ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད། ཆ༽

འཇུག་པ་པོས་སྒྲ་དོན་ལ་དོན་དུ་ཞེན་ནས་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་དོན་ཐོབ་པའི་ཕྱིར་དང༌། དངོས་སུ་བློའི་སྣང་བ་ལ་དགག་སྒྲུབ་བྱས་པ་ཡིན་ཡང༌། ཕྱི་རོལ་གྱི་དོན་ལ་དགག་སྒྲུབ་བྱས་པར་སྣང་བ་དང་ཞེན་པས་ཞེན་ཚུལ་དང་མཐུན་པར་དགག་སྒྲུབ་བྱས་པ་ན་འདོད་པའི་དོན་ཡོངས་སུ་རྫོགས་པའི་ཕྱིར་ཉེས་པ་མེད་དེ། ཇི་སྐད་དུ། ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །དེ་འདྲ་མེད་ཀྱང་ཆོས་ཅན་དེ། །དེ་དག་དང་ནི་འབྲེལ་པར་སྣང༌། །ཞེས་པ་དང༌། འབྲེལ་པ་འགའ་ལས་དེ་ལྡན་ཉིད། །མིན་ཡང་མཐོང་བའི་སྦྱོར་དེས་ན། །དེ་དག་སླད་པའང་ཤེས་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འདི་ལ་ཚིག་དང་པོ་གཉིས་ཀྱིས་ནི། དངོས་སུ་སྒྲ་དོན་ལ་དགག་སྒྲུབ་བྱེད་པ་དང༌། དེ་ནས་གཉིས་ཀྱིས་ཕྱི་རོལ་ལ་དགག་སྒྲུབ་བྱེད་པར་སྣང་བ་དང༌། ཐ་མ་གཉིས་ཀྱིས་དེ་ལ་དགག་སྒྲུབ་བྱེད་པར་ཞེན་པར་བསྟན་ནོ། །རིགས་པ་གཞན་ཡང་སྟོན་པ་ནི་སྒྲའི་སྟེང་དུ་རྟག་པ་བཀག་པ་དང་མ་བྱས་པ་བཀག་པ་གཉིས་རྫས་སུ་གྲུབ་བམ་མ་གྲུབ། གྲུབ་ན། གཉིས་པོ་རྫས་གཅིག་གམ་ཐ་དད། གལ་ཏེ་རྫས་གཅིག་གོ་ཞེ་ན། འོ་ན་སྒྲ་རྟོག་གིས་ཕྱི་རོལ་གྱི་དོན་ལ་དགག་སྒྲུབ་དངོས་སུ་བྱེད་པ་ན། རང་མཚན་དངོས་ཡུལ་དུ་བྱེད་དགོས་ལ། དེ་ལྟར་སྒྲ་རྟག་པ་བཀག་པ་དངོས་ཡུལ་དུ་བྱས་པ་དང༌། མ་བྱས་པ་བཀག་པ་ཡང་དངོས་ཡུལ་དུ་བྱས་པ་ཉིད་དུ་ཐལ་བར་འགྱུར་ཏེ། སྒྲ་རྟོག་གཉིས་ཀྱིས་རང་མཚན་དངོས་ཡུལ་དུ་བྱས་པ་གང་ཞིག དོན་རྫས་གཅིག་ལ་རང་མཚན་གྱི་ཡུལ་ཅན་གཅིག་གིས་འཛིན་མི་འཛིན་ཆ་གཉིས་མི་འཐད་པའི་ཕྱིར་རོ། །འདོད་ན་སྒྲའི་སྟེང་ན་སྒྲ་རྟག་པ་འགོག་པའི་སྒྲ་རྟོག་དང༌། མ་བྱས་པ་འགོག་པའི་སྒྲ་རྟོག་གཉིས། སྒྲ་རྟག་འཛིན་དང་མ་བྱས་པར་འཛིན་པ་སེལ་བྱེད་སོ་སོར་འཇུག་མི་དགོས་པར་ཐལ། འདོད་པ་དེ་ལྟར་ཡིན་པའི་ཕྱིར། རྣམ་འགྲེལ་ལས། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང༌། སྒྲ་ཡང་དེ་སྙེད་ཁོ་ན་ངེས། །ཅེས་གསུངས་པ་ལྟར་རོ། །ཡང་སྒྲའི་མི་རྟག་པ་སྒྲུབ་པ་ན། བྱས་པ་ཡང་སྒྲུབ་པར་ཐལ། དགག་སྒྲུབ་བྱེད་པའི་སྒྲ་རྟོག་གིས་རང་མཚན་དངོས་ཡུལ་དུ་བྱེད་པ་གང་ཞིག སྒྲའི་སྟེང་དུ་བྱས་མི་རྟག་རྫས་གཅིག་པའི་ཕྱིར་དང༌། རྫས་གཅིག་ལ་རང་མཚན་དངོས་ཡུལ་དུ་བྱེད་པའི་བློས། རྫས་ཀྱི་ཆ་ཤས་དངོས་ཡུལ་དུ་བྱས་མ་བྱས་གཉིས་མི་རུང་བའི་ཕྱིར་རོ། །གཉིས་པ་གཅིག་ཏུ་འཁྲུལ་བའི་རྣམ་གཞག་ནི། དོན་སྤྱི་གསུམ་ལ་ཕྱི་རོལ་དུ་ཞེན་ནས་སྣང་བཏགས་སོ་སོར་མ་ཕྱེ་བར་ཕྱི་རོལ་གྱི་སྒྲ་ཉིད་ལ་དོན་གསུམ་དུ་མངོན་པར་ཞེན་ནས་འཇུག་པ་ཡིན་ནོ། །རང་འགྲེལ་ལས། འཆད་པ་པོ་རྣམས་ནི་དེ་ལྟར་རྣམ་པར་འབྱེད་ཀྱི། འཇུག་པ་པོ་རྣམས་ནི་དེ་ལྟར་མིན་ཏེ། རང་གི་དམིགས་པ་ཉིད་དེ་ཁོ་ན་ཉིད་ཡིན་པར་སེམས་སོ། །ཞེས་པ་དང༌། ཆོས་མཆོག་གིས་ཀྱང༌། རང་གི་མཚན་ཉིད་དུ་ལྡོག་པར་རློམ་པའི་ཕྱིར། ཞེས་པ་དང༌། བསྟན་བཅོས་འདིར་ཡང༌། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་དུ་འཁྲུལ་བས་ཐོབ། །ཅེས་པ་དང༌། འཆད་ན་གཉིས་སུ་ཡོད་མོད་ཀྱི། །འཇུག་པའི་ཚེ་ན་རྣམ་དབྱེར་མེད། །ཅེས་གསུངས་པ་ལྟར་རོ། །གང་དག་རྣམ་གཞག་གི་ཚུལ་གཉིས་མ་ཤེས་པར་རང་མཚན་ལ་དངོས་སུ་དགག་སྒྲུབ་བྱེད་པར་སྨྲ་བས་ནི་རང་གི་དེ་ཉིད་སྟོན་པར་ཟད་དོ། །གསུམ་པ་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་ཀྱི་ཚུལ་རྟོགས་པར་སླ་ལ། རྗེས་འགྲོ་ནི། མཐུན་དཔེའི་སྟེང་དུ་སྒྲུབ་སྟེ། མཐུན་དཔེ་བཀོད་པའི་དགོས་པ་ནི། ཁྱབ་པ་གཏན་ལ་འབེབས་པའི་ཕྱིར་རོ། །སྒྲུབ་པའི་ཚུལ་ནི། བུམ་པ་ནི་གྲུབ་ཙམ་ཉིད་ནས་འཇིག་པར་ངེས་པ་ཡིན་ཏེ། འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པར་ངེས་པའི་ཕྱིར། རྒྱུ་ཚོགས་ཐ་མས་འབྲས་བུ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་མེད་དུ་སྐྱེད་པས་འབྲས་བུ་སྐྱེ་ངེས་སུ་གྲུབ་པ་བཞིན་ནོ། །འོ་ན་མྱུ་གུའི་རྒྱུ་ཚོགས་དང་པོས་ཀྱང་མྱུ་གུ་སྐྱེད་ངེས་སུ་ཐལ། ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་མེད་དུ་མྱུ་གུ་སྐྱེད་པའི་ཕྱིར་རོ་ཞེ་ན། མིན་ཏེ་ནུས་པ་གོང་ནས་གོང་དུ་འགྱུར་བ་ལ་ལྟོས་པའི་ཕྱིར་རོ། །ལྟོས་མེད་ཀྱི་ཕྱོགས་ཆོས་སྒྲུབ་པ་ལ། རང་རྒྱུད་ཀྱི་གཏན་ཚིགས་དང་མཐའ་གཞན་འགོག་པའི་རིགས་པ་གཉིས་སོ། །དང་པོ་ནི་བུམ་པ་ཆོས་ཅན། འཇིག་རྒྱུ་དོན་གཞལ་ལ་ལྟོས་པ་མེད་དེ། རང་རྒྱུ་ལས་འཇིག་པའི་ངང་ཅན་དུ་འབྱུང་བའི་ཕྱིར། དཔེར་ན་མེའི་ཚ་བ་བཞིན། རྟགས་འདིས་བུམ་པའི་བྱས་པ་འཇིག་པས་བྱས་པའི་རིགས་ཅན་ཐམས་ཅད་འཇིག་པར་གྲུབ་སྟེ། བྱས་པར་མཚུངས་པའི་ཕྱིར་རོ། །གང་ལ་འགྱུར་བ་གྲུབ་པ་དེ། གཞན་ལ་ངོ་བོ་ཉིད་ཀྱིས་འགྱུར། །ཞེས་པ་དང༌། རྣམ་ངེས་ལས། གང་ཞིག་གང་ལ་འགྱུར་བ་མཐོང་བ་འདི་ནི་གཞན་ལའང་ངོ་བོ་ཉིད་ཀྱིས་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །འདི་ནི་གཏན་ཚིགས་ཐམས་ཅད་ལ་ཤེས་པར་བྱ་སྟེ། མཐུན་དཔེ་ལ་ཁྱབ་པ་བསྒྲུབས་ནས་རྟགས་ཆོས་ཅན་ལ་སྦྱར་བའི་སྒོ་ནས་བསྒྲུབ་བྱ་རྟོགས་པར་བྱ་དགོས་པའི་ཕྱིར་དང༌། དཔེ་དང་རྩོད་གཞི་ལ་མཚུངས་པར་བསྟན་ནས་གང་སྒྲུབ་པར་འདོད་པའི་ཆོས་སུ་མཚུངས་པར་བསྟན་དགོས་པའི་ཕྱིར་རོ། །གཉིས་པ་ནི། འཇིག་རྒྱུ་དོན་གཞན་གྱིས་བུམ་པའི་འཇིག་པ་བུམ་པ་དང་དོན་གཅིག་ཏུ་བྱེད་དམ་ཐ་དད་དུ་བྱེད། དང་པོ་ལྟར་ན། བུམ་པ་འཇིག་པར་འགྱུར་བ་འཇིག་རྒྱུ་དོན་གཞན་ལ་མི་ལྟོས་པར་ཐལ། རང་རྒྱུ་ལས་འཇིག་པར་གྲུབ་ཟིན་པའི་ཕྱིར་རོ། །ཕྱི་མ་ལྟར་ན། འཇིག་རྒྱུས་བུམ་པའི་འཇིག་རྒྱུ་མ་བྱས་པར་ཐལ། འཇིག་པ་དོན་གཞན་བྱས་པས་བུམ་པ་འཇིག་པར་མི་འགྱུར་བའི་ཕྱིར་རོ། །ཡང་འཇིག་པ་དངོས་མེད་བྱེད་དམ་དངོས་པོ་བྱེད། དང་པོ་མི་འཐད་དེ། དངོས་མེད་སྐྱེད་བྱར་མི་རུང་བའི་ཕྱིར་དང་རྒྱུས་དངོས་མེད་བྱེད་པ་དང་ཅི་ཡང་མི་བྱེད་པ་གཉིས་དོན་གཅིག་པའི་ཕྱིར་རོ། །གཉིས་པ་ཡང་མི་འཐད་དེ། བུམ་པ་དང་དོན་གཅིག་པ་དང་དོན་གཞན་དུ་བྱེད་པ་གང་རུང་ལས་མི་འདའ་ལ། གཉིས་ཀ་བཀག་ཟིན་པའི་ཕྱིར་རོ། །གལ་ཏེ་བུམ་པ་འཇིག་པར་སྒྲུབ་པས་སྒྲ་མི་རྟག་པར་སྒྲུབ་པ་ལ་འབྲེལ་བ་ཅི་ཞིག་ཡོད་ཅེ་ན། ཡོད་དེ། གཉིས་ཀ་ཡང་བྱས་པར་མཚུངས་པའི་ཕྱིར་དང༌། རྒྱུ་རྐྱེན་མཚུངས་པ་ལ་རྒྱུ་མཚན་ཅན་མི་མཚུངས་པ་མི་འཐད་པའི་ཕྱིར། འདི་ནི་གཏན་ཚིགས་ཐམས་ཅད་ལ་སྦྱར་བར་བྱ་སྟེ་གོང་དུ་བསྟན་ཟིན་ཏོ། །ལྡོག་པ་སྒྲུབ་པ་ནི་གནོད་པ་ཅན་གྱི་ཚད་མ་སྟེ། རྟགས་དང་དགག་བྱའི་ཆོས་གཞི་མཐུན་པ་ལ་གནོད་པ་ཅན་གྱི་ཚད་མ་ཞེས་བརྗོད་དོ། །འགོག་ཚུལ་ནི། ཕ་རོལ་པོས་རྟགས་དང་འགག་བྱའི་ཆོས་གཞི་མཐུན་པར་འདོད་པའི་ཆོན་ཅན་ལ་འགོག་པ་ཡིན་ལ། འདིར་ནི་དབང་ཕྱུག་དངོས་པོ་ཡང་ཡིན་ལ་རྟག་པ་ཡང་ཡིན་པས། དངོས་པོ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཞུགས་པར་སྨྲ་བའི་ལོག་རྟོག་འགོག་པ་སྟེ། གཞན་གྱིས་རྟག་པར་ཞེན་པའི་དབང་ཕྱུག་ཆོས་ཅན། དངོས་པོར་མེད་དེ། དོན་བྱེད་ནུས་པས་སྟོང་པའི་ཕྱིར་རོ། །ཞེས་བྱའོ། །འདིའི་ཕྱོགས་ཆོས་ལ་འགའ་ཞིག་དབང་ཕྱུག་རྟག་པ་ལ་རྟོག་པས་ནི་འགྱུར་མེད་དུ་རྟོག་ལ། དགག་ཆོས་དོན་བྱེད་ནུས་པ་ལ་རྟོག་པས་འགྱུར་བར་རྟོག་གོ །བློ་གཉིས་པོ་འཛིན་སྟངས་འགལ་བར་འཛིན་པས་རང་རིག་མངོན་སུམ་གྱིས་གྲུབ་པའི་ཕྱིར་མངོན་སུམ་གྱིས་གྲུབ་བོ། །ཕྱིར་རྒོལ་འདིའི་ངོར་གྲུབ་སྟེ། རྟག་པ་དང་དོན་བྱེད་པ་མི་འགལ་བར་འཛིན་པའི་ཕྱིར་རོ། །དེས་ན་དོན་བྱེད་པ་གཉིས་བྲལ་གྱི་རྟགས་ཀྱིས་དོན་བྱེད་པའི་ནུས་པས་སྟོང་བར་སྒྲུབ་པ་ལ་རྟེན་ནས་རྟོགས་པར་བྱ་དགོས་སོ། །རིམ་གྱིས་དོན་བྱེད་ནུས་པ་མ་ཡིན་ཏེ། འབྲས་བུ་ལ་ཕན་འདོགས་པའི་ནུས་པ་སྔ་ཕྱི་བྱེ་བྲག་མེད་པའི་ཕྱིར་རོ། །གཅིག་པར་བྱེད་པ་ཡང་མིན་ཏེ། འབྲས་བུ་ཐམས་ཅད་དུས་གཅིག་དུ་སྐྱེ་བ་མིན་པའི་ཕྱིར་རོ། །གཞན་དུ་སྐད་ཅིག་གཉིས་པ་ནས་འབྲས་བུ་སྐྱེ་བ་མེད་པར་འགྱུར་ཏེ། སྐད་ཅིག་སྔ་མ་ལ་རྫོགས་པའི་ཕྱིར་རོ། །འདིས་རྟག་པ་ལ་དོན་བྱེད་ནུས་པ་བཀག་པས་དངོས་པོ་རྟག་པ་ལས་ལྡོག་པར་གྲུབ་པ་ནི། ལྡོག་པ་ལེགས་པར་གྲུབ་པ་ཡིན་ནོ། །གལ་ཏེ་གནོད་པ་ཅན་གྱི་ཚད་མས་དངོས་སུ་ལྡོག་པ་གྲུབ་པ་ན། ཤུགས་ལ་དངོས་པོ་ལ་མི་རྟག་པས་ཁྱབ་པ་གྲུབ་པའི་ཕྱིར་ལྟོས་མེད་ཀྱི་རྟགས་དོན་མེད་དོ་ཞེ་ན། གནོད་པ་ཅན་གྱི་ཚད་མས་དངོས་པོ་ལ་མི་རྟག་པས་ཁྱབ་པ་གྲུབ་ཀྱང་གྲུབ་ཙམ་ནས་མི་རྟག་པར་གྲུབ་པ་ནི་ལྟོས་མེད་ལ་རག་ལས་པའི་ཕྱིར་རོ། །གནོད་པ་ཅན་ལམ་སྦྱོང་དུ་བཤད་པ་ཡིན་ནོ་ཞེས་འདོད་པ་མི་རིགས་ཏེ། ལྟོས་མེད་ཀྱི་རྟགས་ཀྱིས་གྲུབ་ཙམ་ནས་འཇིག་པར་གྲུབ་པ་ན། རྟག་པ་ལས་ལྡོག་པ་ཡང་གྲུབ་པས་གནོད་པ་ཅན་གྱི་ཚད་མ་དོན་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་འདི་གཉིས་ཀྱི་ཕྱི་རྒོལ་ཐ་དད་དོ། །དེ་ཡང་གཏན་ནས་མི་འཇིག་པའི་ཕྱིར་དངོས་པོ་ཡོད་པར་འདོད་པ་གནོད་པ་ཅན་གྱི་ཚད་མ་སྟོན་ལ། མཐར་འཇིག་པར་ངེས་ཀྱང་གྲུབ་ཙམ་ནས་འཇིག་པ་མིན་ཞེས་པའི་གནས་མ་བུ་པའི་སྡེ་པ་ལྟ་བུ་ལ་ལྟོས་མེད་ཀྱི་རྟགས་འགོད་པའི་ཕྱིར་རོ། །འདི་དག་གི་རྟགས་ཆོས་དོན་གསུམ་ནི་བློ་ལ་ཐ་དད་དུ་སྣང་བ་ཙམ་དུ་ཟད་ཀྱི། གནས་ཚུལ་ལ་ཐ་དད་མིན་ཏེ། ལྟོས་མེད་ཀྱི་རྟགས་ཀྱི་བདག་ཉིད་གཅིག་ཏུ་ངེས་པའི་ཕྱིར། དེས་ན་བློ་ལ་ཐ་དད་དུ་སྣང་བ་ལ་ཕྱི་རོལ་དུ་ཞེན་ནས་དཔག་བྱ་དཔོག་བྱེད་ཀྱི་ཐ་སྙད་སྦྱོར་བར་བྱེད་པ་ཡིན་ནོ། །དཔག་བྱ་དཔོག་པར་བྱེད་པ་ཡི། །དོན་གྱི་ཐ་སྙད་གནས་པ་འདི། །ཤེས་པ་ལ་གྲུབ་ཐ་དད་ལ། །རྟེན་ནས་རྣམ་པར་བརྟག་པ་ཡིན། །ཞེས་གསུངས་སོ། །འོ་ན་དོན་གྱིས་དོན་རྟོགས་ཕྱིར་དོན་ལ་ཞེས་པ་དང་འགལ་ལོ་སྙམ་ན། དེ་ནི་རྟགས་སུ་འགོད་བྱ་དོན་ལ་གནས་པ་ལ་དགོངས་པས་སྐྱོན་མེད་དོ། །གལ་ཏེ་འདིའི་རྟགས་སྦྱོར་དོན་གསུམ་དོན་ལ་ཐ་དད་མེད་ན། ཆོས་ཅན་ཉིད་ཀྱིས་རྟགས་འཛིན་བསྐྱེད་པར་འགྱུར་གྱི་རྟགས་ཀྱིས་སྐྱེད་པར་མི་འགྱུར་ཞེ་ན། རྟགས་སུ་འགོད་བྱ་རང་མཚན་པ་ལས་སྐྱེ་བ་ལ་རྟགས་ལས་སྐྱེ་བར་ཞེན་པ་ཡིན་ཏེ། དེ་ཉིད་རྟགས་སུ་བཀོད་པར་རློམ་པའི་ཕྱིར་རོ། །རྟགས་འཛིན་སེམས་ཀྱི་ངོ་བོ་དང་སྐྱེ་བའི་ཚུལ་ཇི་ལྟ་བུ་ཞེ་ན། ཆོས་མཆོག་གི་བཞེད་ཚུལ་ལ། རྟགས་དང་རྟགས་ཅན་གྱི་བློ་གཉིས་ཀས་རྟགས་འཛིན་པར་མཚུངས་ཏེ། འབྲེལ་ཡུལ་གྱི་ཆོས་དང་འབྲེལ་པོའི་རྟགས་གཉིས་ཀ་ལ་བཟུང་བར་འབྲེལ་པ་འཛིན་པར་མི་རུང་བའི་ཕྱིར་རོ། །འོན་ཀྱང་རྟགས་འཛིན་གྱིས་དཔེའི་སྟེང་དུ་འབྲེལ་པ་འཛིན་ལ། རྗེས་དཔག་གིས་ཆོས་ཅན་གྱི་སྟེང་དུ་འཛིན་པར་བྱེད་པ་དང༌། རྟགས་གཙོ་བོར་འཛིན་པ་དང༌། རྟགས་ཅན་གཙོ་འཛིན་པ་ནི་ཁྱད་པར་ཆེས་བཞེད་དོ། །རྒྱན་གྱིས་ཁྱད་པར་གྱི་བློས་རྟགས་བཟུང་ཡང༌། རྟགས་འཛིན་གྱི་བློ་གཞན་ཡིན་པར་བྱ་དགོས་ན། རྟགས་འཛིན་ཐུག་མེད་དུ་འགྱུར་རོ་ཞེས་སུན་ཕྱུང་ནས། རང་ལུགས་ལ་རང་བཞིན་གྱི་རྟགས་དང་རྟགས་ཅན་ཐ་མི་དད་པའི་ཕྱིར་རྟགས་ཅན་གྱི་བློ་ལ་རྟགས་འཛིན་དུ་བཞེད་ལ། འབྲས་རྟགས་ཀྱི་རྟགས་འཛིན་ནི་ལ་ལ་དུ་བ་མཐོང་བའི་མངོན་སུམ་ལྟ་བུ་ལ་འདོད་དོ། །དང་པོ་མི་རིགས་ཏེ། རྟགས་ཅན་གྱི་བློ་བསྒྲུབ་བྱ་ཁོ་ན་ལ་འཇུག་པ་ཡིན་གྱི་རྟགས་འཛིན་པ་མིན་ཏེ། དཔེའི་སྟེང་དུ་ཁྱབ་འབྲེལ་དང༌། ཆོས་ཅན་ལ་ཕྱོགས་ཆོས་གྲུབ་པར་འཛིན་པའི་སེམས་གཉིས་ཀྱིས་སྔར་བཟུང་ཟིན་པ་ལ་བརྟེན་ནས་བསྒྲུབ་བྱ་འགའ་ཞིག་ལ་དམིགས་པའི་བློ་སྐྱེས་པ་ལ་རྟགས་ཅན་གྱི་བློར་འདོད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་ཡིན་ཏེ། ཕྱོགས་ཆོས་དང་ཁྱབ་པ་རྟོགས་པའི་བྱེད་པ་ལ་བརྟེན་ནས་རྟགས་འཛིན་གྱིས་ཚུལ་གསུམ་བཟུང་བའི་འོག་རོལ་ཏུ་བསྒྲུབ་བྱ་ལ་དམིགས་པའི་བློ་སྐྱེས་པ་ལ་རྗེས་དཔག་ཞེས་བརྗོད་དོ། །ཕྱི་མ་ཡང་མི་འཐད་དེ། རྗེས་དཔག་ལ་རྟགས་འཛིན་གྱི་སེམས་རྒྱུར་མི་དགོས་པར་ཐལ་བའི་ཕྱིར་དང༌། རྟགས་འཛིན་གྱི་མངོན་སུམ་མི་འཐད་པའི་ཕྱིར་ཏེ། མདོ་དང་རྣམ་འགྲེལ་མཛད་པ་གཉིས་ཀས་རྟོག་པར་བཤད་པའི་ཕྱིར་རོ། །གཉིས་པ་འཐད་ཕྱོགས་ལ་ངོ་བོ་དང་སྐྱེ་ཚུལ་གཉིས་ལས། དང་པོ་ལ་ཕྱོགས་ཆོས་དང་ཁྱབ་པ་འཛིན་པ་གཉིས་སོ། །གང་རུང་རེ་རེ་ཙམ་འཛིན་པ་ནི། རྗེས་དཔག་གི་རྒྱུར་གྱུར་པའི་རྟགས་འཛིན་དུ་མི་རུང་བའི་ཕྱིར་ཏེ། རེ་རེ་བཟུང་བས་རྗེས་དཔག་སྐྱེད་མི་ནུས་པའི་ཕྱིར་དང༌། ཚུལ་རེ་རེ་གྲུབ་པ་ཙམ་གྱིས་རྟགས་ཡང་དག་ཏུ་མི་རུང་བའི་ཕྱིར་དང༌། རྗེས་དཔག་གི་རྟེན་ནི་རྟགས་ཡང་དག་ཡིན་པའི་ཕྱིར་རོ། །དེས་ན་ཕྱོགས་ཆོས་འཛིན་པ་ནི། ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མའི་རྗེས་སུ་ཆོས་ཅན་ལ་རྟགས་ལྡན་པར་འཛིན་པའི་བློ་ཡིན་ལ། ཁྱབ་པ་ངེས་པ་ནི་དཔེའི་སྟེང་དུ་ཁྱབ་འབྲེལ་སྒྲུབ་བྱེད་ཀྱི་ཚད་མ་ལ་བརྟེན་ནས་རྟགས་ཆོས་ཀྱི་འབྲེལ་པ་འཛིན་པ་ཡིན་ནོ། །འདི་གཉིས་གང་རུང་རེ་རེ་ཙམ་ནི་རྟགས་འཛིན་གྱི་སེམས་མིན་ཏེ། རྟགས་འཛིན་སེམས་ཀྱིས་རྗེས་དཔག་གི་རྒྱུ་བྱེད་པར་བཤད་ལ། རེ་རེས་རྗེས་དཔག་བསྐྱེད་མི་ནུས་པའི་ཕྱིར་དང༌། ཕྱོགས་ཁྱབ་རེ་རེ་ཙམ་གྱིས་རྟགས་ཡང་དག་ཏུ་མི་འགྱུར་བའི་ཕྱིར་རོ། །སློབ་དཔོན་གྱིས་རྟགས་ཀྱི་ཤེས་པ་ནི་རྗེས་དཔག་གི་དངོས་ཀྱི་རྒྱུ་མིན་ཏེ། དྲན་པས་བར་དུ་ཆོད་པའི་ཕྱིར་ཞེས་གསུངས་པ་ལྟར་དངོས་ཀྱི་རྒྱུ་ནི་མ་ཡིན་ནོ། །གཉིས་པ་སྐྱེ་ཚུལ་ལ། རང་བཞིན་གྱི་རྟགས་འཛིན་སེམས་ནི། སྒྲ་རང་མཚན་ཉན་ཤེས་ཀྱིས་ཐོས་པའི་རྗེས་སུ་སྒྲ་བྱས་པར་རྟོགས་པའི་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་སྐྱེ་ལ། དེ་ལས་ཕྱོགས་ཆོས་ངེས་བྱེད་ཀྱི་རྟགས་འཛིན་སེམས་སྐྱེ་ཞིང༌། དཔེའི་སྟེང་དུ་ཁྱབ་འབྲེལ་རྟོགས་པའི་ཚད་མ་སྐྱེས་པ་ལ་བརྟེན་ནས་ཁྱབ་འབྲེལ་འཛིན་པའི་རྟགས་འཛིན་གྱི་སེམས་སྐྱེའོ། །རྟགས་འཛིན་གྱི་སེམས་གཉིས་པོའི་བྱེད་པ་ལ་བརྟེན་ནས་ཚུལ་གསུམ་དྲན་པའི་བློ་སྐྱེ་ཞིང་དེ་ལས་རྗེས་དཔག་སྐྱེ་བ་ཡིན་ནོ། །འབྲས་རྟགས་ལ་ལ་དུ་བ་མཐོང་བའི་མངོན་སུམ་ཉིད་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་ཡིན་པས་དེ་ལས་ཕྱོགས་ཆོས་ངེས་པའི་རྟགས་འཛིན་གྱི་སེམས་སྐྱེ། དེའི་སྟེང་དུ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་སྐྱེས་པ་ནི་ཁྱབ་པ་ངེས་བྱེད་ཀྱི་ཚད་མ་ཡིན་ལ། དེ་ལས་འབྲེལ་པ་འཛིན་པའི་རྟགས་འཛིན་གྱི་སེམས་སྐྱེའོ། །དེ་ལས་སྔ་མ་བཞིན་དུ་སྦྱོར་རོ། །འདིར་བར་དུ་ཆོད་བྱེད་ཀྱི་དྲན་པ་ནི། རྟགས་འཛིན་སེམས་གཉིས་ཀྱིས་དྲངས་པའི་ཚུལ་དྲན་པའི་བློ་དེ་སྒྲུབ་ངག་གིས་ཚུལ་གསུམ་དྲན་ལམ་དུ་འཕེན་པའི་དྲན་པ་དེ་ཉིད་དོ། །འགའ་ཞིག་གིས་ཕྱོགས་ཆོས་སྔོན་འགྲོ་དང༌། ཁྱབ་པ་སྔོན་འགྲོའི་སྒྲུབ་ངག་གཉིས་ལས། དང་པོ་ལ་ཕྱོགས་ཆོས་ངེས་པའི་བློ་རྟགས་འཛིན་སེམས་ཡིན་ལ། རྗེས་སུ་ཁྱབ་པ་དྲན་པའི་བློ་ནི་བར་དུ་ཆོད་བྱེད་ཀྱི་དྲན་པ་ཡིན་ནོ་ཞེས་ཟེར་བ་ནི་ལོག་པར་རྟོག་པ་ཁོ་ན་ཡིན་ཏེ། རྗེས་དཔག་སྐྱེ་བ་ལ་ཕྱོགས་ཆོས་རྟོགས་པའི་རྟགས་འཛིན་སེམས་དང༌། ཁྱབ་འབྲེལ་རྟོགས་པའི་རྟགས་འཛིན་སེམས་གཉིས་ཀ་དགོས་པ་མིན་པར་ཐལ། ཕྱོགས་ཆོས་སྔོན་འགྲོ་ལ་ཁྱབ་པ་འཛིན་པའི་རྟགས་འཛིན་སེམས་མེད། ཁྱབ་པ་སྔོན་འགྲོ་ལ་ཕྱོགས་ཆོས་ངེས་པའི་རྟགས་འཛིན་སེམས་མེད་པའི་ཕྱིར། དེས་ན་ཐོག་མར་ཚུལ་གསུམ་ངེས་བྱེད་ཀྱི་ཚད་མ་སྐྱེ་ལ། དེ་ལས་རྟགས་འཛིན་སེམས་སྐྱེ་ཞིང༌། དེ་ནས་ཚུལ་གསུམ་དྲན་པའི་བློ་སྐྱེ་ལ། དེ་ལས་རྗེས་དཔག་སྐྱེ་བ་ཡིན་ནོ། །རྟགས་འཛིན་གྱི་སེམས་དང་ཕྱོགས་ཆོས་ཀྱི་དྲན་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། རྟགས་འཛིན་གྱི་སེམས་གཉིས་ཀྱིས་ནི་ལྟོས་གཞི་སོ་སོའི་སྟེང་དུ་རྟགས་འཛིན་ལ། དྲན་པས་ནི་གཞི་སོ་སོ་ལ་མི་ལྟོས་པར་ཚུལ་གསུམ་བློ་ཡུལ་དུ་ལྟོས་གཞི་ནས་དྲན་པར་བྱེད་པ་ཡིན་ནོ། །འདི་ནི་སྔར་ཚུལ་གསུམ་ཚད་མས་རྟོགས་ཀྱང་མ་དྲན་པ་སྒྲུབ་ངག་གིས་དྲན་པར་བྱེད་པའི་དབང་དུ་བྱས་སོ། །ཡང་འགའ་ཞིག་ལ་ནི་ཐོག་མར་ཚུལ་གསུམ་སྒྲུབ་ངག་གིས་བསྟན་ནས། །དེ་ལ་ལོག་པར་རྟོག་པའི་ངོར་རྟགས་ཀྱི་ཚད་མ་འགལ་མ་ངེས་མ་གྲུབ་གསུམ་གང་རུང་གི་སྒོ་ནས་རྩོད་པས་སུན་འབྱིན་ལྟར་སྣང་གི་སྐྱོན་རྣམས་སྤངས་ནས། ཚུལ་གསུམ་རྟོགས་པའི་ཚད་མ་སྐྱེས་ནས་དེ་མ་ཐག་ཏུ་རྟགས་འཛིན་གྱི་བློ། དེ་ནས་སྔར་གྱི་སྒྲུབ་ངག་གིས་ཚུལ་གསུམ་དྲན་པར་བྱས་ནས་རྗེས་དཔག་སྐྱེ་བ་ཡིན་ནོ། །དགག་རྟགས་ཀྱི་རྟགས་འཛིན་སེམས་སྐྱེ་ཚུལ་ནི། ཐོག་མར་དགག་གཞི་རྒྱ་མཚོ་དངོས་སུ་བཟུང་བའི་ཚད་མས་རྒྱ་མཚོ་ནི་དམིགས་ལ། མེ་ནི་མ་དམིགས་སོ་སྙམ་པའི་རྟོག་པ་གཉིས་དྲངས་ནས་དགག་གཞི་རྒྱ་མཚོ་མེ་མེད་དུ་ངེས་པར་བྱེད་དོ། །དེ་བས་ན་རྒྱ་མཚོ་འཛིན་པའི་ཚད་མ་ལ་ནི་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་ཞེས་བརྗོད་དོ། རྗེས་ཀྱི་རྒྱ་མཚོ་ལ་མེ་མེད་པར་ངེས་པའི་ངེས་ཤེས་ནི་ཕྱོགས་ཆོས་འཛིན་པའི་རྟགས་འཛིན་སེམས་སོ། །མེ་མེད་ཀྱི་ཆུ་རླུང་འཛིན་པའི་ཚད་མས་རྟོག་པ་གཉིས་དྲངས་ནས་དགག་རྟོག་གིས་དཔེའི་སྟེང་དུ་མེ་མེད་ངེས་པར་བྱེད་ལ། དེའི་མཇུག་ཐོགས་སུ་དུ་བ་མེད་པར་ངེས་པའི་བློ་སྐྱེ་ལ། རྟོག་པ་གཉིས་པོའི་བྱེད་པས་མེ་མེད་ན་དུ་བ་མེད་པར་ངེས་སྙམ་པའི་བློ་ནི་ཁྱབ་འབྲེལ་འཛིན་པའི་སེམས་སོ། །རྟགས་འཛིན་གྱི་སེམས་དེ་གཉིས་ཀྱིས་དྲན་པ་བསྐྱེད་ནས་རྗེས་དཔག་འབྱུང་བར་བྱེད་དོ། །མདོར་ན་དགག་གཞི་འཛིན་པའི་ཚད་མ་ལས་སྐྱེས་པ་ཡིན་པས་གཞན་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །གཙོ་བོའི་སྒྲ་དོན་གྱི་ཆོས་ཅན་དང་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ལ། དེ་དང་དེ་ལ་རྟོག་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ནི་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མ་ཡིན་ལ། དེས་དྲངས་པའི་རྟགས་ཆོས་ཅན་ལ་ངེས་པའི་བློ་ནི་རྟགས་འཛིན་གྱི་སེམས་སོ། །ཁྱབ་འབྲེལ་ངེས་ཚུལ་ནི། དེ་གཏན་ལ་འབེབས་པའི་དཔེ་དང་རྗེས་སུ་དྲན་པའི་མཐུན་དཔེ་གཉིས་ལས་ཐོག་མར་གཏན་ལ་འབེབས་པའི་མཐུན་དཔེ་ནི། ཁྱབ་པ་ཚད་མས་རྟོགས་པར་བྱས་ནས་རྟགས་ཆོས་ཀྱི་འབྲེལ་པ་འཛིན་པའི་རྟགས་འཛིན་གྱི་སེམས་སྐྱེ་ལ། རྗེས་སུ་དྲན་པའི་དཔེ་ལ་ནི། སྔར་གཏན་ལ་འབེབས་པའི་མཐུན་དཔེའི་སྟེང་དུ་ཚད་མས་རྟོགས་པ་སྔོན་དུ་སོང་བས་རྗེས་སུ་དྲན་པ་ཙམ་དེ་ཉིད་འབྲེལ་པ་རྟོགས་པའི་རྟགས་འཛིན་སེམས་སོ། །གཏན་ལ་འབེབས་པའི་དཔེ་ནི་དང་པོར་གྲུབ་དགོས་ཏེ། ཁྱབ་པ་ཚད་མས་གཏན་ལ་འབེབས་པའི་གཞི་ཡིན་པའི་ཕྱིར་དང༌། དངོས་མེད་དུ་རྟོགས་པའི་ཚད་མ་མི་སྲིད་པའི་ཕྱིར་རོ། །ནམ་མཁའི་པདྨ་དང་འདུས་མ་བྱས་ཀྱི་ནམ་མཁའ་སོགས་དཔེར་བྱེད་པ་ནི། རྗེས་སུ་དྲན་པའི་དཔེ་ཁོ་ན་ཡིན་པས། ངེས་པར་དངོས་པོར་གྲུབ་པ་ལ་མི་ལྟོས་སོ། །དཔེ་དང་པོ་ནི་གཞིའི་སྟེང་དུ་སྣང་རུང་མ་དམིགས་པས་ངེས་ལ། ནམ་མཁའ་ནི་གཟུགས་ཅན་རྣམས་ཀྱི་གོ་རྙེད་པའི་སྟོབས་ལས་ངེས་ཏེ། ནམ་མཁའ་མེད་པར་སྐྱེ་བའི་གོ་མི་རྙེད་པའི་ཕྱིར་དང༌། གཟུགས་ཅན་རྣམས་ཀྱི་སྐྱེ་བའི་གོ་འབྱེད་པ་ཙམ་ལ་ནམ་མཁའ་ཞེས་གདགས་པའི་ཕྱིར་རོ། འོ་ན་སེམས་སེམས་བྱུང་རྣམས་ཀྱང་ནམ་མཁར་ཐལ། གཟུགས་ཅན་སྐྱེ་བའི་གོ་བྱེད་པའི་ཕྱིར་རོ་ཞེ་ན། མིན་ཏེ། རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་མཐུས་གཟུགས་ཅན་རྣམས་གཞན་དུ་སྒྱུར་བ་དང༌། སྔར་ཡོད་མི་དམིགས་པར་བྱེད་པའི་ནུས་པ་མཐོང་བའི་ཕྱིར་དང༌། སེམས་ཅན་སྐྱེ་གནས་སུ་འགྲོ་བའི་གོ་འབྱེད་པ་སོགས་བྱེད་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ་རང་བཞིན་དག་པ་བ་དང༌། ལྟོས་པ་བ་གཉིས་ཏེ། རྟགས་ཀྱི་རང་ལྡོག་ངེས་པར་བྱེད་ཆོས། གཞན་བློ་ཡུལ་དུ་འགྱུར་བ་ལ་ལྟོས་མི་ལྟོས་གཉིས་སུ་ངེས་པའི་ཕྱིར་དང༌། དངོས་མིང་གིས་བྱེད་ཆོས་འཕངས་མ་འཕངས་གཉིས་སུ་ངེས་པའི་ཕྱིར་རོ། །དང་པོ་ནི། སྒྲ་མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ། །གཉིས་པ་ལ་ཡང༌། དངོས་མིང་གིས་ལྟོས་པ་ཟིན་པར་འཕངས་པ་དང་ཤུགས་ལ་འཕངས་པ་གཉིས་ཏེ། རིམ་པ་ལྟར་རྩོལ་བྱུང་ཡིན་པའི་ཕྱིར་དང༌། བྱས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་མ་དམིགས་པའི་གཏན་ཚིགས་ལ། མཚན་ཉིད་ནི་ཆོས་ཅན་ལ་བསྒྲུབ་བྱའི་ཆོས་དགག་པ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །དབྱེ་བ་ལ་མི་སྣང་བ་མ་དམིགས་པ་དང༌། སྣང་རུང་མ་དམིགས་པ་གཉིས་སོ། །དང་པོ་ནི། ཆོས་ཅན་ལྟར་མི་རུང་གི་ཡུལ་ཅན་གྱི་ཐ་སྙད་དོན་མཐུན་འགོག་པ་ལ་ཚུལ་གསུམ་ཚང་བའོ། །ཡང་ན་ལྟར་མི་རུང་གི་དམིགས་བྱེད་ཀྱི་ཚད་མ་མེད་པ་རྟགས་སུ་བཀོད་ནས་ཤེས་འདོད་ཆོས་ཅན་ལ་ཡོད་ངེས་ཀྱི་ཐ་སྙད་ཙམ་འགོག་པ་ལ་ཚུལ་གསུམ་ཚང་བའོ། །དཔེར་ན་མདུན་གྱི་གཞི་འདིར་ཤ་ཟའི་ཐ་སྙད་ཡོད་ངེས་འགོག་པ་ལ་ཚད་མས་མ་དམིགས་པ་བཀོད་པ་ལྟ་བུའོ། །ཅིའི་ཕྱིར་འདི་ཡོད་ངེས་ཀྱི་ཐ་སྙད་བཀག་པ་ལ་རྟགས་ཡིན་ཅེ་ན། ཆོས་དེ་ཡོད་ངེས་ཀྱི་ཐ་སྙད་འཇུག་པ་ལ་ཆོས་དེ་དམིགས་བྱེད་ཀྱི་ཚད་མ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །འཇུག་པ་བློ་སྔོན་ཅན་ཉིད་ཕྱིར། །ཞེས་པ་ལྟར་རོ། །དེས་ན་འདི་ཐ་སྙད་ཀྱི་རྒྱུ་མཚན་བཀག་པ་རྟགས་སུ་བཀོད་པས་རྒྱུ་མ་དམིགས་པར་འདུས་སོ། །ཅིའི་ཕྱིར་མི་སྣང་བ་མ་དམིགས་པ་ཞེས་བྱ་ཞེ་ན། མེད་ངེས་སུ་སྒྲུབ་མི་ནུས་ཀྱང་བློ་ལ་སྣང་དུ་རུང་བ་ཙམ་འགོག་པར་བྱེད་པའི་ཕྱིར་རོ། །ཡང་ན་ཡོད་ཀྱང་སྣང་དུ་མི་རུང་བ་ཙམ་གོ་བར་བྱེད་པའི་མ་དམིགས་པའི་རྟགས་ཡིན་པས་དེ་སྐད་བརྗོད་དོ། །འགའ་ཞིག་མི་སྣང་བ་མ་དམིགས་པ་དང་སྣང་རུང་མ་དམིགས་པའི་ཁྱད་པར་དགག་བྱའི་ཆོས་ལྟར་རུང་མི་རུང་ལ་བྱེད་པ་ནི་ནོར་བ་སྟེ། མི་སྣང་བ་མ་དམིགས་པའི་དགག་བྱའི་ཆོས་ཀྱང་ཡོད་ན་སྣང་རུང་ཡིན་པའི་ཕྱིར་ཏེ། ཡོད་ངེས་ཀྱི་ཐ་སྙད་མིན་ན་ཡོད་ན་ལྟར་རུང་ཡིན་པས་ཁྱབ་པའི་ཕྱིར་རོ། སྒྲ་དོན་ནི། བསྐལ་པའི་དོན་ནི་ཡོད་ཀྱང་ལྟར་མི་རུང་བས་དབང་པོ་ལ་མི་སྣང་བའི་ཕྱིར་མི་སྣང་བ་ཡིན་ལ། དེ་ཉིད་ཀྱིས་ན་དེའི་ཡུལ་ཅན་གྱི་ཐ་སྙད་ལ་ཡང་མི་སྣང་བ་ཞེས་བརྗོད་དོ། །དེ་འགོག་པར་བྱེད་པའི་དགག་པའི་རྟགས་ཡིན་པས་མ་དམིགས་པ་ཞེས་བརྗོད་དོ། ཡོད་ཅེས་པའི་ཐ་སྙད་དགག་པ་ལ་ཉེ་བར་མཁོ་བའི་རྟགས་སུ་བཤད་ཀྱི། སྐྱེས་བུ་ལ་འཇུག་ཡུལ་སྒྲུབ་པར་ནུས་པའི་རྟགས་ནི་མིན་ཏེ། བླང་དོར་གྱི་ཡུལ་མི་སྟོན་པའི་ཕྱིར་ཏེ། དོན་འགའ་ཞིག་ལ་ཡོད་པའམ་མེད་པར་མཐའ་གཅིག་ཏུ་ངེས་པར་བྱེད་མི་ནུས་པའི་ཕྱིར་རོ། །གཉིས་པ་སྣང་རུང་མ་དམིགས་པའི་རྟགས་ལ་མཚན་ཉིད་ནི། སྣང་རུང་གི་ཡུལ་ཅན་ཚད་མས་མ་དམིགས་པར་འཕེན་བྱེད་ཀྱི་རྟགས་བཀོད་ནས་ཆོས་ཅན་ལ་མེད་ངེས་ཀྱི་ཐ་སྙད་སྒྲུབ་པ་ལ་ཚུལ་གསུམ་ཚང་བའོ། །འདི་ལ་ཐ་སྙད་སྒྲུབ་འབའ་ཞིག་པ་དང་དོན་སྒྲུབ་གཉིས་ལས། དང་པོ་ནི། ཆོས་ཅན་གྱི་སྟེང་དུ་མིང་དང་མིང་ཅན་གྱི་འབྲེལ་པ་དྲན་པར་བྱེད་པའི་རྟགས་སོ། །དཔེར་ན་སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། སྣང་རུང་གི་བུམ་པ་མེད་པའི་ཐ་སྙད་བྱར་རུང་སྟེ། སྣང་རུང་གི་བུམ་པ་ཡོད་ན་ལྟར་རུང་བ་ལས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་ལ་ཕྱོགས་ཆོས་དང་ཁྱབ་པ་ངེས་པའི་ཚུལ་གཉིས་ལས། དང་པོ་ནི་ས་ཕྱོགས་དག་པ་བ་དངོས་སུ་མཐོང་བ་ན། ས་ཕྱོགས་འདི་ནི་དམིགས་སོ་སྙམ་པའི་སྒྲུབ་རྟོག་དང༌། བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་དགག་རྟོག་གཉིས་འདྲེན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གཅིག་དམིགས་ཉམས་སུ་མྱོང་བ་ལས། །འདི་ནི་དམིགས་ཞེས་རྟོགས་ཅན་གྱི། བློ་ནི་སྐྱེ་བར་འགྱུར་བ་ཡིན། ཞེས་གསུངས་པ་ལྟར་རོ། །དེ་ལ་དགག་རྟོག་གིས་ས་ཕྱོགས་ཀྱི་སྟེང་དུ་བུམ་པ་མེད་པར་ངེས་ལ། དེ་ཡང་མངོན་སུམ་གྱིས་དྲངས་པའི་ཕྱིར་མངོན་སུམ་གྱི་བྱེད་པས་གྲུབ་པ་ལ་མངོན་སུམ་གྱིས་གྲུབ་ཅེས་བརྗོད། བློ་ལ་ཡང་དག་འཛིན་མངོན་སུམ་རང་རིག་གིས་མྱོང་བ་ལས་དག་འཛིན་མངོན་སུམ་དམིགས་པ་དང༌། བུམ་འཛིན་མ་དམིགས་པའི་རྟོག་པ་གཉིས་སྐྱེ་ལ། དགག་རྟོག་གིས་བུམ་འཛིན་མ་དམིགས་པ་ངེས་པ་ན། མ་དམིགས་པ་ཡང་མངོན་སུམ་གྱི་བྱེད་པས་གྲུབ། ཡུལ་གྱི་བུམ་མེད་དང་ཡུལ་ཅན་གྱི་བུམ་འཛིན་མ་དམིགས་པ་གཉིས་ལས་སྔ་མ་གཞན་རིག་མངོན་སུམ་གྱི་བྱེད་པ། ཕྱི་མ་རང་རིག་མངོན་སུམ་གྱི་བྱེད་པས་གྲུབ་པའི་ཕྱིར་ས་ཕྱོགས་ལ་བུམ་པ་མ་དམིགས་པ་མངོན་སུམ་གྱིས་གྲུབ་པའི་ཚུལ་ནི་དེ་ལྟར་རོ། །གཉིས་པ་ནི་དེའི་སྟེང་དུ་བརྡའི་དབང་གིས་གྲུབ་པ་ཡིན་ཏེ། མ་དམིགས་པ་ལ་མེད་པའི་ཐ་སྙད་མཐོང་བའི་རྗེས་སུ་འབྲང་བའི་ངེས་ཤེས་ཀྱིས་གྲུབ་པའི་ཕྱིར་རོ། དེས་ན་ཁྱབ་པ་གཉིས་ནི་གྲགས་པས་གྲུབ་ཅེས་བྱའོ། །དཔེར་ན་བརྡ་དུས་སུ་ལོ་འདབ་དང་ལྡན་པའི་ཤ་པ་ལ་ཤིང་ཞེས་པའི་བརྡ་སྦྱོར་བ་མཐོང༌། ཕྱིས་ཙནྡན་ལྟ་བུའི་མཚན་གཞིའི་སྟེང་དུ་ལོ་འདབ་དང་ལྡན་པ་མཐོང་ཡང་ཤིང་གི་ཐ་སྙད་མི་ཤེས་ལ། ཙནྡན་ཆོས་ཅན། ཤིང་ཡིན་ཏེ། ཡལ་ག་ལོ་འདབ་དང་ལྡན་པའི་ཕྱིར། སྔར་མཐོང་བའི་ཤ་པ་བཞིན་ནོ་ཞེས་པ་ལྟ་བུའོ། །འདི་ཡང་དཔེའི་སྟེང་དུ་མིང་དང་མིང་ཅན་གྱི་འབྲེལ་པ་གྲུབ་ཟིན་པ་ཆོས་ཅན་གྱི་སྟེང་དུ་དྲན་པར་བྱེད་པས་ཐ་སྙད་སྒྲུབ་འབའ་ཞིག་པའོ། །ཇི་ལྟར་ན་དོན་མི་སྒྲུབ་ཅེ་ན། བུམ་མེད་ཀྱི་ཐ་སྙད་ཀྱི་དོན་ནི་བུམ་པ་སྣང་རུང་མ་དམིགས་པ་ཡིན་ལ། དེ་ཡང་ཕྱོགས་ཆོས་ངེས་པའི་དུས་སུ་གྲུབ་ཟིན་པའི་ཕྱིར་ཏེ། ས་ཕྱོགས་དག་པ་བ་མངོན་སུམ་གྱིས་མཐོང་བ་ན་སྒྲུབ་རྟོག་དང་དགག་རྟོག་གིས་བུམ་པ་གྲུབ་ཟིན་པའི་ཕྱིར་དང༌། རང་རིག་གིས་དག་འཛིན་མངོན་སུམ་ཉམས་སུ་མྱོང་བ་ལས་རྟོག་པ་གཉིས་དྲངས་ནས་དགག་རྟོག་གིས་བུམ་འཛིན་མ་དམིགས་པར་གྲུབ་ཟིན་པའི་ཕྱིར་རོ། །མདོར་ན་གཞན་རིག་གི་བྱེད་པས་ཡུལ་གྱི་བུམ་མེད་དང༌། རང་རིག་གི་བྱེད་པས་ཡུལ་ཅན་གྱི་བུམ་འཛིན་མ་དམིགས་པར་གྲུབ་པས། ཕྱོགས་ཆོས་ངེས་པའི་དུས་སུ་མངོན་སུམ་གྱིས་གྲུབ་ཟིན་པའི་ཕྱིར་ཐ་སྙད་འབའ་ཞིག་སྒྲུབ་ཅེས་བྱའོ། །འོ་ན་ཐ་སྙད་སྒྲུབ་པ་ཡང་མི་འཐད་པར་ཐལ། ཐ་སྙད་ནི་བུམ་པ་མེད་པར་ངེས་པའི་ངེས་ཤེས་དང་སྒྲའི་ཐ་སྙད་ཡིན་ལ། བུམ་པ་མེད་པའི་དོན་ཁོང་དུ་ཆུད་པའི་ཚེ་ངེས་ཤེས་ཀྱང་སྐྱེས་ཟིན་པའི་ཕྱིར་དང༌། དེ་ཉིད་ཀྱིས་ནི་སྒྲའི་ཐ་སྙད་ལ་ཡང་མི་རྨོངས་པའི་ཕྱིར་ཞེ་ན། འདིར་ཐ་སྙད་ཅེས་པ་ངེས་པའི་བློའི་ཐ་སྙད་དང༌། བརྗོད་པ་ངག་དང༌། འཇུག་ལྡོག་ལུས་ཀྱི་ཐ་སྙད་གསུམ་ཡིན་ལ། གསུམ་འཇུག་ཚུལ་ཡང་ངེས་པ་བློའི་ཐ་སྙད་སྐྱེས་ན་བརྗོད་པ་སྒྲའི་ཐ་སྙད་སྦྱོར་བར་བྱེད་ལ། ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་ལུས་ཀྱི་བླང་དོར་ལ་འཇུག་པ་ཡིན་ནོ། །ཕྱིས་ནི་ཐོག་མར་བརྡ་མཐོང་བ་ལ་བརྟེན་ནས་དེའི་རྗེས་སུ་འབྲང་བའི་ངེས་པ་བློའི་ཐ་སྙད་སྐྱེས་པའང་ཡོད་པའི་ཕྱིར་རོ། །འདིར་བསྒྲུབ་བྱ་བྱ་བའི་ཐ་སྙད་ནི་དོན་བུམ་པ་མ་དམིགས་པའི་ངེས་པ་དང་མེད་པ་སྒྲའི་ཐ་སྙད་ངེས་པ་གཉིས་ལས། བུམ་པ་མེད་པའི་མིང་དེས་སྒྲའི་ཐ་སྙད་སྒྲུབ་པ་ཡིན་པས་ཉེས་པ་མེད་དོ། །མདོར་ན་མིང་ངེས་པའི་ངེས་ཤེས་དང་དོན་ངེས་པའི་ངེས་ཤེས་གཉིས་ལས། ཐ་མ་ནི་ཕྱོགས་ཆོས་ངེས་པའི་དུས་སུ་གྲུབ་ཟིན་པས། མི་སྒྲུབ་པས་དང་པོ་ཉིད་སྒྲུབ་ཅེས་པའི་དོན་ནོ། །མིང་ཙམ་སྒྲུབ་པ་མིན་གྱི། མཚན་ཉིད་ལ་དོན་དང་མཚོན་བྱ་ལ་མིང་དུ་བྱས་པའི་མིང་དོན་གཉིས་ཀྱི་ནང་ནས་མིང་སྒྲུབ་ཅེས་པའི་དོན་ནོ། །དོན་སྒྲུབ་ནི་སྤྱིར་མིང་དོན་ཙམ་དུ་སྐྱེ་བའི་མིང་གི་ཟླས་དབྱེ་བའི་དོན་ལ་རྨོངས་པ་གཅོད་པའི་རྟགས་ལ་དོན་སྒྲུབ་ཅེས་བསྟན་པས་ན་དོན་སྒྲུབ་སྟེ། མཚན་ཉིད་ནི་ཆོས་ཅན་གྱི་སྟེང་དུ་དོན་ལ་རྨོངས་པ་སེལ་བའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའོ། །དེ་ལ་དོན་ལ་མ་རྨོངས་ཀྱང་མིང་དོན་གྱི་འབྲེལ་པ་ལ་རྨོངས་པ་ལ་ཐ་སྙད་སྒྲུབ་འགོད། མིང་དང་དོན་གཉིས་ཀ་ལ་རྨོངས་པ་ལ་དོན་སྒྲུབ་འགོད་པ་ཡིན་ནོ། །ཐ་སྙད་སྒྲུབ་ཡང་མིང་ཙམ་སྒྲུབ་པ་མིན་གྱི། མིང་དོན་གྱི་འབྲེལ་པ་སྒྲུབ་པ་ནི་སྐབས་ཀྱི་དོན་ནོ། །དོན་ལ་རྨོངས་ན་མིང་དོན་གྱི་འབྲེལ་པ་ལ་ཡང་རྨོངས་པས་ཁྱབ་པས་དོན་སྒྲུབ་དགོས་ན་ཐ་སྙད་སྒྲུབ་དགོས་པས་ཁྱབ་ཀྱི། ཐ་སྙད་སྒྲུབ་དགོས་པ་ལ་དོན་སྒྲུབ་དགོས་པས་མ་ཁྱབ་བོ། །གཉིས་པ་སྣང་རུང་མ་དམིགས་པའི་རྟགས་ལ་གཉིས་ཏེ། འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་པའོ། །དང་པོ་ནི། འབྲེལ་ཡུལ་བཀག་ནས་འབྲེལ་པོ་འགོག་པ་ལ་ཚུལ་གསུམ་ཚང་བའོ། །དེ་ལ་རྒྱུ་མ་དམིགས་པ་དང༌། ཁྱབ་བྱེད་མ་དམིགས་པ་དང༌། རང་བཞིན་མ་དམིགས་པ་དང༌། དངོས་འབྲས་མ་དམིགས་པ་དང་བཞིའོ། །དང་པོ་ནི། སྣང་རུང་གི་རྒྱུ་བཀག་ནས་ཆོས་ཅན་ལ་འབྲས་བུ་འགོག་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་ནི། ཁྱབ་བྱེད་བཀག་ནས་ཁྱབ་བྱ་འགོག་པ་དང༌། གསུམ་པ་ནི། དགག་ཆོས་སྣང་རུང་གི་ཡུལ་ཅན་བཀག་ནས་མེད་པའི་ཐ་སྙད་སྒྲུབ་པ་དང༌། བཞི་པ་ནི། དངོས་འབྲས་བཀག་ནས་རྒྱུ་འགོག་པ་ལ་ཚུལ་གསུམ་ཚང་བའོ། །གཉིས་པ་འགལ་ཟླ་དམིགས་པ་ནི། རང་བཞིན་འགལ་དམིགས་དང༌། འགལ་འབྲས་དམིགས་པའོ། །ཡང་ན། རང་བཞིན་འགལ་དམིགས། རྒྱུ་འགལ་དམིགས། ཁྱབ་བྱེད་འགལ་དམིགས་སོ། །དང་པོ་ལ། གྲང་རེག་གི་ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། ཁྱབ་བྱ་འགོག་པ་ལ་མེ་བཀོད་པ་བཞི་སྟེ། མཚན་ཉིད་ནི། དགག་བྱའི་ཆོས་ཀྱི་དངོས་པོ་འགལ་ཟླ་བསྒྲུབས་ནས་འགོག་པ་ལ་ཚུལ་གསུམ་ཚང་བ་དང༌། འབྲས་བུའི་འགལ་ཟླ་སྒྲུབ་པ་དང༌། ཁྱབ་བྱེད་ཀྱི་འགལ་ཟླ་བསྒྲུབས་ནས་འགོག་པ་ལ་ཚུལ་གསུམ་ཚང་བའོ། །དང་པོ་ནི་གྲང་རེག་མེད་དེ། མེ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི་གྲང་འབྲས་སྤུ་ལོང་བྱེད་མེད་དེ། ཅེས་པ་དང༌། གསུམ་པ་ནི། གྲང་རྒྱུ་ནུས་པ་ཐོགས་མེད་མེད་དེ། མེ་སྟོབས་ཆེན་ཡོད་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །གཉིས་པ་འགལ་བའི་འབྲས་བུ་དམིགས་པ་རྒྱུ་དང༌། འགལ་བའི་འབྲས་བུ་དམིགས་པ་འབྲས་བུ་དང༌། འགལ་བའི་འབྲས་བུ་དམིགས་པ་ཁྱབ་བྱེད་དང༌། འགལ་བའི་འབྲས་བུ་དམིགས་པ་རྣམས་སོ། །མཚན་ཉིད་རིམ་པ་བཞིན། ཆོས་ཅན་གྱི་སྟེང་དུ་རང་གི་རྒྱུའི་དངོས་ཀྱི་འགལ་ཟླའི་རང་བཞིན་བཀག་པ་དང༌། འབྲས་བུ་བཀག་པ་དང༌། རྒྱུ་བཀག་པ་དང༌། ཁྱབ་བྱ་བཀག་པ་ལ་ཚུལ་གསུམ་ཚང་བའོ། །དཔེར་ན་གྲང་རེག་མེད་དེ། དུ་བ་དྲག་འཕྱུར་བ་ཡོད་པའི་ཕྱིར་དང༌། གྲང་རྒྱུ་ནུས་པ་ཐོག་མེད། གྲང་འབྲས་སྤུ་ལོང་བྱེད་དང༌། ཁ་བའི་རེག་པ་མེད་དེ། དུ་བ་དྲག་འཕྱུར་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །འགལ་ཁྱབ་དམིགས་པ་ལ་བཞི་སྟེ། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ། རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པ། འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པ། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་རྣམས་ཏེ། མཚན་ཉིད་ནི་རིམ་བཞིན། དགག་བྱའི་ཆོས་ཀྱི་རང་བཞིན་དང༌། རྒྱུ་དང༌། འབྲས་བུ་དང༌། ཁྱབ་བྱེད་ཀྱི་དངོས་ཀྱི་ཁྱབ་བྱ་རྟགས་སུ་བཀོད་ནས་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བ། དཔེར་ན། གྲང་རེག་དང༌། གྲང་འབྲས་སྤུ་ལོང་བྱེད། གྲང་རྒྱུ་ནུས་པ་ཐོགས་མེད་དང༌། བ་མོའི་རེག་པ་རྣམས་མེད་པར་སྒྲུབ་པ་ལ། ཙནྡན་གྱི་མེ་རྟགས་སུ་བཀོད་པ་ལྟ་བུའོ། །ཕན་ཚུན་སྤངས་འགལ་གྱི་འགལ་ཟླ་དམིགས་པའི་རྟགས་ཀྱི་མཚན་ཉིད་ནི། ཆོས་ཅན་གྱི་སྟེང་དུ་དགག་ཆོས་དང་དོན་གཞན་དུ་མ་གྱུར་པའི་གནོད་བྱེད་སྒྲུབ་པར་བྱེད་པ་རྟགས་སུ་བཀོད་ནས་དགག་བྱ་འགོག་པ་ལ་ཚུལ་གསུམ་ཚང་བ། དབྱེ་ན་ངེས་པས་ལྟོས་པ་འགོག་པ་དང༌། ལྟོས་པས་ངེས་པ་འགོག་པའི་རྟགས་གཉིས་སོ། །དང་པོའི་མཚན་ཉིད་ནི། མཚོན་བྱའི་སྟེང་དུ་གྲུབ་ཙམ་ཉིད་ནས་འཇིག་ངེས་རྟགས་སུ་བཀོད་ནས་འཇིག་པར་འགྱུར་བ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་བཅས་འགོག་པ་ལ་ཚུལ་གསུམ་ཚང་བ། དཔེར་ན་བྱས་པ་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པར་སྒྲུབ་པ་ལ། རང་གྲུབ་ཙམ་ནས་འཇིག་ངེས་རྟགས་སུ་བཀོད་པ་ལྟ་བུའོ། །འདི་ཡང་འགལ་བའི་ཁྱབ་བྱ་དམིགས་པ་དང༌། ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་གསུམ་དུ་འགྱུར་ཏེ། འདི་ལྟར་དགག་བྱའི་ཆོས་འཇིག་རྒྱུ་དོན་གཞན་ལ་ལྟོས་བཅས། དེའི་དངོས་ཀྱི་འགལ་ཟླ་འཇིག་རྒྱུ་དོན་གཞན་ལ་ལྟོས་མེད། དེའི་ཁྱབ་བྱ་རང་གྲུབ་ཙམ་ནས་འཇིག་ངེས་རྟགས་སུ་སྦྱར་བའི་ཕྱིར་དང༌། ཡང་དགག་ཆོས་འཇིག་རྒྱུ་དོན་གཞན་ལ་ལྟོས་བཅས། ཁྱབ་བྱེད་རང་གྲུབ་ཙམ་ནས་འཇིག་ངེས་མིན་པ་དེ་དང་འགལ་བ་རང་གྲུབ་ཙམ་ནས་འཇིག་ངེས་རྟགས་སུ་སྦྱར་བའི་ཕྱིར་དང༌། ཡང་དགག་ཆོས་འཇིག་རྒྱུ་དོན་གཞན་ལ་ལྟོས་བཅས། དེའི་ཁྱབ་བྱ་ལྟོས་བཅས་ཙམ་དེ་དང་འགལ་བ་ལྟོས་མེད། དེའི་ཁྱབ་བྱ་རང་གྲུབ་ཙམ་ནས་འཇིག་ངེས་རྟགས་སུ་སྦྱར་བའི་ཕྱིར་རོ། །གཉིས་པའི་མཚན་ཉིད་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཕྱི་རྒྱུ་ལ་ལྟོས་བཅས་རྟགས་སུ་བཀོད་ནས་རྒྱུ་ལས་གྲུབ་ངེས་འགོག་པ་ལ་ཚུལ་གསུམ་ཚང་བའོ། །དཔེར་ན་གོས་དཀར་པོ་ཆོས་ཅན། གྲུབ་ཙམ་ཉིད་ནས་སེར་པོར་ངེས་པ་མིན་ཏེ། སེར་པོར་འགྱུར་བ་ཕྱིས་འབྱུང་གི་ཚོས་མཁན་སོགས་ལ་ལྟོས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གཉིས་པ་རྣམ་གཞག་ལ། འགའ་ཞིག་རྒྱུ་དང་ཁྱབ་བྱེད་མ་དམིགས་པ་རྣམས་ཀྱི་དགག་བྱའི་ཆོས་ཤེས་འདོད་ཆོས་ཅན་ལ་སྣང་དུ་མི་རུང་སྟེ། གཞན་དུ་ན་རང་བཞིན་མ་དམིགས་པ་རྟགས་སུ་བཀོད་པས་ཆོག་པས་རྒྱུ་དང་ཁྱབ་བྱེད་མ་དམིགས་པ་རྟགས་སུ་འགོད་པ་དོན་མེད་དོ་ཞེས་འདོད་དོ། །ཕྱི་རོལ་གྱི་ཆོས་ཅན་ལ་དགག་ཆོས་ཡོད་ཀྱང་ལྟར་མི་རུང་བའི་རྒྱུ་མཚན་མེད་པའི་ཕྱིར་ན་མི་རིགས་སོ། །དེས་ན་རྒྱུ་དང་ཁྱབ་བྱེད་རང་བཞིན་མ་དམིགས་པ་གསུམ་ནི་དགག་ཆོས་ཡོད་ན་ལྟར་རུང་ཡིན་ལ། དངོས་འབྲས་མ་དམིགས་པ་གསུམ་ནི་དགག་ཆོས་ཡོད་ཀྱང་ལྟར་མི་རུང་སྟེ། རྩིག་པ་ལ་སོགས་པའི་སྒྲིབ་བྱེད་ཀྱིས་ཆོད་པའི་ཕྱིར། འདི་འབྲེལ་ཟླ་མ་དམིགས་པ་གསུམ་ལ་འདི་དག་གིས་དོན་སྒྲུབ་བམ་ཐ་སྙད་སྒྲུབ་ཅེ་ན། རང་བཞིན་མ་དམིགས་པ་ནི་ཐ་སྙད་སྒྲུབ་འབའ་ཞིག་ཡིན་ལ། གཞན་གསུམ་དོན་སྒྲུབ་བོ། །ཁྱབ་འབྲེལ་སྒྲུབ་ཚུལ་ཡང་རང་བཞིན་མ་དམིགས་པ་ནི། མ་དམིགས་པ་ལ་མེད་པའི་ཐ་སྙད་བྱེད་པ་མཐོང་བ་ལས་གྲུབ་པས་གྲགས་པས་གྲུབ་ལ། གཞན་གསུམ་ནི་ལྡོག་འབྲེལ་དངོས་སྟོབས་ཀྱིས་དངོས་སུ་གྲུབ་པའི་ཤུགས་ལ་གྲུབ་པ་ཡིན་ནོ། །འདི་དག་ལ་དངོས་འབྲེལ་ནི་མེད་དེ། མེད་དགག་ལ་འབྲེལ་པ་དངོས་སུ་ཚད་མས་རྟོགས་པ་མི་སྲིད་པའི་ཕྱིར་དང༌། དངོས་འབྲེལ་གྲུབ་པ་ནི་ཡོངས་གཅོད་ཁོ་ནར་གྲུབ་དགོས་པའི་ཕྱིར་རོ། །ཤུགས་འབྲེལ་ནི་གྲུབ་དགོས་ཏེ། ལྡོག་འབྲེལ་དངོས་སུ་གྲུབ་པའི་སྟོབས་ཀྱིས་འབྲེལ་དགོས་པའི་ཕྱིར་རོ། །རང་བཞིན་འགལ་དམིགས་འདི་དག་གི་དགག་བྱ་དངོས་སམ་བརྒྱུད་པས་འགོག་ཅེ་ན། རང་བཞིན་འགལ་དམིགས་བཞིས་དངོས་སུ་འགོག་ལ། གཞན་རྣམས་ཀྱིས་བརྒྱུད་ནས་འགོག་སྟེ། རང་བཞིན་འགལ་དམིགས་ཀྱི་དགག་བྱའི་ཆོས་གཞན་ལ་ལྟོས་མེད་དུ་འགོག་ནུས་ལ་གཞན་རྣམས་ཀྱིས་བསྒྲུབ་བྱའི་ཆོས་དང་དངོས་སུ་འགལ་སྟོབས་ཀྱིས་དགག་བྱའི་ཆོས་འགོག་ནུས་པ་མིན་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་མཚན་ཉིད་དང༌། མཚན་འཛིན་ངོས་བཟུང་བ་དང༌། མཚོན་བྱའི་དབྱེ་བ་དང་གསུམ་མོ། །དང་པོ་ནི། སྣོད་ཀྱི་རྗེ། གཞན་དུ་མི་འཐད་པའི་ཡན་ལག་ཅེས་ཚུལ་གཅིག་དུ་འདོད་པ་འཁྲུལ་ཏེ། ཆོས་ཅན་ལས་གཞན་དུ་མི་འཐད་ན། ཐུན་མོང་མིན་པར་འགྱུར་ལ། ཆོས་ལས་གཞན་དུ་མི་འཐད་ན། མིག་གི་གཟུང་བྱ་ཡང་ཡང་དག་དུ་འགྱུར་ཞིང༌། ཚོགས་དོན་ལས་གཞན་དུ་མི་འཐད་ན། བསྒྲུབ་བྱ་ལ་ལྟོས་པར་འགྱུར་ལ། གོ་བྱེད་ལས་གཞན་དུ་མི་འཐད་ན། ཚུལ་གསུམ་ལས་མ་འདས་པའི་ཕྱིར་རོ། །རྒྱ་སྟོན་སོགས་ཁ་ཅིག ཕྱོགས་ཆོས་དང་རྗེས་འགྲོའམ། ཕྱོགས་ཆོས་དང་ལྡོག་པ་གང་ཡང་རུང་བའི་ཚུལ་གཉིས་པར་འདོད་པ་འཁྲུལ་ཏེ། རྗེས་འགྲོ་ཁྱད་པར་ཅན་དུ་ལྡོག་པ་འདུས་པའི་ཕྱིར་རོ། །རིགས་པ་ཅན་པ། ཆོས་ཅན་ལ་གྲུབ་པ་སྔ་མ་ཅན། མཐུན་ཕྱོགས་ལ་ཡོད་པ་ལྷག་མ་ཅན། མི་མཐུན་ཕྱོགས་ལ་མེད་པ་སྤྱི་ལ་མཐོང་བ། མངོན་སུམ་དང་ལུང་གཉིས་ཀྱིས་མི་གནོད་པ་འགལ་བ་མེད་པ་སྟེ་ཚུལ་བཞིར་འདོད་པ་འཁྲུལ་ཏེ། ཚུལ་གསུམ་གྲུབ་པ་འགལ་ན་ཚུལ་བཞིར་འདོད་པ་འཁྲུལ་ཏེ། ཚུལ་གསུམ་གྲུབ་པ་འགལ་ན་ཚུལ་གསུམ་མི་སྲིད་པའི་ཕྱིར་རོ། །མུ་སྟེགས་པ་ཁ་ཅིག་ཚུལ་གསུམ་དང༌། གྲངས་སོ་སོར་ངེས་པ་དང༌། གནོད་པ་མེད་པའི་ཡུལ་ཅན་ཏེ་ཚུལ་བཞི་པར་འདོད་པ་འཁྲུལ་ཏེ་ཚུལ་གསུམ་གྲུབ་ན་གནོད་པ་མེད་པའི་ཕྱིར་རོ། །དབང་ཕྱུག་སྡེ་ཚུལ་གསུམ་གྱི་སྟེང་དུ་གནོད་པ་མེད་པའི་ཡུལ་ཅན་བརྗོད་པར་འདོད་པའི་གྲངས་གཅིག་པ་ངེས་པ་སྟེ་ཚུལ་དྲུག་དུ་འདོད་པ་འཁྲུལ་ཏེ། ཚུལ་གསུམ་གྲུབ་ན་གནོད་པ་དང་འགལ་བ་ལ་འཁྲུལ་པ་མི་སྲིད་པའི་ཕྱིར་དང༌། ངེས་པ་དེ་ཚུལ་གསུམ་ངེས་པ་ཡིན་ན་ཚུལ་གསུམ་དུ་མི་འཐད་ལ། དེ་ལས་གཞན་ཡིན་ན་རྣམ་བཅད་མེད་པའི་ཕྱིར་རོ། །རང་ལུགས་ནི། ཕྱོགས་ཆོས་གྲུབ་ཅིང་འབྲེལ་པ་ངེས་པ་ནི་གཏན་ཚིགས་ཡང་དག་གི་མཚན་ཉིད་སྐྱོན་མེད་ཡིན་ནོ། །དེ་སྐད་དུ་ཕྱོགས་ཆོས་དེ་ཆས་ཁྱབ་པ་ནི། གཏན་ཚིགས་ཞེས་དང༌། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། །ངེས་པ་གཏན་ཚིགས་མི་དམིགས་དང༌། །བདག་དང་འབྲས་བུ་ཞེས་བྱ་གསུམ། །ཞེས་གསུངས་པའི་ཕྱིར་རོ། །རྒྱ་སྟོན་ན་རེ། རྟགས་ཚུལ་གཉིས་པར་ཐལ། ཕྱོགས་ཆོས་དང་འབྲེལ་པ་ངེས་པ་གཉིས་སུ་འདུས་པའི་ཕྱིར་ཟེར་ན། དེ་ལྟ་བུའི་སྐྱོན་གྱིས་གནོད་པ་མེད་དེ། མཐུན་ཕྱོགས་ལ་སྒྲུབ་པ་དང༌། མི་མཐུན་ཕྱོགས་ལ་འགོག་བྱེད་ཀྱི་ཚད་མ་གཉིས་མེད་ན། འབྲེལ་པ་མི་འགྲུབ་ན་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་གྲུབ་པས་སོ། །རྗེས་འགྲོས་ལྡོག་པ་འཕེན་པ་མི་འཐད་པར་ཐལ། རྗེས་འགྲོ་ཙམ་འཁྲུལ་ཞིང་རྗེས་འགྲོ་ཁྱད་པར་ཅན་དུ་ལྡོག་པ་འདུས་པའི་ཕྱིར་ཟེར་ན། དེ་ལྟ་བུའི་སྐྱོན་གྱིས་གནོད་པ་མེད་དེ། ཡོད་ན་ཡོད་པའི་རྗེས་འགྲོ་དེ་ཉིད་ལོག་ན་ལྡོག་པའི་ལྡོག་པ་ལ་མི་འཁྲུལ་བའི་ཕྱིར། དེས་ན་ཕྱོགས་ཆོས་དང་ཁྱབ་པ་ངེས་པ་དང༌། ཕྱོགས་ཆོས་དང་འབྲེལ་པ་ངེས་པ་དང༌། ཚུལ་གསུམ་ངེས་པ་རྣམས་དོན་གཅིག་ཡིན་ནོ། །བོད་ཁ་ཅིག་ཚུལ་གསུམ་ངེས་རུང་ཙམ་རྟགས་ཡང་དག་ཡིན་ནོ་ཞེ་ན། ཚུལ་གསུམ་ངེས་རུང་ཙམ་རྟགས་ཡང་དག་མིན་པར་ཐལ། ངེས་རུང་ཙམ་ནི་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། རང་ཉིད་དམ་དེའི་གཞི་ལ་ཐེ་ཚོམ་ཟ་ན་རྟགས་མ་གྲུབ་པ་ཡིན་ཏེ། དཔེར་ན་མེ་སྒྲུབ་པ་ལ་རླངས་པ་ལ་སོགས་པར་ཐེ་ཚོམ་ཟ་བའི་འབྱུང་བ་འདུས་པ་ལྟ་བུ་དང་ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ནི། རྟགས་ཡང་དག་ཡིན་ན་ཚུལ་གསུམ་ངེས་པ་དགོས་ཏེ། རྟགས་ཡང་དག་ཡིན་ན་གོ་བྱེད་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། གོ་བྱེད་དུ་འགྲོ་བ་ལ་མ་ངེས་པ་མི་སྲིད་དེ། ངེས་པ་མེད་ན་འབྲེལ་པ་མི་འགྲུབ་པའི་ཕྱིར་རོ། །རྣམ་ངེས་ལས། ཐ་མར་སྨོས་པའི་ངེས་པ་ནི། ཚུལ་གསུམ་ཀ་ལ་ལྟ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་ངེས་པ་འདི་ལ་གཞན་གྱི་ཀླན་ཀས་གནོད་པ་མེད་དེ། རྒྱུ་མཚན་འདི་ལྟར་ལོ། །ཁྱུང་སོགས་ཁ་ཅིག་ན་རེ། ངེས་པ་ལ་རྣམ་བཅད་མེད་དེ། ཚུལ་གསུམ་མ་ངེས་ཀྱང༌། རྟགས་ཡང་དག་ཡིན་པའི་ཕྱིར། དེ་ལྟ་མིན་ན་སྒྲོམ་ནང་གི་ས་བོན་ཡང་ས་བོན་མ་ཡིན་པར་མཚུངས་སོ་ཞེ་ན། རྣམ་བཅད་ཡོད་དེ། སྒྲོམ་ནང་གི་ས་བོན་ཡང་རྐྱེན་དང་མ་ཕྲད་ན་བྱེད་རྒྱུ་མིན་པ་བཞིན་དུ། རྟགས་ཀྱང་ཚུལ་གསུམ་མ་ངེས་ན་གོ་བྱེད་ཀྱི་རྒྱུ་མིན་པའི་ཕྱིར་རོ། །ཡང་ཚུལ་གསུམ་ངེས་པར་བྱས་པ་དེ། ངེས་བྱེད་ཀྱི་བློ་ལ་ལྟོས་ན། རྟགས་དུ་བ་སོགས་དོན་ཆོས་མིན་པར་འགྱུར་ལ། མི་ལྟོས་ན། ཐེ་ཚོམ་ཟ་བའི་དུས་ནའང་ངེས་པར་བྱས་པ་ཡོད་པས་ཐེ་ཚོམ་ཟ་བའི་རྟགས་ལྟར་སྣང་གཅོད་མི་ནུས་པར་ཐལ་ལོ་ཞེ་ན། བློ་ལ་ལྟོས་ལ་དེ་ལྟ་ནའང་སྣང་བཏགས་སོ་སོར་མ་ཕྱེ་བའི་དོན་ཆོས་མ་ཡིན་པར་མི་འགྱུར་ཏེ། འཇུག་པའི་ཚེ་སྣང་བཏགས་གཅིག་ཏུ་ཞེན་ནས་དགག་སྒྲུབ་བྱེད་པའི་ཕྱིར་རོ། །གཉིས་པ་མཚན་གཞི་ངོས་བཟུང་བ་ནི། རྒྱ་སྟོན་སོགས་ཁ་ཅིག་ལའི་དུ་བ་སོགས་རྩོད་གཞིས་ཁྱད་པར་དུ་བྱས་པ་རྟགས་ཀྱི་མཚན་གཞིར་འདོད་པ་དེ། རྩོད་གཞིས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ན་ཡུ་བུ་རྩོད་པ་མེད་དེ། མཐུན་སྣང་དུ་གྲུབ་པའི་ཕྱིར་རོ། །གཞན་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་ན། རྟགས་དུ་བ་ཆོས་ཅན། མཐུན་དཔེ་ཚང་མང་ལ་རྗེས་སུ་འགྲོ་བ་མེད་པར་ཐལ། རྩོད་གཞི་ལས་གཞན་ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར། རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཀྱང་རྟགས་དེ་དང་འདྲ་བར་རྩོད་གཞི་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་ཡིན་ནོ། །རྣམ་འགྲེལ་ལས། མི་ལྡན་གཅོད་ཕྱིར་གཞན་གང་ནི། །རྗེས་འགྲོ་མིན་པའི་སྐྱོན་རྟེན་མིན། །ཞེས་གསུངས་པའི་ཕྱིར་རོ། །རང་ལུགས་ནི། ཡུལ་དུས་རྣམ་པས་གཞན་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། བྱས་པ་ལ་སོགས་པ་གཞན་སེལ་སྤྱི་ལྡོག་རྟགས་ཀྱི་མཚན་ཉིད་ཡིན་ནོ། །བསྒྲུབ་བྱའི་ཆོས་ཀྱང་དེ་བཞིན་ནོ། །སྤྱི་མཚན་གཞི་ཡིན་པ་འདི་ལ་གཞན་མུ་སྟེགས་པ་དང༌། བོད་བསྡུས་པ་ཁ་ཅིག་སྤྱི་གཉིས་པོ་དེ་ལ་ཚུལ་གཉིས་མི་འཐད་དོ་ཞེ་ན། དེ་ལྟ་བུའི་ཀླན་ཀས་གནོད་པ་མེད་དེ། སྤྱི་དེ་ཉིད་རྩོད་གཞི་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པར་ངེས་པ་ཕྱོགས་ཆོས། མཐུན་ཕྱོགས་ལ་ཡོད་པར་ངེས་པ་རྗེས་འགྲོ་གྲུབ་པའི་ཕྱིར་རོ། །ཡང་སྤྱི་བསྒྲུབ་བྱའི་ཆོས་ཡིན་ན་གྲུབ་ཟིན་པར་ཐལ་ལོ་ཞེ་ན། དེ་འདྲའི་སྐྱོན་མེད་དེ། སྤྱི་དེ་རྩོད་གཞི་ལ་མི་ལྡན་རྣམ་གཅོད་དུ་སྔར་མ་གྲུབ་པ་སྒྲུབ་པའི་ཕྱིར་རོ། །གསུམ་པ་མཚོན་བྱའི་རབ་དབྱེ་ལ། ཇི་ལྟར་འབྱེད་པའི་ཚུལ། ཕྱེ་བའི་རང་བཞིན་ངེས་པར་བྱ་བ་དང༌། དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པ་དང་གསུམ། དང་པོ་ལ་དངོས་པོའི་སྒོ་ནས་དབྱེ་ན། ཚུལ་གསུམ་ངེས་པའི་མཚན་ཉིད་དེ་དང་ལྡན་པའི་གཏན་ཚིགས་ནི། དབྱེ་སྒོ་དུ་མར་འགྱུར་ཏེ། རྟགས་སུ་འགོད་བྱའི་སྒོ་ནས་དབྱེ་ན། མེད་དགག་དང་མ་ཡིན་དགག་རྟགས་སུ་བཀོད་པ་གཉིས། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། མེད་དགག་དང་མ་ཡིན་དགག་སྒྲུབ་པ་གཉིས། འབྲེལ་པའི་སྒོ་ནས་དབྱེ་ན། བདག་གཅིག་དང་དེ་བྱུང་འབྲེལ་པ་གཉིས། སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་དང་ཐ་སྙད་སྒྲུབ་གཉིས། སྒྲུབ་བྱེད་ཀྱི་སྒོ་ནས་དབྱེ་ན། གྲགས་པ་དང་དངོས་པོ་སྟོབས་ཞུགས་གཉིས་སོ། །སྦྱོར་བའི་སྒོ་ནས་དབྱེ་ན། མ་དམིགས་པ་དང་རང་བཞིན་དང་འབྲས་བུའི་གཏན་ཚིགས་གསུམ། བོད་ཁ་ཅིག་སྒྲུབ་རྟགས་ཡང་གཉིས་སུ་འབྱེད་ན། དགག་རྟགས་ཡང་གཉིས་སུ་འབྱེད་པས་བཞིར་འགྱུར་ལ། དགག་རྟགས་གཅིག་ཏུ་བསྡུས་ན། སྒྲུབ་རྟགས་ཀྱང་གཅིག་དུ་བསྡུས་པས་ཡང་ན་བཞི། ཡང་ན་གཉིས་སུ་འགྱུར་བས་གསུམ་གྱི་དབྱེ་བ་མི་འཐད་དོ་ཞེས་ཟེར་རོ། །ཆོས་ཀྱི་གྲགས་པ་ནི། དགག་རྟགས་མཐའ་དག་སྣང་རུང་མ་དམིགས་པར་འདུ་བའི་ཕྱིར་དཔེ་གཅིག་གི་སྟེང་དུ་གཏན་ལ་དབབ་དུ་རུང་བས་གཅིག་ཏུ་འདུ་ལ། སྒྲུབ་རྟགས་ཀྱི་སྦྱོར་བ་དཔེ་གཅིག་གི་སྟེང་དུ་སྦྱར་དུ་མི་རུང་བའི་ཕྱིར་གཉིས་སུ་ཕྱེ་བས། སྦྱོར་བའི་སྒོ་ནས་རྟགས་གསུམ་དུ་གྲངས་ངེས་པ་མཛད་པ་ཡིན་ནོ། །གཉིས་པ་ཕྱེ་བའི་རང་བཞིན་ངེས་པར་བྱ་བ་ལ། མི་དམིགས་པ་དང་རང་བཞིན་དང་འབྲས་བུའི་གཏན་ཚིགས་གསུམ། དང་པོ་ནི། དགག་བྱ་དངོས་སུ་འགོག་པ་ལ་ཚུལ་གསུམ་ངེས་པ་ནི་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ། །དབྱེ་ན་ངོ་བོ་འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། དང་པོ་ནི། འབྲེལ་ཡུལ་བཀག་པས་འབྲེལ་ཆོས་འགོག་པ་ལ་ཚུལ་གསུམ་ངེས་པ་ནི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ། །དབྱེ་ན་རང་བཞིན་མ་དམིགས་པ་ནི། དཔེར་ན་ལྟར་རུང་བུམ་པས་དག་པའི་ས་ཕྱོགས་འདི་ན་ཆོས་ཅན། ལྟར་རུང་བུམ་པ་མེད་ངེས་ཀྱི་ཐ་སྙད་བྱར་རུང་སྟེ། དེ་ཡོད་ན་དེ་དམིགས་དགོས་པ་གང་ཞིག དེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟའོ། །རྒྱུ་མ་དམིགས་པ་ནི། དཔེར་ན་སྔོ་འཕྱུར་བ་དང་ལྡན་པའི་མཚན་མོའི་རྒྱ་མཚོ་འདི་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཁྱབ་བྱེད་མ་དམིགས་པ་ནི། དཔེར་ན་ཤིང་གིས་དག་པའི་བྲག་རྫོང་འདི་ན་ཆོས་ཅན། ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་གཉིས་ལ་རྣམ་ངེས་ལས། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ནི། གཉིས་ཀའི་ཡང་གཏན་ཚིགས་ཡིན་ཞེས་དང༌། དེའི་འགྲེལ་པར་ཆོས་མཆོག་གིས། གཉིས་ཀའི་ཡང་ཞེས་བྱ་བ་ནི་དགག་པ་དང་ཐ་སྙད་ཀྱིའོ། །འབྲས་བུ་དང་ཁྱབ་བྱ་ལྟར་མི་རུང་བ་ནི། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པས་དངོས་པོ་མེད་པ་དང༌། མེད་པའི་ཐ་སྙད་གཉིས་ཀ་གོ་བར་བྱེད་ལ། འབྲས་བུ་དང་ཁྱབ་བྱ་ལྟར་རུང་བ་ལ་ནི། མེད་པའི་ཐ་སྙད་འབའ་ཞིག་ཏུ་ཟད་དོ་ཞེས་དང༌། ཤཱཀྱ་བློས། འདི་ལ་ཡང་ཕྱོགས་གང་ན་མེ་དང་དུ་བ་དམིགས་པའི་མཚན་ཉིད་སྤྱིར་གྱུར་པ་དག་མི་དམིགས་པ་དེ་ན་མེ་མེད་པ་བཞིན་དུ། དུ་བ་མེད་པ་ཡང་རང་བཞིན་མ་དམིགས་པ་ཁོ་ནས་ངེས་པ་ཡིན་པས། དེ་ལ་རྒྱུ་མི་དམིགས་པ་སྦྱོར་བ་ནི་མིན་ནོ། །འོན་ཀྱང་མཚོ་ཆེན་པོ་ལ་སོགས་པ་གང་ན་རླངས་པ་འཐུལ་བ་ལ་སོགས་པ་དུ་བ་དང་འདྲ་བས་བསླུས་པ་རང་བཞིན་མ་དམིགས་པ་ལས་དུ་བ་མེད་པ་ངེས་པར་བཟུང་མི་ནུས་ལ། མེ་མེད་པར་ནི་ངེས་པར་ཟིན་པ་དེ་ཁོ་ན་རྒྱུ་མི་དམིགས་པ་མེད་པ་སྒྲུབ་པ་ཡིན་ནོ་ཞེས་གསུངས་སོ། །འབྲས་བུ་མ་དམིགས་པ་ནི། དཔེར་ན། དུ་བས་དབེན་པའི་ར་ཀུན་ནས་བསྐོར་བ་བླ་གབ་མེད་པ་འདི་ན་ཆོས་ཅན། དུ་རྒྱུ་ནུས་པ་ཐོགས་མེད་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུ་སྟེ་བཞིའོ། །གཉིས་པ་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། གནོད་བྱེད་རྟགས་སུ་བཀོད་ནས་དགག་བྱ་འགོག་པ་ལ་ཚུལ་གསུམ་ངེས་པ། དབྱེ་ན་ལྷན་ཅིག་མི་གནས་པའི་འགལ་བ་དམིགས་པ་དང༌། ཕན་ཚུལ་སྤངས་འགལ་དམིགས་པ་རྣམ་པ་གཉིས། དང་པོ་ལ་དབྱེ་ན། བོད་ཁ་ཅིག་ན་རེ། མེ་རྒྱུ་ནུས་པ་ཐོགས་མེད་མེ་འབྲས་དུ་བ་མེའི་ཁྱབ་བྱ་ཙནྡན་གྱི་མེ་སྟེ། ཚ་རེག་བསྐོར་བཞིས་གྲང་རེག གྲང་རེག་གི་རྒྱུ་ནུས་པ་ཐོགས་མེད། གྲང་འབྲས་སྤུ་ལོང་བྱེད། གྲང་བའི་ཁྱབ་བྱ་བ་མོའི་རེག་པ་སྟེ། གྲང་རེག་སྐོར་བཞི་བཀག་པས་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པ་སོགས་བཞི། རང་བཞིན་དང་འགལ་བའི་རྒྱུ་དམིགས་པ་སོགས་བཞི། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པ་སོགས་བཞི། རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པ་སོགས་བཞི་སྟེ་སྦྱོར་བ་བཅུ་དྲུག་ཡོད་དོ་ཞེས་ཟེར་རོ། །མེ་རྒྱུ་ནུས་པ་ཐོགས་མེད་ཀྱིས་གྲང་རེག་སོགས་འགོག་མི་ནུས་པར་ཐལ། མེ་རྒྱུ་ནུས་པ་ཐོགས་མེད་མེད་དེ་སྐད་ཅིག་གཉིས་པ་ལ་མེ་བསྐྱེད་པའི་བུད་ཤིང་ཡིན་ན། མེ་མིན་ཞིང་ནུས་པ་ཐོགས་མེད་དུ་འཇོག་པ་སྐད་ཅིག་ཆ་མེད་ལ་བྱེད་ན་རྒྱུན་མེད་པའི་ཕྱིར་དང༌། དེ་གྲང་རེག་སོགས་དང་མི་འགལ་བའི་ཕྱིར་རོ། །ཡང་ན། མེ་རྒྱུ་ནུས་པ་ཐོགས་མེད་ཆོས་ཅན། གྲང་རེག་སོགས་འགོག་མི་ནུས་པར་ཐལ། མེ་མ་ཡིན་ཞིང་ཁྱོད་ཀྱི་རྒྱུན་མེད་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་སོ། །རང་ལུགས་ནི་སློབ་དཔོན་གྱི་གཞུང་ལས་གསུམ་དང་བཞི་ལ་སོགས་པ་རྣམ་གཞག་མང་དུ་བཤད་ཀྱང༌། གྲང་རེག་སོགས་འགོག་ནུས་སྔ་མ་བཅུ་གཉིས་ཡིན་ནོ། །གཉིས་པ་ཕན་ཚུན་སྤངས་འགལ་དམིགས་པ་ལ། དངོས་འགལ་དང་རྒྱུད་འགལ་དམིགས་པའི་སྦྱོར་བ་གཉིས་ལས། དང་པོ་ནི། ཕན་ཚུན་སྤངས་པ་དངོས་འགལ་གྱི་འགལ་ཟླ་འགོག་པ་ལ། འགལ་ཟླ་གཅིག་དམིགས་པ་རྟགས་སུ་སྦྱར་ནས་གོ་བྱེད་ཡང་དག་གི་རྟགས་དང་རྟགས་ཅན་བསྒྲུབ་བྱའི་ཆོས་སུ་འགྱུར་བ་མིན་ཏེ། དངོས་འགལ་བཀག་པ་དང་དམིགས་པ་གཉིས་རྣམ་གཅོད་ཡོངས་གཅོད་ཙམ་ཡིན་པའི་ཕྱིར་ཏེ། དཔེར་ན་སྒྲ་རྟག་པ་ཡིན་ཏེ། མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །རྣམ་ངེས་ལས། ཡང་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རྟག་པ་དང་མི་རྟག་པ་བཞིན་ནོ་ཞེས་སོ། །གཉིས་པ་ནི། དངོས་འགལ་དེ་ཡིས་ཁྱད་པར་དུ་བྱས་པའི་བརྒྱུད་འགལ་ཟླ་གཅིག་རྟགས་སུ་སྦྱར་ནས་འགོག་པའི་སྦྱོར་བ་ནི་ཁྱབ་བྱེད་འགལ་དམིགས་སུ་འདུས་པ་ཡིན་ཏེ། དཔེར་ན་སྒྲ་ཆོས་ཅན། རྟག་དངོས་ཀྱི་སྟོང་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། རྟག་དངོས་ཀྱི་ཁྱབ་བྱེད་མ་བྱས་པ་དེ་དང༌། དངོས་འགལ་བྱས་པ་རྟགས་སུ་སྦྱར་བ་ཁྱབ་བྱེད་འགལ་དམིགས་སོ། །དེས་ན་དགག་བྱའི་ཆོས་ཀྱི་ཁྱབ་བྱེད་དང་འགལ་བ་རྟགས་སུ་སྦྱར་བ་སྟེ། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་ཁྱབ་བྱེད་འགལ་དམིགས་ནི། དགག་བྱའི་ཆོས་ཀྱི་ཁྱབ་བྱེད་དང་དངོས་འགལ་རྟགས་སུ་སྦྱོར་ལ། ལྷན་ཅིག་མི་གནས་པའི་འགལ་བ་རྟགས་སུ་སྦྱོར་བ་ཡིན་ནོ། །ཐམས་ཅད་ལ་དེ་ལྟར་མགོ་སྒྲེ་བར་བྱའོ། །གཅིག་གི་ཡུལ་གྱིས་གཅིག་གི་ཡུལ་ཡིན་པ་ལ་གནོད་པས་ན། ཚད་མས་གནོད་པའི་འགལ་བ་ལ་བརྟེན་པའི་རྟགས་ཀྱང་ཁྱབ་བྱེད་དང་འགལ་བ་དམིགས་པའི་འགལ་ཁྱབ་དམིགས་པར་འདུས་ཏེ། དཔེར་ན། གོས་དཀར་ཆོས་ཅན། སྔོན་པོར་མ་ངེས་ཏེ། སྔོན་པོར་འགྱུར་བ་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ་ཞེས་པ་ལྟ་བུ་ལྟོས་པས་ངེས་པ་འགོག་པ་སྟེ། ངེས་པའི་དངོས་འགལ་མ་ངེས་པའི་ཁྱབ་བྱ་ལྟོས་བཅས་བཀོད་ནས་ངེས་པ་འགོག་པའོ། །ངེས་པས་ལྟོས་པ་འགོག་པ་ནི། བྱས་ཡོད་ཆོས་ཅན། འཇིག་པའི་ངོ་བོར་ངེས་ཏེ། འཇིག་པར་འགྱུར་བ་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་མེད་དུ་སྐྱེས་པའི་ཕྱིར་ཅེས་པའོ། །དགག་རྟགས་ཀྱི་འབྲེལ་པ་ངེས་ཚུལ་ཇི་ལྟ་བུ་ཡིན་ཅེ་ན། བོད་རྣམས་དངོས་པོའི་འབྲེལ་པ་འདོད་པ་བཀག་ཟིན་ལ། ལྷན་ཅིག་མི་གནས་པའི་འགལ་དམིགས་ཐམས་ཅད་བཟློག་པ་དེ་བྱུང་འབྲེལ་པ་ལ་བརྟེན་ཏེ། དགག་བྱ་གྲང་རེག་སྐོར་བཞི་པོ་རྟགས་མེ་སྟོབས་ལྡན་ལ་སོགས་པ་བཞི་པོ་མེད་པའི་ཚོགས་པས་སྐྱེད་པའི་ཕྱིར་ཟེར་བ་འཁྲུལ་ཏེ། གྲང་རེག་སྐོར་བཞི་པོ་མི་སྐྱེ་ཞིང་མེའི་སྐོར་བཞིས་ཀྱང་དབེན་པའི་རེག་བྱ་བཏང་སྙོམས་པའི་ཚོགས་པ་ཆོས་ཅན། གྲང་རེག་སྐོར་བཞིའི་རྒྱུར་ཐལ། མེའི་སྐོར་བཞི་མེད་པའི་ཚོགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་བསལ་ཆོས་ཅན་འཛིན་པས་གྲུབ་བོ། །གཉིས་པ་རང་ལུགས་ནི་སྒྲུབ་རྟགས་ཀྱི་འབྲེལ་ཡུལ་ལོག་པས་འབྲེལ་ཆོས་ཉིད་ལྡོག་པ་ཡིན་པ་དེས་དགག་རྟགས་ཀྱི་ལྡོག་འབྲེལ་བློ་ངོར་འགྲུབ་སྟེ། སྒྲུབ་རྟགས་ཀྱི་འབྲེལ་ཡུལ་བཀག་པས་འབྲེལ་ཆོས་ཁེགས་པས་སོ། །འགལ་དམིགས་ནི། འགལ་ཟླ་གྲུབ་ན་ཅིག་ཤོས་ལ་གནོད་པས་ཁེགས་ཀྱི། འབྲེལ་ཟླ་འགོག་པ་ལ་མི་ལྟོས་པས་ལྡོག་འབྲེལ་དཔྱད་མི་དགོས་སོ། །གཉིས་པ་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། རང་གི་བསྒྲུབ་བྱའི་ཆོས་སྒྲུབ་པ་དང་ངོ་བོ་དབྱེར་མེད་ཡིན་པས་སྒྲུབ་པ་ལ་ཚུལ་གསུམ་ངེས་པ། དབྱེ་ན། དངོས་དང་ཆ་མཐུན་ཁོང་དུ་འདུ་བ་གཉིས། དང་པོ་ལ་རྟགས་ཀྱི་སྒོ་ནས་དབྱེ་ན། རང་བཞིན་དག་པ་བ་དང་ཁྱད་པར་ལྟོས་པ་བ་གཉིས། དང་པོའི་མཚན་ཉིད། གང་ཞིག་རང་ངེས་པ་རང་གི་ཁྱད་པར་ངེས་པ་ལ་མི་ལྟོས་པ། དཔེར་ན་སྒྲ་ཆོས་ཅན། མི་རྟག་ཏེ། དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པའི་མཚན་ཉིད། གང་ཞིག་རང་ངེས་པ་རང་གི་ཁྱད་པར་ངེས་པ་ལ་ལྟོས་པ། དབྱེ་ན། རང་གི་ཆོས་ཀྱི་བྱེ་བྲག་ལ་ལྟོས་པ་ལ་ལྟོས་པ་ཁོང་ན་ཡོད་པ། སྒྲ་ཆོས་ཅན་མི་རྟག་ཏེ་བྱས་པའི་ཕྱིར་ཞེས་པ་ལྟ་བ་སྟེ། གང་གིས་བྱས་ན་རྒྱུས་བྱས་ཞེས་བརྗོད་པས་སོ། །ལྟོས་པ་དངོས་སུ་བརྗོད་པ། སྒྲ་ཆོས་ཅན། མི་རྟག་སྟེ། རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕྱིར་ཞེས་པ་ལྟ་བུའོ། །འབྲེལ་པ་གཞན་གྱི་ཆོས་ལ་ལྟོས་པ། སྒྲ་ཆོས་ཅན། མི་རྟག་སྟེ། སྐྱེ་ལྡན་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འདིས་མཚོན་ནས། རང་གི་སྒྲུབ་བྱའི་ཆོས་སྒྲུབ་པ་དང༌། ངོ་བོ་དབྱེར་མེད་ཀྱི་ཆོས་གང་བཀོད་དོ་ཅོག་ལ་ཚུལ་གསུམ་ཚང་བ་ཐམས་ཅད་རང་བཞིན་གྱི་རྟགས་ཡིན་ནོ། བསྒྲུབ་བྱའི་དབང་གིས་དབྱེ་ན། དོན་སྒྲུབ་དང་ཐ་སྙད་སྒྲུབ་གཉིས་སོ། །གཉིས་པ་དེ་ལྟ་བུའི་རང་བཞིན་གྱི་རྟགས་དེའི་ཆ་མཐུན་རྒྱུ་ཚོགས་པ་ཚང་བས་འབྲས་བུ་འབྱུང་རུང་དཔོག་པ་དང༌། དུ་རྒྱུ་ནུས་པ་ཐོགས་མེད་ཀྱིས་འདུས་བྱས་ཀྱི་དུ་བ་སྒྲུབ་པ་ལྟ་བུ། མུ་སྟེགས་བྱེད་དོན་གཞན་སྒྲུབ་པར་འདོད་པ་ཡང་དོན་གཞན་ལ་མི་ལྟོས་པའི་ཕྱིར་རང་བཞིན་རྟགས་ཀྱི་ཁོངས་སུ་འདུའོ། །གལ་ཏེ་རང་བཞིན་རྟགས་ལ་བདག་གཅིག་འབྲེལ་པ་དགོས་ན། དུ་རྒྱུ་ནུས་པ་ཐོགས་མེད་ཀྱིས་མི་རྟག་པའི་དུ་བ་སྒྲུབ་པ་ལ་མ་ཁྱབ་སྟེ། དེ་གཉིས་རྫས་ཐ་དད་ཡིན་པའི་ཕྱིར་ཟེར་ན། དེ་གཉིས་རྫས་མི་གཅིག་ཀྱང་དུ་རྒྱུ་ནུས་པ་ཐོགས་མེད་དུ་འཇོག་པ། དུ་བ་སྐྱེ་བཞིན་པ་མཐོང་བ་ལ་ལྟོས་པས་བཀོད་པ་དེ་ལྟར་བཀོད་ཀྱང༌། རྟགས་སུ་དུ་བ་སྐྱེ་བ་བཞིན་པ་དང་མི་རྟག་པའི་དུ་བ་རྫས་གཅིག་པའི་ཕྱིར། དེ་གཉིས་རྫས་ཐ་དད་པའི་སྐྱོན་གྱིས་མི་གོས་སོ། །གསུམ་པ་འབྲས་རྟགས་ཡང་དག་གི་མཚན་ཉིད། རང་གི་བསྒྲུབ་བྱའི་ཆོས་དོན་གཞན་ཡོད་པ་སྒྲུབ་པ་ལ་ཚུལ་གསུམ་ཚང་བ། དབྱེ་ན་དངོས་དང་ཆ་མཐུན་ཁོངས་སུ་འདུ་བ་གཉིས། དང་པོ་ནི་རང་གི་བསྒྲུབ་བྱའི་ཆོས་དང་དེ་བྱུང་འབྲེལ་བ་སྒྲུབ་པའི་རྟགས་ཐམས་ཅད་ནི་འབྲས་རྟགས་ཡིན་ནོ། །གཉིས་པ་ནི་དེ་ལྟ་བུའི་འབྲས་རྟགས་དེ་དང་ཆ་མཐུན་པ་ཆུ་སྐྱར་ལུས་ཁྱད་པར་ཅན་དང་ལྡན་པ་ལས། ཆུ་དང་རྒྱ་ཤུག་གནས་པ་ལ་རྟེན་བརྟེན་པ་དཔོག་པ་སོགས་མུ་སྟེགས་བྱེད། རྟགས་ལ་སོགས་འདོད་པ་ཡང་དོན་གཞན་གྱིས་ཕན་འདོགས་པའི་ཕྱིར་འབྲས་རྟགས་ཀྱི་ཁོངས་སུ་འདུའོ། །གལ་ཏེ་འབྲས་རྟགས་ལ་དེ་བྱུང་འབྲེལ་བ་དགོས་ན། དུ་བས་མེ་སྔོན་དུ་སོང་བ་སྒྲུབ་པ་ལ་མ་ཁྱབ་སྟེ། དེ་གཉིས་རྫས་གཅིག་པའི་ཕྱིར་ཟེར་ན། དེ་གཉིས་རྫས་གཅིག་པའི་ཆ་སྒྲུབ་ན་བདེན་ཡང༌། དུ་བས་མེ་སྔོན་དུ་སོང་བ་སྒྲུབ་པ་འདི་རྟགས་ཆོས་རྫས་གཅིག་ཡིན་པའི་སྐྱོན་ལས་གྲོལ་བ་ཡིན་ཏེ། དུ་བས་མེ་སྔོན་དུ་སོང་བ་དཔོག་པ་འདི་རྫས་ཐ་དད་པ་སྔར་གྱི་མེ་ལས་ད་ལྟར་གྱི་དུ་བ་སྐྱེས་པའི་སྒོ་ནས། རྒྱུ་སྔོན་སོང་སྒྲུབ་པ་ཡིན་པའི་ཕྱིར། སྒྲུབ་རྟགས་ཡང་དག་གི་མཚན་ཉིད། རང་གི་བསྒྲུབ་བྱའི་ཆོས་སྒྲུབ་པ་གོ་བར་བྱེད་པ་ལ་ཚུལ་གསུམ་ངེས་པ། དབྱེ་ན། རང་བཞིན་དང༌། རྟགས་གཉིས་འབྱེད་པའི་རྒྱུ་མཚན། དེ་ལ་རང་གི་བསྒྲུབ་བྱའི་ཆོས་དང་བདག་གཅིག་པ་དང༌། དེ་ལས་བྱུང་བ་གཅིག་ཡོད་པས་དེར་ཕྱེ་བ་ཡིན་ནོ། །གསུམ་པ་དེ་དག་གི་འབྲེལ་པ་ལ་ལོག་རྟོག་དགག་པ་ནི། རྩང་ནག་པ་ལ་སོགས་པ་ཁ་ཅིག་སྤྱིར་འབྲེལ་པའི་ཚུལ་ལ། འབྲེལ་ཆོས་ལ་འབྲེལ་ཆོས་དངོས་དང༌། དེའི་ཁྱད་པར་དུ་བྱེད་ཆོས་དང༌། དེས་ཁྱད་པར་དུ་བྱས་ཆོས་གསུམ་དང༌། འབྲེལ་ཡུལ་ལའང་འབྲེལ་ཡུལ་དངོས་དང༌། དེའི་ཁྱད་པར་དུ་བྱེད་ཆོས་དང༌། དེས་ཁྱད་པར་དུ་བྱས་ཆོས་དང་གསུམ་ཡོད་པ་ལས། འབྲེལ་ཆོས་དངོས་འབྲེལ་ཡུལ་གསུམ་ལ་འབྲེལ་པ་གསུམ། འབྲེལ་ཆོས་ཀྱི་ཁྱད་པར་དུ་བྱེད་ཆོས། འབྲེལ་ཡུལ་གསུམ་ལ་འབྲེལ་པ་གསུམ། འབྲེལ་ཆོས་ཀྱིས་ཁྱད་པར་དུ་བྱས་ཆོས་འབྲེལ་ཡུལ་གསུམ་ལ་འབྲེལ་པ་གསུམ་སྟེ། མུ་དགུ་ཡོད་པ་ལ་འབྲེལ་ཆོས་ནི། འབྲེལ་ཆོས་དངོས་དང༌། དེའི་ཁྱད་པར་དུ་བྱེད་ཆོས་གཉིས་འབྲེལ་པས་གོ་བྱེད་ལ་ཕན་གྱི། ཁྱད་པར་བྱས་ཆོས་དང་འབྲེལ་པས་མི་ཕན་ཏེ། བྱས་ཆོས་ལ་ཁྱབ་པས། བྱེད་ཆོས་ལ་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །འབྲེལ་ཡུལ་ནི། དངོས་དང་ཁྱད་པར་དུ་བྱས་ཆོས་གཉིས་ལ་འབྲེལ་པས་ཕན་གྱི། ཁྱད་པར་དུ་བྱེད་ཆོས་ལ་འབྲེལ་པས་མི་ཕན་ཏེ། ཁྱད་པར་དུ་བྱེད་ཆོས་ཡོད་པ་ན་བྱས་ཆོས་ཡོད་པར་མ་ངེས་པའི་ཕྱིར་རོ། །དེ་ལྟར་ན་འབྲེལ་ཡུལ་གྱི་ངོ་བོའམ་ཁྱད་པར་དུ་བྱེད་ཆོས་གཉིས་འབྲེལ་པ་སྟེ་གོ་བྱེད་ལ་ཕན་པའི་འབྲེལ་པ་བཞི་ཡོད་ལ། ལྷག་མ་ལྔས་མི་ཕན་ལོ། །དེ་དགག་པ་ནི། སྔོན་དུ་སོང་བའི་ཁྱད་པར་བྱེད་ཆོས་མེ་དང་དུ་བ་དེ་བྱུང་འབྲེལ་པ་གོ་ཆོད་པར་འདོད་པ་དང༌། འདིར་འབྲེལ་ཡུལ་གྱི་ཁྱད་པར་བྱེད་ཆོས་ལ་འབྲེལ་པས་གོ་མི་ཆོད་པར་འདོད་པ་འདི་ནི། རྣམ་གཞག་ནང་འགལ་བས་མི་འཐད་ལ། མྱུ་གུ་ལ་སོགས་པ་སློབ་དཔོན་གྱི་གཞུང་གི་དགོངས་པ་མིན་ཏེ། སློབ་དཔོན་གྱི་གཞུང་གང་ནས་ཀྱང་དེ་འདྲ་མ་བཤད་པའི་ཕྱིར། རྒྱུའི་ཆོས་ལ་ཁྱད་པར་བྱ་བྱེད་ཀྱི་འབྲེལ་པར་འདོགས་ན། རྒྱུ་ཆོས་དཔོག་པར་འདུས་པའི་ཕྱིར་རོ། །སློབ་དཔོན་གྱིས་འབྲེལ་པ་གཉིས་ལས་གཞན་ཡོད་པ་བཀག་སྟེ། རིགས་པའི་ཐིགས་པ་ལས། དེའི་རང་བཞིན་མིན་པ་དང༌། དེ་ལས་བྱུང་བ་མིན་པ་ནི་དེ་དང་འབྲེལ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ཞེས་གསུངས་པས་སོ། །མདོར་ན། འབྲེལ་པ་གཉིས་ལས་གཞན་པ་ཁྱད་པར་བྱ་བྱེད་ཀྱི་འབྲེལ་པའི་སྟོབས་ཀྱིས་བསྒྲུབ་བྱ་གོ་བ་མིན་ཏེ། ངོ་བོ་བདག་ཅིག་པའམ། དོན་གཞན་དེ་བྱུང་འབྲེལ་བའི་སྟོབས་ཀྱིས་བསྒྲུབ་བྱ་རྟོགས་པར་ཟད་པས་སོ་ཞེས་བྱ་བ་འདི་བསྡུ་བའི་ཚིགས་སུ་བཅད་པའོ། །རིགས་ཐིགས་ལས། རང་བཞིན་འབྲེལ་པ་ཡོད་ན། དོན་གྱིས་དོན་གོ་བར་བྱེད་དོ། །དེ་དང་མ་འབྲེལ་ན་དེར་མི་འཁྲུལ་བར་ངེས་པ་མེད་པའི་ཕྱིར་རོ་ཞེས་གསུངས་པས་སོ། །གཏན་ཚིགས་ལྟར་སྣང་ནི། རྟགས་སྐྱོན་ཅན་ཡིན་པས་འདིར་དེ་གཏན་ལ་འབེབས་པ་ལ། སྐྱོན་ངོས་བཟུང་བ་དང༌། སྐྱོན་ཅན་གྱི་གཏན་ཚིགས་ལྟར་སྣང་བསྟན་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། མཚན་གཞིའི་རྣམ་གཞག་གོ །དང་པོ་ནི། རྟགས་སུ་བཀོད་པ་དེ་རྟགས་སྐྱོན་ཅན་དུ་འཇོག་བྱེད་དོ། འོ་ན་ཕྱོགས་ཆོས་མ་གྲུབ་པ་དེ་ཆོས་ཅན། རི་བོང་རྭས་ཕུག་པ་དེ་མི་སྡུག་བསྔལ་བར་སྒྲུབ་པའི་རྟགས་སྐྱོན་ཅན་དུ་ཐལ། དེའི་རྟགས་སྐྱོན་ཅན་ཡིན་པའི་ཕྱིར་རོ། །འདོད་ན། རྟགས་དེ་ཡོད་པར་ཐལ། རྟགས་སྐྱོན་ཅན་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་ལྷ་སྦྱིན་ཆོས་ཅན། ཡོན་ཏན་དང་ལྡན་པ་ཡིན་ཏེ། བདག་དང་ལྡན་པའི་ཕྱིར་ཞེས་རྟགས་སུ་བཀོད་པའི་ཚེ་ན། བདག་དང་ལྡན་པ་དེ་ཡོད་པར་ཐལ། དེ་སྒྲུབ་ཀྱི་རྟགས་སྐྱོན་ཅན་ཡིན་པའི་ཕྱིར་ཏེ། རྟགས་སུ་བཀོད། ཕྱོགས་ཆོས་མ་གྲུབ་པ་ཅན་ཡིན་པའི་ཕྱིར་རོ། །ཡང་རི་བོང་རྭས་ཕུག་པ་རྟགས་སུ་བཀོད་པ་ཡང་མེད་པར་ཐལ། དགོད་བྱའི་རི་བོང་རྭས་ཕུག་པ་མེད་པའི་ཕྱིར། གལ་ཏེ་རྟགས་སུ་འགོད་བྱ་མེད་ཀྱང་རྟགས་སུ་བཀོད་པ་མི་འགལ་སྙམ་ན། འོ་ན་རྟགས་མེད་ཀྱང་དེ་སྐྱོན་ཡོད་པར་མི་འགལ་ཞེས་བྱའོ། །སྐྱོན་ཅན་མེད་ན་སྐྱོན་ཡང་མི་འཐད་དོ་ཞེ་ན། རྟགས་སུ་འགོད་བྱ་མེད་ན་དེ་རྟགས་སུ་བཀོད་པར་མི་ནུས་སོ་ཞེས་མཚུངས་སོ། །གཉིས་པ་དབྱེ་བ་ལ་ཕྱོགས་ཆོས་མ་གྲུབ་པའི་ཆ་ནས་བསྒྲུབ་བྱ་སྒྲུབ་མི་ནུས་པ་དང༌། ཁྱབ་པ་མ་ངེས་པ་དང༌། འགལ་བའི་ཆ་ནས་བསྒྲུབ་བྱ་སྒྲུབ་མི་ནུས་པའི་ལྡོག་པའི་དབྱེ་བས་གསུམ་མོ། །གསུམ་པ་མཚན་གཞིའི་རྣམ་གཞག་ལ་གཉིས་སྟེ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ལ་སྐྱོན་ཅན་དང་ཡོན་ཏན་ཅན་མི་འགལ་བར་འདོད་པ་དགག་པ་དང༌། སྐྱོན་དང་སྐྱོན་ཅན་ཐ་མི་དད་དུ་འདོད་པ་དགག་པ་དང༌། སྐྱོན་ཅན་གྱི་བྱེད་ཆོས་ལ་ཡོན་ཏན་ཅན་དུ་འདོད་པ་དགག་པའོ། །དང་པོ་ནི། འགའ་ཞིག་བྱས་པ་སྒྲ་རྟག་སྒྲུབ་ཀྱི་ཕྱོགས་ཆོས་སྒྲུབ་པའི་ཆ་ནས་ཡོན་ཏན་ཅན་དང༌། ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པའི་ཆ་ནས་སྐྱོན་ཅན་ཡང་ཡིན་པའི་ཕྱིར་གཉིས་ཀའོ་ཞེ་ན། དེ་སྒྲ་རྟག་པར་སྒྲུབ་ནུས་མི་ནུས་གཉིས་ཀ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པ་ལ་སྐྱོན་ཅན་དང་ཡོན་ཏན་ཅན་གཉིས་ཀ་ཡིན་པའི་ཕྱིར། ཚུལ་རེ་རེ་གྲུབ་པ་ཙམ་གྱིས་རྟགས་ཡོན་ཏན་ཅན་དུ་འཇོག་མི་ནུས་པར་ཐལ། རྟགས་འགོད་པའི་དགོས་པ་ནི་རང་གི་ཞེ་འདོད་ཀྱི་བསྒྲུབ་བྱ་འགྲུབ་པའི་ཆེད་ཡིན་པ་གང་ཞིག ཚུལ་རེ་རེ་གྲུབ་པ་ཙམ་གྱིས་རྟགས་སུ་བཀོད་པའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། ཕྱོགས་ཆོས་གྲུབ་པ་ཙམ་གྱིས་རྟགས་ཡོན་ཏན་ཅན་དུ་འཇོག་མི་ནུས་པར་ཐལ། དེ་ཙམ་གྱིས་བསྒྲུབ་བྱ་སྒྲུབ་ནུས་སུ་མི་འགྱུར་བའི་ཕྱིར་རོ། །ཚུལ་རེ་མ་གྲུབ་པས་ཀྱང་རྟགས་ཡོན་ཏན་ཅན་མ་ཡིན་པར་འཇོག་མི་ནུས་པར་ཐལ། ཚུལ་གསུམ་གང་ཡང་རུང་བ་གཅིག་མ་གྲུབ་ཀྱང་བསྒྲུབ་བྱ་སྒྲུབ་མི་ནུས་སུ་འགྱུར་བའི་ཕྱིར་རོ། །གཞན་ཡང་གཏན་ཚིགས་ཐམས་ཅད་ཀྱི་སྐྱོན་དང་ཡོན་ཏན་རྣམས་བསྒྲུབ་བྱ་ལ་ལྟོས་ནས་བསམ་པར་བྱ་བ་ཡིན་ལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པ་ལ་ལྟོས་ཏེ་སྐྱོན་ཅན་ཁོ་ན་ཡིན་གྱི་ཡོན་ཏན་ཅན་ཡིན་མི་སྲིད་པའི་ཕྱིར་རོ། །ཡོན་ཏན་ཅན་དང་སྐྱོན་ཅན་མི་འགལ་བར་འདོད་པ་བབ་ཅོལ་འབའ་ཞིག་གོ །གཉིས་པ་ནི་འགའ་ཞིག སྐྱོན་དང་སྐྱོན་ཅན་ཐ་དད་དུ་འདོད་པ་དོན་མེད་པར་ཐལ། གཏན་ཚིགས་ལྟར་སྣང་དེ་ཉིད་ལ་རྟགས་ཀྱི་སྐྱོན་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་མིག་གི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པ་ལ་ལྟོས་ཏེ། རྟགས་སྐྱོན་ཅན་དུ་འདོད་དམ་མི་འདོད། དང་པོ་ལྟར་ན། མིག་གི་གཟུང་བྱའི་སྐྱོན་ཡིན་ནམ་དེ་ལས་གཞན་པའི་སྐྱོན་ཡིན། དང་པོ་མི་འཐད་དེ། རང་ཉིད་རང་གི་སྐྱོན་ཡིན་པ་མི་རིགས་པའི་ཕྱིར་དང༌། མིག་གི་གཟུང་བྱ་རྟགས་སྐྱོན་ཅན་དུ་འཇོག་བྱེད་ཡིན་པར་ཐལ། མིག་གི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་ཡིན་པའི་ཕྱིར་རོ། །འདོད་ན། མིག་གི་གཟུང་བྱ་ལས་ཐ་དད་དུ་ཐལ་ལོ། །གཞན་ཡང་ཁྱད་གཞི་དང་ཁྱད་ཆོས་གཅིག་ཡིན་པ་གཅིག་སྲིད་པར་ཐལ། རྟགས་སྐྱོན་དང་རྟགས་སྐྱོན་ཅན་གཅིག་ཡིན་པ་གཅིག་སྲིད་པའི་ཕྱིར་རོ། །ལྡན་གཞི་ལྡན་ཆོས་གཅིག་ཡིན་པ་སྲིད་པར་ཡང་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན་རྟག་གཞན་གྱི་སྐྱོན། འབྲེལ་མེད་ཀྱི་རྟགས་དོན་གཞན་གྱི་སྐྱོན་དུ་ཇི་ལྟར་འགྱུར་ཏེ། བྱས་པ་སྒྲ་རྟག་སྒྲུབ་ཀྱི་སྐྱོན་མིག་གི་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པ་ལ་ལྡན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་མིག་གི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་དུ་མི་འདོད་ན། རྟགས་སྐྱོན་དང་གཏན་ཚིགས་ལྟར་སྣང་དོན་གཅིག་པར་འགལ་ལོ། །གསུམ་པ་སྐྱོན་མེད་ཀྱི་སྐྱོན་ཡོད་པར་འདོད་པ་དགག་པ་ནི། འགའ་ཞིག་རྟགས་ཀྱི་སྐྱོན་འདི་དག་གཏན་ཚིགས་ཡང་དག་གི་ཡིན་གྱི། ལྟར་སྣང་གི་མིན་ཏེ། གཏན་ཚིགས་ལྟར་སྣང་གི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན་མིག་གི་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཆ་ནི་དེའི་གནས་ཚུལ་ཡིན་པའི་ཕྱིར་སྐྱོན་དུ་མི་འཐད་པ་བཞིན་ནོ། །དོན་གྱིས་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཡིན་ཏེ། སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་སྐྱོན་ཡིན་པའི་ཕྱིར། འདི་གང་ལ་ལྡན་པའི་རྟེན་ནི་གཏན་ཚིགས་ལྟར་སྣང་ངོ་ཞེས་ཟེར་རོ། །བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པ་ལ་ལྟོས་ཏེ་གཏན་ཚིགས་སྐྱོན་མེད་མིན་པར་ཐལ། མིག་གི་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཆ་དེ་ཁྱོད་ཀྱི་སྐྱོན་ཡིན་པའི་ཕྱིར། འདོད་ན་གཏན་ཚིགས་ཡང་དག་མིན་པར་ཐལ་ལོ། །གཞན་ཡང་བྱས་པས་དྲི་རྟག་པ་པའི་ཡོན་ཏན་དགག་པས་སྒྲ་མི་རྟག་སྒྲུབ་ཀྱི་འགལ་རྟགས་སུ་འགྱུར་བ་དང༌། སེམས་ཅན་ལ་ལྡན་པའི་ཆགས་སོགས་ཉོན་མོངས་རྣམས་སངས་རྒྱས་ཀྱི་སྐྱོན་ཉིད་དུ་འགྱུར་ཏེ་གཏན་ཚིགས་ལྟར་སྣང་ལ་ལྡན་པའི་ཡོན་ཏན་གཏན་ཚིགས་ལྟར་སྣང་གི་ཡོན་ཏན་ཡིན་ཞེས་ཀྱང་མཚུངས་སོ། །གཞན་ཡང༌། གཏན་ཚིགས་ཀྱི་སྐྱོན་ཡོད་མི་སྲིད་པར་ཐལ། ཁྱེད་ལ་གཏན་ཚིགས་ལྟར་གྱི་སྐྱོན་མི་སྲིད་ལ། རྟགས་ཡང་དག་ལ་སྐྱོན་མི་ལྡན་པའི་ཕྱིར་རོ། །གཏན་ཚིགས་ལྟར་སྣང་ལ་རྟགས་སྐྱོན་ཅན་དུ་འཇོག་བྱེད་མི་སྲིད་པར་ཐལ། འགལ་མ་ངེས་མ་གྲུབ་པའི་ཆ་རྣམས་དེའི་སྐྱོན་མིན་ལ། དེ་ལས་གཞན་པའི་རྟགས་སྐྱོན་ཀྱང་མི་སྲིད་པའི་ཕྱིར་རོ། །རང་སྐྱོན་རང་ལ་ལྡན་པ་ཡང་མི་སྲིད་པར་ཐལ། གཏན་ཚིགས་ཡང་དག་གི་སྐྱོན་ཡོད་ལ་དེ་དེ་ལ་མི་ལྡན་པར་གཏན་ཚིགས་ལྟར་སྣང་ཁོ་ན་ལ་ཡོད་པའི་ཕྱིར་རོ། །མིག་གི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པ་ལ་ལྟོས་ཏེ། གཏན་ཚིགས་སྐྱོན་ཅན་ནམ་ཡོན་ཏན་ཅན་ཡིན། དང་པོ་ལྟར་ན། འདིའི་སྐྱོན་མི་སྲིད་པར་འགལ་ལོ། །གཉིས་པ་ལྟར་ན་དེ་དེ་ལ་ལྟོས་ཏེ་རྟགས་ཡང་དག་ཏུ་འགྱུར་རོ། །འདི་དག་གིས་ནི། རྟགས་ཀུན་རང་གི་བསྒྲུབ་བྱ་ལ། སྐྱོན་དང་ཡོན་ཏན་དཔྱད་ཕྱིར་རོ། །ཞེས་པའི་གཞུང་ལ་ཐེ་ཚོམ་ཡང་མ་ཞུགས་པར་སྣང་ངོ༌། །གཞན་ཡང་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་ཆ་དེའི་ཡོན་ཏན་དུ་མི་འཐད་པར་ཐལ། རྟགས་སུ་བཀོད་པའི་དགོས་པ་བསྒྲུབ་བྱ་འགྲུབ་པའི་ཆེད་ཡིན་ལ་ཕྱོགས་ཆོས་མ་གྲུབ་པའི་ཆ་ནས་བསྒྲུབ་བྱ་སྒྲུབ་མི་ནུས་སུ་གྱུར་པའི་ཕྱིར་རོ། །དེས་ན་གཏན་ཚིགས་ལྟར་སྣང་ལ་རྟགས་ཀྱི་ཡོན་ཏན་འཚོལ་བ་བཞད་གད་ཀྱི་གནས་སོ། །གཉིས་པ་རང་ལུགས་གཞག་པ་ནི། གཏན་ཚིགས་ཀྱི་ཡོན་ཏན་ནི་རྟགས་ཡང་དག་ཁོ་ན་ལ་ལྡན་ཏེ། བསྒྲུབ་བྱ་སྒྲུབ་ནུས་ནི་དེ་ཁོ་ན་ལ་ཡོད་པའི་ཕྱིར་རོ། །ཚུལ་གསུམ་པོ་ནི་ཡོན་ཏན་ཅན་དུ་འཇོག་བྱེད་ཡིན་ཏེ། དེའི་སྒོ་ནས་བསྒྲུབ་བྱ་བསྒྲུབ་ནུས་སུ་འགྱུར་བའི་ཕྱིར་རོ། །གཏན་ཚིགས་ལྟར་སྣང་ལ་ནི་ཡོན་ཏན་གཞག་དུ་མེད་དེ། གཏན་ཚིགས་སུ་བཀོད་པའི་དགོས་པ་དང་མི་ལྡན་པའི་ཕྱིར་རོ། །འདིས་ནི་ཕྱོགས་ཆོས་མ་གྲུབ་པ་སོགས་ལྟར་སྣང་གི་ཡོན་ཏན་དུ་འདོད་པ་ཡང་བཀག་པ་ཡིན་ནོ། །ཕྱོགས་ཆོས་གྲུབ་པ་སོགས་གསུམ་གྱི་བསལ་བྱ་ནི་འགལ་མ་ངེས་མ་གྲུབ་གསུམ་ཡིན་ལ། ཐུན་མོང་གི་བསལ་བྱ་ནི་བསྒྲུབ་བྱ་བསྒྲུབ་མི་ནུས་སོ། །གཞི་གང་དུ་སེལ་ཅེ་ན། རྟགས་ཡང་དག་གི་སྟེང་དུ་སེལ་ལོ། །ཕྱོགས་ཆོས་གྲུབ་པས་མ་གྲུབ་པ་སེལ་ལ། རྗེས་འགྲོ་ངེས་པས་འགལ་བ་དང༌། ལྡོག་པ་ངེས་པས་མ་ངེས་པ་སེལ་ལ། ཐུན་མོང་གི་བྱེད་པས་རྟགས་ཡང་དག་གི་སྟེང་དུ་བསྒྲུབ་བྱ་སྒྲུབ་མི་ནུས་པ་བསལ་ནས་བསྒྲུབ་བྱ་སྒྲུབ་ནུས་སུ་འཇོག་པ་ཡིན་ནོ། །ཇི་སྐད་དུ། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང༌། །དེ་ཡིས་མ་གྲུབ་ལྡོག་དོན་དང༌། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །སོ་སོའི་བསལ་བྱ་གསུམ་ནི་རྟགས་ཡང་དག་ལ་བཟུང་དུ་མེད་པས། གཏན་ཚིགས་ལྟར་སྣང་གི་སྟེང་ནས་ངོས་གཟུང་བར་བྱའོ། །ཞར་ལ་ཕྱོགས་སྐྱོན་དཔེ་སྐྱོན་ངོས་བཟུང་བ་ནི། སྒྲ་རྟག་པར་དམ་བཅས་པ་ནི། ཕྱོགས་སྐྱོན་ཅན་ནོ། །ཚད་མའི་བསལ་བ་ཞུགས་པ་སོགས་ནི་སྐྱོན་ཅན་དུ་འཇོག་བྱེད་དོ། །སྒྲ་དང་མི་རྟག་པའི་ཚོགས་དོན་ནི། ཕྱོགས་ཡོན་ཏན་ཅན་ནོ། །ཕྱོགས་ཀྱི་མཚན་ཉིད་ལྔ་ནི་ཡོན་ཏན་ཅན་དུ་འཇོག་བྱེད་དོ། འདི་ཡང་ཕྱོགས་ཀྱི་མཚན་ཉིད་ཀྱི་ཡན་ལག་ལྔ་དང་ལྡན་པས་རྟགས་ཀྱི་ནུས་པ་འཇུག་པའི་ཡུལ་དུ་གྲུབ་ལ། དེར་གྲུབ་པས་ཡོན་ཏན་ཅན་དུ་གྲུབ་པ་ཡིན་ནོ། །ཞིབ་ཏུ་དཔྱད་ན་ཕྱིར་རྒོལ་གྱི་ཚད་མས་གྲུབ་ཟིན་པས་རྟགས་ཀྱི་ནུས་པ་མི་འཇུག་པའི་ཕྱིར་ཕྱོགས་སྐྱོན་ཅན་དུ་གྲུབ་པ་ཡིན་ནོ། །ཡང་ཆོས་ཅན། རྟག་སྟེ། ལུས་ཅན་མིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པ་ན་བུམ་པ་ནི་དཔེ་སྐྱོན་ཅན་ཡིན་ལ། ཁྱབ་པ་སྟོན་མི་ནུས་པའི་ཆ་ནི་སྐྱོན་ནོ། །བསྒྲུབ་བྱའི་ཆོས་ཀྱིས་སྟོང་པའི་ཆ་ནི་སྐྱོན་ཅན་དུ་འཇོག་བྱེད་དོ། །ཅིའི་ཕྱིར་ཁྱབ་པ་སྟོན་མི་ནུས་པ་དཔེའི་སྐྱོན་ཡིན་ཞེ་ན། དཔེ་བཀོད་པའི་དགོས་པ་ནི་ཁྱབ་པ་གཏན་ལ་འབེབས་པ་ཡིན་ལ་འདི་ལ་དེ་མེད་པའི་ཕྱིར་རོ། །ཕྱོགས་ལའང་དེ་བཞིན་དུ་ཤེས་པར་བྱའོ། །སྐྱོན་ངོས་བཟུང་བ་བསྟན་ཟིན་ཏོ། །སྐྱོན་ཅན་གྱི་གཏན་ཚིགས་ལྟར་སྣང་གཏན་ལ་དབབ་པ་ལ། མཚན་ཉིད་དང༌། དབྱེ་བ། རྣམ་གཞག་གོ །དང་པོ་ནི། ཚུལ་གསུམ་ཚད་མའི་སྟོབས་ཀྱིས་མ་ངེས་ཞིང་རྟགས་སུ་བཀོད་པའོ། །གཉིས་པ་ལ། འགལ་མ་ངེས་མ་གྲུབ་གསུམ་མོ། །དང་པོ་ལ་ཡང་གསུམ་ལས། མཚན་ཉིད་ནི་རང་གི་སྒྲུབ་བྱེད་འགོག་པར་བྱེད་པའི་རྟགས་སོ། །དབྱེ་བ་ལ་མཚན་གཞིའི་སྒོ་ནས་རང་བཞིན་དང་འབྲས་བུའི་འགལ་རྟགས་གཉིས་ཏེ། རྒྱུ་སྒྲ་མི་རྟག་པ་སྔོན་དུ་མ་སོང་བར་སྒྲུབ་པ་ལ་རྩོལ་བྱུང་ཉན་ཤེས་བཀོད་པ་དང༌། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུའོ། །སྦྱོར་བ་དགོད་ཚུལ་གྱི་སྒོ་ནས། ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་འགོག་པ་གཉིས་དང༌། ཆོས་ཀྱི་ངོ་བོ་དང་ཁྱད་པར་འགོག་པ་གཉིས་ཏེ་བཞིའོ། །དཔེར་བརྗོད་པ་ནི། རིམ་པ་ལྟར་ནམ་མཁའ་རྟག་རྫས་སུ་འདོད་པ་དག་གིས་དངོས་པོར་གྱུར་པའི་ནམ་མཁའ་ཆོས་ཅན། རྟག་སྟེ། འདུས་མ་བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་གྲངས་ཅན་གྱིས་མིག་ལ་སོགས་པ་འདུས་པ་མ་ཡིན་པའི་དོན་ཆོས་ཅན། གཞན་གྱི་དོན་བྱེད་དེ། གཞན་གྱི་རྒྱུ་རྐྱེན་འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །བཞི་པ་ནི་མིག་སོགས་ཆོས་ཅན། འདུས་པ་མ་ཡིན་པ་གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །གསུམ་པ་རྣམ་གཞག་ལ། ཆོས་ཅན་གྱི་ངོ་བོ་འགོག་པའི་རྟགས་ཀྱིས་ཆོས་ཅན་གྱི་ངོ་བོ་འགོག་ན། ཕྱོགས་ཆོས་མ་གྲུབ་པས་འགལ་རྟགས་སུ་མི་འགྱུར་ལ། མི་འགོག་ན་ཆོས་ཅན་གྱི་ངོ་བོ་འགོག་པའི་རྟགས་སུ་མི་འཐད་དོ་ཅེ་ན། སྦྱོར་བ་འགོད་ཚུལ་ལ་ཆོས་ཅན་གྱི་ངོ་བོ་འགོག་པ་ཞེས་པའི་ཐ་སྙད་མཛད་ལ། ཞེ་འདོད་ལ་ལྟོས་ཏེ་འགལ་བའི་གཏན་ཚིགས་སུ་སོང་བས་འགལ་རྟགས་ཞེས་གསུངས་པས་ན་འགལ་བ་མེད་དོ། །ཞེ་འདོད་ལ་འགལ་རྟགས་སུ་སོང་ཚུལ་ནི། འདུས་མ་བྱས་ཀྱི་ནམ་མཁའ་ཆོས་ཅན། རྟག་པའི་དངོས་པོ་ཡིན་ཏེ། འདུས་མ་བྱས་པའི་ཕྱིར་ཞེས་པའི་ཚུལ་བཞིན་ནོ། །སྦྱོར་བ་དགོད་ཚུལ་ལ་ཅིའི་ཕྱིར་དེ་སྐད་དུ་བརྗོད་ཅེ་ན། ཟོལ་སྦྱོར་གྱི་དབང་དུ་བྱས་ནས་འགོད་ཚུལ་གྱི་སྒོ་ནས་དེ་སྐད་དུ་སྦྱོར་གྱི། རྒྱུ་མཚན་གཞན་མེད་དོ། །མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འགལ་རྟགས་ཡིན་ཞེས་སྒྲ་ཇི་བཞིན་སྨྲ་བ་མི་འཐད་དེ། འདུས་ཤིང་བསགས་པ་དང་གཞན་དོན་བྱེད་པ་མི་འགལ་བའི་ཕྱིར་རོ། །དེས་ན་གཞན་དོན་བྱེད་པར་སྒྲུབ་པའི་ཞེ་འདོད་ཀྱི་འགལ་རྟགས་ཡིན་ཞེས་སྦྱར་དགོས་ཏེ། ཞེ་འདོད་ལ་ལྟོས་ནས་བཞག་གི་དངོས་སུ་བརྗོད་ཚུལ་ལ་ལྟོས་ནས་བཞག་པ་མིན་པའི་ཕྱིར་རོ། །འདིར་གཞན་དོན་བྱེད་པ་ནི་བདག་དོན་བྱེད་པ་ལ་བསམས་ནས་སྨྲས་པས་ཞེ་འདོད་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་ནོ། །གལ་ཏེ་དེ་མི་རིགས་ཏེ། འགལ་བའི་གཏན་ཚིགས་ཡང་དག་ཡིན་དགོས་པ་ལ་འདི་ལ་དེ་མེད་པའི་ཕྱིར་ཏེ། འདུས་ཤིང་བསགས་པས་བདག་དོན་ལས་བཟློག་པ་གཞན་དོན་བྱེད་པ་མ་ངེས་པའི་ཕྱིར་རོ་ཞེ་ན། འདིར་བདག་ཅེས་པ་ནི་རྟག་པ་གཅིག་པུ་ཆ་མེད་པ་ལ་འདོད་ལ། འདུས་ཤིང་བསགས་པས་འབྲས་བུ་སྐད་ཅིག་མ་དང༌། དུ་མ་དང་སྐད་ཅིག་སྔ་མ་ལས་ཕྱི་མ་འབྱུང་བའི་ཚུལ་གྱིས་འབྲས་བུ་དུ་མ་གཞན་དང་གཞན་བསྐྱེད་པའི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་འཐད་དོ། །འབྲས་བུ་རྣམ་ཤེས་རྟག་པ་གཅིག་པུ་སྐྱེད་པ་ལས་བཟློག་ནས་རང་འབྲས་རྣམ་ཤེས་དུ་མའི་དོན་བྱེད་པའི་ཕྱིར། ཟློག་པ་ལ་རྟགས་ཡང་དག་ཡིན་ཏེ་ཞེས་སྨྲ་བ་ནི་མི་འཐད་དེ། མིག་སོགས་རྐྱེན་གསུམ་དང་མ་ཕྲད་པའི་མུན་ཁུང་གི་གཟུགས་ཆོས་ཅན། རང་འབྲས་དབང་ཤེས་མི་རྟག་པའི་དོན་བྱེད་པར་ཐལ། འདུས་ཤིང་བསགས་པའི་ཕྱིར་ཏེ། རྡུལ་དུ་མ་ཚོགས་པ་དེ་ཡིན་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་ཉིད་ཀྱི་རྣམ་ཤེས་སྐྱེད་པ་འདོད་ལ། མུན་ཁུང་གི་གཟུགས་ཀྱང་ཡིད་ཤེས་ཀྱི་དམིགས་རྐྱེན་དུ་འདོད་པའི་ཕྱིར་ཉེས་པ་མེད་དོ་ཅེ་ན། འོ་ན་ཕ་རོལ་པོས་བདག་ཅེས་པ་གང་ལ་འདོད། སྒོ་ལྔའི་རྣམ་ཤེས་ལ་འདོད་ཅེ་ན། འོ་ན་དབང་པོའི་ཤེས་པ་རྟག་པ་གཅིག་པུ་རང་དབང་ཅན་གྱི་དོན་བྱེད་པར་སོང་བས་ཟློག་པ་ན་དབང་ཤེས་མི་རྟག་པ་དུ་མའི་དོན་བྱེད་ཞེས་བྱ་དགོས་པས་སྐྱོན་སོ་ན་གནས་སོ། །གལ་ཏེ་དབང་ཤེས་ལ་མི་འདོད་ཀྱི་ཡིད་ཤེས་ལ་འདོད་ཅེ་ན། མ་ཡིན་ཏེ། གཟུགས་སོགས་དེ་ཙམ་ལྔ་ལ་ལོངས་སྤྱོད་པ་བདག་ཏུ་འདོད་ཅིང༌། དེ་ཡང་དབང་ཤེས་ལ་འདོད་པའི་ཕྱིར་རོ། །འདོད་ཚུལ་ནི་ཤེས་པ་རྟག་པ་གཅིག་ཉིད་དབང་པོའི་སྒོ་ལ་རིམ་གྱིས་རྒྱུ་བའི་སྒོ་ནས་གཟུགས་སོགས་དེ་ཙམ་ལྔ་ལ་ལོངས་སྤྱོད་པར་འདོད་པ་ཡིན་ནོ། །གཞན་ཡང་མུན་ཁུང་གི་གཟུགས་ཆོས་ཅན། རང་འབྲས་རྣམ་ཤེས་སྐྱེད་པར་ངེས་པར་ཐལ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་འདུས་ཤིང་བསགས་པ་ཙམ་གྱིས་འབྲས་བུ་རྣམ་ཤེས་སྐྱེད་པར་མ་ངེས་པར་འདོད་ན་ནི་མ་ངེས་པའི་གཏན་ཚིགས་སུ་འགྱུར་བས་བཟློག་པ་ལ་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་མི་འཐད་པའི་ཕྱིར་འགལ་བའི་རྟགས་སུ་མི་འཐད་དོ། །རྣམ་ཤེས་རྟག་པ་གཅིག་པུའི་དོན་བྱེད་པ་ལ་བདག་དོན་བྱེད་པ་ཞེས་ཐ་སྙད་འདོགས་པ་ལས་ལྡོག་ནས་འབྲས་བུ་རྣམ་ཤེས་མི་རྟག་པ་དུ་མའི་དོན་བྱེད་པར་ངེས་པ་ལ་འདོད་ན། མིག་སོགས་ཆོས་ཅན། བདག་དོན་བྱེད་དེ། བདག་ལ་དངོས་སུ་ཕན་པའི་རྒྱུ་འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་འགལ་བའི་གཏན་ཚིགས་སུ་དཔེར་བརྗོད་པར་འཐད་དོ། །དེ་ལྟ་མིན་ན་ཟློག་པ་ལ་ཁྱབ་པ་མ་ངེས་པས་འགལ་བའི་གཏན་ཚིགས་སུ་མི་འགྱུར་རོ། །འགལ་བའི་གཏན་ཚིགས་ལས་ཟློག་པ་དཔེར་བརྗོད་པ་ཡང༌། མིག་སོགས་ཆོས་ཅན། རང་འབྲས་རྣམ་ཤེས་མི་རྟག་པའི་དོན་བྱེད་དེ། དེའི་དངོས་རྒྱུ་འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་སྨྲ་དགོས་ཏེ། འདུས་ཤིང་བསགས་པ་ཙམ་ལ་ཁྱབ་པ་མ་ངེས་ལ། རྐྱེན་གསུམ་འདུས་ཤིང་བསགས་པ་ཙམ་གྱིས་ཀྱང་རྣམ་ཤེས་བསྐྱེད་པར་མ་ངེས་པའི་ཕྱིར་རོ། །བདག་གི་དོན་བྱེད་ཅེས་པ་སྐྱེད་པར་བྱེད་པ་ལ་འདོད་པ་ནི་མིན་ཏེ། གྲངས་ཅན་གྱིས་བདག་རྒྱུ་འབྲས་གཉིས་ཀ་མིན་པའི་མུར་བཤད་པའི་ཕྱིར་རོ། །དེའི་གཞུང་ལུགས་ལས། སྐྱེས་བུ་རང་བཞིན་མིན་གྱི་རྣམ་འགྱུར་མིན་ཞེས་བྱུང་བས་སོ། །གང་དག་བདག་གི་དོན་བྱེད་ཅེས་པ་སྐྱེད་བྱེད་ལ་འདོད་པས་གཏིང་མ་རྟོགས་སོ། །འོ་ན་ཇི་ལྟར་འདོད་ཅེ་ན། དཔེར་བརྗོད་པའི་སྐབས་སུ། མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ཞེས་བྱུང་བས་ན། སྐྱེས་བུ་ལ་ཕན་འདོགས་པ་ཡིན་ཏེ། མལ་ཆ་དང་སྟན་ལ་སོགས་པ་བཞིན་ཞེས་པའི་ཚུལ་དུ་འདོགས་པར་མངོན་ནོ། །ཕན་འདོགས་ཞེས་པ་ཡང་སྐྱེད་པར་བྱེད་ཅེས་པའི་དོན་ནི་མིན་ཏེ། མལ་ཆ་དང་སྟན་ལ་སོགས་པས་སྐྱེས་བུ་ལ་ཕན་འདོགས་པ་ཡིན་ཡང་སྐྱེད་པར་བྱེད་པ་མིན་ཞེས་པའི་ཚུལ་དུ་འདོད་པར་མངོན་པས་སོ། །གངས་ཅན་གྱི་ཁྲོད་འདིར་ཇི་བཞིན་རྟོགས་པ་གཞན་མི་སྣང་ངོ༌། །བདག་དོན་བྱེད་པ་ལས་བཟློག་ནས་གཞན་དོན་བྱེད་ཅེས་པའི་དོན་འབྲས་བུའི་རྣམ་ཤེས་ལ་འདོད་ན་དེ་ལྟར་དུ་བཤད་དགོས་སོ། །འོན་ཀྱང་འདིར་གཞན་ཞེས་པའི་སྒྲ་དོན་གཉིས་ལ་བཏགས་ནས་འབྲས་བུ་སྐད་ཅིག་དུ་མ་གཞན་དང་གཞན་སྐྱེད་པ་ལ་འདོད་ན། སངས་རྒྱས་པས་གྲུབ་ཟིན་པས་སྒྲུབ་མི་དགོས་ལ། གཞན་ཞེས་པ་རྣམ་ཤེས་རྟག་པ་གཅིག་པུ་ལ་འདོད་ན། རྟགས་འགལ་བ་ཡིན་ནོ་ཞེས་སངས་རྒྱས་པས་གྲངས་ཅན་པ་ལ་རྩོད་པར་མངོན་པའི་ཕྱིར། སངས་རྒྱས་པའི་བཟློག་པ་ལ་ཁྱབ་པ་རྣལ་མར་ངེས་དགོས་པར་འདོད་པས་འདི་ལྟར་བྱ་དགོས་ཏེ། མིག་སོགས་ཆོས་ཅན། འབྲས་བུ་རྣམ་ཤེས་དུ་མ་ལ་ཕན་པ་བྱེད་དེ་དེ་ལ་ཕན་པའི་རྒྱུ་འདུས་ཤིང་བསགས་པ་ཡིན་པའི་ཕྱིར་རོ་ཞེས་འདོད་དགོས་སོ། །འདི་ལ་ཁྱབ་པ་རྣལ་མར་ངེས་དགོས་ཏེ། དེ་ལ་ཕན་པའི་རྒྱུ་རྐྱེན་འདུས་ཤིང་བསགས་པའི་རྟགས་ལ་ཕན་འདོགས་པའི་ཁྱབ་པ་ངེས་པའི་ཕྱིར་ཏེ། རྒྱུ་ཚོགས་པ་ཚང་བ་ལས་འབྲས་བུ་འབྱུང་རུང་རྗེས་སུ་འབྲེལ་བ་བཞིན། གལ་ཏེ་མིག་སོགས་རྟག་པ་གཅིག་པུའི་དོན་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་པའི་རྟགས་འདི་འགལ་རྟགས་སུ་མི་འཐད་དེ། ཕྱོགས་ཆོས་མ་གྲུབ་པའི་ཕྱིར་ཏེ། ཆོས་ཅན་མི་འགྲུབ་པའི་ཕྱིར་རོ་ཞེས་འདོད་ལ། མིག་སོགས་ཆོས་ཅན་ཡིན་པས་དེ་ལ་ཆོས་གྲུབ་པོ་སྙམ་ན་ཡང་མི་འཐད་དེ། འོ་ན་ཞེ་འདོད་ལ་ཕྱོགས་ཆོས་གྲུབ་པས་ཕྱོགས་ཆོས་གྲུབ་པར་འགྱུར་རམ་མི་འགྱུར། སྔ་མ་ལྟར་ན། དེ་ལ་ཕྱོགས་ཆོས་གྲུབ་པར་ཐལ། ཞེ་འདོད་ལ་ཕྱོགས་ཆོས་གྲུབ་པའི་ཕྱིར་རོ། །མི་འགྱུར་ན། དེ་སྒྲུབ་ལ་འགལ་རྟགས་མིན་པར་ཐལ། ཞེ་འདོད་ལ་འགལ་རྟགས་སུ་གྲུབ་པས་དེ་ལྟར་མི་འགྱུར་ཞིང་དངོས་སུ་དེ་ལྟར་མིན་པའི་ཕྱིར་ཞེ་ན། འདི་ཐམས་ཅད་ཕ་རོལ་པོའི་ཞེ་འདོད་ལ་ལྟོས་ནས་ཕ་རོལ་པོ་རང་གིས་བསྒྲུབ་བྱར་འདོད་པ་ཉིད་རང་གིས་བཀོད་པའི་རྟགས་ཀྱིས་བཀག་པར་སོང་བས་ཞེ་འདོད་ལ་ལྟོས་ནས་འགལ་རྟགས་ཡིན་ཞེས་བརྗོད་པ་ཡིན་གྱི། ཞེ་འདོད་ལ་མ་ལྟོས་པར་སྤྱིར་འགལ་རྟགས་ཡིན་ཞེས་སྨྲ་བ་མིན་པས་ཉེས་པ་མེད་དོ། །འདི་དག་ཀྱང་སྦྱོར་བ་དགོད་ཚུལ་ཙམ་ལ་ཐ་དད་དུ་བཞག་པ་ཡིན་ལ། མཚན་ཉིད་ཐ་དད་པའི་དབང་གིས་ཐ་དད་དུ་བཞག་པ་ནི་མིན་ཏེ། འགལ་བའི་གཏན་ཚིགས་ཕྱོགས་ཆོས་གྲུབ་ཅིང༌། ཞེ་འདོད་ཀྱི་བསྒྲུབ་བྱ་འགོག་པར་བྱེད་པ་ལས་རྣམ་པར་བཞག་པ་ཡིན་ལ། འདི་ཐམས་ཅད་ཀྱང་དེ་དེའི་མཚན་ཉིད་ཅན་དུ་ཐ་མི་དད་པའི་ཕྱིར། རྣམ་ངེས་ལས། རྣམ་པར་བཞག་པ་ཙམ་ཞིག་ཐ་དད་པ་ཡིན་གྱི་དོན་ནི་མིན་ནོ་ཞེས་པ་དང༌། དེའི་ཐ་དད་པ་ནི་སྦྱོར་བའི་བྱེ་བྲག་ལས་ཏེ། ལ་ལར་ནི་བརྗོད་པར་འདོད་པས་ཆོས་ཅན་དང་ཆོས་དག་གིས་ཉེ་བར་བཞག་པ་ཡིན་ནོ་ཞེས་གསུངས་པ་དང༌། བསྟན་བཅོས་འདིར་ཡང༌། འགའ་ཞིག་ཆོས་དང་ཆོས་ཅན་གྱི། །དབྱེ་བས་འགལ་བ་བཞི་ཞེས་ཟེར། །འགལ་བ་བརྗོད་འདོད་སྟོབས་ཀྱིས་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་འགལ་བའི་གཏན་ཚིགས་བཞི་ཡིན་ཞེས་བྱ་བ་ཡིན་གྱི། འགལ་བའི་གཏན་ཚིགས་གཅིག་ལ་སྦྱོར་བ་དགོད་ཚུལ་བཞི་ཡོད་ཅེས་པའི་དོན་མིན་ཏེ། རྣམ་ངེས་ལས། འགལ་བ་ནི་ཐ་དད་དུ་སྤྱི་དེ་ཕྱིན་ཅི་ལོག་ཏུ་བྱེད་པ་ཁོ་ན་ཡིན་པའི་ཕྱིར་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་བྱེད་པའི་ཕྱིར་དེས་ཐ་སྙད་དུ་བྱེད་དོ་ཞེས་གསུངས་པ་ལྟར་རོ། །ཅིའི་ཕྱིར་འགལ་རྟགས་ཞེས་བྱ་ཞེ་ན། འདོད་ཡུལ་གྱི་བསྒྲུབ་བྱ་དང་འགལ་བས་འགལ་རྟགས་ཞེས་བྱའོ། །བྱེད་ལས་ནི། ཕྱིན་ཅི་ལོག་གི་བློ་སྐྱེད་པར་བྱེད་པ་ཡིན་ཏེ། ཀུན་ལས་བཏུས་ལས། མི་འདོད་འདོད་པའི་ངེས་སྒྲུབ་བྱེད། ཅེས་གསུངས་པ་ལྟར་རོ། །གཉིས་པ་མ་ངེས་པའི་རྟགས་ལ་གསུམ་ལས། མཚན་ཉིད་ནི། རྟགས་གང་གིས་སྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་དོ། །དབྱེ་བ་ལ། ཐུན་མོང་མིན་པའི་དང༌། ཐུན་མོང་གི་མ་ངེས་པའི་དབྱེ་བས་གཉིས་སོ། །དང་པོ་ལ། མཚན་ཉིད་དང༌། དཔེར་བརྗོད། རྣམ་བཞག་གོ །དང་པོ་ནི། རྗེས་སུ་འགྲོ་ལྡོག་གཉིས་ཀ་ལ་ཐེ་ཚོམ་ཟ་བའི་སྒོ་ནས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་ཀྱི་རྟགས་སོ། །གཉིས་པ་དཔེར་བརྗོད་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། མཁས་པ་དུ་མས་ཕྱོགས་ཆོས་ངེས་ཤིང་ཁྱབ་པ་ཡང་རྣལ་མར་ངེས་པའི་ཕྱིར་ན་རྟགས་ཡང་དག་གོ །ཁྱབ་པ་ངེས་ཚུལ་ཡང་མཉན་བྱ་ལ་མི་རྟག་པ་ཡིན་པས་ཁྱབ་པ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་ཞེས་སྤྲོས་ཏེ་འཆད་ཅིང༌། འགའ་ཞིག་མཉན་བྱ་དང་རྟག་པ་མི་འགལ་བའི་ཕྱིར་ཁྱབ་པ་མ་ངེས་པར་བཞག་པ་ཡིན་ཞེས་སྨྲ་བ་ནི་མ་རྟོགས་པ་འབའ་ཞིག་སྟེ། བྱས་པའི་རྟགས་ཀྱིས་མཉན་བྱ་མི་རྟག་པར་ངེས་ན། སྒྲ་མི་རྟག་པར་གྲུབ་ཟིན་པས་མཉན་བྱའི་རྟགས་དོན་མེད་ལ། མ་ངེས་ན་ནི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རྟགས་ཡང་དག་ཏུ་ཇི་ལྟར་འགྱུར། རྟག་པ་དང་མི་འགལ་ཞེས་སྨྲ་བ་ཡང་དོན་ལ་མི་འགལ་བའམ་བློས་མ་ངེས་པ་ཙམ་ལ་འདོད། དང་པོ་མི་འཐད་པ་རྟོགས་པར་སླ་ལ། གཉིས་པ་ལྟར་ན། བློ་ངོར་དེ་ལྟར་དུ་རུང་ཡང་མ་ངེས་པར་འགྲོ་བའི་རྒྱུ་མཚན་ལ་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །དོན་ནི་འདི་ཡིན་ཏེ། མཉན་བྱ་ཕྱོགས་སུ་སྒྲུབ་བཞིན་པའི་དུས་སུ། སྒྲ་རྟག་མི་རྟག་གང་དུ་ཡང་མ་ངེས་ཏེ། ཇི་སྲིད་སྒྲ་མི་རྟག་པ་ཡིན་མིན་ཐེ་ཚོམ་ཟ་བ་དེ་སྲིད་དུ། མཉན་བྱ་ཡང་རྟག་མི་རྟག་ཐེ་ཚོམ་ཟ་བའི་ཕྱིར་ན་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མཐོང་བ་ཡིན་ནོ། །ཇི་ལྟར་སྒྲ་རྟག་མི་རྟག་དུ་ཐེ་ཚོམ་ཟ་བ་དེ་བཞིན་དུ་མཉམ་བྱ་ལ་ཡང་ཐེ་ཚོམ་ཟ་ཞེ་ན། སྒྲའི་ཐུན་མོང་མ་ཡིན་པའི་ཆོས་ཡིན་པས་སྒྲ་ལས་གཞན་ལ་མེད་པའི་ཕྱིར་སྒྲ་རང་གི་ལྡོག་པ་དང་ཁྱད་པར་མེད་པར་འགྱུར་བས་སོ། །ཕྱོགས་གཉིས་ཀ་ལ་ཡོད་མེད་གང་དུ་ཡང་མ་ངེས་པའི་ཕྱིར་རྗེས་སུ་འགྲོ་ལྡོག་གཉིས་ཀ་ལ་ཐེ་ཚོམ་ཟ་བ་དེ་ཉིད་ཀྱིས་ཤེས་སོ། །འདི་སྒྲའི་ཐུན་མོང་མིན་པའི་ཆོས་ཡིན་པས་སྒྲ་ལས་གཞན་གྱི་སྟེང་དུ་མི་འགྲུབ་པའི་ཕྱིར་དཔེའི་སྟེང་དུ་ཁྱབ་འབྲེལ་གཏན་ལ་དབབ་མི་ནུས་པས། རྟགས་ཡང་དག་ལྟར་ཐོག་མར་དཔེའི་སྟེང་དུ་ཁྱབ་འབྲེལ་རྟོགས་ནས་འོག་རོལ་ཏུ་བསྒྲུབ་བྱ་རྟོགས་པའི་རྣམ་གཞག་མི་རུང་བའི་ཕྱིར་རྟགས་མིན་ནོ། །མཉན་བྱ་ལ་མི་རྟག་པས་ཁྱབ་པའི་ཁྱབ་འབྲེལ་ངེས་ན་ནི་བསྒྲུབ་བྱ་གྲུབ་ཟིན་ཏེ། སྒྲའི་ཐུན་མོང་མིན་པའི་ཆོས་ཡིན་པས་སྒྲའི་རང་ལྡོག་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་ཆོས་ཅན་སྒྲ་ལ་མཐོང་ཞིང་དེ་ལ་ཡང་རྟག་མི་རྟག་དངོས་འགལ་ཡིན་པས་གང་རུང་གིས་བསྡུས་དགོས་པའི་ཕྱིར་དང༌། དེས་ན་ཕྱོགས་གཉིས་གང་རུང་ལ་མཐོང་དགོས་ཞེ་ན། གང་རུང་ལ་ཡོད་པར་ངེས་ཀྱང་མཐུན་ཕྱོགས་ལ་ཡོད་པར་ངེས་མི་དགོས་ཏེ། དཔེར་ན་ལྷ་སྦྱིན་དང་མཆོད་སྦྱིན་གང་རུང་གིས་བྱས་པར་ངེས་ཀྱང༌། ལྷ་སྦྱིན་གྱིས་བྱས་པར་ཡང་མ་ངེས། མཆོད་སྦྱིན་གྱིས་བྱས་པར་ཡང་མ་ངེས་པ་བཞིན་ནོ། །འདི་རྟགས་མིན་པའི་གནད་དེ་ལྟར་ཡིན་ཡང༌། རྒྱ་བོད་གྱི་མཁས་པ་དུ་མས་མ་རྟོགས་ཤིང་ཁོ་བོའི་རྣམ་དཔྱོད་ཀྱིས་བདེ་བླག་ཏུ་རྟོགས་པ་འདི་གངས་ཅན་གྱི་སློབ་དཔོན་རྣམས་ལ་དྲིན་ཤིན་ཏུ་ཆེ་སྙམ་མོ། །རིགས་པ་འདི་ནི་མཚོན་བྱ་ཆོས་ཅན་དུ་བཟུང་ནས་མཚན་ཉིད་རྟགས་སུ་བཀོད་པའི་གཏན་ཚིགས་ཐམས་ཅད་ལ་ཤེས་པར་བྱའོ། །ཅིའི་ཕྱིར་ཐུན་མོང་མིན་པའི་མ་ངེས་པ་ཞེས་བྱ་ཞེ་ན། ཆོས་ཅན་ཁོ་ནའི་ཆོས་ཡིན་པ་རྟགས་སུ་བཀོད་པའི་མ་ངེས་པ་ཡིན་ནོ། །གཉིས་པ་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ལ་ཡང༌། མཚན་ཉིད་ནི། ཤེས་འདོད་ཆོས་ཅན་ལས་གཞན་ལ་ཡང་འཇུག་པར་མཐོང་བས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་ཀྱི་རྟགས་སོ། །དབྱེ་བ་ལ་དངོས་དང༌། ལྷག་ལྡན་གྱི་མ་ངེས་པའི་རྟགས་གཉིས་སོ། དང་པོ་ལ་མཚན་ཉིད་ནི། ཕྱོགས་གཉིས་ཀ་ལ་མཐོང་བའི་སྒོ་ནས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་དོ། །ཁྱབ་པ་ལ་ཐེ་ཚོམ་ཡོད་པའི་ཕྱིར་མ་ངེས་པ་ཡིན་པས་དེ་སྐད་ཅེས་བརྗོད་དོ། །ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་དང༌། མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དང༌། མི་མཐུན་ཕྱོགས་ལ་ཁྱབ་བྱེད་མཐུན་ཕྱོགས་ལ་ཆ་གཉིས་པ་དང༌། གཉིས་ཀ་ལ་ཆ་གཉིས་པའོ། །དང་པོ་ནི། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །གཉིས་པ་ནི། དུང་སྒྲ་ཆོས་ཅན། རྩོལ་བ་ལས་བྱུང་སྟེ་མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་ནི། དེ་ཆོས་ཅན། རྩོལ་བ་ལས་བྱུང་བ་སྟེ། མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །བཞི་པ་ནི། དེ་ཆོས་ཅན། རྟག་སྟེ་ལུས་ཅན་མིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་མཐུན་ཕྱོགས་ལ་ཆ་གཉིས་པར་མི་འཐད་དེ། རྟག་པ་ལ་ལུས་ཅན་ཡིན་མིན་ཆ་གཉིས་མེད་པའི་ཕྱིར་ཏེ། ལུས་ཅན་མིན་པས་ཁྱབ་པར་ངེས་པའི་ཕྱིར་རོ་ཞེ་ན། དོན་ལ་དེ་ལྟར་ཡིན་ཡང་བྱེ་བྲག་པའི་གྲུབ་མཐའ་ལ་ལྟོས་ནས་མཐུན་ཕྱོགས་ལ་ཡང་ཆ་གཉིས་པར་བཤད་དེ། བྱེ་བྲག་པས་རྟག་པ་ལུས་ཅན་ཡིན་མིན་ཆ་གཉིས་འདོད་པའི་ཕྱིར་ཏེ། རྡུལ་ཕྲ་རབ་ནི་ལུས་ཅན་ཡིན་ལ་རྟག་པར་འདོད་པའི་ཕྱིར་རོ། །རྒྱས་པར་ནི་ཁོ་བོས་བྱས་པའི་རྣམ་ངེས་ཀྱི་རྣམ་བཤད་དུ་ལྟ་བར་བྱའོ། །གཉིས་པ་ལྷག་ལྡན་གྱི་གཏན་ཚིགས་ལ། མཚན་ཉིད་ནི། ཕྱོགས་གཉིས་ཀྱི་ནང་ནས་གཅིག་ལ་ཐེ་ཚོམ་ཆོད་ཅིང་ཅིག་ཤོས་ལ་ཐེ་ཚོམ་གྱི་ལྷག་མ་ལུས་པའི་སྒོ་ནས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་དོ། །དབྱེ་བ་ལ། ཡང་དག་ལྷག་ལྡན་དང༌། འགལ་བ་ལྷག་ལྡན་ནོ། །དང་པོ་ནི། མཐུན་ཕྱོགས་ལ་མཐོང་ཞིང་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་དེ། དཔེར་ན་ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཐམས་ཅད་མཁྱེན་པ་མིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། མི་མཐུན་ཕྱོགས་ལ་མཐོང་ཞིང་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བའི་སྒོ་ནས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་བྱེད་དེ། དཔེར་ན་ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཐམས་ཅད་མཁྱེན་པ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུའོ། །ཅིའི་ཕྱིར་ལྷག་ལྡན་ཞེས་བྱ་ཞེ་ན། ཁྱབ་པ་ལ་ཐེ་ཚོམ་གྱི་ལྷག་མ་ལུས་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །གསུམ་པ་མ་གྲུབ་པའི་གཏན་ཚིགས་ལ་མཚན་ཉིད་ནི། ཆོས་ཅན་ལ་ཡོད་པ་ཉིད་དུ་ཚད་མས་མ་གྲུབ་པའོ། །དབྱེ་ན། གང་ཟག་ལ་ལྟོས་པའི་མ་གྲུབ་པ་དང༌། གཞི་ལ་ལྟོས་པའི་མ་གྲུབ་པ་དང༌། ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། ཐ་དད་མེད་ནས་མ་གྲུབ་པའོ། །དང་པོ་ལ། སྔ་རྒོལ་ལ་མ་གྲུབ་པ་ནི། གྲངས་ཅན་པས་སངས་རྒྱས་པ་ལ་བློ་བདེ་སེམས་མེད་སྒྲུབ་པ་ལ་སྐྱེ་འཇིག་ཅན་རྟགས་སུ་བཀོད་པ་ལྟ་བུའོ། །འདི་སྔ་རྒོལ་ལ་མ་གྲུབ་སྟེ། སྔར་ཡོད་གསལ་བར་གྱུར་པ་ཙམ་ལས་སྐྱེ་བ་དང༌། མི་གསལ་བར་གྱུར་པ་ཙམ་ལས་མི་སྐྱེ་བའི་ཐ་སྙད་འདོགས་ཤིང༌། དེ་ནི་སྐྱེ་འཇིག་གི་དོན་དུ་མི་རུང་བའི་ཕྱིར་རོ། །ཕྱི་རྒོལ་ལ་མ་གྲུབ་པ་ནི། གཅེར་བུ་པས་སངས་རྒྱས་པ་ལ། ཤིང་རྣམས་ནི་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འདི་ཕྱི་རྒོལ་ལ་མ་གྲུབ་སྟེ། སངས་རྒྱས་པ་ནི་སྐམ་པ་ཙམ་འཆི་བའི་སྒྲའི་དོན་དུ་མི་འདོད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་དང་དབང་པོ་དང་ཚེ་འགག་པ་ཁོ་ན་ལ་འཆི་བའི་ཐ་སྙད་བྱེད་པའི་ཕྱིར་དང༌། དེ་ཡང་ཤིང་ལ་མ་གྲུབ་པའི་ཕྱིར་རོ། །སྔ་རྒོལ་ལ་ནི་གྲུབ་སྟེ། སྐམ་པ་ཙམ་ལ་འཆི་བའི་སྒྲ་སྦྱོར་ཞིང་དེ་ནི་ཤིང་ལའང་གྲུབ་པའི་ཕྱིར་རོ། །རྒོལ་བ་གཉིས་ཀ་ལ་མ་གྲུབ་པ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། མིག་གི་གཟུང་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །བདག་ཆོས་ཅན། ཁྱབ་པ་ཡིན་ཏེ། བདག་གི་ཡོན་ཏན་ཐམས་ཅད་ན་དམིགས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གསུམ་པ་ལ་གཉིས་ཏེ། གཞི་རྟགས་འབྲེལ་བ་ལ་ཐེ་ཚོམ་ཟ་བ་དང༌། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་བའོ། །དང་པོ་ནི། རི་སུལ་དབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲགས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། རླངས་པ་ལ་སོགས་པའི་དངོས་པོར་ཐེ་ཚོམ་ཟ་བཞིན་དུ་ལ་འདི་ན་ཆོས་ཅན། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །བཞི་པ་ནི། དམ་བཅའི་དོན་ལ་ཐ་མི་དད་པའི་གཏན་ཚིགས་ཏེ། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་དང༌། ཆོས་རྟགས་ཐ་དད་མེད་ནས་མ་གྲུབ་པའོ། །དང་པོ་ནི། སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འདི་ཇི་ལྟར་མ་གྲུབ་པ་ཡིན་ཞེ་ན། སྒྲ་མི་རྟག་པ་ཡིན་མིན་ཐེ་ཚོམ་ཟ་བ་དེ་སྲིད་དུ་རྟགས་ཆོས་ཀྱི་འབྲེལ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །འབྲེལ་པ་ངེས་པ་ན་བསྒྲུབ་བྱ་ལ་ཐེ་ཚོམ་མེད་པའི་ཕྱིར་རྟགས་མིན་ལ། ཆོས་ཅན་དེ་ཉིད་ཀྱིས་བསྒྲུབ་བྱ་སྒྲུབ་ནུས་ན། གཏན་ཚིགས་བཀོད་པ་ལ་མི་ལྟོས་པར་དམ་བཅས་པ་ཉིད་ཀྱི་ཚེ་སྒྲུབ་བྱེད་བསྟན་པར་བཟུང་བས་ཧ་ཅང་ཐལ་བའི་ཕྱིར་རོ། །ཡང་ན་དམ་བཅས་ཙམ་གྱིས་སྒྲུབ་བྱེད་བསྟན་པར་འགྱུར་ཏེ། དང་པོ་ཆོས་ཅན་དུ་བཟུང་བ་དེ་ལས་གཏན་ཚིགས་ཁྱད་པར་གཞན་བསྟན་པ་མེད་པའི་ཕྱིར་རོ། །དམ་བཅས་ཙམ་གྱིས་ནི་རྟོག་པ་སྐྱེད་མི་ནུས་པས་མ་གྲུབ་པའི་གཏན་ཚིགས་སུ་རིགས་སོ། །གཞན་ཡང་ཕྱོགས་དང་ཕྱོགས་ཀྱི་ཆོས་ཀྱི་ཚུལ་དུ་མ་གྲུབ་སྟེ། ཐ་དད་མེད་པའི་ཕྱིར་དང༌། ཆོས་དང་ཆོས་ཅན་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར་རོ། །སྒྲ་ལ་སྒྲ་ཇི་ལྟར་མ་གྲུབ་ཅེ་ན། སྒྲ་གྲུབ་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་མ་གྲུབ་པའི་ཕྱིར་མ་གྲུབ་པར་བརྗོད་དོ། །མདོར་ན་སྒྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་མ་གྲུབ་སྟེ། སྒྲ་དེ་ཁྱོད་ཀྱི་ཆོས་ཅན། ཁྱོད་སྒྲའི་ཆོས་སུ་ཡོད་པ་མིན་པའི་ཕྱིར་ཏེ། ཐ་མི་དད་པའི་ཕྱིར་རོ། །བསྒྲུབ་བྱ་ལ་རྟོགས་པ་ཡང་སྐྱེད་མི་ནུས་ཏེ། གོང་དུ་ཇི་སྐད་བསྟན་པ་བཞིན་ནོ། །གཉིས་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ། མི་རྟག་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འདིའི་ཕྱོགས་ཆོས་མ་གྲུབ་པའི་དོན་ནི། ཇི་སྲིད་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བ་དེ་སྲིད་དུ་གཞི་རྟགས་འབྲེལ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་དང༌། རྟགས་ཆོས་ཅན་ལ་ཡོད་པར་ངེས་ན་བསྒྲུབ་བྱ་ལ་ཐེ་ཚོམ་མེད་པར་ཕྱོགས་ཆོས་ཞིག་པའི་ཕྱིར་རོ། །གཉིས་པ་གཞུང་དོན་ནི། རྟགས་ལྟར་སྣང་གི་མཚན་ཉིད་དང་དབྱེ་བའོ། །དང་པོ་ནི། རྟགས་སུ་བཀོད་པ་གང་ཞིག ཚུལ་གསུམ་རྒོལ་བ་གང་གི་ཚད་མས་མ་གྲུབ་པའོ། །གཉིས་པ་དབྱེ་བ་ལ། མ་གྲུབ་པ་དང༌། མ་ངེས་པ་དང༌། འགལ་བའོ། །དང་པོ་ནི། རྟགས་སུ་བཀོད་པ་གང་ཞིག་ཕྱོགས་ཆོས་རྒོལ་བའི་ཚད་མས་གྲུབ་པ་མེད་པའོ། །དབྱེ་ན་གསུམ་སྟེ། ཕྱོགས་ཆོས་དོན་ལ་མ་གྲུབ་པ་དང༌། བློ་ངོར་མ་གྲུབ་པ་དང༌། རྒོལ་བ་ལ་མ་གྲུབ་པའོ། དང་པོ་ལ་ཆོས་ཅན་མ་གྲུབ་ནས་མ་གྲུབ་པ་ནི། བདག་ནི་ཀུན་ལ་ཁྱབ་པ་ཡིན་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །རྟགས་ཀྱི་ངོ་བོ་མི་སྲིད་ནས་མ་གྲུབ་པ་ནི། མི་འདི་ནི་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། བདག་གི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །ཕྱོགས་རེ་ལ་མ་གྲུབ་པ་ལ་གཉིས། རྟགས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པ། རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པའོ། །དང་པོ་ནི། ཤིང་རྣམས་ཆོས་ཅན། སེམས་ཡོད་དེ། མཚན་མོ་ལོ་མ་འཁུམས་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། ཟླ་བ་གཉིས་འཛིན་ཆོས་ཅན། མངོན་སུམ་ཡིན་ཏེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་བློ་ངོར་མ་གྲུབ་པ་ལ་གཉིས་ཏེ། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། གཞི་རྟགས་འབྲེལ་པ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའོ། །དང་པོ་ནི་རླངས་པའམ་དུ་བ་ཡིན་མིན་ཐེ་ཚོམ་ཟ་བཞིན་དུ། སྐྱ་རྫས་དང་ལྡན་པའི་ལ་འདི་ན་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ནི། རྨ་བྱའི་སྒྲ་གང་ན་གྲགས་ཐེ་ཚོམ་ཟ་བཞིན་དུ། རི་སུལ་དབུས་མ་འདི་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲགས་པའི་ཕྱིར་ཞེས་པ་ལྟ་བུའོ། །གསུམ་པ་རྒོལ་བ་ལ་ལྟོས་ཏེ་མ་གྲུབ་པ་ལ་གཉིས་ཏེ། སྔ་རྒོལ་ལ་མ་གྲུབ་པ་ནི། གྲངས་ཅན་གྱིས་བློ་དང་བདེ་བ་སོགས་ཆོས་ཅན། སེམས་པ་མེད་པ་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ཕྱིར་རྒོལ་ལ་མ་གྲུབ་པ་ནི། གཅེར་བུ་པས་ཤིང་ཆོས་ཅན། སེམས་ཡོད་དེ། ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་ན་ཕྱོགས་རེ་ལ་མ་གྲུབ་པའམ། རྒོལ་བ་གཉིས་ལ་མ་གྲུབ་པ་རྣམ་པར་ཕྱེ་སྟེ་བཤད་པ་ཡིན་ནོ། །གཉིས་པ་མ་ངེས་པའི་གཏན་ཚིགས་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། མཚན་གཞིའི་རྣམ་བཞག་གོ །དང་པོ་ནི། ཕྱོགས་གྲུབ་ཅིང་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བར་བྱེད་པའི་རྟགས་སོ། །གཉིས་པ་དབྱེ་བ་ལ། རྟགས་ཆོས་ཅན་ལས་གཞན་ལ་མ་མཐོང་བ་དང་མཐོང་བའི་སྒོ་ནས་གཉིས་སོ། །དང་པོ་ནི་ཐུན་མོང་མིན་པའི་མ་ངེས་པ་དང༌། གཉིས་པ་ནི་ཐུན་མོང་བའི་མ་ངེས་པའི་རྟགས་སོ། །དེ་ལ་ཆོས་ཅན་ཁོ་ནའི་ཐུན་མོང་མིན་པའི་ཆོས་རྟགས་སུ་བཀོད་པས་ཐུན་མོང་མིན་པ་དང༌། ཆོས་ཅན་གཞན་དང་ཐུན་མོང་བའི་ཆོས་རྟགས་སུ་བཀོད་པས་ཐུན་མོང་བའི་ཐ་སྙད་བྱས་སོ། །གལ་ཏེ་སྒྲ་མི་རྟག་པར་སྒྲུབ་པ་ལ་མཉན་བྱ་རྟགས་སུ་བཀོད་པ་ཐུན་མོང་བར་འགྱུར་ཏེ། ཆོས་ཅན་ལས་ལྡོག་གཞན་རྔ་སྒྲ་ལ་ཡང་མཐོང་བས་སོ་ཞེ་ན། ཆོས་ཅན་དང་དོན་ཐ་དད་པ་ལ་མཐོང་བ་ལ་ཐུན་མོང་བ་ཞེས་བརྗོད་ཀྱི་ལྡོག་གཞན་པ་ཙམ་ལ་བྱེད་པ་མིན་པས་སྐྱོན་མེད་དོ། །སྐབས་ཀྱི་དོན་ནི། ཆོས་ཅན་དུ་ཡོངས་སུ་བཟུང་མི་རིགས་ཤེ་ན། ཁོ་ན་ལ་ཡོད་ཀྱི་དེ་དང་རིགས་མི་མཐུན་པ་གཞན་ལ་མེད་པས་ཐུན་མོང་མིན་པ་ཞེས་བརྗོད་དོ། །ཐུན་མོང་མིན་པའི་མ་ངེས་པའི་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང་ཤེས་འདོད་ཆོས་ཅན་ལས་གཞན་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་ལ་ཡང་མ་མཐོང་བའི་སྒོ་ནས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བྱེད་ཀྱི་རྟགས་སོ། །དབྱེ་ན་བཞི་སྟེ། ཤེས་འདོད་ཆོས་ཅན་དང་རིགས་མི་མཐུན་པ་གཞན་ལ་མེད་ནས་མ་མཐོང་བ་མཉན་བྱ་ལྟ་བུའོ། །གཞན་ལ་ཡོད་ཀྱང་མ་མཐོང་བ། མི་འདི་ཆོས་ཅན། ལྷ་ལས་ཚེ་འཕོས་པ་ཡིན་ཏེ། མིག་དང་ལྡན་པའི་ཕྱིར་ཞེས་པ་ལྟ་བུའོ། །མཐུན་ཕྱོགས་ལ་དོན་ལ་ཡོད་ཀྱང་མ་མཐོང་བ། རིག་བྱེད་རྟག་པར་འདོད་པའི་ངོར་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་རིག་བྱེད་བཞིན་ཞེས་པ་ལྟ་བུའོ། །མི་མཐུན་ཕྱོགས་ལ་མེད་ཀྱང་མ་མཐོང་བ། གང་བྱས་པ་མི་རྟག་སྟེ། རིག་བྱེད་བཞིན་ནམ་མཁའ་ནི་མ་བྱས་པའོ་ཞེས་པ་ལྟ་བུའོ། །ཐུན་མོང་གི་མ་ངེས་པའི་མཚན་ཉིད་ནི། ཤེས་འདོད་ཆོས་ཅན་ལས་གཞན་ལ་ཡང་མཐོང་ཞིང་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བྱེད་ཀྱི་རྟགས་སོ། །དབྱེ་ན་གཉིས་ཏེ། དངོས་ཀྱི་མ་ངེས་པ་དང་ལྷག་ལྡན་ནོ། །དང་པོ་ལ་མཚན་ཉིད་ནི། ཕྱོགས་གཉིས་ཀ་ལ་མཐོང་ཞིང་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བྱེད་ཀྱི་རྟགས་སོ། །དབྱེ་ན་བཞི་སྟེ། ཕྱོགས་གཉིས་ཀ་ལ་ཁྱབ་པར་མཐོང་བ་སྒྲ་ཆོས་ཅན། མི་རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །མཐུན་ཕྱོགས་ལ་ཁྱབ་པར་མཐོང་བ་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །མི་མཐུན་ཕྱོགས་ལ་ཁྱབ་པར་མཐོང་བ། སྒྲ་ཆོས་ཅན། རྩོལ་མ་བྱུང་ཡིན་ཏེ། མི་རྟག་པའི་ཕྱིར་ཞེས་པ་ལྟ་བུའོ། །བྱེ་བྲག་པའི་གྲུབ་མཐའ་དང་བསྟུན་ནས་གཉིས་ཀའི་ཕྱོགས་རེ་ལ་མ་མཐོང་བ། སྒྲ་ཆོས་ཅན། རྟག་སྟེ། ལུས་ཅན་མིན་པའི་ཕྱིར་ཞེས་པ་ལྟ་བུའོ། །འདི་ཕ་རོལ་པོ་རྡུལ་ཕྲན་རྟག་པར་འདོད་པ་དང་སྒོ་བསྟུན་ནས་བཤད་ཀྱི་གནས་ཚུལ་ལ་ནི་རྟག་པ་ལ་ལུས་ཅན་ཡིན་མིན་ཆ་གཉིས་མེད་པས་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་མིན་ནོ། །ཡང་དག་ལྷག་ལྡན་གྱི་མཚན་ཉིད་ནི། ཕྱོགས་ཆོས་གྲུབ་ཅིང་མཐུན་ཕྱོགས་ལ་མཐོང༌། གཅིག་ཤོས་མི་མཐུན་ཕྱོགས་ལ་མ་མཐོང་ཡང་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་རྟགས་སོ། དབྱེ་ན་གསུམ། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བ། ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན། ཐམས་ཅད་མཁྱེན་པ་མིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་པ་ལྟ་བུའོ། །མི་མཐུན་ཕྱོགས་དང་མི་འགལ་ཡང་མ་ངེས་པ། ལྷ་སྦྱིན་གྱི་བུ་ཆུང་ངུ་ཆོས་ཅན། སྔོ་བསངས་ཡིན་ཏེ། ལྷ་སྦྱིན་གྱི་བུ་ཡིན་པའི་ཕྱིར་ཞེས་པ་རྒོལ་བ་འགའ་ཞིག་གིས་མ་ངེས་ནས་བཀོད་པ་ལྟ་བུའོ། །འགལ་ཡང་མ་ངེས་པ། བྱས་པ་དང་རྟག་པ་འགལ་བར་མ་ངེས་པ་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །འགལ་བའི་ལྷག་ལྡན་གྱི་མཚན་ཉིད་ནི། ཕྱོགས་ཆོས་གང་ཞིག མི་མཐུན་ཕྱོགས་ལ་མཐོང་མཐུན་ཕྱོགས་ལ་མ་མཐོང་ཡང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་རྟགས་སོ། །དབྱེ་ན་མི་མཐུན་ཕྱོགས་ལ་མ་མཐོང་བ་སོགས་གསུམ་སྟེ། བསྒྲུབ་བྱའི་ཆོས་འབའ་ཞིག་ལྡོག་ནས་རྟགས་སྔ་མ་བཞིན་ནོ། །འགལ་རྟགས་ཀྱི་མཚན་ཉིད་ནི། ཕྱོགས་ཆོས་གྲུབ། ལྡོག་པ་དགག་བྱའི་ཆོས་ཀྱི་ཁྱབ་བྱ་རྟགས་སུ་བཀོད་པ། དབྱེ་བ་ལ། ངོ་བོའི་སྒོ་ནས་དབྱེ་བ་དང༌། བརྗོད་འདོད་ཀྱི་སྒོ་ནས་དབྱེ་བ། དབྱེ་བ་གཞན་དུ་འདོད་པ་དགག་པའོ། །དང་པོ་ལ་གཉིས། འབྲེལ་པའི་དབང་གིས་གཉིས་སུ་དབྱེ། སྦྱོར་བའི་དབང་གིས་གསུམ་དུ་དབྱེ་བའོ། །དང་པོ་ལ་གཉིས་སུ་འགྱུར་ཚུལ་ནི། མ་དམིགས་པ་ཐམས་ཅད་ནི་དཔེ་ལ་དགག་བྱའི་ཆོས་སྣང་རུང་མ་དམིགས་པ་འདུ་ཞིང༌། དེ་རང་བཞིན་རྟགས་སུ་བསྡུས་པས་སྦྱོར་བའི་དབང་གིས་འགལ་བ་ཡིན་ཏེ། སྦྱོར་བའི་དབང་གིས་རྟགས་གཉིས་སུ་ཕྱེ་བ་དེ་ཉིད་བཟློག་པའི་ཕྱིར་ཞེས་པའོ། །དེས་ན་མི་དམིགས་པ་ཐམས་ཅད་རྩ་བ་མཐུན་དཔེའི་སྟེང་དུ་དགག་བྱའི་ཆོས་ལྟར་རུང་མི་དམིགས་པ་ལ་དགག་བྱའི་ཆོས་མེད་ངེས་ཀྱི་ཁྱབ་པ་ལ་ལྟོས་ལ་ལྟར་རུང་མི་དམིགས་པ་མེད་ངེས་ཀྱི་རྣམ་འཇོག་ཡིན་པས་དེ་གཉིས་བདག་གཅིག་པས་བརྒྱུད་ནས་རྩ་བ་བདག་གཅིག་འབྲེལ་པ་ལ་མ་བརྟེན་པར་དགག་རྟགས་མི་སྲིད་པས་རང་བཞིན་རྟགས་སུ་འདུ་བ་ཡིན་ནོ། །དགག་བྱའི་ཆོས་དཔེ་ལའང་ཡོད་ཀྱང་ལྟར་མི་རུང་བ་ཡིན་ན་མི་སྣང་བ་མ་དམིགས་པའི་རྟགས་སུ་བཤད་དོ་ཞེས་ཁོ་བོ་འཆད་དོ། །གཞན་ཡང་རིགས་ཐིགས་ལས་ཀྱང༌། མེད་པའི་ཐ་སྙད་སྒྲུབ་པའི་མི་དམིགས་པ་དེ་དག་ཐམས་ཅད་ལ་ཡང་རང་བཞིན་འགལ་བ་ལ་སོགས་པ་དམིགས་པ་དང༌། རྒྱུ་ལ་སོགས་པ་མི་དམིགས་པས་དགག་པ་བཤད་པ་གང་ཡིན་པ་དེ་དག་ནི། དམིགས་པའི་རིག་བྱར་འགྱུར་བ་ཁོ་ན་ལས་དམིགས་པ་དང་མི་དམིགས་པར་ཤེས་པར་བྱའོ། །གཞན་དག་ལས་ནི་འགལ་བ་དང་རྒྱུ་དང་འབྲས་བུ་ཡོད་པ་དང་མེད་པ་མི་འཐད་པའི་ཕྱིར་རོ་ཞེས་སོ། །རང་བཞིན་འགལ་བའི་དཔེར་བརྗོད་སྒྲ་ཆོས་ཅན། རྟག་སྟེ་བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །འབྲས་བུ་འགལ་བའི་དཔེར་བརྗོད། སྒྲ་འཛིན་ཉན་ཤེས་མ་འཁྲུལ་བ་ཆོས་ཅན། རང་གི་དམིགས་རྐྱེན་སྒྲ་རྟག་པ་ཡོད་དེ། སྒྲའི་རྐྱེན་རྩལ་མ་ཐག་ཏུ་འབྲས་བུ་ཉན་ཤེས་རྩོལ་བྱུང་དུ་ཡོད་པའི་ཕྱིར་རོ་ཞེས་པ་ལྟ་བུའོ། །ཇི་སྐད་དུ། རང་བཞིན་འབྲས་བུ་སྒྲུབ་དོན་དུ། །གཏན་ཚིགས་གཉིས་དང་བཟློག་པ་གཉིས། །རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ལྷག་མ་ལྡོག་པའི་མཚན་ཉིད་ཡིན། །ཞེས་གསུངས་པ་ཡིན་ནོ། །རྩོལ་བྱུང་འབྲས་རྟགས་འགལ་བ་ཡིན་ཏེ། ཉན་ཤེས་སྒྲ་རྟག་པའི་འབྲས་བུ་ཡིན་པས་སོ་ཅེ་ན། ཉན་ཤེས་སྒྲ་མི་རྟག་པའི་འབྲས་བུར་སྒྲུབ་པ་ནི། དུང་སྒྲ་འཛིན་པའི་ཉན་ཤེས་མ་འཁྲུལ་བ་དེ་ཆོས་ཅན། རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་སྟེ། དུང་སྒྲའི་མཐུན་རྐྱེན་རྩོལ་བ་རྩལ་མ་ཐག་ཏུ་བྱུང་བའི་ཉན་ཤེས་ཡིན་པའི་ཕྱིར་ཅེས་པ་ནི་འབྲས་རྟགས་སོ། །སྒྲ་རྟག་པའི་འབྲས་བུར་འགོག་པ་ནི། དུང་སྒྲ་དེ་ཆོས་ཅན། རྐྱེན་རྩོལ་བ་མ་བྱས་པའི་སྔ་རོལ་ནས་ཀྱང་ཐོབ་པར་ཐལ། རྐྱེན་གྱིས་མ་སྐྱེད་པར་དང་པོ་ནས་སྒྲར་གྲུབ་ཅིང་ཉན་ཤེས་ཀྱིས་ཐོས་པའི་ཕྱིར། འགྱུར་བ་མེད་པ་ཡིན་ན་སྔར་མ་ཐོས་པ་ལས་རྐྱེན་རྩོལ་བའི་རྒྱུས་གསར་དུ་ཐོས་པ་འགལ་ལོ། །རང་ལ་མཚུངས་པ་སྤང་པ་ནི། བུམ་པ་ཆོས་ཅན། རྩིག་པས་སྒྲིབ་པས་མི་མཐོང་ལ་བར་གྱི་རྩིག་པ་མེད་ན་མཐོང་བའི་བྱེ་བྲག་མི་འཐད་པར་ཐལ། འགྱུར་བ་མེད་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། སྔར་རྩིག་པས་སྒྲིབ་པའི་དུས་སུ་བུམ་པ་མིག་ཤེས་ཀྱི་གཟུང་དོན་མིན་ལ། ཕྱིས་མ་བསྒྲིབས་པ་ན་བཟུང་དོན་དུ་འགྱུར་བའི་ཕྱིར་འདིར་ཁྱོད་ཀྱི་རྩོད་པ་མི་མཚུངས་སོ། །གལ་ཏེ་སྒྲ་རྟག་ཀྱང་སྔར་སྒྲིབ་བྱེད་ཀྱིས་ཆོད་པའི་དུས་སུ་སྒྲ་མ་ཐོས་ལ། སྒྲིབ་བྱེད་མེད་པ་ན་ཐོས་པ་དེ་ལྟར་དུ་ངེད་ཀྱང་འདོད་དོ་ཞེ་ན། སྒྲ་ཆོས་ཅན། རྐྱེན་གྱི་ཁྱད་པར་གྱིས་ཐོས་མ་ཐོས་དེ་འདྲའི་རྣམ་དབྱེ་མི་འཐད་པར་ཐལ། རྐྱེན་གྱིས་འགྱུར་བ་མེད་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ། །གཉིས་པ་སྦྱོར་བའི་དབང་གིས་གསུམ་དུ་དབྱེ་བ་ནི། སྦྱོར་བ་ལ་ལྟོས་ཏེ་མི་དམིགས་པའི་རྟགས་གསུམ་དུ་འབྱེད་ན་ནི་སྦྱོར་བ་ལ་ལྟོས་ན་འགལ་བ་ཡང་གསུམ་དུ་འགྱུར་ཏེ། རྟགས་ཡང་དག་ཟློག་པ་ཉིད་འགལ་བ་ཡིན་པའི་ཕྱིར་རོ། །བརྗོད་འདོད་ཀྱི་སྒོ་ནས་དབྱེ་ན་གསུམ་ལས། གཞན་ལུགས་དགག་པ་ནི། རྩང་ནག་པ་ལ་སོགས་པ་འགའ་ཞིག སློབ་དཔོན་གྱིས་དེ་ནི་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་འབྱེད་པའི་ཕྱིར་ཞེས་འབྱུང་བས་ན། ཆོས་ཀྱི་ངོ་བོ་དང་ཁྱད་པར་འགོག་པ་གཉིས། ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་འགོག་པའི་འགལ་བ་གཉིས་ཏེ་བཞི་ཡིན་ནོ་ཞེས་ཟེར་རོ། །དངོས་སུ་འགལ་བ་བརྗོད་པ། སྒྲ་རྟག་སྟེ་བྱས་པའི་ཕྱིར་ཞེས་པའམ། མིག་སོགས་ཆོས་ཅན་གྱི་ཁྱད་པར་འགོག་པ་ནི། འདུས་པ་མིན་པ་གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པའི་ཕྱིར་ཞེས་པའམ། ཡང་ཆོས་ཅན་གྱི་ཁྱད་པར་འགོག་པ་ནི། མིག་སོགས་འདུས་པ་མིན་པའི་དོན་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཆོས་ཅན་གྱི་ངོ་བོ་འགོག་པ་ནི། ཤུགས་ལ་འགལ་བ་བརྗོད་པ་ལ་ཆོས་ཀྱི་ངོ་བོ་འགོག་པའི་སྒོ་ནས་སྦྱོར་བ་ནི། མིག་སོགས་ཆོས་ཅན། གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པ། ཁྱད་པར་འགོག་པའི་སྒོ་ནས་སྦྱོར་བ་ནི། འདུས་པ་མིན་པ་གཞན་གྱི་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཆོས་ཅན་གྱི་ངོ་བོ་འགོག་པའི་སྒོ་ནས་སྦྱོར་བ་ནི། དངོས་གྱུར་གྱི་ནམ་མཁའ་ཆོས་ཅན། རྟག་སྟེ་འདུས་མ་བྱས་པའི་ཕྱིར་ཞེས་པ་ལྟ་བུའོ། །ཆོས་ཅན་གྱི་ཁྱད་པར་འགོག་པའི་སྒོ་ནས་སྦྱོར་བ་ནི། མིག་སོགས་འདུས་པ་མིན་པའི་དོན་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་ན་བརྗོད་འདོད་ཀྱི་སྟོབས་ཀྱིས་སྦྱོར་བ་ཐ་དད་པར་བརྗོད་པ་ཡིན་གྱི་འགལ་རྟགས་དོན་ཐ་དད་པ་བཞི་ནི་མིན་ནོ། །གལ་ཏེ་འགལ་རྟགས་ལ་དངོས་ཤུགས་ཀྱི་འགལ་བ་འབྱེད་པ་དེ་ལྟར་ཡང་དག་ལ་ཡང་འབྱེད་དགོས་པར་མཚུངས་སོ་ཞེ་ན། འབྱེད་དུ་རུང་མོད་བྱེད་པ་ཆུང་བའི་ཕྱིར་བཏང་སྙོམས་སུ་མཛད་དེ། རྣམ་ངེས་ལས། འགལ་བ་བཞིན་དུ་གཏན་ཚིགས་ཀྱང་ཅི་སྟེ་ཐ་མི་དད་ཅེ་ན། རྣམ་པར་འབྱེད་པ་ལ་སུ་ཞིག་འགོག་ཅེས་སོ། །རྣམ་པར་དབྱེ་བ་གཞན་དུ་འདོད་པ་དགག་པ་ནི། འགའ་ཞིག་གྲངས་ཅན་གྱིས་མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་ཤིང་བསགས་པ་ཡིན་པའི་ཕྱིར་ཞེས་པ་དངོས་སུ་བརྗོད་པའི་བསྒྲུབ་བྱ་འགོག་པའི་འགལ་བ་གསུམ་པ་ཡོད་དོ་ཞེས་ཟེར་རོ། །དངོས་སུ་བརྗོད་པའི་གཞན་དོན་བྱེད་པ་འགོག་པ་འགལ་བ་མིན་ཅིང༌། ཞེ་འདོད་ལ་འགོག་པར་འདོད་ན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འགལ་བའི་གཏན་ཚིགས་ཆོས་ཅན། འདིར་སྔར་གྱི་འགལ་བར་མ་འདུས་པའི་འགལ་བ་གསུམ་པར་མི་བཞེད་དེ། ཞེ་འདོད་ཀྱི་བསྒྲུབ་བྱ་བཀག་པའི་རྟགས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཞེ་འདོད་དང་ངག་ཏུ་སྨྲ་བ་གཉིས་བསྒྲུབ་བྱར་མཚུངས་པར་ཁྱེད་རང་གིས་འདོད་པའི་ཕྱིར། རྟགས་ཀྱི་ངེས་པ་བསམ་པ་ལ་གཉིས་ལས། མཐའ་འགོག་གི་ངེས་པ་ནི། རྟགས་སུ་བཀོད་པ་ཐམས་ཅད་ལ་ཕྱོགས་ཆོས་སུ་མ་གྲུབ་པ་དང་གྲུབ་པ་གཉིས་སུ་ངེས་ལ། དང་པོ་ནི། གཏན་ཚིགས་མ་གྲུབ་པ་ཡིན་ལ། གཉིས་པ་ཕྱོགས་ཆོས་གྲུབ་པ་ལ། ཁྱབ་པ་རྣལ་མར་ངེས་པ་ཐམས་ཅད་ཡང་དག ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཐམས་ཅད་འགལ་བ། ཁྱབ་པ་མ་ངེས་པ་ཐམས་ཅད་མ་ངེས་པའི་གཏན་ཚིགས་ཡིན་ཅེས་མཐའ་གཞན་འགོག་པའི་ངེས་པ་བཞིར་ངེས་སོ། །བྱེད་པའི་སྒོ་ནས་ངེས་པ་བཞག་པ་ནི། རྟགས་སུ་བཀོད་པ་བཞི་པོ་ལ། །མ་གྲུབ་པའི་རྟགས་ཀྱིས་བསྒྲུབ་བྱ་ལ་ཐེ་ཚོམ་ཡང་སྐྱེ་མི་ནུས་ལ། མ་ངེས་པས་བསྒྲུབ་བྱ་ལ་ཐེ་ཚོམ་སྐྱེད་དོ། །དེ་ཡང་རྟགས་དངོས་ཀྱིས་སྐྱེད་པས་མ་ཁྱབ་ཀྱང༌། རྟགས་ལ་བརྟེན་ནས་ཐེ་ཚོམ་བསྐྱེད་དོ། །འགལ་བས་མི་འདོད་པའི་བློ་སྐྱེད་ལ། ཡང་དག་གིས་འདོད་པའི་ངེས་པ་སྐྱེད་པས་རྟགས་ཀྱི་ནུས་པ་དེའང་རྣམ་པ་བཞི་ཡོད་དོ། །ཇི་སྐད་དུ། ཕྱོགས་ལ་མཐུ་མེད་སོམ་ཉི་དང༌། །མི་འདོད་འདོད་པའི་ངེས་པ་དང༌། །ཞེས་སོ། །མ་གྲུབ་པ་ལ་ནུས་པ་མེད་ཀྱང་ཟླའི་སྟོབས་ཀྱིས་ལྷན་ཅིག་ཏུ་བཤད་པ་ཡིན་ནོ། །ཐེག་གཅིག་དྲང་དོན་དུ་བཤད་པ་མིན་ཡང་ཐེག་གསུམ་དྲང་དོན་དུ་བཤད་པ་བཞིན་ནོ། །གལ་ཏེ་ཕྱོགས་ཆོས་མ་གྲུབ་པར་ཤེས་ན་རྟགས་མི་འགོད་དོ་ཞེ་ན། ཕྱོགས་ཆོས་ཀྱི་སྐྱོན་གཏན་ཚིགས་མ་གྲུབ་པ་ནི་འདི་ལྟ་བུའོ་ཞེས་པའི་ཚུལ་དུ་དགོད་པས་སྐྱོན་མེད་དོ། །གལ་ཏེ་སྒྲ་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་ན། བྱས་པ་ལ་མི་རྟག་པས་ཁྱབ་པ་ངེས་དགོས་ལ། དེ་ལྟ་ན་འགལ་བའི་རྟགས་ཀྱིས་མི་འདོད་པའི་བློ་སྐྱེད་པ་འགལ་ལོ་ཞེ་ན། འགལ་བའི་རྟགས་ལ་ཡང་དག་ཏུ་བཟུང་ན་ཕྱིན་ཅི་ལོག་གི་བློ་སྐྱེད་པ་ལ་དགོངས་པས་སྐྱོན་མེད་དོ། །རྟགས་ལས་རྟོགས་པའི་བསྒྲུབ་བྱ་བསྟན་པ་ལ་གཉིས་ཏེ། མཚན་ཉིད་བསྟན་པ་དང༌། མཚན་གཞི་སོ་སོའི་རྣམ་གཞག་གོ །དང་པོ་ལ། རྣམ་གཅོད་ལ་ལྟོས་ཏེ་ལྔར་བསྟན། ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་སྒྲུབ་པའོ། །དང་པོ་ནི། མཚན་ཉིད་ཡན་ལག་ལྔ་ལྡན་དུ་མདོ་ལས་གསུངས་ཏེ། ངོ་བོ་ཁོ་ན་བསྟན་བྱ་བ། རང་ཉིད་འདོད་དང་མ་བསལ་བ་ཞེས་པ་ལྟར་རོ། །གཉིས་པ་ཡོངས་གཅོད་ལ་ལྟོས་ཏེ་གཅིག་ཏུ་སྒྲུབ་པ་ལ་གཉིས་ཏེ་རིགས་སྒོ་ནས་གསུངས་པ་དང༌། ཆོས་ཀྱི་གྲགས་པས་གསུངས་པའོ། །དང་པོ་ནི། རིགས་པའི་སྒོར། བསྒྲུབ་བྱར་འདོད་པར་གྱུར་པ་ནི་ཕྱོགས་ཡིན་ནོ་ཞེས་པ་ལྟར་རོ། །འདི་ལ་མ་ཁྱབ་པ་སྤང་བ་ནི། གློ་བུར་བའི་རྗེས་དཔག་གི་ཡུལ་ལ་མ་ཁྱབ་བོ་ཞེ་ན། གློ་བུར་བའི་རྟགས་ཀྱི་སྐབས་སུ་ནི་སྔ་རྒོལ་དང་ཕྱི་རྒོལ་གྱི་རྣམ་པར་བཞག་པ་མེད་པའི་ཕྱིར། སྔ་རྒོལ་གྱིས་ཕྱི་རྒོལ་གྱི་ངོར་རྟགས་ཀྱི་བསྒྲུབ་པར་བྱ་བར་འདོད་པའི་དོན་མེད་པས་དོན་མེད་དོ། །སྐབས་འདིའི་འདོད་པ་ནི། སྔ་རྒོལ་གྱིས་ཕྱི་རྒོལ་ལ་དཔག་པར་འདོད་པའམ་བསྒྲུབ་བྱར་འདོད་པའོ། །ཁྱབ་ཆེས་པ་སྤང་བ་ནི། ཕྱི་རྒོལ་གྱིས་སྒྲ་རྟག་མི་རྟག་དྲིས་པ་ན། དུ་ལྡན་གྱི་ལ་ལ་མེ་ཡོད་ཅེས་པ་ལྟ་བུ་སྐབས་སུ་མ་བབ་པའང་བསྒྲུབ་བྱར་ཐལ། དཔག་འདོད་ཡོད་པའི་ཕྱིར། འདོད་ན་སྨྲ་བ་པོ་ཚར་གཅད་ཀྱི་གནས་མིན་པར་ཐལ་ལོ་ཞེ་ན། སྔ་རྒོལ་གྱིས་ཕྱི་རྒོལ་ལ་དཔག་འདོད་ཞུགས་ན། བསྒྲུབ་བྱ་ཐ་དད་ཡིན་ལ། སྐབས་སུ་མ་བབ་པ་དམ་འཆའ་བའི་ཆ་ནས་ཚར་གཅོད་ཀྱི་གནས་སུ་སོང་བ་ཡིན་ནོ། །གཉིས་པ་ཆོས་ཀྱི་གྲགས་པས་གསུངས་པ་ནི། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད་ཅེས་པའོ། །གལ་ཏེ་བསྒྲུབ་བྱ་ལ་ཁས་བླངས་དགོས་ན་གཏན་ཚིགས་ལ་ཡང་ཁས་བླངས་པ་དགོས་སོ་ཞེ་ན། གཏན་ཚིགས་ཀྱང་ཆོས་ཅན་གྱི་སྟེང་དུ་རྒོལ་བ་རང་གིས་གྲུབ་པར་འདོད་པ་ཞིག་དགོས་ཏེ། དོན་ལ་གྲུབ་ཀྱང་རྒོལ་བ་རང་ལ་མ་གྲུབ་ན་རྒོལ་བ་ལ་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་བའི་ཕྱིར་རོ། །རྟགས་སུ་བཀོད་པའི་དུས་སུ་ཕྱི་རྒོལ་གྱིས་ཁས་ལེན་པ་ནི་མི་དགོས་ཏེ། གཏན་ཚིགས་ཐམས་ཅད་གཞན་གྱི་ཁས་བླངས་རྟགས་སུ་བཀོད་པར་མི་འགྱུར་བའི་ཕྱིར་རོ། །གཞན་དོན་ལ་ནི་ཕྱིར་རྒོལ་གྱིས་ཀྱང་གྲུབ་དགོས་ཏེ། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་བྱས་པ་སྔར་རྒོལ་གྱི་ངོར་ཕྱོགས་ཆོས་སུ་གྲུབ་བམ་མ་གྲུབ། དང་པོ་ལྟར་ན། སྔར་རྒོལ་གྱི་ངོར་ཡང་རྟགས་ཡང་དག་ཏུ་ཐལ། ཕྱོགས་ཆོས་དང་ཁྱབ་པ་ངེས་པའི་ཕྱིར། འདོད་ན། ཕྱིར་རྒོལ་གྱི་ངོར་བསྒྲུབ་བྱར་བཟུང་བ་ཉིད་སྔར་རྒོལ་གྱི་ངོར་བསྒྲུབ་བྱ་ཉིད་དུ་ཐལ་བས་ངོ་བོའི་དོན་མ་ཚང་བར་འགྱུར་སྙམ་ན། ཆོས་ཅན་ལ་རྒོལ་བ་གཉིས་ཀ་ལ་ཡོད་པ་མཚུངས་ཀྱང་སྔར་རྒོལ་གྱི་ངོར་ཕྱོགས་ཆོས་མིན་ཏེ། སྔར་རྒོལ་གྱི་ངོར་རྟགས་ཡང་དག་ཏུ་ཐལ་བའི་ཕྱིར་རོ། །སྔར་རྒོལ་གྱིས་ཕྱོགས་ཆོས་སུ་ངེས་པ་ཡིན་ཏེ། ཕྱིར་རྒོལ་གྱི་ངོར་ཕྱོགས་ཆོས་གྲུབ་པར་ངེས་པའི་ཕྱིར་རོ། །སྒྲ་དང་མི་རྟག་པའི་ཚོགས་དོན་སྔར་རྒོལ་གྱི་ངོར་བསྒྲུབ་བྱ་མིན་ཡང་དེས་བསྒྲུབ་བྱར་ངེས་པ་བཞིན་ནོ། །གཉིས་པ་མཚན་གཞིའི་རྣམ་བཞག་ལ་གཉིས་ཏེ། སྤྱིར་ངོས་བཟུང་བ་དང༌། ཡན་ལག་ལྔ་སོ་སོར་བཤད་པའོ། །དང་པོ་ལ་གཞན་ལུགས་དགག་པ་ནི། སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ལ་བསྒྲུབ་བྱའི་མཚན་གཞི་དངོས་པོའི་ཚོགས་དོན་ནམ་བཏགས་པའི་ཚོགས་དོན་ཡིན་ཅེ་ན། འགའ་ཞིག་བཏགས་པ་ཁོ་ན་ཡིན་ཏེ། ངག་གིས་བསྒྲུབ་བྱར་ཁས་བླངས་ན་སྒྲ་རྟག་པའང་དམ་བཅའ་སྐྱོན་མེད་དུ་འགྱུར་བའི་ཕྱིར་གསུངས་པའང༌། སྒྲ་དོན་རྐྱང་པ་ལ་དགག་སྒྲུབ་བྱས་པས་རང་མཚན་དང་འབྲེལ་པ་མེད་ཅེས་བཤད་ཟིན་ཏོ། །འགའ་ཞིག་དངོས་པོའི་ཚོགས་དོན་ཁོ་ན་ཡིན་གྱི། སྒྲ་རྟག་པ་ལ་སོགས་པ་ནི་མིན་ཏེ། བསལ་བ་འཇུག་པ་སྲིད་པའི་ཕྱིར་ཞེས་ཟེར་བའང་མི་འཐད་དེ། རྟགས་བསྒྲུབ་བྱ་ལ་སེལ་འཇུག་མིན་པར་ཐལ་བས་སོ། །དེས་ན་དངོས་པོ་དང་བཏགས་པ་རྣམ་པར་ཕྱེ་སྟེ་ལན་སྨྲ་བ་འཁྲུལ་ལོ། །རང་ལུགས་ནི། ཆོས་དང་ཆོས་ཅན་གྱི་སྒྲ་དོན་ལ་རང་མཚན་དུ་འཁྲུལ་བའི་ཚོགས་དོན་གྱི་སེལ་བ་བསྒྲུབ་བྱའི་མཚན་གཞི་ཡིན་ནོ། །རྣམ་གཞག་འདི་ལ་ནི། ཚོགས་དོན་གྱི་དངོས་པོའམ། བཏགས་པ་དངོས་མེད་སྒྲུབ་ཅེས་པའི་རྩོད་པའི་གོ་སྐབས་མེད་དོ། །གཉིས་པ་ཡན་ལག་སོ་སོའི་ངོ་བོ་ལ། སོ་སོར་ངོས་བཟུང་བ་དང་གྲངས་ངེས་པའི་ཚུལ་ལོ། །དང་པོ་ལ། ངོ་བོས་ནི་ཕྱི་རྒོལ་གྱི་མ་གྲུབ་པ་སྟོན་ཏེ། གྲུབ་ན་རྟགས་ཀྱིས་སྒྲུབ་མི་དགོས་པའི་ཕྱིར་རོ། །ཁོ་ནས་ནི། སྒྲུབ་བྱེད་དུ་བཀོད་པའི་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་སེལ་ཏེ། བསྒྲུབ་བྱ་ཁོ་ནར་བསྟན་པའི་ཕྱིར་དང༌། བསྒྲུབ་བྱར་བཟུང་བ་དང་སྒྲུབ་བྱེད་དུ་བཟུང་བ་དུས་གཅིག་ལ་མི་འདུ་བའི་ཕྱིར། སྒྲུབ་བྱེད་དུ་བཀོད་པའི་མ་གྲུབ་པ་ལ། དཔེ་མ་གྲུབ་པ་དང༌། རྟགས་མ་གྲུབ་པ་གཉིས་ཏེ། དཔེར་ན། ཕྱི་རྒོལ་དཔྱོད་པ་བ་དང་གྲངས་ཅན་པ་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པ་ན་གྲངས་ཅན་ལ་བུམ་པ་མི་རྟག་པ་དཔེར་མ་གྲུབ་སྟེ། རྟག་པར་འདོད་པའི་ཕྱིར་རོ། །བྱས་པ་སྤྱོད་པ་བ་ལ་སྒྲ་མི་རྟག་པ་ལ་གཏན་ཚིགས་སུ་མ་གྲུབ་སྟེ། སྔར་ཡོད་རྐྱེན་གྱིས་གསལ་བར་བྱས་པ་ཡིན་གྱི། སྔར་མེད་གསར་དུ་སྐྱེ་བ་མིན་པའི་ཕྱིར་ད་ལྟ་སྒྲུབ་བྱེད་དུ་བཟུང་བས་བསྒྲུབ་བྱ་མ་ཡིན་ཡང༌། མ་འོངས་པ་ན་བསྒྲུབ་བྱར་འགྱུར་དུ་རུང་བ་ཡིན་ཏེ། ཕྱི་རྒོལ་གྱི་གཏན་ཚིགས་དཔེ་མ་གྲུབ་པར་བརྩད་པ་ན། བྱས་པ་ཡིན་ཏེ། རྒྱུ་རྐྱེན་གྱི་བྱེ་བྲག་ཐ་དད་པའི་ཕྱིར་དང༌། མི་རྟག་པ་ཡིན་ཏེ། བྱས་པའི་ཕྱིར་ཞེས་སྒྲུབ་པར་བྱེད་དགོས་པའི་ཕྱིར་རོ། །འདོད་པས་ནི་དཔག་འདོད་མེད་པ་སེལ་ཏེ། སྔར་རྒོལ་གྱིས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པར་ཕྱིར་རྒོལ་ལ་རྟགས་ཀྱིས་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །རང་ཉིད་ཀྱིས་ནི། སྒྲ་རྟག་པར་སྟོན་པའི་བསྟན་བཅོས་ཁས་བླངས་པས། སྒྲ་མི་རྟག་པར་སྟོན་པའི་དུས་སུའང་སྒྲ་རྟག་པ་ཡང་བསྒྲུབ་བྱར་ཁས་ལེན་དགོས་པས། བྱས་པ་སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་རོ་ཞེས་པའི་ལོག་རྟོག་སེལ་བ་ཡིན་ཏེ། རྒོལ་བ་རང་ཉིད་ཀྱིས་ཁས་བླངས་པ་ཁོ་ན་བསྒྲུབ་བྱ་ཡིན་གྱི་གཞན་ནི་མིན་ནོ་ཞེས་སྟོན་པའི་ཕྱིར་རོ། །སྒྲ་མི་རྟག་པར་སྒྲུབ་པའི་དུས་སུ་སྒྲ་མི་རྟག་པ་ཁོ་ན་བསྒྲུབ་བྱ་ཡིན་གྱི། ནམ་མཁའི་ཡོན་ཏན་དུ་སྟོན་པའི་བསྟན་བཅོས་ཀྱི་དོན་ནི་མིན་ཏེ། དེ་སྒྲ་མི་རྟག་པར་སྒྲུབ་པའི་སྐབས་དང་མ་འབྲེལ་བའི་ཕྱིར་ཞེས་པའི་དོན་ནོ། །གལ་ཏེ་རྒོལ་བ་རང་ཉིད་ཀྱིས་མི་འདོད་པ་སྒྲུབ་བྱ་ཡིན་པ་འདོད་པས་བསལ་ཟིན་པའི་ཕྱིར། རང་ཉིད་ཀྱི་སྒྲ་དོན་མེད་དོ་ཞེ་ན། འདོད་པའི་སྒྲས་དཔག་འདོད་གཞལ་བྱར་བསྟན་ཀྱང༌། དཔག་པར་འདོད་པ་དེ་ཡང་རྒོལ་བ་གཞན་གྱིས་ཁས་བླངས་པ་ལྟ་བུ་ཡང་ཡིན་ནམ་སྙམ་ན། རང་ཉིད་ཀྱི་སྒྲས་དཔག་པར་འདོད་པ་དེ་ཡང་རང་གིས་ཁས་བླངས་པ་ཁོ་ན་ཡིན་གྱི་གཞན་མིན་ནོ་ཞེས་སྟོན་པས་ན། དོགས་པ་སེལ་བ་ཁོ་ནའི་ཕྱིར་སྨོས་པས་ཁྱད་པར་ཡོད་དོ། །དེའི་ཚེ་ན་མི་འདོད་པ་དང་འདྲེས་པའི་འདོད་པ་བསྒྲུབ་བྱ་ཡིན་པས་བསལ་ཏེ། དེ་ནི་རྒོལ་བ་རང་གིས་ཁས་བླངས་པ་མེད་པའི་ཕྱིར་རོ། །འདོད་པའི་སྒྲ་ཙམ་གྱིས་ནི་སེལ་བ་མིན་ཏེ། མི་འདོད་པ་དང་འདྲེས་པའི་འདོད་པ་ལ་ཡང་འདོད་པར་བྱ་བའི་ཆོས་དང་ལྡན་པས་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བ་སྲིད་པའི་ཕྱིར། རང་ཉིད་ཀྱིས་ནི་མི་འདོད་པ་དང་འདྲེས་པའི་འདོད་པ་བསྒྲུབ་བྱ་ཡིན་པ་སེལ་བར་བྱེད་དོ། །རྒོལ་བ་རང་ཉིད་ཀྱིས་ཁས་བླངས་པ་ཁོ་ན་བསྒྲུབ་བྱར་སྟོན་པའི་ཕྱིར་དང༌། དེ་ལ་ནི་རང་གིས་ཁས་མ་བླངས་པ་ཡང་འདྲེས་པས་དེ་རྣམ་པར་གཅོད་པའི་ཚུལ་གྱིས་འདོད་པ་བསྒྲུབ་བྱར་སྟོན་པའི་ཕྱིར་རོ། །མདོར་ན་འདོད་པས་ནི་འདོད་ཡུལ་སྒྲུབ་བྱར་བསྟན་པ་ཙམ་ཡིན་གྱི། གཞན་གཅད་པའི་ཚུལ་གྱིས་བསྟན་པ་མིན་ལ། རང་ཉིད་ཀྱིས་ནི་མི་འདོད་པ་དང་འདྲེས་པ་རྣམ་པར་གཅོད་པའི་ཚུལ་གྱིས་སྟོན་པར་བྱེད་པའི་ཕྱིར་ཏེ། རྣམ་ངེས་ལས། རང་ཉིད་ཀྱི་སྒྲས་ནི་ཆོས་ཅན་གཅིག་ལ་ལྟོས་ནས་ཆོས་དུ་མ་རྣམ་པར་བཞག་ཀྱང༌། རང་ཉིད་བདག་ཉིད་འདོད་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི། བསྟན་བཅོས་ཁས་བླངས་སུ་ཟིན་ཀྱང་གཞན་ནི་མིན་ནོ་ཞེས་པ་དང༌། རྒོལ་བ་བདག་ཉིད་ཀྱི་འདོད་པ་རྗེས་སུ་དཔག་པར་བྱ་བ་ཉིད་དུ་བརྗོད་པ་འདིས་ནི་མི་འདོད་པ་དང་འདྲེས་པའི་འདོད་པ་ཡང་བསྒྲུབ་པར་བྱ་བ་མིན་ཞིང༌། དེ་ལ་གནོད་ན་ཡང་ཕྱོགས་དང་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་བ་མེད་པའང་རིག་པར་བྱ་སྟེ་ཞེས་གསུངས་པ་ལྟར་རོ། །མི་འདོད་པ་དང་འདྲེས་པ་འདོད་པ་ནི། དཔེར་ན། སྒྲ་ཆོས་ཅན། ནམ་མཁའི་ཡོན་ཏན་དང་དོན་གཅིག་ལ་འདུ་བ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། སྒྲ་ལ་འདོད་པར་བྱ་བའི་མི་རྟག་པ་ཙམ་བསྒྲུབ་པར་བྱ་བ་ཡིན་ཀྱི །ནམ་མཁའི་ཡོན་ཏན་དང་དོན་གཅིག་ལ་འདུ་བ་ཅན་གྱི་མི་རྟག་པ་ནི་མིན་ཏེ། ནམ་མཁའི་ཡོན་ཏན་དང་འདྲེས་པའི་ཚུལ་དུ་སྒྲུབ་བྱེད་བརྗོད་པའི་ཕྱིར་རོ། །མ་བསལ་བས་ནི། བསལ་པ་ཞུགས་པ་སྒྲུབ་བྱ་ཡིན་པ་སེལ་བར་བྱེད་དེ། བསལ་བ་ཞུགས་ན་ཤེས་འདོད་མི་འབྱུང་བའི་ཕྱིར་རོ། །འདིས་སྒྲ་རྟག་པ་ལྟ་བུ་བསྒྲུབ་བྱ་ཡིན་པ་ཡང་བསལ་བ་ཡིན་ཏེ། ཚད་མས་བཀག་པའི་ཕྱིར་རོ། །གལ་ཏེ་གང་ལ་བསྒྲུབ་བྱར་སོང་བ་དེ་ཉིད་ཀྱིས་མ་བཀག་པའི་ཕྱིར་ཉེས་པ་མེད་དོ། །གཞན་དུ་ན་སྒྲ་མི་རྟག་པ་ཡང་བསྒྲུབ་བྱ་མིན་པར་ཐལ། ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཕྱིར་རོ། །གང་ལ་བསྒྲུབ་བྱར་སོང་བ་དེ་ཉིད་ཀྱིས་མ་གྲུབ་པས་ཉེས་པ་མེད་དོ་སྙམ་ན། གྲགས་པ་ལ་ཡང་མཚུངས་པའི་ཕྱིར་དེ་ཡང་ཕྱོགས་ཆོས་སུ་འཐད་དོ་ཞེ་ན། མི་མཚུངས་ཏེ། ངོ་བོ་ནི་ཕྱིར་རྒོལ་གྱི་བློ་ལ་ལྟོས་ནས་འཇོག་པ་ཡིན་གྱི། སྔར་རྒོལ་གྱིས་གྲུབ་ཟིན་པ་ཕྱོགས་ཀྱི་སྐྱོན་མིན་པའི་ཕྱིར། །མ་བསལ་བ་ནི་རྒོལ་བ་གཉིས་ཀ་ལ་ལྟོས་ནས་འཇོག་གོ །སྔར་རྒོལ་གྱི་བསལ་བ་ཞུགས་ན་དཔག་འདོད་མེད། ཕྱིར་རྒོལ་གྱི་ཚད་མས་བཀག་ན་ཤེས་འདོད་མི་འབྱུང་བའི་ཕྱིར་རོ། །འོ་ན་བདག་དོན་བྱེད་པ་བསྒྲུབ་བྱ་མིན་པར་ཐལ། ཚད་མས་བཀག་པའི་ཕྱིར། འདོད་ན། དེ་ནི་མ་སྨྲས་སུ་ཟིན་ཀྱང་འདོད་པས་ཁྱབ་པ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་འདོད་པ་སྨོས་ཞེས་པ་དང་འགལ་ལོ་ཞེ་ན། དཔེ་ནི་གྲངས་ཅན་པའི་འདོད་ཡུལ་གྱི་བསྒྲུབ་བྱ་ནི། བདག་དོན་བྱེད་པ་ཡིན་ཏེ། དེ་ལ་དཔག་འདོད་ཞུགས་པ་ཡིན་པའི་ཕྱིར་རོ། །ཞེས་པའི་ཚུལ་གྱིས་བསྒྲུབ་བྱར་ཁས་ལེན་དུ་ཞུགས་ནས་ཁས་བླངས་པའི་འོག་རོལ་དུ་དེ་ནི་བསྒྲུབ་བྱར་མི་འཐད་ཞེས་པའི་ཚུལ་དུ་འགོག་པས་ཉེས་པ་མེད་དོ། །གསུམ་པ་གྲངས་ངེས་པའི་ཚུལ་ནི། སྔར་རྒོལ་དང༌། ཕྱི་རྒོལ་དང༌། གཉིས་ཀའི་བློ་ལ་ལྟོས་ནས་ལྔར་བཞག་སྟེ། འདོད་པ་དང་རང་ཉིད་ནི་སྔར་རྒོལ་ལ་ལྟོས་ནས་བཞག་པའི་ཕྱིར་དང༌། ངོ་བོ་ནི་ཕྱིར་རྒོལ་ལ་ལྟོས་ནས་བཞག་པའི་ཕྱིར་དང༌། མ་བསལ་བ་དང་ཁོ་ན་ནི་གཉིས་ཀ་ལ་ལྟོས་ནས་བཞག་པའི་ཕྱིར་རོ། །སྔར་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱར་བཟུང་བ་ནི། ཆོས་ལྔ་དང་ལྡན་དགོས་པའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ཡན་ལག་ལྔ་ལྡན་དུ་བསྟན་པ་ཡིན་ནོ། །མ་བསལ་བའི་ལྡོག་ཕྱོགས་ཚད་མའི་བསལ་བ་གང་ཞེ་ན། མངོན་སུམ་ལ་སོགས་པའི་ཚད་མ་བཞི་པོ་གང་ཡང་རུང་བས་གྲུབ་པའི་དོན་གྱི་འགལ་ཟླ་དངོས་ཏེ། འདི་ལ་འགའ་ཞིག་སེལ་བྱེད་ལ་བསལ་བར་འདོད་པར་སྣང་ལ། གཞན་དག་ནི་སེལ་བྱེད་ཀྱིས་བསལ་བྱ་བཀག་པའི་ཆ་ལ་འདོད་པ་གཉིས་ཀ་ཡང་ཕྱིན་ཅི་ལོག་ཡིན་ཏེ། དཔེར་བརྗོད་པའི་སྐབས་སུ་ཚད་མའི་བསལ་བྱ་ལ་ངོས་བཟུང་བའི་ཕྱིར་ཏེ། རྣམ་ངེས་ལས། བསལ་བ་ནི་ཚད་མ་དག་གིས་ཟློག་པ་ཡིན་པས་ཟླ་བོའི་ཚད་མའི་རྟེན་མིན་ཏེ། ཟློག་པ་ལ་ཚད་མ་ཞུགས་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། །འདི་ཡང་སེལ་བྱེད་ཀྱི་དབྱེ་བས་བཞིར་འགྱུར་རོ། །མངོན་སུམ་དང་རྗེས་སུ་དཔག་པ་དང༌། ཡིད་ཆེས་པ་དང༌། གྲགས་པའི་བསལ་བའོ། །ཐལ་འགྱུར་གྱི་བསལ་བ་ཡང་སེལ་བྱེད་ཀྱི་བསལ་བྱ་བཀག་པ་གང་ལ་འདོད་ཀྱང་ཉེས་པ་ཡོད་པས་མི་འཐད་དོ། །དཔེར་ན་སྒྲ་རྟག་པར་ཁས་ལེན་པ་ལ་བྱས་པ་མིན་པར་ཐལ། མི་རྟག་པ་མིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་བསལ་བ་ཡང་གང་ལ་འདོད། སྒྲ་མ་བྱས་པ་ལ་འདོད་ན། སེལ་བྱེད་ལ་བསལ་བར་འདོད་པ་འགལ་ལ། སྒྲ་བྱས་པ་ཡིན་པ་ལ་འདོད་ན་ནི་མི་འཐད་དེ། དེ་ལ་གནོད་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཚད་མས་གནོད་པ་ལ་བསལ་བར་བཤད་པའི་ཕྱིར་ཏེ། གནོད་པ་དེ་ནི་རྣམ་བཞིར་བཤད་ཅེས་པ་ལྟར་རོ། །འདི་ནི་སེལ་བྱེད་ཀྱིས་བསལ་བྱ་བཀག་པའི་ཆ་ལ་འདོད་པ་ཡང་བཀག་པ་ཡིན་ཏེ། སེལ་བྱེད་ཀྱི་བསལ་བྱ་བཀག་པའི་ཆ་ལའང་ཚད་མས་གནོད་པ་མེད་པའི་ཕྱིར་ཏེ། དེ་ནི་རིགས་པའི་ཚུལ་ཡིན་པའི་ཕྱིར་རོ། །དེས་ན་གཞན་གྱི་ཁས་བླངས་རྟགས་སུ་བཀོད་ནས་གཞན་གྱིས་མི་འདོད་པ་ཐལ་བར་འཕེན་པ་ལ་ནི། ཐལ་བར་འཕངས་པ་ཉིད་བསལ་བ་ཡིན་ལ། རང་རྒྱུད་ཀྱི་གཏན་ཚིགས་སྒྲུབ་པ་ལ་ནི། ཐལ་བར་བརྗོད་པའི་ཟློག་ཕྱོགས་ལ་བསལ་བ་ཞེས་བྱའོ། །ཞིབ་པར་ངག་ལས་རྟོགས་སོ། །བོད་ཐམས་ཅད་ཐལ་འགྱུར་གྱིས་དུས་འདའ་བར་བྱེད་ཀྱང་ཐལ་འགྱུར་གྱི་བསལ་བ་ངོས་མ་ཟིན་པ་ལ་མཁས་པའི་ཐ་སྙད་མི་བྱའོ། །བསལ་བ་གཏན་ལ་དབབ་པ་ལ་གཉིས་ཏེ། སྤྱིའི་རྣམ་གཞག སོ་སོར་ངོས་བཟུང་བའོ། །དང་པོ་ལ་བསལ་བ་ནི། ཕྱོགས་ཡང་དག་དང་འགལ་བ་གྲུབ་པའོ། །དེའི་དབྱེ་བསྡུ་ནི། རིགས་སྒོར། ཁས་བླངས་རང་ཚིག་གཉིས་པོ་དེ། །སོ་སོར་བྱས་ནས་ལྔར་གསུངས་ལ། ཀུན་ལས་བཏུས་སུ། དེ་གཉིས་གཅིག་ཏུ་བསྡུས་ཏེ། གནོད་པ་འབབ་པ་བཞིར་བཤད་དོ། །ཕྱོགས་ལྟར་སྣང་ལ་གནོད་བྱེད་ཀྱི་རྗེས་དཔག་ཡུལ་གྱི་སྒོ་ནས་ཕྱེས་ཏེ། གསུམ་དང༌། མངོན་སུམ་དང༌། བཞི་ཡོད་པའི་དབྱེ་བས་བསལ་བའང་བཞིར་གསུངས་སོ། །དེ་ལ་མངོན་སུམ་དང་སེལ་བྱེད་ཀྱི་རྗེས་སུ་དཔག་པར་བཤད་པ་གཉིས་ནི་དངོས་སྟོབས་ཀྱི་ཚད་མ་ཡིན་ལ། ཁས་བླངས་གྲགས་པ་གཉིས་སྒྲོ་བཏགས་པའི་འབྲེལ་པ་ཅན་གྱི་རྟགས་ལ་བརྟེན་པའི་ཕྱིར་རྗེས་དཔག་གི་ཁོངས་སུ་བསྡུའོ། །འདིའི་དོན་གཏན་ལ་དབབ་པ་ནི། མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པ་དང་གྲགས་པའི་བསལ་བ་དང་བཞི་ལས། དང་པོ་ནི། མངོན་སུམ་གྱིས་གྲུབ་པའི་དོན་གྱི་འགལ་ཟླ་སྟེ། དཔེར་ན་སྒྲ་ནི་མཉན་པར་བྱ་བ་མིན་ནོ་ཞེས་པ་ལྟ་བུའོ། །འདི་ཡང་གང་དུ་སེལ་བ་དང༌། སེལ་བྱེད་གང་གིས་སེལ་བ་དང༌། བསལ་བྱ་གང་སེལ་བ་དང་གསུམ་ལས། དང་པོ་ནི་སྒྲའི་སྟེང་ཁོ་ནར་སེལ་གྱི་གཞན་དུ་མིན་ཏེ། གཞན་དུ་འགོག་མི་ནུས་པའི་ཕྱིར་དང༌། སྒྲའི་རང་བཞིན་ལ་ལོག་པར་རྟོག་པ་ཡིན་གྱི་གཞན་ལ་མིན་པའི་ཕྱིར་རོ། །གཉིས་པ་ནི་ཉན་ཤེས་ཀྱིས་གྲུབ་པའི་མཉན་བྱའི་མིང་ཅན་གྱིས་སེལ་བར་བྱེད་ལ། གསུམ་པ་ནི་སྒྲ་མཉན་བྱ་མིན་པའི་ཆོས་སོ། །འགོག་ནུས་པའི་རྒྱུ་མཚན་ནི། འདི་གཉིས་ཕན་ཚུན་སྤངས་ཏེ་གནས་པ་ཡིན་པས་ཆོས་ཅན་གཅིག་གི་སྟེང་དུ་གཞི་མཐུན་དུ་འདུ་བ་འགལ་ལ། མཉན་བྱ་ནི་སྒྲའི་སྟེང་དུ་དྲན་ཤེས་ཀྱིས་གྲུབ་པ་ཅིག་ཤོས་ལས་སྟོབས་ཆེ་བའི་ཕྱིར་རོ། །མདོ་ལས་ཀྱང༌། མངོན་སུམ་དོན་དང་རྗེས་དཔག་དང༌། ཡིད་ཆེས་གྲགས་པ་མ་བསལ་བ། ཞེས་འབྱུང་བས་མངོན་སུམ་གྱིས་གྲུབ་པའི་དོན་གྱིས་བསལ་བ་ལ་མངོན་སུམ་གྱི་བསལ་བར་བརྗོད་པར་མངོན་པས། མངོན་སུམ་དོན་དང་ཞེས་པའི་དོན་གྱི་སྒྲ་གསུངས་པ་ལས་དེ་སྐད་དུ་རྟོགས་པར་བྱའོ། །འོ་ན་དོན་གྱིས་བསལ་བ་ཞེས་བརྗོད་པར་རིགས་ཀྱི། ཅིའི་ཕྱིར་མངོན་སུམ་གྱིས་བསལ་བ་ཞེས་བརྗོད་ཅེ་ན། མངོན་སུམ་གྱི་ཡུལ་ལ་མངོན་སུམ་གྱི་སྒྲ་བསྟན་ནས། དེས་གནོན་པ་ལ་མངོན་སུམ་གྱིས་གནོད་པ་ཞེས་བསྟན་ཏེ། མངོན་སུམ་སོགས་ཀྱི་གཞལ་བྱ་ཡང་འཇལ་བྱེད་སྒྲ་སྒྲོགས་བཏགས་ནས་བརྗོད་ཅེས་པ་ལྟར་རོ། །བསལ་བ་གསུམ་ལ་ཡང་འདིས་ཤེས་པར་བྱའོ། །གཉིས་པ་རྗེས་དཔག་གི་བསལ་བ་ནི་རྗེས་དཔག་གིས་གྲུབ་པའི་འགལ་ཟླ་དངོས་ཏེ། དཔེར་ན་བུམ་པ་རྟག་ཅེས་པ་ལྟ་བུའོ། །འདི་ཡང་རྟག་པ་ནི་བསལ་བྱ་ཡིན་པ་ལ་མི་རྟག་པ་ནི་སེལ་བྱེད་དོ། །སེལ་བའི་རྒྱུ་མཚན་ནི། རྒྱབ་རྟེན་ཚད་མ་དང་བཅས་པས་ཅིག་ཤོས་ལས་སྟོབས་ལྷག་པའི་ཕྱིར་རོ། །ཡིད་ཆེས་པའི་བསལ་བ་ལ་མཚན་ཉིད། དབྱེ་བ། རྣམ་གཞག་གོ །དང་པོ་ནི་ཚད་མར་ཁས་བླངས་པའི་ཚིག་གི་དོན་གྱི་འགལ་ཟླ་དངོས་སོ། །ཅིའི་ཕྱིར་ཡིད་ཆེས་པའི་བསལ་བ་ཞེས་བྱ་ཞེ་ན། བསྟན་བྱའི་དོན་ལ་མི་སླུ་བར་ཡིད་ཆེས་པའི་ཚིག་གིས་བསལ་བ་ཡིན་པའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །གཉིས་པ་ལ་གཉིས་ཏེ། རང་ཚིག་འགལ་བ་དང༌། ཁས་བླངས་འགལ་བའོ། །དང་པོ་ལ་མཚན་ཉིད་དང༌། རྣམ་གཞག་གཉིས་ལས། དང་པོ་ནི། རྒོལ་བའི་རང་ཚིག་གིས་ཆོས་འགལ་བ་གཉིས་ཆོས་ཅན་གཅིག་ལ་གཞི་མཐུན་དུ་འདུ་བར་དངོས་ཤུགས་ལ་དམ་བཅས་པའི་དམ་བཅའ་ལྟར་སྣང་ངོ༌། །དཔེར་ན་གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་དོ་ཞེས་པ་ལྟ་བུའོ། །གཉིས་པ་རྣམ་གཞག་ནི། ཚིག་གི་དེ་ནི་རང་ཚིག་འགལ་བ་ཡིན་ཏེ། ཚིག་རང་ཉིད་ཀྱིས་དངོས་སུ་བརྗོད་པའི་དོན་ཤུགས་ལ་འཕངས་པའི་དོན་གྱིས་ཉམས་པར་བྱས་པའི་ཕྱིར། ཉམས་པར་བྱེད་ཚུལ་ནི་གཉིས་ཏེ། དངོས་སུ་བརྗོད་པ་ཤུགས་ལ་ཉམས་པར་བྱེད་པ་དང༌། སྔ་མ་བརྗོད་པ་ཕྱི་མས་ཉམས་པར་བྱེད་པས་སོ། །འདི་ནི་དངོས་ཀྱི་བརྗོད་པ་ཤུགས་ཀྱིས་ཉམས་པར་བྱེད་པས་ཏེ། འདི་ལྟར་སྨྲ་བ་པོས་ཚིག་བརྗོད་བྱའི་དོན་ལ་མི་སླུ་བར་ཁས་མི་ལེན་ན། ཉན་པ་པོ་ལ་བརྗོད་བྱའི་དོན་བསྟན་པའི་ཕྱིར་ངག་སྨྲ་བར་མི་རིགས་ཏེ། སྨྲ་བ་པོས་ཚིག་སྨྲ་བ་ནི། ཁོ་བོས་དོན་ཇི་ལྟ་བ་བཞིན་རྟོགས་ནས་སྨྲས་པས་དོན་ལ་འཁྲུལ་པ་མེད་པའི་ཕྱིར། ཚིག་འདི་ལས་དོན་དེ་རྟོགས་པར་གྱིས་ཤིག་སྙམ་པས་ངག་སྨྲ་བའི་ཕྱིར། གཞན་དུ་ན་ངག་སྨྲས་པའི་དགོས་པ་མི་འགྲུབ་པས་ངག་སྨྲ་བ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་ཚིག་སྨྲས་པའི་ཤུགས་ཀྱིས་མི་སླུ་བར་དོན་གྱིས་ཁས་བླངས་པ་དང༌། ཚད་མ་དག་མེད་ཅེས་སྤྱིར་བཀག་པ་ན་ཚིག་རང་ལ་ཡང་མི་སླུ་བའི་ཆོས་བཀག་པས་དངོས་ཤུགས་ལ་འོངས་པའི་ཆོས་གཉིས། ཆོས་ཅན་གཅིག་པོ་དེ་ལ་འགལ་བར་བྱས་པ་ནི་རང་ཚིག་འགལ་བའི་དོན་ནོ། །ཡང་ན་ཚིག་གི་དངོས་ཤུགས་ཀྱི་བརྗོད་བྱ་འགལ་བ་ཡིན་ཏེ། དངོས་སུ་བརྗོད་པའི་དོན་ཤུགས་ཀྱིས་འཕངས་པའི་དོན་གྱིས་ནུས་པ་ཉམས་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ནུས་པ་ཉམས་པར་བྱེད་ཅེ་ན། དངོས་སུ་ཚད་མ་མེད་པར་དམ་བཅས་པ་དེ་ཉིད་ཤུགས་ལ་རྒོལ་བ་རང་ཉིད་ཀྱི་ཚིག་གི་མི་སླུ་བར་ཁས་བླངས་པ་དེ་ཉིད་ཀྱིས་འགོག་པར་བྱེད་པའི་ཕྱིར་ཏེ། མི་སླུ་བའི་ཁྱད་པར་ཡོད་ན་ཚད་མ་མེད་པ་འགལ་བའི་ཕྱིར་ཏེ། མི་སླུ་བ་ནི་ཚད་མ་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཇི་ལྟར་ཚིག་མི་སླུ་བར་དོན་ལ་ཁས་བླངས་ཅེ་ན། ཚིག་བརྗོད་བྱའི་དོན་ལ་མི་སླུ་བར་ཁས་མི་ལེན་ན། ཉན་པ་པོ་ལ་བརྗོད་བྱའི་དོན་བསྟན་པའི་ཕྱིར་དུ་ངག་སྨྲ་བར་མི་རིགས་པའི་ཕྱིར་ཏེ། བརྗོད་བྱའི་དོན་ཇི་ལྟ་བ་བཞིན་རྟོགས་ནས་སྨྲས་པ་ཡིན་པས་ཚིག་འདི་ལས་བརྗོད་བྱའི་དོན་རྟོགས་པར་གྱིས་ཤིག་ཅེས་སྨྲ་བ་ནི། སྨྲ་བ་པོ་རྣམས་ཀྱི་ཚུལ་ཡིན་པའི་ཕྱིར་རོ། །དངོས་སུ་སྨྲས་པས་ཀྱང་ཤུགས་ལ་མི་སླུ་བར་ཁས་བླངས་པའི་དོན་འགོག་སྟེ། ཚད་མ་དག་མེད་ཅེས་སྤྱིར་བཀག་པས་ནི། ཚིག་ལ་མི་སླུ་བའི་ཆོས་ཁས་བླངས་པ་ཡང་སྤྱིར་ཁེགས་པའི་ཕྱིར་རོ། །འདི་གཉིས་ཀ་ཡང་ཕན་ཚུན་གེགས་བྱེད་དུ་འགྱུར་བ་ལ། སེལ་བ་ཞེས་བརྗོད་ཀྱི་གནོད་བྱེད་དུ་མི་འགྱུར་ཏེ། གཉིས་ཀ་ཡང་རྒོལ་བ་རང་ཉིད་ཀྱིས་ཡིད་ཆེས་པའི་ཚུལ་དུ་ཁས་བླངས་པར་སྟོབས་མཚུངས་པའི་ཕྱིར། འདི་ཇི་ལྟར་ཤེས་པར་བྱ་སྙམ་ན། དངོས་སུ་ཚད་མ་མེད་ཅེས་ཡིད་ཆེས་པའི་ཚུལ་གྱིས་དམ་བཅས་ཤིང༌། ཤུགས་ལ་ཚིག་རང་ཉིད་ཀྱང་བདེན་པའི་དོན་ཅན་དུ་ཁས་བླངས་པས་གཉིས་ཀ་ལ་སྒྲུབ་བྱེད་དང་གནོད་བྱེད་གང་ཡང་མ་མཐོང་བར་འདྲ་བས་ཕན་ཚུན་གཅིག་གིས་གཅིག་འགོག་མི་ནུས་པའི་ཕྱིར་རོ། །གེགས་བྱེད་ཙམ་དུ་འགྱུར་ཏེ། གཅིག་གིས་གཅིག་གི་དོན་ངེས་པའི་ཕྱིར་གེགས་བྱེད་པའི་ཕྱིར་རོ། །གེགས་བྱེད་ཚུལ་ནི་གང་དུ་སེལ་བ་དང༌། གང་གིས་སེལ་བ་དང༌། ཇི་ལྟར་སེལ་བའི་ཚུལ་གསུམ་གྱིས་བསྟན་ཏེ། གཞལ་བྱའི་དོན་རྟོགས་པའི་ཚད་མ་མེད་དོ་ཞེས་པའི་ཚིག་གཅིག་པོ་དེའི་སྟེང་དུ་སེལ་ལོ། །གཉིས་པ་ལ། དངོས་སུ་བརྗོད་པའི་བསལ་བྱ་ནི་ཤུགས་ལ་འོངས་པའི་དོན་ཡིན་ལ། ཤུགས་ལ་འོངས་པའི་བསལ་བྱ་ནི་དངོས་སུ་བརྗོད་པའི་དོན་ནོ། །གསུམ་པ་ནི། གཞལ་བྱའི་དོན་རྟོགས་པའི་ཚད་མ་མེད་པར་དོན་ལ་གནས་ན་ཚིག་མི་སླུ་བ་ཡིན་པར་མི་འགྲུབ་ལ། ཚིག་སླུ་བར་གནས་ན་ཚད་མ་མེད་པར་མི་འགྲུབ་པ་ནི་ཕན་ཚུན་གེགས་བྱེད་པའི་དོན་ནོ། །དེ་ཉིད་ལ་བསལ་བྱ་སེལ་བྱེད་དུ་བསྟན་ཏོ། །དེ་ལ་ཡིད་ཆེས་པའི་བསལ་བ་ཞེས་བརྗོད་དེ། ཚིག་དེ་ནི་རང་ལ་ཡིད་ཆེས་ནས་སྨྲས་པའི་ཚིག་ཡིན་པས་ཡིད་ཆེས་པའི་ཚིག་ཡིན་ལ་དེ་ཉིད་ཀྱི་བསལ་བ་ཡིན་པའི་ཕྱིར་རོ། དེ་སྐད་དུ་བརྗོད་དོ། །བྱེ་བྲག་ཏུ་རང་ཚིག་གི་བསལ་བ་ཡང་ཡིན་ཏེ། དེ་ནི་རང་གི་ཚིག་ཡིན་ལ་དེའི་བསལ་བ་ཡང་ཡིན་པའི་ཕྱིར་རོ། །གཉིས་པ་ཁས་བླངས་ཀྱི་བསལ་བ་ལ། མཚན་ཉིད་ནི་ཡིད་ཆེས་པའི་ཚིག་སྔ་མས་བཞག་པའི་དོན་ཕྱི་མས་ཉམས་པར་བྱེད་པའོ། །དཔེར་ན་སྦྱིན་སོགས་དཀར་པོའི་ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བ་མིན་ཞེས་བྱ་བ་ལྟ་བུའོ། །རྣམ་གཞག་ལ་འདིར་སྦྱིན་སོགས་ཆོས་ཅན་དུ་འཛིན་པ་ནི་མི་རིགས་ཏེ། དེ་ནི་དངོས་སྟོབས་ཀྱིས་མ་གྲུབ་པའི་ཕྱིར་རོ། །འདི་ལ་ལུང་དང་འགལ་བ་ཞེས་བྱ་སྟེ། ཆོས་ཅན་ལུང་ཁོ་ནས་མི་འགྲུབ་པའི་སྟེང་དུ་ལུང་གི་བསྟན་བྱ་དང་འགལ་བ་དམ་བཅས་པའི་ཕྱིར་རོ། །ཇི་ལྟར་ན་འདི་ཕྱི་མས་སྔ་མ་ཉམས་པར་བྱེད་པ་ཡིན་ཅེ་ན། ཚིག་སྔ་མ་དཀར་པོའི་ཆོས་ཞེས་བསྟན་པས་ནི། བདེ་བ་སྟེར་པའི་ནུས་པ་ཁས་བླངས་ཏེ། བདེ་བ་སྟེར་བར་བྱེད་པའི་ཆ་ནས་དཀར་ཆོས་སུ་འཇོག་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཚིག་ཕྱི་མ་བདེ་བ་སྟེར་བར་བྱེད་པ་མིན་ཞེས་པས་བཀག་པའི་ཕྱིར་ན། ཕྱི་མས་སྔ་མ་ཉམས་པར་བྱེད་པ་ཞེས་བརྗོད་དོ། །འདི་ཡང་གང་དུ་སེལ་བ་དང༌། གང་སེལ་བ་དང༌། གང་གིས་སེལ་བ་དང༌། ཇི་ལྟར་སེལ་བའི་ཚུལ་གྱིས་བསྟན་ཏེ། དང་པོ་ནི། ཆོས་དཀར་པོའི་ཆོས་ཀྱི་སྟེང་དུ་ཡིན་ལ། གཉིས་པ་ནི་བདེ་བ་མི་སྟེར་བའི་ཆོས་སོ། །གསུམ་པ་ནི། ཡིད་ཆེས་པའི་ལུང་གིས་གྲུབ་པའི་དོན་བདེ་བ་སྟེར་བྱེད་ནི་གནོད་བྱེད་དོ། །ཡིད་ཆེས་པའི་ལུང་ཡང་གནོད་བྱེད་དུ་བཤད་དོ། །ལུང་དེས་གྲུབ་པའི་མཐུས་དེ་མིན་ལ་ཡིད་ཆེས་པའི་དབང་གིས་གནོད་པའི་ཕྱིར་རོ། །ཡིད་ཆེས་པའི་བསལ་བ་ཞེས་ཀྱང་བྱ་སྟེ། ཡིད་ཆེས་པའི་ལུང་དང་འགལ་བ་དམ་བཅས་པའི་ཕྱིར། ཁས་བླངས་འགལ་བ་ཞེས་བྱ་སྟེ། སྔ་མས་བཞག་པ་ཕྱི་མས་ཉམས་པར་བྱེད་པའི་ཕྱིར་རོ། །འདིར་ལུང་གནོད་བྱེད་དང་གེགས་བྱེད་གང་དུ་འདོད་ཅེ་ན། འདི་ལ་ཕྱོགས་ཀྱི་གླང་པོའི་སློབ་མ་ལུང་གནོད་བྱེད་དུ་འདོད་པ་དང༌། གེགས་བྱེད་དུ་འདོད་པའི་སྲོལ་འབྱེད་གཉིས་ཡོད་པར་མངོན་ལ། དེ་ལ་དང་པོ་ནི། སྦྱིན་སོགས་དཀར་པོའི་ཆོས་རྣམ་པར་འཇོག་པ་ན་གདོན་མི་ཟ་བར་ལུང་ཚད་མར་བྱེད་དགོས་ཏེ། ལུང་ཁས་མི་ལེན་ན་སྦྱིན་སོགས་དཀར་པོའི་ཆོས་མི་འགྲུབ་པའི་ཕྱིར་ཏེ། ཆོས་ཅན་དཀར་པོའི་ཆོས་ཡོད་པར་འཇོག་པས་ནི་ལུང་ལ་བརྟེན་དགོས་པའི་ཕྱིར་རོ། །ཆོས་ཅན་དཀར་པོའི་ཆོས་མ་གྲུབ་ན། བདེ་བ་སྟེར་མི་སྟེར་གྱི་ཁྱད་པར་གྱི་ཆོས་ལ་དཔྱོད་པ་མི་འཇུག་སྟེ། ཁྱད་གཞི་མེད་པ་ལ་ཁྱད་ཆོས་དཔྱོད་པ་མི་རིགས་པའི་ཕྱིར་ཏེ། དཔེར་ན་རི་བོང་གི་རྭ་ལ་རྣོ་རྟུལ་སེམས་པ་མི་རིགས་པ་བཞིན་ནོ། །གང་དུ་ཆོས་ཅན་དཀར་ཆོས་ཁས་ལེན་པ་དེའི་ཚེ་ནི་ལུང་ཚད་མར་བྱེད་དགོས་པའི་ཕྱིར་དང༌། ལུང་ལས་ཀྱང་བདེ་བ་སྟེར་བྱེད་དུ་བཤད་པའི་ཕྱིར་ལུང་གནོད་བྱེད་དུ་གྲུབ་བོ། ལུང་ཚད་མར་ཁས་མི་ལེན་ན། ཆོས་ཅན་དཀར་ཆོས་སུ་མ་གྲུབ་པས་གེགས་བྱེད་དུ་ཡང་མི་འགྱུར་ཏེ། གེགས་བྱས་པའི་གཞི་ཆོས་ཅན་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྣམ་ངེས་ལས། ཆོས་ཅན་རྣམ་པར་བཞག་པ་དེ་ལ་བརྟེན་པའི་ཕྱིར། དེ་ལ་གནོད་ན་གཞི་མེད་པས་ཁྱད་པར་ལ་སྤྱོད་པ་མི་འཇུག་པའི་ཕྱིར། རྣམ་པ་དེ་ལྟ་བུའི་ཡུལ་ལ་གནོད་མི་ཟ་བར་བསྟན་འཆོས་ཚད་མར་འགྱུར་བར་བྱ་དགོས་སོ་ཅེས་པ་དང༌། གང་དུ་ཆོས་ཅན་མ་གྲུབ་པ་དེར་གང་ལ་གང་གིས་གེགས་བྱ་བའི་སྐབས་ཉིད་མེད་པའི་ཕྱིར་ཞེས་གསུངས་སོ། །གཉིས་པ་གེགས་བྱེད་དུ་འདོད་པས་ནི། ལུང་ཚད་མར་ཁས་བླངས་པའི་སྒོ་ནས་རང་གི་བརྗོད་བྱའི་དོན་གྱི་སྒྲུབ་བྱེད་དང༌། ལྡོག་ཕྱོགས་ལ་གནོད་བྱེད་དུ་འགྱུར་བ་ཡིན་གྱི། ཚད་མར་ཁས་མ་བླངས་ན་མི་འགྱུར་ལ། ཁས་ལེན་པ་ཡང་འདོད་པ་ཙམ་གྱིས་བྱེད་པའི་ཕྱིར། མཐར་ལུང་རང་གི་བརྗོད་བྱའི་དོན་ལ་མི་སླུ་བ་ནི་འདོད་པ་ཙམ་གྱིས་བྱས་པར་སོང་བ་ཡིན་ལ། དེ་ལྟར་ན་སྡུག་བསྔལ་སྟེར་བའི་ལུང་ཡང་བརྗོད་བྱའི་དོན་ལ་མི་སླུ་བར་འགྱུར་ཏེ། རྒོལ་བ་འགའ་ཞིག་འདོད་པས་ཚད་མར་ཁས་ལེན་པར་འགྱུར་བའི་ཕྱིར་རོ། །གཉིས་ཀ་དེ་ལྟར་རྒོལ་བའི་འདོད་པ་ཙམ་གྱིས་ཚད་མར་འཇོག་པ་མཚུངས་པའི་ཕྱིར་ན་ཕན་ཚུན་གེགས་བྱེད་དུ་འགྱུར་གྱི་གནོད་བྱེད་དུ་མི་འགྱུར་ཏེ། གཉིས་ཀ་ཡང་ཡིད་ཆེས་པའི་སྟོབས་ཀྱིས་བཞག་པར་འདྲ་བས་གཉིས་ཀ་ལ་གནོད་བྱེད་མ་མཐོང་བའི་ཕྱིར་དང༌། གཅིག་ལ་ཡང་ཚད་མའི་ངེས་པ་མ་རྙེད་པས་སྟོབས་མཚུངས་པའི་ཕྱིར། གཞན་ཡང་ཁས་བླངས་ན་གནོད་བྱེད་དུ་འགྱུར་གྱི་ཁས་མ་བླངས་ན་མི་འགྱུར་ལ། ཁས་ལེན་པ་ཡང་འདོད་པ་ཙམ་གྱིས་བྱེད་པ་ཡིན་ལ། དེ་ནི་ལྡོག་ཕྱོགས་སྟོན་བྱེད་ཀྱི་ཚིག་ལ་ཡང་མཚུངས་ཏེ། འདོད་པས་བདེ་བ་མི་སྟེར་བའི་ཚིག་ཚད་མར་ཁས་ལེན་པ་སྲིད་པའི་ཕྱིར་རོ། །ལུང་གེགས་བྱེད་འདོད་པའི་ལུགས་བསྟན་ཟིན་ཏོ། །ཆོས་ཀྱི་གྲགས་པའི་རང་ལུགས་ནི། དཀར་པོའི་ཆོས་ཞེས་པ་བདེ་བ་སྟེར་བྱེད་དུ་དོན་གྱིས་ཁས་བླངས་པ་དང༌། བདེ་བ་མི་སྟེར་ཞེས་ཕྱིས་དམ་བཅས་པ་གཉིས་ཕན་ཚུན་གེགས་བྱེད་ཙམ་ཡིན་གྱི། གནོད་བྱེད་མིན་ཏེ་གཉིས་ཀ་ཡང་རྒོལ་བ་གཅིག་གིས་སྨྲས་པའི་ཡིད་ཆེས་པར་མཚུངས་པས། རྒོལ་བ་དེས་གནོད་བྱེད་ཡང་མ་མཐོང་སྟེ། གནོད་བྱེད་མཐོང་ན་ཡིད་ཆེས་པའི་ཚིག་ཏུ་ཁས་མི་ལེན་པའི་ཕྱིར་རོ། །གཅིག་ལ་ངེས་པ་ཡང་མི་རྙེད་པས་གེགས་བྱེད་པར་འཐད་ཅེས་བསམ་པ་ཡིན་ནོ། །འདི་ཡང་དཀར་ཆོས་བདེ་བ་སྟེར་བྱེད་མིན་ཞེས་ཆོས་ཅན་གཅིག་ལ་ཕན་ཚུན་འགལ་བ་གཉིས་དམ་བཅས་པ་ཕན་ཚུན་གེགས་བྱེད་དུ་འགྱུར་ཞེས་པའི་དོན་ཡིན་གྱི། དཀར་ཆོས་བདེ་བ་སྟེར་བྱེད་མིན་པར་དམ་བཅས་པ་ལ་གནོད་བྱེད་མེད་པར་སྟོན་པ་ནི་མིན་ཏེ། གཞལ་བྱའི་གནས་གསུམ་པར་ལུང་དང་འགལ་བ་དམ་བཅས་པ་ལ་ལུང་གིས་གནོད་པའི་ཕྱིར་ཏེ། དེ་ཚེ་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན་དེ་ཡི་ཚེ། །བསྟན་བཅོས་ཀྱི་ནི་གནོད་པར་འགྱུར། །གལ་ཏེ་འདི་ནི་ཡིད་ཆེས་སུ་ཁས་ལེན་པའི་ངོར་གནོད་བྱེད་ཡིན་གྱི། སྤྱིར་གནོད་བྱེད་ཡིན་ཞེས་པ་ནི་མིན་ནོ་ཞེ་ན། འོ་ན་རྒོལ་བ་ཁྱེད་ཀྱི་ངོར་དཀར་ཆོས་བདེ་བ་སྟེར་བྱེད་དུ་སྟོན་པའི་ལུང༌། བརྗོད་བྱའི་ལྡོག་ཕྱོགས་ལ་གནོད་བྱེད་དུ་ཐལ། ལུང་དེ་ཡིད་ཆེས་པའི་ཚུལ་གྱིས་ཁས་ལེན་པའི་ཕྱིར་ཞེས་བརྗོད་ན་ཐམས་ཅད་ལ་ལན་མེད་དོ། །སྔ་མ་ལུང་གནོད་བྱེད་དུ་འདོད་པའི་ལུགས་ལྟར་ཁས་བླངས་པ་ཙམ་གྱིས་གནོད་བྱེད་དུ་ཁས་མི་ལེན་ཏེ། དེ་ནི་ཕྱོགས་ཀྱི་ཚིག་ལ་ཡང་མཚུངས་པའི་ཕྱིར་རོ། །འོ་ན་རང་གི་བརྗོད་བྱའི་དོན་གྱི་སྒྲུབ་བྱེད་དུ་མི་འཐད་པར་ཐལ། ཚད་མར་ཁས་བླངས་ན་གནོད་བྱེད་དུ་འགྱུར་གྱི་ཁས་མ་བླངས་ན་མི་འགྱུར་བ་ཕྱིར་ཞེ་ན། འོ་ན་སྒྲ་དང་མི་རྟག་པའི་ཚོགས་དོན་ཡང་བསྒྲུབ་བྱ་མིན་པར་ཐལ། ཁས་བླངས་ན་བསྒྲུབ་བྱར་འགྱུར་གྱི་མ་བླངས་ན་མི་འགྱུར་བར་མཚུངས་པའི་ཕྱིར། སྐབས་ཀྱི་དོན་ནི། ཡིད་ཆེས་སུ་ཁས་བླངས་པ་ཙམ་གྱིས་སྒྲུབ་བྱེད་དུ་འགྱུར་བ་ནི་མིན་གྱི། དཔྱད་པ་གསུམ་གྱིས་དག་པའི་ལུང་དུ་ཤེས་པའི་ཚེ་སྒྲུབ་བྱེད་དང་གནོད་བྱེད་དུ་འགྱུར་བ་ཡིན་ནོ། །ལུང་ལྟར་སྣང་དང་རྣམ་དག་གཉིས་ཡིད་ཆེས་པའི་དབང་གིས་ཚད་མར་ཁས་ལེན་པ་མཚུངས་ཀྱང༌། ལྟར་སྣང་གནོད་བྱེད་མིན་ལ་ཡང་དག་གནོད་བྱེད་ཡིན་ཏེ་དཔྱད་པ་གསུམ་གྱིས་དག་མ་དག་གི་ཁྱད་པར་ཡོད་པའི་ཕྱིར་རོ། །དེས་ན་སྦྱིན་སོགས་བདེ་བ་སྟེར་བྱེད་དུ་སྟོན་པའི་ལུང་གི་དོན་གྱིས་ལྡོག་ཕྱོགས་ཀྱི་དོན་ལ་གནོད་ཀྱི། ཅིག་ཤོས་ཀྱི་ལུང་གི་དོན་གྱིས་གནོད་པ་མིན་ཏེ། རྒྱབ་རྟེན་ཚད་མ་ཡོད་མེད་ཀྱི་ཁྱད་པར་ཡོད་པའི་ཕྱིར། གཉིས་ཀ་ཡང་འདོད་པས་ཚད་མར་ཁས་བླངས་པར་མཚུངས་པའི་ཕྱིར་ན་རྒྱབ་རྟེན་ཚད་མ་ཡོད་མེད་ཀྱི་ཁྱད་པར་མི་འཐད་དོ་ཞེ་ན། འདོད་པས་ཚད་མར་ཁས་བླངས་པར་མཚུངས་ཀྱང༌། ལུང་དང་པོ་ལ་ཚད་མར་སྒྲུབ་བྱེད་ཀྱི་རང་བཞིན་ཁྱད་མེད་ཀྱི་རྟགས་ཡོད་ལ་ཅིག་ཤོས་ལ་མེད་པའི་ཕྱིར་རོ། །རང་བཞིན་ཁྱད་མེད་ཀྱི་རྟགས་ནི་སྔར་ཉིད་དུ་བརྗོད་ཟིན་ལ། སློབ་དཔོན་གྱིས་ཀྱང་གསུངས་ཏེ། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བའི་དོན་ལ་མི་སླུ་བའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་སོ། །མདོར་ན། ལུང་ཁས་བླངས་པ་ཙམ་གྱིས་གནོད་བྱེད་དུ་འདོད་པ་དང༌། ལུང་གེགས་བྱེད་འབའ་ཞིག་ཏུ་འདོད་པའི་ཕྱོགས་གཉིས་ཀ་བཀག་ནས་ལུང་ལྟར་སྣང་ཡིད་ཆེས་སུ་ཁས་ལེན་པའི་ངོར་ཡང་གེགས་བྱེད་དང༌། དཔྱད་པ་གསུམ་གྱིས་དག་པའི་ལུང་གནོད་བྱེད་དུ་འདོད་པར་མངོན་ཏེ། བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར། ཞེས་གསུངས་པ་ལྟར་རོ། །དེས་ན་འགའ་ཞིག་དུ་གེགས་བྱེད་དུ་གསུངས་པ་དང༌། སྐབས་ལ་ལར་གནོད་བྱེད་དུ་གསུངས་པའི་དགོངས་པ་ཚུལ་དེ་ལྟར་དུ་བལྟ་བར་བྱའོ། །གེགས་བྱེད་དུ་གསུངས་པ་ཐམས་ཅད་ཀྱང་ལྟར་སྣང་ལ་གསུངས་ཀྱི་ལུང་རྣམ་དག་ལ་གསུངས་པ་ནི་སྡེ་བདུན་མདོ་འགྲེལ་དང་བཅས་པ་གང་ལ་ཡང་མེད་དོ། །རང་ཚིག་རྣམ་དག་དང་བསྟན་བཅོས་རྣམ་དག་གཉིས་འགལ་བའི་དམ་བཅའ་ལ་གནོད་བྱེད་དུ་མཚུངས་ཀྱང༌།                  རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*