབྲས་བུའི་རྟགས་ལ་བརྟེན་ནོ། འདིའི་ཚུལ་ཇི་ལྟར་གྲུབ་ཅེ་ན། ཕྱོགས་ཆོས་ལུང་གིས་གྲུབ་ལ། ཁྱབ་འབྲེལ་ནི་རྩོམ་པ་པོས་བརྗོད་བྱའི་དོན་ལ་བརྡ་སྦྱར་བའི་བརྡ་འབྲེལ་ཡིན་པས་བརྡ་མཐོང་བའི་བརྗོད་བྱ་རྗོད་བྱེད་དུ་ངེས་པའི་བློས་འགྲུབ་ཀྱི། སྒྲུབ་བྱེད་གཞན་འགོད་པར་བྱ་བ་མ་ཡིན་པས་ཐུག་མེད་དུ་མི་འགྱུར་རོ། །གཞལ་བྱའི་གནས་དང་པོ་སྟོན་པ་ལ་གནོད་བྱེད་དུ་རིགས་པས་གྲུབ་ནས་ལྷག་མ་ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་སྔ་མ་དང་རང་བཞིན་ཁྱད་མེད་ཀྱི་རྟགས་ཀྱི་གྲུབ་བོ། །ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་ཡང་རིགས་པས་མི་གནོད་དེ། གཞལ་བྱའི་གནས་དང་པོ་གཉིས་སྟོན་པ་ལ་རིགས་པས་གནོད་མེད་དུ་མཐོང་ཞིང༌། དེ་དང་རྩོམ་པ་པོ་ཚད་དང་ལྡན་པས་བསྟན་བཅོས་གཅིག་གི་བརྗོད་བྱ་སྟོན་པའི་དོན་དུ་བརྩམས་པའི་ལུང་དུ་མཚུངས་པའི་ཕྱིར། གཞལ་བྱའི་གནས་དང་པོ་གཉིས་སྟོན་པའི་གནས་སྐབས་བཞིན། དཔྱད་པ་གསུམ་གྱིས་དག་པའི་ལུང་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་ཡང་མི་འགྱུར་ཏེ། ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་ལ་གནོད་བྱེད་གང་ཡང་མ་མཐོང་བ་ཙམ་དུ་ཟད་ཀྱི། བརྗོད་བྱ་དངོས་སུ་དངོས་སྟོབས་ཀྱི་ཚད་མས་རྟོགས་པ་མེད་པའི་ཕྱིར་རོ། །དེས་ན་དཔེའི་སྟེང་དུ་ཁྱབ་འབྲེལ་ངེས་པའམ། ཆོས་ཅན་ལ་རྟགས་བཟུང་བའི་འོག་རོལ་ཏུ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་ནོ། །འོ་ན་དངོས་པོ་སྟོབས་བཞུགས་ཀྱི་རྟགས་སུ་ཐལ། ཚུལ་གསུམ་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་ཕྱིར་ཞེ་ན། ལུང་དང་བརྗོད་བྱའི་འབྲེལ་པ་ནི་བརྡ་འབྲེལ་ཡིན་གྱི། དངོས་པོ་སྟོབས་བཞུགས་ཀྱི་ཚད་མས་གྲུབ་པ་མིན་པའི་ཕྱིར་ཇི་ལྟར་དངོས་པོ་སྟོབས་ཞུགས་ཀྱི་རྟགས་སུ་འགྱུར། ཕྱོགས་ཆོས་ཀྱང་བརྡའི་དབང་གིས་གྲུབ་པ་ཡིན་ཏེ། ལུང་གི་བརྗོད་བྱའི་དོན་སྟོན་པ་ལ་ཚད་མས་གནོད་པ་མེད་པ་ཡང་ལུང་གི་བརྗོད་བྱ་བསྟན་ཚུལ་ལ་རག་ལས་ལ། དེ་ཡང་བརྡ་འབྲེལ་ལ་རག་ལས་པའི་ཕྱིར་རོ། །འོ་ན་གྲགས་རྟགས་སུ་འགྱུར་རོ་ཞེ་ན། མི་འཐད་དེ། གྲགས་པའི་དོན་མི་གནས་པའི་ཕྱིར་ཏེ། རྒྱུ་མཚན་ཅན་གྱི་གྲགས་པ་དང་བརྡའི་གྲགས་པ་གང་དུ་ཡང་མི་རུང་བའི་ཕྱིར། ཡིད་ཆེས་པའི་རྟགས་ཡིན་ལ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་མིན་པ་ཡོད་མོད་ཀྱི་གཞི་མཐུན་ཡོད་པ་མི་འགལ་ཞེས་སྨྲས་ན་ཅིས་འགོག ཡིད་ཆེས་པའི་རྟགས་ཡིན་པ་དེ་ཙམ་གྱིས་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡིན་པར་འགལ་ལོ་ཞེ་ན། འོ་ན་གཞལ་བྱའི་དོན་རྟོགས་པའི་ཚད་མ་མེད་ཅེས་དམ་བཅས་པ་ཡིད་ཆེས་པའི་ཚད་མའི་བསལ་བ་མིན་པར་ཐལ། དངོས་པོ་སྟོབས་ཞུགས་ཀྱི་ཚད་མའི་བསལ་བ་ཡིན་པའི་ཕྱིར། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ལྡོག་ཕྱོགས་དེ་དམ་བཅས་པ་ཡིན་པའི་ཕྱིར་ཏེ། གཞལ་བྱའི་དོན་རྟོགས་པའི་ཚད་མ་ནི་རང་རིག་མངོན་སུམ་གྱིས་གྲུབ་ལ། དེ་དག་འགལ་བ་དམ་བཅས་པའི་ཕྱིར་རོ། །མདོར་ན་དཔྱད་པ་གསུམ་གྱིས་དག་པའི་ལུང་དུ་འཇོག་པ་ཡང་བརྗོད་བྱ་དོན་དང་མཐུན་པར་སྟོན་པས་གནོད་པ་མེད་པར་བརྗོད་ལ། བརྗོད་བྱ་དོན་དང་མཐུན་པ་ཡང་ཚད་མས་གནོད་པ་མེད་པའི་བརྗོད་བྱ་ལ་བརྡ་སྦྱར་བའི་དབང་གིས་བཞག་པའི་ཕྱིར། ཕྱོགས་ཆོས་འགྲུབ་པ་ཡང་བརྡའི་འབྲེལ་པ་ལ་རག་ལས་ལ། ཁྱབ་འབྲེལ་ཡང་བརྡས་བཞག་པའི་འབྲེལ་པ་ཡིན་ཏེ། ལུང་གི་རང་གི་བརྗོད་བྱ་ལ་འདོད་པས་བརྡ་སྦྱར་བས་བརྗོད་བྱ་སྟོན་བྱེད་དུ་གྱུར་པ་ཡིན་ནོ། །བདག་གཅིག་དང་དེ་བྱུང་གི་འབྲེལ་པ་ནི་བརྗོད་བྱ་རྗོད་བྱེད་རྟོག་ངོར་བདག་གཅིག་པ་རུང་གི་དོན་ལ་མི་རུང་བའི་ཕྱིར་དང༌། རྗོད་བྱེད་བརྗོད་བྱའི་དོན་ལས་སྐྱེ་བ་ཡང་མིན་པའི་ཕྱིར་རོ། །དེས་ན་བསྒྲུབ་བྱའི་དོན་ལ་བདག་གཅིག་དེ་བྱུང་གི་འབྲེལ་པ་མེད་པའི་ཕྱིར་ན་འགྲེལ་པ་རྣམས་སུ་རྗེས་སུ་དཔག་པ་ཉེས་པ་མེད་པ་ནི་མིན་ཏེ་ཞེས་གསུངས་པ་རྣམས་ནི་འདི་ལ་དགོངས་སོ། །བརྡ་འབྲེལ་ཡོད་ལ་རྗོད་བྱེད་ཀྱི་སྒྲ་ཙམ་དང་མཚུངས་པ་ནི་མིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པས་སོ། །དེ་ལ་རྒྱས་འབྲིང་བསྡུས་གསུམ་ནི་ཆོས་ཅན་ཡིན་ལ། དོན་བརྗོད་ཚུལ་དང་མཐུན་པའི་ཞེན་པའི་བརྗོད་བྱ་ནི་བསྒྲུབ་བྱའི་ཆོས་སོ། །དཔྱད་པ་གསུམ་གྱིས་དག་པའི་ལུང་ནི་གཏན་ཚིགས་སོ། །འདུས་བྱས་མི་རྟག་པར་སྟོན་པའི་ལུང་ནི་མཐུན་དཔེའོ། །དེས་བསྒྲུབ་བྱ་སྒྲུབ་པའི་ཡན་ལག་ཏུ་འགྱུར་ཚུལ་ནི། དཔེའི་སྟེང་དུ་བརྗོད་བྱ་དོན་མཐུན་དང་ལྡན་པར་ཡིད་ཆེས་པར་རྟོགས་ནས། དཔེའི་སྟེང་དུ་ཞུགས་པའི་དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ཆོས་ཅན་ལ་ཡང་ཡོད་པར་མཐོང་བ་ན། ཤེས་འདོད་ཆོས་ཅན་དེ་ཉིད་བརྗོད་བྱ་དོན་མཐུན་དང་ལྡན་པར་རྟོགས་པ་ཡིན་ནོ། །ཡིད་ཆེས་པའི་གནས་སུ་ཁས་བླངས་པའི་ལུང་བརྗོད་བྱ་དོན་གཞན་དཔོག་པའི་རྟགས་སུ་རྒོལ་བས་རློམ་པས་ན་ཁས་བླངས་འབྲས་རྟགས་ཞེས་བྱའོ། །ཅིའི་ཕྱིར་ཁས་བླངས་འབྲས་རྟགས་ཞེས་བྱ་ཞེ་ན། བརྗོད་བྱ་དོན་མཐུན་སྟོན་བྱེད་དུ་ཁས་བླངས་པའི་ལུང་ཉིད་ལ་ཁས་བླངས་པ་ཞེས་བརྗོད་ལ། དེ་བརྗོད་བྱ་དོན་གཞན་དཔོག་པར་བྱེད་པའི་རྟགས་ཀྱང་ཡིན་པས་དེ་སྐད་དུ་བརྗོད་དོ། །ཁས་བླངས་པའི་ཚུལ་གཉིས་ཏེ། བསྟན་བཅོས་ཀྱི་ཁས་བླངས་ཚུལ་དང༌། རང་ཚིག་གིས་ཁས་བླངས་ཚུལ་ལོ། །དང་པོ་ནི། རྩོམ་པ་པོས་བསྟན་བྱའི་དོན་ཇི་ལྟར་བསྟན་པར་མཐོང་བས་ཡིད་ཆེས་ནས། དེས་མཛད་པའི་བསྟན་འཆོས་ཀྱི་ཚིག་བརྗོད་བྱ་དོན་དང་མཐུན་པར་སྟོན་བྱེད་དུ་ཡིད་ཆེས་པ་ནི་ཁས་བླངས་པའི་དོན་ཡིན་ཏེ། རྩོམ་པ་པོ་ལ་ཡིད་ཆེས་པའི་དབང་གིས་ཚིག་བརྗོད་བྱའི་དོན་མཐུན་སྟོན་བྱེད་དུ་འདོད་པའི་ཕྱིར་རོ། །འདི་ཡང་གཉིས་ཏེ། རང་དོན་གྱི་དབང་དུ་བྱས་པ་དང་གཞན་དོན་གྱི་དབང་དུ་བྱས་པའོ། །དང་པོ་ནི། རང་གིས་བསྟན་བཅོས་ཀྱི་ཚིག་བཟུང་ཞིང་བརྗོད་བྱ་ལ་རིགས་པས་དཔྱད་ནས་དོན་དང་མཐུན་པར་རྟོགས་པའི་ཚེ་ན། བསྟན་བཅོས་སྨྲ་བ་པོ་ལ་བསྟན་བྱའི་དོན་ཇི་ལྟ་བ་བཞིན་སྨྲ་བར་ཡིད་ཆེས་ནས་དེའི་ཚིག་བརྗོད་བྱའི་དོན་ལ་མི་སླུ་བའི་ལུང་དུ་ཁས་ལེན་པར་བྱེད་དོ། །གཉིས་པ་ནི། སྔ་མ་ལྟར་རང་གིས་མི་སླུ་བར་རྟོགས་པར་བྱས་ནས་བརྗོད་བྱ་རྟོགས་པའི་ཕྱིར་དུ་ལུང་གཞན་ལ་སྟོན་པར་བྱེད་པས་སོ། །ཕ་རོལ་པོ་ལ་རྟགས་འགོད་པའི་ཚུལ་ནི་སྔར་བརྗོད་པ་བཞིན་ཡིན་ནོ། །འདི་ཡང་ལུང་དོན་ལ་དཔྱོད་ཚུལ་ལོག་པར་ཐལ་བའི་སྐྱོན་ཡང་མི་འཇུག་སྟེ། ཐོག་མར་ལུང་གི་ཚིག་བཟུང་ཞིང༌། བརྗོད་བྱ་ལ་རིགས་པས་དཔྱད་ནས་བརྗོད་བྱའི་ཆོས་རྟོགས་སླ་བ་འགའ་ཞིག་ཚད་མས་རྟོགས་པར་དཀའ་བའི་ཤིན་ཏུ་ལྐོག་གྱུར་གྱི་ཆ་འགའ་ཞིག་ལ་གནོད་བྱེད་མ་མཐོང་ནས་རྒྱུ་མཚན་བརྗོད་བྱའི་དོན་ལ་མི་སླུ་བར་ཡིད་ཆེས་པའི་སྒོ་ནས་ཚད་མར་ཁས་ལེན་པར་བྱེད་པའི་ཕྱིར། དེ་ལྟ་ན་ལུང་གི་རྟགས་ལ་བརྟེན་ནས་བརྗོད་བྱའི་དོན་ལ་དཔྱོད་ཅིང༌། དེ་ནས་རིགས་པས་བརྗོད་བྱ་ལ་གནོད་པ་མེད་པར་རྟོགས་པ་ན་ལུང་ཁས་ལེན་ཚུལ་ཡང་འཐད་པ་ཡིན་ནོ། །མདོར་ན། ཡིད་ཆེས་པའི་རྗེས་དཔག་ནི། རྗེས་དཔག་ཆ་མཐུན་ཡིན་གྱི། རྗེས་སུ་དཔག་པ་རྣམ་པར་དག་པ་མིན་ཏེ། ལུང་ནི་བརྗོད་བྱའི་དོན་དང་བདག་གཅིག་དེ་བྱུང་འབྲེལ་པ་གང་ཡང་མ་གྲུབ་པའི་ཕྱིར་ཞེས་བརྗོད་ཟིན་ཏོ། །གཞལ་བྱ་ལྐོག་གྱུར་མི་རྟོགས་པར་ཐལ་བ་དང༌། ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པ་དང༌། སྐྱབས་གནས་དཀོན་མཆོག་གསུམ་མི་ཤེས་པ་དང༌། ཚུར་མཐོང་གིས་ལུང་དོན་མི་རྟོགས་པར་ཐལ་བ་སོགས་ཀྱི་ཉེས་པ་ཡང་མེད་དེ། ལུང་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་རིག་པའི་ཕྱིར་རོ། །འོ་ན་བློ་རིག་བཞི་པོ་གང་གི་ནང་དུ་བསྡུ་ཞེ་ན། རྗེས་དཔག་གི་བློ་རིགས་སུ་འདུ་ཞེས་བརྗོད་ཟིན་ཏོ། །སྔོན་ཆད་ཁ་བ་ཅན་འདིར་མཁས་རློམ་འགའ། །ཉིན་དང་མཚན་དུ་འབད་པས་དཔྱད་ན་ཡང༌། ཆ་ཤས་ཙམ་ཡང་རྟོགས་པར་མ་གྱུར་པའི། །གནས་གསུམ་ཤེས་བྱའི་ལྷ་ལམ་རབ་ཡངས་པར། །ཡང་དག་རིགས་པའི་ཚ་ཟེར་སྟོང་འཕྲོ་བའི། །ཁོ་བོའི་རྣམ་དཔྱོད་ཉིན་མོར་བྱེད་པ་འབར། །རྩ་བ་དང༌། འགྲེལ་པ། འགྲེལ་བཤད་ཐམས་ཅད་ཀྱི་དགོངས་པའང་འདི་ཡིན་ཏེ། རང་འགྲེལ་ལས། རྗེས་སུ་དཔག་པ་ཉེས་པ་མེད་པ་ནི་མིན་ཏེ། སྒྲ་རྣམས་ནི་དོན་དག་ལ་མེད་ན་མི་འབྱུང་བ་ནི་མིན་ནོ་ཞེས་བསྟན་ཟིན་ཏོ་ཞེས་པ་དང༌། འདིའི་འགྲེལ་པར་ཤཱཀྱ་བློས། ལུང་ལ་བརྟེན་པའི་ཤེས་པ་ཉེས་པ་མེད་པ་མིན་ཏེ། སྐྱོད་དང་བཅས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་དག་ནི་དོན་རྣམས་དང་མེད་ན་མི་འབྱུང་བ་ནི་མིན་ཏེ། འབྲེལ་པ་མེད་པའི་ཕྱིར་ཞེས་པ་དང༌། རྒྱལ་བ་ཅན་གྱིས་ཀྱང༌། གསལ་བའི་དབྱེ་བས་རྣམ་པ་གསུམ་ཉིད་མིན་ཏེ། འོ་ན་ཅི་ཞེ་ན། འབྲས་བུ་དང༌། རང་བཞིན་དང༌། དེ་དང་འདྲ་བའི་དབྱེ་བས་སོ་ཞེས་དང༌། རྒྱན་གྱིས། གྲགས་པ་རང་བཞིན་དང་མཐུན་པ་ཡིན་ལ། ཡིད་ཆེས་པ་ནི་འབྲས་བུ་དང་མཐུན་པ་ཡིན་ནོ་ཞེས་པ་དང༌། ཛྙ་ན་ཤྲཱིས། འབྲས་བུ་དང་རང་བཞིན་དུ་བཏགས་པ་དག་གི་དབྱེ་བས་ཞེས་སོགས་གསུངས་སོ། །གྲགས་པའི་རྟགས་ལ་མཚན་ཉིད། དབྱེ་བ། རྣམ་གཞག་གོ དང་པོ་ནི། གང་ལ་གྲགས་པའི་ཆོས་སྒྲུབ་པར་བྱེད་པའི་ཚུལ་གསུམ། ཆ་མཐུན། དབྱེ་ན་འདོད་རྒྱལ་བའི་གྲགས་པའི་རྟགས་དང༌། རྒྱུ་མཚན་གྱི་གྲགས་རྟགས་གཉིས་སོ། །དང་པོ་ལ། མཚན་ཉིད་ནི། བརྡ་དུས་ཀྱི་དོན་གྱི་ཆོས་ཅན་བརྡ་དུས་ཀྱི་མིང་གི་ཡུལ་དུ་རུང་བར་སྒྲུབ་པའི་ཚུལ་གསུམ་ཆ་མཐུན། གཉིས་པའི་མཚན་ཉིད། ཤེས་འདོད་ཆོས་ཅན་ལ་རང་གི་མཚན་ཉིད་རྟགས་སུ་བཀོད་ནས་མཚོན་བྱ་སྒྲུབ་པའི་ཚུལ་གསུམ་ཆ་མཐུན། གསུམ་པ་རྣམ་གཞག་ལ། གྲགས་པའི་སྒྲ་དོན་གསུམ་ལ་འཇུག་སྟེ། རྟོག་པ་དང༌། རྟོག་པའི་ཡུལ་དང༌། རྗོད་བྱེད་ཀྱི་སྒྲའོ། །དང་པོ་ནི། ཆོས་མཆོག་གིས་གྲགས་པ་ནི་རྣམ་པར་རྟོག་པའི་ཤེས་པ་གཏིང་ཚུགས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ལ། གཉིས་པ་ནི། སྒྲ་བྱུང་གྲགས་པ་ལ་གྲགས་པའི་ཐ་སྙད་མཛད་པ་ལྟ་བུའོ། །གསུམ་པ་ནི། གྲགས་པའང་མི་ཡིས་བརྗོད་པ་ཡིན་ཞེས་གསུངས་པ་ལྟ་བུའོ། །དང་པོ་ནི་བྱེད་པ་ཡིན་ཏེ། བརྡའི་ཡུལ་སྟོན་པའི་ངག་ཀུན་ནས་སློང་བའི་ཕྱིར་རོ། །གཉིས་པ་ལས་སུ་བྱ་བ་ཡིན་ཏེ། གྲགས་པའི་སྒྲའི་ཐ་སྙད་ཀྱི་སྒོ་ནས་ཡོངས་སུ་བསྟན་པར་བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་བྱ་བ་ཡིན་ཏེ། བརྡ་འབྲེལ་གྱིས་འཇིག་རྟེན་ན་ཡོངས་སུ་གྲགས་པར་བྱ་བའི་ཆོས་ལ་བརྡ་སྦྱོར་བའི་ངོ་བོ་ཡིན་པའི་ཕྱིར་རོ། །འོན་ཀྱང་རྗོད་བྱེད་ཀྱི་སྒྲ་ཁོ་ན་མཚན་ཉིད་པ་ཡིན་ཏེ། གྲགས་པ་ནི་རྗོད་བྱེད་ཀྱི་སྒྲའི་ཐ་སྙད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཞན་གཉིས་ནི་བཏགས་པ་བ་སྟེ། གྲགས་པའི་སྒྲའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར་དང༌། དེའི་ཐ་སྙད་ཀུན་ནས་སློང་བའི་ཕྱིར་རོ། །སྒྲའི་གྲགས་པ་གཉིས་ཏེ། འདོད་རྒྱལ་བའི་སྒྲ་དང༌། རྒྱུ་མཚན་ཅན་གྱི་སྒྲའོ། །དང་པོ་ལ་ནི་བརྡ་དུས་ཀྱི་གྲགས་པ་ཞེས་ཀྱང་བྱ་སྟེ། བརྡ་དུས་ཀྱི་མིང་གི་ཐ་སྙད་ཡིན་པའི་ཕྱིར། གཉིས་པ་ནི། ཐ་སྙད་ཀྱི་གྲགས་པ་ཞེས་བྱ་སྟེ། ཐ་སྙད་དུས་ཀྱི་མིང་གི་ཐ་སྙད་ཡིན་པའི་ཕྱིར་རོ། །འདི་གཉིས་དུས་ཀྱི་ཁྱད་པར་གྱིས་རྣམ་པར་འབྱེད་ཀྱི་ངོ་བོའི་སྒོ་ནས་ཁྱད་པར་ཡོད་པ་ནི་མིན་ཏེ། དཔེར་ན་བུམ་པ་ཞེས་པའི་མིང་དེ་ཐོག་མར་ལྟོ་ལྡིར་བ་ལ་བརྡ་སྦྱར་བའི་དུས་སུ་འདོད་རྒྱལ་བའི་གྲགས་པ་ཞེས་བརྗོད་དེ། རྒྱུ་མཚན་ལ་མ་ལྟོས་པར་འདོད་པས་རང་དགར་སྦྱར་བའི་ཕྱིར་རོ། །བརྡ་དུས་ཀྱི་གྲགས་པ་ཞེས་ཀྱང་བྱ་སྟེ། ཐོག་མར་བརྡ་འདོགས་པའི་དུས་ཡིན་པའི་ཕྱིར་རོ། །བུམ་པ་ཞེས་པའི་མིང་དེ་ཉིད་ལ། ཕྱིས་ཐ་སྙད་ཀྱི་དུས་སུ་ནི་རྒྱུ་མཚན་ཅན་གྱི་གྲགས་པ་ཞེས་བརྗོད་དེ། དོན་ལྡོག་རྒྱུ་མཚན་དུ་བྱས་ནས་བརྡ་སྦྱར་བའི་མིང་ཡིན་པའི་ཕྱིར། ཐ་སྙད་ཀྱི་དུས་ཞེས་ཀྱང་བྱ་སྟེ། བླང་དོར་ལ་འཇུག་པའི་དུས་ཡིན་པའི་ཕྱིར་རམ་སྔར་གྱི་མིང་གི་རྗེས་སུ་འབྲངས་ནས་ཐ་སྙད་བྱ་བའི་དུས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདི་གཉིས་མིང་གཅིག་ལ་དུས་ཀྱི་སྒོ་ནས་གཉིས་སུ་ཕྱེ་བ་མངོན་ནོ། །འདོད་རྒྱལ་བའི་གྲགས་པ་ནི་དོན་ཐམས་ཅད་ལ་འཇུག་རུང་ཡིན་ཏེ། རྒྱུ་མཚན་ལ་མ་ལྟོས་པར་འདོད་པས་རང་དགར་སྦྱར་བའི་ཕྱིར་དང༌། བརྡ་སྦྱར་མ་ཟིན་པའི་སྔ་རོལ་དུ་ནི་དོན་ཐམས་ཅད་ཀྱི་དངོས་མིང་དུ་འཇུག་རུང་དུ་ཡོད་པའི་ཕྱིར་རོ། །བརྡ་སྦྱར་ཟིན་པའི་འོག་རོལ་ཏུ་ནི་དོན་ཐམས་ཅད་ཀྱི་དངོས་མིང་དུ་འཇུག་ཏུ་མི་རུང་ཏེ། རྒྱུ་མཚན་ཅན་གྱི་གྲགས་པ་ཡིན་པས་རྒྱུ་མཚན་ཡོད་པར་དངོས་མིང་དུ་འཇུག་ལ་མེད་པར་མི་འཇུག་པའི་ཕྱིར་རོ། །འོ་ན་དངོས་པོའི་སྟོབས་ཀྱིས་རྗོད་བྱེད་དུ་འཇུག་པར་འགྱུར་ཏེ། དོན་གཅིག་ཁོ་ནའི་རྗོད་བྱེད་དུ་ངེས་པའི་ཕྱིར་རོ་ཞེ་ན། བརྡའི་དབང་གིས་དོན་ཐམས་ཅད་ལ་འཇུག་རུང་ཡིན་པའི་ཕྱིར་དོན་གཅིག་ཁོ་ན་ལ་འཇུག་པར་ཁས་མི་ལེན་གྱི། འོན་ཀྱང་ཐོག་མར་དོན་སོ་སོ་་ལ་བརྡ་མཚམས་བཅད་པའི་དབང་གིས་ཐོག་མར་གང་ལ་བརྡ་སྦྱར་བ་དེའི་དངོས་མིང་དུ་འཇུག་གི །གཞན་ལ་ནི་དངོས་མིང་དུ་མི་འཇུག་གོ །འོ་ན་ཕྱིས་བརྡའི་དབང་གིས་གཞན་ལ་མིང་དུ་འཇུག་པར་མི་འགྱུར་རམ་སྙམ་ན། དངོས་མིང་དུ་མི་འཇུག་པ་ཡིན་གྱི། བཏགས་མིང་དུ་འཇུག་པ་དེ་དང་དོན་མི་གཅིག་པ་ལ་ཡང་འདྲ་བའམ་འབྲེལ་པ་རྒྱུ་མཚན་དུ་བྱས་ནས་འཇུག་པར་འགྱུར་བའི་ཕྱིར་རོ། །དཔེར་ན་སེང་གེ་ཞེས་པའི་མིང་ནི། རི་དྭགས་ཀྱི་རྒྱལ་པོ་ལ་འདོད་རྒྱལ་ཐོག་མར་བརྡ་སྦྱར་བས་དངོས་མིང་ཡིན་ལ། ཕྱིས་གཞན་ཁ་ཆེ་བ་གདོང་ཉག་པའི་ཁྱེའུ་ལ་ནི་བཏགས་མིང་དུ་འཇུག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་ལ་རྗེས་གྲུབ་ཀྱི་མིང་ཞེས་ཀྱང་བྱ་སྟེ། འདོད་རྒྱལ་ཐོག་མའི་མིང་གི་རྗེས་སུ་གཞན་ལ་སྦྱར་བའི་མིང་ཡིན་པའི་ཕྱིར་རོ། །འདི་ཙམ་ཡང་གཞན་གྱིས་མ་རྟོགས་པར་སྣང་ངོ༌། །མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པ་ཐམས་ཅད་ལ་རྒྱུ་མཚན་ཅན་གྱི་གྲགས་རྟགས་ཞེས་བྱ་སྟེ། མིང་གི་ཐ་སྙད་ཀྱི་རྒྱུ་མཚན་རྟགས་སུ་བཀོད་ནས་རྒྱུ་མཚན་ཅན་སྒྲུབ་པར་བྱེད་པའི་ཕྱིར་རོ། །འདི་གཉིས་ཀྱི་འབྲེལ་པ་ཡང་མིང་དོན་གྱི་འབྲེལ་པ་ཙམ་ཡིན་ཏེ། ཇི་ལྟར་སྒྲུབ་པའི་ཚུལ་ནི་འོག་དུ་འཆད་དོ། །གཉིས་པོའི་གཏན་ཚིགས་དཔེར་བརྗོད་པ་ནི། འདོད་རྒྱལ་བའི་གྲགས་རྟགས་ནི། རི་བོང་ཅན་ཆོས་ཅན། ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་སྟེ། རྟོག་པའི་ཡུལ་ཡིན་པའི་ཕྱིར། དཔེར་ན་ག་བུར་སོགས་ལ་ཟླ་བའི་སྒྲས་བརྗོད་པ་བཞིན། གཉིས་པ་རྒྱུ་མཚན་ཅན་གྱི་གྲགས་རྟགས་ནི། ལོ་འདབ་ཅན་གྱི་ཁྱད་པར་འདི་ཆོས་ཅན། ཤིང་ཡིན་པའི་ཐ་སྙད་བྱར་རུང་སྟེ། ཡལ་ག་ལོ་འདབ་དང་ལྡན་པའི་ལྗོན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འོ་ན་སྔ་མའི་ཁྱབ་འབྲེལ་ཇི་ལྟར་འགྲུབ་སྙམ་ན། དངོས་སྟོབས་སམ་བརྡ་འབྲེལ་ཡིན། དང་པོ་ལྟར་ན་དངོས་སྟོབས་ཀྱིས་རྗོད་བྱེད་དུ་འཇུག་པ་ཡོད་པར་འགྱུར་ལ། ཕྱི་མ་ལྟར་ན་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་དང༌། རྟགས་གཉིས་པོ་བརྗོད་བྱ་རྗོད་བྱེད་དུ་གྲུབ་པར་འགྱུར་རོ་ཞེ་ན། འདི་ལ་དངོས་སྟོབས་ཀྱི་འབྲེལ་པ་དང་བརྡ་འབྲེལ་གཉིས་ཀ་མེད་མོད་ཀྱི་འོན་ཀྱང་བརྡའི་དབང་གིས་འབྲེལ་པ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲའི་བརྗོད་བྱར་འགྱུར་བ་བརྡ་ལ་རག་ལས་པའི་ཕྱིར་རོ། །འོན་ཀྱང་བརྡ་འབྲེལ་དངོས་སུ་ཡོད་པ་ནི་མིན་ཏེ། བརྡ་མ་བྱས་པ་ལ་བརྡ་འབྲེལ་འགལ་བའི་ཕྱིར་རོ། །འོན་ཀྱང་རྟོག་ཡུལ་ན་ཡོད་པའི་རྟགས་ཀྱིས་བརྡ་སྤྲོད་པའི་ངོར་ཟླ་བ་ཞེས་པའི་སྒྲ་དང་བརྡ་འབྲེལ་འགྲུབ་དུ་རུང་བར་སྒྲུབ་པ་ཡིན་ནོ། །འདི་ནི་བརྡའི་ཡུལ་དུ་རུང་བར་སྒྲུབ་པ་ཡིན་གྱི་བརྡ་འབྲེལ་དངོས་སུ་གྲུབ་པར་ནི་མིན་ནོ། །བརྡའི་སྔ་རོལ་དུ་ཤིང་ཞེས་སོགས་ཀྱི་སྒྲ་དོན་ཀུན་ལ་ཉེ་རིང་མེད་པར་དངོས་མིང་དུ་འཇུག་ཏུ་རུང་བ་ཡོད་པའི་ཕྱིར། འདོད་རྒྱལ་ནི་གྲགས་པས་ཐམས་ཅད་ལ་ཁྱབ་པར་བཤད་པ་ཡིན་ནོ། །ཕྱིས་ཐ་སྙད་ཀྱི་དུས་སུ་ནི་སྔར་དོན་སོ་སོར་ངེས་པ་ལ་མཚམས་བཅད་པའི་དབང་གིས་དོན་སོ་སོར་ངེས་པ་ལ་མིང་དུ་འཇུག་པའི་ཕྱིར་རོ། །རྒྱུ་མཚན་ཡོད་པར་དངོས་མིང་དུ་འཇུག་གི་གཞན་ནི་མིན་པས་ཐམས་ཅད་ལ་མ་ཁྱབ་པར་བཤད་པ་ཡང་འདི་ལ་དགོངས་སོ། །གཉིས་པ་ལ་ཡང་གྲགས་ཟིན་གྱི་མཐུན་དཔེ་ཁས་བླངས་ནས་དེ་ལ་སྒྲུབ་པ་ཡིན་ནོ། །གྲགས་རྟགས་བསྟན་ཟིན་ཏོ། །གྲགས་པའི་གཏན་ཚིགས་ཀྱང་རང་བཞིན་གྱི་གཏན་ཚིགས་ཆ་མཐུན་ཡིན་ཏེ། འདོད་རྒྱལ་བའི་སྒྲ་ནི་རྟོག་པས་རང་དགར་བྱས་པ་ཡིན་པའི་ཕྱིར་དང༌། རྒྱུ་མཚན་ཅན་གྱི་གྲགས་པ་ཡང་འདོད་པས་ཕར་ལ་བཞག་པ་ཡིན་གྱི་ཡུལ་གྱི་སྟོབས་ལས་གྲུབ་པ་མིན་པའི་ཕྱིར་དང༌། བརྗོད་རུང་གི་གྲགས་པ་ཡང་རྟོག་པའི་ཡུལ་ཐམས་ཅད་ལ་ཁྱབ་པས་མཐའ་གཅིག་ཏུ་ངེས་པ་མེད་པ་ཡིན་པའི་ཕྱིར་རོ། །འདིར་རྒྱལ་བ་ཅན་གྱིས། འབྲས་བུ་དང་རང་བཞིན་དང་དེ་དང་འདྲ་བའི་དབྱེ་བས་ཞེས་པ་དང༌། རྒྱན་གྱིས། གྲགས་པ་རང་བཞིན་དང་མཐུན་པ་ཡིན་ལ་ཅེས་པ་དང༌། ཛྙ་ན་ཤྲཱིས། འབྲས་བུ་དང་རང་བཞིན་དུ་བརྟགས་པ་དག་གི་དབྱེ་བས་ཅེས་གསུངས་སོ། །འགའ་ཞིག་ལུང་སྒྲུབ་བྱེད་དུ་དྲངས་པས་ཡིད་ཆེས་པའི་རྗེས་དཔག་ཚད་མར་ཁས་བླངས་པར་འགྱུར་རོ་ཞེས་པ་ནི་དོན་མ་རྟོགས་པ་ཁོ་ན་སྟེ། ལུང་ཡིད་ཆེས་པའི་གནས་སུ་ཁས་བླངས་པ་ཡིན་གྱི་ལུང་དྲངས་པ་ཙམ་གྱིས་བརྗོད་བྱའི་དོན་སྒྲུབ་བྱེད་ཀྱི་ཚུལ་གསུམ་དུ་ཁས་བླངས་པ་མིན་པའི་ཕྱིར་རོ། །ལྟོ་ལྡིར་བ་བུམ་པར་བཞག་པ་ཡང་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡ་སྦྱར་བའི་དབང་གིས་གྲགས་པ་ཡིན་གྱི། བརྡ་སྦྱར་བ་ལ་མ་ལྟོས་པར་གྲུབ་ཙམ་ཉིད་ནས་བུམ་པར་གྲགས་པ་ནི་མིན་པས། རྒྱུ་མཚན་ཅན་གྱི་གྲགས་པ་ཡང་དངོས་པོའི་གནས་ཚུལ་ལ་གྲུབ་པ་མིན་ནོ། །འདོད་རྒྱལ་བ་ཡང་ཚུལ་དེ་སྐད་ཡིན་པས་རང་བཞིན་གྱི་གཏན་ཚིགས་བཏགས་པ་བ་ཡིན་པར་གསུངས་པ་ཉིད་ལེགས་སོ། །སྤྱིའི་དོན་བརྗོད་ཟིན་ཏོ། །གཞུང་གི་དོན་ལ། དམ་བཅའ་ལྟར་སྣང་སྤྱིར་བསྟན་པ་དང༌། སོ་སོའི་རང་བཞིན་ནོ། །དང་པོ་ནི། མངོན་སུམ་དང་རྗེས་དཔག་དངོས་སྟོབས་ཀྱི་ཚད་མ་ཡིན་ལ། ཁས་བླངས་གྲགས་པ་གཉིས་རྟོག་པས་བརྗོད་བྱ་རྗོད་བྱེད་དུ་སྒྲོ་བཏགས་པ་དང༌། མིང་དང་མིང་ཅན་དུ་སྒྲོ་བཏགས་པའི་གཏན་ཚིགས་ལ་བརྟེན་པའི་ཕྱིར་རྗེས་དཔག་གི་ཁོངས་སུ་བསྡུའོ། །རྗེས་དཔག་ལ་ཁས་བླངས་གྲགས་པའི་གནོད་པ་འབབ་པ་གཉིས་སུ་བཞེད་པ་བཞིན་དུ། མངོན་སུམ་ལའང་ཁས་བླངས་གི་མངོན་སུམ་དང་ཡིད་ཆེས་པའི་མངོན་སུམ་གྱི་བསལ་བ་གཉིས་པོ་འཇུག་ཅེ་ན། ཟླ་གཉིས་ཡོད་དེ། ཟླ་གཉིས་མངོན་སུམ་གྱིས་མཐོང་ངོ་ཞེས་བརྗོད་པའི་ཕྱིར་ཞེས་བརྗོད་པ་ན་ཚིག་ཡིད་ཆེས་པའི་ཚིག་ཏུ་ཁས་བླངས་པའི་རྟགས་ལས་དོན་དཔོག་པ་ཡིན་པས་འབྲས་རྟགས་ལས་རིགས་གཞན་མ་ཡིན་ལ། མངོན་སུམ་ཡང་བརྗོད་མི་རུང་དུ་དམ་བཅས་པས་ན་གནོད་བྱེད་ཀྱི་གྲགས་པ་མིན་ཏེ། སྒྲས་བརྗོད་རུང་ནི་མངོན་སུམ་གྱིས་མི་འགྲུབ་པ་ཡིན་པའི་ཕྱིར། ཅི་ལྟར་ཞེ་ན། བརྗོད་བྱ་རྗོད་བྱེད་དུ་འབྲེལ་དུ་རུང་བ་ནི་སེལ་བ་ཁོ་ན་ཡིན་ལ། སེལ་བ་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར། རང་བཞིན་ལ་བརྡ་དངོས་སུ་འགོད་མི་ནུས་པ་ནི་གོང་དུ་བཤད་ཟིན་ཏོ། །གཉིས་པ་སོ་སོའི་རང་བཞིན་བསྟན་པ་ལ་བཞི་ལས། མངོན་སུམ་གྱི་བསལ་བ་འབབ་པ་ནི། དམ་བཅས་ཙམ་ཉིད་ནས་མྱོང་བ་དང་འགལ་བ་གྲུབ་པ་ཡིན་ནོ། །དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་བསལ་བ་འབབ་པ་ནི། དམ་བཅའ་གང་ལ་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ལ་བརྟེན་པ་དང་འགལ་བ་གྲུབ་པའོ། །ཁས་བླང་གི་བསལ་བ་འབབ་པ་ནི། དམ་བཅའ་གང་ལ་ཡིད་ཆེས་པའི་ཚིག་གིས་གནོད་པ་གྲུབ་པའི་སྒོ་ནས་འགལ་བ་གྲུབ་པའོ། །དེ་ལ་དབྱེ་ན། ཁས་བླང་གི་གནོད་པ་འབབ་པ་དང་རང་ཚིག་གི་གནོད་པ་འབབ་པ་གཉིས་སོ། །དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་སྔ་རབས་པ་གཞན་དག་ཡིད་ཆེས་པའི་ལུང་དང་འགལ་བ་དང་རང་ཚིག་དང་འགལ་བ་ཞེས་ཟེར། སློབ་དཔོན་ཆོས་ཀྱི་གྲགས་པས་ནི། དམ་བཅའ་ཚུལ་མི་འདྲ་བའི་ངག་གི་དབྱེ་བ་ཙམ་དུ་བཞེད། ཀུན་ལས་བཏུས་སུ། རང་ཚིག་འགལ་བ་དང་ལུང་དང་འགལ་བ་གཉིས་ཀ་ལ་ཡང་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་པའི་དཔེ་གཅིག་གིས་བསྟན་པར་བཞེད་དོ། །རིགས་པའི་སྒོར། ལུང་ལ་དཔེར་བརྗོད་གཞན་དུ་གསུངས། ལུང་དང་འགལ་བ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། ལུང་ཁྱད་པར་ཅན་རྗེས་དཔག་ཏུ་བསྡུ་བ། ལུང་ཕལ་པ་རང་ཚིག་དང་མཚུངས་པས་སོ། །དང་པོ་ནི། གཞལ་བྱ་མངོན་གྱུར་དང་ལྐོག་གྱུར་གཉིས་སྟོན་པ་ལ་མངོན་སུམ་དང་རྗེས་དཔག་ཚད་མ་གཉིས་ཀྱིས་མི་གནོད་ལ། སྐལ་པའི་དོན་འཆད་པ་ལ་ལུང་རང་གི་ཚིག་གིས་ཕན་ཚུན་ནང་མི་གནོད་པའི་གསུང་རབ་ཁྱད་པར་གསུམ་ལྡན་ངེད་ཀྱི་ལུང་ཡིན་ནོ། །དེ་ལྟ་བུའི་ལུང་ལས་དེའི་བརྗོད་བྱ་རྟོགས་པ་ཆོས་ཅན། རྗེས་སུ་དཔག་པའི་ཁོངས་སུ་འདུས་པ་ཡིན་ཏེ། གཞལ་བྱ་ལྐོག་གྱུར་བདེན་པ་རྟོགས་པའི་ཕྱིར་ཞེས་དེར་བསྡུས་ཏེ་གསུངས་སོ། །གོ་སྐབས་མེད་པའི་ཕྱིར་བློ་ནི། །རྗེས་སུ་དཔག་པའི་ཚད་མར་བཞེད། །ཅེས་སོ། །གཉིས་པ་ནི། བརྗོད་བྱ་བདེན་པ་སྟོན་པར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་ལུང་ནི། ལུང་ཚད་མ་ཡིན་ལ། ཚད་མས་མ་གྲུབ་པའི་ལུང་ནི་རང་གི་ཚིག་དང་མཚུངས་པའི་ཕྱིར་གེགས་བྱེད་ཉིད་དུ་བཞེད་པ་ཡིན་ནོ། །ལུང་དུ་གྲགས་ཚད་ཚད་མ་མིན་ལ། བདེན་པ་སྟོན་པར་ཚད་མས་གྲུབ་པའི་ལུང་དེ་ཡིད་ཆེས་པའི་ལུང་ཡིན་ལ། ཁས་བླངས་ནས་གཟོད་བདེན་རྫུན་དཔྱོད་པ་བླུན་པ་ཡིན་ཅིང་ལེགས་པར་དཔྱད་ནས་བདེན་ན་ཁས་ལེན་པ་མཛངས་པའི་ལུགས་སོ། མཐོང་དང་མ་མཐོང་དོན་དག་ལ། །རིགས་པས་གྲུབ་དང་རང་ཚིག་གིས། །གནོད་མེད་བསྟན་འཆོས་གང་ཡིན་པ། །གཟུང་བར་བྱ་ཕྱིར་སྤྱོད་འཇུག་འགྱུར། །ཅེས་གསུངས་སོ། །གསུམ་པ་རྩོད་པ་སྤང་བ་ལ་གསུམ་སྟེ། ལུང་གཞན་ལ་མཚུངས་པ་སྤངས་པ། གེགས་བྱེད་བསྒྲུབ་བྱའི་སྐྱོན་མིན་པ་སྤང་བ། བརྟགས་ན་མི་འཐད་པ་སྤང་བའོ། །དང་པོ་ནི། ལུང་གཞན་ཁྲུས་ཀྱིས་སྡིག་པ་འདག་པར་འདོད་པའི་ལུང་དང༌། འགལ་བའང་དེར་མི་འདོད་པ་ལ་ལུང་དང་འགལ་བའི་སྐྱོན་དེར་འགྱུར་རོ་ཞེ་ན། ཆགས་སོགས་དཀར་ཆོས་མིན་ཞིང༌། ཆགས་བྲལ་སོགས་དཀར་ཆོས་སུ་རྒྱང་འཕེན་སོགས་ཆད་ལྟ་བ་མིན་པ་གཞན་རྣམས་མཐུན་པར་འཆད་ལ་ཁྲུས་ཀྱིས་སྡིག་པ་དག་པར་སྟོན་པ་དེ་ལྟ་བུའི་གཞུང་རྣམས་ཆོས་ཅན། ལུང་རྣམ་དག་མིན་ཏེ། སྡིག་པའི་རྒྱུ་ཆགས་སོགས་དང་མི་འགལ་བའི་ཁྲུས་ཀྱིས་སྡིག་པ་འཇོམས་པར་སྟོན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དམ་བཅའ་དང་རང་ཚིག་གམ། བསྟན་བཅོས་དང་འགལ་བས་གེགས་བྱས་པ་ལས་དམ་བཅའ་ལ་ཐེ་ཚོམ་སྐྱེ་ལ། ཐེ་ཚོམ་སྐྱོན་དུ་མི་ཆེ་ཞིང་དེའི་བསྒྲུབ་བྱ་སྐྱོན་མེད་ཉིད་ཡིན་པ་དེ་ཕྱིར་དེ་ཕྱོགས་ཀྱི་སྐྱོན་མིན་ནོ་ཅེ་ན། རང་ཚིག་དང་འགལ་བའི་གེགས་ཀྱིས་བསྒྲུབ་བྱ་ལ་ཐེ་ཚོམ་བསྐྱེད་པའི་སྒོ་ནས་སྐྱོན་དུ་སོང་བ་མིན་གྱི། དམ་བཅའི་ཚིག་དང་འགལ་བས་བསྒྲུབ་བྱ་མི་འགྲུབ་པའི་སྒོ་ནས་སྐྱོན་དུ་འཇོག་པ་ཡིན་ནོ། །དམ་བཅའ་བརྗོད་པས་རྒོལ་བ་རང་ལ་བསམ་པ་ཡོད་པར་སྟོན་ལ། ཆོས་ཅན་གཅིག་ལ་ཆོས་འགལ་བ་གཉིས་འདུས་ན་སྟེ་དམ་བཅའ་ན། རྩི་ངན་པ་ལས་ཞོ་མི་འཆགས་པ་ལྟར། ཕན་ཚུན་ལ་བདེན་ཞེན་སྐྱེ་བའི་གེགས་བྱེད་པའི་ཕྱིར་དམ་བཅའ་འཇིག་པ་སྟེ་གཞན་དོན་གྱི་བསྒྲུབ་བྱར་མི་འགྱུར་རོ། །གཞན་དོན་ལ་སྒྲ་སྦྱོར་བའི་སྐྱོན་ཡོན་རྩི་དགོས་པ་དེས་ན་བརྗོད་པ་སྐྱོན་ཅན་གྱིས་ཀྱང་རྩོད་པའི་སྐབས་སུ་ཕམ་པར་འགྱུར་བས་ངག་མ་ནོར་བ་དགོས་སོ། །གྲགས་པའི་བསལ་བ་འབབ་པ་ལ་གསུམ་སྟེ། རང་བཞིན་ངོས་བཟུང་བ་དང༌། དབྱེ་བ་དང༌། དེའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། དམ་བཅས་ཙམ་ཉིད་ནས་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་གྲུབ་པ་ནི་གྲགས་པའི་བསལ་བ་འབབ་པ་ཡིན་ནོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། སྒྲ་བྱུང་གི་གྲགས་པ་དང་ཐ་སྙད་ཀྱི་གྲགས་པའོ། །གསུམ་པ་ལ་བསྡུས་ཏེ་བསྟན་པ་དང༌། ཕྱེ་སྟེ་བཤད་པའོ། །དང་པོ་ནི་མུ་སྟེགས་བརྡ་སྤྲོད་པ་དག་སྒྲ་དོན་ལ་དངོས་པོའི་འབྲེལ་པ་འདོད་པ་སྔར་བཀག་ཟིན་ཅིང༌། སྒྲ་ཐམས་ཅད་བརྗོད་འདོད་ཀྱི་དབང་གིས་འཇུག་པས་བསྒྲུབས་ཟིན་ལ་དེས་ན་གྲགས་པའང་གྲུབ་སྟེ། བརྗོད་འདོད་ཀྱིས་ཐམས་ཅད་ལ་སྒྲ་བརྗོད་དུ་རུང་བ་ཉིད་ལ་གྲགས་པར་བཏགས་པའི་ཕྱིར་རོ། །གཉིས་པ་ཕྱེ་སྟེ་བཤད་པ་ལ་གཉིས་ཏེ། མདོའི་ཚིག་འགོད་པ་དང༌། དེའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། ཀུན་ལས་བཏུས་ལས། གང་ལ་ཐུན་མོང་མིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བ་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མིན་ནོ་ཞེས་སོ། །གཉིས་པ་དེའི་དོན་གཏན་ལ་དབབ་པ་ལ། བརྗོད་མི་རུང་དུ་སྒྲུབ་པ་ལ་རྗེས་དཔག་མེད་པར་བསྟན་པ་དང༌། བརྗོད་རུང་དག་པ་བར་སྒྲུབ་པ་ལ་རྗེས་དཔག་མེད་པར་བསྟན་པ་དང༌། དེ་དག་གི་དགོས་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་གི་འཐད་པ་བརྗོད་པའོ། །དང་པོ་ནི། བརྡ་སྤྲོད་པ་ན་རེ། རི་བོང་ཅན་ཆོས་ཅན། ཟླ་བའི་སྒྲས་བརྗོད་དུ་མི་རུང་སྟེ། ཡོད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་ཟླ་བ་ཡིན་པ་འགོག་གོ །འདིས་ནི་བསིལ་ཟེར་ཅན་ཞེས་པའི་སྒྲ་བཟང་པོ་བརྗོད་པར་བྱ་བ་ཡིན་གྱི་ཟླ་བ་ཞེས་པའི་སྒྲས་ངན་པས་བརྗོད་པར་བྱ་བ་མིན་ནོ་ཞེས་འདོད་དོ། །རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་རྟོག་པའི་དངོས་ཡུལ་ན་ཡོད་པ་ཆོས་ཅན། ཤེས་འདོད་བསྒྲུབ་བྱའི་ཆོས་ལྡན་གྱི་མཐུན་དཔེ་ཐུན་མོང་མིན་པའི་རྟགས་ཡིན་ཏེ། ཆོས་ལྡན་གྱི་དཔེ་དང་རྩོད་གཞི་ཤེས་བྱ་ལ་མེད་པའི་ཕྱིར་ཏེ། ཟླ་བའི་སྒྲས་བརྗོད་དུ་མི་རུང་བའི་རྟོག་པའི་དངོས་ཡུལ་མེད་པའི་ཕྱིར་རོ། །བརྗོད་མི་རུང་དུ་སྒྲུབ་ན་འགལ་རྟགས་སུ་ཡང་འགྱུར་ཏེ། སྒྲའི་དོན་རྟོག་པའི་དངོས་ཡུལ་ན་ཡོད་པ་ཆོས་ཅན། རི་བོ་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་ན་འགལ་བ་ཡིན་ཏེ། ཟླ་བའི་སྒྲས་བརྗོད་མི་རུང་དུ་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང༌། ཟླ་བའི་སྒྲས་བརྗོད་རུང་གིས་ཁྱབ་པ་ངེས་པའི་ཕྱིར། གཉིས་པ་རང་གི་འཐད་པ་བརྗོད་པ་ལ་གཉིས་ཏེ། བརྗོད་རུང་གི་གྲགས་པ་དང༌། སྒྲ་བྱུང་གི་གྲགས་པའོ། །དང་པོ་ལ་གསུམ་སྟེ། བརྗོད་རུང་གི་གྲགས་པ་ངོས་བཟུང༌། དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྒྲུབ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འཇིག་རྟེན་གྱི་དཔྱོད་པའི་སྒྲས་བརྗོད་རུང་དེ་ཉིད་ལ་བརྗོད་རུང་གི་གྲགས་པར་བཞེད་དེ། ཐ་སྙད་ལས་ནི་སྐྱེས་པ་ཡི། །ཆོས་དེ་གྲགས་པའི་སྒྲ་ཡིས་བརྗོད་ཅེས་སོ། །གཉིས་པ་ནི། བརྗོད་རུང་དེའང་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱིར་གྲགས་པས་ཀུན་ལ་ཁྱབ་བོ། །དེ་ལ་བརྟེན་ནས་འབྱུང་བ་ཅན། །འདོད་པས་འཇུག་ཕྱིར་གེགས་མེད་པ། །བྱས་དང་མ་བྱས་པ་རྣམས་སུ། །སྣ་ཚོགས་རང་བཞིན་ཉིད་ཀྱིས་རུང་ཞེས་སོ། །གསུམ་པ་ནི་བརྗོད་རུང་ཙམ་ཐམས་ཅད་ལ་གྲུབ་མོད། སྔར་མ་གྲགས་པ་ལ་གྲགས་པའི་སྒྲ་འདོགས་པ་འཇིག་རྟེན་པ་དང་འགལ་ལོ་ཞེ་ན། དངོས་སུ་གྲགས་ཀྱང་ཤེས་བྱ་ཀུན་ལ་གྲགས་སུ་རུང་བ་ལ་གྲགས་པའི་བརྡ་མཛད་དེ། དཔེར་ན་བཏུང་དུ་རུང་བ་ལ་བཏུང་བ་ཞེས་བརྗོད་པ་བཞིན་ནོ། གྲགས་པ་མེད་ཀྱང་དངོས་པོ་ལ། །རྒྱུ་ཉིད་དེའི་སྟོབས་ཀྱིས་ལས། དེ་ལ་སྒྲ་ཀུན་འབྲེལ་དེས་ན། །དེ་ལ་དེ་ནི་གྲུབ་པ་ཡིན་ཞེས་སོ། །གཉིས་པ་སྒྲ་བྱུང་གི་གྲགས་པ་ལ་གཉིས་ལས། དང་པོ་སྒྲ་བྱུང་གི་གྲགས་པ་ངོས་བཟུང་ན། སྒྲ་ཐམས་ཅད་གྲགས་སུ་རུང་བ་ཙམ་ཐམས་ཅད་ལ་གྲུབ་ན་ཡང་སྒྲ་ནི་བརྡ་ལ་བརྟེན་པ་ཡིན་ཞིང་བརྡ་ནི་བརྗོད་འདོད་ལ་བརྟེན་པས་ན། རྟོག་པའི་ཡུལ་ལ་སྒྲ་གྲུབ་ན་གྲགས་པའང་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྲ་ལས་བྱུང་བའི་གྲགས་པ་དང༌། ཞེས་གསུངས་སོ། །གྲགས་པ་རྗེས་དཔག་ཏུ་བསྡུ་བ་ནི། གྲགས་པའི་གཏན་ཚིགས་ཆོས་ཅན། འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་མི་སྲིད་དེ། རང་གི་བསྒྲུབ་བྱའི་འགལ་ཟླ་སྒྲུབ་པའི་གཏན་ཚིགས་ཡང་དག་མི་སྲིད་པའི་ཕྱིར། བརྗོད་རུང་དག་པ་བར་སྒྲུབ་པའི་གྲགས་པའི་རྗེས་དཔག་མེད་པར་བཤད་པ་ལ་གསུམ་ཏེ། གྲགས་པ་རྗེས་དཔག་ལས་ཡུལ་ཐ་དད་དུ་སྒྲུབ་པ། དེ་ལ་གཞན་གྱི་བརྟགས་པ་དགག་པ། སློབ་དཔོན་གྱི་དགོངས་པ་བཤད་པའོ། །དང་པོ་ནི། རྗོད་བྱེད་ཀྱི་སྒྲའམ་མིང་ཆོས་ཅན། དོན་གཅིག་ཁོ་ན་ལ་འཇུག་པའི་ངེས་པ་མེད་དེ། འདོད་པ་ཙམ་གྱིས་ཡུལ་ཐམས་ཅད་ལ་འཇུག་ཏུ་རུང་བ་ཡིན་པའི་ཕྱིར། གལ་ཏེ་གྲགས་པ་དངོས་པོའི་མཐུས་བསྐྱེད་པ་ཡིན་ན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་བཞིན་དུ་གྲགས་པའི་རྗེས་དཔག་ཀྱང་ཡུལ་ངེས་པར་འགྱུར་བ་ལས་བརྗོད་འདོད་ཀྱི་དབང་གིས་སྦྱོར་བའི་སྒྲ་རྣམས་ནི་ཡུལ་གང་ལའང་མི་འཇུག་པ་མེད་དོ། །གྲགས་པའི་རྗེས་དཔག་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་དང་ཡུལ་གྱི་ཁྱད་པར་ཡོད་པ་ཡིན་ཏེ། འདོད་པས་སྦྱར་བའི་མིང་གི་རྗེས་སུ་འབྲངས་ནས་རང་ཡུལ་ལ་འཇུག་པའི་ཕྱིར། གཉིས་པ་ལ་གཉིས་ལས། བརྡ་སྤྲོད་པས་བཀོད་པའི་ཡོད་པའི་རྟགས་ཐུན་མོང་མིན་པར་བསྟན་པ་ནི། རྗོད་བྱེད་ཀྱི་སྒྲ་རྟོག་པའི་ཡུལ་གང་ལ་ཡང་མི་འཇུག་པ་མེད་པ་དེས་ན་རི་བོང་ཅན་ཟླ་བའི་སྒྲས་བརྗོད་དུ་མི་རུང་སྟེ། ཡོད་པའི་ཕྱིར་ཞེས་བཀོད་པ་ན། རྟོག་ཡུལ་གྱི་རི་བོང་ཅན་ལ་ཀུན་ལ་འཇུག་ཏུ་རུང་བའི་ཟླ་སྒྲ་འཇུག་ཏུ་མི་རུང་ཞེས་བརྗོད་པ་སྟེ་སྒྲུབ་པའི་རྟགས་ཆོས་ཅན། བསྒྲུབ་བྱའི་ཆོས་དང་རྟགས་ལྡན་གྱི་དཔེ་དང་རྩོད་གཞི་ལ་ཐུན་མོང་མིན་པ་ཉིད་ཡིན་ཏེ། ཆོས་རྟགས་གཉིས་ལྡན་གྱི་རྩོད་གཞི་དང་དེ་ལྡན་གྱི་དཔེ་གཞན་རྙེད་དཀའ་སྟེ། མི་སྲིད་པའི་ཕྱིར། སྒྲ་རྟག་པར་སྒྲུབ་པ་ལ་མཉན་བྱ་རྟགས་སུ་བཀོད་པ་བཞིན་ནོ། །གཉིས་པ་རང་གི་སྡེ་པའི་འཆད་ཚུལ་མི་འཐད་པ་ནི། འགྲེལ་བྱེད་ཁ་ཅིག་རི་བོང་ཅན་ཟླ་བར་སྒྲུབ་པ་ན་མཐུན་དཔེ་མེད་དེ། འཇིག་རྟེན་ན་ཟླ་བ་གཅིག་ལས་མེད་པས་སོ་ཞེས་འདོད་དོ། །འདི་མི་འཐད་དེ། འདི་གྲགས་པ་སྤྱིའི་མཚན་ཉིད་འཆད་པའི་སྐབས་ཡིན་པས་རི་བོང་ཅན་ལ་དཔེར་མཛད་དེ། ཤེས་བྱ་ཀུན་ལ་ཟླ་བའི་སྒྲས་བརྗོད་རུང་གིས་ཁྱབ་པར་བསྟན་ཏོ། །རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་དམ་བཅས་པ་ཁོ་ན་ལ་གྲགས་པས་གནོད་པ་ཡིན་གྱི། གྲགས་པས་གནོད་པའི་དཔེ་གཞན་མེད་པ་མི་འཐད་པར་ཐལ། ད་ཏྲིག་ཤིང་མིན་པར་དམ་བཅས་པ་ལའང་གྲགས་པས་གནོད་པ་སྔ་མ་དང་མཚུངས་པའི་ཕྱིར། གསུམ་པ་སློབ་དཔོན་གྱི་དགོངས་པ་དཔྱད་པ་ལ་གསུམ་སྟེ། སྒྲ་ཐུན་མོང་བར་སྒྲུབ་པ། དེ་དངོས་པོ་སྟོབས་ཞུགས་དང་མཚུངས་པར་བསྟན་པ། བརྗོད་རུང་འགོག་པ་གྲགས་པ་དང་འགལ་བའོ། །དང་པོ་ནི། ཡོད་པས། རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་སྒྲུབ་པ་ལ་མཐུན་དཔེ་མེད་པ་ལ་དགོངས་ནས་གང་ལ་ཐུན་མོང་མིན་པ་ཞེས་གསུངས་པ་མིན་པར་ཐལ། ག་བུར་དང་དངུལ་ཆུ་ལ་སོགས་པ་ལ་སྐབས་གཞན་ཟླ་བར་གྲགས་པ་དེ་ཉིད་དཔེར་བྱས་ནས་བསྟན་དུ་རུང་བའི་ཕྱིར། ཟླ་བ་ཞེས་པའི་སྒྲ་རི་བོང་ཅན་ཁོ་ན་ལ་འཇུག་པ་མིན་ཏེ། མི་གནོད་པས་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལྟར་གནོད་པ་མེད་པ་ཡིན་པས། རྟོག་ཡུལ་ལ་བརྗོད་རུང་གི་གྲགས་པ་འགོག་ན་ཁྱེད་ཟླ་བར་འདོད་པའི་རི་བོང་ཅན་ལ་ཟླ་སྒྲས་བརྗོད་རུང་འཇིག་གོ །འདི་ནི་རང་གི་འགྲེལ་བྱེད་ལ་གནོད་པ་བསྟན་པ་ཡིན་ནོ། །འདོད་པས་སྦྱར་བའི་བརྡ་ཤེས་བྱ་ཀུན་ལ་འཇུག་རུང་བཞིན་དུ་རི་བོང་ཅན་ལས་གཞན་ཟླ་སྒྲས་བརྗོད་མི་རུང་ཞེས་འགོག་ན་འཇིག་རྟེན་གྱི་ཆོས་ལུགས་དང་འགལ་བས་གྲགས་པ་དག་དང་འགལ་བར་དགོངས་སོ། །གསུམ་པ་མདོའི་དགོངས་པ་དཔྱད་པ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་གི་འདོད་པ་བརྗོད་པའོ། །དང་པོ་ལ་བོད་ཀྱི་རྟོག་གེ་པ་ལ་ལ་མིང་གི་རྣམ་པ་ཞེན་རུང་བརྡའི་གྲགས་པ་ཡིན་ལ། དོན་ལྡོག་ངེས་པ་ལ་བློས་ཞེན་རུང་ཐ་སྙད་ཀྱི་གྲགས་པ་གཉིས་སུ་ཕྱེ་ནས། བཤད་ཚུལ་གཉིས་སུ་ཕྱེ་ནས་བཤད་ཚུལ་གཉིས་ལ་སྦྱོར་བ་ཡོད་མོད། འོན་ཀྱང་མི་འཐད་དེ། དོན་ལྡོག་རྒྱུ་མཚན་དུ་བྱས་ནས་བརྡ་སྦྱར་བའི་ཐ་སྙད་ཀྱི་གྲགས་པ་ནི། གང་ལ་ཐུན་མོང་མིན་པའི་ཕྱིར་ཞེས་སོགས་ཀྱི་གཞུང་འདིའི་སྐབས་དོན་གྱི་གཏན་ལ་དབབ་རྒྱུ་མིན་ཏེ། གཞུང་དེས་ནི་རྟོག་ཡུལ་གྱི་ཤེས་བྱ་ཀུན་ལ་བརྗོད་རུང་མིན་པ་མེད་ཅེས་སྟོན་པ་ཙམ་ཡིན་པའི་ཕྱིར་དང༌། དོན་ལྡོག་ལ་སྒྲ་བློ་མ་འཁྲུལ་བས་ཞེན་རུང་ཐ་སྙད་ཀྱི་མཚན་ཉིད་དུ་འདོད་པ་སྔར་བཀག་ཟིན་ཏོ། །བརྡའི་གྲགས་པ་ལ་དངོས་ཀྱི་བརྗོད་རུང་དང་ཞེན་པའི་བརྗོད་རུང་གཉིས་ཡོད་དོ་ཞེས་ཟེར་རོ། །འཆད་པའི་ཚེ་ན་གཉིས་སུ་ཡོད་པ་འགལ་བ་མེད་མོད་ཀྱི། འཇུག་པའི་ཚེ་ན་བཤད་འཇུག་གི་རྣམ་དབྱེ་མེད་པར་གཅིག་ཏུ་འཁྲུལ་ནས་འཇུག་གོ །དེས་ན་མདོའི་བཤད་ཚུལ་རྣམ་པ་གཉིས་ལས་བཤད་ཚུལ་དང་པོ་ཞེན་པའི་བརྗོད་རུང་དང་བཤད་ཚུལ་ཕྱི་མ་དངོས་ཀྱི་བརྗོད་རུང་གི་གྲགས་པར་འཆད་པ་ལ་འཁྲུལ་ལོ། །གཉིས་པ་རང་གི་འདོད་ཚུལ་གཞག་པ་ནི། བཤད་ཚུལ་གཉིས་ཀྱི་འཆད་ཚུལ་སྔ་མ་ནི་བརྗོད་རུང་གི་སྒྲ་བྱུང་གི་གྲགས་པ་རྟགས་ལ་བརྟེན་པའི་ཚད་མས་མི་ཁེགས་ཏེ། གནོད་བྱེད་རྗེས་དཔག་མེད་པའི་ཕྱིར་ཞེས་སྟོན་པའམ། ཡང་ན་བརྗོད་རུང་རྟོགས་པའི་རྗེས་དཔག་དེ་ལ་འགལ་ཟླའི་ཚད་མ་མེད་དེ། ལྡོག་ཕྱོགས་བརྗོད་མི་རུང་དུ་རྟོགས་པའི་རྟོག་པ་ཚད་མ་མེད་པའི་ཕྱིར། དེས་ན་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། བརྗོད་མི་རུང་དུ་དམ་བཅས་པ་ལ་གནོད་བྱེད་དུ་འདུས་པ་ཡིན་ཏེ། བརྗོད་རུང་དུ་ངེས་པར་རྟོགས་པའི་གྲགས་པའི་ཚད་མ་ཡིན་པའི་ཕྱིར་ཞེས་སྟོན་ནོ། །བཤད་ཚུལ་ཕྱི་མ་ནི། གང་ལ་ཐུན་མོང་མིན་པའི་རྗེས་སུ་དཔག་པ་མེད་ལ་ཞེས་པའི་གཞུང་གིས་ཆོས་ཅན། གྲགས་པ་དང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གི་ཡུལ་གྱི་དབྱེ་བ་བསྟན་པ་ཡིན་ཏེ། གྲགས་པའི་རྗེས་དཔག་གིས་འདོད་པས་སྦྱར་བའི་བརྡའི་དབང་གིས་བཞག་པའི་རྟོག་བློའི་ཡུལ་ལ། དངོས་པོ་སྟོབས་ཞུགས་ནི། དངོས་པོའི་སྟོབས་ཀྱིས་ཡུལ་མཐའ་གཅིག་ཏུ་ངེས་པ་འཇལ་བར་བསྟན་པའི་ཕྱིར། མདོ་གཉིས་ཀྱི་དགོངས་པའི་བཤད་ཚུལ་དེ་ལྟར་ཤེས་ན་གྲགས་པའི་བསལ་བ་ངོས་བཟུང་བའི་ཚུལ་མཁས་པ་ཕྱོགས་གླང་ཆོས་གྲགས་ཀྱི་དགོངས་པ་བཞིན་འགྲུབ་བོ། །ཚད་མ་རིགས་པའི་གཏེར་ལས་རང་དོན་རྗེས་དཔག་བརྟག་པའི་རབ་ཏུ་བྱེད་པ་བཅུ་པའི་རྣམ་པར་བཤད་པའོ།།  ༈  །།གཞན་དོན་རྗེས་དཔག་ལ། སྤྱིའི་དོན་དང༌། གཞུང་གི་དོན་གཉིས། དང་པོ་སྤྱིའི་དོན་ལ། རྗོད་བྱེད་སྒྲུབ་ངག་གི་རང་བཞིན། རྒོལ་ཕྱིར་རྒོལ་རྩོད་པའི་ཚུལ་གཉིས་སོ། །དང་པོ་ནི། ཡན་ལག་ལྔ་ལྡན་དང་གསུམ་ལྡན་གྱི་ཚུལ་གཉིས་སོ། །དང་པོ་ལ་དཔེར་བརྗོད་པ་ནི། སྒྲ་ཆོས་ཅན་མི་རྟག་ཏེ་བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་མི་རྟག་ཅེས་པ་ལྟ་བུའོ། །འདི་ལ་ལྷག་པ་དང་ཆད་པའི་སྐྱོན་གཉིས་ཏེ། བསྒྲུབ་བྱ་བརྗོད་པ་དང༌། ཉེར་སྦྱོར་དང༌། མཇུག་སྡུད་གསུམ་ལྷག་པ་ཡིན་ལ་དཔེ་ལ་ཁྱབ་པ་མ་བསྟན་པས་ཆད་པའི་ཕྱིར་རོ། །ལྷག་པར་འགྱུར་ཚུལ་ཡང༌། བསྒྲུབ་བྱ་དངོས་སུ་བརྗོད་མི་དགོས་ཏེ། བསྒྲུབ་བྱ་ནི་མ་གྲུབ་པའི་རང་བཞིན་ཡིན་པས་དེ་བརྗོད་པས་བསྒྲུབ་བྱ་ལ་རྟོགས་པ་མི་སྐྱེད་པའི་ཕྱིར་རོ། །ཉེར་སྦྱོར་ཕྱོགས་ཆོས་དང་བཟློས་པ་ཡིན་ལ། མཇུག་སྡུད་དམ་བཅའ་དང་བཟློས་པའི་ཕྱིར་རོ། །ཚུལ་གསུམ་ཚད་མས་ངེས་ན་ཚིག་གི་བརྗོད་ཚུལ་ལ་ཉེས་པ་ཆགས་པས་སྐྱོན་དུ་མི་འགྱུར་ཞེ་ན། སྐྱོན་ཡིན་ཏེ། སྒྲུབ་པའི་ཡན་ལག་ཚང་བར་མ་བརྗོད་པའི་ཕྱིར་དང༌། དགོས་པ་མེད་པའི་ཚིག་བརྗོད་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བ་ཡིན་ཏེ། རྣམ་ངེས་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་དངོས་པོའི་ཆོས་ཉིད་ལ་བརྟེན་ནས་སྒྲུབ་པའི་སྐྱོན་བརྗོད་པར་མ་ཟད་འོན་ཀྱང་སྨྲ་བ་པོའི་སྐྱོན་ཡང་ཡིན་ཏེ། དོན་ཇི་ལྟ་བ་བཞིན་མིན་པར་བརྗོད་པས་སྨྲ་བ་པོ་ལ་ཀླན་ཀར་འགྱུར་བའི་ཕྱིར་ཞེས་གསུངས་པ་ལྟར་རོ། །སྒྲུབ་པའི་ཡན་ལག་གཉིས་ལྡན་གྱི་སྒྲུབ་ངག་ལ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཞེས་བརྗོད་དེ། རྒྱུ་ལ་འབྲས་བུས་བཏགས་པའི་ཕྱིར་རོ། །མཚན་ཉིད་ནི། གཞན་དོན་རྗེས་སུ་དཔག་པ་ནི། རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་པ་ལྟར་རྒོལ་བ་རང་གི་ཚད་མས་མཐོང་བའི་ཚུལ་གསུམ་ཕྱིར་རྒོལ་ལ་གསལ་བར་སྟོན་པའི་སྒྲུབ་ངག་ཡན་ལག་གཉིས་ལྡན་ནོ། །དེ་ལ་རང་གིས་མཐོང་བ་དང༌། དོན་དང༌། རབ་གསལ་བྱེད་ཀྱི་ཚིག་གསུམ་གྱིས་བློ་སྐྱོན་དང་དོན་སྐྱོན་དང་སྒྲ་སྐྱོན་གསུམ་སེལ་བར་བྱེད་དོ། །དེ་ལ་བློ་སྐྱོན་ཅན་ནི། གྲངས་ཅན་གྱིས་བློ་བདེ་སེམས་མེད་དུ་སྒྲུབ་པ་ལ། སྐྱེ་འཇིག་ཅན་བཀོད་པ་ལྟ་བུའོ། །དོན་སྐྱོན་ནི། རྟགས་ཀྱི་དོན་ཚུལ་གསུམ་ཚད་མས་མ་གྲུབ་པར་སྐྱེས་བུའི་འདོད་པ་དང་ལུང་ཙམ་གྱིས་གྲུབ་པ་རྟགས་སུ་བཀོད་པ་ལྟ་བུའོ། །གསུམ་པ་ནི་སྒྲུབ་ངག་ཡན་ལག་ལྔ་ལྡན་ལྟ་བུའོ། །འགའ་ཞིག་གཞན་དོན་རྗེས་དཔག་ནི་སྒྲུབ་ངག་ལ་བརྟེན་ནས་ཕ་རོལ་པོའི་རྒྱུད་ལ་སྐྱེ་ཡི། རྗེས་དཔག་ནི་གཞན་དོན་རྗེས་དཔག་དངོས་ཡིན་ལ། དེའི་མིང་གིས་རྒྱུ་སྒྲུབ་ངག་ལ་གཞན་དོན་རྗེས་དཔག་ཅེས་བཤད་ན་ཡང་རིགས་ཏེ། གཞན་དོན་རྗེས་དཔག་གི་མིང་གིས་བཏགས་ཀྱི་རྗེས་དཔག་ཙམ་གྱི་མིང་གིས་བཏགས་པ་མི་སྣང་བའི་ཕྱིར་རོ། །ཞེས་བཤད་ན་ཡང་སྐྱོན་མེད་དོ་སྙམ་སྟེ་དཔྱད་དོ། །དབྱེ་བ་ལ། ཆོས་མཐུན་པ་ཉིད་ཅན་དང༌། ཆོས་མི་མཐུན་པ་ཉིད་ཅན་གྱི་སྒྲུབ་ངག་གོ །དང་པོ་ནི། བསྒྲུབ་བྱའི་ཆོས་ཅན་དང་མཐུན་དཔེ་གཉིས། རྟགས་དང་བསྒྲུབ་བྱའི་ཆོས་སུ་མཚུངས་པར་སྟོན་པ་ཡིན་ལ། གཉིས་པ་ནི། བསྒྲུབ་བྱའི་ཆོས་དང་མི་མཐུན་དཔེ་གཉིས་རྟགས་དང་བསྒྲུབ་བྱའི་ཆོས་སུ་མི་མཚུངས་པར་སྟོན་པ་ཡིན་ནོ། །དང་པོ་ནི་འགལ་བའི་གཉེན་པོར་གསུངས་ཏེ། རྗེས་འགྲོ་དངོས་སུ་སྟོན་པའི་ཕྱིར་རོ། །གཉིས་པ་ནི། མ་ངེས་པའི་གཉེན་པོ་ཡིན་ཏེ། ལྡོག་པ་དངོས་སུ་སྟོན་པའི་ཕྱིར་རོ། །རིགས་སྒོ་ནས། འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་འདི་ནི་རིགས་སོ་ཞེས་པ་ལྟར་རོ། །གང་ལ་ཁྱབ་པ་གཉིས་སྟོན་པའི་ཡུལ་ཡང་གཉིས་ཏེ། མཐུན་དཔེ་དང་མི་མཐུན་དཔེའོ། །དང་པོ་ལ་མཚན་ཉིད་ནི། བསྒྲུབ་བྱ་རྟོགས་པར་བྱེད་པའི་གཏན་ཚིགས་ཀྱི་ཡན་ལག་ཁྱབ་པ་གཏན་ལ་དབབ་པའི་གཞི་གང་ཞིག རྟགས་ཆོས་གཉིས་ཀྱིས་མི་སྟོང་པའོ། །ཡང་ན་སྒྲུབ་ངག་གིས་རྟགས་ཀྱི་རྗེས་ཁྱབ་བསྟན་པའི་སྒོ་ནས་རྗེས་འགྲོའི་ལྟོས་གཞིར་གྱུར་པའོ། །དབྱེ་ན་ཁྱབ་པ་གཏན་ལ་འབེབས་ཚུལ་གྱི་སྒོ་ནས་གཏན་ལ་འབེབས་པའི་དཔེ་དང༌། རྗེས་སུ་དྲན་པའི་དཔེའོ། །ངོ་བོའི་སྒོ་ནས་གསལ་བའི་དཔེ་དང་ཕྱོགས་ཙམ་མཚོན་པའི་དཔེའོ། །ཐ་སྙད་ཀྱི་སྒོ་ནས་བསྟན་བཅོས་ལ་གྲགས་པ་དང་འཇིག་རྟེན་ལ་གྲགས་པའི་དཔེའོ། །མི་མཐུན་དཔེ་ནི། མི་མཐུན་ཕྱོགས་ཀྱི་སྒྲུབ་ངག་གིས་རྟགས་ཀྱི་ལྡོག་ཁྱབ་བསྟན་པའི་སྒོ་ནས་ལྡོག་ཁྱབ་ངེས་པའི་གཞིར་གྱུར་པའོ། །སྒྲུབ་ངག་འགོད་པའི་ཕྱིར་རྒོལ་ཡང་གསུམ་སྟེ། དབང་པོ་རྣོན་པོ་དང༌། འབྲིང་པོ་དང༌། རྟུལ་པོའོ། །དང་པོ་ལ། ཕྱོགས་ཆོས་བསྟན་པ་ཙམ་གྱིས་ཚུལ་གསུམ་དྲན་པའི་བློ་སྐྱེས་ནས་བསྒྲུབ་བྱ་རྟོགས་པ་ཡིན་ཏེ། སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་པ་ལྟར་རོ། །གང་དག་གཞུང་འདི་ལ་བརྟེན་ནས། ཕྱོགས་ཆོས་རྐྱང་པ་ཅན་གྱི་སྒྲུབ་ངག་ཡོད་པར་སྨྲ་བ་ནི་ལོག་པ་ཁོ་ན་སྟེ། འོ་ན་ཕྱོགས་ཆོས་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་ཡོད་པར་ཐལ། ཕྱོགས་ཆོས་རྐྱང་པ་བརྗོད་པའི་སྒྲུབ་ངག་ཡང་དག་ཡོད་པའི་ཕྱིར། འདིས་ནི་བསྒྲུབ་བྱ་སྒྲུབ་ནུས་ཀྱི་གཏན་ཚིགས་བརྗོད་པའི་ཕྱིར་སྒྲུབ་ངག་གི་ཐ་སྙད་མཛད་པ་ཡང་མ་རྟོགས་པར་ཟད་དོ། །གཞུང་འདིས་ནི་ཁྱབ་འབྲེལ་ཤེས་པའི་གང་ཟག་ལ་ཕྱོགས་ཆོས་རྐྱང་པ་བརྗོད་པས་ཀྱང་རྗེས་དཔག་སྐྱེ་བར་འགྱུར་ཞེས་བསྟན་པ་ཡིན་གྱི། ཕྱོགས་ཆོས་རྐྱང་པ་བརྗོད་པའི་སྒྲུབ་ངག་བརྗོད་པར་བསྟན་པ་མིན་ཏེ། རྣམ་ངེས་ལས། གསུམ་ལས་གང་ཡང་རུང་བ་ཞིག་མ་སྨྲས་ན་སྒྲུབ་པ་མ་ཚང་བའི་སྐྱོན་དུ་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །གཉིས་པ་ཁྱབ་པ་ཡང་བསྟན་དགོས་པའི་ཕྱིར་རྒོལ་དབང་པོ་རྣོན་པོ་ལ་ནི། སྒྲུབ་པའི་ངག་གང་ཡང་རུང་བ་བསྟན་པས་རྗེས་དཔག་སྐྱེ་སྟེ། དོན་གྱི་གོ་བས་གཅིག་ཤོས་ལ། །དྲན་པ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །རྟུལ་པོ་ལ་ནི་གཉིས་ཀ་བསྟན་དགོས་པ་ཡོད་དོ། །འདིས་ཚུལ་གསུམ་དྲན་ལམ་དུ་འཕེན་ཚུལ་ནི་གཉིས་ཏེ། ཐོག་མར་ཚུལ་གསུམ་བློ་ཡུལ་དུ་འཕངས་ནས་རྗེས་ཐོགས་སུ་ཚུལ་གསུམ་རིགས་པས་སྒྲུབ་སྟེ། ཚུལ་གསུམ་རྟོགས་པའི་ཚད་མ་སྐྱེད་པར་མཛད་ནས་རྟགས་འཛིན་གྱི་སེམས་སྐྱེད་པར་བྱེད་དོ། །དེ་ནས་སྔར་ཚུལ་གསུམ་བློ་ཡུལ་དུ་འཕངས་པ་དྲན་ནས་རྗེས་དཔག་སྐྱེ་བ་ཡིན་ནོ། །འཕེན་ཚུལ་གཉིས་པ་ནི། ཐོག་མར་ཕ་རོལ་པོ་ལ་ཚུལ་གསུམ་རིགས་པས་བསྒྲུབས་ནས་ཚུལ་གསུམ་རྟོགས་པའི་ཚད་མ་སྐྱེད་ཅིང་དེ་ནས་རྟགས་འཛིན་གྱི་སེམས་འབྱུང་བར་བྱེད་དོ། །དེ་ནས་ཚུལ་གསུམ་ཚད་མས་རྟོགས་པ་དྲན་པའི་ཕྱིར་དུ་སྒྲུབ་ངག་བཀོད་ནས། སྒྲུབ་ངག་གིས་ཚུལ་གསུམ་ཕྱོགས་གཅིག་ཏུ་བློ་ཡུལ་དུ་དྲན་པར་བྱས་ནས་རྗེས་དཔག་སྐྱེ་བ་ཡིན་ནོ། །དབང་པོ་རྣོན་པོ་འགའ་ཞིག་ལ་ནི་ཚུལ་གསུམ་རྟོགས་པའི་ཚད་མ་སྐྱེས་པའི་འོག་རོལ་ཏུ་སྒྲུབ་ངག་བཀོད་པ་ལ་མ་ལྟོས་པར་ཚུལ་གསུམ་དྲན་པའི་འོག་རོལ་ཏུ་རྗེས་དཔག་སྐྱེ་བ་ཡོད་ཅེས་བཤད་ན་རིགས་པར་སྣང་ངོ༌། །གཉིས་པ་གཞུང་དོན་ལ། གཞན་དོན་རྗེས་དཔག་གི་མཚན་ཉིད་དང༌། རྩོད་པ་སྨྲ་བའི་གང་ཟག་གོ །དང་པོ་ནི། རྒོལ་བ་རང་ཉིད་ཀྱིས་ཚུལ་གསུམ་ཚད་མས་མཐོང་བའི་རྟགས་གཞན་ཕྱིར་རྒོལ་ལ་སྒྲ་མ་ནོར་བར་སྟོན་པའི་ངག་ཅེས་པ་གཞན་དོན་རྗེས་དཔག་གི་མཚན་ཉིད་དོ། །རྗེས་དཔག་ཤེས་པ་ཡིན་ལ། འདི་ངག་ཡིན་ཡང་འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པའོ། །གཉིས་པ་རྩོད་པ་སྨྲ་བའི་གང་ཟག་ལ་གསུམ་སྟེ། སོ་སོའི་མཚན་ཉིད། ཕམ་རྒྱལ་གྱི་རྣམ་གཞག དཔང་པོས་སྒྲུབ་ཚུལ་ལོ། །དང་པོ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དང་དཔང་པོའི་མཚན་ཉིད་ནི་རིམ་པ་བཞིན་སྒྲུབ་བྱེད་བརྗོད་པར་ཁས་ལེན་པ། རྒོལ་བའི་སྒྲུབ་བྱེད་སུན་འབྱིན་པར་ཁས་ལེན་པ། རྒོལ་བ་གཉིས་ཀྱི་ཕམ་རྒྱལ་བརྡ་སྤྲོད་པར་ཁས་ལེན་པའོ། །འདྲི་དང་སྐྱོན་བརྗོད་ཕྱིར་རྒོལ་གཙོ། །འཇོག་དང་སྐྱོན་སྤོང་རྒོལ་བ་གཙོ། །སྐབས་ཀྱིས་ཕན་ཚུལ་འཆོལ་བའང་སྲིད་ཅེས་པའང་སྣང་ངོ༌། །རྩོད་རིགས་ལས། སྒྲུབ་བྱེད་ཡང་དག་པ་བརྗོད་པའི། སྐྱོན་ཡང་དག་པ་བརྗོད་པའི་སྒོ་ནས་རིགས་པའི་སྒོར་འཇུག་པར་འགྱུར། དཔང་པོས་དངོས་སུ་གོ་བར་བྱ་བའི་ཕྱིར་ཞེས་སོ། །གཉིས་པ་ནི་རྒོལ་ཕྱིར་རྒོལ་གཉིས་ལ་སྒྲུབ་པ་དང་སུན་འབྱིན་སྐྱོན་ཅན་བརྗོད་པའམ། གཏན་ཚིགས་བརྗོད་པ་ཚར་བཅད་པའི་གནས་དང༌། ཡོན་ཏན་དེ་སྐྱོན་མེད་བརྗོད་པ་རྗེས་འཛིན་འཇུག་པའི་གནས་སོ། །དེ་ལྟར་ན་རྒོལ་བས་སྒྲུབ་བྱེད་ཡང་དག་སྟོན་པ་ལ། ཕྱིར་རྒོལ་གྱིས་ཡང་དག་ཏུ་ཤེས་ནས་སྐྱོན་མ་བརྗོད་དམ་ལྟར་སྣང་བརྗོད་པ་དེ་ཡང་སྤོང་ཤེས་ན་ཕྱིར་རྒོལ་བ་ཕམ་སྟེ། དེའི་སྤོབས་པ་བཅོམ་པས་སོ། །རྒོལ་བའི་སྒྲུབ་བྱེད་ལྟར་སྣང་ལ་ཕྱི་རྒོལ་གྱིས་སྐྱོན་ཡང་དག་བརྗོད་ཅིང་ལན་ལྟར་སྣང་བཟློག་ཤེས་ན་རྒོལ་བ་ཕམ་སྟེ། དེའི་སྤོབས་པ་བཅོམ་པའི་ཕྱིར་རོ། །དེ་ལྟར་མིན་པར་རྒོལ་བའི་སྒྲུབ་བྱེད་ལྟར་སྣང་ལ་ཕྱིར་རྒོལ་གྱིས་སྐྱོན་མི་བརྗོད་ཅིང་སྐྱོན་ལྟར་སྣང་བརྗོད་པའམ། ཕྱི་རྒོལ་གྱི་སྐྱོན་ལྟར་སྣང་ལ་རྒོལ་བས་ཚེར་མ་འབྱིན་པ་མ་ཤེས་ན་ཕམ་རྒྱལ་གཉིས་ཀ་མེད་དེ། ཕན་ཚུན་སྤོབས་པ་མ་བཅོམ་པའི་ཕྱིར་རོ། །ཕྱིར་རྒོལ་བས་དེའི་དངོས་པོ་གོ་བར་བྱས་ནས་འགྱུར་གྱི་གཞན་དུ་ན་གཉིས་པོ་གཅིག་ཀྱང་ཕམ་པ་དང་རྒྱལ་བར་མི་འགྱུར་རོ་ཞེས་སོ། །རྒོལ་བས་སྒྲུབ་བྱེད་སྐྱོན་ཅན་བརྗོད་ན་ཡང་ཕྱིར་རྒོལ་བས་སྐྱོན་མ་བསྟན་ན་ཕམ་པའི་རྣམ་པར་བཞག་པ་རིགས་པ་མིན་ཏེ། དེ་དག་ཉིད་ཀྱི་ཕན་ཚུན་ནུས་པ་ཉེ་བར་འཇོམས་པ་ལ་ལྟོས་ནས་རྒྱལ་བ་དང་ཕམ་པ་རྣམ་པར་འཇོག་པའི་ཕྱིར་ཞེས་སོ། །འོན་ཀྱང་ཚར་གཅད་དང་རྗེས་བཟུང་གི་གནས་ནི། གཉིས་ཀ་ཚར་གཅད་པ། གང་རུང་ཚར་གཅད། གང་རུང་རྗེས་སུ་བཟུང་བའི་གནས་ཏེ་མུ་གསུམ་སྲིད་ལ་གཉིས་ཀ་རྗེས་སུ་བཟུང་བའི་གནས་མི་སྲིད་པ་ཉིད་དོ། །བརྫུན་དང་གཡོ་སྒྱུས་ཚར་བཅད་ཀྱང་ཕམ་རྒྱལ་མཁས་པ་རྣམས་མི་བཞེད་དོ། །དཔང་པོས་ཇི་ལྟར་སྒྲུབ་པའི་ཚུལ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་ཏུ་ཚར་གཅོད་པའི་གནས་གཏན་ལ་དབབ་པའོ། །དང་པོ་ནི། སྤྱིར་ཚར་གཅད་པ་དང་རྗེས་སུ་བཟུང་བའི་ཚུལ་ནི་འཇིག་རྟེན་པ་རྣམས་སྲོག་དང་ནོར་འཕྲོག་པ་ལ་སོགས་པས་ཚར་གཅོད་ལ་གོ་འཕང་སྦྱིན་པ་ལ་སོགས་པས་རྗེས་སུ་འཛིན་ནོ། །དམ་པ་རྣམས་མཁས་པའི་གྲྭར་གྲུབ་མཐའ་ནོར་བ་དོར་ཞིང་མ་ནོར་བ་བླངས་པ་ལ་ཚར་གཅད་རྗེས་བཟུང་དུ་འདོད་དོ། །ཆོས་ཀྱི་རྒྱལ་པོ་རྣམས་གཉིས་ཀ་བྱེད་ཅེས་གྲག་གོ །གཉིས་པ་ལ། འཐད་པ་བརྗོད་པ་དང༌། འཁྲུལ་པ་དགག་པའོ། །དང་པོ་ནི་སྒྲུབ་བྱེད་བརྗོད་པར་ཁས་བླངས་ནས་སྒྲུབ་པའི་ཡན་ལག་མི་བརྗོད། སུན་འབྱིན་བརྗོད་པར་ཁས་བླངས་ནས་སྐྱོན་མི་བརྗོད་པ་གཉིས་ལས་ཕྱེ་ན་སྒྲུབ་པའི་ཡན་ལག་གཏན་མི་བརྗོད་པ་དང་མིན་པ་བརྗོད་པ་གཉིས། སྐྱོན་གཏན་མི་བརྗོད་པ་དང༌། སྐྱོན་མིན་བརྗོད་པ་གཉིས་ཏེ་ཚར་གཅད་པའི་གནས་བཞི་རིགས་པ་མཁྱེན་པའི་དགོངས་པ་ཡིན་ཏེ། རྩོད་རིགས་ལས། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་གཅད་པ་ཡི་གནས་ཡིན་གྱི། །གཞན་ནི་མི་རིགས་ཕྱིར་མི་འདོད། །ཅེས་སོ། །རིགས་པའི་དོན་སྔ་མ་གཉིས་ཉིད་ཀྱིས་ཆོག་གོ །གཉིས་པ་ལ་གཉིས་ལས་གངས་ཅན་པའི་ལུག་དགག་པ་ནི། གངས་ཅན་པ་དག་རྒོལ་བ་ལ་དྲིས་པའི་ལན་མི་བརྗོད་པ། སྐྱོན་ཅན་བརྗོད་པ། མ་དྲིས་པ་བརྗོད་པ་དང༌། སྐྱོན་མི་སྤོང་བ། ལན་ལྟར་སྣང་བ། སྐབས་སུ་མ་བབ་པའི་ལན་བརྗོད་པ་སྟེ་དྲུག་དང༌། ཕྱིར་རྒོལ་ལ་མི་འདྲི་བ། མ་འབྲེལ་བ་འདྲི་བ་དང༌། སྐྱོན་མི་བརྗོད་པ། ལྟར་སྣང་བརྗོད་པ། མ་བབ་པ་བརྗོད་པ་སྟེ་དྲུག་དང་དཔང་པོ་ལ་ཤན་མི་འབྱེད་པ། ཕྱིན་ཅི་ལོག་ཏུ་འབྱེད་པ། སྐབས་མིན་པར་འབྱེད་པ་གསུམ་སྟེ་བཅོམ་ལྔ། ཀུན་ལ་ཐུན་མོང་དུ་རྣ་བ་མི་གཏོད་པ་གཅིག་དང་བཅུ་དྲུག་འདོད་དོ། །མི་འཐད་དེ་དེ་དག་ཚར་གཅད་ཀྱི་གནས་ཡིན་ན་སྔ་མ་གཉིས་སུ་འདུ་ལ། སྔ་མ་གཉིས་གང་ཡང་མིན་ན་ཚར་གཅད་ཀྱི་གནས་ཉིད་མིན་ནོ། །དཔང་པོ་ལ་ནི་རྩོད་པའི་ཚར་གཅད་པའི་གནས་མེད་དེ། གཉིས་པོ་དག་ཅེས་དམིགས་ཀྱིས་བཀར་བའི་ཕྱིར་དང༌། རྩོད་པ་ཁས་མ་བླངས་ཀྱང་ཅི་ནས་རྩོད་པའི་ཚར་བཅད་འབབ་པར་བྱེད་ན་སྡོང་དུམ་ལའང་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་རྐང་མིག་པའི་ལུགས་དགག་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། སོ་སོར་བཤད་པ་གཉིས་ལས། དང་པོ་ནི། དམ་བཅའ་ལ་གནོད་པ་ལ་སོགས་པ་བདུན་བརྗོད་བྱ། དམ་བཅའ་དང་རྟགས་ཀྱི་སྒོ་ནས་དང༌། དོན་མི་ཤེས་པ་ལ་སོགས་པ་བརྗོད་བྱེད་ཀྱི་སྒོ་ནས་དང༌། ཡང་བརྗོད་ནི་ཚིག་དོན་གཉིས་ཀའི་སྒོ་ནས་ཏེ་བཅུ་གསུམ་དང༌། གྲུབ་མཐའ་ཉམས་དང་ལྟར་སྣང་གཉིས་ཏེ་བཅོ་ལྔ་ནི། རྒོལ་བ་ཚར་གཅོད་པའི་གནས་སུ་བརྟགས་པའོ། །རྗེས་སུ་མི་སྨྲ་བ་ལ་སོགས་པ་གསུམ་ནི་ཕྱིར་རྒོལ་ལའོ། །རྣམ་གཡེང་ལ་སོགས་པ་བཞི་གཉིས་ཀ་ལ་བརྟགས་པའོ། །དེ་ལ་དགག་པ་སླའོ། །གཉིས་པ་སོ་སོར་བཤད་པ་ལ་དོན་ཉི་ཤུ་རྩ་གཉིས་ལས། དམ་བཅའ་ལ་གནོད་པ་སྨྲ་བ་ཚར་གཅད་ཀྱི་གནས་སུ་བསྟན་ཚུལ་ནི། དཔེར་ན་རྒོལ་བས་སྒྲ་ཆོས་ཅན། མི་རྟག་སྟེ། དབང་པོའི་གཟུང་བྱ་ཡིན་པའི་ཕྱིར་བུམ་པ་བཞིན་ཞེས་བཀོད་པ་ན། ཕྱི་རྒོལ་གྱིས་སྔར་གྱི་དམ་བཅའ་ལས་བཟློག་སྟེ། སྒྲ་རྟག་སྟེ་དབང་པོའི་གཟུང་བྱ་ཡིན་པའི་ཕྱིར་ཞེས་བརྗོད་པ་ན་སྔར་གྱི་སྒྲ་མི་རྟག་པར་དམ་བཅས་པ་ལ་གནོད་པས་སྔར་རྒོལ་ཚར་གཅད་ཀྱི་གནས་ཡིན་ནོ། །སྔར་མི་རྟག་པར་དམ་བཅས་པ་སྟོང་པའི་ཕྱིར་ཞེས་འདོད་དོ། །ཕྱིར་རྒོལ་གྱིས་རྒོལ་བའི་དམ་བཅའ་ལས་བཟློག་སྟེ་སྨྲས་པ་ཙམ་གྱིས་སྔར་རྒོལ་གྱིས་རང་གི་དམ་བཅའ་ཇི་ལྟར་སྟོང་པར་འགྱུར། དེས་ན་དབང་པོའི་གཟུང་བྱ་ཡིན་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ན། སྤྱི་རྟག་པའང་ཡིད་ཀྱི་དབང་པོའི་གཟུང་བྱ་ཡིན་པས་རྟག་པ་ལའང་དབང་པོའི་གཟུང་བྱ་ཡིན་པའི་གཏན་ཚིགས་ཞུགས་པས་ཐེ་ཚོམ་དུ་འགྱུར་གྱི། དམ་བཅའ་ལ་གནོད་པ་མ་བྱས་པའི་ཕྱིར་སྒྲུབ་པའི་ཡན་ལག་མི་བརྗོད་པའི་སྒོ་ནས་ཚར་གཅོད་དུ་འགྱུར་གྱི། དམ་བཅའ་ལ་གནོད་པའི་སྒོ་ནས་ཚར་གཅད་མིན་ནོ། །དམ་བཅའ་གཞན་སྨྲ་བའི་ཚར་གཅད་ནི་སུན་འབྱིན་ཤེས་ན་མ་ངེས་པ་སྨྲ་བ་ཡིན་པས། སྒྲུབ་པའི་ཡན་ལག་མི་བརྗོད་པའི་ཚར་གཅད་ཀྱི་ཁོངས་སུ་འདུའོ། །དཔེར་ན་རྒོལ་བས་སྒྲ་མི་རྟག་པར་དམ་བཅས་ནས་དབང་པོའི་གཟུང་བྱ་ཉིད་རྟགས་སུ་བཀོད་པའི་ཚེ་ན། ཕྱིར་རྒོལ་གྱིས་སྤྱི་རྟག་པའང་ཡིད་ཀྱི་དབང་པོའི་གཟུང་བྱ་ཡིན་པས་ན། དབང་པོའི་གཟུང་བྱ་ཡིན་པའི་ཕྱིར་རྒོལ་བའི་རྟགས་མ་ངེས་པར་བསྟན་པ་ན། སྔར་རྒོལ་གྱིས་ལན་སྨྲས་པ། རྣམ་པ་ཐམས་ཅད་དུ་འགྲོ་བ་མིན་པ་ལྟར་སྒྲ་ཡང་ཐམས་ཅད་དུ་འགྲོ་བ་མིན་པའི་ཕྱིར་མི་རྟག་ཅེས་སྟོན་པ་ནི་དམ་བཅའ་གཞན་སྨྲ་བ་ཞེས་བྱ་བའི་ཚར་གཅད་ཀྱི་གནས་སོ། །དེ་ཇི་ལྟར་ཚར་གཅད་ཀྱི་གནས་ཡིན་ཞེ་ན། སྔ་མའི་དམ་བཅའ་གཞན་གྱིས་སྒྲུབ་མི་ནུས་པའི་ཕྱིར་ཞེས་རྐང་མིག་པ་སྨྲའོ། །དེ་ནི་སྔ་མའི་དམ་བཅའ་ཕྱི་མའི་དམ་བཅའ་གཞན་གྱིས་སྒྲུབ་པ་མིན་གྱི། སྒྲ་མི་རྟག་པར་སྒྲུབ་པ་ལ་དབང་པོའི་གཟུང་བྱ་རྟགས་སུ་བཀོད་པའི་ཚེ་ན་ཁྱབ་པ་མ་ངེས་ཞེས་ཕྱི་རྒོལ་གྱིས་སྐྱོན་བརྗོད་པའོ། །ཡང་སྔར་རྒོལ་གྱིས་ལན་སྨྲས་པ་ནི། དབང་པོའི་གཟུང་བྱ་ལ་གཉིས་ཏེ། ཐམས་ཅད་དུ་འགྲོ་བ་དང༌། ཐམས་ཅད་དུ་འགྲོ་བ་མིན་པའོ། །འདིར་ནི་ཐམས་ཅད་དུ་འགྲོ་བ་མིན་པའི་དབང་པོའི་གཟུང་བྱ་རྟགས་སུ་བཀོད་པའི་ཕྱིར་ཉེས་པ་མེད་ཅེས་རྒོལ་བ་ལན་དུ་བྱས་པའོ། །དེས་ན་འདི་ནི་སྒྲུབ་བྱེད་བསྟན་པ་ཡིན་གྱི། བསྒྲུབ་བྱ་བསྟན་པ་མིན་པས་དམ་བཅའ་ལ་གནོད་པ་སྨྲས་པའི་སྒོ་ནས་ཚར་གཅད་ཀྱི་གནས་སུ་གྱུར་པ་མིན་ནོ། །དམ་བཅའ་དང་རྟགས་འགལ་བ་ནི། དཔེར་ན་ཡོན་ཏན་ལས་ཐ་དད་པའི་རྫས་ཡོད་ཅེས་དམ་བཅས་ནས་གཟུགས་ལ་སོགས་པ་ལས་དོན་གཞན་དུ་མ་དམིགས་པའི་ཕྱིར་ཞེས་རྟགས་སུ་བཀོད་པ་ལྟ་བུའོ། །དམ་བཅའ་དང་དཔེ་འགལ་བ། དཔེར་ན་སྒྲ་རྟག་སྟེ་བུམ་པ་བཞིན་ཞེས་པ་ལྟ་བུའོ། །དམ་བཅའ་དང་རང་ཚིག་འགལ་བ་བདག་མེད་དོ་ཞེས་བྱ་བ་ལྟ་བུའོ། །དེ་ཇི་ལྟར་རང་ཚིག་འགལ་བ་ཡིན་ཅེ་ན། བདག་མེད་ན་གཞན་ཞེས་བརྗོད་པ་འགལ་ལ། བདག་ཅེས་པའི་སྒྲ་བརྗོད་ན་བདག་ཡོད་པར་ཁས་ལེན་དགོས་པས་བདག་མེད་ཅེས་བརྗོད་པ་དང་འགལ་ལོ་ཞེས་ཟེར་རོ། །དམ་བཅའ་ཚིག་གིས་དངོས་སུ་བརྗོད་ནས། དམ་བཅའ་དང་དཔེ་འགལ་བ་དང༌། དམ་བཅའ་དང་རང་ཚིག་འགལ་བ་འཇོག་པའི་སྒོ་ནས་ཚར་གཅད་ཀྱི་གནས་སུ་དཔེ་འཇོག་པ་དོན་མེད་དེ། རྟགས་ཀྱི་སྦྱོར་བ་ལ་དམ་བཅའ་ངག་ཏུ་དངོས་སུ་བརྗོད་ཟིན་པ་ཙམ་གྱིས་ཕམ་པར་དངོས་སུ་གྲུབ་ཟིན་པའི་ཕྱིར། དཔེ་དང་འགལ་བ་དང་རང་ཚིག་དང་འགལ་བ་བརྗོད་པའི་སྒོ་ནས་ཚར་གཅད་ཀྱི་གནས་སུ་འཇོག་པ་དོན་མེད་དོ། །དེ་ནི་སྔ་མ་ཉིད་དུ་ཕམ་ཟིན་པའི་ཕྱིར་རོ། །གལ་ཏེ་ཞེ་འདོད་ཀྱི་དམ་བཅའ་དང་རྟགས་འགལ་བར་འགྱུར་བ་མིན་ནམ་ཞེ་ན། དེ་ནི་རྟགས་ཀྱི་སྒོ་ནས་ཚར་གཅད་དུ་སོང་བ་ཡིན་ལ་དམ་བཅའི་སྒོ་ནས་ཚར་གཅད་དུ་སོང་བ་མིན་ནོ། །གལ་ཏེ་དམ་བཅའ་བརྗོད་པ་ཉིད་ཀྱིས་ཕམ་ཟིན་པས་ན་དམ་བཅའ་དང་དཔེ་འགལ་བ་དང་རང་ཚིག་འགལ་བ་བརྗོད་པའི་སྒོ་ནས་སླར་ཡང་ཕམ་པར་བཞག་པ་དོན་མེད་ན། བསྒྲུབ་བྱ་གཅིག་ལ་རྟགས་མང་པོ་གཞག་ཏུ་མེད་པར་ཐལ། གཏན་ཚིགས་སྔ་མས་གྲུབ་ན་ཕྱི་མ་རྣམས་དོན་མེད་པའི་ཕྱིར་རོ་ཞེ་ན། ཆོས་ཅན་གང་དུ་ཁྱད་པར་གྱི་ཆོས་ལ་ཕ་རོལ་པོའི་རྣམ་པར་རྟོག་པ་དུ་མ་འཇུག་པ་ཡིན་ན། དེ་དག་སོ་སོར་གཅོད་པའི་ཕྱིར་དུ་རྟགས་དུ་མ་འཇུག་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་དུ་མ་མེད་ན་ཤེས་འདོད་མེད་པའི་ཕྱིར་རྟགས་དུ་མ་དོན་མེད་དོ། །བདག་མེད་ཅེས་བརྗོད་པ་རང་ཚིག་འགལ་བར་འདོད་པ་དགག་པ་ནི། འདི་ལ་རང་ཚིག་འགལ་བ་མེད་དེ། སྒྲས་སྣང་ཙམ་བརྗོད་ནས་དངོས་པོ་འགོག་པའི་ཕྱིར། ཡང་གཏན་ཚིགས་དང་དམ་བཅའ་འགལ་བ་ནི། དཔེར་ན་བུམ་པ་ལ་སོགས་པ་ཐམས་ཅད་ཐ་དད་པ་ཁོ་ན་ཡིན་ཏེ། རྡུལ་རྫས་ཚོགས་པ་ལ་དངོས་པོའི་སྒྲ་སྦྱོར་བའི་ཕྱིར་ཞེས་བྱ་བ་ལ། འདིར་ཚོགས་པ་ཞེས་པ་གཅིག་ཏུ་ཁས་བླངས་པའི་གཏན་ཚིགས་ཀྱིས་ཐ་དད་པའི་དམ་བཅའ་ལ་གནོད་པའི་ཕྱིར་རོ། །གཏན་ཚིགས་ཀྱིས་དམ་བཅའ་ལ་གནོད་པའི་ཕྱིར་རོ་ཞེས་ཟེར་རོ། །འདིས་ནི་དམ་བཅའ་དང་རྟགས་ཀྱི་སྦྱོར་བ་གཉིས་ཀ་བསྟན་པ་མིན་གྱི། སྔར་བསྟན་པའི་དོན་ཉེ་བར་བཤད་པའི་སྒོ་ནས་ཉེ་བར་བསྡུས་པའི་ཚིག་གམ། ཡང་ན་ལྔ་པའི་མཐའ་ཅན་གྱི་དཔེ་སྟོན་པ་ཡིན་ཏེ། སྒྲ་མི་རྟག་ཏེ་བུམ་པ་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་ཅེས་པ་ལྟ་བུ་སྟེ། ཀུན་ལས་བཏུས་ལས། དེ་ལ་ལྔ་པ་དཔེ་ཡིན་ཏེ། །གཏན་ཚིགས་ཉེ་བར་སྦྱོར་བ་ལ། །ཞེས་གསུངས་པ་ལྟར་རོ། །དེས་ན་འདིས་གཏན་ཚིགས་བཟུང་བ་མིན་པས་གཏན་ཚིགས་ཀྱི་དམ་བཅའ་ལ་གནོད་པའི་དཔེར་མི་འཐད་དོ། །དེས་ན་འདི་ནི་གཏན་ཚིགས་མ་གྲུབ་པའམ། འགལ་བའི་སྒོ་ནས་སྐྱོན་དུ་འགྱུར་གྱི་སྒྲུབ་པའི་ཡན་ལག་མི་བརྗོད་པ་ལས་ལོགས་ཤིག་ཏུ་གྱུར་པའི་ཚར་གཅད་ཀྱི་གནས་མིན་ནོ། །དམ་བཅའ་སེལ་བའི་ཕྱོགས་ལ་དམ་བཅའ་བའི་དོན་སེལ་བ་ནི་དམ་བཅའ་སེལ་བ་སྟེ་དཔེར་ན། སྒྲ་མི་རྟག་པར་དམ་བཅས་ནས་དབང་པོའི་གཟུང་བྱ་ཡིན་པའི་ཕྱིར་ཞེས་རྟགས་སུ་བཀོད་པ་ན། དབང་པོའི་གཟུང་བྱའི་རྟགས་ནི་སྤྱི་རྟག་པ་ལའང་འཇུག་པས་ཁྱབ་པ་མ་ངེས་ཏེ། སྤྱི་རྟག་པ་ལའང་ཡིད་ཀྱི་དབང་པོའི་གཟུང་བྱ་ཡིན་པའི་ཕྱིར་ཞེས་སུན་འབྱིན་སྨྲས་པའི་ཚེ། སྔར་རྒོལ་གྱིས་སྒྲ་མི་རྟག་པར་སུས་སྨྲས་ཞེས་སྔར་གྱི་དམ་བཅའ་འདོར་ན་དམ་བཅའ་སེལ་བའི་ཚར་གཅད་ཀྱི་གནས་ཡིན་ནོ་ཞེས་སོ། །མི་འཐད་དེ། སྔར་རྒོལ་གྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་བཀོད་པ་ན་མ་ངེས་པ་བརྗོད་པ་ཉིད་ཀྱིས་ཚར་གཅད་ཟིན་པའི་ཕྱིར་ཕྱིས་ཀྱི་དམ་བཅའ་སེལ་བའི་ཚར་གཅད་གཉིས་པ་དོན་མེད་པ་ཡིན་ནོ། །གཏན་ཚིགས་གཞན་པའི་ཚར་གཅད་ནི། སྔར་དམ་བཅའ་སྒྲུབ་པའི་དོན་དུ་མ་ངེས་པ་གཅོད་པའི་གཏན་ཚིགས་ཀྱི་ཁྱད་པར་མེད་པར་གཏན་ཚིགས་ཙམ་ཞིག་བཀོད་པ་ན། དེ་ལ་ཕྱི་རྒོལ་གྱིས་སུན་འབྱིན་བརྗོད་པའི་ཚེ། མ་ངེས་སོགས་གཅོད་པའི་གཏན་ཚིགས་ཀྱི་གནོན་པ་བྱས་ནས་གཏན་ཚིགས་ཕྱི་མ་གཞན་འདོད་པ་ནི་གཏན་ཚིགས་གཞན་པ་ཞེས་བྱ་ལ། ཕྱི་མ་བཀོད་པའི་རྟགས་གཞན་གྱིས་བསྒྲུབ་དགོས་ན་རྟགས་སྔ་མ་སྒྲུབ་བྱེད་མིན་ལ། སྔ་མས་བསྒྲུབ་དགོས་ན་ཕྱི་མ་དོན་མེད་པས་སྨྲ་བ་པོ་ཚར་གཅད་ཀྱི་གནས་ཡིན་ནོ་ཞེས་འདོད་དོ། །སྔ་མའི་ངག་རྫོགས་ནས་དེ་ལ་ཕྱི་རྒོལ་གྱི་སྐྱོན་འཇུག་ན་མ་ངེས་པའི་སྐྱོན་ཡིན་པས་ཚར་གཅད་གཉིས་པར་འཇོག་པ་དོན་མེད་ལ། ངག་མ་རྫོགས་ཤིང་ལན་གྱི་གོ་སྐབས་མི་སྟེར་ན་ངག་མ་རྫོགས་པས་ཚར་གཅད་ཀྱི་གནས་ཡིན་ནོ། །སྐབས་ཀྱི་དོན་དང་མ་འབྲེལ་བ་ནི་དོན་གཞན་ཞེས་བྱ་སྟེ། དཔེར་ན་རྒོལ་བས་ཁྱབ་པ་འཁྲུལ་བའི་གཏན་ཚིགས་བཀོད་པ་ན། ཕྱིར་རྒོལ་གྱིས་སུན་འབྱིན་མི་བརྗོད་པར་གཏན་ཚིགས་ཀྱི་སྐད་ཀྱི་བྱིངས་དང་ཀུན་ཤད་དང་ཉེར་སྒྱུར་ལ་སོགས་པ་འཆད་པ་དོན་གཞན་སྨྲ་བའི་ཚར་གཅད་ཀྱི་གནས་ཡིན་ནོ་ཞེས་ཟེར་བ་མི་རིགས་ཏེ། རྒོལ་བས་ཁྱབ་པ་མ་ངེས་པའི་གཏན་ཚིགས་བརྗོད་པས་ཚར་གཅད་ཡིན་ལ་ཕྱི་རྒོལ་གྱིས་སྐྱོན་གནས་པ་ལ་སྐྱོན་མིན་པ་བརྗོད་པའི་སྒོ་ནས་ཚར་གཅད་དུ་འགྱུར་པ་ཡིན་གྱི། གཉིས་པོ་དེ་ལས་གཞན་པའི་ཚར་གཅད་མིན་ནོ། །དོན་མེད་པ་སྨྲ་བའི་ཚར་གཅད་ནི། སྒྲུབ་པའི་ཡན་ལག་མིན་པ་བརྗོད་པའི་ཚར་གཅད་ལས་གཞན་པའི་ཚར་གཅད་མིན་ནོ། །དཔེར་ན་སྒྲ་རྟག་སྟེ། ཛ་བ་ག་ཌ་ད་ཉིད་ཀྱི་ཕྱིར། ཛྷ་བྷ་གྷ་ཌྷ་དྷ་བཞིན་ནོ། །ཞེས་པ་ནི། གཏན་ཚིགས་དང་དཔེ་བཟུང་བ་ཡིན་ཡང་ཡི་གེའི་གོ་རིམ་སྟོན་པ་ལྟར་སྣང་བས་ཡི་གེའི་གོ་རིམ་སྟོན་པ་དང་འདྲ་ཞེས་བསྟན་ཏོ། །འདིས་དམ་བཅའི་སྒྲུབ་བྱེད་མ་བསྟན་པས་ཚར་གཅད་ལོགས་ཤིག་པ་ཡིན་ནོ་ཞེས་ཟེར་རོ། །མི་འཐད་དེ། ཡི་གེའི་གོ་རིམ་བསྟན་པ་དང་སྒྲུབ་པའི་ཡན་ལག་མིན་པ་གཞན་བརྗོད་པ་ལ་དོན་མེད་པ་བརྗོད་པར་ཁྱད་པར་མེད་དེ། བསྒྲུབ་བྱའི་སྒྲུབ་བྱེད་མ་བརྗོད་པའི་ཕྱིར་གྱི་བར་དུ་དེས་ན་གཉིས་ཀ་སྒྲུབ་བྱེད་དུ་མེད་པར་ཁྱད་པར་མེད་བཞིན་དུ་དབྱེ་བ་བྱེད་པ་མ་འབྲེལ། དོན་མི་ཤེས་པ་དང་དོན་མེད་པའི་སྒྲ་སྨྲ་བའི་ཚར་གཅད་ནི་སྒྲུབ་པའི་ཡན་ལག་མིན་པ་བརྗོད་པའི་ཁོངས་སུ་འདུས་སོ། །དཔེར་ན་སྐྱེ་བོ་དུ་མ་ཚོགས་པའི་དབུས་དང༌། ཕྱི་རྒོལ་ལ་སྒྲུབ་བྱེད་ལན་གསུམ་གྱི་བར་དུ་བརྗོད་ཀྱང་ཕྱིར་རྒོལ་གྱིས་མ་གོ་ན་དོན་མི་ཤེས་པ་དང༌། དོན་མེད་པའི་སྨྲ་བ་ནི་དཔེར་ན། དྲི་མ་ཅན་གྱི་ཀླ་ཀློའི་སྒྲ་སྦྱོར་བ་དང༌། སྐད་རིགས་མི་མཐུན་པ་སྨྲ་བ་དང༌། མྱུར་གྲགས་པ་དང༌། ཆད་ལྷག་ལ་སོགས་པས་དོན་ཤེས་པའི་ནུས་པ་སྒྲིབ་པའི་སྒྲ་སྦྱོར་བ་རྒོལ་བ་ཚར་གཅད་ཀྱི་གནས་ཡིན་ནོ་ཞེས་པ་དང༌། དོན་ཇི་ལྟ་བ་བཞིན་ལྡན་པ་ལན་གསུམ་བརྗོད་ཀྱང་ཕྱི་རྒོལ་གྱིས་མ་རྟོགས་ན་རྒོལ་བ་ཚར་བཅད་ཀྱི་གནས་ཡིན་ནོ་ཞེས་ཟེར་བ་ནི་རིགས་པ་མིན་ཏེ། དྲི་མ་ཅན་གྱི་སྒྲ་སྦྱོར་བ་དང༌། མ་གྲགས་པའི་སྒྲ་སྦྱོར་བ་སོགས་ནི་དོན་མེད་པ་ཉིད་སྨྲ་བ་དང་ཁྱད་པར་མེད་ལ། ཕྱིར་རྒོལ་གྱིས་མ་གོ་བས་ཚར་གཅད་ཀྱང་རིགས་པ་མིན་ནོ། །དོན་བྲལ་ནི། སྔ་ཕྱི་མ་འབྲེལ་བ་སིའུ་བཅུ་པའི་ངག་དང་སྨྱོན་ཚིག་ལྟ་བུ་སྟེ། དེ་སྨྲ་བ་ཡང་ཚར་གཅད་ཀྱི་གནས་ལོགས་པ་ཡིན་ནོ་ཞེས་ཟེར་རོ། །འབྲེལ་མེད་ཀྱི་ངག་ཀྱང་དོན་མེད་པ་སྨྲ་བ་ལས་ལོགས་སུ་བཞག་པ་མི་འཐད་ཅིང་སྒྲུབ་པའི་ཡན་ལག་བརྗོད་པ་མིན་པར་འདུས་སོ། །དུས་ལ་མ་བབ་པའི་ཚར་གཅད་ནི། དམ་བཅའ་ལ་སོགས་པའི་ཡན་ལག་ཕྱི་མ་བཞི་རིམ་པ་བཞིན་དུ་བརྗོད་པར་རིགས་པ་ལས་གོ་རིམ་དཀྲུགས་ནས་བརྗོད་པ། བུམ་པ་བཞིན་དུ་བྱས་པའི་ཕྱིར་མི་རྟག་ཅེས་པ་ལྟ་བུ་སྟེ། དེ་ལྟར་དམ་བཅའ་ལ་སོགས་པའི་གོ་རིམ་གོ་བཟློགས་ནས་སྨྲ་བ་ཡང་ཚར་གཅད་དོ་ཞེས་སྨྲའོ། །ཡན་ལག་བརྗོད་པའི་གོ་རིམ་ཟློག་ཀྱང་དོན་ཇི་ལྟ་བ་བཞིན་དུ་གོ་བ་མིན་ནམ་ཞེས་བརྩད་པ་ན། དོན་གོ་ཡང་སྒྲ་སྐྱོན་ཅན་ཡིན་ཏེ། སྒྲ་སྦྱོར་བའི་གོ་རིམ་དང་བྲལ་བའི་ཕྱིར་རོ། །དཔེར་ན་ཟུར་ཆག་གི་སྒྲ་ལས་ལེགས་པར་སྦྱར་བས་བསྟན་པར་བྱ་བའི་དོན་གོ་ཡང་ལེགས་སྦྱར་གྱིས་མ་བརྗོད་ན་སྒྲ་སྐྱོན་ཅན་འགྱུར་བ་ཡིན་ནོ། །ཡན་ལག་ལྔའི་གོ་རིམ་ཟློག་ན་མ་དག་ལ། གོ་རིམ་མ་ནོར་བར་བརྗོད་པ་ན་ཡན་ལག་ལྔ་ཁོང་དུ་ཆུད་པར་འགྱུར་རོ། །གོ་རིམ་མ་ནོར་བ་དགོས་པ་ཡང་འཇིག་རྟེན་ན་མཐོང་སྟེ། དང་པོ་འཇིམ་པ་བླངས་ནས་དེ་ནས་དབྱིག་པ་དང་འཁོར་ལོ་ལ་སོགས་པའི་སྦྱོར་བའི་རིམ་པས་རྫ་བྱེད་པ་ལྟ་བུའོ་ཞེས་ཟེར་རོ། །འདི་སྐད་སྨྲ་བ་མི་འཐད་དེ། ཟུར་ཆག་གི་སྒྲ་ཉིད་ཀྱིས་དོན་རྟོགས་ན་དེ་ཉིད་ཀྱིས་དོན་རྟོགས་པར་བྱ་མོད། སཾ་ཀྲི་ཏའི་བརྒྱུད་པས་ཅི་ཞིག་བྱ་དགོས། བརྡ་ལས་དོན་གོ་ན་ཟུར་ཆག་ཉིད་ཀྱིས་དོན་ལ་བརྡ་སྦྱར་བས་གོ་མོད། སཾ་ཀྲི་ཏའི་བརྡ་མི་ཤེས་ཀྱང་ཕལ་སྐད་ལས་དོན་གོ་བ་མཐོང་བས་ན། ཕལ་སྐད་ཀྱིས་གོ་བར་བྱས་ནས་རྗེས་སུ་ལེགས་སྦྱར་འཆད་པ་དོན་མེད་དོ། །མིན་ཏེ། ལེགས་པར་སྦྱར་བ་བརྗོད་ན་མཐོ་རིས་སུ་འགྲོ་བས་སོ་ཞེ་ན། འོ་ན་ལེགས་སྦྱར་གྱི་སྒྲས་གཞན་སོད་ཅིག་ཅེས་བརྗོད་ནའང་མཐོ་རིས་སུ་འགྲོ་བར་འགྱུར་རོ། །དོན་ཆུང་ལ་དཀའ་བའི་སྒྲ་སྦྱར་མི་དགོས་ཏེ། ཡུལ་ཐ་དད་ཀྱི་སྐད་ཀྱིས་ཀྱང་དོན་གོ་ལ། རང་རང་གི་གོམས་པས་སྒྲ་དང་སྒྲ་ཉམས་ཤེས་པ་ལྟར་ལེགས་པར་སྦྱར་བ་ལའང་བརྡ་གོམས་པ་དོན་ཤེས་པའི་ཕྱིར་དམ་བཅའ་སོགས་ཀྱི་གོ་རིམ་ཟློག་མི་ཟློག་གི་སྒོ་ནས་དོན་ཤེས་མི་ཤེས་ཀྱི་ཁྱད་པར་མེད་དོ། །དོན་གོ་ན་གོ་རིམ་ཟློག་མ་ལོག་མཚུངས་ཏེ། ཨུཏྤལ་སྔོན་པོའམ། སྔོན་པོ་ཨུཏྤ་ལ་ཞེས་བརྗོད་པ་བཞིན་ནོ། །སྒྲའི་གོ་རིམ་ཡང་མི་དགོས་ལ། དམ་བཅའ་བ་སོགས་ཀྱི་གོ་རིམ་མེད་ཀྱང་དོན་གོ་བས་གོ་རིམ་སྒྲིག་ཀྱང་མི་དགོས་སོ། །དེས་ན་དེ་ལས་དོན་གོ་ན་རྒོལ་བ་ཚར་བཅད་ཀྱི་གནས་མིན་ལ། དོན་མི་གོ་ན་སྒྲུབ་པའི་ཡན་ལག་མིན་པ་བརྗོད་པའི་ཁོངས་སུ་འདུས་སོ། །ཡན་ལག་ལྔ་ལས་ཡན་ལག་གང་ཡང་རུང་བ་གཅིག་བརྗོད་པ་མ་ཚང་ན་མ་ཚང་བ་བརྗོད་པས་ཚར་གཅད་ཀྱི་གནས་ཡིན་ནོ་ཞེས་ཟེར་རོ། །མིན་ཏེ། དམ་བཅའ་དངོས་སུ་བརྗོད་པ་མེད་ཀྱང་དོན་གོ་བའི་ཕྱིར་རོ། །ངེད་ཀྱི་ཡན་ལག་གཉིས་པའི་ངག་མ་ཚང་ན་སྒྲུབ་པའི་ཡན་ལག་མ་བརྗོད་པར་འདུས་སོ། །དམ་བཅའ་དངོས་སུ་བརྗོད་པ་མེད་པ་དང༌། མཇུག་སྡུད། ཉེར་སྦྱོར་སོགས་མ་བརྗོད་པ་ཚར་གཅོད་ཀྱི་གནས་མིན་ནོ། །ལྷག་པར་བརྗོད་པའི་ཚར་གཅད་ནི། རྟགས་དང་དཔེ་ལྷག་པར་བརྗོད་ན་སྔ་མས་གྲུབ་བཞིན་དུ་ཕྱིས་མནན་པས་ལྷག་པར་བརྗོད་པ་ཚར་གཅོད་དོ་ཞེས་ཟེར་རོ། །འདིའང་སྒྲུབ་པའི་ངག་གི་ཡན་ལག་ངེས་པ་ཅན་དུ་ཁས་ལེན་པ་ཁོ་བོ་ཅག་གི་ཕྱོགས་ལ་སྒྲུབ་བྱེད་མིན་པ་བརྗོད་པར་འདུས་ལ། ཁྱེད་ཡན་ལག་ལྔ་ལྡན་དུ་སྨྲ་བའི་ལུགས་ལ་ལྷག་པར་བརྗོད་པ་ཚར་གཅད་མིན་པར་འགྱུར་ཏེ། མི་དགོས་པ་བརྗོད་པ་སྐྱོན་དུ་མི་འཇོག་པའི་ཕྱིར་རོ། །རྗེས་སུ་སྨྲ་བ་ལས་གཞན་སྒྲ་དང་དོན་དག་ཟློས་པ་བརྗོད་པ་ནི་ཡང་བརྗོད་དེ། དཔེར་ན་སྒྲ་ཟློས་པ་སྒྲ་མི་རྟག་མི་རྟག་ཞེས་བརྗོད་པ་ལྟ་བུའོ། །དོན་ཟློས་པ། དཔེར་ན་སྒྲ་མི་རྟག སྒྲ་འཇིག་པའི་ཆོས་ཅན་ཞེས་པ་ལྟ་བུའོ་ཞེས་ཟེར་རོ། །སྒྲ་ཟློས་པ་དོན་ཟློས་པའི་སྐྱོན་ལས་ལོགས་སུ་བརྗོད་མི་དགོས་ཏེ། དོན་ཟློས་པའི་སྐྱོན་དུ་འདུས་པའི་ཕྱིར་རོ། །དོན་མི་ཟློས་ན་སྒྲ་ཟློས་ཀྱང་སྐྱོན་མེད་དོ། །ཟློས་པ་སྐྱོན་དུ་འཇོག་པ་འདིའང༌། སྒྲུབ་པའི་ངག་འགོད་པའི་དབང་དུ་བྱས་པ་ཡིན་གྱི། གཏམ་རྒྱུད་རྒྱས་པ་བརྗོད་པའི་ཚེ་ན་སྐྱོན་མེད་དེ། ཕ་རོལ་པོས་མ་གོ་བར་རྟོགས་པའི་ཚེ་དཔང་པོ་ལ་སོགས་པ་ལ་ཡང་ནས་ཡང་དུ་བརྗོད་པ་སྐྱོན་མིན་པ་བཞིན་ནོ། །གཏམ་རྒྱུད་རྒྱས་པ་ལ་ནི་གཞན་གྱིས་གོ་བའི་དོན་དུ་ཡང་ཡང་བཟླས་པ་སྐྱོན་མིན་པར་རྩོད་རིགས་སུ་གསུངས་སོ། །སྒྲུབ་པའི་ངག་ལ་ནི་ཡང་ཡང་ལྷག་པ་བརྗོད་པའི་ནང་དུ་འདུས་པས་སྐྱོན་བརྗོད་ལོགས་པ་མི་བགྲང་ངོ༌། །རྗེས་སུ་མི་སྨྲ་བ་ནི། རྒོལ་བས་ཚོགས་པའི་ནང་དུ་ལན་གསུམ་བརྗོད་པས་ངག་གོའང་ཕྱིར་རྒོལ་གྱིས་སྔར་རྒོལ་གྱི་ངག་རྗེས་སུ་མི་བརྗོད་ན། རྗེས་སུ་སྨྲ་བ་མེད་པའི་ཚར་གཅད་ཡིན་ནོ་ཞེས་ཟེར་རོ། །དོན་གོ་ན་ཕྱིར་རྒོལ་གྱིས་རྒོལ་བའི་ངག་ཀུན་རྗེས་སུ་མ་བརྗོད་ཀྱང་སྐྱོན་མིན་ལ། བརྗོད་དགོས་པ་མ་བརྗོད་པ་སྤོབས་པ་མེད་པའི་ནང་དུ་འདུས་སོ། །དོན་མི་ཤེས་པའི་ཚར་གཅད་ནི། དཔང་པོས་གོ་ཡང་ཕྱི་རྒོལ་གྱིས་མ་གོ་ན། དོན་མི་ཤེས་པ་བྱ་བའི་ཚར་གཅད་པ་ཡིན་ནོ་ཞེས་ཟེར་རོ། །འདི་ཡང་རྗེས་སུ་མི་སྨྲ་བ་དང་འདྲ་བར་སྤོབས་པ་མེད་པ་ལས་གཞན་དུ་མིན་ནོ། །འདི་ལྟར་རྗེས་སུ་སྨྲ་བ་མེད་པ་ནི། སུན་འབྱིན་གྱི་ཡུལ་སྒྲུབ་པའི་ངག་གི་སྐྱོན་ཡོན་མི་ཤེས་པ་ཡིན་ལ། སུན་འབྱིན་འཇུག་པའི་ཡུལ་མི་ཤེས་ན་སུན་འབྱིན་འཇུག་པ་ག་ལ་སྲིད། སུན་འབྱིན་མི་ཤེས་ན་རྒོལ་བའི་ངག་རྗེས་སུ་སྨྲས་ཀྱང་དོན་མེད་པ་ཉིད་དོ། །གཉིས་ཀ་ཡང་སྤོབས་པ་མེད་པའི་ནང་དུ་འདུས་པས་ཚར་གཅད་ལོག་པ་མིན་ནོ། །མི་སྤོབས་པའི་ཚར་གཅད་ནི། སྔར་རྒོལ་ཡན་ལག་མི་བརྗོད་པའམ། ཕྱི་རྒོལ་སྐྱོན་མི་བརྗོད་པའི་ཚར་བཅད་ཀྱི་ཁོངས་སུ་འདུའོ། །དཔེར་ན་ཕ་རོལ་པོས་རྒོལ་བའི་ངག་བརྗོད་པའི་རྗེས་ལ་དེའི་ལན་མི་འདེབས་པ་དོན་མེད་པ་སྨྲ་བ་དང༌། ཚིགས་སུ་བཅད་པ་སོགས་ཀྱི་དུས་འདའ་བར་བྱེད་ཅིང་སྐབས་དོན་མི་བརྗོད་པ་ཚར་གཅད་ཀྱི་གནས་སོ་ཞེས་ཟེར་བ་ཡང༌། སྔར་རྒོལ་སྒྲུབ་པའི་ཡན་ལག་མི་བརྗོད་པའམ། ཕྱི་རྒོལ་སྐྱོན་མི་བརྗོད་པར་འདུས་སོ། །བྱ་བ་གཞན་གྱིས་གཡེངས་ནས་རྩོད་པ་འདོར་བ་ནི་རྣམ་པར་གཡེང་བའོ། །དཔེར་ན་ཕ་རོལ་གྱི་ངོར་ངག་བཀོད་ནས་རྩོད་པ་ཁས་བླངས་པ་ན་གཞན་གྱིས་སུན་འབྱིན་བཀོད་པ་བརྩམས་པའི་ཚེ། ད་ལྟ་བདག་ནའོ་ཞེས་རྩོད་པའི་སྐབས་བཅག་ན་རྣམ་པར་གཡེང་བ་ཞེས་བྱ་བའི་ཚར་གཅད་དོ་ཞེས་ཟེར་རོ། །གཡོ་སྒྱུ་མེད་པ་དྲང་པོར་སྨྲ་ན་ཚར་གཅད་མིན་ལ། ལན་མི་ཤེས་པས་སྒྱུ་ཐབས་སུ་སྙད་འདོགས་པའི་གཡོ་ཅན་ཡིན་ན་སྤོབས་པ་མེད་པར་འདུས་སོ། །འདོད་པ་ཁས་ལེན་གྱི་ཚར་གཅད་ནི། རང་གིས་གཞན་གྱིས་བརྗོད་པའི་སྐྱོན་ཁས་བླངས་ནས་སྐྱོན་དེ་ཉིད་གཞན་ལ་ཡང་འཇུག་པར་བྱེད་པར་འདོད་པའོ། །དཔེར་ན་ཁྱེད་རྐུན་མ་ཡིན་ཏེ། སྐྱེས་བུ་ཡིན་པའི་ཕྱིར་ཞེས་སྔར་རྒོལ་གྱིས་བརྗོད་པ་ན། ཕྱི་རྒོལ་གྱིས་འོ་ན་ཁྱེད་ཀྱང་རྐུན་མར་ཐལ། སྐྱེས་བུ་ཡིན་པའི་ཕྱིར་ཞེས་སྨྲ་བ་ལྟ་བུའོ་ཞེས་ཟེར་རོ། །འདི་ཡང་བརྟག་པར་བྱ་སྟེ། སྐྱེས་བུ་ཡིན་པས་རྐུན་མར་གྱུར་ན་ཁྱེད་ཀྱང་གྱུར་ལ། ཁྱེད་རང་དེར་མི་འདོད་པའི་ཕྱིར་སྐྱེས་བུ་ཡིན་པའི་ཕྱིར་ཞེས་པའི་རྟགས་རྐུན་མར་སྒྲུབ་པ་ལ་རྟགས་མིན་ནོ། །ཞེས་བརྗོད་ན་སྐྱོན་མེད་དེ། རང་རྐུན་མར་མི་འདོད་པས་རྟགས་མ་ངེས་པར་སྟོན་པའི་ཕྱིར་རོ། །སྐྱེས་བུའི་རྟགས་ལྟར་སྣང་དུ་མ་ཤེས་པར་ཡང་དག་ཏུ་བཟུང་ནས། རང་དེར་ཁས་བླངས་ཏེ་གཞན་ལ་བཀོད་ན་འདོད་པ་ཁས་ལེན་པའི་ཚར་གཅད་ཅི་སྟེ་མིན་ཞེ་ན། དེའི་ཚེ་རང་གི་སྐྱོན་གཞན་ལ་སྦྱོར་བས་ཚར་གཅད་མིན་གྱི། འོན་ཀྱང་རྟགས་སྐྱོན་ཅན་ལ་རྟགས་སྐྱོན་ཅན་དུ་མ་ཤེས་པས་སྐྱོན་མི་བརྗོད་པས་ཚར་གཅད་ཉིད་ཡིན་ནོ། །བརྒལ་བརྟགས་འདོར་བའི་ཚར་གཅད་ནི། ཚར་གཅད་ཐོབ་པ་ལ་མི་གཅོད་པ་ནི་བརྒལ་བརྟགས་འདོར་བ་སྟེ། རྒོལ་བའི་སྒྲུབ་བྱེད་སྐྱོན་ཅན་ནི་བརྒལ་ཞིང་བརྟགས་པ་ཡིན་ལ། དེ་ཚར་མི་གཅོད་པ་ནི་འདོར་བ་སྟེ་ཚར་གཅད་པའོ་ཞེས་ཟེར་རོ། །འདི་ཡང་རྒོལ་བའི་ངག་སྐྱོན་ཅན་ལ་སུན་འབྱིན་མ་ཤེས་པས་རྒོལ་བ་གཉིས་ཀ་སྤོབས་པ་མེད་པའི་ཚར་གཅད་ཀྱི་ནང་དུ་འདུས་སོ། །རྗེས་སུ་སྦྱོར་བ་མེད་པ་ལ་སྦྱོར་བའི་ཚར་གཅད་ནི། གཞན་ཚར་གཅད་པའི་གནས་མིན་པས་ཚར་གཅད་པའི་གནས་སུ་སྦྱར་བར་བྱར་མེད་པ་ལ། གཞན་ཚར་གཅད་དུ་རྗེས་སུ་སྦྱོར་བར་བྱེད་པའང་ཚར་གཅོད་དོ་ཞེས་ཟེར་རོ། །འདི་ཡང་བརྟག་སྟེ། རྒོལ་བས་ཡང་དག་བརྗོད་པ་ལ་ཕྱིར་རྒོལ་གྱིས་ལྟར་སྣང་གི་སྐྱོན་བརྗོད་པ་སྤོབས་པ་མེད་པ་ཉིད་དུ་འདུ་བས་ལོགས་པ་མེད་དོ། །ཡང་ན་ཕྱིར་རྒོལ་གྱིས་སྐྱོན་ཡང་དག་བརྗོད་པ་ལ། རྒོལ་བས་སྐྱོན་ལྟར་སྣང་དུ་སྒྲོ་བཏགས་ནས་ཚར་གཅད་ན། རྟགས་ལྟར་སྣང་བརྗོད་པར་འདུ་བས་ཚར་གཅད་ལོགས་པ་མེད་དོ། །གྲུབ་མཐའ་ཉམས་པའི་ཚར་གཅད་འདི་ཡང་སྒྲུབ་པའི་ཡན་ལག་མི་བརྗོད་པའི་ཁོངས་སུ་འདུས་པ་ཡིན་ནོ། །འདིའི་དོན་ནི། སེར་སྐྱ་པ་སྔ་མའི་གྲུབ་མཐའ་གྲངས་ཅན་གྱིས་ཁས་བླངས་པ། གཞན་གྱིས་དེའི་སྒྲུབ་བྱེད་དྲིས་པ་ན། སྔར་གྱི་གྲུབ་མཐའ་ངེས་པར་བྱེད་པའི་ནུས་པ་མེད་པའི་སྒྲུབ་བྱེད་གཞན་སྨྲ་བ་ནི་གྲུབ་མཐའ་ཉམས་པ་ཞེས་བརྗོད་ལ། དཔེར་ན་གྲངས་ཅན་གྱིས་ཡོད་པ་ནི་འཇིག་པར་མི་འགྱུར་ཏེ། འཇིག་པར་བརྗོད་པའི་དུས་སུའང་སྔར་ཡོད་མི་གསལ་བ་ཙམ་ཡིན་པའི་ཕྱིར། མེད་པ་སྐྱེས་པར་ཡང་མི་འགྱུར་ཏེ། སྐྱེས་པར་བརྗོད་པའི་དུས་སུའང་སྔར་ཡོད་གསལ་བ་ཙམ་ཡིན་པའི་ཕྱིར་ཞེས་སེར་སྐྱའི་གྲུབ་མཐའ་གྲངས་ཅན་གྱིས་ཁས་བླངས་ནས། དེ་སྒྲུབ་པའི་ཕྱིར་དུ་ཤིང་ལ་སོགས་པའི་གསལ་བ་ཆོས་ཅན། གཅིག་གི་བདག་ཉིད་གཙོ་བོ་དང་གཅིག་པ་ཡིན་ཏེ། གཙོ་བོའི་རྣམ་འགྱུར་རྗེས་སུ་འགྲོ་བར་མཐོང་བའི་ཕྱིར། དཔེར་ན་ཁམ་ཕོར་ལ་འཇིམ་པའི་རྣམ་འགྱུར་རྗེས་སུ་འགྲོ་བ་བཞིན་ནོ། །ཞེས་སྨྲས་པ་ལ་ཚིག་འདིས་གཙོ་བོའི་རང་བཞིན་གཅིག་ལ་རྣམ་འགྱུར་དུ་མ་མཐོང་བ་བསྟན་པས་ན། གཙོ་བོའི་སྟེང་དུ་ཡོད་པ་འཇིག་པ་དང་མེད་པ་ཐོབ་པར་ཁས་བླངས་པས་སྔར་གྱི་གྲུབ་མཐའ་ཉམས་པའོ། །དེ་ཁས་མི་ལེན་ན་སྔར་གྱི་གྲུབ་མཐའ་འཇིག་གོ་ཞེས་ཟེར་རོ། །རྐང་མིག་པས་སྐྱོན་བརྗོད་པ་ནི། ཁྱོད་ཀྱིས་སྒྲུབ་བྱེད་སྨོས་པ་དེས་སྔར་ཁས་བླངས་པའི་གྲུབ་མཐའ་ངེས་པར་བྱེད་པའི་ནུས་པ་མེད་པའི་ཚིག་སྦྱོར་བས། འདི་ཡང་སྒྲུབ་པའི་ཡན་ལག་མི་བརྗོད་པའི་ཁོངས་སུ་གཏོགས་པ་ཚར་གཅད་ལོགས་པ་མིན་ནོ། །གཏན་ཚིགས་ལྟར་སྣང་འགོད་པ་ཚར་གཅད་ཀྱི་གནས་ཡིན་ཏེ་དཔེར་ན་ལྟག་ཆོད་དེ་སུན་འབྱིན་ལྟར་སྣང་བརྗོད་པ་ཚར་གཅད་ཀྱི་གནས་ཡིན་པ་བཞིན་ནོ། །ཀུན་ལས་བཏུས་དང་རིགས་བརྟག་ལས་གསུངས་པ་སོ་སོར་བཤད་པ་ལ། ཕྲད་པ་དང་མ་ཕྲད་པ་མཚུངས་པའི་ལྟག་ཆོད་ནི། སྔར་རྒོལ་གྱིས་སྒྲ་མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་བུམ་པ་བཞིན་ཞེས་བཀོད་པ་ན། ཕྱི་རྒོལ་གྱིས་སྨྲས་པ། རྟགས་དང་བསྒྲུབ་བྱ་ཕྲད་ན་རྒྱ་མཚོ་དང་འདྲེས་པའི་ཆུ་ལྟར་གཅིག་དུ་འགྱུར་ལ། མ་ཕྲད་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་གི་གཟུང་བྱ་བཀོད་པ་ལྟར་སྒྲུབ་མི་ནུས་སོ་ཞེས་སོ། །གཏན་ཚིགས་མཚུངས་པའི་ལྟག་ཆོད་ནི། སྔར་བཀོད་པའི་གཏན་ཚིགས་འདི་ལ་བསྒྲུབ་བྱ་ལས་རྟགས་སྔ་ན་བསྒྲུབ་བྱ་མེད་པས་མི་ནུས་ལ། བསྒྲུབ་བྱ་ལས་རྟགས་ཕྱི་ན་གྲུབ་ཟིན་པས་མི་དགོས་སོ། །དུས་མཉམ་ན་རྭ་གཡས་གཡོན་ལྟར་རྟགས་དང་རྟགས་ཅན་མེད་དོ་ཞེས་ཟེར་རོ། །འདི་ནི་ཚུལ་གསུམ་མ་ཤེས་པའི་རྣམ་འགྱུར་ཡིན་པས་སྐྱོན་མིན་པ་སྐྱོན་དུ་བརྗོད་པའི་རྟགས་ཚུལ་གསུམ་མ་ཚང་བ་ལྟར་སྣང་ཡིན་ནོ། །བརྟག་པ་མཚུངས་པའི་ལྟག་ཆོད་ནི། སྒྲ་མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བཀོད་པ་ན། སྒྲ་རྟག་པར་འགྱུར་ཏེ། མི་རྟག་པ་དང་ལྡན་གཞི་དང་ལྡན་ཆོས་སུ་གྱུར་པའི་ཕྱིར། གང་ཟག་དང་ཞྭ་ལྡན་གཞི་དང་ལྡན་ཆོས་སུ་སོང་བས་གང་ཟག་ཞྭ་མིན་པ་བཞིན། འདི་ནི་དམ་བཅའི་སྐྱོན་ལྟར་སྣང་ཡིན་ཏེ། སྔར་མེད་གསར་བྱུང་གི་ངོ་བོ་ལ་མི་རྟག་པར་འདོད་ཀྱི་མི་རྟག་པ་དོན་གཞན་ལྡན་པའི་ཚུལ་དུ་མི་འདོད་པའི་ཕྱིར་རོ། །མ་སྨྲས་པ་དང་མཚུངས་པའི་ལྟག་ཆོད་ནི། སྒྲ་མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བཀོད་པ་ན། སྔར་མི་རྟག་པར་བརྗོད་པའི་དུས་རྩོལ་བ་ལས་བྱུང་བའི་རྟགས་འདི་མེད་པས་རྟག་པར་ཐལ་ལོ་ཞེས་ཟེར་རོ། །འདི་ཡང་མ་གྲུབ་པའི་ལྟར་སྣང་ཡིན་ནོ། །ཡང་ན་ཚུལ་གསུམ་མ་ཚང་བའི་ལྟར་སྣང་ཡིན་ཏེ། བསྒྲུབ་བྱའི་སྔ་རོལ་དུ་མེད་པའི་ཕྱིར་ཞེས་བཀོད་ན་ཁྱབ་པ་མ་ངེས་སོ། །མ་སྐྱེས་པ་མཚུངས་པའི་ལྟག་ཆོད་ནི། སྒྲ་ཆོས་ཅན། མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བཀོད་པ་ན། སྒྲ་སྐྱེ་བའི་སྔ་རོལ་དུ་རྩོལ་བ་ལས་བྱུང་ན་མི་རྟག་པར་འགྱུར་བ་ལས། སྒྲ་སྐྱེ་བའི་སྔ་རོལ་དུ་རྩོལ་བ་ལས་མ་བྱུང་བའི་ཕྱིར་རྟག་པར་འགྱུར་རོ་ཞེས་ཟེར་རོ། །འདི་ལ་དཔྱད་ན་རྟགས་མ་གྲུབ་པའམ་མ་ངེས་པ་ཉིད་དུ་འགྱུར་རོ། །སྒྲ་སྐྱེ་བའི་སྔ་རོལ་དུ་རྩོལ་བྱུང་སྒྲུབ་བྱེད་དུ་སྒྲོ་བཏགས་ན་མ་གྲུབ་པ་ལྟར་སྣང་དུ་འགྱུར་ཞིང༌། སྒྲ་སྐྱེ་བའི་སྔ་རོལ་དུ་རྩོལ་བྱུང་མེད་པས་ཤུགས་ཀྱིས་རྟག་པར་སྒྲོ་འདོགས་ན་དེའི་ཚེ་མ་ངེས་པ་ལྟར་སྣང་ཡིན་ནོ། །འབྲས་བུ་དང་མཚུངས་པའི་ལྟག་ཆོད་ནི། དཔེར་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་བུམ་པ་བཞིན་ཞེས་བརྗོད་པ་ན། སྒྲའི་བྱས་པས་སྒྲ་མི་རྟག་པར་མི་འགྲུབ། བུམ་པའི་བྱས་པ་སྒྲ་ལ་མེད་ཅེས་བརྗོད་པ་ལྟ་བུའོ། །འདི་སྨྲ་བ་པོའི་བརྗོད་འདོད་ཀྱིས་གསུམ་དུ་འགྱུར་ཏེ། བུམ་པའི་འབྲས་བུ་ཉིད་སྒྲ་ལ་མེད་དོ་ཞེས་ཟེར་ན། མ་གྲུབ་པ་ལྟར་སྣང་ངོ༌། །སྒྲའི་འབྲས་བུ་ཉིད་བུམ་པ་ལ་སོགས་པའི་མི་རྟག་པ་རྣམས་ལ་མེད་དོ་ཞེས་ཟེར་ན། འགལ་བ་ལྟར་སྣང་ངོ༌། །བྱས་པའི་རྟགས་འདི་ཉིད་རྟག་པའམ་མི་རྟག་པ་ལ་མེད་དོ་ཞེས་ཟེར་ན་ཐུན་མོང་མིན་པའི་སྐྱོན་ལྟར་སྣང་ཡིན་ཏེ། ཆོས་མཐུན་པས་དཔེར་བྱས་པའི་ཕྱིར་རོ། །ཆོས་མཐུན་པ་དང་མཚུངས་པའི་ལྟག་ཆོད་ནི། ཆོས་མཐུན་པ་དང་མི་མཐུན་པའི་དཔེས་ཆོས་མཐུན་པ་སྦྱོར་བའི་སྒོ་ནས་ལྡོག་པ་སྒྲུབ་པ་སྟེ། དཔེར་ན། སྒྲ་མི་རྟག་ཏེ་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བཀོད་ཅིང༌། ནམ་མཁའ་མི་མཐུན་དཔེར་བྱས་པ་ན། ཕྱིར་རྒོལ་གྱི་ནམ་མཁའ་མཐུན་དཔེར་བྱས་ཏེ། ལུས་ཅན་མིན་པའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པར་བྱེད་པ་དང༌། ཡང་རྩོལ་བ་ལས་བྱུང་བའི་སྒྲ་ཆོས་ཅན། མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར། མཐུན་དཔེ་བུམ་པ་བཞིན། མི་མཐུན་དཔེ་ནམ་མཁའ་བཞིན་ཞེས་པ་ལྟ་བུའོ། །ཆོས་མི་མཐུན་པ་དང་མཚུངས་པའི་ལྟག་ཆོད་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མིག་ཤེས་ཀྱི་གཟུང་བྱ་མིན་པའི་ཕྱིར། མཐུན་དཔེ་བུམ་པ་བཞིན་ཞེས་བཀོད་པ་ན། ཕྱི་རྒོལ་གྱིས་སྒྲ་རྟག་པ་ཡིན་ཏེ། ལུས་ཅན་མིན་པའི་ཕྱིར་མི་མཐུན་དཔེ་བུམ་པ་བཞིན་ནོ་ཞེས་བཀོད་པ་ལྟ་བུའོ། །འདི་གཉིས་ཀ་ཡང་མ་ངེས་པ་ལྟར་སྣང་ཡིན་ལ། དཔེ་ལ་རྗེས་སུ་འགྲོ་ལྡོག་མ་བསྟན་པས་དཔེ་ཡང་ལྟར་སྣང་ཡིན་ནོ། །རྣམ་པར་རྟོག་པ་དང་མཚུངས་པའི་ལྟག་ཆོད་ནི། སྒྲ་ཆོས་ཅན། མི་རྟག་སྟེ་བུམ་པ་དང་ཆོས་མཐུན་པའི་ཕྱིར་ཞེས་བཀོད་པ་ན་མཐུན་དཔེ་བུམ་པ་ནི་སོ་བཏང་བས་ཚོས་པ་ཉིད་དང༌། མིག་གི་གཟུང་བྱ་ཡིན་པའི་སྒོ་ནས་མི་རྟག་པར་འགྱུར་ལ། རྫ་བུམ་གྱི་ཆོས་སོ་མ་ཚོས་པ་དང༌། མཉན་བྱ་ལ་སོགས་པའི་རྟགས་ཀྱི་སྒོ་ནས་ནི་སྒྲ་རྟག་གོ་ཞེས་སྔར་གྱི་བསྒྲུབ་བྱ་ལས་ཕྱིན་ཅི་ལོག་ཏུ་རྟོག་པ་སྟེ། དཔེ་གཞན་ལའང་དེ་བཞིན་དུ་སྦྱར་རོ་ཞེས་ཟེར་རོ། །ཁྱོད་ཀྱི་རྫ་སོ་བཏང་བས་མ་ཚོས་པར་གྱུར་པ་དང༌། མཉན་བྱའི་གཉིས་པོ་འདི་འགལ་བ་དང་མ་ངེས་པ་ལྟར་སྣང་དུ་འགྱུར་རོ། །སུན་འབྱིན་དུ་བྱས་ནས་མ་ཚོས་པ་ཙམ་ཞིག་རྟགས་སུ་བཀོད་པ་དང༌། མཉན་བྱ་རྟགས་སུ་བཀོད་ན་ཐུན་མོང་དང་ཐུན་མོང་མིན་པའི་མ་ངེས་པ་ལྟར་སྣང་དུ་འགྱུར་རོ། །ཁྱད་པར་མེད་པ་དང་མཚུངས་པ་ནི་སྦྱོར་བའི་དབྱེ་བས་གསུམ་སྟེ། སྒྲ་མི་རྟག་པར་སྒྲུབ་པ་ན་བུམ་པ་དཔེར་བྱས་པའི་ཚེ། བུམ་པའི་ཆོས་ཚོས་པ་ལ་སོགས་པ་ཐམས་ཅད་ཀྱང་སྒྲ་ལ་ཐོབ་ལ། སྒྲའི་ཆོས་མཉན་བྱ་ལ་སོགས་པའང་བུམ་པ་ལ་ཐོབ་པས་དེ་ལྟ་ན་ཕན་ཚུན་ཐམས་ཅད་གཅིག་ཏུ་འགྱུར་རོ་ཞེས་ཟེར་རོ། །འདི་རྣམ་རྟོག་མཚུངས་པ་དང་འདྲ་བར་མ་ངེས་པ་ལྟར་སྣང་ཡིན་པས་ལོགས་སུ་མ་མཛད་དོ། །བསྒྲུབ་བྱ་དང་རྟགས་ཁྱད་པར་མེད་པར་འདོད་པའི་ལྟག་ཆོད་ནི། དཔེར་ན་སྒྲ་མི་རྟག་སྟེ་ཡོད་པ་མིན་པའི་ཕྱིར་ཞེས་རྩ་བའི་རྟགས་སུ་བྱས་ནས། དེ་སྒྲུབ་པ་ལ་བསྒྲུབ་བྱ་དང་གཉིས་ཁྱད་མེད་དུ་ཡོད་པ་མིན་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །འདི་ནི་མ་གྲུབ་པའི་རྟགས་སོ། །ལྡོག་པ་དང་ཁྱད་པར་མེད་པ་ནི། རྩོལ་བྱུང་གི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟར་རྟག་པ་ནམ་མཁའི་ཡོན་ཏན་ཡང་སྒྲུབ་པར་ཁྱད་པར་མེད་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པ་ལྟར་ཆོས་གཞན་ཡང་སྒྲུབ་པར་བྱེད་པའི་ཕྱིར་ཞེས་ཟེར་བ་ལྟ་བུ་སྟེ། འདི་ནི་འགལ་བ་ལྟར་སྣང་ངོ༌། །དམིགས་པ་མཚུངས་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་རྟགས་སུ་བཀོད་པའི་ཚེ་ན། ཕྱིར་རྒོལ་གྱིས་རྩོལ་བྱུང་ནི་མི་རྟག་པ་སྒྲུབ་པའི་རྟགས་མིན་ཏེ། རྩོལ་བྱུང་གི་རྟགས་མེད་ཀྱང་མི་རྟག་པ་འགྲུབ་པའི་ཕྱིར། དཔེར་ན་གློག་ལ་སོགས་པ་མི་རྟག་པར་མངོན་སུམ་མམ་རྟགས་གཞན་གྱིས་འགྲུབ་པའི་ཕྱིར་རོ། །ཡང་ཕྱིར་རྒོལ་གྱིས་རྩོལ་བྱུང་ནི་མི་རྟག་པ་སྒྲུབ་པའི་རྟགས་མིན་ཏེ། མི་རྟག་པ་ལ་མ་ཁྱབ་པའི་ཕྱིར་རོ། །ཤིང་སེམས་ལྡན་དུ་སྒྲུབ་པ་ལ་འགལ་བ་རྟགས་སུ་བཀོད་པ་བཞིན་ནོ་ཞེས་ཟེར་རོ། །འདི་ཡང་དཔྱད་ཏེ། མ་ཁྱབ་པའི་ཕྱིར་སྒྲུབ་བྱེད་མིན་པར་བརྗོད་པ་དེ་ཅི། རྩོལ་བྱུང་མི་རྟག་པ་ལ་ཁྱབ་བྱེད་དུ་མེད་པས་སྒྲ་ལ་ཡང་ཁྱབ་བྱེད་དུ་མེད་པར་བརྟགས་ན་མ་གྲུབ་པ་ལྟར་སྣང་ཡིན་ནོ། །རྟགས་གཞན་གྱིས་ཀྱང་མི་རྟག་པ་སྒྲུབ་པའི་ཕྱིར་རྩོལ་བྱུང་འདི་མི་རྟག་པ་སྒྲུབ་པ་ལ་རྟགས་མིན་པར་སྨྲ་བ་ནི་མ་ངེས་པ་ལྟར་སྣང་ཡིན་ནོ། །ཐེ་ཚོམ་མཚུངས་པ་ནི་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་བཀོད་པའི་ཚེ། རྩོལ་བྱུང་ནི་སྔར་ཡོད་གསལ་བ་ཙམ་དང༌། སྔར་མེད་གསར་དུ་སྐྱེ་བ་གཉིས་ཀ་ལ་མཐོང་བས་སྐབས་འདིར་སྔར་ཡོད་གསལ་བའམ་སྔར་མེད་སྐྱེ་བ་ཞེས་ཐེ་ཚོམ་ཟ་བས། རྩོལ་བྱུང་གི་རྟགས་འདིས་སྒྲ་མི་རྟག་པར་སྒྲུབ་མི་ནུས་སོ་ཞེས་ཟེར་རོ། །རྩོལ་བྱུང་སྔར་ཡོད་གསལ་བ་ལ་འཇུག་ན་མ་ངེས་པ་ལྟར་སྣང་ཉིད་དུ་འགྱུར་རོ། །རྩོལ་བྱུང་མི་རྟག་པའི་སྔ་རོལ་དུ་སྐྱེ་བར་སྒྲོ་བཏགས་ནས་མི་རྟག་པ་སྒྲུབ་མི་ནུས་སོ་ཞེས་སུན་འབྱིན་ན། མ་གྲུབ་པ་ལྟར་སྣང་ཡིན་ནོ། །ཡང་ན་རྩོལ་བྱུང་མི་རྟག་པའི་སྔ་རོལ་དུ་སྐྱེ་བར་སྒྲོ་བཏགས་ནས་འབྲས་བུའི་རྟགས་ཡིན་པ་སུན་འབྱིན་ན་མ་གྲུབ་པ་ལྟར་སྣང་ཡིན་ཞེས་བྱའོ། །དོན་གྱིས་གོ་བ་མཚུངས་པའི་ལྟག་ཆོད་ནི། རྩོལ་བ་ལས་བྱུང་བ་མི་རྟག་པར་འདོད་ན། དོན་གྱི་རྩོལ་བ་ལས་མ་བྱུང་བའི་གློག་ལ་སོགས་པ་རྟག་པ་ཡིན་པར་དོན་གྱིས་ཐོབ་ཞེས་ཟེར་རོ། །འདི་ཡང་མ་ངེས་པ་ལྟར་སྣང་ཡིན་ཏེ། རྩོལ་བྱུང་གིས་མི་རྟག་པར་སྒྲུབ་པ་ལ་རྩོལ་བ་ལས་མ་བྱུང་བ་སྒྲ་ལ་ཡོད་པ་སྒྲོ་བཏགས་ནས་སྒྲ་རྟག་པར་རྩོད་ན། དེ་ལ་མ་ངེས་པ་ཉིད་ཡིན་པར་སློབ་དཔོན་བཞེད་དོ། །ཡང་སྒྲ་མི་རྟག་པ་ཁོ་ན་ཡིན་ཏེ་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་སྒྲུབ་པ་ན། སྒྲ་མི་རྟག་པ་ཁོ་ན་ཡིན་ཏེ། རྩོལ་བྱུང་ཁོ་ན་ཡིན་པའི་ཕྱིར་ཞེས་འདོད་ན་ཞེས་མ་སྨྲས་པ་སྨྲས་པར་སྒྲོ་བཏགས་ནས། འོ་ན་གློག་ཀྱང་ཆོས་ཅན། མི་རྟག་པར་ཐལ། རྩོལ་བྱུང་ཁོ་ནར་མེད་པའི་ཕྱིར་ཞེས་རྩོད་ན་མ་ངེས་པ་ལྟར་སྣང་ཡིན་ནོ། །ཐལ་འགྱུར་དང་མཚུངས་པའི་ལྟག་ཆོད་ནི། སྒྲ་ཆོས་ཅན། མི་རྟག་པ་ཁོ་ན་ཡིན་ཏེ། རྩོལ་བྱུང་ཡིན་པའི་ཕྱིར་དཔེར་ན་བུམ་པ་ཁོ་ན་བཞིན་ནོ་ཞེས་བཀོད་པ་ན། ཕྱི་རྒོལ་གྱིས་བུམ་པ་ཁོ་ན་མི་རྟག་པ་སྒྲུབ་པའི་དཔེར་འགོད་པར་བྱེད་ན། འོ་ན་བུམ་པ་ཁོ་ན་མི་རྟག་པར་ཁས་ལེན་དགོས་པར་བསམ་ནས། བུམ་པ་ཁོ་ན་མི་རྟག་པར་སྒྲུབ་པ་ལ་རྟགས་ཅི་ཞིག་ཡོད་ཞེས་དཔེ་མ་གྲུབ་པར་རྩོད་པ་ལྟ་བུའོ། །འདིའི་བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་དཔེ་ལྟར་སྣང་བ་ཡིན་ནོ་ཞེས་རྩོད་པ་དེས་ན་དཔེ་ལྟར་སྣང་ངོ༌། །འདི་དག་ནི་ཀུན་ལས་བཏུས་པ་ལས་བཤད་པའི་ལྟག་ཆོད་ཡིན་ནོ། །རིགས་པ་བརྟགས་པ་ལས་གསུངས་པ་ཕྱོགས་ཙམ་བཤད་ན། འཕེལ་བ་དང་མཚུངས་པའི་ལྟག་ཆོད་ནི། དཔེར་ན། སྒྲ་མི་རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བརྗོད་པ་ལ་བུམ་པ་དང་མཚུངས་པའི་ཕྱིར། གཟུགས་ཅན་དུ་ཐལ་ཞེས་ཟེར་བ་ལྟ་བུའོ། །འགྲིབ་པ་དང་མཚུངས་པའི་ལྟག་ཆོད་ནི། དཔེ་དེ་ཉིད་ལ་སྒྲ་མཉན་བྱ་མིན་ཏེ། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་སྤྲོ་བ་ལྟ་བུའོ། །བརྗོད་པ་དང་མཚུངས་པའི་ལྟག་ཆོད་ནི། དཔེ་སྔ་མ་ལ་རྩོལ་བ་ལས་བྱུང་བའི་ཕྱིར་བུམ་པའང་བསྒྲུབ་བྱར་ཐལ་ཞེས་ཟེར་བ་ལྟ་བུའོ། །མ་བརྗོད་པ་མཚུངས་པའི་ལྟག་ཆོད་ནི། བུམ་པ་བསྒྲུབ་བྱར་མི་འགྱུར་ན་རྒྱུ་མཚན་མཚུངས་པས་སྒྲའང་བསྒྲུབ་བྱ་མིན་པར་ཐལ་ཞེས་ཟེར་བ་ལྟ་བུའོ། །རིགས་པ་མཚུངས་པའི་ལྟག་ཆོད་ནི། རྩོལ་བྱུང་གི་སྒྲ་མི་རྟག་པར་སྒྲུབ་པ་ན་སྒྲ་རྟག་སྟེ་ལུས་ཅན་མིན་པའི་ཕྱིར། ནམ་མཁའ་བཞིན་ཞེས་ཟེར་བ་ལྟ་བུའོ། །སོ་སོའི་དཔེ་དང་མཚུངས་པའི་ལྟག་ཆོད་ནི། སྒྲ་མི་རྟག་སྟེ་ཤེས་བྱ་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པ་ན། དཔེ་ནམ་མཁའ་བཀོད་ན་རྟག་པར་འགྱུར་རོ་ཞེས་ཟེར་བ་ལྟ་བུའོ། །བསྒྲུབ་བྱ་དང་མཚུངས་པའི་ལྟག་ཆོད་ནི། སྒྲ་མི་རྟག་སྟེ་ཞེས་ཡན་ལག་ལྔ་ལྡན་བཀོད་པ་ན་དཔེ་བུམ་པའང་ཡན་ལག་ལྔ་ལྡན་འགོད་དགོས་ཞེས་ཟེར་བའོ། །འགའ་ཞིག་ཆོས་ཅན་ལ་བསྒྲུབ་བྱའི་ཆོས་སྦྱོར་བ་ལྟར་མ་གྲུབ་པའི་རྟགས་གཞན་སྦྱོར་བ་སྟེ། དཔེར་ན་སྒྲ་མི་རྟག་སྟེ། མིག་གི་གཟུང་བྱ་ཡིན་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ་ཞེས་ཟེར་རོ། །མི་རྟག་པ་དང་མཚུངས་པའི་ལྟག་ཆོད་ནི། སྒྲ་མི་རྟག་སྟེ་བུམ་པ་བཞིན་ཞེས་བཀོད་པ་ན། སྒྲའི་ཆོས་ཐམས་ཅད་ཆོས་ཅན་དུ་ཅི་སྟེ་མི་འཇོག་ཅེས་ཟེར་བ་ལྟ་བུའོ། །དེ་དག་ཅི་རིགས་པར་གཏན་ཚིགས་ལྟར་སྣང་བ་དག་གི་ནང་དུ་འདུ་བར་ཤེས་པར་ཟད་པས་སོ་སོའི་དགག་པ་ཡི་གེ་མང་གི་དོགས་པས་མ་བཀོད་དོ། །རབ་བྱེད་དང་མཚུངས་པ་ལ་སྔ་རབས་པ་ནི། སྒྲ་མི་རྟག་སྟེ། རྩོལ་བ་ལས་བྱུང་བའི་ཕྱིར་བུམ་པ་བཞིན་ཞེས་བཀོད་པ་ན། དེ་ལྟ་ན་སྒྲ་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། སྒྲ་ཉིད་བཞིན་ཞེས་ཟེར་བ་མ་ངེས་པར་འདུས་ལ། ཕྱོགས་གཅིག་ལ་བྱེད་པས་རབ་ཏུ་བྱེད་པའི་ལྟག་ཆོད་ནི། དཔེར་ན། འབྱུང་བ་ལྔ་པོ་མི་རྟག་ཏེ། དྲི་དང་ལྡན་པའི་ཕྱིར་རོ་ཞེས་བཀོད་པ་ན། ཕྱོགས་གཅིག་རླུང་དང་ནམ་མཁའ་ལ་མ་གྲུབ་པས། ཕྱོགས་གཅིག་ས་ལའང་སྒྲུབ་མི་ནུས་པ་ལྟར། ཕྱོགས་གཅིག་ལ་མ་གྲུབ་པས་སྒྲུབ་མི་ནུས་པ་ལྟར། གཅིག་ལའང་སྒྲུབ་པར་མི་ནུས་པར་མཚུངས་པས་རབ་བྱེད་དང་མཚུངས་པ་ཞེས་ཟེར་བའང་མ་གྲུབ་པར་འདུའོ། །དུས་ལས་འདས་པ་ཡང་རིགས་པ་ཅན་རྒན་པོའི་ལུགས་ཕྱོགས་ཀྱི་གླང་པོས་བཀག་པ་ལ། ཕྱིས་པད་ཚའི་བུ་ལ་སོགས་པ་ན་རེ། དུས་ལས་བརྒལ་ཏེ་ཡུལ་གཞན་དུ་སྦྱོར་བ་སྟེ། དཔེར་ན། སྒྲ་རྟག་སྟེ། སྐྱེས་བུའི་སྦྱོར་བ་ལས་གསར་དུ་གསལ་བའི་ཕྱིར་གཟུགས་བཞིན་ཞེས་བྱ་བ་ལ། གཟུགས་ཀྱི་སྔ་རོལ་ནས་ཡོད་ཀྱང༌། བུམ་པ་དང་སྣང་བ་སྦྱར་བ་ལས་གསར་དུ་གསལ་བར་བྱ་བ་བཞིན་ནོ། །སྒྲ་ཡང་སྔར་ཡོད་པ་ལས། རྔ་དང་དབྱུག་གུ་ལ་སོགས་པ་སྦྱར་བ་ལས་གསར་དུ་གསལ་བའི་ཕྱིར་སྒྲ་རྟག་གོ་ཞེས་དཔྱོད་པ་བ་ཟེར་བ་ལ། རིགས་པ་ཅན་པ་ན་རེ། དེ་ནི་དུས་ལས་འདས་པའི་ཚར་གཅད་ཡིན་ནོ་ཞེས་ཟེར་རོ། །འདི་ལྟར་གཟུགས་དང་སྒྲོན་མ་ཇི་སྲིད་སྦྱར་བའི་བར་དུ་མཐོང་བས། གསལ་བྱ་གསལ་བྱེད་དུ་དུས་མཉམ་པ་འཐད་ཀྱི། རྔ་དང་དབྱུག་གུ་ལ་སོགས་པ་ཕྲད་ཙམ་ཉིད་ན་སྒྲ་མེད་ཀྱི་རྔ་དང་དབྱུག་གུ་བྲལ་བ་ན། རྒྱང་རིང་པོར་གྲགས་པས་དུས་མི་མཚུངས་པས། དུས་ལས་འདས་པ་རྒྱུ་མེད་པའི་འབྲས་བུ་ཡིན་ནོ་ཞེས་ཟེར་རོ། །ལུགས་དེ་སངས་རྒྱས་པ་ལ་ནི། དུས་ལས་འདས་པ་མ་ཡིན་གྱི་མ་གྲུབ་པར་འདུས་སོ། །རབ་བྱེད་དང་མཚུངས་པ་དང༌། དུས་ལས་འདས་པ་མཚུངས་པའི་དབྱེ་བ་མང་པོ་ཞིག་ཡོད་མོད་ཀྱི་ཡི་གེ་མང་གི་དོགས་པས་མ་བྲིས་སོ། །དེ་དག་གིས་མཚོན་ནས་ལྟག་ཆོད་ཐམས་ཅད་དཔྱིས་ཕྱིན་པར་ཁེགས་སོ། ལྟག་ཆོད་འདི་དག་མ་ཤེས་ན། །གཞུང་ལུགས་ཆེན་པོ་འཆད་པ་ཡི། །ཕྱོགས་སྔ་ཕལ་ཆེར་མི་རྟོགས་པས། །ཕྱོགས་ཙམ་ཕྱེ་སྟེ་བཤད་པ་ཡིན། །གསུམ་པ་རྩོད་པའི་སྐབས་ཀྱི་གང་ཟག་གི་དབྱེ་བ་ལ་གསུམ། གང་ཟག་དང༌། དགོས་པ་དང༌། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། གང་ཟག་གསུམ་ལ་བརྗོད་ཚུལ་དྲུག དེའང་རྒོལ་བས་དོན་གྱི་དངོས་པོ་འཇོག་པ་དང༌། སྐྱོན་སྤོང་གི་ངག་གཉིས་དང༌། ཕྱིར་རྒོལ་གྱིས་འདོད་པ་འདྲི་བ་དང༌། སྐྱོན་བརྗོད་པའི་ངག་གཉིས་དང༌། དཔང་པོས་རྗེས་སུ་བརྗོད་པ་དང༌། རྣམ་པར་དབྱེ་བའི་ངག་སྟེ་དྲུག་གོ །གཉིས་པ་དགོས་པའི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། སྒྲུབ་པ་དང་སུན་འབྱིན་པའི་ངག་གོ །དང་པོ་ལའང་གཉིས་ཏེ། སྒྲུབ་པ་ཡང་དག་དང་ལྟར་སྣང་ངོ༌། །ཡང་དག་ལའང་གསུམ་ལས་མཚན་ཉིད་ནི། ཚུལ་གསུམ་སྟོན་པའི་སྒྲུབ་པའི་ངག་ཅེས་བྱ་བ་ཡིན་ཏེ། ཕྱོགས་ཀྱི་གླང་པོས། ཚུལ་གསུམ་པ་སྟོན་པར་བྱེད་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་ཞེས་པ་ལྟར་རོ། །གལ་ཏེ་ཚུལ་གསུམ་པའི་ངག་བསྟན་ནས་ཕྱིར་རྒོལ་ལ་རྗེས་དཔག་མ་སྐྱེས་ན་མུ་སྟེགས་འགའ་ཞིག་རྒོལ་བ་ཚར་གཅད་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟ་བུའི་སྐབས་གཉིས་ཀ་ལ་ཕམ་རྒྱལ་གྱི་རྣམ་གཞག་མེད་པར་རྩོད་པའི་རིགས་པར་གསུངས་སོ། །སྒྲུབ་པའི་ངག་དེའང་ཕ་རོལ་གྱིས་མ་རྟོགས་པ་རྟོགས་པར་བྱེད་པའམ་རེས་འཇོག་གིས་རྟོགས་ཀྱང་གཞི་མཐུན་དུ་མ་དྲན་པ་དྲན་པར་བྱེད་པའི་ངག་ཡིན་ནོ། །གཉིས་པ་ངག་དགོད་ཚུལ་ལ་གསུམ་ལས། མི་འཐད་པའི་ལུགས་དགག་པ་ལ་གཉིས་ཀྱི་དང་པོ་སྔ་རབས་པའི་ལུགས་དགག་ན། ཡན་ལག་ལྔ་ལྡན་དུ་སྦྱོར་ཏེ། ལ་ལ་མེ་ཡོད་དེ་ཞེས་དམ་བཅའ་བརྗོད་པའི་ཡན་ལག དུ་བ་ཡོད་པའི་ཕྱིར་ཞེས་རྟགས་སྟོན་པའི་ཡན་ལག ཚང་མང་བཞིན་ནོ་ཞེས་དཔེ་བརྗོད་པའི་ཡན་ལག ཚང་མང་ན་དུ་བ་ཡོད་པས་མེ་ཡོད་པ་བཞིན་དུ་ལ་ལའང་དུ་བ་ཡོད་པས་མེ་ཡོད་ཅེས་ཆོས་ཅན་ལ་རྟགས་ཉེ་བར་སྦྱོར་བའི་ཡན་ལག དེའི་ཕྱིར་ལ་ལ་མེ་ཡོད་ཅེས་འཇུག་སྡུད་ཀྱི་ཡན་ལག་སྟེ་ལྔ་ལས། དམ་བཅའ་ཉེར་སྦྱོར་མཇུག་སྡུད་གསུམ་ལྷག་ལ་སྤྱི་ཁྱབ་བརྗོད་པ་མ་ཚང་བའི་ཕྱིར་མི་འཐད་དོ། །གཉིས་པ་གངས་ཅན་པའི་ལུགས་འགོག་པ་ནི། བོད་ཁ་ཅིག་ཡན་ལག་གཉིས་ལྡན་ལའང་རྣམ་དབྱེ་གསུམ་པ་སྦྱོར་ཏེ། དཔེར་ན། ལ་ལ་དུ་བ་ཡོད་པས་ཞེས་པ་ལྟ་བུ་དང༌། ཁ་ཅིག་ལྔ་པ་སྦྱོར་ཏེ། དུ་བ་ཡོད་པའི་ཕྱིར་ཞེས་སྦྱོར་བ་མི་རིགས་ཏེ། དེ་ལྟ་བུའི་ངག་འཕྲོ་ཅན་དེས་དངོས་སུ་དམ་བཅའ་འདྲེན་ཏེ། དུ་བ་ཡོད་པས་མེ་ཡོད་ཅེས་པ་ལྟ་བུའོ། །གལ་ཏེ་དམ་བཅའ་དངོས་སུ་མ་བརྗོད་ན། ངག་གིས་དངོས་ཀྱི་བརྗོད་བྱ་སྟོན་པའི་ནུས་པ་མ་རྫོགས་པས་དུ་བ་ཡོད་པས་ཅིར་འགྱུར་ཞེས་དྲི་དགོས་པར་འགྱུར་ཏེ། ཟན་ཟ་བས་ཞེས་བརྗོད་ན་ཟ་བས་ཅི་ཡིན་ཞེས་དྲི་དགོས་པ་བཞིན་ནོ། །ཤུགས་ལ་དམ་བཅའ་བརྗོད་པ་སྐྱོན་མིན་ནོ། །གཉིས་པ་རང་ལུགས་ལ་གཉིས་ལས། དང་པོ་མི་མཁས་པ་ལ་སྦྱོར་ཚུལ་ནི། བླུན་པོ་ལ་ནི་ཚིག་ཉུང་ལ་དོན་རྒྱས་པར་སྦྱར་ཏེ། གང་བྱས་ན་མི་རྟག་སྟེ་བུམ་པ་བཞིན་ཞེས་ཁྱབ་པ་བརྗོད་པ་དང༌། སྒྲའང་བྱས་སོ་ཞེས་ཕྱོགས་ཆོས་བརྗོད་པ་སྟེ་ཡན་ལག་གཉིས་ལྡན་དུ་སྦྱར་རོ། །དེ་ནི་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་སྟེ། དཔེ་དང་རྩོད་གཞི་རྟགས་ཆོས་གཉིས་ཀྱི་མཐུན་པ་བརྗོད་བྱར་ཡོད་པས་སོ། །མི་མཐུན་པ་ཉིད་ཅན་ལའང་སྦྱར་ཏེ། ཆོས་མཐུན་པ་ཉིད་ཅན་ལ་ནི་སྡུད་པའི་ཚིག་སྨྲའང་ཞེས་པ་དང༌། ལ་ལའང་ཞེས་སྦྱར་རོ། །མི་མཐུན་པ་ཉིད་ལ་ནི་འབྱེད་པའི་ཚིག སྒྲ་ནི་ཞེས་པ་དང༌། ལ་ལ་ནི་དུ་བ་ཡོད་དོ་ཞེས་སྦྱར་རོ། །ཕྱོགས་ཆོས་ཁྱབ་པ་གཉིས་པོ་སྔ་ཕྱི་གང་ལྟར་བརྗོད་ཀྱང་ཁྱད་པར་མེད་ལ། གང་ལྟར་ཡང་མཐའ་རྟེན་རྫོགས་པའི་ཚིག་ཏུ་སྦྱར་དགོས་ཏེ། བྱས་སོ་ཞེས་པའམ། བུམ་པ་བཞིན་ནོ་ཞེས་སྦྱར་རོ། །གཉིས་པ་མཁས་པ་ལ་སྦྱར་ཚུལ་ནི། བྱས་མི་རྟག་གམ་མེ་དུའི་འབྲེལ་པ་ལ་མཁས་པའི་གང་ཟག་ལ། ཁྱབ་པ་བརྗོད་མི་དགོས་ཀྱི། སྒྲ་ཡང་བྱས་སོ་ཞེས་སམ། ལ་ལའང་དུ་བ་ཡོད་དོ་ཞེས་གཏན་ཚིགས་ཉིད་བརྗོད་པས་གྲུབ་ལ། དེ་བཞིན་དུ་ཕྱོགས་ཆོས་ངེས་ན་ཁྱབ་པ་རྐྱང་པ་བརྗོད་པའང་དོན་གྱིས་རིག་པར་བྱ་ལ། རྩོད་པའི་སྐབས་སུ་ཐམས་ཅད་ངག་ཚང་བར་སྦྱར་དགོས་ཏེ། དེ་ལྟ་མིན་ན་ཀླན་ཀར་འགྱུར་བའི་ཕྱིར་རོ། །དེའང་རྟགས་བསྟན་བྱའི་ཡུལ་ནི། ཕྱིར་རྒོལ་ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་དྲན་རུང་མེད་པ་ལ་རྟགས་བསྟན་ཀྱང་རྗེས་དཔག་སྐྱེ་བའི་ནུས་པ་མེད་པས། ཚུལ་གསུམ་ཚོགས་པའམ་གང་རུང་མ་ཤེས་དྲན་རུང་དུ་ཡོད་པའི་ངོར་སྟོན་པ་ཡིན་ནོ། །གསུམ་པ་རྩོད་སྤང་ནི། ཀུན་ལས་བཏུས་ལས། རང་ལས་ངེས་བཞིན་གཞན་དག་ལ། །ངེས་པར་བསྐྱེད་པར་འདོད་པ་ཡིས། །ཕྱོགས་ཆོས་དང་ནི་འབྲེལ་པ་དང༌། བསྒྲུབ་བྱའང་བརྗོད་བྱ་གཞན་རྣམས་སྤང༌། ཞེས་ཕྱོགས་ཆོས་དང་ནི་འབྲེལ་བ་དང་ཞེས་ཚིག་སྡུད་དང་བསྒྲུབ་བྱའང་བརྗོད་པར་བྱ་ཞེས་ཟླར་དབྱེ་བཤད་ནས་བསྒྲུབ་བྱ་བརྗོད་དགོས་ཞེས་ཟེར་ན། སྐྱོན་མེད་དེ། འབྲེལ་པའི་བསྒྲུབ་བྱ་ཞེས་རྣམ་དབྱེ་གསུམ་པ་དེའི་སྐྱེས་བུའི་བསྡུ་བར་འཆད་པས་འགལ་བ་མེད་པས། ཡང་བསྒྲུབ་བྱ་བཏགས་པ་བ་ཆོས་དང་ཆོས་ཅན་རྐྱང་པ་ལ་དགོངས་པས་མི་འགལ་ལོ་ཞེས་གསུངས་པའི་དོན་ནོ། །གཉིས་པ་སྒྲུབ་པ་ལྟར་སྣང་ལ་གཉིས་ལས། མཚན་ཉིད་ནི། སྒྲུབ་བྱེད་དུ་བཀོད་པ་གང་ཞིག རང་གི་བསྒྲུབ་བྱ་སྒྲུབ་མི་ནུས་ཤིང་སུན་འབྱིན་ཡང་དག་འཇུག་པའི་ཡུལ་ཞེས་པ་སྒྲུབ་པ་ལྟར་སྣང་གི་མཚན་ཉིད་དོ། །སྒྲུབ་ངག་ལྟར་སྣང་གི་ངག་གང་ཞིག ཚུལ་གསུམ་མི་སྟོན་ཡང་སྒྲུབ་ངག་ཏུ་བརྗོད་པ་ཅེས་པའོ། །གཉིས་པ་དབྱེ་བ་ལ་ཚུལ་གསུམ་ཚང་མི་སྲིད་པ་བརྗོད་ན་དོན་དང༌། དོན་ལ་ཚང་ཡང་ཚུལ་གསུམ་བློས་མ་ངེས་པ་བློ་དང༌། ཆད་ལྷག་ནོར་བ་སྒྲ་སྐྱོན་ཅན་ཏེ། སྒྲུབ་པ་ལྟར་སྣང་དེ་ནི་རྣམ་པ་གསུམ་མོ། །གཉིས་པ་སུན་འབྱིན་ལའང༌། ཡང་དག་དང་ལྟར་སྣང་ངོ༌། །དང་པོ་ལ་གསུམ་ལས། མཚན་ཉིད་ནི། སྒྲུབ་པ་ལྟར་སྣང་གི་སྐྱོན་ལ་སྐྱོན་དུ་བརྗོད་པས་ལོག་རྟོག་སེལ་བྱེད་དོ་ཞེས་པའོ། །གཉིས་པ་ཡུལ་གྱིས་དབྱེ་ན། མཚན་ཉིད་དང་རྟགས་དང་བསྒྲུབ་བྱའི་སྐྱོན་བརྗོད་པ་གསུམ། ངོ་བོས་དབྱེ་ན། དོན་དང་བློ་དང་སྒྲའི་སྐྱོན་བརྗོད་པ་གསུམ་སྟེ། དྲུག་ཆར་སྒྲུབ་བྱེད་ཀྱི་སྐྱོན་འབའ་ཞིག་ཏུ་འདུས་སོ། །བརྗོད་ཚུལ་གྱིས་དབྱེ་ན། རྣལ་མ་དང་ཐལ་མར་བརྗོད་པ་གཉིས་ཏེ་སྤྱི་རིགས་ནས་རྣམ་པ་གསུམ་མོ། །གཉིས་པ་ལའང་གཉིས་ལས། མཚན་ཉིད་ནི། སུན་འབྱིན་དུ་བཀོད་པ་གང་ཞིག སྐྱོན་མིན་པ་སྐྱོན་དུ་བརྗོད་པའོ། །དེ་ཡང་སྐྱོན་མི་བརྗོད་པ་ཉིད་དོ། །གཉིས་པ་དབྱེ་བ་ལ་མུ་སྟེགས་བྱེད་དང་བོད་འགའ་ཞིག སུན་འབྱིན་གྱི་གསལ་བའི་དབྱེ་བ་ལ་གྲངས་ངེས་བྱེད་མོད། འདི་མི་འཐད་དེ། གསལ་བའི་དབྱེ་བ་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། ལོག་པའི་ལན་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་སོ། །དེས་ན་སུན་འབྱིན་ལྟར་སྣང་ལ་སྤྱི་རིགས་ནས་གཉིས་སུ་དབྱེ་སྟེ། སུན་འབྱིན་དུ་བཀོད་པ་གང་ཞིག སྐྱོན་མི་བརྗོད་པ་དང༌། སྐྱོན་མིན་བརྗོད་པའོ། །གསལ་བའི་དབྱེ་བ་བསམ་གྱིས་མི་ཁྱབ་བོ། །གཉིས་པ་བརྗོད་ཚུལ་གྱི་སྒོ་ནས་དབྱེ་ན། བརྗོད་པའི་ཚུལ་ལས་རང་རྒྱུད་ནི་རང་དོན་དུ་བཤད་ཟིན་ལ། ཐལ་འགྱུར་བཤད་པ་ལ་ཐལ་འགྱུར་གྱི་རྣམ་གཞག་དང༌། ལན་འདེབས་ཚུལ་ལོ། །དང་པོ་ལ་གསུམ་ལས། གཞན་ལུགས་དགག་པ་ལ་གཉིས་ལས། ཕྱོགས་སྔ་མ་བརྗོད་ན། གངས་ཅན་པ་དག་ཐལ་བ་དགོད་ཚུལ་ལ་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ། རྟགས་གཅིག་པུ་མ་གྲུབ་པ་དང༌། ཁྱབ་པ་གཅིག་པུ་མ་གྲུབ་པ། གཉིས་ཀ་གྲུབ་པ་སྟེ་བཞིའོ། །དེ་ལ་དང་པོ་ནི། སངས་རྒྱས་པ་ལ་སྒྲ་རྟག་པའི་ཕྱིར་གཞལ་བྱ་མིན་པར་ཐལ་བ་དང༌། སྒྲ་རྟག་པའི་ཕྱིར་མ་བྱས་པར་ཐལ་བ་དང༌། སྒྲ་གཞལ་བྱ་ཡིན་པའི་ཕྱིར་རྟག་པར་ཐལ་ཞེས་བརྗོད་ན། རིམ་པ་ལྟར་རྟག་ཁྱབ་གཉིས་ཀ་དང༌། རྟགས་གཅིག་པུ་དང༌། ཁྱབ་པ་རྐྱང་པ་ཚད་མས་ཀྱང་མ་གྲུབ་ཅིང་ཁས་ཀྱང་མ་བླངས་པ་ལྟ་བུའོ། །བཞི་པ་ལ་བཞི་སྟེ། རྟགས་ཁྱབ་གཉིས་ཀ་ཚད་མ། གཉིས་ཀ་ཁས་བླངས། རྟགས་ཚད་མ་ཁྱབ་པ་ཁས་བླངས། རྟགས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་པ་སྟེ་བཞིའོ། །དང་པོ་ནི། སངས་རྒྱས་པ་ལ། སྒྲ་བྱས་པའི་ཕྱིར་མི་རྟག་པར་ཐལ་ཅེས་པ་ལྟ་བུ་ལ་བསལ་བ་མེད་པས་ལྟར་སྣང་དང༌། སྒྲ་རྟག་པར་ཁས་ལེན་པ་ལ་དེ་ལྟར་བརྗོད་ན་ཡང་དག་སྟེ་ཐལ་བ་གཉིས་སོ། །གཉིས་པ་ནི། སྒྲ་མིག་གི་གཟུང་བྱ་དང་དེ་ལ་རྟག་པས་ཁྱབ་པར་སྨྲ་བ་ལ། སྒྲ་རྟག་པར་ཐལ། མིག་གི་གཟུང་བྱ་ཡིན་པའི་ཕྱིར་ཞེས་པ་ལ་སྒྲ་མི་རྟག་པར་ཚད་མས་གྲུབ་པར་ཁས་བླངས་པ་ན་ཚད་མ་དང་ཁས་བླངས་ཀྱི་བསལ་བ་ཡོད་པས་ཡང་དག་གཉིས་དང༌། དེ་གཉིས་ཀ་མེད་ན་བསལ་བ་ཡེ་མེད་པས་ལྟར་སྣང་སྟེ་དེ་ལྟར་བརྒྱད་དང༌། གསུམ་པ་ནི། བྱས་པ་ལ་རྟག་པས་ཁྱབ་པར་སྨྲ་བ་ལ། སྒྲ་བྱས་པའི་ཕྱིར་རྟག་པར་ཐལ་ཞེས་པ་ལ་བསལ་བ་ཡོད་མེད་སྔ་མ་ལྟར་ཕྱེ་བས་གསུམ་སྟེ་དེ་ལྟར་བཅུ་གཅིག་དང༌། བཞི་པ་ནི། སྒྲ་རྟག་པར་སྨྲ་བ་ལ་སྒྲ་རྟག་པའི་ཕྱིར་མ་བྱས་པར་ཐལ་ཞེས་པ་ལ་བསལ་བ་ཡོད་མེད་སྔ་མ་ལྟར་ཕྱེ་བས་གསུམ་སྟེ་དེ་ལྟར་བཅུ་བཞིར་འདོད་ལ། དེ་དག་ལ་ཡང་དག་དང་ལྟར་སྣང་དུ་དབྱེ་ན་ལན་གྱིས་བཟློག་པར་ནུས་པ་བདུན་ལྟར་སྣང༌། མི་ནུས་པ་བདུན་ཡང་དག་གོ །ལན་གྱིས་བཟློག་ནུས་མི་ནུས་ནི། དཔེར་བརྗོད་ཀྱི་གནད་ཀྱིས་གོ་སླའོ། །ཡང་དག་ལ་སྒྲུབ་བྱེད་འཕེན་པ་ཙམ་དང་མི་འཕེན་པ་ཙམ་དུ་འབྱེད་ན། ཐལ་འགྱུར་ཡང་དག་རྟགས་ཁྱབ་ཚད་མས་གྲུབ་པ་ལ་སོགས་པ་དྲུག་དང་བདུན་པའི་ཕྱེད་རྟག་པའི་སྒྲ་བྱས་པར་ཁས་ལེན་པ་ལ་བྱས་པའི་ཕྱིར་མི་རྟག་པར་ཐལ། ཞེས་པ་ལྟ་བུ་གཞི་ཆོས་ཅན་མ་གྲུབ་པའི་ཐལ་འགྱུར་གྱིས་སྒྲུབ་བྱེད་མི་འཕེན་ལ་བདུན་པའི་ཕྱེད་ཆོས་ཅན་གྲུབ་པས་འཕེན་ཏེ། བཟློག་ན་ཚུལ་གསུམ་ཚང་བའི་ཕྱིར་ཞེས་ཟེར་རོ། །གཉིས་པ་དེ་དགག་ན། ཐལ་འགྱུར་ལ་ཅི་རིགས་བཞིར་ངེས་ན། རང་རྒྱུད་ལའང་བཞིར་ཅི་སྟེ་མི་འབྱེད། དེ་མི་དགོས་ཏེ། ཡང་དག་ལྟར་སྣང་གཉིས་སུ་ངེས་པས་སོ་ཞེ་ན་ཐལ་འགྱུར་ལ་ཡང་མཚུངས་སོ། །རྟགས་མེད་ན། དེས་ན་ལན་ཐེབས་པས་ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་འགལ་བའི་ཕྱིར་དང༌། ཡང་ན་རྟགས་ཤེས་བྱ་ལ་མེད་ན་རྣལ་མའི་ཁྱབ་པ་གྲུབ་པ་འགལ་ཞེས་སྦྱར་ཡང་འཚལ་ལོ། །དེ་ལྟར་འབྱེད་ན་ལྟག་ཆོད་ལྟར་གྲངས་ངེས་པ་མི་རུང་བས་ཐལ་འགྱུར་སྤྱིར་བཞིར་དབྱེ་བ་མི་འཐད་དོ། །ཡང་མ་གྲུབ་པ་ལ་རྟགས་འབའ་ཞིག་མ་གྲུབ་པ་དང༌། རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་གཉིས་སུ་ཕྱེ་བའི་ཕྱི་མ་ལྷག་སྟེ། རྟགས་མ་གྲུབ་ནས་ཁྱབ་པ་གྲུབ་མ་གྲུབ་དཔྱོད་པ་ལ་དགོས་ནུས་མེད་པས་སོ། །དེ་ལྟ་མིན་ན་རང་རྒྱུད་ལྟར་སྣང་ལའང་རྟགས་རྐྱང་མ་གྲུབ་པ་དང༌། ཕྱོགས་ཆོས་དང༌། ཁྱབ་པ་གཉིས་ཀ་མ་གྲུབ་པ་གཉིས་སུ་ཕྱེ་བས་བཞི་ཡིན་ཞེས་ཅི་ཕྱིར་མི་མཚུངས། སྒྲ་བྱས་པའི་ཕྱིར་རྟག་པར་ཐལ་ཞེས་པའི་འགལ་བའི་ཐལ་འགྱུར་ལྟར་སྣང་ཆད་ལ། རྟགས་ཤེས་བྱ་ལ་མེད་པ་ལ་རྣལ་ཁྱབ་སྒྲུབ་པ་འཁྲུལ་བའི་ཕྱིར་རོ་ཐལ་འགྱུར་བཅུ་བཞིར་གྲངས་ངེས་པར་འདོད་པ་ནི་འཐད་པ་མ་ཡིན་ནོ། །འོ་ན་སྒྲ་རྟག་པར་ཁས་ལེན་པ་ལ། སྒྲ་ཆོས་ཅན། སྒྲ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། ཅེས་པ་བཞི་པོ་གང་ཡང་མིན་ནོ། །རེ་ཤིག་རྟགས་རྐྱང་པ་མ་གྲུབ་པ་ཡིན་ཟེར་ན། དེ་ལ་རྟགས་མ་གྲུབ་པའི་ལན་གདབ་ཏུ་རུང་བར་ཐལ། འདོད་ན། སྒྲ་སྒྲ་ཡིན་པར་འདོད་པ་ཉམས་སོ། །རྟགས་ཁས་བླངས་པར་ཡང་རུང་ལ། སྒྲ་སྒྲ་མིན་དུ་དམ་བཅས་པ་ལ་ཚད་མས་བསལ་བ་འཇུག་མི་སྲིད་པར་ཐལ་ལོ། །འོ་ན་སྒྲ་ཆོས་ཅན་མི་རྟག་ཏེ་སྒྲ་ཡིན་པའི་ཕྱིར་ཞེས་པའི་རང་རྒྱུད་ཀྱང་རྟགས་གྲུབ་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ་རང་རྒྱུད་ཀྱི་ཕྱོགས་ཆོས་སྐྱོན་མེད་ཚད་མའམ་ཚད་མའི་བྱེད་ཆོས་འགྲུབ་པ་ལ་ལྟོས་ལ། འདི་ཁས་བླངས་པས་རྟགས་ཀྱི་གོ་ཆོད་པའི་ཕྱིར། རྟགས་དང་ཁྱབ་པ་གཉིས་པ་འགྲུབ་པ་ཡིན་ན་འདི་ཐལ་འགྱུར་ཡང་དག་ཏུ་ཐལ་ལོ། །ཡང་སྐལ་དོན་ཤ་ཟའི་བུམ་པ་བུམ་པར་ཁས་ལེན་པ་ལ། ཤ་ཟའི་བུམ་པ་ཆོས་ཅན་མི་རྟག་པར་ཐལ། བུམ་པ་ཡིན་པའི་ཕྱིར་ཅེས་བཀོད་ན་བཞི་པོ་གང་ཡིན། ཡང་སྒྲ་བྱས་ཤིང་མི་རྟག་པར་ཚད་མས་གྲུབ་ཅིང་ཁས་མ་བླངས་ན། སྒྲ་རྟག་པར་ཐལ། མིག་གི་གཟུང་བྱ་ཡིན་པའི་ཕྱིར། རྟག་པར་ཐལ། བྱས་པའི་ཕྱིར། རྟག་པའི་ཕྱིར། མ་བྱས་པར་ཐལ། ཞེས་པ་བཀོད་པའི་ཐལ་འགྱུར་གསུམ་པོ་འདི་ཆོས་ཅན། འདོད་ལན་གདབ་ཏུ་རུང་བར་ཐལ་ལོ། །བསལ་བ་ཡེ་མེད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །སྒྲ་བདེན་དངོས་སྨྲ་བ་ལ། སྒྲ་ཆོས་ཅན། སྒྲ་མིན་དུ་ཐལ། བདེན་དངོས་ཡིན་པའི་ཕྱིར་ཞེས་པ་བཞི་པོ་གང་ཡིན་དཔྱོད་ཅིག རྟགས་མ་གྲུབ་པ་ཐམས་ཅད་མ་གྲུབ་པ་ཉིད་དུ་འདུས་པས་དེ་བཞིའི་ནང་ནས་རྟགས་ཁྱབ་གཉིས་ཀ་མ་གྲུབ་པ་ཞེས་གཉིས་སུ་ཕྱེ་བ་ལྷག་གོ །དེ་ལྟ་མིན་ན་རང་རྒྱུད་ལྟར་སྣང་ལའང༌། རྟགས་རྐྱང་མ་གྲུབ་པ་དང༌། ཕྱོགས་ཁྱབ་གཉིས་ཀ་མ་གྲུབ་པ་གཉིས་སུ་ཕྱེ་བས་བཞི་ཡིན་ནོ་ཞེས་ཅིའི་ཕྱིར་མི་མཚུངས། གཉིས་པ་རང་གི་ལུགས་རྣམ་པར་གཞག་པ་ལ། ཐལ་འགྱུར་ཡང་དག་དང་ལྟར་སྣང་ངོ༌། །དང་པོ་ལ་གཉིས་ལས། མཚན་ཉིད་ནི། ཐལ་འགྱུར་གང་ཞིག་གཞན་ངོར་རྟགས་ཁྱབ་གྲུབ་ཅིང༌། འདོད་པ་ལ་ཚད་མའི་བསལ་བ་འབབ་པའོ། །དེ་ཡང་ཕ་རོལ་པོས་འདོད་པའི་རྟགས་བརྗོད་ནས་མི་བརྗོད་པའི་སྒྲུབ་བྱ་འཕེན་པ་ལ་སོགས་པ་དུ་མའོ། །གཉིས་པ་དབྱེ་བ་ལ། སྒྲུབ་བྱེད་འཕེན་པ། མི་འཕེན་པ། དེ་དག་གི་དབྱེ་བ་དཔེར་བརྗོད་པའོ། །དང་པོ་ལའང་གསུམ་ལས་མཚན་ཉིད་ནི། དངོས་སུ་ཐལ་བ་འཕངས་པའི་དོན་བཟློག་ན་ཚུལ་གསུམ་ཚང་བའོ། །ཡང་དེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཆོས་གསུམ་ལྷན་ཅིག་དགོས་ཏེ། རྟགས་ཕ་རོལ་པོས་བདེན་ཞེན་གྱིས་ཁས་བླངས་པ། ལྡོག་ཁྱབ་ཚད་མས་གྲུབ་པ། གཞི་ཚད་མས་གྲུབ་ཅིང་དམ་བཅའ་ལ་ཚད་མས་བསལ་རུང་ངོ༌། །གཉིས་པ་བཟློག་ན་སྒྲུབ་པ་ཡང་དག་ཏུ་འགྱུར་ཚུལ་ནི། དངོས་སུ་རྟགས་ཚད་མས་མ་གྲུབ་པས་སྒྲུབ་པ་ཡང་དག་མིན་ཡང༌། དོན་བཟློག་ན་མཚན་ཉིད་ཚུལ་གསུམ་ཚང་ཡོད་པས་སྒྲུབ་པ་ཡང་དག་ཡིན་ནོ། །གསུམ་པ་ཐལ་འགྱུར་གྱི་ངག་ལས་རང་རྒྱུད་འཕེན་ཚུལ་ལ་གསུམ་ལས་གཞན་ལུགས་དགག་ན། ཐལ་བའི་རྣལ་ཁྱབ་བཟློག་པས་རང་རྒྱུད་ཀྱི་ཁྱབ་པ་འཕེན་ཡང་ཕྱོགས་ཆོས་ཐལ་འགྱུར་གྱི་ངག་གིས་འཕེན་ཞེ་ན། ཁ་ཅིག་དུ་བ་མེད་པར་ལའི་ཆོས་ཟློག་པས་འཕེན་ཟེར་བ་མིན་ཏེ། རང་རྒྱུད་ལྟར་འདིར་ཡང་དམ་བཅའ་བརྗོད་ན་ངག་ལྷག་པའི་ཕྱིར་རོ། །ཁ་ཅིག་ཐལ་བའི་རྟགས་ཀྱིས་འཕེན་ཏེ། མེ་མེད་པའི་ཕྱིར་ཞེས་པས་བསྒྲུབ་བྱ་དུ་མེད་ལ་དམིགས་པའི་བློ་འཕེན་ལ། དེ་ལ་ཡིད་གཏད་པས་ཟློག་ཏུ་ཡོད་ཅེས་ཟེར་བ་བླུན་ཏེ། རྟག་པ་ལ་ཡིད་གཏད་པས་མི་རྟག་པར་གོ་བར་ཐལ་ལོ། །ཁ་ཅིག་ལ་ལ་མེ་མེད་པའི་ཁས་བླངས་བརྗོད་པས་ཤེས་འདོད་སྟོན་ལ། དུ་བ་མཐོང་བས་བསལ་ལོ་ཞེས་བསལ་བ་བརྗོད་པས་རྟགས་ཆོས་ཅན་ལ་གྲུབ་པར་བསྟན་པས་ཤེས་འདོད་ཀྱི་གཞི་ལ་དུ་བ་ཡོད་པའི་ཕྱོགས་ཆོས་འཕེན་གསུངས་པ་རིགས་མོད། ཐལ་བའི་ངག་བཟློག་པ་མིན་ཏེ། སྦྱོར་བ་འཇིག་པ་སྟེ་བསལ་བ་བརྗོད་པ་ཐལ་བའི་ངག་མིན་པའི་ཕྱིར། གཉིས་པ་རང་ལུགས་ནི། ཐལ་བའི་ངག་གིས་བརྗོད་བྱ་ལ་རང་རྒྱུད་ཀྱི་དོན་འཕེན་ལ། ངག་ཇི་ལྟར་ཟློག་པ་བཞིན་འཕེན་པ་མ་ཡིན་ཏེ། ལ་ལའང་མེ་མེད་པར་ཁས་བླངས་སོ། །ཞེས་པ་བཟློག་ན་མེད་ཡོད་པར་ཁས་མི་ལེན་ཞེས་བརྗོད་དགོས་ལ། དེས་ཐལ་འགྱུར་སྐྱོན་མེད་ཀྱི་ངག་འདི་ལྟར་དགོད་དེ་མེ་མེད་པའི་དུ་བ་མེད་པར་ཐལ་བའི་དམ་བཅའ་བཀོད་ལ། ཅིའི་ཕྱིར་ཞེས་འདྲི་ན་ཐལ་འགྱུར་གྱི་དངོས་ནི། གང་མེ་མེད་པ་ན་དུ་བ་མེད་དཔེར་ན་ཆུ་རླུང་བཞིན། ལ་ལ་ཡང་མེ་མེད་པར་ཁས་བླངས་སོ། །ཆོས་མཐུན་པ་ཉིད་ཅན་ལ། ལ་ལ་ནི་ཞེས་འབྱེད་ཚིག་སྦྱར་རོ། །ཚུལ་གསུམ་འཕེན་ཚུལ་ནི། མེ་མེད་ན་དུ་བ་མེད་ཅེས་པ་དུ་བ་ལ་མེས་ཁྱབ་པ་འཕངས་ལ། ཕྱོགས་ཆོས་འཕེན་ཚུལ་བཤད་ཟིན་ཏོ། །གཉིས་པ་སྒྲུབ་བྱེད་མི་འཕེན་པ་ནི། སུན་འབྱིན་པའི་ཐལ་འགྱུར་ཡང་དག་བཟློག་ན་ཚུལ་གསུམ་མི་འཕེན་པའོ། །གསུམ་པ་དེ་དག་གི་དབྱེ་བ་དཔེར་བརྗོད་པ་ནི་གཉིས་ཏེ། སྒྲུབ་བྱེད་འཕེན་པ་དང་མི་འཕེན་པར་དབྱེ་བ། འཕེན་པ་ལ་རང་རིགས་དང་གཞན་རིགས་སུ་དབྱེ་བའོ། །དང་པོ་ནི། ས་ཕྱོགས་ན་དམིགས་རུང་བུམ་པ་མ་དམིགས་པའི་ཕྱིར་དེ་མེད་ངེས་སུ་ཐལ་ཞེས་རང་བཞིན་མ་དམིགས་པ། ད་ལྟ་དངོས་འབྲས་དུ་བ་མེད་པའི་ཕྱིར་སྔ་ལོགས་དེ་མ་ཐག་ན་དུ་བའི་དངོས་རྒྱུ་མེད་པར་ཐལ་ཞེས་འབྲས་བུ་མ་དམིགས་པ་དང༌། ལྐོག་ཤལ་མེད་པས་བ་ལང་མིན་པར་ཐལ་བ་ཁྱབ་བྱེད་མ་དམིགས་པ་དང་གསུམ་གྱིས་རང་རྒྱུད་མི་འཕེན་ཏེ། བུམ་སོགས་ཚད་མས་གྲུབ་ན་དམིགས་པར་ཡང་གྲུབ་པས་ཤེས་འདོད་མེད་ལ། མ་གྲུབ་ན་ཐལ་བའི་རྟགས་དང་རང་རྒྱུད་ཀྱི་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར་རོ། །ལྷག་མ་ཡང་དག་གི་ཐལ་རྟགས་ཉི་ཤུ་པོ་ཀུན་གྱིས་སྒྲུབ་བྱེད་འཕེན་པར་ཤེས་པར་བྱའོ་ཞེས་གསུངས་སོ། །ཁྱབ་བྱེད་འགལ་དམིགས་ལ་སོགས་ཁ་ཅིག་ལ་དཔྱད་དགོས་པར་སྣང་ངོ༌། །གཉིས་པ་གྲང་རེག་ཡོད་པས་མེ་ཡོད་པར་ཐལ་བས་མེ་ཡོད་པས་གྲང་རེག་མེད་ཅེས་རང་བཞིན་འགལ་དམིགས་ཉིད་དང༌། བ་རེག་ཡོད་པས་ཙནྡན་གྱི་མེ་མེད་དུ་ཐལ། ཙནྡན་གྱི་མེ་ཡོད་པའི་ཕྱིར་བ་རེག་མེད་ཅེས་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་དང༌། སྤུ་ལོང་ཡོད་པའི་ཕྱིར་དུ་བ་མེད་པར་ཐལ་བས་དུ་བ་ཡོད་པས་སྤུ་ལོང་མེད་ཅེས་འགལ་འབྲས་དམིགས་པ་དང༌། སྤུ་ལོང་གི་བྱེ་བྲག་ཡོད་པའི་ཕྱིར་དུ་བའི་བྱེ་བྲག་མེད་པར་ཐལ་བས་དུ་བའི་བྱེ་བྲག་ཡོད་པས་སྤུ་ལོང་གི་བྱེ་བྲག་མེད་ཅེས་རྒྱུ་དང་འགལ་བའི་འབྲས་བུའི་ཁྱབ་བྱ་དམིགས་པ་ཉིད་འཕེན་པ་དང་བཞི་སྟེ། འདི་དག་གི་དགག་བྱའི་ཆོས་ཀྱི་ཁྱད་པར་སྔར་བཤད་པ་ལྟར་སྦྱར་རོ། །ཡང་ལྟོས་བཅས་ཡིན་པའི་ཕྱིར་མ་ངེས་པར་ཐལ་བས་ངེས་པ་ཡིན་པས་ལྟོས་མེད་ཡིན་ཅེས་ཁྱབ་བྱེད་འགལ་དམིགས་འཕེན་ཏེ་བཟློག་པས་རང་རིགས་འཕེན་པ་ལྔའོ། །གཞན་རིགས་འཕེན་པ་བཅུ་དྲུག་ཡོད་དེ། མེ་དང་བ་རེག་ཕན་ཚུན་འགོག་པས་ཁྱབ་བྱེད་འགལ་དམིགས་དང༌། འགལ་ཁྱབ་དམིགས་པ་གཉིས་དང༌། དུ་བ་དང་བ་རེག་ཕན་ཚུན་འགོག་པ་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ་དང༌། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ་གཉིས་ཏེ་བཞི་དང༌། མེ་དང་སྤུ་ལོང་ཕན་ཚུན་འགོག་པ་རྒྱུ་འགལ་དུ་དམིགས་པ་དང༌། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་ཏེ་དྲུག གྲང་རེག་དང་དུ་བ་ཕན་ཚུན་འགོག་པ་རྒྱུ་དང་འགལ་བ་དམིགས་པ་དང༌། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་གཉིས་ཏེ་བརྒྱད། ཤ་པ་ཡིན་པས་ཤིང་དུ་ཐལ་བར་རང་བཞིན་རྟགས་ཀྱིས་ཤིང་བཀག་པས་ཤ་པ་འགོག་པ་ཁྱབ་བྱེད་མ་དམིགས་པ་དང་གཉིས་ཏེ་བཅུ་དང༌། སྤུ་ལོང་གི་བྱེ་བྲག་པས་མེ་མེད་ཅེས་རྒྱུ་དང་འབྲས་བུའི་ཁྱབ་བྱ་དམིགས་པས། མེ་ཡོད་པས་སྤུ་ལོང་གི་བྱེ་བྲག་མེད་ཅེས་རྒྱུ་དང་འགལ་བ་དམིགས་པ་གཉིས་ཏེ་བཅུ་གཉིས་དང༌། ཤིང་མེད་པས་ཤ་པ་མེད་པར་ཐལ་བས་ཤ་པ་ཡོད་པས་ཤིང་ཡོད་ཅེས་པ་གཉིས་ཏེ་བཅུ་བཞི། རྒྱུ་མ་དམིགས་པ་དང་འབྲས་རྟགས་ཕན་ཚུན་འཕེན་པ་གཉིས་ཏེ་བཅུ་དྲུག་གོ །དེ་ལྟར་ཐལ་བ་ཟློག་པ་གཉིས་ཕན་ཚུན་གྱི་བསྒྲུབ་བྱ་ཟློག་པའི་རྟགས་ཡིན་ཅིང༌། གཅིག་གི་རྣལ་ཁྱབ་ཅིག་ཤོས་ཀྱི་ཟློག་ཁྱབ་ཡིན་པས་ཁྱབ་འབྲེལ་ཞིང་ཕྱོགས་ཆོས་འགལ་ཡིན་ནོ། །གསུམ་པ་རྩོད་སྤང་ནི། ཁ་ཅིག ཁས་བླངས་གཏན་ཚིགས་ཡིན་ན་རྟགས་བཞི་པ་སྲིད་པར་འགྱུར་ལ། མ་ཡིན་ན། ཐལ་བ་སྒྲུབ་པའི་རྟགས་སུ་ཡང་མི་འཐད་ལོ། །རང་རྒྱུད་མིན་ཡང་ཐལ་བའི་རྟགས་སུ་རུང་ཞེས་སྟོན་པ་གཞན་གྱི་ཅེས་སོ། །ཐལ་འགྱུར་ཡང་དག་པའི་རང་བཞིན་བསྟན་ཟིན་ཏོ། །གཉིས་པ་ལྟར་སྣང་ནི། ཐལ་འགྱུར་དུ་བཀོད་པ་གང་ལ་རྩོད་ཟླས་ལན་དོན་མཐུན་འདེབས་པར་ནུས་པའོ། །དབྱེ་བ་མཐའ་ཡས་པས་བརྗོད་པར་མི་དམིགས་པ་ཉིད་དོ། །གཉིས་པ་ལན་འདེབས་ཚུལ་ལ་གཉིས་ལས། གཞན་ལུགས་དགག་ན། ཁ་བ་ཅན་པ་རྣམས་ཐལ་འགྱུར་གྱི་ལན་རྟགས་མ་གྲུབ། ཁྱབ་པ་མ་གྲུབ། འདོད་པས་ཏེ་སྒོ་གསུམ་མོ་ཞེས་སྨྲའོ། །མི་འཐད་དེ། འགལ་བ་དང་མ་ངེས་པའི་ཐལ་འགྱུར་ཆོས་ཅན། ལན་གཅིག་གིས་གདབ་ཏུ་རུང་བར་འགྱུར་ལ། འདོད་ན་རང་རྒྱུད་ལྟར་སྣང་ཡང་རྟགས་མ་གྲུབ་དང་ཁྱབ་པ་མ་གྲུབ་གཉིས་སུ་འདུ་བར་མཚུངས་སོ། །ཅི་རང་རྒྱུད་ལ་འགལ་བའི་རྟགས་ཡོད་པ་དེར་མི་འདུ་ཞེ་ན། དེ་ནི་འདིར་ཡང་ཅིའི་ཕྱིར་མི་མཚུངས། གལ་ཏེ་འགལ་བའི་ཐལ་འགྱུར་ནི་འགལ་ནས་ཁྱབ་པ་མ་གྲུབ་པ་ཡིན་པས་མ་གྲུབ་པར་འདུའོ་ཞེ་ན། འདོད་པས་ལན་ཐེབས་པའི་ཐལ་འགྱུར་ནི་བསལ་བ་མེད་ནས་མ་གྲུབ་པས་མཐར་རྟགས་ལྟར་སྣང་ཀུན་ལ་མ་གྲུབ་ཅེས་བརྗོད་པས་ལན་ཐེབས་པར་འགྱུར་རོ། །གལ་ཏེ་གཉིས་པ་མ་གྲུབ་པར་མཚུངས་ཀྱང་རྟགས་དང་ཁྱབ་པ་མ་གྲུབ་གཉིས་སུ་མ་ཕྱེ་ན། ངོས་མི་ཟིན་ནོ་ཞེ་ན། འདིར་ཡང་གཉིས་ཀ་ཁྱབ་པ་མེད་པར་མཚུངས་ཀྱང་འགལ་ནས་དང་མ་ངེས་ན་ཁྱབ་པ་མེད་པ་གཉིས་སུ་མ་ཕྱེ་བར་ངོས་མི་ཟིན་པར་མཚུངས་སོ། །ཡང་ན་འགལ་བའི་ཐལ་འགྱུར་ལ། བྱས་ཀྱང་མི་རྟག་ན་ཞེའམ། བྱས་པ་ལ་རྟག་པར་ཐལ་བས་མ་ཁྱབ་ཅེས་ལན་བཏབ་ན། ངག་དེའི་ནུས་པས་བྱས་པ་ལ་མི་རྟག་པས་ཁྱབ་པ་ལ་ཐེ་ཚོམ་སྟོན་ཏེ། དོན་གྱིས་བྱས་པ་ལ་རྟག་པ་སྲིད་པར་ཁས་བླངས་པ་ཡིན་པས་ལན་དེ་འཁྲུལ་པར་འགྱུར་རོ། །ཡང་ཤ་ཟའི་བུམ་པ་ཚད་མས་མ་གྲུབ་ཀྱང་དངོས་པོར་ཡོད་ངེས་སུ་ཁས་ལེན་པ་ལ་ཤ་ཟའི་བུམ་པ་ཆོས་ཅན། མི་རྟག་པར་ཐལ། ཡོད་པའི་ཕྱིར་ཞེས་བཀོད་ན་འདོད་ནུས་པར་ཐལ་བ་ལས། མི་ནུས་ཏེ་མི་རྟག་པར་ཡོད་ངེས་ཐ་སྙད་བྱར་མི་རུང་བར་ཐལ་ཏེ། དེར་ཚད་མས་མ་གྲུབ་པས་སོ། །འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་པའི་གཞུང་ལ་བརྟེན་པའི་ཐལ་བས་གནོད་དོ། །དེས་ན་ཆོས་ཅན་མ་གྲུབ་པའི་ཐལ་འགྱུར་ལ་བསལ་བ་མེད་ཅེས་དགག་ཕྱོགས་མ་རྟོགས། འདོད་ཐོག་ཞེན་ན་སྒྲུབ་ཕྱོགས་ཁས་བླང་དུ་མི་རུང་ངོ༌། རང་ལུགས་ནི། མཁས་པས་ཐལ་འགྱུར་གྱི་ལན་འགལ་མ་ངེས་མ་གྲུབ་བསལ་བ་མེད་ཅེས་རྣམ་པར་ཐར་པ་སྒོ་བཞིས་གདབ་བོ། །ལན་གྱིས་ཟློག་པར་མི་ནུས་ན། དེའི་རྗེས་སུ་འབྲང་བ་དམ་པའི་ལུགས་ཡིན་གྱི། བདག་ལ་བསྟོད་པ་དང༌། གཞན་ལ་སྨོད་པ་དང༌། རྔ་མོ་ལྟར་འཕག་ཅིང༌། སྤྲེའུ་ལྟར་བཞིན་བསྒྱུར་ནས་རྩོད་པ་སུབ་པ་ནི་ཁ་བ་ཅན་གྱི་བོད་ཚད་སྨྲ་བ་རྣམས་ཀྱི་རྒྱན་ཡིན་པའི་ཕྱིར་ཤེས་བཞིན་དང་ལྡན་པ་རྣམས་ཀྱིས་སྤང་བར་བྱའོ། །དེ་ལྟར་སྟོན་པའི་གསུང་རབ་ཀྱི་ངེས་དོན་འཐད་པའི་རིགས་པས་སྒྲུབ་པ་དང༌། ལྟ་བ་ངན་པས་སྤྲུལ་ཞིང་སློབ་དཔོན་ངན་པས་བཞག་པའི་གྲུབ་མཐའ་ངན་པ། བདེ་བར་གཤེགས་པའི་བསྟན་པའི་བདུད་དང་ཕྱིར་རྒོལ་བ་རྣམས་སུན་འབྱིན་པར་བྱེད་པ་རིགས་པ་དྲི་མ་མེད་པའི་གཞུང་ལུགས། མདོ་དང་སྡེ་བདུན་གྱི་ཆ་ལག་དང་བཅས་པ་དང༌། དེའི་དགོངས་འགྲེལ་རིགས་པའི་གཏེར་ལྟ་བུ་གང་གིས་ཤེས་པའི་མཁས་པ་དེ་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་འཛིན་པ་ཡིན་གྱི། རང་ཕྱོགས་ཀྱི་འདོད་པ་ཅུང་ཟད་མ་གྲུབ་ན་དམ་ཚིག་དང་སྡོམ་པ་མདའ་ལྟར་འཕངས་ཏེ། སུ་བདེན་པ་དེ་ཚར་གཅོད་པའི་ཆོས་གོས་ཅན་འདི་རྣམས་ནི། དགེ་བའི་བཤེས་གཉེན་གྱི་གཟུགས་ལྟར་སྣང་ཡང་སྡིག་པའི་གྲོགས་པོ་ཡིན་པར་གདོན་མི་ཟ་བས་རྨི་ལམ་དུ་ཡང་དྲན་པར་མི་བྱའོ། །ཚད་མ་རིགས་པའི་གཏེར་ལས་རབ་ཏུ་བྱེད་པ་བཅུ་གཅིག་པའི་རྣམ་པར་བཤད་པའོ།།  ༈  །།རྩོམ་པ་མཐར་ཕྱིན་པའི་བྱ་བ་ལ་ལྔ་སྟེ། བསྟན་འཆོས་རྩོམ་པའི་རྒྱུ་ཤེས་རབ་ཕུན་སུམ་ཚོགས་པ། འབྲས་བུ་བསྟན་ཆོས་ཀྱི་བྱེད་ལས་བསྟན་པ། མཁས་པ་བསྟེན་པར་གདམས་པ། ཕྱོགས་འཛིན་ཅན་གྱི་མི་རྟོགས་པར་གདམས་པ། དགེ་བ་རྣམ་མཁྱེན་དུ་བསྔོ་བའོ། །དང་པོ་ལ། རྒྱུ་སྦྱངས་པའི་ཡོན་ཏན་བསྟན་པ་ནི། སྐྱེ་བ་སྐྱེ་བ་རྣམས་སུ་ཡང་དང་ཡང་ཞེས་སོགས་ཚིག་རྐང་པ་གཉིས་སོ། །ཤེས་རབ་ལ་བརྟེན་ནས་བསྟན་བཅོས་བརྩམས་ཚུལ་ནི། ཚེ་འདིར་ལན་རེ་ཟུང་རེ་ཞེས་སོགས་ཀྱི་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་འབྲས་བུ་བསྟན་བཅོས་ཀྱི་བྱེད་ལས་བསྟན་པ་ལ། འཇོམས་ཞེས་བཤད་པའི་གཞིའོ། གང་ན་རྟོག་གེ་ངན་པ་འཇོམས་སོ། །རྟོག་གེ་ངན་པ་ནི་བདུན། ཁྱབ་འཇུག་ལ་སྟོན་པར་འཛིན་ཅིང་འགྲོ་བ་རྣམས་རང་བཞིན་སེམས་རྒྱུད་གཅིག་ཏུ་འདོད་ལ། གནས་སྐབས་རིག་བྱེད་ལས་འབྱུང་བ་ལྟར་ཁས་ལེན་པ་ཐུབ་པ་རྐང་མིག་པ་སྟེ་རིག་བྱེད་པའོ། །དྲང་སྲོང་སེར་སྐྱ་ལ་སྟོན་པར་འཛིན་ཅིང་གྲུབ་མཐའ་ཤེས་བྱ་ཉི་ཤུ་རྩ་ལྔར་འདོད་པ་སེར་སྐྱ་པ་དང༌། དབང་ཕྱུག་ལ་སྟོན་པར་འཛིན་ཅིང་གྲུབ་མཐའ་ཚིག་གི་དོན་དྲུག་ཏུ་འདོད་པ་འུག་པའི་བུ་སྟེ་བྱེ་བྲག་པ་དང༌། རྒྱལ་བ་པ་སྟོན་པར་འཛིན་ལ་གྲུབ་མཐའ་ཚིག་གི་དོན་དགུར་འདོད་པ་ནམ་མཁའི་གོས་ཅན་པ་སྟེ་གཅེར་བུ་པ་དང་བཞི་ནི་རྟག་པར་ལྟ་བ་ཡིན་ལ། སྟོན་པ་དང་བསྟན་པ་ངེས་པར་མི་འདོད་པ་ཚུལ་རོལ་མཛེས་པ་སྟེ་ཆད་པར་ལྟ་བ་དང་ལྔའོ། །ཐོས་སྒྲོགས་པ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའོ། །གངས་རིའི་ཁྲོད་དུ་གནས་ནས་སྨྲ་བ་ནི་ཕྱ་རྩང་རྗེས་འབྲང་སོགས་བོད་ཚད་སྨྲ་བ་རྣམས་སོ། །དེ་ལྟར་རྟོག་གེ་ངན་པ་བདུན་ནོ། །དེ་གང་གིས་འཇོམས་ཤེ་ན། བསྟན་འཆོས་རིགས་པའི་གཏེར་ཆེན་པོ་འདིས་སོ། །བསྟན་འཆོས་ཀྱི་ངེས་ཚིག་ནི། ཉོན་མོངས་དགྲ་རྣམ་མ་ལུས་འཇོམས་པ་དང༌། ཞེས་གཞན་དུ་འཆད་པ་ལྟར་སྦྱར་རོ། །གསུམ་པ་ནི། བློ་ཡི་ནུས་པ་ཞེས་སོགས་རྐང་པ་བཞིས་གསུངས་སོ། །མ་རྙེད་པ་དང༌། དཔྱིས་མ་ཕྱིན་པ་དང༌། གོལ་བ་གསུམ་ནི། ཕྱ་རྩང་དན་གསུམ་ཚུར་ཕུ་བ་སོགས་དང་འབྲི་ཁུངས་པ་ལ་རིམ་བཞིན་སྦྱར་རོ་ཞེས་གྲགས་སོ། །བཞི་པ་ནི། སྡེ་བདུན་རིགས་པའི་དེ་ཉིད་འདི་ཡིན་ཞེས་སོགས་ཤོ་ལོ་ཀཱ་གཅིག་གིས་འཆད་དོ། །ལྔ་པ་ནི། ལེགས་པར་བཤད་པས་བློ་གྲོས་མིག་ཕྱེ་ཞེས་སོགས་རྐང་པ་བཞིས་བསྟན་ཏོ། །ལྟ་བ་ངན་པ་སྤངས་པའི་ཚུལ་གྱིས་ཐམས་ཅད་ཀྱང་མ་ལུས་པར་བསྟན་ཟིན་ཏོ།།  །།ཟབ་ཅིང་གཏིང་དཔག་དཀའ་བ་ཤེས་བྱའི་མཚོ། །མང་ཐོས་བློ་གྲོས་མཐུ་ཡིས་བསྲུབས་པ་ལས། །ལེགས་པར་མཐོན་པའི་ལེགས་བཤད་རི་བོང་ཅན། །རྟོག་གེའི་རིང་ལུགས་བསིལ་བའི་འོད་བརྒྱ་པ། །གསུང་རབ་ངག་གི་ཀུ་མུད་རྒྱས་པའི་གཉེན། །མཁས་མང་སྐྱེ་བོའི་མིག་གི་དགའ་སྟོན་ཅན། །ཕྱོགས་གླང་གྲགས་པའི་རིང་ལུགས་རྟོག་གེའི་གཞུང༌། །རྒོལ་བའི་སྤྲིན་ཁྱིམ་ཀུན་ནས་མཛེས་བྱེད་པ། །ཡང་དག་རིགས་པའི་གློག་འོད་རབ་འཁྱུག་ཅིང༌། །རྒོལ་བ་བྱེ་བའི་སྤོབས་པ་འཕྲོག་བྱེད་པ། །ཡང་དག་རིགས་པ་རྡོ་རྗེའི་མེ་ཆར་གྱིས། །ཕ་རྒོལ་བློ་ཡི་རི་བོ་འཇིག་མཛད་ཅིང༌། །རིགས་པའི་ཆུ་རླུང་བྱེ་བ་ཕྲག་བརྒྱ་པ། །མ་ལུས་འདུས་པའི་རིགས་པའི་ཆུ་གཏེར་ཆེ། །སྔོན་མེད་རིགས་སྲོལ་རྣམ་འབྱེད་འདབ་བརྒྱ་པ། །ལེགས་བཤད་རྣམ་པ་ཀུན་གྱི་མཆོག་ལྡན་པའི། །རྣམ་བཤད་དྲི་མེད་འོད་ཀྱིས་གསལ་བར་བྱས། །ཚུལ་འདི་མང་ཐོས་བློ་གྲོས་མིག་སྟོང་ལྡན། །རིགས་གནས་ལྔ་ལ་མི་འཇིགས་སྤོབས་པ་ཐོབ། །སྒྲ་ཚད་ཟུང་གི་ངང་པའི་གཤོག་ཡངས་ཞིང༌། །གསུང་རབ་རྒྱ་མཚོའི་ཕ་རོལ་བགྲོད་གྱུར་པ། །སྨྲ་བའི་སེང་གེ་རོང་སྟོན་ཆེན་པོ་ཡིས། །ལྷག་བསམ་རབ་དཀར་འབྱོར་བའི་དཔུང་ཚོགས་ལྡན། །ཆོས་ཀྱི་རྒྱལ་པོའི་གསུང་གིས་བསྐུལ་བའི་ངོར། །མང་དུ་ཐོས་པའི་བློ་གྲོས་ཁང་བཟང་དུ། །བློ་གྲོས་གཡོ་བའི་འདུ་བྱེད་གཡོ་བས་བྲིས། །གང་གིས་དགེ་བ་རབ་དཀར་སྟོན་ཀའི་འོད། །གང་ཞིག་ཐོབ་པ་དེ་ཡིས་འགྲོ་བ་ཀུན། །གཏིང་ཟབ་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས། །དོན་དམ་ཚད་མ་མངོན་དུ་བྱེད་གྱུར་ཅིག ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ཉི་མའི་སྙིང་པོ་ཞེས་བྱ་བ་འདི་ནི། བསྟན་པར་གུས་པས་མཆོད་པའི་སྦྱིན་བདག་ནང་ཆེན་རབ་འབྱོར་བཟང་པོའི་གསུང་གིས་བསྐུལ་བའི་ངོར། །ཐུབ་པའི་གསུང་རབ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་འགྲེལ་པ་འགྲེལ་བཤད་དང་བཅས་པའི་དགོངས་དོན་ཚུལ་བཞིན་དུ་འབྱེད་པའི་སྤོབས་པ་དང་ལྡན་ཞིང༌། རིགས་པའི་གནས་མཐའ་དག་ལ་བློ་གྲོས་རྒྱས་ནས་བསྟན་པ་རིན་པོ་ཆེའི་ཁུར་གྱིས་མི་ངལ་བ་རོང་སྟོན་སྨྲ་བའི་སེང་གེས་སྦྱར་བའི་ཡི་གེ་པ་ནི་རིགས་པ་སྨྲ་བ་སངས་རྒྱས་དཔལ་གྱིས་བགྱིས། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཐམས་ཅད་དུ་རྒྱས་པར་གྱུར་ཅིག།  །།དགེ་ཞིང་བཀྲ་ཤིས་སོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*