ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད། ཅ༽

བེམ་པོ་དང་དངོས་མེད་ལས་ལོག་ནས་རིག་པར་སྐྱེས་པའོ། །འོ་ན་གཞན་རིག་གི་ལྡོག་པའང་རང་རིག་དུ་ཐལ་ཞེ་ན། འཁྲུལ་པ་ཐ་དད་དུ་སྣང་བ་ཙམ་ལས་མ་གཏོགས་པ་བརྟགས་ན་གཞན་རིག་གི་ལྡོག་པ་མི་སྲིད་དོ། །རང་རིག་གི་ངོ་བོ་ལ་ཞི་འཚོ་ལྟར་ན། རིག་པའི་ངོ་བོར་སྐྱེས་ཤིང་རིག་བྱེད་གཞན་ལ་མི་ལྟོས་པའོ། །རྩོད་པ་སྤང་བ་ནི། རང་གིས་རང་རིག་ན། རིག་གིས་རང་སྐྱེད་པར་མཚུངས་སོ་ཞེ་ན། མིན་ཏེ། སྐྱེ་ཞེས་སྔོན་མེད་པ་སྐྱེ་བ་ཡིན་པས། རང་གྲུབ་ན་སྐྱེད་མི་དགོས། མ་གྲུབ་ན་སྐྱེ་བྱེད་ཉིད་མེད་པས་མི་འཐད་ལ། རང་རིག་ནི་བེམ་པོ་ལས་ལོག་ནས་རིག་པར་སྐྱེས་ཙམ་ཡིན་པས་རང་རིག་རང་སྐྱེ་གཉིས་མཚུངས་པའི་གོ་སྐབས་ཡོད་པ་མིན་ནོ། །རྣལ་འབྱོར་མངོན་སུམ་ལ་སྤྱི་དོན་དང༌། གཞུང་དོན་གཉིས། དང་པོ་ལ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་ནི། བདག་རྐྱེན་ཡང་དག་པའི་ཏིང་ངེ་འཛིན་སྒོམ་པ་ལ་བརྟེན་ནས་བྱུང་བ་གང་ཞིག རྟོག་བྲལ་མ་འཁྲུལ་བའི་ཤེས་པའོ། །དབྱེ་བ་ལ་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པའི་རྣལ་འབྱོར་མངོན་སུམ་གཉིས་སོ། །འདིར་ཇི་ལྟ་བ་ནི། གཟུང་འཛིན་གཉིས་སྟོང་གི་ཤེས་པ་གསལ་རིག་གི་ངོ་བོ་ཙམ་མོ། །ཚད་མ་མདོ་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་གསུངས་སོ། །རྣམ་བཞག་ལ། རྒྱུ་དང༌། ངོ་བོ་དང་སྒྲུབ་བྱེད་དང༌། རྩོད་སྤང་ངོ༌། །དང་པོ་ནི། བདག་མེད་པའི་དོན་ལ་ཚད་མས་སྒྲོ་འདོགས་བཅད་དེ། དམིགས་རྣམ་མི་བརྗེད་པའི་དྲན་པ་དང་ཏིང་ངེ་འཛིན་མཚུངས་ལྡན་གྱིས་གོམས་པ་བྱེད་པའི་རྣལ་འབྱོར། མདོར་ན་བདག་མེད་པའི་དོན་ཐོས་པས་བཟུང་ཞིང༌། བསམ་བྱུང་གི་རིགས་པས་སྒྲོ་འདོགས་བཅད་པའི་དོན་ལ་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའོ། །ཐོག་མར་ཐོས་པ་སྔོན་དུ་འགྲོ་དགོས་ཏེ། བདག་མེད་པའི་དོན་སྟོན་པའི་བསྟན་འཆོས་ཐོས་པའི་ཤེས་རབ་ཀྱིས་མ་བཟུང་བར་བསམ་བྱུང་གི་ཤེས་རབ་ཀྱི་སྒྲོ་འདོགས་གཅོད་མི་ནུས་པའི་ཕྱིར། བསམ་བྱུང་གི་ཤེས་རབ་ཀྱིས་སྒྲོ་འདོགས་མ་བཅད་པར་སྒོམ་བྱའི་དོན་རྟོགས་པར་མི་ནུས་ལ། དོན་མ་རྟོགས་པར་ཡང་སྒོམ་པར་མི་ནུས་པའི་ཕྱིར་རོ། །ངོ་བོ་ནི་བདེན་བཞི་རྟོགས་པའི་ཡེ་ཤེས་ཏེ། རྣམ་པ་ནི་མི་རྟག་སོགས་བཅུ་དྲུག་གོ །དེ་ལ་སྡུག་བསྔལ་གྱི་རྣམ་པ་བཞི་ནི། རྟག་པ་དང༌། བདེ་བ་དང༌། བདག་དང༌། བདག་གིར་ལྟ་བའི་གཉེན་པོར་བཞག་ལ། ཀུན་འབྱུང་གི་རྣམ་པ་བཞི་ནི། རྒྱུ་མེད་དུ་སྨྲ་བ་དང༌། རྒྱུ་ཡོད་ཀྱང་བདག་ཏུ་སྲེད་པ་ལས་སྡུག་བསྔལ་མི་འབྱུང་བ་དང༌། འབྱུང་ཡང་ཅུང་ཟད་ལས་མི་འབྱུང་བ་དང༌། ལན་འགའ་ལས་མི་འབྱུང་བར་ལྟ་བའི་གཉེན་པོར་བཞག་གོ །འགོག་པའི་རྣམ་པ་བཞི་ནི། ཐར་པ་མེད་པར་ལྟ་བ་དང༌། ཉོན་མོངས་མ་ཞི་བ་ཡང་ཐར་པར་ལྟ་བ་དང༌། འཇིག་རྟེན་པའི་བསམ་གཏན་གྱ་ནོམ་པར་ལྟ་བ་དང༌། ཡང་ཡང་རྣམ་པར་འགྱུར་བས་གཏན་དུ་འཁོར་བ་ལས་ངེས་པར་འབྱུང་བ་མེད་པར་ལྟ་བའི་གཉེན་པོར་བསྟན་ཏོ། །ལམ་གྱི་རྣམ་པ་བཞི་ནི། ལམ་མེད་པར་ལྟ་བ་དང༌། བདག་མེད་རྟོགས་པའི་ལམ་ངན་པ་དང༌། བདག་མེད་རྟོགས་པས་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་མི་ནུས་པ་དང༌། ལམ་འདིས་གཏན་དུ་འཁོར་བ་ནས་ངེས་པར་འདྲེན་མི་ནུས་པར་ལྟ་བའི་གཉེན་པོར་བསྟན་ནོ། །གལ་ཏེ་སྡུག་བསྔལ་འགག་པའི་ཐར་པ་མི་འཐད་དེ། འདིས་ཉོན་མོངས་པ་སྤོང་མི་ནུས་པའི་ཕྱིར་ཞེ་ན། རྟག་པས་སྤོང་མི་ནུས་སམ། མི་རྟག་ཀྱང་སྤོང་བའི་ཐབས་མེད་པའམ། ཐབས་ཡོད་ཀྱང་མི་ཤེས་པ་ཡིན་གྲང༌། དང་པོ་ལྟར་ན་འདོད་ཆགས་མངོན་གྱུར་བ་ཡོད་པའི་རྒྱུད་ལ་ཁོང་ཁྲོ་ནམ་ཡང་སྐྱེ་བར་མི་འགྱུར་ལ། འདོད་ཆགས་དང་ཁོང་ཁྲོ་རྣམ་པ་འགལ་བས་ལྷན་ཅིག་ཏུ་འཇུག་པ་མེད་ཅིང༌། འདོད་ཆགས་རྟག་པ་ཡིན་པས་ནམ་ཡང་མི་བཟློག་པའི་ཕྱིར་རོ། །དེ་བཞིན་དུ་ཁོང་ཁྲོ་དང་ལྡན་པ་ལ་ཡང་འདོད་ཆགས་ནམ་ཡང་སྐྱེ་བར་མི་འགྱུར་ཏེ། ཁོང་ཁྲོ་ནམ་ཡང་ལྡོག་པ་མེད་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་མངོན་གྱུར་གྱི་ཚེ་ཞེ་སྡང་མངོན་གྱུར་མེད་ཀྱང་རང་བཞིན་དུ་གནས་ལ། ཞེ་སྡང་གི་གནས་སྐབས་ལ་ཡང་འདོད་ཆགས་མངོན་གྱུར་མེད་ཀྱང་རང་བཞིན་དུ་གནས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། རང་བཞིན་དང་གནས་སྐབས་གཅིག་གམ་ཐ་དད། དང་པོ་ལྟར་ན། གནས་སྐབས་འཇིག་པ་བཞིན་དུ་རང་བཞིན་ཡང་འཇིག་པར་འགྱུར་རོ། །གཉིས་པ་ལྟར་ན་གནས་སྐབས་དང་གནས་སྐབས་ཅན་དུ་མི་རིགས་ཏེ། ཕན་ཚུན་འབྲེལ་བ་མེད་པའི་ཕྱིར། ཅི་སྟེ་རང་བཞིན་རྟག་པ་ལས་གནས་སྐབས་མི་རྟག་པ་སྐྱེ་བའི་ཕྱིར། དེ་བྱུང་འབྲེལ་བ་ཡོད་ཅེ་ན། རྒྱུ་རྟག་པས་འབྲས་བུ་སྐྱེད་པ་གཞན་དུ་བཀག་ཟིན་ནོ། །སྤོང་བའི་ཐབས་མེད་པས་མི་ནུས་སོ་ཞེ་ན། སྤོང་བའི་ཐབས་མེད་པ་ཡང་མིན་ཏེ། ཉོན་མོངས་པ་ཐམས་ཅད་ནི་བདག་ཏུ་འཛིན་པའི་རྩ་བ་ཅན་ཡིན་ལ། བདག་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཡོད་པའི་ཕྱིར་རོ། །གལ་ཏེ་བདག་མེད་རྟོགས་པའི་ཤེས་རབ་ནི་བདག་འཛིན་གྱི་གཉེན་པོ་མ་ཡིན་ཏེ། སྤོང་མི་ནུས་པའི་ཕྱིར་ཞེ་ན། སྤོང་ནུས་ཏེ། བདག་འཛིན་ལས་བདག་མེད་རྟོགས་པའི་ཤེས་རབ་སྟོབས་དང་ལྡན་པའི་ཕྱིར་ཏེ། བདག་མེད་རྟོགས་པའི་ཤེས་རབ་ནི་ཡུལ་གྱི་གནས་ཚུལ་ལ་ཞུགས་ལ་གཅིག་ཤོས་ནི་ཕྱིན་ཅི་ལོག་དུ་ཞུགས་པའི་ཕྱིར། ཕུང་པོ་བདག་མེད་དུ་གནས་པའི་ཕྱིར་བདག་ཡོད་མེད་དངོས་འགལ་ཡིན་ལ། ཕུང་པོའི་གནས་ཚུལ་བདག་ཏུ་མི་རིགས་པའི་ཕྱིར་ཏེ། བདག་ནི་ཕུང་པོའི་གནས་ཚུལ་མིན་ཏེ། བདག་ཡོད་མེད་དངོས་འགལ་ཡིན་པས་ཆོས་ཅན་གཅིག་ལ་གཞི་མཐུན་དུ་འདུ་བར་མི་རུང་བའི་ཕྱིར་རོ། །གལ་ཏེ་ཕུང་པོ་ལ་བདག་གནས་པ་ཡིན་ན། བདག་འཛིན་ཕུང་པོའི་གནས་ཚུལ་ལ་ཞུགས་པའི་ཕྱིར་བདག་འཛིན་ཅན་གྱི་སྐྱེས་བུ་ཉོན་མོངས་ཀྱིས་འཆིང་བར་མི་ནུས་ཏེ། ཡུལ་གྱི་གནས་ཚུལ་རྟོགས་པའི་ཕྱིར་རོ། །གལ་ཏེ་བདག་སྤངས་པས་ཆགས་སོགས་ཉོན་མོངས་སྤོང་བར་མི་རིགས་ཏེ། འབྲེལ་པ་མེད་པའི་ཕྱིར་ཞེ་ན། མིན་ཏེ། བདག་དང་བདག་གིར་འཛིན་པ་མེད་པ་ལ་ཆགས་སོགས་ཉོན་མོངས་སྐྱེ་བར་མ་མཐོང་བའི་ཕྱིར་དང༌། ཆགས་སོགས་ཉོན་མོངས་པ་ནི་བདག་ཏུ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་སྔོན་དུ་འགྲོ་ཞེ་ན། ཕུང་པོ་ལ་ཡོད་པ་མིན་པའི་བདག་ཏུ་སྒྲོ་བཏགས་ནས་ངར་འཛིན་པར་བྱེད་ལ། བདག་ཏུ་བཟུང་བ་ལས་ནི་ནང་དང་ཕྱིའི་དངོས་པོ་ལ་བདག་གིར་འཛིན་པ་ངང་གིས་འབྱུང་ལ། བདག་དང་བདག་གིར་གཟུང་བའི་ཡུལ་ལ་གནོད་པ་བྱེད་པ་ལ་ཞེ་སྡང་སྐྱེ་ལ་དེ་ལས་ཕྲག་དོག་དང་འཁོན་དུ་འཛིན་པ་ལ་སོགས་པ་འབྱུང་བ་ནི་སྐྱེ་བའི་རིམ་པ་སྟེ། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིགས་དེར་དེ་ལ་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང༌། །ཞེས་གསུངས་པ་ལྟར་རོ། །རྒྱུ་བདག་ཏུ་རྨོངས་པའི་མ་རིག་པ་ཡུལ་ལ་ཕྱིན་ཅི་ལོག་དུ་ཞུགས་པ་ལྟར་འབྲས་བུ་འདོད་ཆགས་དང་ཞེ་སྡང་ཡང་ཕྱིན་ཅི་ལོག་དུ་ཞུགས་པ་ཡིན་ནོ། །འདོད་ཆགས་ནི་སྡུག་པར་སྒྲོ་འདོགས་པའི་སྤྱོད་ཡུལ་ཅན། ཞེ་སྡང་ནི་མི་སྡུག་པར་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་འདོད་ཆགས་སྡུག་པར་སྒྲོ་འདོགས་པར་བྱེད་པ་ཡིན་ཞེ་ན། ཡུལ་སྡུག་པར་དོན་ལ་མི་གནས་པ་ལ་སྡུག་པར་ཡིད་ལ་བྱེད་པ་ཙམ་གྱིས་སྐྱེ་བའི་ཕྱིར། དངོས་པོའི་ཡུལ་ཅན་ཡིན་ན་དབང་ཤེས་བཞིན་དུ་དམིགས་ཡུལ་ཉེ་བར་མི་གནས་ན་མི་སྐྱེ་ལ། འདི་ནི་ཡུལ་ཡིད་དུ་འོང་བར་ཡིད་ལ་བྱེད་པ་ཙམ་ལས་སྐྱེ་བའི་ཕྱིར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མིན་ནོ། །ཇི་ལྟར་ན་གནས་ཚུལ་ལ་སྡུག་པའི་རང་བཞིན་མེད་ཅེ་ན། གལ་ཏེ་གནས་ཚུལ་ལ་གྲུབ་ན། དེར་འཛིན་གྱི་བློ་སྤང་དུ་མི་རུང་བ་ལས་གང་འདོད་ཆགས་སྐྱེ་བའི་ཡུལ་སྡུག་པར་སྣང་བ་དེ་ལ་དམིགས་ཏེ་གཉེན་པོ་མི་སྡུག་པ་སྒོམ་པས་ལྡོག་པར་འགྱུར་བའི་ཕྱིར། ཞེ་སྡང་ཡང་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་མ་ཡིན་ཏེ། དམིགས་ཡུལ་ཉེ་བར་མི་གནས་ཀྱང༌། གནོད་པའི་རྒྱུ་ཡིད་ལ་བྱས་པ་ཙམ་གྱིས་སྐྱེ་བའི་ཕྱིར། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་ཡུལ་ཉེ་བར་མི་གནས་ན་མི་རུང་སྟེ། དབང་ཤེས་བཞིན་ནོ། །ཡུལ་མི་སྡུག་པ་ཡང་དངོས་པོའི་གནས་ཚུལ་མིན་ཏེ། བཟློག་ཕྱོགས་གོམས་པར་བྱས་པས་དེ་འཛིན་གྱི་བློ་སྤོང་བར་མཐོང་བའི་ཕྱིར་དང༌། དངོས་པོའི་གནས་ཚུལ་འཛིན་པའི་བློ་ནི་བཟློག་ཕྱོགས་འཛིན་པའི་བློས་ལྡོག་པར་མི་ནུས་པའི་ཕྱིར། མདོར་ན་སྡུག་མི་སྡུག་གཉིས་དངོས་པོ་ལ་གནས་པ་མིན་ཏེ། ཡུལ་གཅིག་ལ་ཡིད་ལ་གོམས་པའི་དབང་གིས་སྡུག་མི་སྡུག་གཉིས་སུ་སྣང་བའི་ཕྱིར་དང༌། དངོས་པོའི་གནས་ཚུལ་ལ་གཉིས་ཡིན་པ་མི་རུང་བའི་ཕྱིར། རིགས་པ་འདིས་ནི། སྤང་བྱ་ཐམས་ཅད་ཡུལ་གྱི་གནས་ཚུལ་ལ་མ་ཞུགས་པར་ལེགས་པར་གྲུབ་པ་ཡིན་ལ། བདག་མེད་རྟོགས་པ་དེ་ཉིད་གཉེན་པོ་ཡིན་པའི་ཕྱིར་ཕུང་པོ་བདག་མེད་སྒྲུབ་པའི་རིགས་པ་ནི། ཁོ་བོས་བྱས་པའི་དབུ་མའི་རྣམ་བཤད་ལྟ་བར་བྱའོ། །གལ་ཏེ་ཆགས་སོགས་ཉོན་མོངས་པ་འདི་དག་རྒྱུ་ལ་མི་ལྟོས་པ་ཡང་མིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར་དང༌། བདག་འཛིན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །ལན་གཅིག་སྤངས་ཀྱང་སླར་ལྡོག་པའི་ཕྱིར་འཁོར་བ་ལས་གཏན་དུ་ཐར་པ་མེད་པས་འགོག་པའི་བདེན་པ་ཡོད་པར་མི་འགྱུར་རོ་ཞེ་ན། སླར་ལྡོག་པའི་རྒྱུ་བདག་ཏུ་འཛིན་པའི་ས་བོན་སྤངས་པའི་ཕྱིར་སླར་ལྡོག་པར་མི་འགྱུར་ཏེ། །རྩ་བ་བཅད་པའི་ཡལ་ག་བཞིན་ནོ། །རིགས་པ་འདིས་འབྲས་བུ་ཐར་པ་གྲུབ་པས་ན། རྒྱུ་ལམ་གྱི་བདེན་པ་ཡང་གྲུབ་སྟེ། རྒྱུ་ལམ་བདེན་མེད་པར་འབྲུས་བུ་ཐར་པ་མི་འགྲུབ་པའི་ཕྱིར་རོ། །སྡུག་བསྔལ་བདེན་པ་ནི་ཉེར་ལེན་གྱི་ཕུང་པོ་ཡིན་ལ་འདི་རང་ཉིད་ལ་མངོན་སུམ་གྱི་སྟོབས་ཀྱིས་དམིགས་པའི་ཕྱིར་མངོན་སུམ་གྱིས་གྲུབ་ལ། འདི་ཡང་ཀུན་འབྱུང་གི་བདེན་པ་མེད་པར་མི་རུང་བའི་ཕྱིར་ཀུན་འབྱུང་གི་བདེན་པ་ཡོད་པར་གྲུབ་བོ། །ཇི་ལྟར་ན། ཀུན་འབྱུང་གི་བདེན་པ་ལས་བྱུང་སྙམ་ན། ཀུན་འབྱུང་ལ་ཉོན་མོངས་པ་དང་ལས་ཀྱི་ཀུན་འབྱུང་གཉིས་ལས། དང་པོ་ལའང༌། རྩ་བ་དང་ཡན་ལག་གཉིས་ལས། བདག་ཏུ་རྨོངས་པའི་མ་རིག་པ་ནི་རྩ་བ་ཡིན་ཏེ། གཞན་རྣམས་དེ་ལ་བརྟེན་ཏེ་འབྱུང་བའི་ཕྱིར། ཉོན་མོངས་པ་གཞན་རྣམས་ཡན་ལག་གོ །བདག་ཏུ་རྨོངས་པའི་མ་རིག་པས་སྔར་བཤད་པ་ལྟར་ཆགས་སྡང་གཉིས་ཀྱི་རྒྱུ་བྱས་ནས་ཉོན་མོངས་པ་གཞན་རྣམས་འབྱུང་ངོ༌། །འབྱུང་བའི་ཚུལ་ཡང༌། བདག་འཛིན་ཅན་གྱི་སྐྱེས་བུས། ཐོག་མར་མིག་གིས་གཟུགས་མཐོང༌། དེ་ནས་རགས་པ་ལ་འཇུག་པའི་རྟོག་པ་འབྱུང༌། དེ་ནས་ཁྱད་པར་སྡུག་མི་སྡུག་ལ་དཔྱོད་པ་ཚོལ་བའི་རྟོག་པ་དང་ངེས་པའི་རྟོག་པ་གཉིས་རིམ་པ་བཞིན་འབྱུང་སྟེ། དང་པོས་ནི་ཇི་ལྟ་བུ་སྙམ་དུ་རྟོག་པར་བྱེད་ལ། གཉིས་པས་ནི། མཐའ་གཅིག་དུ་ངེས་པར་བྱེད། དེ་ནས་དཔྱོད་པས་ཁྱད་པར་སྡུག་མི་སྡུག་གང་རུང་དུ་ངེས་པར་བྱེད་ལ། དེའི་འོག་རོལ་དུ་སྡུག་པའི་མཚན་མར་བཟུང་ནས་འདོད་ཆགས་སྐྱེ་ཞིང་དེ་ནས་དེའི་ཡུལ་ལ་གནོད་པ་བྱེད་པ་ལ་ཞེ་སྡང་སྐྱེ་བར་འགྱུར་བའི་ཕྱིར། འདི་དག་ནི་ཉོན་མོངས་པའི་ཀུན་འབྱུང་སྐྱེ་ཚུལ་ལོ། །གཉིས་པ་ལས་ཀྱི་ཀུན་འབྱུང་ནི། ཉོན་མོངས་པའི་ཀུན་འབྱུང་གི་རྒྱུ་ལས། ཡང་སྲིད་འཕེན་བྱེད་ཀྱི་ལས་གསོག་པར་བྱེད་ལ། ལས་ཀྱང་རྣམ་པ་གསུམ་སྟེ། བསོད་ནམས་དང༌། བསོད་ནམས་མིན་པ་དང༌། མི་གཡོ་བའི་ལས་སོ། །དང་པོས་ནི་འདོད་པ་ཁམས་ཀྱི་མཐོ་རིས་ཀྱི་ཕུང་པོ་འགྲུབ་པར་བྱེད་ལ། གཉིས་པས་ངན་སོང་གསུམ་པས་ཁམས་གོང་མའི་ཕུང་པོ་འགྲུབ་པར་བྱེད་དོ། །དེ་ལ་བསོད་ནམས་མིན་པའི་ལས་ནི་ལས་འབྲས་ལ་རྨོངས་པའི་མ་རིག་པ་ལས་བྱུང་ལ། གཞན་གཉིས་ནི་དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པ་ལས་བྱུང་ངོ༌། །འདི་ནི་ཀུན་འབྱུང་ལས་སྡུག་བསྔལ་འབྱུང་བའི་རིམ་པའོ། །ལམ་བདེན་ལས་མྱང་འདས་ཐོབ་ཚུལ་ནི། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་ཏུ་འཛིན་པའི་རྩ་བ་བཅད་པས་ཉོན་མོངས་པ་ལྡོག་པར་འགྱུར་ལ། ཉོན་མོངས་པ་མེད་ན་ལས་མི་སོག་སྟེ། རྐྱེན་མེད་པའི་ཕྱིར། ལས་ཟད་ན་ཕུང་པོ་འགག་པར་འགྱུར་ཏེ། རྒྱུ་མེད་པའི་ཕྱིར། ཕུང་པོ་མེད་ན་སྡུག་བསྔལ་མི་འབྱུང་སྟེ། རྟེན་མེད་པའི་ཕྱིར་རོ། །དེས་ན་ཕུང་པོ་འགགས་པ་ན་འགོག་པའི་བདེན་པ་ཐོབ་ཞེས་བྱ་སྟེ། སྡུག་བསྔལ་འགགས་པ་ལ་འགོག་པ་ཞེས་བརྗོད་དོ། །འབྲས་བུ་སྡུག་བསྔལ་འགོག་པ་ཡང་རྒྱུ་ལས་ཉོན་སྤངས་པ་ལ་རག་ལས་ལ། དེ་ཡང་ལམ་གྱི་བདེན་པ་ལ་རག་ལས་པའི་ཕྱིར་ལམ་གྱི་བདེན་པ་ལ་འགོག་པའི་རྒྱུ་ཞེས་བྱའོ། །གསུམ་པ་སྒྲུབ་བྱེད་ལ་བྱུང་ཟིན་སྒྲུབ་པ་དང༌། འབྱུང་འགྱུར་སྒྲུབ་པའོ། །དང་པ་ནི་རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། མཁྱེན་པ་རྣམ་དག་སྔོན་དུ་སོང་སྟེ། བརྗོད་པ་རྣམ་དག་གི་ངག་ཡིན་པའི་ཕྱིར། ཤེས་རབ་རྣམ་དག་ལས་སྐྱེས་པའི་ངག་བཞིན་ནོ། །དེའི་ཆོས་ཅན་དངོས་པོ་སྟོབས་ཞུགས་ཀྱིས་འགྲུབ་ལ། ཁྱབ་པ་དཔེའི་སྟེང་དུ་མངོན་སུམ་གྱིས་གྲུབ་བོ། །ཕྱོགས་ཆོས་སྒྲུབ་པ་ནི། བརྗོད་པ་རྣམ་དག་གི་ངག་ཡིན་ཏེ། དཔྱད་གསུམ་གྱིས་དག་པའི་ངག་ཡིན་པའི་ཕྱིར། དཔེར་ན་མངོན་སུམ་གྱིས་གྲུབ་པའི་དོན་སྟོན་པའི་ངག་བཞིན། ཕྱོགས་ཆོས་གྲུབ་ཏེ། མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས་མི་གནོད། ལྐོག་གྱུར་སྟོན་པ་ལ་རྗེས་དཔག་གིས་མི་གནོད། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་ནང་འགལ་བ་མེད་པའི་ཕྱིར། འདི་ཡང་དངོས་སྟོབས་ཀྱིས་གྲུབ་བོ། །ཡང་ན། བརྗོད་བྱ་མངོན་སུམ་གྱིས་མཐོང་བ་སྔོན་དུ་སོང་བ་ཡིན་ཏེ། ཚད་མས་གནོད་པ་མེད་པའི་དོན་སྟོན་པའི་ངག་ཡིན་པའི་ཕྱིར། མངོན་སུམ་གྱིས་གྲུབ་པའི་དོན་སྟོན་པའི་ངག་བཞིན། གཉིས་པ་འབྱུང་རུང་སྒྲུབ་པ་ལ། ཇི་ལྟ་བ་མཁྱེན་པ་དང༌། ཇི་སྙེད་པ་མཁྱེན་པ་སྒྲུབ་པའོ། །དང་པོ་ནི། བདག་མེད་སྒོམ་པའི་བློ་ཆོས་ཅན། རང་འབྲས་ཡུལ་གསལ་ལ་རབ་ཀྱིས་མཐར་ཐུག་པའི་བློ་འབྱུང་ཏུ་རུང་སྟེ། རྟེན་བརྟན་ལ་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་དང་གོམས་ཟིན་འབད་རྩོལ་ལ་མི་ལྟོས་པར་ཡུལ་གསལ་བའི་བློ་ཡིན་པའི་ཕྱིར། འདོད་འཇིགས་གོམས་པའི་བློ་བཞིན། གཉིས་པ་ནི། ཇི་སྙེད་པའི་དོན་ལ་མཁས་པར་སྦྱོང་བའི་བློ་ཆོས་ཅན། རང་འབྲས་གསལ་ལ་རབ་ཀྱིས་མཐར་ཕྱིན་པའི་བློ་འབྱུང་དུ་རུང་སྟེ། རྟེན་བརྟན་ལ་ལུས་ངག་གི་འབད་རྩོལ་ལ་མི་ལྟོས་པར་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བའི་བློ་ཡིན་པའི་ཕྱིར། འདོད་འཇིགས་གོམས་པའི་བློ་བཞིན། ཡན་ལག་ལྔ་ལྡན་དུ་བསྒོམས་ན་འབྱུང་ངེས་ཡིན་ནོ། །ཡན་ལག་ལྔ་ནི། ཤེས་ནས་བསྒོམ་པ། བརྩོན་པར་བསྒོམ་པ། ཡུན་རིང་དུ་སྒོམ་པ། བར་མེད་པར་སྒོམ་པ། སྐྱོ་ངལ་མེད་པར་སྒོམ་པའོ། །འདི་ལ་ཆོས་ཅན་དང༌། བསྒྲུབ་བྱ་དང༌། གཏན་ཚིགས་ཀྱི་དོན་ནོ། །དང་པོ་ནི། བདག་མེད་སྒོམ་པའི་རྣལ་འབྱོར་པའི་རང་རིག་མངོན་སུམ་གྱིས་གྲུབ་ལ། བསྒྲུབ་བྱའི་ཆོས་ནི། འབྲས་བུ་འབྱུང་རུང་ཙམ་མོ། །གཏན་ཚིགས་ཀྱི་དོན་ནི། ཁྱད་པར་གསུམ་ལྡན་ཏེ། ཉེར་ལེན་རིག་པ་རྒྱུན་མི་འཆད་པ། ལུས་ངག་གི་འབད་རྩོལ་ལ་མི་ལྟོས་པ་གོམས་པ་རང་གིས་ངང་གིས་ཁྱད་པར་དུ་འགྱུར་བའོ། །ཅིའི་ཕྱིར་ཁྱད་པར་གསུམ་ལྡན་དགོས་ཞེ་ན། རྟེན་བརྟན་པ་མེད་ན་འཕེལ་བ་རྒྱུན་འཆད་པའི་ཕྱིར་དང༌། ཁྱད་པར་དུ་འགྱུར་བ་མེད་ན་གོམས་པ་མཐར་ཐུག་པ་མི་རུང་བའི་ཕྱིར་དང༌། འབད་རྩོལ་ལ་ལྟོས་པ་ཙམ་ནི། ལུས་ངག་གི་རྣམ་པར་འགྱུར་བ་ཙམ་ལ་ཡོད་པའི་ཕྱིར་ཁྱད་པར་གསུམ་ལྡན་དུ་དགོས་པར་བསྟན་ནོ། །ཚུལ་སྒྲུབ་པ་ལ། རྗེས་འགྲོ་ནི། འདོད་འཇིགས་གོམས་པའི་བློ་ཆོས་ཅན། རང་ཡུལ་མདུན་ན་འདུག་པ་བཞིན་དུ་གསལ་བར་མཐོང་སྟེ། རང་ཡུལ་ཉེ་བར་གནས་པའི་ལུས་ངག་གི་རྣམ་པར་འགྱུར་བ་ཁྱད་པར་ཅན་མཐོང་བའི་ཕྱིར་རོ། །ཁྱབ་པ་ཡོད་དེ། ལྐོག་གྱུར་རྟོགས་པའི་འདུ་ཤེས་ལ། རང་ཡུལ་ཉེ་བར་གནས་པའི་ལུས་ངག་གི་རྣམ་འགྱུར་ཁྱད་པར་ཅན་དེ་ལྟ་བུ་མ་མཐོང་བའི་ཕྱིར་རོ། །ལྡོག་ཁྱབ་ནི། བེམ་པོ་དང་དངོས་མེད་ཆོས་ཅན། འབྲས་བུ་གསལ་བ་རབ་ཀྱི་མཐར་ཐུག་པ་འབྱུང་བ་མེད་དེ། རིག་པ་དང་བྲལ་བའི་ཕྱིར་རོ། །ཕྱོགས་ཆོས་སྒྲུབ་པ་ལ། ཁྱད་པར་ཕྱི་མ་གཉིས་རང་རིག་གིས་འགྲུབ་ལ། རྟེན་བརྟན་པ་སྒྲུབ་པ་ལ། རིག་པའི་ཡ་མཐའ་ཐུག་མེད་དུ་སྒྲུབ་པ་དང༌། མ་མཐའ་ཐུག་མེད་དུ་སྒྲུབ་པ་གཉིས་ལས། དང་པོ་ལ་འགའ་ཞིག རང་རིག་མངོན་སུམ་གྱིས་འགྲུབ་སྟེ། ད་ལྟར་གྱི་ཤེས་པ་རིག་པ་སྔ་མ་སྔོན་དུ་སོང་བར་གྲུབ་པ་ན། རིག་པ་ཙམ་ལ་རིག་པ་སྔ་མ་སྔོན་དུ་སོང་བར་འགྲུབ་ཏེ། ཚང་མང་གི་དུ་བ་མེ་ལས་སྐྱེ་བར་གྲུབ་པས། དུ་བ་ཙམ་མེ་ལས་སྐྱེ་བར་འགྲུབ་པ་བཞིན། འདིས་རྣམ་གཅོད་དུ་རིག་པ་ཙམ། རིག་པ་སྔ་མ་ལས་མ་སྐྱེས་པ་ཁེགས་ལ། དེ་ཁེགས་པས་རིག་པའི་བྱེ་བྲག་མཐའ་དག་རིག་པ་སྔ་མ་ལས་མ་སྐྱེས་པ་ཁེགས་ཏེ། དུ་བ་ཙམ་མེ་ལས་མ་སྐྱེས་པ་ཁེགས་པས། བྱེ་བྲག་མཐའ་དག་ལ་ཁེགས་པ་བཞིན་ནོ། །ཞེས་གསུངས་སོ། །ཡང་ད་ལྟར་གྱི་རིག་པ་འདིས། ཕྱི་མ་སྐྱེད་པར་གྲུབ་པ་ན། རིག་པ་ཙམ་གྱིས་ཕྱི་མ་བསྐྱེད་པར་འགྲུབ་ཏེ། ད་ལྟར་གྱི་སྒྲོན་མེས་འོད་བསྐྱེད་པར་གྲུབ་པ་ན། སྒྲོན་མེ་ཙམ་གྱིས་འོད་བསྐྱེད་པར་གྲུབ་པ་བཞིན། འདིས་རྣམ་གཅོད་དུ་རིག་པ་ཙམ་གྱིས་རིག་པ་ཕྱི་མ་མི་བསྐྱེད་པ་ཁེགས་པ་ན། གསལ་བ་མཐའ་དག་ལ་ཁེགས་ཏེ། སྒྲོན་མེ་ཙམ་ལ་འོད་མི་སྐྱེད་པ་ཁེགས་པ་ན། བྱེ་བྲག་མཐའ་དག་ལ་འོད་མི་སྐྱེད་པ་ཁེགས་པ་བཞིན་ནོ་ཞེས་འདོད་དོ། །འོ་ན་ད་ལྟར་གྱི་དུ་བ་རིགས་འདྲ་སྔ་མ་ལས་སྐྱེ་བར་གྲུབ་པས། དུ་བའི་རིགས་འདྲ་སྐད་ཅིག་དང་པོ་ཡང་དུ་བ་ལས་སྐྱེས་པར་གྲུབ་པར་ཐལ། ད་ལྟར་གྱི་རིག་པ་རིག་པ་སྔ་མ་ལས་སྐྱེ་བར་གྲུབ་པས། སྐྱེས་མ་ཐག་པའི་རིག་པ་ཡང་རིག་པ་སྔ་མ་ལས་སྐྱེད་པར་གྲུབ་པའི་ཕྱིར་རོ། །ད་ལྟར་གྱི་རིག་པ་འདི་རིག་པ་སྔ་མ་ལས་མི་སྐྱེ་བའི་དོགས་པ་ཁེགས་པས། སྐྱེས་མ་ཐག་གི་རིག་པ་ཡང་སྔ་མ་ལས་མི་སྐྱེ་བའི་དོགས་པ་ཁེགས་ན། སྐྱེས་མ་ཐག་གི་རིག་པ་ལུས་ལས་སྐྱེས་སམ་སྙམ་པའི་དོགས་པ་མི་སྲིད་པར་འགྱུར་རོ། །འཆི་ཁ་མའི་རིག་པས་རིག་པ་ཕྱི་མ་མི་སྐྱེ་བའི་དོགས་པ་ཁེགས་པར་ཐལ། ད་ལྟར་གྱི་རིག་པས་རིག་པ་ཕྱི་མ་མི་སྐྱེད་པའི་དོགས་པ་ཁེགས་པའི་ཕྱིར། ཡང་རིག་པ་ཕྱི་མ་མི་བསྐྱེད་པའི་རིག་པ་ཡོད་པར་ཐལ། འོད་ཕྱི་མ་མི་བསྐྱེད་པའི་སྒྲོན་མེ་གྲུབ་པའི་ཕྱིར། སྒྲོན་མེའི་སྐད་ཅིག་ཐ་མ་བཞིན། གཉིས་པ་རང་ལུགས་ནི། སྐྱེས་མ་ཐག་གི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཙམ་གྱི་རྒྱུ་ལས་གཞན་ལ་ལྟོས་མེད་དུ་རིག་པར་སྐྱེས་པའི་ཕྱིར། ད་ལྟར་གྱི་རིག་པ་འདི་བཞིན། ཕྱོགས་ཆོས་གཞན་རྒྱུད་ལ་ལུས་ངག་གི་རྣམ་འགྱུར་གྱི་རྟགས་དང༌། རང་རྒྱུད་ལ་རང་རིག་མངོན་སུམ་གྱིས་གྲུབ་བོ། །ཁྱབ་པ་གནོད་པ་ཅན་གྱིས་ཚད་མས་གྲུབ་ཏེ། སྐྱེས་མ་ཐག་གི་ཤེས་པ་ལ་རྒྱུ་ཡོད་དམ་མེད། མེད་ན། དངོས་མེད་རེས་འགའ་བ་མིན་པ་ཉིད་དུ་འགྱུར་ལ། ཡོད་ན་བེམ་རིག་གཉིས་གང་ཡིན། དང་པོ་མི་འཐད་དེ། བེམ་པོས་ཤེས་པའི་ཉེར་ལེན་བྱེད་མི་ནུས་པའི་ཕྱིར། གལ་ཏེ་ནུས་ན་བེམ་པོ་རྣམས་ཀྱིས་རང་གི་རིགས་འདྲ་ཕྱི་མ་རྣམས་ཀྱང་རིག་པར་བསྐྱེད་པར་ཐལ་བ་ལས་བསྐྱེད་མི་ནུས་པའི་ཕྱིར་མི་འཐད་དོ། །མཐའ་གཞན་འགོག་པའི་རིགས་པ་ནི་གཞུང་ལས་རྟོགས་པར་བྱའོ། །གཉིས་པ་ལྟར་ན། རྣམ་ཤེས་སྔ་མ་སྔོན་དུ་སོང་བར་གྲུབ་པས་ཁོ་བོའི་ཕྱོགས་ལ་གནས་སོ། །གཉིས་པ་མ་མཐའ་ཐུག་མེད་དུ་སྒྲུབ་པ་ལ། འཆི་ཁ་མའི་སེམས་ཆོས་ཅན། རིག་པ་ཕྱི་མ་སྐྱེད་ནུས་ཏེ། རིག་པ་ཕྱི་མ་རིག་ཙམ་གྱི་རྒྱུ་ལས་གཞན་ལ་ལྟོས་མེད་དུ་བསྐྱེད་པའི་ཕྱིར། ད་ལྟར་གྱི་རིག་པ་འདི་བཞིན་རྩོད་པ་སྤང་བ་ལ། བརྟེན་བརྟན་པ་མི་འཐད་དེ་ཆུའི་ཚ་བ་བཞིན་ཞེ་ན། མིན་ཏེ། ཇི་སྐད་བཤད་པའི་རིགས་པས་རིག་པ་རྒྱུན་མི་འཆད་པའི་ཕྱིར་རོ། །གོམས་པ་ཁྱད་པར་དུ་མི་འགྱུར་བ་ཡང་མིན་ཏེ། ལུས་ངག་གི་འབད་རྩོལ་ལ་མི་ལྟོས་པར་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བ་མྱོང་བས་གྲུབ་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ། རང་བཞིན་ངོས་བཟུང༌། ཚད་མར་འགྱུར་བའི་ཚུལ། སྒྲུབ་བྱེད་ཀྱི་ཚད་མའོ། །དང་པོ་ལ་གཞན་ལུགས་དགག་པ་ནི། རྣལ་འབྱོར་མངོན་སུམ་དང༌། དེའི་ཚད་མ་སོ་སོར་ཕྱེ་ནས་མཚན་ཉིད་སོ་སོར་འཇོག་པ་མི་འཐད་དེ། རྣལ་འབྱོར་མངོན་སུམ་ནི་མངོན་སུམ་གོམས་པ་ཅན་ཡིན་པས་ཡུལ་མཐོང་བ་ཙམ་གྱིས་ངེས་པ་འདྲེན་པའི་ཕྱིར་ཏེ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་སོ། །མངོན་སུམ་གྱི་རང་ལྡོག་གི་ནི་་སྒྲོ་འདོགས་གཅོད་པ་མི་སྲིད་དོ། །གཉིས་པ་རང་ལུགས་ནི། བདག་རྐྱེན་རྣལ་འབྱོར་སྒོམ་སྟོབས་ལས་བདག་མེད་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་ཤེས་པའོ། །འཁྲུལ་པ་ཅན་ཟད་པར་གྱི་ཏིང་ངེ་འཛིན་ལ་སོགས་པ་ནི་རྣལ་འབྱོར་མངོན་སུམ་ལྟར་སྣང་ཡིན་ནོ། །རྟེན་གྱི་སྒོ་ནས་དབྱེ་ན་འཕགས་པ་གསུམ་གྱི་རྣལ་འབྱོར་མངོན་སུམ་ཡིན་ལ། གསུམ་པོ་ལའང༌། སློབ་མི་སློབ་ཀྱི་སྒོ་ནས་དབྱེ་ན་ལྔ་སྟེ། ཉན་ཐོས་སློབ་མི་སློབ་གཉིས། ཐེག་ཆེན་ལ་སློབ་མི་སློབ་གཉིས། རང་སངས་རྒྱས་ལ་སློབ་པ་མེད་པས། མི་སློབ་པའི་རྣལ་འབྱོར་མངོན་སུམ་དང་ལྔའོ། །ཅིའི་ཕྱིར། སློབ་པ་མེད་ཅེ་ན། རང་བྱང་ཆུབ་མངོན་དུ་བྱས་པ་ཁོ་ན་ལ་རང་སངས་རྒྱས་ཞེས་བརྗོད་པར་བྱ་བ་ཡིན་པའི་ཕྱིར། གལ་ཏེ་རང་སངས་རྒྱས་ལ་སློབ་པ་དང་མི་སློབ་པ་གཉིས་ཡོད་པ་མ་ཡིན་ནམ་ཞེ་ན། ལམ་གྱི་སྒོ་ནས་དབྱེ་ན་དྲུག་ཡོད་མོད་ཀྱི། འདིར་སློབ་མི་སློབ་ཀྱི་སྒོ་ནས་དབྱེ་བས་ན་དབྱེ་སྒོའི་དོན་ཁོང་དུ་ཆུད་པར་བྱ་དགོས། ལྔ་པོ་དེ་དག་ལའང་རྗེས་ཐོབ་སྣང་བཅས་དང་མཉམ་བཞག་སྣང་མེད་ཀྱི་སྒོ་ནས་གཉིས་གཉིས་སུ་ཕྱེ་བས་རྣམ་པ་བཅུའོ། །ཡེ་ཤེས་དེ་དག་གི་རྒྱུ་གང་ཞེ་ན། སྡེ་སྣོད་ལ་སོགས་པ་ལ་མཁས་པར་བྱས་པ་དང༌། སེམས་བསྐྱེད་ལ་སོགས་པའི་ཐབས་སྣ་ཚོགས་ཀྱིས་ཉེར་ལེན་གྱི་རྒྱུ་བྱས། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཟིགས་པ་གྲུབ་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཉེར་ལེན་གྱི་རྒྱུ་བྱས། ཐབས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་གྲུབ་བོ། །དེ་དག་དུས་ནམ་གྱི་ཚེ་མཐར་ཕྱིན་ཅེ་ན། ཉན་ཐོས་ནི་མྱུར་ན་ཚེ་གསུམ་དུ་བསོད་ནམས་གསོག་པ་དང༌། བདག་མེད་བསྒོམ་པས་དགྲ་བཅོམ་པ་འཐོབ་ལ། བསྐལ་པ་བརྒྱའི་བར་དུ་བསོད་ནམས་བསགས་པ་དང༌། བདག་མེད་བསྒོམས་པས་རང་སངས་རྒྱས་སུ་འགྱུར་ལ། བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་བསགས་པ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམས་པས་མཐར་ཕྱིན་པ་རྫོགས་པའི་བྱང་ཆུབ་དུ་འཚང་རྒྱའོ། །དེ་སྐད་དུ་མཛོད་ལས། མྱུར་བ་སྲིད་པ་གསུམ་གྱིས་གྲོལ། །བསེ་རུ་བསྐལ་པ་བརྒྱའི་རྒྱུས། །གྲངས་མེད་གསུམ་ལ་དེ་སངས་རྒྱས། །ཞེས་གསུངས་སོ། །དེ་དག་ཐབས་ལ་ལྟོས་ནས་འབྲས་བུའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རྣམ་པར་གྲོལ་བ་ཉན་རང་དགྲ་བཅོམ་པ་གཉིས་ཆོས་ཅན། སྟོན་པ་མཐར་ཕྱིན་མིན་ཏེ། ཐབས་ལ་ཡུན་རིང་དུ་མ་སྦྱངས་པས་ཤེས་བྱ་ལ་ཐུགས་མི་གསལ་ཞིང་སྒྲིབ་པའི་བག་ཆགས་དང་བཅས་པའི་ཕྱིར། ཆོས་ཅན། གཞན་དོན་ཆེན་པོ་ལ་མི་འཇུག་ཏེ། སྙིང་རྗེ་དམན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཆོས་ཅན། ཀུན་མཁྱེན་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཏེ། སྐལ་པ་གྲངས་མེད་པ་གསུམ་དུ་ཐབས་ལ་གོམས་པས་བླང་དོར་གྱི་གནས་ཀུན་ལ་ཐུགས་གསལ་བ་མཐར་ཕྱིན་པའི་ཕྱིར། དཔེར་ན། བཟོའི་གནས་གོམས་པ་བཞིན་ནོ། །ཆོས་ཅན། གཞན་དོན་ཆེན་པོ་ལ་འཇུག་ཏེ། ཐུགས་བརྩེ་བ་ཆེན་པོ་མཐར་ཕྱིན་པའི་ཕྱིར་ཏེ། དེ་སྐད་དུ། རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། །ཡུང་རིང་དུས་སུ་གོམས་པ་ལས། དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། རྒྱུའི་བག་ཆགས་སྤངས་པ་ཡིན། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །དེ་དོན་ཕྱིར་ན་ཐབས་གོམས་པས། དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར་རོ། །འོ་ན་རྣལ་འབྱོར་མངོན་སུམ་ཚད་མ་ཡིན་ནམ་མ་ཡིན་ཞེ་ན། བཅད་ཤེས་དང་ངེས་པ་གཉིས་ཆོས་ཅན། མངོན་སུམ་མིན་ཏེ། རྟོག་པ་ཡིན་པའི་ཕྱིར། རྒྱུ་མཚན་དེས་ན་རྣལ་འབྱོར་མངོན་སུམ་ཀུན་ཆོས་ཅན་ཚད་མར་གྲུབ་སྟེ། མངོན་སུམ་ཡིན་པའི་ཕྱིར། ཚད་མ་དེས་འཇུག་ལྡོག་ཇི་ལྟར་བྱེད་ཅེ་ན། སོ་སོ་སྐྱེ་བོའི་ཚད་མ་ནི། མངོན་སུམ་གྱིས་མཐོང་བ་དྲན་པས་སོ་སོར་ངེས་པ་ལས་འཇུག་ལྡོག་བྱེད་ལ། འཕགས་པ་རྟོག་པའི་བག་ཆགས་མ་སྤངས་པ་ནི། རང་གཞན་དུ་གནས་པ་ན་འཇིག་རྟེན་པ་དང་འདྲ་ལ། སྨོན་ནས་ཤེས་པ་ལ་མཉམ་པར་བཞག་ན། ཏིང་ངེ་འཛིན་ལས་བྱེད་ལ། འཕགས་པ་རྟོག་པའི་བག་ཆགས་སྤངས་པ་རྣམས་ནི། སྨོན་ལམ་ལས་གྲུབ་པའི་དཔའ་བར་འགྲོ་བ་དང༌། རིན་ཆེན་ཕྱག་རྒྱ་ལ་སོགས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱིས་འཇུག་ལྡོག་བྱེད་པར་མདོ་ལས་གསུངས་སོ། །འོ་ན་རྫོགས་པའི་སངས་རྒྱས་ཀྱི་མ་འོངས་པ་མི་མཁྱེན་ན་ཐམས་ཅད་མཁྱེན་པར་མི་རུང་ལ། མཁྱེན་པའང་སྣང་ནས་མཁྱེན་ན་དུས་གསུམ་རྫས་གྲུབ་པར་འགྱུར་ཞིང༌། མི་སྣང་ན་མངོན་སུམ་གྱི་སྤྱན་ལྡན་དུ་མི་རུང་ངོ་ཞེ་ན། སོ་སྐྱེ་རྣམས་ཆོས་ཅན། གནས་གྱུར་པའི་ཡེ་ཤེས་ཅན་དེའི་དུས་གསུམ་མཁྱེན་པ་སོགས་དཔག་མི་ཐུབ་སྟེ། དེ་ཁྱོད་ཀྱི་བསམ་གྱིས་མི་ཁྱབ་པའི་ཕྱིར། བརྒྱུད་གཞན་གྲུབ་པ་ལས། བཅོམ་ལྡན་འདས་ཀྱིས་དོན་ཐམས་ཅད་ཐུགས་སུ་ཆུད་པ་ནི། བསམ་གྱིས་མི་ཁྱབ་སྟེ། རྣམ་པ་ཐམས་ཅད་དུ་ཤེས་པ་དང༌། བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་ཞེས་གསུངས་སོ། །གསུམ་པ་དེ་སྒྲུབ་བྱེད་ཀྱི་ཚད་མ་ལ་ངོ་བོ་སྒྲུབ། མཚན་ཉིད་སྒྲུབ། གྲུབ་པ་ལ་མི་འཐད་སྤང་བ་དང་གསུམ། དང་པོ་ལ། སྔར་བྱུང་ཟིན་པ་སྒྲུབ་ན། རྒྱན་མཛད་པས། གང་གཞན་ལ་འཆད་པ་ལ་དོན་དང་མཐུན་ཞིང་འགལ་བ་མེད་པ་དེས་གཞལ་བྱ་དེ་མངོན་སུམ་དུ་མཐོང་བ་ཡིན་ཏེ། རང་རང་གི་ཡུལ་བཤད་པ་བཞིན། གཞུང་འབུམ་ལ་སོགས་པ་འཆད་པ་པོ་དེས་ཀྱང་དོན་དང་མཐུན་ཞིང་འགལ་བ་མེད་དོ་ཞེས་བྱ་བས་བསྒྲུབ་པར་ནུས་སོ་ཞེས་གསུངས་པ་དང༌། ཚིག་གི་ཁྱད་པར་ངེས་ཤིང་སྤུ་རིས་ཟིན་ན་སྔོན་བྱུང་བའང་དཔག་པར་ནུས་པ་འགལ་བ་མེད་དོ། །གཉིས་པ་མ་འོངས་པ་ན་འབྱུང་རུང་སྒྲུབ་པ་ལ་རྟགས་དགོད་པ་ནི། གང་རྟེན་བརྟན་ཞིང་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ་བསྒོམ་པ་དེ་ལ་བསྒོམ་པ་ཡང་ཡོངས་སུ་རྫོགས་ནས་བསྒོམ་བྱ་ལ་གསལ་སྣང་འབྱུང་སྟེ། འདོད་འཇིགས་གོམས་པ་བཞིན། སྟོང་ཉིད་སྒོམ་པའང་རྟེན་བརྟན་ཞིང་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ་བསྒོམ་པར་བྱེད་དོ། །ཞེས་བྱ་བ་མཐའ་གཞན་བཀག་པའི་ངེས་པས་འགྲུབ་པའི་རང་བཞིན་གྱི་རྟགས་སོ། །གཉིས་པ་དེའི་ཚུལ་སྒྲུབ་པ་ལ་ཕྱོགས་ཆོས་དང་ཁྱབ་པ་སྒྲུབ་པ་གཉིས་ལས། དང་པོ་ལ་རྟེན་བརྟན་པ་དང༌། གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ་དང༌། སྒོམ་པ་གསུམ། དང་པོ་ནི། རིག་པའི་ཡ་མཐའ་དང༌། མ་མཐའ་ཐུག་མེད་དུ་གང་གིས་འགྲུབ་ཅེ་ན། འདི་ལ་ཕྱ་པ་ལ་སོགས་པ་ཁ་ཅིག་རྟེན་བརྟན་པའི་རིག་པའི་ཡ་མཐའ་དང༌། མ་མཐའ་ཐུག་པ་གཉིས་རང་རིག་གིས་ཁེགས། དབུས་ཀྱི་རིག་པ་རང་རིག་གིས་གྲུབ་པས། རིག་པའི་རྒྱུན་ཐོག་མཐའ་མེད་པར་མངོན་སུམ་གྱིས་འགྲུབ་བོ། །ཡ་མཐའ་མ་མཐའ་ཇི་ལྟར་ཁེགས་ན། རང་རྒྱུད་ལ་རང་རིག་གིས་རིག་པ་ཙམ་རིག་པ་སྔ་མ་ལས་བྱུང་བ་གྲུབ་པས། རིག་པ་སྔ་མ་སྔོན་དུ་མ་སོང་བའི་རིག་པ་ཙམ་དངོས་སུ་ཁེགས་པ་ན། རིག་པ་སྔ་མ་སྔོན་དུ་མ་སོང་བའི་རིག་པ་བྱེ་བྲག་ཤུགས་ལ་ཁེགས་ཏེ། དཔེར་ན་དུ་བ་ཙམ་མེ་ལས་བྱུང་བར་མངོན་སུམ་གྱིས་གྲུབ་པས་མེ་སྔོན་དུ་མ་སོང་བའི་དུ་བ་ཙམ་སྔོན་དུ་ཁེགས་པ་ན། མེ་སྔོན་དུ་མ་སོང་བའི་དུ་བའི་བྱེ་བྲག་ཤུགས་ལ་ཁེགས་པ་བཞིན་ནོ། །ཡང་རང་རྒྱུད་ལ་རིག་པ་ཙམ་རིག་པ་ཕྱི་མ་སྐྱེད་པར་གྲུབ་པས། རིག་པ་ཕྱི་མ་མི་སྐྱེད་པའི་རིག་པ་ཙམ་དངོས་སུ་ཁེགས་པ་ན། རིག་པ་ཕྱི་མ་མི་སྐྱེད་པའི་རིག་པའི་བྱེ་བྲག་ཤུགས་ལ་ཁེགས་ཏེ། དཔེར་ན། སྒྲོན་མ་ཙམ་འོད་འབྱིན་པར་གྲུབ་པས། འོད་མི་འབྱིན་པའི་སྒྲོན་མ་ཙམ་དངོས་སུ་ཁེགས་པ་ན། འོད་མི་འབྱིན་པའི་སྒྲོན་མའི་བྱེ་བྲག་ཤུགས་ལ་ཁེགས་པ་བཞིན་ནོ་ཞེས་ཟེར་རོ། །འདི་མི་འཐད་དེ། རང་རིག་གིས་ད་ལྟར་གྱི་ཤེས་པ་ཙམ་འབྲེལ་པ་ཅན་དུ་གྲུབ་ཀྱང༌། སྐྱེ་བ་དང་འཆི་བའི་སེམས་ཀྱི་ཐོག་མཐའ་ཐུག་མེད་མི་འགྲུབ་སྟེ། ཚུ་རོལ་མཛེས་པ་དང་པོའི་སེམས་འཇིག་རྟེན་ཕ་རོལ་གྱི་སེམས་ལས་མི་སྐྱེ་བར་ཕ་མའི་ལུས་ལས་སྐྱེ་བར་འདོད་པས། རྒྱུ་གཞན་དགོས་པའི་ཕྱིར་དང༌། འཆི་ཁ་མའི་སེམས་ཀྱིས་སེམས་ཕྱི་མ་མི་སྐྱེད་པར། མར་མེ་མནལ་བ་ལྟར་རྒྱུན་ཆད་པར་འདོད་པའི་ཕྱིར། གལ་ཏེ་རང་རིག་གིས་ད་ལྟར་རིག་ཙམ་དུ་འབྲས་བུ་གྲུབ་པའི་ཤུགས་ལ་འཇིག་རྟེན་སྔ་ཕྱི་ངེས་ན། ཆད་པར་ལྟ་བའི་ལོག་རྟོག་སྐྱེ་མི་སྲིད་པར་འགྱུར་རོ། །ཡང་དཔེ་དོན་མི་མཚུངས་ཏེ། དུ་བ་མེ་ལས་སྐྱེ་བ་དེ། སེམས་རིག་མཐུན་སྔ་མ་ལས་སྐྱེ་བའི་དཔེར་མི་རུང་སྟེ། དུ་བ་དང་པོ་རིགས་མི་མཐུན་གྱི་མེ་ལས་སྐྱེ་བའི་ཕྱིར། སྒྲོན་མའང༌། སེམས་ཕྱི་མ་ཐུག་མེད་སྐྱེད་པའི་དཔེར་མི་རུང་སྟེ། སྒྲོན་མ་ཕྱི་མ་མི་སྐྱེད་པའི་སྒྲོན་མ་ཡོད་པའི་ཕྱིར་རོ། །རང་ལུགས་ལ་འདས་པ་ཐུག་མེད་དུ་སྒྲུབ། མ་འོངས་པ་ཐུག་མེད་དུ་སྒྲུབ་པ་གཉིས། དང་པོ་ནི། སྐྱེས་བུ་སྐྱེས་མ་ཐག་པའི་སེམས་ཆོས་ཅན། ཉེར་ལེན་སེམས་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། སེམས་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་རིག་པ་བཞིན་ནོ། །ཞེས་པ་སེམས་ཀྱི་ངོ་བོ་སྐྱེ་བ། ཉེར་ལེན་སེམས་ལས་གཞན་ལ་ལྟོས་མེད་ཀྱི་འབྲས་རྟགས་ཀྱིས་སྔོན་མཐའ་ཐུག་མེད་འགྲུབ་བོ། །དེའི་ཕྱོགས་ཆོས་ནི་མྱོང་བས་འགྲུབ་ལ། ཁྱབ་པ་ནི་སེམས་ཀྱི་ངོ་བོ་སྐྱེ་བ་ཉེར་ལེན་སེམས་ལས་གཞན་ལ་ལྟོས་མེད་ཀྱི་རིགས་པས་འགྲུབ་བོ། །གཉིས་པ་ནི། བདག་འཛིན་དང་བཅས་པའི་སེམས་ཐུག་མེད་དུ་སྒྲུབ། བདག་འཛིན་མེད་པའི་སེམས་གསལ་བ་ཐུག་མེད་དུ་སྒྲུབ་པ་གཉིས། དང་པོ་ལ། རྟགས་དགོད་པ་ནི། བདག་འཛིན་ཅན་གྱི་སྐྱེས་བུ་འཆི་ཁའི་སེམས་ཆོས་ཅན། སེམས་ཕྱི་མ་སྐྱེད་དེ། དེ་སྐྱེད་པའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། ཚོགས་པ་ཐ་མའི་མྱུ་གུ་བཞིན་ནོ། །ཞེས་པའི་རང་བཞིན་རྟགས་ཀྱིས་ཕྱི་མཐའ་ཐུག་མེད་འགྲུབ་བོ། །དེའི་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ་ལ། དངོས་དང༌། དེ་གཏན་ལ་དབབ་པ་གཉིས། དང་པོ་ནི། སྐྱེས་བུའི་རྒྱུ་ཚོགས་ཚང་བ་ནི་བདག་འཛིན་ཡིན་ཅིང༌། གེགས་ནི་བདག་མེད་རྟོགས་པའི་ཡེ་ཤེས་སོ། །གཉིས་པ་ལ། འཁོར་བ་འཇུག་ལྡོག་ཤེས་དགོས་པས། དེ་ལ་གཞན་ལུགས་དགག་པ་ནི། མུ་སྟེགས་བྱེད་འགའ་ཞིག ལས་དང་ལུས་གཉིས་ཀྱང་འཁོར་བའི་རྒྱུ་ཡིན་པས་ཚོགས་པ་ལས་སྐྱེ་བ་ལ། ཡ་གྱལ་མེད་ན་འབྲས་བུ་མི་སྐྱེ་བས། ལས་ལུས་གང་རུང་ལ་གནོད་པ་བྱས་ཀྱང་སྐྱེ་བ་ལྡོག་སྟེ། ས་བོན་ཡོད་ཀྱང་ཆུ་ལུད་སོགས་མེད་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །དེས་ན་ལས་ལུས་གཉིས་པོ་སྤངས་པའི་ཕྱིར་ལུས་གདུང་བ་ལ་སོགས་པའི་དཀའ་སྤྱོད་ཀྱི་ལས་ཟད་ན་ཡང་སྲིད་མི་ལེན་ནོ་ཟེར་ན། ལས་ལུས་རྐྱང་པ་འཛད་པའི་ཐབས་མེ་ལྔ་པའི་སྦྱོར་བ་སོགས་ཐར་ལམ་མ་ཡིན་པར་ཐལ། ལོག་སྲེད་ཡོད་ན་ལས་ལུས་སྤོང་མི་ནུས་པའི་ཕྱིར་ཏེ། ལས་ལུས་མཐའ་ཡས་ཤིང་གཉེན་པོ་ཤེས་མི་ནུས་པའི་ཕྱིར་དང༌། ལོག་སྲེད་ཡོད་ན་སྔར་གྱི་ལས་ལུས་སྤངས་ཀྱང༌། ཕྱིས་འཁོར་བར་སྐྱེ་བས་མི་ཕན་པའི་ཕྱིར་དང༌། ལོག་སྲེད་སྤངས་ན་ལས་ལུས་མ་སྤངས་ཀྱང་བུད་ཤིང་ཟད་པའི་མེ་ལྟར་ཡང་སྲིད་མི་ལེན་པས་ལས་ལུས་རྐྱང་པ་སྤང་མི་དགོས་པས་སོ། །གཉིས་པ་རང་ལུགས་ལ། འཁོར་བའི་རྒྱུ་དང༌། དེའི་གཉེན་པོ་ལ་དཔྱད་པ་གཉིས། དང་པོ་ལ་གཉིས་ལས། སྤྱིར་ཡང་སྲིད་ཙམ་སྐྱེ་བའི་རྒྱུ་དང༌། འཁོར་བར་སྐྱེ་བའི་རྒྱུ་ནི་བདག་ཏུ་རྨོངས་པ་མ་རིག་པ་དེ་ཡོད་ན་བདག་གིར་འཛིན་པ་གཞན་འབྱུང་ལ། དེ་ལས་ཉོན་མོངས་པ་འབྱུང་ཞིང༌། ཉོན་མོངས་པ་དེ་དག་གིས་ལས་བསགས་ནས། ལས་དགེ་བ་ལས་འཁོར་བ་མཐོ་རིས་གསུམ། མི་དགེ་བ་ལས་ངན་སོང་གསུམ། མི་གཡོ་བའི་ལས་ལས་ཁམས་གོང་མར་འཕེན་ནོ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང༌། དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་དང༌། ཆགས་བྲལ་མིན་དང་སྲེད་ལྡན་དང༌། རྩོམ་པ་ཀུན་ལ་བརྟེན་པ་ནི། །ཉོན་མོངས་ལས་ལས་གྲོལ་མ་ཡིན། །དེ་འདྲ་འཁོར་བ་པ་ཞེས་བྱ། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཉོན་མོངས་པ་ལས་ལས་ཏེ་ལས་ལས་ཀྱང༌། སྐྱེ་བ་ཀུན་དུ་འབྱུང་བར་ཐུབ་པས་གསུངས། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་དབང་ཤེས་སྐྱེ་བའི་རྒྱུ་ནི། འཆི་ཁའི་དབང་ཤེས་ཀྱིས་ཉེར་ལེན་བྱས། འཆི་ཁའི་དབང་པོས་ལྷན་ཅིག་བྱེད་རྐྱེན་བྱས་ནས། ཕྱི་མའི་དབང་ཤེས་སྐྱེ་ལ། འཆི་ཁའི་ནང་གི་སྐྱེ་མཆེད་ཀྱི་ཉེར་ལེན་བྱས། འཆི་ཁའི་དབང་ཤེས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་ཕྱི་མའི་སྐྱེ་མཆེད་དབང་པོ་གཞན་སྐྱེ་ཞིང༌། སྐྱེ་མཆེད་གཉིས་པོ་བཟང་ངན་དུ་སྐྱེ་བ་བདག་རྐྱེན་ལས་ཀྱིས་བྱེད་དོ། །གཉིས་པ་གཉེན་པོ་དཔྱད་པ་ལ། ཕྱོགས་རེ་མགོ་གནོན་པའི་གཉེན་པོ་ནི། ཞེ་སྡང་གི་གཉེན་པོར་བྱམས་པ་དང༌། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། རྣམ་འཚེའི་གཉེན་པོར་སྙིང་རྗེ། ཕྲག་དོག་གི་གཉེན་པོར་དགའ་བ། ཐམས་ཅད་ཀྱི་གཉེན་པོར་བཏང་སྙོམས་སྒོམ་པར་གསུངས་པ་ཕྱོགས་རེ་མགོ་གནོན་པ་ཙམ་ཡིན་གྱི། བྱམས་སོགས་ཚད་མེད་བཞིས་ཆོས་ཅན། འཁོར་བའི་རྩ་བ་གཅོད་ནུས་མིན་ཏེ། དེའི་རྒྱུ་བདག་འཛིན་ལ་མི་གནོད་པའི་ཕྱིར་ཏེ། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཉེས་པ་ཤིན་ཏུ་ཚར་གཅོད་མིན། །ཞེས་གསུངས་པའི་ཕྱིར་རོ། །མཐའ་དག་དཔྱིས་འབྱིན་པའི་གཉེན་པོ་ནི། བདག་མེད་མངོན་སུམ་དུ་མཐོང་བའི་བར་ཆད་མེད་ལམ་ནི་རང་གི་སྤང་བྱ་ཉོན་མོངས་པ་རྩ་བ་ནས་སུན་འབྱིན་བྱེད་ཡིན་ཏེ། དེའི་རྒྱུ་བདག་འཛིན་སྤོང་བྱེད་ཡིན་པས་སོ། །དེ་སྐད་དུ། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ཡང་རང་བཞིན་ཉེས་ཀུན་དང༌། །འགལ་བ་རབ་ཏུ་གྲུབ་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་འཇིག་ལྟ་ལྷན་ཅིག་སྐྱེས་སྤངས་པས་ཡང་སྲིད་མི་ལེན་ན། བདག་འཛིན་ཅན་གྱི་སེམས་བརྟན་པ་མི་གྲུབ་བོ་ཞེ་ན། ས་བོན་ལ་ཐོག་མ་ཡོད་པ་མིན་ཡང་མེས་བསྲེགས་པ་ན་ཕྱི་མཐའ་མཐོང་ལ། མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་མེད་ན་འབྲས་བུ་ཕྱི་མ་འབྱིན་པར་ངེས་སོ། །དེ་བཞིན་དུ་འཁོར་བ་སྤྱི་བཙན་སྒོས་བཙན་ལ་ཐོག་མ་མེད་ཀྱང་བདག་མེད་མངོན་སུམ་དུ་མཐོང་ན། འཁོར་བ་སྒོས་བཙན་པའི་ཕྱི་མཐའ་འགྲུབ་ལ། ལོག་སྲེད་ཀྱི་མཐུན་རྐྱེན་ཚང་ཞིང་སྟོང་ཉིད་རྟོགས་པའི་འགལ་རྐྱེན་མེད་ན་ཡང་སྲིད་འབྱིན་པར་ངེས་སོ། །དེས་ན་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པའི་བར་དུ་རྟེན་བརྟན་པས་ཆོག་མོད། སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱང་ཡང་སྲིད་ལེན་པའི་རྟེན་བརྟན་ན། འཁོར་བ་སྒོས་བཙན་པའི་རྒྱུན་མི་ཆད་པས་ལམ་སྒོམ་པ་དོན་མེད་དུ་འགྱུར་རོ། །གཉིས་པ་སེམས་གསལ་བ་རྟེན་བརྟན་པར་སྒྲུབ་པ་ནི། གང་སེམས་གསལ་བ་ཙམ་སྐྱེད་པ་ལ་རྒྱུ་ཚང་ཞིང་གེགས་མེད་ན། དེ་སྐྱེད་པར་ངེས་ཏེ། གེགས་མེད་ཅིང་ཚོགས་པ་ཚང་བའི་ས་བོན་བཞིན། འཆི་ཁའི་སེམས་ཀྱང༌། སེམས་གསལ་བ་ཙམ་སྐྱེད་པ་ལ་རྒྱུ་ཚང་ཞིང་གེགས་མེད་པ་ཡིན་ནོ་ཞེས་པའི་རང་བཞིན་རྟགས་ཀྱིས་འགྲུབ་བོ། །གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བ་དང༌། དེ་སྒོམ་པ་ནི་རང་རིག་གི་འགྲུབ་བོ། །གཉིས་པ་ཁྱབ་པ་སྒྲུབ་པ་ནི། དཔེ་འདོད་འཇིགས་སོགས་གོམས་པའི་སྟེང་དུ་གོམས་པ་ལས་གསལ་སྣང་སྐྱེ་བར་མཐོང་བས་འགྲུབ་བོ། །གཉིས་པ་མཚན་ཉིད་སྒྲུབ་པ་ནི། སྣང་བཅས་དང༌། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་ནི། འཁྲུལ་མེད་དུ་གྲུབ་སྟེ། རང་གི་སྤང་བྱ་གཟུང་འཛིན་དུ་ཞེན་པ་ཅི་རིགས་པ་སྤངས་པའི་ཡེ་ཤེས་ཡིན་པའི་ཕྱིར། གསུམ་པ་གྲུབ་ལ་མི་འཐད་པ་སྤང་བ་ནི། ཕྱི་རོལ་པ་ཁ་ཅིག དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སྤང་མི་ནུས་ཞིང༌། དེ་སྤོང་བའི་ཐབས་མི་ཤེས་པའི་ཕྱིར། ཤེས་ནས་ལན་གཅིག་སྤངས་ཀྱང༌། མེད་པར་ལྡོག་པས་མི་བརྟན་པའི་ཕྱིར་དྲི་མ་སྤངས་པའི་གྲོལ་བ་ཕུན་སུམ་ཚོགས་པ་མེད་དོ་ཞེ་ན། དྲི་མ་ཐམས་ཅད་སྤངས་པའི་རྣམ་གྲོལ་འཐད་དེ། འདོད་ཆགས་ལ་སོགས་པའི་དྲི་མ་སེམས་ཀྱི་རང་བཞིན་མིན་པའི་ཕྱིར་དང༌། ཉོན་མོངས་པའི་རྒྱུ་བདག་འཛིན་དང་འགལ་བ་བདག་མེད་རྟོགས་པའི་ཐབས་ཡོད་པའི་ཕྱིར་དང༌། རྫོགས་པའི་སངས་རྒྱས་ཀྱིས་ཉོན་མོངས་པའི་རྒྱུ་བདག་འཛིན་རྩ་བ་ནས་སྤངས་པས། ཉོན་མོངས་པ་སླར་མི་ལྡོག་པའི་ཕྱིར། འདོད་ཆགས་ལ་སོགས་པའི་དྲི་མ་ནི་སེམས་ཀྱི་རང་བཞིན་མིན་ཏེ། བློ་བུར་བ་ཡིན་པའི་ཕྱིར། ཐ་མལ་པའི་མཆོངས་པ་ཇི་ལྟར་གོམས་ཀྱང་མཐའ་མེད་དུ་མི་མཆོངས་པ་ལྟར། བརྩེ་བ་དང་ཤེས་རབ་སོགས་གོམས་ཀྱང་མཐའ་མེད་དུ་འཕེལ་བ་མི་སྲིད་དོ། །ཆུ་ཇི་ལྟར་བསྲོས་ཀྱང་མེར་མི་འབར་བ་ལྟར། སྟོང་ཉིད་སྙིང་རྗེ་གོམས་པས་ཅུང་ཟད་འཕེལ་ཡང་དེའི་ངང་དུ་འགྲོ་མི་སྲིད་དེ། གསེར་གྱི་ཞུ་བ་མེ་དང་བྲལ་ནས་སླར་སྲ་བར་འགྱུར་བ་ལྟར་སྟོང་ཉིད་སྙིང་རྗེ་གོམས་པས་ཅུང་ཟད་འཕེལ་ཡང་འབད་པ་དང་བྲལ་ན་སླར་ལྡོག་གོ །དེས་ན་ཡེ་ཤེས་ཕུན་སུམ་ཚོགས་པ་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཚད་མེད་པ་འབྱུང་མི་ནུས་སོ་ཞེ་ན། ཐ་མལ་པའི་མཆོངས་པ་གོམས་པ་སྟེ། བརྩེ་སོགས་གོམས་པའི་མཐུན་དཔེར་མི་རུང་བར་ཐལ། ཐ་མལ་པའི་མཆོང་པ་དེ། ལུས་ཀྱི་སྟོབས་དང་འབད་རྩོལ་ལ་ལྟོས་པའི་ཕྱིར་དང༌། བརྩེ་སོགས་གོམས་པ་ནི་ལུས་སྟོབས་ལ་མི་ལྟོས་པར། རང་གི་ངང་གིས་འཇུག་པས་སོ། ཡང་ཆུ་བསྲོས་པ་དེ་དེའི་མཐུན་དཔེར་མི་རུང་བར་ཐལ། དེ་རྟེན་མི་བརྟན་པར་སྐམ་པའི་ཕྱིར་དང༌། བརྩེ་སོགས་ནི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང༌། གསེར་བཞུ་བ་དེའི་མཐུན་དཔེར་མི་རུང་བར་ཐལ། གསེར་བཞུ་བ་དེ་མེ་དང་བྲལ་ན་སླར་སྲ་བར་འབྱུང་རུང་དུ་རང་རྒྱུས་བསྐྱེད་པའི་ཕྱིར་དང༌། བརྩེ་སོགས་གོམས་པ་ནི། སླར་ལྡོག་མི་རུང་དུ་རང་རྒྱུས་བསྐྱེད་པའི་ཕྱིར། གལ་ཏེ་སྟོང་ཉིད་སྙིང་རྗེ་གོམས་པ་ལས། དེའི་ངང་དུ་འགྱུར་སྲིད་མོད་ཀུན་མཁྱེན་པའི་ཡེ་ཤེས་སྒྲུབ་པར་དཀའ་སྟེ། ཤེས་བྱ་ཀུན་ལ་མཐའ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ། དགོས་པའི་དོན་ཀུན་ཤེས་པའི་ཀུན་མཁྱེན་ཡིན་ཏེ། འཁོར་བ་འཇུག་ལྡོག་གི་རྒྱུ་འབྲས་ཀྱི་གཙོ་བོའི་དོན་བདེན་བཞི་ལ་མི་བསླུ་བ་སྟེ། དེའི་དོན་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པའི་ཕྱིར། དཔེར་ན། དགོས་པའི་མི་ཀུན་འཚོགས་པ་ལ་མི་ཀུན་འཚོགས་ཞེས་བརྗོད་པ་བཞིན་ནོ། །དེ་སྐད་དུ། རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པར་རིགས་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིགས་མཛད་མ་ཡིན་ནོ། །ཞེས་སོ། །ཐར་པ་དོན་གཉེར་གྱི་དོན་ཀུན་ཤེས་པ་ལ། མཁས་པ་རྣམས་ཐམས་ཅད་མཁྱེན་པ་ཞེས་ཟེར་ཏེ། དཔེར་ན་ཆོས་ཉན་ཐམས་ཅད་འདུས་ནས་ཆོས་ཉན་པ་ལ། བ་ལང་མེད་ཀྱང་སྐྱོན་མ་ཡིན་པ་བཞིན་ནོ། །དེས་ན་འཁོར་བ་ལས་གྲོལ་བར་འདོད་པ་ལ་དེའི་ཐབས་ཤེས་པས་ཆོག་མོད། །ཐར་པ་དོན་གཉེར་ལ་ཉེ་བར་མི་མཁོ་བའི་སྲིན་བུའི་གྲངས་མཁྱེན་ཡང་ཅི་དགོས། རྣམ་འགྲེལ་ལས། དེ་ཕྱིར་དེའི་བསྒྲུབ་བྱ་རུང༌། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །འདི་ཡི་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགའ་ཡང་ཉེར་མཁོ་མེད། །ཅེས་གསུངས་སོ། །ཡང་ན་གང་ཕྲ་ཞིང་དཀའ་བ་མཐོང་བ་དེས། །རགས་ཤིང་སླ་བ་མཐོང་བ་ཡིན་ཏེ། དཔེར་ན་ཉི་ཟེར་གྱི་རྡུལ་མཐོང་བ་དེས། ཡིད་གཏད་ན་བུམ་གཟུགས་མཐོང་བ་བཞིན། རྫོགས་པའི་སངས་རྒྱས་ཀྱིས་ཀྱང༌། ཕྲ་ཞིང་དཀའ་བ་བདེན་བཞིའི་གནས་ལུགས་ཇི་ལྟ་བ་བཞིན་གཟིགས་པ་ཡིན་ནོ་ཞེས་པའི་རྗེས་དཔག་རྟགས་ཀྱིས་ཤེས་བྱའི་དོན་ཀུན་ཤེས་པའི་ཐམས་ཅད་མཁྱེན་པ་ཡིན་ནོ། །རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་གསུངས་སོ། །ཤེས་བྱ་གཞན་མི་མཁོ་བའི་ཕྱིར་ཐུགས་མི་གཏོད་པ་མ་ཡིན་ཏེ་ཞེ་ན། མིན་ཏེ། གང་རུང་གཅིག་མ་མཁྱེན་ན་ཡང༌། དེ་དང་མཚམས་པའི་སེམས་ཅན་གྱི་དོན་མི་ནུས་པས། ཐམས་ཅད་མཁོ་བའི་ཕྱིར་ཐུགས་མི་གཏོད་པ་མི་སྲིད་དོ། །འོ་ན་ཐམས་ཅད་མཁོ་རྒྱུ་མེད་པར་བཤད་པ་དང་འགལ་ལོ་ཞེ་ན། གོང་དུ་མི་མཁོ་བར་བཤད་པ་ནི་རང་དོན་ལ་དགོངས་པ་ཡིན་ལ། འདིར་མཁོ་བར་བཤད་པ་ནི་གཞན་དོན་ལ་དགོངས་པ་ཡིན་པས་མི་འགལ་ལོ། །བསྐལ་པའི་བར་དུ་བརྗོད་རྒྱུའི་ལས་དགེ་སྡིག་གི་འབྲས་བུ་ཡང༌། ལས་ཀྱི་མེ་ལོང་ནང་དུ་གཅིག་ཆར་འཆར་བ་དེ་བཞིན་དུ། ཤེས་བྱ་མཐའ་མེད་པ་རྫོགས་པའི་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་སྐད་ཅིག་གཅིག་གིས་མཁྱེན་ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  ༈  །།བཟློག་ཕྱོགས་མངོན་སུམ་ལྟར་སྣང་ལ། འཁྲུལ་པའི་ཤེས་པ་གང་ཡིན་ཐམས་ཅད་ནི་མངོན་སུམ་ལྟར་སྣང་དུ་སློབ་དཔོན་གྱིས་བཞེད་པས། མངོན་སུམ་ལྟར་སྣང་གི་མཚན་ཉིད་འཁྲུལ་པའི་ཤེས་པ། དེ་ལ་དབྱེ་ན་རྟོག་པ་དང་རྟོག་མེད་མངོན་སུམ་ལྟར་སྣང་གཉིས། རྟོག་མེད་མངོན་སུམ་ལྟར་སྣང་ལའང༌། ཟླ་གཉིས་གསལ་སྣང་ལ་སོགས་པ་དབང་ཤེས་འཁྲུལ་པ་དང༌། རྨི་ལམ་གསལ་སྣང་ལ་སོགས་པ་ཡིད་ཤེས་འཁྲུལ་པ་གཉིས། རྟོག་པ་ལ་བརྡ་ལ་བརྟེན་པ་ཅན་དང༌། དོན་གཞན་ལ་སྒྲོ་འདོགས་པ་དང༌། ལྐོག་ཏུ་གྱུར་པའི་དོན་ཅན་གྱི་རྟོག་པ་གསུམ་ནི། མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱ་འོ། །ཞེས་དྲུག་དུ་བཤད་པ་ལས། རྨིག་སྒྱུ་ལ་ཆུར་འཛིན་པ་ལྟ་བུ་འཁྲུལ་བའི་ཤེས་པ་དང༌། བ་ལང་ཉིད་ལ་སོགས་པ་ལྡོག་པ་འཛིན་པ་ཀུན་རྫོབ་པའི་ཤེས་པ་གཉིས་ཕྱི་རོལ་སྣང་བས་དབང་ཤེས་སུ་འདོད་པའི་ལོག་རྟོག་བཟློག་པའི་ཕྱིར། དེ་གཉིས་རྟོག་པ་མངོན་སུམ་ལྟར་སྣང་དུ་གསུངས་ལ། རྗེས་དཔག་རྟགས་འཛིན་སེམས་དང་རྗེས་སུ་དཔག་པ་ལས་བྱུང་བ་རྟགས་ཅན་རྗེས་དཔག་གཉིས་རྟགས་ལ་བརྟེན་པ་ཡིན་ལ། དྲན་པ་དང་མངོན་པར་འདོད་པའི་རྟོག་པ་གཉིས་མངོན་སུམ་དང་རྟགས་གཉིས་ཀ་ལ་མ་ལྟོས་པ་ཡིན་ལ། དེ་བཞི་ནི་སྔ་མ་གཉིས་མངོན་སུམ་མིན་པར་སྒྲུབ་པའི་མཐུན་དཔེར་བསྟན་པའི་ཕྱིར་དུ་མངོན་སུམ་ལྟར་སྣང་དུ་གསུངས་ལ། ཟླ་གཉིས་གསལ་སྣང་སོགས་ནི་རྟོག་པ་མེད་ན་ཡང་སླུ་བས་ཚད་མའང་མིན་ནོ། །ཞེས་ཚད་མ་ཡིན་པའི་ལོག་རྟོག་བཟློག་པའི་ཕྱིར་མངོན་སུམ་ལྟར་སྣང་ལ་རྟོག་པ་དང༌། རྟོག་མེད་གཉིས་སུ་སྐྱེ་སྟེ་གསུངས་སོ། །རྣམ་འགྲེལ་ལས། དབང་སྐྱེས་མིན་པར་སྒྲུབ་དོན་དུ། །གཉིས་བཤད་འཁྲུལ་པ་མཐོང་ཕྱིར་རོ། །རྗེས་དཔག་སོགས་གྲུབ་བརྗོད་པ་ནི། །སྔ་མ་གཉིས་ཉིད་སྒྲུབ་ཕྱིར་རོ། །ཞེས་དང༌། དེའི་ཕྱིར་དེ་རྟོག་མེད་ན་ཡང༌། །ཚད་མ་ཉིད་ནི་བཀག་པ་སྟེ། །བསླུ་བའི་ཕྱིར་རོ་དེ་དོན་དུ། །མངོན་སུམ་ལྟར་སྣང་གཉིས་སུ་བཤད། །ཅེས་གསུངས་སོ། །ཚད་འབྲས་དཔྱད་པ་ལ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། དགོས་པ་ནི་འགའ་ཞིག་བྱ་བྱེད་དང་ཚད་འབྲས་རྫས་ཐ་དད་པ་ཁོ་ན་ཡིན་ཏེ། གཅིག་ཁོ་ན་ལ་བྱ་བྱེད་མི་རུང་བའི་ཕྱིར་དང༌། ཚད་མ་རྒྱུ་ཡིན་ལ་གཅིག་ཤོས་འབྲས་བུ་ཡིན་པའི་ཕྱིར་ཞེས་སྨྲ་བ་དང༌། ཕྱི་རོལ་པ་དང་རང་སྡེ་བྱེ་བྲག་སྨྲ་བ་གཉིས་ཀ་དོན་རྣམ་མེད་དུ་རྟོགས་པ་དང༌། རང་རིག་མེད་པར་སྨྲ་བ་དགག་པའི་དོན་དུ་གསུངས་ཏེ། ཤེས་པ་གཅིག་ལ་བྱ་བྱེད་དང༌། ཚད་འབྲས་རྣམ་པར་བཞག་པའི་ཕྱིར་དང༌། དོན་འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་གསུངས་པའི་ཕྱིར་དང༌། རང་རིག་གི་ཚད་འབྲས་གསུངས་པའི་ཕྱིར། དེ་ལ་ཚད་མ་ནི་ཡུལ་འཇལ་བར་བྱེད་པ་བྱེད་པའི་ཆ་ཡིན་ལ། འབྲས་བུ་ནི་ཡུལ་གཞལ་བ་ལ་བརྟེན་ནས་ཡུལ་ཁོང་དུ་ཆུད་པར་བྱ་བ་བྱ་བའི་ཆའོ། །གཞལ་བྱ་ནི་ཚད་མས་རྟོགས་པར་བྱ་བའི་ཡུལ་ལོ། །དོན་ནི་དབང་པོའི་མངོན་སུམ་ཆོས་ཅན། དོན་རྟོགས་པའི་ཚད་མ་ཡིན་ཏེ། དོན་འཇལ་བར་བྱེད་པ་ཡིན་པའི་ཕྱིར། ཁྱོད་ཀྱིས་དོན་གཞལ་བ་ལ་དགོས་པ་ཡོད་དེ། ཁྱོད་ལས་དོན་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར། དོན་ཚད་མས་རིག་པ་ཡང་རྣམ་མེད་ཀྱི་ཚུལ་གྱིས་རིག་པ་ཡིན་ཏེ། དོན་འདྲ་བར་སྐྱེས་པའི་ཆ་ནས་དོན་རྟོགས་སུ་འཇོག་པའི་ཕྱིར། ཚད་མ་མདོ་ལས། བྱ་དང་བཅས་པར་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་སོ། །འདིར་ཚད་མ་གཉིས་ཏེ། དོན་འཇལ་བར་བྱེད་པ་དང༌། ཤེས་པ་འཇལ་བར་བྱེད་པའོ། །འབྲས་བུ་ཡང་གཉིས་ཏེ། དོན་རིག་པ་དང༌། རང་རིག་པའོ། །གཞལ་བྱ་ཡང་གཉིས་ཏེ། དོན་དང་ཤེས་པའོ། །སྒྲུབ་བྱེད་ཡང་གཉིས་ཏེ། གཟུང་རྣམ་དང་འཛིན་རྣམ་མོ། །དེ་ལ་གཟུང་རྣམ་ནི། དོན་དང་འདྲ་བར་སྐྱེས་པ་ཡུལ་གྱི་རྣམ་པའོ། །འཛིན་རྣམ་ནི། གཟུང་རྣམ་ཤེས་པའི་ཆ་འཛིན་བྱེད་དུ་སྐྱེས་པའོ། །འདི་དག་ལས། དོན་རིག་གི་ཚད་འབྲས་ནི་མདོ་སྡེ་པའི་དབང་དུ་བྱས་ཏེ། ཕྱི་རོལ་སྤྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐབས་ལ་བརྟེན། །ཞེས་པ་ལྟར་རོ། །རང་རིག་གི་ཚད་འབྲས་ནི་མདོ་སེམས་གཉིས་ཐུན་མོང་སྟེ། འདི་ནི་ཀུན་ལ་སྦྱར་བར་བྱ་ཞེས་གསུངས་པ་ལྟར་རོ། །དོན་རིག་དང༌། རང་རིག་གཉིས་སུ་རྣམ་པར་བཞག་པ་ནི། འབྲས་བུ་དོན་གཉེར་གྱི་རྟོགས་ལྡན་གྱི་བླང་དོར་བྱ་བའི་ཡུལ་ནི་འདི་གཉིས་སུ་ངེས་པའི་ཕྱིར་རོ། །རྣལ་འབྱོར་མངོན་སུམ་གྱིས་ཡུལ་ཆོས་ཉིད་འཇལ་བའི་ཚད་འབྲས་ཀྱང་འདི་གཉིས་སུ་འདུས་ཏེ། གནས་ཚུལ་ལ་གྲུབ་པའི་གཞལ་བྱ་ནི་དོན་དང་ཤེས་པ་གཉིས་ལས་མ་འདས་པའི་ཕྱིར་རོ། །འདིར་བྱ་བ་དང༌། འབྲས་བུ་དང༌། བསྒྲུབ་བྱ་དང༌། རྣམ་པར་གཞག་བྱ་རྣམས་དོན་གཅིག་ཏུ་བསྟན་ཏེ། སྒྲུབ་བྱེད་ལས་རྟོགས་པར་བྱ་བའི་ཆ་ཡིན་པའི་ཕྱིར། བྱེད་པ་དང་སྒྲུབ་བྱེད་དང༌། འཇོག་བྱེད་རྣམས་དོན་གཅིག་ཏུ་བསྟན་ཏེ་བསྒྲུབ་བྱ་རྟོགས་པར་བྱེད་པའི་ཆ་ཡིན་པའི་ཕྱིར། ཚད་མ་ནི་འཇལ་བྱེད་ཁོ་ན་ལ་ངོས་བཟུང་སྟེ། མདོ་ལས། འཇལ་བྱེད་ལ། ཚད་མ་ཉིད་དུ་འདོགས་པ་སྟེ། ཞེས་གསུངས་པ་ལྟར་རོ། །བྱེད་པ་དང༌། ཚད་མ་དང༌། མཚན་ཉིད་རྣམས་མིང་གི་རྣམ་གྲངས་སུ་བྱེད་པ་ནི་མི་འཐད་དེ། དོན་འདྲ་བ་དོན་རྟོགས་ཀྱི་བྱེད་པ་དང་མཚན་ཉིད་ཡིན་ཀྱང༌། དོན་རྟོགས་ཀྱི་ཚད་མ་མིན་པའི་ཕྱིར་རོ། །གཉིས་པ་སོ་སོར་བཤད་པ་ལ། དོན་རིག་དབང་པོའི་མངོན་སུམ་ནི། དོན་རྟོགས་ཀྱི་ཚད་མ་ཡིན་ཏེ། དོན་འཇལ་བྱེད་ཡིན་པའི་ཕྱིར། དོན་རིག་ནི་འབྲས་བུ་ཡིན་ཏེ། དོན་འཇལ་བའི་དགོས་པ་ནི་དོན་ཁོང་དུ་ཆུད་པ་ཡིན་པའི་ཕྱིར། དོན་འདྲ་བ་ནི་དོན་རྟོགས་ཀྱི་སྒྲུབ་བྱེད་ཡིན་ཏེ། དོན་དང་འདྲ་བར་སྐྱེས་པ་ལས་དོན་རྟོགས་ཀྱི་ཐ་སྙད་འཇུག་པའི་ཕྱིར། དོན་རྟོགས་མ་རྟོགས་སོ་སོར་འབྱེད་པ་ཡང་དོན་འདྲ་བ་ཁོ་ནས་འབྱེད་དེ། གཟུགས་སོགས་ཀྱི་དོན་རྟོགས་མ་རྟོགས་ནི་དོན་གྱི་རྣམ་པ་ཤར་མ་ཤར་གྱི་བྱེ་བྲག་ལས་འབྱེད་པའི་ཕྱིར། དཔེར་ན་གཟུགས་རྟོགས་པ་ཡིན་ཏེ། གཟུགས་ཀྱི་རྣམ་པ་ཤར་བའི་ཕྱིར། སྒྲ་རྟོགས་ཏེ། སྒྲའི་རྣམ་པ་ཤར་བའི་ཕྱིར། གཟུགས་སོགས་ནི་གཞལ་བྱ་ཡིན་ཏེ། ཚད་མས་སྒྲོ་འདོགས་གཅད་པར་བྱ་བའི་དོན་ཡིན་པའི་ཕྱིར། གང་དག་ཚད་མ་དང་འབྲས་བུ་རྫས་ཐ་དད་དུ་འདོད་པ་ནི་མི་འཐད་དེ། དོན་འཇལ་བའི་བློས་དོན་མ་རྟོགས་ན་དོན་འཇལ་བྱེད་མིན་པར་ཐལ་བར་འགྱུར་ལ། རྟོགས་ན་དོན་འཇལ་བྱེད་དེ་ཉིད་དོན་རྟོགས་སུ་གྲུབ་པའི་ཕྱིར་ཇི་ལྟར་དོན་རིག་ལས་གཞན་དུ་འཇོག་པར་བྱེད། དེས་ན་འབྲས་བུ་དོན་གཞན་མིན། །ཅེས་པ་ལྟར་རོ། །ཚད་མས་གཞལ་བྱ་འཇལ་བ་ལ། ཚད་མ་དང༌། གཞལ་བྱ་དང༌། འབྲས་བུ་གསུམ་དུ་ངེས་པ་བསྟན་ཏེ། གསུམ་པོས་ཚད་མས་ཡུལ་རྟོགས་པའི་བྱ་བ་རྫོགས་པར་འགྱུར་བའི་ཕྱིར་དང༌། ཚད་མས་བླང་དོར་བྱ་བའི་ཡུལ་ལ་འཇུག་པ་ཡང་གསུམ་པོ་འདི་ཉིད་ཀྱིས་རྫོགས་པའི་ཕྱིར། མངོན་སུམ་གྱིས་དོན་འཇལ་བ་ལ་བརྟེན་ནས་གཞལ་བྱའི་དོན་ཁོང་དུ་ཆུད་པར་འགྱུར་ལ། དེ་ལས་གཞལ་བྱའི་བླང་དོར་ལ་འཇུག་པའི་ཕྱིར་རོ། །འགའ་ཞིག་བློ་ཙམ་ལ་ཚད་འབྲས་གཞལ་གསུམ་སྦྱོར་བ་ཡང༌། མི་འཐད་དེ། བློ་ཙམ་ནི་ཚད་མ་མིན་ལ། འདི་ནི་གཞལ་བྱ་དང་འཇལ་བྱེད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཡང་འགའ་ཞིག དོན་རྟོགས་ཚད་མ་འབྲས་བུ་དང་བྱ་བའི་ཆར་བསྟན་ནས། དོན་གྱི་རྣམ་པར་ཤར་ནས་གསར་དུ་མི་སླུ་བ་ཞེས་པ་དེའི་སྒྲུབ་བྱེད་དང་བྱེད་པ་ཡིན་ལ། སྐབས་འདིར་ཚད་འབྲས་ཀྱིས་ཟླར་བགྲང་བའི་ཚད་མ་ཡང་མཚོན་བྱེད་ཀྱི་མཚན་ཉིད་དང་དོན་གཅིག་གོ་ཞེས་ཟེར་རོ། །འོ་ན་དོན་རྟོགས་ཚད་མ་འབྲས་བུའི་བྱ་བའི་ཆར་མི་འཐད་པར་ཐལ། ཚད་འབྲས་ཀྱི་སྐབས་ཀྱི་ཚད་མ་ནི། བྱེད་པའམ། མཚན་ཉིད་དམ། །སྒྲུབ་བྱེད་ཁོ་ནར་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང༌། དབང་པོའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། དོན་གྱི་རྣམ་པ་ཤར་ནས་དོན་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མར་ཐལ། དོན་རྟོགས་ཚད་མ་ཡིན་པའི་ཕྱིར། རྟགས་མངོན་སུམ་ཤུགས་རྟོགས་སུ་འདོད་པ་དག་གིས་ཁས་བླངས་པ་ཡིན་ལ། ཡང་དོན་རྟོགས་ཚད་མར་ཐལ། དབང་ཤེས་ཉམས་སུ་མྱོང་བའི་སྟོབས་ཀྱིས་དོན་ལ་སྒྲོ་འདོགས་གཅོད་པའི་ཕྱིར། དག་འཛིན་དང་པོའི་མངོན་སུམ་གྱིས་ས་ཕྱོགས་རྟོགས་པའི་ཤུགས་ཀྱིས་བུམ་མེད་ལ་སྒྲོ་འདོགས་གཅོད་པའི་ཆ་ནས་ཚད་མར་འདོད་པའི་ཕྱིར། ཐམས་ཅད་མངོན་སུམ་ཤུགས་རྟོགས་སུ་འདོད་པ་དག་གིས་ཁས་བླངས་སོ། །ཡང་ན་ཁྱོད་ལྟར་ན། དག་འཛིན་དབང་པོའི་མངོན་སུམ་བུམ་མེད་ལ་ཚད་མ་མིན་པར་ཐལ་ལོ། །ཅིའི་ཕྱིར་ཞེ་ན། འོ་ན་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཡང་དོན་རྟོགས་ཀྱི་ཚད་མ་མིན་པ་ཅིའི་ཕྱིར་ཞེས་བྱའོ། །གལ་ཏེ་མི་མཚུངས་ཏེ། དག་འཛིན་དབང་པོའི་མངོན་སུམ་ནི་ས་ཕྱོགས་ཀྱི་བུམ་མེད་ལ་ཚད་མ་ཡིན་ཏེ། ས་ཕྱོགས་ལ་ཚད་མ་སོང་སྟོབས་ཀྱིས་བུམ་མེད་ལ་སྒྲོ་འདོགས་གཅོད་པའི་ཕྱིར་ཞེ་ན། འོ་ན་དེ་ཡང་དོན་རྟོགས་ཚད་མར་ཐལ། དབང་པོའི་མངོན་སུམ་ལ་ཚད་མར་སོང་སྟོབས་ཀྱིས་དོན་ལ་སྒྲོ་འདོགས་གཅོད་པའི་ཕྱིར་མཚུངས་སོ། །གལ་ཏེ་ཕྱི་རོལ་གྱི་དོན་དངོས་སྟོབས་ཀྱི་ཚད་མ་ཡིན་ཏེ། དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་ཕྱིར་ཞེས་སྨྲ་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། སྒྲའི་མི་རྟག་པ་ལ་དངོས་སྟོབས་ཀྱི་ཚད་མར་ཐལ། དེའི་རྣམ་པ་ཤར་ནས་གསར་དུ་མི་བསླུ་བའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་དང་སྒྲ་མི་རྟག་པ་རང་མཚན་གཉིས་ཀྱི་བར་དུ་རྣམ་པའི་རྒྱུད་པ་དུ་མ་ཆོད་པའི་ཕྱིར་ཏེ། སྒྲའི་རྣམ་པ་དང་སྒྲ་འཛིན་མངོན་སུམ་དང༌། དེས་བཞག་པའི་བག་ཆགས་དང་རྟགས་དང་རྟགས་འཛིན་ལ་སོགས་པས་ཆོད་པའི་ཕྱིར། གཞན་དུ་ན་དྲན་ཤེས་ཀྱིས་ཀྱང་མངོན་སུམ་གྱི་གཟུང་དོན་དངོས་སུ་འཛིན་པར་མཚུངས་སོ། །གལ་ཏེ་འཛིན་པར་འདོད་ན། དེ་དངོས་གཅིག་ཕྱིར་སྒྲ་སོགས་ལས། །ཐ་དད་སྣང་བློ་གང་ལས་ཡིན། །ཞེས་པའི་རིགས་པས་སུན་དབྱུང་བར་བྱའོ། །རིགས་པ་འདིས་ནི། བོད་དག་གིས་དངོས་རྟོགས་ཀྱི་དོན་དེའི་རྣམ་པ་ཤར་བ་དང༌། ཤུགས་རྟོགས་ཀྱི་དོན་དེའི་རྣམ་པ་མ་ཤར་བར་རྟོགས་པ་ཡང་བསལ་བ་ཡིན་ནོ། །མངོན་སུམ་དེ་ཉིད་ཀྱིས་རྟོགས་པ་མིན་གྱི་དེའི་སྟོབས་ཀྱིས་ངེས་པ་དྲངས་ནས་དེས་རྟོགས་པ་ལ་ཤུགས་རྟོགས་སུ་འདོད་ན་འགལ་བ་མེད་དོ། །དག་འཛིན་དབང་པོའི་མངོན་སུམ་ཆོས་ཅན། ས་ཕྱོགས་ཀྱི་སྟེང་གི་བུམ་མེད་ལ་མངོན་སུམ་ཚད་མ་མིན་པར་ཐལ། མངོན་སུམ་ལ་མེད་དགག་གི་རྣམ་པ་མི་འཆར་ལ། ཁྱོད་ཀྱི་གཞལ་བྱ་ཡིན་ན་མངོན་གྱུར་ཡིན་པས་ཁྱབ་པའི་ཕྱིར། ས་ཕྱོགས་ཀྱི་སྟེང་གི་བུམ་མེད་ཆོས་ཅན། དག་འཛིན་དབང་པོའི་མངོན་སུམ་གྱི་ཡུལ་མ་ཡིན་པར་ཐལ། མེད་དགག་ཡིན་པའི་ཕྱིར། རྣམ་འགྲེལ་ལས། མེད་ལ་དབང་སྐྱེས་བློ་མེད་དེ། ཞེས་གསུངས་པ་ལྟར་རོ། །གཞན་ཡང༌། རྒྱང་འཕེན་ཚེ་སྔ་ཕྱི་མེད་པ་དབང་པོའི་མངོན་སུམ་གྱིས་རྟོགས་ཞེས་སྨྲ་བ་ལ། དེ་མི་འཐད་པར་ཐལ། མེད་དགག་དབང་མངོན་གྱི་ཡུལ་དུ་འགལ་བའི་ཕྱིར་ཞེས་གསུངས་པའི་ཕྱིར་ཏེ། རྣམ་ངེས་ལས། འདི་འགའ་ཞིག་དུ་དགག་པ་བྱེད་པ་ཡང་མངོན་སུམ་གྱིས་ནི་བྱ་བར་འོས་པ་མིན་ཏེ། མེད་པ་འདིའི་ཡུལ་ཉིད་དུ་འགལ་བའི་ཕྱིར་ཞེས་སོ། །ཡང་ས་ཕྱོགས་ཀྱི་བུམ་མེད་ཆོས་ཅན། ཡོངས་གཅོད་དུ་གྲུབ་པར་ཐལ། དབང་པོའི་མངོན་སུམ་གྱི་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེའི་གཞལ་བྱ་ཡིན་ན་གཞལ་བྱ་མངོན་གྱུར་ཡིན་པས་ཁྱབ་ལ། དེ་ཡིན་ན། མངོན་གྱུར་གྱི་རྣམ་པ་སྣང་བས་ཁྱབ་བོ། །གལ་ཏེ་རྣམ་པ་སྣང་བ་མིན་ན། མངོན་དུ་གྱུར་པ་ཞེས་པའི་དོན་ཅི་ཡིན་བཤད་དགོས་སོ། །ཚད་འབྲས་ཀྱི་སྐབས་སུ་ཚད་མ་དང་འབྲས་བུ་ཞེས་རྣམ་པར་གཞག་པའི་ཟླར་བགྲངས་པའི་ཚད་མ་ནི། དོན་འདྲ་བ་ཙམ་ལ་བཟུང་བ་མིན་གྱི། འཇལ་བྱེད་ལ་ཚད་མར་བྱས་པ་ཁོ་ན་ཡིན་པར་བཤད་ཟིན་ཏོ། །གཉིས་པ་རྗེས་དཔག་གི་ཚད་འབྲས་ནི། རྟགས་ཀྱི་བསྒྲུབ་བྱ་ཚོགས་དོན་འཇལ་བར་བྱེད་པ་ཚད་མ་ཡིན་ལ། ཚོགས་དོན་རྟོགས་པ་འབྲས་བུ་དེའི་རྣམ་པ་ཤར་བ་ནི་བསྒྲུབ་བྱེད་དང་བྱེད་པའོ། །དོན་ནི་ཚོགས་དོན་འཇལ་བྱེད་ཀྱི་ཚད་མ་ལ་ཚོགས་དོན་རྟོགས་པ་ཞེས་བཞག་སྟེ་ཚོགས་དོན་གྱི་རྣམ་པ་ཤར་བའི་ཕྱིར་ཞེས་པའོ། །དོན་རིག་པའི་ཚད་འབྲས་བསྟན་ཏོ། །རྣམ་རིག་པའི་ཚད་འབྲས་ལ། དོན་དམ་པ་དང༌། ཐ་དད་པའི་རྣམ་གཞག་གཉིས་ལས། དང་པོ་ལ། ཅུང་ཟད་དཔྱད་པ་དང༌། ཤིན་ཏུ་དཔྱད་པའི་རྣམ་གཞག་གོ །དང་པོ་ལ་ཤེས་པ་རང་གི་བདག་ཉིད་གཞལ་བྱ་ཡིན་ལ། ཤེས་པ་རང་གི་བདག་ཉིད་འཇལ་བར་བྱེད་པ་ནི་ཚད་མ་ཡིན་ནོ། །ཤེས་པ་རང་གི་བདག་ཉིད་རིག་པ་ནི་འབྲས་བུ་སྟེ། རང་གི་བདག་ཉིད་འཇལ་བའི་དགོས་པ་ནི། རང་གི་བདག་ཉིད་ཁོང་དུ་ཆུད་པ་ཡིན་པའི་ཕྱིར་རོ། །རང་གི་བདག་ཉིད་འཛིན་པ་དང༌། རང་གི་བདག་ཉིད་ཡོངས་སུ་དཔྱོད་པ་སོགས་ནི་བྱེད་པ་སྟེ། དེ་ལས་རང་གི་བདག་ཉིད་རིག་པའི་ཐ་སྙད་འཇུག་པའི་ཕྱིར། རང་རིག་པའི་རང་རིག་འབྲས་བུ་ཞེས་པ་ལྟར་ན་དོན་རིག་པའི་དོན་རིག་འབྲས་བུ་ཞེས་བཤད་དགོས་སོ། །གལ་ཏེ་རང་མྱོང་བར་བྱེད་རུང་སོགས་ལ་ཚད་མར་བཤད་པ་མིན་ཞེ་ན། དེས་ནི་གང་ལ་ཚད་མར་བརྗོད་པའི་ཡུལ་བཟུང་བ་ཡིན་ཏེ། དེས་ན་ཤེས་པ་རང་གི་ངོ་བོ་མྱོང་རིག་ཙམ་དུ་སྐྱེས་པ་ལས་མ་རྟོགས་པ་ཡུལ་ཡུལ་ཅན་ཐ་དད་པ་གཉིས་ཀྱི་ཚུལ་དུ་བསྟན་དུ་མེད་དོ། །དོན་འདི་ཉིད་ཀྱིས་ན་གཟུང་འཛིན་ཐ་དད་པ་གཉིས་ཀྱི་སྣང་བ་ནུབ་ནས་ཤེས་པ་མྱོང་རིག་ཙམ་གྱི་ངོ་བོ་ལ་བདག་དང་བདག་གི་སྒྲོ་འདོགས་ཡོངས་སུ་བཅད་པ་ལས་ནི། དེ་ཁོ་ན་ཉིད་རྟོགས་པ་ཞེས་བརྗོད་དོ། །གཉིས་པ་ཐ་སྙད་པའི་རྣམ་གཞག་ནི། བག་ཆགས་བརྟན་པའི་དོན་སྣང་ཙམ་ཐ་སྙད་དུ་གཞལ་བྱ། དེ་རིག་པ་འབྲས་བུ། དེའི་རྣམ་པ་ཅན་དུ་སྐྱེས་པ་བྱེད་པའོ། །བག་ཆགས་བརྟན་པའི་དོན་སྣང་གི་མངོན་སུམ་ནི་དེ་འཇལ་བྱེད་ཀྱི་ཚད་མའོ། །རྣམ་ངེས་ལས། བག་ཆགས་བརྟན་པའི་ཕྱིར། འཁོར་བ་ཇི་སྲིད་པར་རྗེས་སུ་འབྲེལ་བ་ནི་ཐ་སྙད་དུ་མི་བསླུ་བ་ལ་ལྟོས་ནས་ཚད་མའོ་ཞེས་པ་དང༌། བསྟན་འཆོས་འདིར་ཡང༌། བག་ཆགས་བརྟན་དང་མི་བརྟན་ལས། །བདེན་དང་རྫུན་པའི་རྣམ་གཞག་བྱེད། །ཅེས་གསུངས་པ་ལྟར་རོ། །འདིར་ཅུང་ཟད་དཔྱད་ན། རྣམ་བདེན་པའི་ཚུལ་ལ། དོན་ལ་རང་རིག་ཡིན་ཡང་འདིར་མ་དཔྱད་པའི་ཐ་སྙད་འབའ་ཞིག་པའི་རྣམ་གཞག་ལ་སྣང་ཚུལ་གྱི་རྣམ་གཞག་ལྟར་བྱེད་ཅིང༌། སྣང་ཚུལ་ལ་རང་གི་བདག་ཉིད་དུ་མི་སྣང་བར་དོན་དུ་སྣང་བ་ཡིན་པའི་ཕྱིར། དོན་སྣང་རིག་པ་འབྲས་བུ་ཞེས་འཇོག་པར་བྱེད་ཀྱི། དོན་སྣང་རིག་པའི་རང་རིག་འབྲས་བུ་ཞེས་ནི་མི་བརྗོད་དོ། །གཞུང་ལས་ཀྱང༌། གཟུང་དང་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང༌། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་རྗེས་སུ་སྣང་བཞིན་བྱས། །ཞེས་གསུངས་སོ། །གཟུང་རྣམ་གཞལ་བྱར་འཛིན་པའི་ཚེ་ན། མ་དཔྱད་པ་དང་ཅུང་ཟད་དཔྱད་པའི་དབྱེ་བས་དོན་སྣང་རིག་པ་འབྲས་བུ་དང༌། རང་རིག་འབྲས་བུར་བཤད་པའི་ཚུལ་གཉིས་ཞིབ་ཏུ་ཕྱེ་དགོས་སོ། །བོད་དག་གིས་ནི་འདི་ལྟ་བུའི་དོན་ཕྲ་མོ་རིག་པ་མི་སྣང་ངོ༌། །ཡང་བོད་དག་རང་གི་བདག་ཉིད་འཛིན་པའི་རྣམ་པ་དང༌། ནང་དུ་ཡོངས་སུ་གཅོད་བྱེད་དང༌། །རང་གི་བདག་ཉིད་འཇལ་བའི་ཚད་མ་རྣམས་མིང་གི་རྣམ་གྲངས་ཙམ་ཡིན་ནོ་ལོ། འོ་ན་རང་གི་བདག་ཉིད་འཛིན་པ་དང་རང་གི་བདག་ཉིད་ཡོངས་སུ་གཅོད་པ་རྣམས་ཆོས་ཅན། རང་ཡུལ་སྔར་མ་རྟོགས་གསར་དུ་རྟོགས་པ་ཁོ་ན་ཡིན་པར་ཐལ། རང་གི་བདག་ཉིད་འཇལ་བྱེད་ཀྱི་ཤེས་པ་རང་ཡུལ་སྔར་མ་རྟོགས་གསར་དུ་རྟོགས་པ་ཁོ་ན་ཡིན་པའི་ཕྱིར། དེས་ན་གཞུང་གི་དོན་ནི། རང་གི་བདག་ཉིད་འཇལ་བྱེད་ཀྱི་ཤེས་པ་གཅིག་ལ། རང་གི་བདག་ཉིད་འཛིན་པར་བྱེད་པའི་རྣམ་པ་དང༌། ནང་དུ་ཡོངས་སུ་གཅོད་བྱེད་དང༌། རང་མྱོང་བར་བྱེད་རུང་དང༌། རང་གི་བདག་ཉིད་རིག་པའི་ཚད་མ་ཞེས་བརྗོད་ཅེས་པའི་དོན་ནོ། །བདག་ལ་འཛིན་པའི་རྣམ་པ་ཞེས་གསུངས་པའི་དོན་ཡང༌། ཤེས་པ་རང་གི་བདག་ཉིད་འཛིན་བྱེད་ཅེས་པའི་དོན་དུ་མངོན་པས་འཛིན་རྣམ་ཙམ་ལ་འཇོག་པ་མིན་ནོ། །རང་གི་བདག་ཉིད་ཅེས་པ་དང༌། རང་མྱོང་བར་བྱེད་རུང་དང༌། ནང་དུ་ཡོངས་སུ་གཅོད་པ་ཞེས་པའི་ཚིག་གི་བྱེ་བྲག་ཏུ་བཤད་དགོས་སོ། །འདིར་བག་ཆགས་བརྟན་པའི་དོན་སྣང་ཙམ་གཞལ་བྱར་འཇོག་པར་བྱེད་ཀྱི། གཏོད་བྱེད་ཀྱི་ཕྱི་རོལ་གྱི་དོན་གཞལ་བྱར་ནི་མི་འདོད་དེ། གནས་ཚུལ་ལ་ཕྱི་རོལ་གྱི་དོན་ཡོད་པ་ལ་གནོད་བྱེད་ཡོད་ཅིང་སྒྲུབ་བྱེད་མེད་པའི་ཕྱིར། དང་པོ་ནི། ཉི་ཤུ་པ་ལས། དྲུག་གི་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པའི་རིགས་པས་བསྟན་ནོ། །གཉིས་པ་ནི། སྒྲུབ་བྱེད་དོན་འདྲ་བ་འགོག་པའི་རིགས་པ་སྟེ། ཁྱབ་ཆེས་པ་དང༌། མི་སྲིད་པ་གཉིས་ཀྱིས་བསྟན་ནོ། །དང་པོ་ནི། སྔོན་འཛིན་མིག་ཤེས་ཕྱི་མ་ཆོས་ཅན། སྔོན་འཛིན་མིག་ཤེས་སྔ་མ་རྟོགས་པར་ཐལ། དེ་ལས་སྐྱེས་འདྲ་བ་ཡིན་པའི་ཕྱིར། ཞེས་པའོ། །གཉིས་པ་ནི་དབང་ཤེས་ཆོས་ཅན། ཕྱི་རོལ་གྱི་དོན་ལས་སྐྱེས་འདྲ་བ་མིན་པར་ཐལ། ཕྱི་རོལ་གྱི་དོན་ནི་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་མ་འདྲེས་པ་སིལ་བུར་གནས་པ་ཡིན་ལ། དབང་ཤེས་ནི་རགས་པ་གཅིག་གི་རྣམ་པར་སྐྱེས་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་པའི་སྒྲུབ་བྱེད་ལ། ལྷན་ཅིག་དམིགས་ངེས་དང༌། གསལ་ཞིང་རིག་པའི་རྟགས་གཉིས་ལས། དང་པོ་ནི། སྔོན་པོར་སྣང་བ་ཆོས་ཅན། དེར་འཛིན་གྱི་ཤེས་པ་དང་དོན་དམ་པར་ཐ་མི་དད་དེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཟླ་བ་གཉིས་སུ་སྣང་བ་བཞིན། །འདི་ལ་ཆོས་ཅན་ནི། དུས་མཉམ་པའི་གཟུང་འཛིན་གཉིས་ཡིན་ཏེ། དུས་སྔ་ཕྱིར་གྱུར་པ་དང་རེ་རེ་བ་ལ་ལྷན་ཅིག་པའི་སྒྲ་མི་འཇུག་པའི་ཕྱིར་རོ། །བསྒྲུབ་བྱ་ནི། རྣམ་བདེན་པས། དོན་དུ་སྣང་བ་དོན་ཡིན་པ་བཀག་ནས་ཤེས་པ་དང་རྫས་གཅིག་ཏུ་སྒྲུབ་ལ། རྣམ་རྫུན་པས་རྣམ་པ་རྫུན་པར་འདོད་པས་དོན་དུ་སྒྲོ་འདོགས་པ་འགོག་གི་རྫས་གཅིག་དུ་མི་འདོད་དོ། །དེ་ལ་ལྷན་ཅིག་དུ་དམིགས་པ་ནི་ལྷན་ཅིག་དུ་རྟོགས་པའོ། །ངེས་པ་ནི་ཁྱབ་པའོ། །ཚུལ་སྒྲུབ་པ་ལ། འགལ་བ་སྤང་བ་ནི། ལྷན་ཅིག་ཡིན་ན་རྫས་ཐ་མི་དད་པ་འགལ་ཏེ། ཐ་དད་པ་ཁོ་ན་ལ་ལྷན་ཅིག་པ་མཐོང་བས་སོ་ཞེ་ན། དོན་ལ་ཐ་དད་པ་འགོག་པ་ཡིན་ལ། ཐ་སྙད་ཙམ་དུ་ཐ་དད་པའི་ཕྱིར་མི་འགོག་གོ །མ་ངེས་པ་སྤང་བ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཅན་གྱི་ཤེས་རྒྱུད་རྫས་ཐ་དད་མིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེ་ན། གཉིས་པོ་ནི་ལྷན་ཅིག་དམིགས་པར་ངེས་པ་མིན་ཏེ། ཐ་མལ་པས་སེམས་ཀྱི་ཤེས་རྒྱུད་དམིགས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་དམིགས་པའི་ཕྱིར་རོ། །གལ་ཏེ་སེམས་སེམས་བྱུང་གཉིས་རྫས་ཐ་དད་མིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེ་ན། དེ་གཉིས་ཀྱང་རང་རིག་ཐ་དད་ཀྱིས་མྱོང་བར་བྱ་བ་ཡིན་པའི་ཕྱིར་ལྷན་ཅིག་དུ་དམིགས་པས་ངེས་པར་བྱ་བ་མིན་ནོ། །མ་གྲུབ་པ་སྤང་བ་ནི། ཟླ་བ་གཅིག་ལ་སྐྱེས་བུ་དུ་མས་ལྟ་བའི་ཚེ་ན། ལྷ་སྦྱིན་གྱི་ཟླ་གཅིག་དམིགས་ཀྱང་མཆོད་སྦྱིན་གྱི་མིག་ཤེས་མ་དམིགས་པའི་ཕྱིར་གཟུང་འཛིན་ལྷན་ཅིག་དམིགས་ངེས་མིན་ནོ་ཞེ་ན། རིགས་པས་བརྟགས་ན་སྐྱེས་བུ་གཅིག་གིས་མཐོང་བ་གཞན་གྱིས་མཐོང་བ་མིན་པའི་ཕྱིར་ཏེ། རང་རང་གི་ཤེས་པའི་བདག་ཉིད་ཁོ་ན་མཐོང་བའི་ཕྱིར་དང༌། ཤེས་རྒྱུད་ཐུན་མོང་བ་མི་སྲིད་པའི་ཕྱིར་རོ། །ཐུན་མོང་དུ་མཐོང་བའི་ཐ་སྙད་བྱེད་པ་ནི་བག་ཆགས་མཐུན་པར་སད་པ་ཙམ་མོ། །འདིའི་ཕྱོགས་ཆོས་རྗེས་འགྲོ་རང་རིག་གིས་འགྲུབ་ལ། ལྡོག་པ་སྒྲུབ་པ་ནི་སྔོ་སེར་ཆོས་ཅན། ལྷན་ཅིག་དམིགས་ངེས་མིན་ཏེ། རྫས་ཐ་དད་ཡིན་པའི་ཕྱིར། རྟ་དང་བ་ལང་བཞིན་ནོ། །གལ་ཏེ་སྣང་གཟུགས་ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ། འབྲེལ་པ་མེད་པའི་ཕྱིར་རོ་ཞེ་ན། སྣང་གཟུགས་ཙམ་ནི་ལྷན་ཅིག་དམིགས་ངེས་མིན་ཏེ། སྲོག་ཆགས་ཀྱི་བྱེ་བྲག་བྱི་ལ་དང་འུག་པ་ལ་སོགས་པས་སྣང་བ་མེད་པར་ཡང་གཟུགས་མཐོང་བའི་ཕྱིར་རོ། །བར་ཆད་མེད་པའི་སྣང་གཟུགས་ལ་ནི་འབྲེལ་བ་ཡོད་དེ། མིག་གིས་མིག་ཤེས་སྐྱེད་པ་སྣང་བ་རྐྱེན་དུ་ཡོད་པ་ལས་ཐོབ་དགོས་ལ། སྣང་བས་མིག་ཤེས་སྐྱེད་པ་ཡང་དབང་པོ་གྲོགས་སུ་ཡོད་པའི་སྟོབས་ལས་ཐོབ་དགོས་པའི་ཕྱིར་རོ། །གལ་ཏེ་སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་གིས་སྔོན་པོ་དམིགས་པ་ཐལ། སྔོ་སྣང་མིག་ཤེས་དམིགས་པའི་ཕྱིར། འདོད་ན། གཞན་རིགས་དུ་ཐལ། སྔོན་པོ་ལ་དམིགས་པའི་བློ་ཡིན་པའི་ཕྱིར་རོ་ཞེ་ན། སྔོར་སྣང་རྟོགས་པས་སྔོར་སྣང་དམིགས་པ་ཞེས་བརྗོད་ཀྱི། སྔོན་པོ་ལ་དམིགས་པ་ནི་མིན་ཏེ། སྔོན་པོ་ལ་དམིགས་ནས་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྔོན་སྣང་ཤེས་པ་མིན་པར་ཐལ། །རང་རིག་མངོན་སུམ་གྱི་མྱང་བྱ་ཡིན་པའི་ཕྱིར་རོ་ཞེ་ན། རྣམ་བདེན་པ་ལྟར་ན་འདོད་པ་ཡིན་ལ། གཉིས་ཀ་ལྟར་ན་ཡང་དམིགས་པ་རྟོགས་པར་འདོད་པ་ཡིན་གྱི། རང་རིག་མངོན་སུམ་གྱི་མྱོང་བྱ་ཡིན་པར་མི་འདོད་དོ། །གལ་ཏེ་དེས་དམིགས་པ་དང་རྟོགས་པ་ཡིན་ན། དེས་ཉམས་སུ་མྱང་བྱ་མིན་པར་འགལ་ལོ་ཞེ་ན། གཞན་གྱི་བདེ་སྡུག་རྟོགས་པའི་རྣལ་འབྱོར་པ་ཆོས་ཅན། གཞན་གྱི་བདེ་སྡུག་ཉམས་སུ་མྱོང་བར་ཐལ། གཞན་གྱི་བདེ་སྡུག་རྟོགས་པའམ་དམིགས་པའི་ཕྱིར། གལ་ཏེ་ཤེས་པར་ཐལ། རང་རིག་མངོན་སུམ་གྱིས་རྟོགས་པའི་ཕྱིར་ཞེ་ན། རྣམ་བདེན་པ་ལྟར་ན་འདོད་ལ། རྣམ་རྫུན་པ་ལྟར་ན་ཁྱབ་པ་མ་ངེས་ཏེ། དོན་དུ་སྣང་བ་ཆོས་ཅན། ཤེས་པར་ཐལ། རང་རིག་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་སྔོ་སྣང་མ་རྟོགས་པར་ཐལ་བར་འགྱུར་རོ། །མདོར་ན་དོན་སྣང་དང་དོན་སྣང་དམིགས་པའི་བློ་གཉིས་ལྷན་ཅིག་དུ་དམིགས་པ་མིན་པར་ཐལ་ལོ། །སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ་ཞེ་ན། འོ་ན་སྔོན་པོར་སྣང་བ་དེ་ཤེས་པ་དང་བདག་ཉིད་ཐ་དད་མེད་པར་དོན་ལ་གནས་སམ། ཤེས་པ་དང་བདག་ཉིད་ཐ་དད་དུ་དོན་ལ་གནས། དང་པོ་ལྟར་ན་ཤེས་པ་དང་ངོ་བོ་གཅིག་ཏུ་འགྱུར་ལ། གཉིས་པ་ལྟར་ན་རྣམ་པ་རྫུན་པ་མིན་པ་ཉིད་དུ་འགྱུར་རོ། །འདོད་ན་དོན་སྣང་བདེན་མེད་དུ་བསྒོམ་པས། དོན་དུ་སྣང་བ་ལྡོག་པ་མིན་པར་ཐལ་བ་དང༌། དོན་སྣང་བག་ཆགས་འཁྲུལ་པའི་སྣང་བ་ཙམ་མིན་པར་ཐལ། ཤེས་པ་ལ་ཐ་དད་དུ་དོན་ལ་གནས་པའི་ཕྱིར་རོ། །གཞན་ཡང་གཙོ་བོའི་སྒྲ་དོན་ཆོས་ཅན། ཤེས་པ་ཡིན་པར་ཐལ། རང་རིག་མངོན་སུམ་གྱིས་རྟོགས་བྱ་ཡིན་པའི་ཕྱིར་རོ་ཞེས་པ་ཡང་ཡོད་མོད་ཀྱི། འོན་ཀྱང་རྣམ་བདེན་པ་མན་ཆད་ཀྱི་ལུགས་ལ་རང་རིག་མངོན་སུམ་གྱིས་རྟོགས་བྱ་ལ་ཤེས་པས་ཁྱབ་པར་འདོད་ལ། རྣམ་བརྫུན་པ་ལ་མ་ངེས་སོ། །གཉིས་པ་གསལ་ཞིང་རིག་པའི་རྟགས་ནི། རྣམ་བདེན་པ་ལྟར་ན། སྔོན་པོར་སྣང་བ་ཆོས་ཅན། གནས་ཚུལ་ལ་ཤེས་པ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར། མར་མེ་ལ་སོགས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེ་དག་ཀྱང་གནས་ཚུལ་ལ་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྣམ་རྫུན་པ་ལྟར་ན། ཤེས་པ་ལས་ཐ་དད་དུ་སྣང་ཡང་ཤེས་པ་དང་ངོ་བོ་ཐ་མི་དད་ནི། གསལ་བར་སྣང་བའི་ཕྱིར་ཞེས་བྱའོ། །གཉིས་པ་རྗེས་དཔག་གི་ཚད་འབྲས་ལ། ལ་དང་མེའི་ཚོགས་དོན་གཞལ་བྱ། རྗེས་དཔག་ནི་འཇལ་བར་བྱེད་པ་པོ། དེ་འཇལ་བར་བྱེད་པ་ལ་ཚད་མ་ཞེས་བརྗོད་དོ། །དེ་རྟོགས་པ་ནི་འབྲས་བུ་སྟེ། འཇལ་བའི་དགོས་པ་ནི། དེ་རྟོགས་པ་ཡིན་པའི་ཕྱིར་རོ། །དེ་དངོས་སུ་རྟོགས་པའི་དོན་ནི། དེའི་རྣམ་པ་དངོས་སུ་ཤར་བ་སྟེ། དོན་འདྲ་བ་ལས་དོན་རྟོགས་སོ་སོར་འཇོག་དགོས་པའི་ཕྱིར་རོ། །འགའ་ཞིག་སེམས་ཙམ་པ་ལྟར་ན། དང་པོ་དུ་བར་སྣང་བ་དམིགས་ནས་རྗེས་ཐོགས་སུ་མེར་སྣང་རྟོགས་དགོས་པའི་ཕྱིར། ཐོག་མར་དུར་སྣང་གི་བག་ཆགས་སད་ནས་རྗེས་ཐོགས་སུ་མེར་སྣང་གི་བག་ཆགས་སད་དགོས་པས་ན་རྒྱུ་འབྲས་ཕྱིན་ཅི་ལོག་དུ་འགྱུར་རོ་ཞེ་ན། འགའ་ཞིག་ལ་མེའི་སྟེང་དུ་ཕྱིས་ཐོབ་པའི་མེར་སྣང་གི་བློ་ནི། དོན་སྣང་གི་བག་ཆགས་སད་པ་སྔོན་དུ་འགྲོ་བས། ཕྱིས་ཀྱི་མེ་དང་དུར་སྣང་གཉིས་སྔར་གྱི་མེར་སྣང་གི་བག་ཆགས་ལ་བརྟེན་ནས་འབྱུང་བའི་ཕྱིར། ཚོགས་པ་གཅིག་ལ་རགས་ལས་ཀྱི་འབྲེལ་པ་གྲུབ་པས་རྒྱུ་ཆོས་རྗེས་སུ་དཔག་པའི་འབྲས་རྟགས་སོ། །རྗེས་དཔག་སྐྱེས་པའི་དུས་ཕྱིས་ཀྱི་ཐོབ་བྱའི་མེ་སྔར་མ་སྐྱེས་ཀྱང༌། སྔར་གྱི་མེ་ལ་ཚད་མ་ཡིན་པ་ལྟར་དུར་སྣང་གི་བློ་ཡོད་དུས་སུ་ཐོབ་བྱའི་མེ་མ་སྐྱེས་ཀྱང༌། སྔར་གྱི་མེའི་བག་ཆགས་ལ་ཚད་མ་ཡིན་ནོ་ཞེས་ཟེར་རོ། །འོ་ན་སེམས་ཙམ་པ་ལ་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་མེད་པར་འགྱུར་ཏེ། འབྲས་རྟགས་ཐམས་ཅད་ལ་སྔར་གྱི་རིགས་པ་མཚུངས་པའི་ཕྱིར་རོ། །འཐད་ལྡན་ནི། དཔེའི་སྟེང་དུ་ཐོག་མར་མེར་སྣང་ལ་དུར་སྣང་འབྲེལ་པར་ཚད་མས་གཏན་ལ་ཕབ་ནས། དུ་བའི་རྟགས་ལས་ལ་རྒྱབ་ཏུ་མེ་ཡོད་པར་རྟོགས་དགོས་པའི་ཕྱིར། ཐོག་མར་མེར་སྣང་གི་བག་ཆགས་སད་ནས་དེ་ལས་དུ་བར་སྣང་བ་བྱུང་བའི་ཕྱིར་རྒྱུ་འབྲས་ཕྱིན་ཅི་ལོག་དུ་མི་འགྱུར་རོ། །གལ་ཏེ་དུ་བར་སྣང་བ་ལས་ལ་ལ་མེ་སྒྲུབ་པ་མིན་ནམ། གལ་ཏེ་ཡིན་ན་དུ་བའི་བག་ཆགས་སྔོན་ལ་སད་ཅིང༌། ལའི་སྟེང་གི་མེའི་བག་ཆགས་ཕྱིས་སད་པས་མེ་ལས་དུ་བ་སྔ་བ་ཉིད་དུ་འགྱུར་རོ་ཞེ་ན། ལ་ལ་མེའི་བག་ཆགས་ཙམ་སད་པར་བྱེད་པ་མིན་ཏེ། དེ་ནི་སྔ་རོལ་དུ་སྐྱེས་ཟིན་པའི་ཕྱིར། དེས་ན་ཚོགས་པ་རྟོགས་པའི་བློ་གསར་དུ་སྐྱེ་བ་ཡིན་ནོ། །ལའི་སྟེང་དུ་མེར་སྣང་གི་བག་ཆགས་སྔོན་ལ་སད་ན་ལྐོག་དུ་གྱུར་པའི་ཚུལ་གྱིས་ཡོད་པ་དུ་བ་སྣང་བ་ལས་རྟོགས་པ་ཤིན་ཏུ་འཐད་པ་ཡིན་ནོ། །སད་པ་དེ་ཉིད་མངོན་དུ་གྱུར་ན་རྟགས་ཀྱིས་སྒྲུབ་ཅི་ཞིག་དགོས། སྔོན་ཆད་འདི་ལྟ་བུ་ཤེས་པ་གཞན་མ་བྱུང་ངོ༌། །གལ་ཏེ་རང་ལ་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་ཡིན་ན། ཕ་རོལ་པོའི་སེམས་རྒྱུད་སྒྲུབ་པར་བྱེད་པའི་རྟགས་མེད་པར་འགྱུར་ཏེ། རྟགས་དེ་ཉིད་རང་ལ་སྣང་ན། ཕ་རོལ་པོའི་སེམས་རྒྱུད་དང་འབྲེལ་བ་མེད་པར་འགྱུར་ཏེ། རང་གི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །མི་སྣང་ན། རྟགས་མ་བཟུང་བས་རྟགས་ལས་ཕ་རོལ་པོའི་སེམས་རྒྱུད་མི་རྟོགས་སོ། །གལ་ཏེ་རྟོགས་ན་ཡང་རྟོགས་པ་པོའི་ཤེས་པའི་བདག་ཉིད་དུ་འགྱུར་བས་ཐམས་ཅད་རྒྱུད་གཅིག་ཏུ་འགྱུར་ཞེ་ན། རྣམ་པ་གཞན་གྱིས་བར་མ་ཆོད་པར་བློ་ལ་དངོས་སུ་སྣང་བ་དེ་ཉིད་དཔྱད་ན་ཤེས་པ་རང་གི་བདག་ཉིད་ཡིན་ཞེས་བྱ་བ་ཡིན་གྱི། རྟོགས་བྱ་ཐམས་ཅད་སྣང་བ་པོའི་སེམས་ཀྱི་བདག་ཉིད་དུ་འདོད་པ་ནི་མིན་ནོ། །གལ་ཏེ་ལུས་ངག་གི་རྟགས་ལས་ཕ་རོལ་པོའི་སེམས་རྒྱུད་དཔོག་པར་བྱེད་ཅེ་ན། ལུས་ངག་གི་རྣམ་འགྱུར་ལས་ཀུན་སློང་གི་བྱེ་བྲག་སྔོན་དུ་འགྲོ་བའི་ཁྱབ་འབྲེལ་རང་རྒྱུད་ལ་གཏན་ལ་ཕབ་ནས་ཕ་རོལ་པོ་ལ། རང་རྒྱུད་ཀྱི་ཀུན་སློང་ལས་བྱུང་བའི་ལུས་ངག་གི་མཚན་མ་རང་འདྲ་བ་མཐོང་ནས་ཕ་རོལ་པོའི་སེམས་རྒྱུད་དཔོག་པར་བྱེད་པ་ཡིན་ནོ། །རྒྱུད་གཞན་གྲུབ་པ་ལས། རང་ལུས་བློ་སྔོན་འགྲོ་བ་ཡིན། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །ཞེས་གསུང་སོ། །གཞན་རྒྱུད་ལ་ནི་ཁྱབ་འབྲེལ་གཏན་ལ་དབབ་མི་ནུས་ཏེ། རྟགས་ཀྱི་འབྲེལ་ཡུལ་ཕ་རོལ་པོའི་སེམས་རྒྱུད་ད་དུང་རྟགས་ཀྱིས་བསྒྲུབ་དགོས་པའི་ཕྱིར་དང༌། དེ་ལ་ཡང་དཔེ་གཞན་འགོད་དགོས་པས་དེའི་སྟེང་དུ་ད་དུང་ཁྱབ་འབྲེལ་རྟགས་ཀྱིས་སྒྲུབ་དགོས་པས་ཐུག་མེད་དུ་འགྱུར་རོ། །རྣམ་འགྲེལ་ལས། དེ་ལ་ཡང་ནི་དཔེ་གཞན་ཞིག །སྒྲུབ་བྱ་ཡིན་ཕྱིར་ཐུག་མེད་འགྱུར། །ཞེས་པ་ལྟར་རོ། །གཞན་ལ་ཡོད་པར་མཐོང་བའི་ལུས་ངག་གི་མཚན་མ་དེ་རང་གི་ཤེས་པའི་བདག་ཉིད་ཡིན་ནམ་མིན། དང་པོ་ལྟར་ན་ཕ་རོལ་པོའི་སེམས་རྒྱུད་དཔོག་མི་ནུས་པར་ཐལ། དེ་དང་འབྲེལ་པ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། སྔོར་སྣང་ཡང་སྔོར་སྣང་ཤེས་པའི་བདག་ཉིད་དུ་མི་འགྲུབ་པར་མཚུངས་སོ་ཞེ་ན། རང་ལ་སྣང་བའི་ཆ་རང་གི་ཤེས་པའི་བདག་ཉིད་ཡིན་ཡང་བག་ཆགས་མཐུན་པར་སད་པ་ཙམ་ལ་ཐུན་མོང་དུ་མཐོང་བའི་ཐ་སྙད་བྱེད་པ་ཉིད་རྟགས་སོ། །ཐུན་མོང་དུ་མཐོང་བའི་ཐ་སྙད་ཙམ་ཡང་མེད་ན། གཞན་དོན་གྱི་རྟགས་མེད་པར་འགྱུར་ཏེ། ཕྱོགས་ཆོས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པ་མེད་པས་སོ། །དེས་ན་མ་དཔྱད་པའི་ངོ་ན། ལུས་ངག་གི་རྣམ་རིག་དུ་སྣང་བ་ཙམ་རྟགས་ཡིན་ལ། ཅུང་ཟད་དཔྱད་ན་རང་ལ་སྣང་བའི་ཆ་དང་མཐུན་པ་ཕ་རོལ་པའི་རྒྱུད་ལ་ཡོད་པའི་ལུས་ངག་གི་མཚན་མ་རྟགས་སོ། །རིགས་པས་ཤིན་དུ་དཔྱད་ན་ངག་ཏུ་སྣང་བ་ཆོས་ཅན། ཕ་རོལ་པོའི་སེམས་རྒྱུད་སྒྲུབ་པར་བྱེད་པའི་རྟགས་མིན་པར་ཐལ། དོན་དམ་པར་ཕ་རོལ་པའི་སེམས་རྒྱུད་དང་འབྲེལ་པ་མེད་པའི་ཕྱིར། འབྲེལ་པ་གཉིས་ཀ་ཡང་བློས་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །གལ་ཏེ་གཉིས་ཀ་ཡང་གནས་ཚུལ་ལ་ཤེས་པ་ཡིན་ནོ་ཞེ་ན། གཟུང་འཛིན་གཉིས་ཀྱང་གནས་ཚུལ་ལ་ཤེས་པ་ཡིན་པར་ཐལ་བར་འགྱུར་བས་སྒྲོ་བཏགས་པ་མིན་པར་འགྱུར་རོ། །རྒྱུད་གཞན་གྲུབ་པ་ལས་ནི། ཕ་རོལ་པོའི་ངག་ཏུ་སྣང་བ་རང་རྒྱུད་ཀྱི་ཤེས་པའི་ཉེར་ལེན་ལས་སྐྱེ་ཞིང་གཞན་རྒྱུད་ཀྱི་ཤེས་པས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་བྱུང་བའི་ཕྱིར། ཕ་རོལ་པོའི་རྒྱུད་དང་འབྲེལ་པ་ཡང་ཡོད་ལ་དེ་ལས་ཕ་རོལ་པོའི་སེམས་རྒྱུད་རྟོགས་པ་ཡང་འཐད་དེ། རྨི་ལམ་གྱི་སྣང་བ་རང་གི་ཤེས་པ་ཡིན་ཡང༌། ཡི་དམ་གྱི་བྱིན་བརླབས་ཀྱི་མཐུས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལས་རྨི་ལམ་བདེན་པ་མཐོང་བ་བཞིན་ཞེས་བཤད་དོ། །འབྲས་བུའི་རྣམ་པར་རྟོག་པ་གཉིས་པའི་སྤྱི་དོན་ནོ། །འབྲས་རྟོག་གསུམ་པ་ལ། གཞན་གྱི་བཞེད་ཚུལ་ནི། ཡིན་ལུགས་ལ་རང་རིག་ཡིན་ཡང་ཐ་སྙད་དུ་དོན་རིག་འབྲས་བུ། ཕྱི་རོལ་གྱི་དོན་གཞལ་བྱ། གཟུང་རྣམས་ཚད་མའོ། །འདི་ནི་ཐ་སྙད་དུ་དོན་རིག་དུ་སྣང་ཡང་གནས་ཚུལ་ལ་རིག་བྱ་དོན་དུ་སྣང་བ་དེ་ཉིད་ཤེས་པ་རང་གི་བདག་ཉིད་ཡིན་པས་རང་རིག་ལས་མ་འདས་སོ་ཞེས་བསྟན་པའི་དོན་དུ་རང་རིག་འབྲས་བུར་བཞག་ལ། དེའི་ཚེ་ཤེས་པ་ལས་ཐ་དད་པའི་ཕྱི་རོལ་གྱི་དོན་མེད་པར་ཁོང་དུ་ཆུད་ནས་རྣམ་རིག་པའི་ཚུལ་ལ་འཇུག་པ་ནི་དགོས་པའོ། །རིགས་པས་དཔྱད་ན་གཟུང་རྣམ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་མེད་ཅིང༌། གཟུང་རྣམ་ཡང་ཡང་དག་པར་ཤེས་པ་ལས་ཐ་མི་དད་པས་རང་རིག་ལས་མ་འདས་སོ་ཞེས་བསྟན་པའི་དོན་དུ་འབྲས་བུའི་རྣམ་པར་རྟོག་པ་གསུམ་པ་གསུངས། འདིར་ཚད་མ་ནི་མཚན་ཉིད། འབྲས་བུ་ནི་མ་ཚོགས་སོ་ཞེས་འདོད་དོ། །སྔོན་པོའི་རྣམ་པ་ཆོས་ཅན། དོན་དུ་སྣང་བ་ཡིན་པར་ཐལ། སྐབས་འདིར་བསྟན་གྱི་གཟུང་རྣམ་ཡིན་པའི་ཕྱིར། འདོད་ན་ཚད་མ་ཡིན་པར་འགལ་ལོ། །གལ་ཏེ་དབང་ཤེས་མ་འཁྲུལ་བ་ཆོས་ཅན། ཚད་མ་མིན་པར་ཐལ། དོན་དུ་སྣང་བ་ཡིན་པའི་ཕྱིར་ཞེ་ན། དོན་དུ་སྣང་བ་མིན་ཏེ། དོན་རིག་བྱེད་དུ་སྣང་བའི་ཕྱིར་རོ། །ཡང་ཕྱི་རོལ་གྱི་དོན་རིག་བྱར་མ་གྲུབ་པར་ཐལ། གཟུང་རྣམ་ལས་ཐ་དད་པའི་དོན་མེད་ཅིང༌། དེ་ཉིད་ཤེས་པ་རང་གི་ངོ་བོའི་བདག་ཉིད་ཡིན་པའི་ཕྱིར། འདོད་ན། ཕྱི་རོལ་གྱི་དོན་གཞལ་བྱར་མི་རིགས་པར་ཐལ་ལོ། །རང་ལུགས་ནི། ཕྱི་རོལ་གྱི་དོན་གཞལ་བྱ་ལ། སྣང་བ་ལ་རང་རིག་ཡིན་ཡང་ཕྱི་རོལ་གྱི་དོན་རིག་པ་འབྲས་བུ། དོན་འཇལ་བྱེད་ཀྱི་ཤེས་པ་ཚད་མ་སྟེ། ཚད་མ་མདོ་ལས། བྱ་དང་བཅས་པ་རྟོགས་པའི་ཕྱིར། །འབྲས་བུ་ཉིད་ཡིན་འཇལ་བྱེད་ལ། །ཚད་མ་ཉིད་དུ་འདོགས་པ་སྟེ། །ཞེས་པ་ལྟར་རོ། །དོན་གྱི་རྣམ་པ་ཅན་དུ་སྐྱེས་པའི་ཤེས་པ་ནི་དོན་རིག་གི་འཇོག་བྱེད་དོ། །དོན་ནི། དབང་ཤེས་མ་འཁྲུལ་བ་ཆོས་ཅན། དོན་རྟོགས་ཚད་མ་ཡིན་ཏེ། ཕྱི་རོལ་གྱི་དོན་འཇལ་བྱེད་ཡིན་པའི་ཕྱིར། དོན་འཇལ་བྱེད་ལ་གང་གི་སྒོ་ནས་དོན་རིག་པར་འཇོག་ཅེ་ན། དོན་གྱི་རྣམ་པ་ཤར་བའི་ཕྱིར་དོན་རིག་གོ །འདིར་རང་རིག་འབྲས་བུར་བཞག་པའི་དགོས་པ་ནི། བྱེ་བྲག་སྨྲ་བས་དབང་བློ་ལ་སྣང་བ་ཉིད་ཕྱི་རོལ་དོན་གྱི་ངོ་བོར་འདོད་པ་དགག་པའི་ཆེད་ཡིན་ཏེ། བློ་ལ་སྣང་བ་ནི་ཤེས་པ་རང་གི་བདག་ཉིད་ཡིན་པས་དེ་ལ་རང་རིག་ཞེས་སྟོན་པའི་ཕྱིར་རོ། །འདི་ལ་རིགས་པ་ཅི་ཡོད་ཅེ་ན། རྣམ་འགྲེལ་ལས། མ་ཡིན་དུ་མའི་བདག་རྐྱེན་ཕྱིར། །ཞེས་པ་དང༌། རྣམ་ངེས་ལས། དོན་གྱི་ངོ་བོ་ཇི་ལྟ་བ་བཞིན་དུ་རྣམ་པ་འཇོག་པ་ནི་མིན་ཏེ། ཤེས་པ་ཐམས་ཅད་རྣམ་པ་གཅིག་ཏུ་ཐལ་བའི་ཕྱིར་རོ། །ཞེས་གསུངས་པས་སྐྱོན་བསྟན་ཏོ། །འདིའི་དོན་ནི། དངོས་སུ་སྣང་བ་འདི་དག་ཕྱི་རོལ་གྱི་དོན་མིན་ཏེ། ཡིད་ལ་བྱེད་པ་གོམས་པའི་སྟོབས་ཀྱིས་དོན་གཅིག་ལའང་ཡིད་དུ་འོང་མི་འོང་སྣ་ཚོགས་སུ་སྣང་བའི་ཕྱིར། དོན་དངོས་ཡིན་ན། དོན་གཅིག་ལ་ཡིད་དུ་འོང་མི་འོང་སྣ་ཚོགས་སུ་སྣང་བ་མེད་པར་ཐལ་ལོ་ཞེས་པའི་དོན་ནོ། །གལ་ཏེ་རྟོག་བློ་ལ་ཡིད་དུ་འོང་མི་འོང་གི་རྣམ་པ་སྣང་བ་ཡིན་གྱི་དབང་བློ་ལ་མིན་ནོ་ཞེ་ན། དབང་བློ་ལའང་ཡོད་དེ། འཆི་ལྟས་ལ་སོགས་པས་ཟིན་པའི་ཚེ། སྔར་དབང་བློ་ལ་ཡིད་དུ་འོང་བའི་རྣམ་པ་ཉིད་འཚམས་སྦྱོར་བ་མེད་པར་ཡིད་དུ་མི་འོང་བའི་རྣམ་པར་སྣང་བའི་ཕྱིར་དང༌། ཐ་དད་མེད་པའི་སྒྲ་དང་དྲི་དང་རོ་ལ་སོགས་པས་སྲོག་ཆགས་ཀྱི་བྱེ་བྲག་རྣམས་ཀྱི་དབང་བློ་ལ་བདེ་བ་དང་མི་བདེ་བ་སྐྱེད་པའི་ཕྱིར། དཔེར་ན་ལན་ཚ་གཅིག་གིས་རྔ་མོང་དང་སྦལ་པའི་དབང་ཤེས་ཀྱི་འཁོར་དུ་བདེ་བ་དང་མི་བདེ་བ་སྐྱེད་པ་བཞིན་ནོ། །དེས་ན་འདི་མདོ་སྡེ་པ་ལ་སྦྱོར་བ་མི་རིགས་ཏེ། ཚད་མ་མདོ་ལས་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱས་པ་དེའི་ཚེ། ཡུལ་སྣང་བ་དེ་ཉིད་འདིའི་ཚད་མ་དེའི་འཇལ་བར་བྱེད་ཅེས་དང༌། ཆོས་མཆོག་གིས་ཕྱི་རོལ་གྱི་དོན་ལོག་པར་འདོད་པ་ནི་མིན་ཏེ་ཞེས་པ་དང༌། ཛྙ་ན་ཤྲཱིས་འདིས་རང་རིག་པ་ཡིན་ཡང་ཕྱི་རོལ་ལས་སྐྱེས་པའི་ཕྱིར་དེའི་འབྲས་བུ་ཡིན་པས་དོན་རིག་པར་བྱའོ་ཞེས་པ་དང༌། ཤཱཀྱ་བློས་ཤེས་བྱ་ནང་གི་ཡིན་པར་སྨྲ་བའི་དོགས་པ་བསལ་བའི་ཕྱིར་ཞེས་གསུངས་སོ། །རང་རིག་འབྲས་བུར་བཞག་པ་ཙམ་གྱིས་སེམས་ཙམ་པའི་ཚུལ་ལ་སྦྱོར་བ་མི་འཐད་དེ། མདོ་སྡེ་པས་ཀྱང་རང་རིག་ཚད་འབྲས་འདོད་པའི་ཕྱིར་ཏེ། འདི་ནི་ཀུན་ལའང་སྦྱར་བར་བྱ། ཞེས་གསུངས་པ་ལྟར་རོ། །རང་རིག་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་ཕྱི་རོལ་གྱི་གཞལ་བྱ་ཡིན་པའི་ཕྱིར་དང༌། དོན་གཞན་ལ་ཚད་མར་གྱུར་པའི་སྒོ་ནས་རང་གི་བདག་ཉིད་ལ་ཚད་མར་འཇོག་པ་མིན་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་འཇལ་བ་ཡིན་ཏེ། རང་གི་བདག་ཉིད་འཛིན་པའི་ཕྱིར་ཞེས་བརྗོད་ན་མ་འབྲེལ་བར་འགྱུར་བས་སོ། །དོན་གྱི་རྣམ་པ་ཅན་དུ་སྐྱེས་པའི་ཤེས་པ་ཡང་རང་གིས་རང་གི་བདག་ཉིད་རྟོགས་པའི་འཇོག་བྱེད་མིན་ཏེ། དེ་ལས་དོན་གཞན་རིག་པའི་ཐ་སྙད་འཇུག་གི་རང་གི་བདག་ཉིད་རིག་པའི་ཐ་སྙད་མི་འཇུག་པའི་ཕྱིར་རོ། །འདི་ལ་དགོངས་ནས་ཕྱི་རོལ་གྱི་དོན་གཞལ་བྱ་ལ་དོན་དང་འདྲ་བར་སྐྱེས་པ་ཁོ་ན་ཚད་མར་གསུངས་ཀྱི་བདག་ལ་འཛིན་པའི་རྣམ་པ་ཚད་མར་མ་གསུངས་སོ། །རང་རིག་འབྲས་བུ་ཡིན་ན་འཛིན་རྣམ་ཚད་མར་འགྱུར་རོ་ཞེས་པའི་དོགས་པ་ཇི་ལྟར་ལྡོག་ཅེ་ན། ཕྱི་རོལ་གྱི་དོན་གཞལ་བྱར་འཇོག་པའི་སྐབས་ཡིན་པས་འཛིན་རྣམ་ཚད་མར་མི་འདོད་དེ། འཛིན་རྣམ་ནི་ཡུལ་གྱི་རྣམ་པས་ཁྱད་པར་དུ་བྱས་པ་ལ་མི་ལྟོས་པའི་ཕྱིར་རོ། །འོ་ན་རང་རིག་འབྲས་བུར་མི་འཐད་དོ་ཞེ་ན། ཕྱི་རོལ་གྱི་དོན་ཡོད་ཀྱང་བློ་ལ་སྣང་བ་འདི་ནི། ཕྱི་རོལ་གྱི་དོན་མ་ཡིན་གྱི་ཤེས་པ་རང་གི་བདག་ཉིད་ཡིན་པས་དེ་ལ་རང་རིག་ཡིན་པའི་ཕྱིར་རང་རིག་འབྲས་བུ་འཐད་དོ། །འདི་ནི་བྱེ་བྲག་སྨྲ་བ་དགག་པའི་དོན་དུ་གསུངས་སོ། །འདིར་ཕྱི་རོལ་གྱི་དོན་གདོན་མི་ཟ་བར་ཁས་ལེན་དགོས་ཏེ། དོན་གྱི་རྣམ་པ་ཅན་གྱི་ཚད་མ་ཁས་ལེན་པའི་སྐབས་ཡིན་པས་དེ་ལ་རྣམ་པ་གཏོད་བྱེད་ཀྱི་དོན་དགོས་པའི་ཕྱིར་རོ། །འོ་ན་འབྲས་རྟོག་དང་པོ་དང་ཟློས་པའི་སྐྱོན་ཡོད་དོ་ཞེ་ན། སྔར་ནི་དབང་དོན་ཕྲད་པ་སོགས་ཚད་མར་འདོད་པའི་ཕྱི་རོལ་པ་དགག་པ་གཙོ་བོར་བཟུང་ནས་གསུངས་ལ། འདིར་ནི་བྱེ་བྲག་སྨྲ་བ་དང་བློ་ལ་སྣང་བ་འདི་གནས་ཚུལ་ལ་ཤེས་པ་ཡིན་མིན་ལ་བརྩད་པ་ན། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་སོགས་ཀྱིས་ཕྱི་རོལ་གྱི་དོན་ཡིན་པ་བཀག་སྟེ་ཤེས་པའི་བདག་ཉིད་དུ་བསྟན་ནས། དེ་ལ་རང་རིག་དུ་སྒྲུབ་པ་ཡིན་ནོ། །བོད་གཞན་དག་གིས་ནི་གཞུང་འདོན་པ་ཙམ་དུ་ཟད་ཀྱི་ཤིན་ཏུ་ཕྲ་བའི་དཔྱད་པ་ཞིབ་མོ་འདི་ལྟ་བུ་མི་སྣང་ངོ༌། །གལ་ཏེ་རྣམ་རིག་པའི་ཚུལ་ལ། གཟུང་བར་སྣང་བ་གཞལ་བྱ། རང་རིག་པ་འབྲས་བུ། འཛིན་པར་སྣང་བ་འཇོག་བྱེད་དུ་བཞག་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཕྱི་རོལ་གྱི་དོན་མེད་ན་མཁས་པ་ནས་བྱིས་པའི་བར་དུ། ཡུལ་ཡུལ་ཅན་གྱི་ཐ་སྙད་རབ་ཏུ་གྲགས་པ་ལ་སྐུར་པ་འདེབས་པར་འགྱུར་རོ་སྙམ་པའི་དོགས་པ་བསལ་བའི་དོན་དུ་གསུངས་སོ། །འདི་ཡང་མ་རིག་པས་སླད་པའི་བློ་འཁྲུལ་བ་ལ་གཟུང་འཛིན་གཉིས་སུ་སྣང་བའི་ཚུལ་ལ་བརྟེན་ནས་གསུངས་ཀྱི། ཡང་དག་པར་ནི་མིན་ཏེ། གནས་ཚུལ་ལ་གཟུང་འཛིན་གཉིས་མེད་པའི་ཕྱིར་རོ། །རིགས་པ་ནི། གང་གིས་དངོས་པོ་རྣམ་དཔྱད་ན། །ཞེས་སོགས་ཀྱིས་གསུངས་སོ། །དེས་ན་ཤེས་པ་ཐམས་ཅད་གཟུང་འཛིན་གཉིས་ཀྱི་དྲི་མ་མཐའ་དག་གིས་དབེན་པའི་ཤེལ་སྒོང་ཡོངས་སུ་དག་པ་ལྟ་བུའི་ངོ་བོར་གནས་པར་གྲུབ་བོ། །བདེ་གཤེགས་གཞུང་གི་རབ་དབྱེ་ལས། གཟུང་དང་འཛིན་པ་གཉིས་བྲལ་བའི། །རྣམ་པར་ཤེས་པ་དོན་དམ་འདོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །གྲུབ་མཐའི་ཕ་རོལ་ཕྱིན་རྣམ་སྒྲོག །ཅེས་གསུངས་པ་ལྟར་རོ། །གཟུང་དང་འཛིན་པ་རིག་པ་དག །ཅེས་སོགས་ཀྱི་སྐབས་འདིར། །རང་རིག་འབྲས་བུར་མ་སྨོས་པ་ནི། སྣང་ཚུལ་ལ་བརྟེན་པའི་རྣམ་གཞག་ཡིན་ལ། སྣང་ཚུལ་ལ་གཟུང་བར་ཤེས་པའི་བདག་ཉིད་དུ་མི་སྣང་བའི་ཕྱིར་རོ། །དེས་ན་རང་རིག་འབྲས་བུར་མི་བཞག་གོ །འདི་ནི་བློ་ཞིབ་མོས་རྟོགས་པར་བྱ་དགོས་ཀྱི། སློབ་མའི་ཁ་བསག་རེ་ཙམ་དགུག་པས་ནི་སླུ་ཉེན་ཡོད་དོ། །འདིར་རང་རིག་གི་ཚད་འབྲས་ནི་ཤེས་པ་ཀུན་ལ་ཡོད་པ་ཡིན་ཏེ། རང་རིག་དང་མི་ལྡན་པའི་ཤེས་པ་མེད་པའི་ཕྱིར་ཏེ། གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་ལའང་སྦྱར་བར་བྱ། །ཞེས་གསུངས་པ་ལྟར་རོ། །དོན་རིག་གི་ཚད་འབྲས་ནི་ཤེས་པ་ཐམས་ཅད་ལ་སྦྱར་དུ་མི་རུང་སྟེ། ཚད་མིན་གྱི་བློ་རྣམས་ལ་ཚད་འབྲས་གཞལ་གསུམ་སྦྱར་དུ་མི་རུང་བའི་ཕྱིར་ཏེ། དེ་དག་ལ་གཞལ་བྱ་མེད་པའི་ཕྱིར་རོ། །ཚད་འབྲས་བསྟན་པའི་དགོས་པ་ནི། རྣམ་གཅད་དུ་ཚད་འབྲས་རྫས་ཐ་དད་དུ་སྨྲ་བ་ཁེགས་ཤིང༌། ཡོངས་གཅོད་དུ་ཚད་མས་དོན་དང་ཤེས་པ་རྟོགས་ཚུལ་དང་ཚད་མ་གང་གི་གཞལ་བྱར་ཆོས་གང་འགྱུར་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་གཞུང་དོན་ལ། མངོན་སུམ་དང༌། རྗེས་དཔག་གི་ཚད་འབྲས་གཉིས་སོ། །དང་པོ་ལ། གཞན་ལུགས་ཀྱི་ཚད་འབྲས་དགག རང་གི་ཚད་འབྲས་ངོས་བཟུང༌། དེ་གྲུབ་མཐའ་བཞི་དང་སྦྱར་བའོ། །དང་པོ་ནི། དཔྱོད་པ་བ་དོན་ལ་ལྟ་བའི་ཤེས་པ་རྟོག་མེད་ཚད་མ། དེ་ལས་དོན་གྱི་ངོ་བོ་དང་ཁྱད་པར་ངེས་པའི་རྟོག་པ་ཚད་འབྲས་སུ་འདོད་པ་མི་འཐད་དེ། ཤེས་པ་དོན་དང་མི་འདྲ་ན། དོན་ལ་ལྟ་བར་མི་འགྲུབ་པས་སོ། །རིགས་པ་ཅན་པ་དབང་དོན་ཚད་མ། དེ་ལས་དོན་རྟོགས་པ་ཚད་འབྲས་སུ་འདོད་པ་མི་འཐད་དེ། མིག་གི་དབང་པོ་ཆོས་ཅན། བུམ་པའི་དྲི་རོ་ལ་སོགས་པ་ཀུན་རྟོགས་པར་ཐལ། དྲི་རོ་ལ་སོགས་པ་ཀུན་དང་ཕྲད་པའི་ཕྱིར། མ་གྲུབ་ན་མཚུངས་སོ། །བྱེ་བྲག་པས་ཚིག་གི་དོན་དྲུག་ལས་ཡོན་ཏན་ལ་སོགས་པ་ཁྱད་པར་འཛིན་པ་ཚད་མ། ཁྱད་པར་བའི་རྫས་རྟོགས་པ་ཚད་འབྲས་སུ་སྨྲ་བ་མི་འཐད་དེ། ཚད་འབྲས་གཉིས་ཀྱི་ཡུལ་ལ་ཚད་མའང་འཇུག་ན་གཉིས་དོན་མེད་ལ། མི་འཇུག་ན། རྫས་ཆོས་ཅན། ཚད་མས་རྟོགས་མི་སྲིད་པར་ཐལ། འབྲས་བུ་ཁོ་ནའི་ཡུལ་ཡིན་པའི་ཕྱིར། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལ་ལ་དབང་པོ་ཚད་མ། དེ་ལས་བྱུང་བའི་ཤེས་པ་ཚད་འབྲས་སུ་འདོད་པ་མི་འཐད་དེ། བེམ་པོས་ཡུལ་རིག་པ་མི་འཐད་པའི་ཕྱིར་རོ། །ཚད་འབྲས་ཞེས་པའང་སྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ལ་འདོད་པ་མིན་ཏེ། ཤེས་པ་གཅིག་ལ་ལྡོག་པའི་ཆས་རྣམ་པར་ཕྱེ་བ་ལ་འཇོག་པའི་ཕྱིར་རོ། །གཉིས་པ་རང་ལུགས་ཀྱི་ཚད་འབྲས་ངོས་བཟུང་བ་ནི། ཚད་འབྲས་རྫས་གཞན་དང་རྒྱུ་འབྲས་སོགས་ཡིན་པ་མི་འཐད་པ་དེས་ན། རྣམ་པར་བཞག་འཇོག་གི་རྒྱུ་འབྲས་སྲིད་པ་ཚད་འབྲས་སུ་སློབ་དཔོན་གྱིས་བཞེད་དེ། རྣམ་འགྲེལ་ལས། བདག་ཉིད་བྱེད་པོ་ཡིན་ན་ཡང༌། །དེ་ཡི་དབང་གིས་དེར་བཞག་ཕྱིར་ཅེས་དང༌། གང་ལས་འབྲས། གང་ཡིན་དེ་ནི་དེ་སྒྲུབ་བྱེད། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་གྲུབ་མཐའ་བཞི་དང་སྦྱར་ན། དེ་ལ་རང་རིག་ཚད་འབྲས་ཀྱི་རྣམ་བཞག་ནི་བྱེ་བྲག་སྨྲ་བ་མ་གཏོགས་པ་ནང་པའི་གྲུབ་མཐའ་སྨྲ་བ་མདོ་སེམས་གཉིས་མཐུན་པར་ཤེས་པ་རང་ཉིད་གཞལ་བྱ། རང་རིག་པ་འབྲས་བུ། འཛིན་པའི་རྣམ་པ་ཚད་མར་བྱས་པའི་རྣམ་གཞག་ནི་རང་རིག་ཚད་འབྲས་ཀྱི་རྣམ་གཞག་ཡིན་པའི་ཕྱིར། རྣམ་འགྲེལ་ལས། དཔེར་ན་འདོད་ཆགས་སོགས་མྱོང་བཞིན། རང་བདག་ཡུལ་དུ་བཞག་པ་ན། གཞལ་བྱ་འཇལ་བྱེད་འབྲས་གནས་པ། །འདི་ནི་ཀུན་ལ་སྦྱར་བར་བྱ། །དེ་ལ་ཉམས་མྱོང་བདག་ཉིད་ཕྱིར། །དེ་དག་རང་བདག་མྱོང་བར་རུང༌། །དེ་ལྟར་རུང་ཉིད་དེ་ཚད་བདག །གཞལ་བྱ་རང་རིག་འབྲས་བུ་ཡིན། །ཞེས་གསུངས་པའི་ཕྱིར། འོན་ཀྱང་དོན་རིག་སྨྲ་བས་རང་རང་གི་གྲུབ་མཐའི་སྟོབས་ཀྱིས་དོན་རིག་གི་ཚད་འབྲས་འཇོག་གོ །འགའ་ཞིག གྲུབ་མཐའ་བཞིའི་རྗེས་སུ་མི་འབྲང་བར། དངོས་སྟོབས་ཀྱི་རིགས་པ་ཞེས་བྱ་བ་དོན་ལོགས་པ་ཞིག་འདོད་དོ། །གྲུབ་མཐའ་བཞིའི་རྣམ་པར་བཞག་པ་དངོས་སྟོབས་ཀྱི་རིགས་པ་ལས་ཕྱི་རོལ་དུ་གྱུར་པར་འདོད་པ་འདི་ནི། མཁས་པའི་བཞད་གད་ཀྱི་གནས་སོ། །རྗེས་དཔག་གི་ཚད་འབྲས་ལ་གཉིས་ཏེ། མདོ་སྡེ་པའི་ལུགས་དང་རྣམ་རིག་པའི་ལུགས་སོ། །དང་པོ་ནི། འབྲས་བུའི་རྗེས་དཔག་ལ་དཔེར་བརྗོད་ན། གཞན་སེལ་གྱི་མེ་ལ་རང་མཚན་དུ་རློམ་པའི་ལ་མེའི་ཚོགས་དོན་གྱི་རང་མཚན་གཞལ་བྱ། རྟགས་དུ་བ་ལས་བྱུང་ཞིང་གཞན་སེལ་བས་འཇུག་པའི་བློ་ལྐོག་གྱུར་ཀྱི་རྣམ་ལྡན་ཚད་མ། ལ་མེ་ལྡན་དེ་རྟོགས་པའི་རྗེས་དཔག་གི་ཐ་སྙད་དེ་འབྲས་བུ་ཡིན་ཞེས་མཁས་པ་རྣམས་བཞེད་དེ། རྗེས་དཔག་ཐམས་ཅད་ལ་དེ་བཞིན་དུ་རྒྱ་ཆེར་སྦྱར་རོ། །མདོར་བསྡུས་ན། ལྐོག་གྱུར་གཞལ་བྱ། ཚུལ་གསུམ་རྟགས་ལས་ལྐོག་གྱུར་རྟོགས་པ་ཚད་མ། རྗེས་དཔག་གི་ཐ་སྙད་འབྲས་བུ་ཡིན་ནོ། །འབྲས་བུ་སྔར་བཞིན་འདི་དྲུག་རྣམས། །ཡུལ་དང་རྣམ་པ་འདྲ་བ་ཡིན། །རང་དང་སྤྱི་ཡི་ཡུལ་ཅན་ཕྱིར། །ཞེས་སོ། །གཉིས་པ་ཁ་ཅིག་ན་རེ། རྣམ་རིག་པ་ལ་འབྲས་རྟགས་མི་སྲིད་ལ། ལ་མཐོང་བ་ན་ལ་རྒྱབ་ན་མེ་ཡོད་ན་ཤེས་པ་མེད་པའི་ཡུལ་ཡིན་པས་བེམ་པོར་འགྱུར་ལ། མེད་ན་རྟགས་ལ་ལས་རྟོགས་པ་ལོག་ཤེས་སུ་ཐལ། གལ་ཏེ་ད་ལྟར་མེ་མེད་ཀྱང་དུ་བར་སྣང་བའི་ཤེས་པ་ལས་ཕྱིས་མེར་སྣང་སྐྱེ་ན། དུར་སྣང་རྒྱུ་དང་མེར་སྣང་འབྲས་བུ་སྤོང་བས་རྒྱུ་འབྲས་གོ་ལོག་པར་ཐལ་ལོ་ཞེ་ན། དུར་སྣང་གི་སྔ་ལོགས་ན་ཡོད་པའི་མེར་སྣང་བག་ཆགས་ཀྱི་སྙིང་པོ་ཅན་གྱི་ཤེས་པ་ལ་མེར་སྣང་གི་ས་བོན་ཡོད་པ་རྐྱེན་གྱིས་ཡོངས་སུ་སད་པ་ལས། དུ་བར་སྣང་བའི་བག་ཆགས་གསལ་བར་སད་པ་ལས་དུར་སྣང་སྐྱེ་བ་ཉིད་རྟགས་སུ་འཇོག་གོ །དེ་ལས་ལ་དང་མེའི་ཚོགས་དོན་དུ་སྣང་བར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡིན་ཞེས་མཁས་པ་སེམས་ཙམ་པ་རྣམས་བཞེད་དོ། །དེས་ཀྱང་དོན་སྣང་ལ་དོན་དུ་ཞེན་ནས་ཐ་སྙད་ལ་འཇུག་པའི་སྐྱེས་བུའི་བློ་དེའི་འཁྲུལ་ངོར་མི་སླུ་བར་འགྲུབ་བོ། །དེ་སྐད་དུའང༌། སེམས་རྒྱུད་དེར་རུང་བག་ཆགས་ཀྱི། །སྙིང་པོ་ཅན་ཉིད་དུ་བར་ནི། སྣང་བའི་བློ་དག་གསལ་བྱེད་པ། །དེས་ན་མེ་ལས་དུ་བ་མིན། །ཅེས་སོ། །ལུགས་འདི་ནི་རྟོག་གེ་བ་ཕལ་ཆེ་བ་ལ་མི་སྣང་ངོ༌། །ཚད་མ་རིགས་པའི་གཏེར་ལས། མངོན་སུམ་བརྟག་པའི་རབ་ཏུ་བྱེད་པ་དགུ་པའི་རྣམ་པར་བཤད་པའོ།།  ༈  །།རང་དོན་རྗེས་དཔག་གི་ལེའུ་སྟོན་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། རྗེས་དཔག་ཅེས་པའི་སྒྲས་བརྗོད་པར་རིགས་པ་ཆོས་ཅན། གཉིས་ཡོད་དེ། རང་དོན་རྗེས་དཔག་དང༌། གཞན་དོན་རྗེས་དཔག་གཉིས་སུ་ཡོད་པའི་ཕྱིར། དང་པོ་ནི་རྗེས་དཔག་མཚན་ཉིད་པ་ཡིན་ལ། གཉིས་པ་ནི་ཚུལ་གསུམ་པའི་རྟགས་སྟོན་པའི་ངག་གོ །དང་པོ་རང་དོན་རྗེས་དཔག་སྟོན་པ་ལ། རང་བཞིན་ངོས་བཟུང་བ། རྟོགས་པར་བྱེད་པའི་རྒྱུ་གཏན་ཚིགས། རྟོགས་པར་བྱ་བ་བསྒྲུབ་བྱའོ། །དང་པོ་ནི་ཚུལ་གསུམ་པའི་རྟགས་ལས་གཞལ་བྱ་ལྐོག་གྱུར་རྟོགས་པའི་ཤེས་པ་སྟེ། མདོ་ལས། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། རྟགས་ཀྱི་ལྟོས་གཞི་ངོས་བཟུང༌། དེ་ལས་ལྟོས་པའི་རྟགས་ཀྱི་དབྱེ་བའོ། །དང་པོ་ལ་གསུམ་ལས། ཚུལ་དང་པོའི་ལྟོས་གཞི་གཏན་ལ་དབབ་པ་ལ། ཕྱོགས་ཀྱི་སྒྲ་འཇུག་པའི་ཡུལ། གང་དུ་འཇུག་པའི་གནས་སྐབས་ཀྱི་ངེས་པ། ཇི་ལྟར་འཇུག་པ་སྒྲའི་མཚན་ཉིད་དོ། །དང་པོ་ལ་ཕྱོགས་ཀྱི་སྒྲ་འཇུག་པའི་ཡུལ་གསུམ་ཏེ། བསྒྲུབ་བྱའི་ཆོས་ལ་འཇུག་པ་དང༌། ཤེས་འདོད་ཆོས་ཅན་ལ་འཇུག་པ་དང༌། གཉིས་ཀ་ཚོགས་པའི་ཚོགས་དོན་ལ་བརྗོད་པ་གསུམ་ལས་ཚོགས་དོན་ལ་དངོས་མིང་དུ་འཇུག་པ་ཡིན་ལ། ཡ་གྱལ་ཆོས་དང་ཆོས་ཅན་སོ་སོ་བ་ལ་བཏགས་མིང་དུ་འཇུག་སྟེ། ཚོགས་དོན་དེའི་ཕྱོགས་རེ་ཟིན་པའི་ཕྱིར། རས་ཡུག་གི་ཕྱོགས་གཅིག་ལ་རས་ཡུག་དུ་འདོགས་པ་བཞིན་ནོ། །གཉིས་པ་གང་དུ་འཇུག་པ་གནས་སྐབས་ཀྱི་ངེས་པ་ལ། ཚུལ་དང་པོ་གཏན་ལ་འབེབས་པའི་སྐབས་སུ། ཕྱོགས་ཀྱི་སྒྲ་ཤེས་འདོད་ཆོས་ཅན་ལ་འཇུག ཁྱབ་པ་གཏན་ལ་འབེབས་པའི་སྐབས་སུ། །ཕྱོགས་ཀྱི་སྒྲ་བསྒྲུབ་བྱའི་ཆོས་ལ་འཇུག རྟགས་ཀྱི་ནུས་ཡུལ་དཔྱད་པའི་སྐབས་སུ་ཚོགས་དོན་ལ་འཇུག་གོ །གཉིས་པ་ཇི་ལྟར་འཇུག་པ་སྒྲའི་མཚན་ཉིད་ལ་གཉིས་ཏེ། དངོས་མིང་དང༌། བཏགས་མིང་ངོ༌། །དངོས་མིང་ནི། དགོས་པ་དང་རྒྱུ་མཚན་གཞན་ལ་མི་ལྟོས་པར་བརྗོད་པར་འདོད་པས་འདོད་རྒྱལ་དུ་སྔོན་སྦྱར་བ་ནི་དངོས་མིང་ཡིན་ལ། དེ་ལས་དོན་གོ་བ་ནའང་སྒྲའི་རྗེས་སུ་འབྲང་བའི་བློ་ལ་དོན་དེ་ཉིད་ཀྱི་དོན་སྤྱི་འཇོག་ཏེ། དཔེར་ན་ནོག་ལྐོག་ཤལ་ཅན་ལ་བ་ལང་དུ་བརྗོད་པ་བཞིན་ནོ། །བཏགས་མིང་ནི། གཞན་ལ་གྲགས་པའི་མིང་དེ་དགོས་པའམ་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་གཞན་ལ་སྦྱོར་བ་བཏགས་མིང་དུ་འདོད་དོ། །ཕྱོགས་སམ་རྗེས་སུ་དཔག་བྱའི་སྒྲ་ཆོས་ཅན། ཚོགས་དོན་ལ་དངོས་མིང་དུ་འཇུག་སྟེ། དགོས་པ་དང་རྒྱུ་མཚན་གཞན་ལ་མ་ལྟོས་པར་ཚོགས་དོན་དེ་ལ་ཐོག་མར་སྦྱར་བའི་བརྡ་ཡིན་པའི་ཕྱིར་རོ། །དེས་ན་ཚོགས་དོན་ལ་མཁས་པ་རྣམས་ལ་གདོད་མ་ནས་དེ་དངོས་མིང་དུ་གྲུབ་བོ། །ཡ་གྱལ་གཉིས་ལ་ཕྱོགས་ཞེས་པའི་སྒྲས་བསྟན་པ་ཆོས་ཅན། བཏགས་མིང་ཡིན་ཏེ། ཕྱིས་རྒྱུ་མཚན་འགའ་ལ་ལྟོས་ནས་བརྡ་སྦྱར་བ་ཡིན་པའི་ཕྱིར། རྒྱུ་མཚན་དེ་ཡང་གཉིས་ཏེ། འདྲ་བ་རྒྱུ་མཚན་དུ་བྱས་པ་དང༌། འབྲེལ་བ་རྒྱུ་མཚན་དུ་བྱས་པ་གཉིས་སོ། །བསྒྲུབ་བྱའི་ཆོས་ལ་བསྒྲུབ་བྱའི་མིང་གིས་བཏགས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ལ་གཉིས་ཡོད་པ་ལས། དགག་བྱའི་ཆོས་ལ་ཁྱབ་པ་འགལ་བའང་རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་པར་རྟོག་པ་དགག་པའི་ཆེད་ཡིན་པའི་ཕྱིར་དང༌། འགའ་ཞིག་དུ་སྡེབ་སྦྱོར་གྱི་ངོ་བོར་བྱས་ནས་བཏགས་པ་ཡིན་ནོ། །ཤེས་འདོད་ཆོས་ཅན་ལ་ཕྱོགས་ཆོས་སུ་བཏགས་པའི་དགོས་པ་ནི། ཕྱོགས་ཆོས་ཞེས་མ་བརྗོད་པར་ཆོས་ཅན་གྱི་ཆོས་ཞེས་བརྗོད་ན། ཚུལ་དང་པོ་ལ་མི་གོ་བར་མཐུན་དཔེ་ཆོས་ཅན་ནམ། མི་མཐུན་དཔེའི་ཆོས་ཅན་ལ་ཡོད་པའང་ཚུལ་དང་པོ་ཡིན་ནམ་སྙམ་པའི་འཁྲུལ་པ་སྐྱེ་སྲིད་པས་དེ་སྤང་བའི་ཕྱིར་ཡིན་ནོ། །དེ་ལ་དབང་ཕྱུག་སྡེ་ན་རེ། ཆོས་ཅན་ལ་ཡོད་པ་ཞེས་བརྗོད་ཀྱང་མཐུན་དཔེ་ལ་མི་གོ་སྟེ། མཐུན་ཕྱོགས་ལ་ཡོད་ཅེས་པའམ་དེའི་ཆོས་ཁྱབ་ཅེས་བརྗོད་པས་མཐུན་དཔེ་ལ་མེད་པར་བསྟན་པའི་ཕྱིར། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན་ཚུལ་དང་པོ་ཉིད་གོ་བར་འགྱུར་རོ་ཞེ་ན། དེ་མི་འཐད་དེ། མཐའ་དེ་ལྟར་བཀག་ན་རྩོད་པ་བརྒྱུད་པས་ཡུན་རིང་དུ་འགོར་བའི་ཕྱིར། གལ་ཏེ་དེ་གཉིས་ཀ་ལྟར་མི་བརྗོད་པར་ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་རང་མིང་ནས་སྨོས་ན་གོ་བདེའོ། །ཁར་ཟན་འཇུག་པ་ལ་ལྟག་པ་ནས་བསྐོར་ཅི་དགོས་སྙམ་ན། ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་དངོས་མིང་དེ་ལྟར་བརྗོད་ན་འགྲུབ་མོད། འོན་ཀྱང་ཤེས་འདོད་ཆོས་ཅན་གྱི་ཆོས། རྗེས་འགྲོ་ལྡོག་པ་ཞེས་ཚུལ་གསུམ་བརྗོད་པ་ཡི་གེ་མི་མཉམ་པས་བརྗོད་མི་བདེ་བ་དང༌། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་ཞེས་སོགས་ཀྱི་སྡེབ་སྦྱོར་མི་འགྲིག་པས་མཁས་པ་རྣམས་ཀྱིས་བཏང་སྙོམས་སུ་མཛད་དོ། །དེས་ན་ལོག་རྟོག་སྐྱེ་ཞིང་བརྗོད་དཀའ་བ་དེ་དག་དོར་ནས་ལོག་རྟོག་མེད་ཅིང་བརྗོད་བདེ་བས་བདེ་བླག་ཏུ་རྟོགས་པའི་ཕྱིར་ཤེས་འདོད་ཆོས་ཅན་ལ་ཕྱོགས་ཞེས་གསུངས་སོ། །གསུམ་པ་ནི། པཱཎྚི་ཏ་སུརྻ་འཐེང་པོ་ན་རེ། དེ་ལྟར་བརྗོད་ན་བརྗོད་བདེ་མོད། ཕྱོགས་ཆོས་དང༌། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན། དོན་ལ་ལོག་རྟོག་མི་ཁེགས་པར་མཚུངས་ཏེ། ཕྱོགས་ཀྱི་སྒྲ་ཆོས་དང་ཆོས་ཅན་དང་ཚོགས་དོན་གཉིས་ཀ་ལ་འཇུག་པས་བསྒྲུབ་བྱའི་ཆོས་དང༌། ཚོགས་དོན་ལ་རྟགས་ཡོད་པའང་ཚུལ་དང་པོ་ཡིན་ནམ་སྙམ་པའི་ལོག་རྟོག་སྐྱེ་ཞིང༌། དེ་སྐྱེས་ན་མིག་གི་གཟུང་བྱས་སྒྲ་མི་རྟག་པར་སྒྲུབ་པ་ལའང༌། རྟགས་ཆོས་རྗེས་སུ་དཔག་བྱ་ལ་ཡོད་པས་ཚུལ་དང་པོ་དང་རྗེས་སུ་འགྲོ་ལྡོག་གཉིས་ཚང་བས་རྟགས་ཡང་དག་ཡིན་ནམ་སྙམ་པའི་ལོག་རྟོག་སྔ་མ་བཞིན་དུ་སྐྱེའོ་ཞེ་ན། ཕྱོགས་ཆོས་དང༌། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན། སྐྱོན་ཡོད་མེད་མཚུངས་པ་མིན་པར་ཐལ། ཆོས་ཅན་གྱི་ཆོས་ཞེས་བརྗོད་ན། ཤེས་འདོད་ཆོས་ཅན་དང་མཐུན་དཔེ་དང་མི་མཐུན་དཔེའི་ཆོས་ཅན་གསུམ་ལ་གྲགས་ལ། ཕྱོགས་ཆོས་ཞེས་བརྗོད་ན། ཚུལ་དང་པོ་ཁོ་ན་ལ་གྲགས་ཀྱི་གཞན་གཉིས་ལ་མ་གྲགས་པའི་སྒོ་ནས་ཁྱད་པར་ཡོད་པའི་ཕྱིར། དེ་ཡང་འདི་ལྟར་ཕྱོགས་ཆོས་ཞེས་པའི་སྤྱི་སྒྲ། བྱེ་བྲག་ཆོས་དང་འབྲེལ་བ་ན་རྩོད་གཞིའི་ཆོས་ཅན་ལ་རྟགས་ཡོད་པ་ཉིད་ལ་འཇུག་སྟེ། དཔེར་ན་ལག་པ་ཞེས་པའི་སྤྱི་སྒྲ། བྱེ་བྲག་ལྡན་པ་དང་འབྲེལ་བ་ན་བྱེ་བྲག་གླང་པོ་ཉིད་ལ་འཇུག་པ་བཞིན་ནོ། །ཆོས་ཅན་ཞེས་པའི་སྤྱི་སྒྲ་བྱེ་བྲག་ཆོས་དང་འབྲེལ་ཡང་ཚུལ་དང་པོ་ཉིད་ངེས་མི་ནུས་པར་མཐུན་དཔེ་དང་མི་མཐུན་དཔེ་གཉིས་ཀ་ལའང་འཇུག་སྟེ། དཔེར་ན་མགོ་ཞེས་པའི་སྤྱི་སྒྲ་བྱེ་བྲག་ལྡན་པ་དང་འབྲེལ་ཡང༌། གླང་པོ་ཆེ་ལྟ་བུ་གཅིག་ལ་མི་འཇུག་པར་མགོ་ཡོད་པ་ཐམས་ཅད་ལ་མགོ་ལྡན་ཞེས་པ་འཇུག་སྟེ། མགོ་ཡོད་པ་ཐམས་ཅད་ལ་མགོ་ལྡན་དུ་གྲགས་པས་བྱེ་བྲག་གཅིག་ཁོ་ན་མི་གོ་བ་བཞིན་ནོ། །འདི་ལས་གཞན་པའི་ལན་འདེབས་ཚུལ་མང་པོ་ཡོད་མོད་ཀྱི། འདི་གྲགས་པ་ལ་དངོས་པོ་སྟོབས་ཞུགས་རྩོད་པ། ལག་པ་དང་ལྡན་པའི་མིའང་ལག་ལྡན་དུ་ཐལ་ཞེས་རྩོད་པ་དང་མཚུངས་པས། ལྷ་རྣམས་དགའ་བར་བྱེད་པའི་རྟོག་དཔྱོད་ཁོ་བོས་མ་བཀོད་དོ་གསུང་ངོ༌། །འདི་ལ་ནི་གཞུང་འདི་མ་རྟོགས་པ་གཞན་དག་ནི་རིག་པ་ངལ་ཡང་དོན་མ་རྙེད་པར་ཟད་དོ། །དངོས་ལ་གནོད་བྱེད་ནི། བསྒྲུབ་བྱའི་ཆོས་དང་ཤེས་འདོད་ཆོས་ཅན་སོ་སོ་བ་ནི་ཆོས་ཅན། གཞན་དོན་སྐབས་ཀྱི་བསྒྲུབ་བྱ་མཚན་ཉིད་པ་མ་ཡིན་ཏེ། བསྒྲུབ་བྱའི་མཚན་ཉིད་ཚད་མས་གྲུབ་བསལ་མེད་པ་དང་དཔག་བྱར་བཟུང་བ་མེད་པའི་ཕྱིར་རོ། །གཉིས་པ་སྐབས་སུ་བབ་པའི་དོན་གྱི་ཁྱད་པར་ངེས་པར་བྱ་བ་ནི། ཤེས་འདོད་ཀྱི་སྒྲ་ལས་བྱེད་པོ་བྱ་བ་གསུམ་ལ་འཇུག་པ་ལས། ལས་སུ་གྱུར་པའི་ཡུལ་བསྒྲུབ་བྱའི་ཆོས་ལྡན་ཙམ་མིན་ཏེ། ཡང་དག་གི་མཐུན་དཔེ་ལ་ཁྱབ་ཆེས་ལ། འགལ་བའི་རྩོད་གཞི་ལ་མ་ཁྱབ་པས་སོ། །བྱེད་པ་པོ་འདོད་བཞིན་པའི་བློ་ཡང་མིན་ཏེ། གློ་བུར་བའི་རྗེས་དཔག་གམ། ལོག་རྟོག་དང༌། བློ་ཁ་མ་ཕྱོགས་པའི་གཞི་ལ་མ་ཁྱབ་པས་སོ། །དེས་ན་བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཡིན་ལ། དེ་ལ་འགོད་ཚུལ་ལྟར་ཡོད་པ་ཉིད་དུ་ངེས་པ་ནི་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་ནོ། །ཕྱོགས་ཆོས་ཀྱི་ལྟོས་གཞི་བསྟན་ཟིན་ཏོ། །གཉིས་པ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་ལ་གསུམ་སྟེ། གཞན་ལུགས་དགག རང་ལུགས་བཞག རྩོད་པ་སྤང་བའོ། །དང་པོ་ལ་ཕྱོགས་སྔ་མ་བརྗོད་པ་ནི། བོད་རྣམས་མཐུན་ཕྱོགས་ཀྱི་མཚན་ཉིད་བསྒྲུབ་བྱའི་ཆོས་ལྡན། མི་མཐུན་ཕྱོགས་ཀྱི་མཚན་ཉིད་བསྒྲུབ་བྱའི་ཆོས་དང་མི་ལྡན་པ། བསྒྲུབ་བྱའི་ཆོས་ཀྱི་སྟོང་མི་སྟོང་དུ་འདོད་པའང་དེ་ཉིད་ཡིན་ནོ་ཞེས་ཟེར་རོ། །ཕྱོགས་གཉིས་དངོས་འགལ་དུ་བསམས་ནས། ཤེས་བྱ་ཐམས་ཅད་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པར་སྨྲ་ཞིང༌། ཕྱོགས་གཉིས་ལ་གཉིས་མིན་གྱི་ཕུང་གསུམ་བྱུང་བར་དོགས་ནས་རྗེས་དཔག་ཚད་མའི་ཡུལ་ཅི་ཡིན་པ་མི་ཤེས་པའི་བོད་བསྡུས་པ་འགའ་ཞིག རྫས་ལྡོག་རྣམ་པར་ཕྱེ་སྟེ་སྒྲ་མི་རྟག་པ་སྒྲུབ་པ་ལྟ་བུ་རྫས་ལ་བརྟེན་པའི་ཆོས་སྒྲུབ་ན། རྫས་ལ་ཕྱོགས་གཉིས་སུ་ཁ་ཚོན་ཆོད་དོ། །ལྡོག་པ་ལ་ཕུང་གསུམ་བྱུང་ཡང་སྐྱོན་མིན་ཏེ། ལྡོག་པ་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར། སྟོང་ཉིད་མེད་དགག་གི་ཐ་སྙད་བྱར་རུང་སྒྲུབ་པ་ལྟ་བུ། ལྡོག་པའི་ཆོས་སྒྲུབ་ན་ལྡོག་པ་ལ་ཁ་ཚོན་ཆོད། རྫས་ལ་ཕུང་གསུམ་བྱུང་ཡང་སྐྱོན་མིན་ཏེ། རྫས་ལ་དགག་སྒྲུབ་མི་བྱེད་པའི་ཕྱིར་ཞེས་སྨྲའོ། །སྒྲུབ་ཚུལ་ཡང༌། རྫས་ཆོས་ལ་བྱས་པས་སྒྲ་མི་རྟག་པ་ལྟ་བུ་ངོ་བོ་གཅིག་ཏུ་སྒྲུབ་པ་དང༌། དུ་བས་ལ་མེ་ལྡན་ལྟ་བུ་ཐ་དད་ལྡན་པ་དང༌། ལྡོག་ཆོས་ལ་ཚུལ་གསུམ་ཚང་བས་བྱས་པའི་རང་ལྡོག་ལ་རྟགས་ཀྱི་ཐ་སྙད་བྱར་རུང་རྟེན་པར་སྒྲུབ་པ་ལ་སོགས་པ་གསུམ་མོ། །དེ་དག་གི་སྦྱོར་བའི་དོན་གསུམ་ཡང༌། བསྒྲུབ་བྱའི་ཆོས་ཐམས་ཅད་དུ་མཐུན་ཕྱོགས་དུ་ངེས་ལ། ཆོས་ཅན་དང་རྟགས་གཉིས་ཡང་དག་ལ་མཐུན་ཕྱོགས། འགལ་བ་ལ་མི་མཐུན་ཕྱོགས། མ་ངེས་པ་ལ་ཅི་རིགས་པར་འགྱུར་ཞེས་ཟེར་རོ། །གཉིས་པ་དེ་དགག་པ་ལ་གསུམ་སྟེ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པ། རྫས་ལྡོག་ཕྱེ་སྟེ་སྨྲ་བ། རང་ལྡོག་ལ་རྟེན་པའི་ཚུལ་མི་འཐད་པའོ། །དང་པོ་ལ་གཉིས་ལས། དང་པོ་ཕྱོགས་གཉིས་སུ་ཁ་ཚོན་མ་ཆོད་པ་ནི། རྫས་ལྡོག་ཇི་ལྟར་ཕྱེ་ན་ཡང་ཕྱོགས་སྔ་གཉིས་སུ་ངེས་ཞིང་ཁ་ཚོན་ཆོད་མི་ནུས་ཏེ། ཕྱོགས་གཉིས་ཀ་ལ་འཇུག་པ་སྟེ། གཉིས་ཡིན་གཉིས་མིན་གྱི་རྫས་ལྡོག་ཀྱང་མཁས་པ་རྣམས་ཀྱིས་སྒྲུབ་པར་མཐོང་བའི་ཕྱིར་ཏེ། ཇི་ལྟར་རྫས་ཆོས་སྒྲུབ་པའི་ཚེ་རྫས་ལ་ཁ་ཚོན་ཆོད་ན། ལ་མེ་ལྡན་དུ་སྒྲུབ་པ་ལ་སྐྱ་རྫས་ཆོས་ཅན། མེ་མེད་ཀྱི་རྫས་སུ་ཐལ། དེ་དུས་ཀྱི་རྫས་ཡིན་ཞིང་མེ་ཡོད་ཀྱི་རྫས་མིན་པའི་ཕྱིར། འདོད་ན། སྐྱ་རྫས་ཆོས་ཅན། དུ་བ་དང་རྫས་མི་གཅིག་པར་ཐལ། མེ་མེད་ཀྱི་རྫས་ཡིན་པའི་ཕྱིར། སྔ་མའི་རྟགས་མ་གྲུབ་ན། ཁ་བའི་དུམ་བུ་དེ་སྐྱ་རྫས་དང་རྫས་མི་གཅིག་པར་ཐལ། སྐྱ་རྫས་མེ་ཡོད་ཀྱི་རྫས་ཡིན་པའི་ཕྱིར། གལ་ཏེ་སྐྱ་རྫས་མེ་ཡོད་མེད་ཀྱི་རྫས་གཉིས་ཡིན་ནམ་གཉིས་ཀ་མིན། དང་པོ་ལྟར་ན། རྫས་ལ་ཁ་ཚོན་ཆོད་པ་ཉམས་སོ། །ཡང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་དོན་བྱེད་ནུས་པ་བཀོད་པ་ན། དེ་མཐུན་ཕྱོགས་ཡིན་ན། གློག་ཀྱང་རྩོལ་བྱུང་དུ་ཐལ། དོན་བྱེད་ནུས་པས་སོ། །མི་མཐུན་ཕྱོགས་ཡིན་ན། རྔ་སྒྲ་ཡང་རྩོལ་མ་བྱུང་དུ་ཐལ་ལོ། །གཉིས་ཀ་ཡིན་པའམ་གཉིས་ཀ་མིན་པ་ཡིན་ན་རྫས་ལ་ཁ་ཚོན་ཆོད་པ་ཉམས་སོ། །ཡང་མི་སྲིད་པར་སྒྲུབ་པའི་གཞལ་བྱ་དང༌། རྩོལ་བྱུང་དང་རྩོལ་མ་བྱུང་གི་སྒྲུབ་བྱེད་དུ་བྱས་པ་དང་མི་རྟག་པ་བཀོད་པ་དང༌། ལ་མེ་ལྡན་གྱི་རྒྱུ་སྐྱེད་ལྟ་བུ་ཕྱོགས་གར་འདུ། ཕྱུགས་པས་ཀྱང་ཕྱུགས་པ་ཉིད་དུ་ཟད་དོ། །སོ་སོར་ཕྱེ་སྟེ་དགོད་པར་བྱ་བ་ཉིད་དོ། །ལྡོག་ཆོས་སྒྲུབ་ན་ལྡོག་པ་ལ་ཁ་ཚོན་ཆོད་ན། བྱས་པ་སྒྲ་མི་རྟག་པར་སྒྲུབ་ཀྱི་རྟགས་སུ་སྒྲུབ་པ་ལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་བཀོད་པ་ན་དེ་སྐོར་གྱི་མི་མཐུན་ཕྱོགས་ཡིན་ན། དེས་སྒྲ་མི་རྟག་པར་སྒྲུབ་ནུས་པར་ཐལ་ལོ། །འདོད་ན། དེ་འགོད་ཚུལ་ལྟར་སྒྲ་ལ་མ་གྲུབ་པར་ཐལ་ལོ། །མི་མཐུན་ཕྱོགས་ཡིན་ན་མཚན་ཉིད་མཚོན་བྱས་སྟོང་པར་ཐལ་བ་དང༌། ཡང་དག་གི་རྟགས་དེའི་མཐུན་ཕྱོགས་སུ་འདོད་པ་བུད་དོ། །ཇི་ལྟར་སྨྲ་སོམས་ཤིག ཡང་སྟོང་ཉིད་མེད་དགག་དུ་སྒྲུབ་པ་ལ་སྒྲུབ་ཆོས་དོར་བ་བཀོད་པ་ན། སྒྲུབ་པ་ཆོས་ཅན། དེ་སྐོར་གྱི་མི་མཐུན་ཕྱོགས་སུ་ཐལ། དེ་སྐོར་གྱི་མཐུན་ཕྱོགས་ཡིན་པའི་ཕྱིར། མ་གྲུབ་ན་དེ་ལ་དགག་པའི་ཐ་སྙད་རྟེན་པར་ཐལ། འདོད་ན་སྒྲུབ་ཆོས་དོར་བ་བརྟེན་པར་ཐལ་ལོ། །བ་ལང་གི་ཐ་སྙད་མཚོན་བྱའི་ཐ་སྙད་དུ་སྒྲུབ་པ་ལ་བཏགས་ཡོད་ཆོས་གསུམ་ཚང་བ་བཀོད་པའི་རྟགས་འདི་ཆོས་ཅན། དེ་སྐོར་གྱི་མི་མཐུན་ཕྱོགས་སུ་ཐལ། རང་ལྡོག་ལ་མཚོན་བྱའི་ཐ་སྙད་མི་བརྟེན་པའི་ཕྱིར། འདོད་ན། རྟགས་ཡང་དག་ཡིན་པ་ཉམས་སོ། །མ་གྲུབ་ན་དེ་བཏགས་ཡོད་དུ་ཐལ་ལོ། །འདི་ལྟར་བཀོད་པ་ན་རིགས་པའི་དབང་ཕྱུག་གསུམ་བདག་ལ་ཐུགས་དགྱེས་པར་གྱུར་ཏོ། །དེ་བཞིན་དུ་ནོག་སོགས་མཚན་ཉིད་ཀྱི་ཐ་སྙད་དུ་སྒྲུབ་པ་ལ་རྫས་ཡོད་ཆོས་གསུམ་བཀོད་པ་ན། དེ་སྐོར་གྱི་བསྒྲུབ་བྱའི་ཆོས་ཅན་འདི་ཆོས་ཅན། རང་ལྡོག་ལ་རྟེན་པར་སྒྲུབ་པའི་ཚེ་མི་མཐུན་ཕྱོགས་སུ་ཐལ། རང་ལྡོག་ལ་བསྒྲུབ་བྱའི་ཆོས་དེ་མི་བརྟེན་པའི་ཕྱིར། རིགས་པ་འདི་རྣམས་སྦྱོར་སྐོར་རེ་ཙམ་ལ་ཚིག་ཟིན་བྱས་ཤིང༌། བསྡུས་ཆུང་རྣམས་ཀྱི་ཡིག་ནག་ལ་བློ་ངོམས་པས་རང་གིས་དཔྱོད་མི་ཤེས་ཀྱང༌། སྤྲེའུ་ལྟར་གཞན་གྱི་ལད་མོ་ཁོ་ནས་མི་ཚེ་འབྱིད་པའི་ཁ་བ་ཅན་གྱི་རྟོག་གེ་བ་ལས་ལ་བྲེ་མོའི་གཏམ་དུ་མ་འཁྱེར་ཤིག བརྟགས་ན་མི་འཐད་པ་ནི། དོན་རང་མཚན་ལ་དགག་སྒྲུབ་དངོས་བྱེད་ན་ནི། རྗེས་དཔག་ཚད་མའི་ཡུལ་ཅི་ཡིན་པ་མི་ཤེས་པར་ཐལ་བར་འགྱུར་རོ། །ཅི་སྟེ་ཞེ་ན། གལ་ཏེ་རྗེས་དཔག་རང་མཚན་ལ་དངོས་སུ་འཇུག་ན། རྟགས་ཡང་དག་རང་གི་བསྒྲུབ་བྱ་ལ་སེལ་འཇུག་མིན་པར་ཐལ་ལོ། །གལ་ཏེ་བློ་ངོར་དགག་སྒྲུབ་བྱེད་ན་ནི་བསྒྲུབ་བྱའི་ཆོས་ཡོད་དུ་ངེས་པ་མཐུན་ཕྱོགས། བསྒྲུབ་བྱའི་ཆོས་མེད་དུ་ངེས་པ་མི་མཐུན་ཕྱོགས། གཉིས་ཀར་མ་ངེས་པ་ཕུང་པོ་གསུམ་པ་ཅི་སྟེ་ཡོད་པར་མི་འགྱུར། །གཞན་ཡང་ཤེས་འདོད་ཆོས་ཅན་ཚུལ་གསུམ་གྱི་ནང་ནས་ཚུལ་དང་པོ་ཁོ་ནའི་ལྟོས་གཞི་མིན་པར་ཐལ། རྗེས་སུ་འགྲོ་ལྡོག་གང་རུང་གི་ལྟོས་གཞིར་ཡང་འགྱུར་བའི་ཕྱིར། གཏན་ཚིགས་མ་གྲུབ་ན། ཕྱོགས་དང་མཐུན་ཕྱོགས་གང་རུང་གཅིག་ཡིན་པར་འགལ་ལོ། །ཡང་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་ཚུལ་ལོགས་ཤིག་ཏུ་ཚུལ་དང་པོའི་ལྟོས་གཞི་བཞག་ཏུ་མེད་པར་ཐལ་ལོ། །འདོད་ན་འདི་ལ་ཕྱོགས་ཆོས་དཀའ་བས་ཏེ་མི་སྲིད་པར་འགྱུར་ཏེ། ཚུལ་དང་པོའི་ལྟོས་གཞིའི་ཕྱོགས་སུ་གདགས་པའི་ཆོས་ཅན་ཕྱོགས་སུ་ཉེ་བར་གདགས་པ་མི་འདོད་པའི་ཕྱིར། གཞན་ཡང་ཚུལ་དང་པོའི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་སུ་ངེས་ན། ལྟོས་གཞི་གཞན་གཉིས་ཀྱི་མཐུན་ཕྱོགས་ཉིད་ལ་ཡོད་པར་ངེས་པ་རྗེས་འགྲོ་དང༌། མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ལྡོག་པ་ཡིན་ནོ་ཞེས་ཀྱང་བརྗོད་དཀའ་བར་ཐལ་ལོ། །ཡང་དག་གི་རྩོད་གཞི་མཐུན་ཕྱོགས་ཡིན། འགལ་བའི་རྩོད་གཞི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། དེས་ན་མཐུན་དཔེའི་མཐུན་ཕྱོགས་ལ་ཡོད་པ་རྗེས་འགྲོ་དང༌། མི་མཐུན་དཔེའི་མི་མཐུན་ཕྱོགས་ལ་མེད་པ་ལྡོག་པ་ཞེས་བརྗོད་དགོས་ཏེ། གཞན་དུ་ན་ཚུལ་གསུམ་འཇུག་པ་འཆོལ་བར་འགྱུར་རོ། །དེ་ལྟར་བརྗོད་ན་སྡེ་བདུན་ནས་བཤད་པའི་རྣམ་གཞག་ཐམས་ཅད་འཇིག་གོ །གཞན་ཡང་རྟགས་ཤེས་འདོད་ལ་ཇི་ལྟར་འགོད་བྱ་ལྟར་གྲུབ་པས་ཕྱོགས་ཆོས་ཀྱང་ཡིན་ལ། དེ་ཉིད་ཡང་དག་གི་སྐབས་སུ་མཐུན་ཕྱོགས། འགལ་བའི་སྐབས་སུ་མི་མཐུན་ཕྱོགས་ཡིན་པས་ཕྱོགས་ཆོས་དང་ཕྱོགས་གཉིས་པོ་གཅིག་ལ་ལྡོག་པས་འབྱེད་ན་ནི་རྟགས་ཀུན་ཕྱོགས་གཉིས་སུ་ལྷུང་ཞིང་རྒྱ་ཆད་པས་མ་ངེས་པ་མི་སྲིད་པར་འགྱུར་རོ། །ཇི་ལྟར་ཞེ་ན། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་གཉིས་ཀ་ལ་འཇུག་པའི་མ་ངེས་པའི་གཏན་ཚིགས་མིན་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་གཉིས་གང་རུང་གཅིག་ཏུ་ངེས་པའི་ཕྱིར། མཉན་བྱ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་གཉིས་ཀ་མ་མཐོང་བ་མིན་པར་ཐལ། ཤེས་འདོད་ཆོས་ཅན་ལ་མཐོང་བའི་ཕྱིར་རོ། །ཁྱབ་པ་རང་ཉིད་ཀྱིས་ཁས་བླངས་ཤིང༌། ཕྱོགས་གཉིས་སུ་མ་འདུས་པའི་ཕུང་གསུམ་ཡོད་པར་ཡང་ཁས་བླངས་པར་འགྱུར་ཏེ། ཆོས་ཅན་ལ་མཐོང་ཡང་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་མ་མཐོང་བའི་ཕྱིར་རོ། །གཙང་ནག་པ་ཚོགས་དོན་མཐུན་ཕྱོགས་ཉིད་ཡིན་ན། དེ་ཡི་ཡང་དག་དེ་ལྡན་ཉིད། །ཅེས་པས། ཚོགས་དོན་མཐུན་ཕྱོགས་ཡིན་པས་དེའི་ཡང་དག་ཆོས་ཀྱང་མཐུན་ཕྱོགས་ཡིན་ཟེར་རོ། །འོ་ན་དབྱུག་པ་གྲུབ་པས་དབྱུག་པ་ཅན་ཡང་གྲུབ་པར་ཐལ། ཚོགས་དོན་མཐུན་ཕྱོགས་ཡིན་ན་བསྒྲུབ་བྱའི་ཆོས་ཀྱང་མཐུན་ཕྱོགས་ཡིན་དགོས་པའི་ཕྱིར་རོ། །གཞན་ཡང་ཚོགས་དོན་བསྒྲུབ་བྱ་ཡིན་པས་བསྒྲུབ་བྱའི་ཆོས་ཀྱང་བསྒྲུབ་བྱ་ཡིན་པར་ཐལ་བར་འགྱུར་རོ། །གཞན་ཡང་ཚུལ་དང་པོའི་ལྟོས་གཞི་ཤེས་འདོད་ཆོས་ཅན་དང༌། རྗེས་སུ་འགྲོ་ལྡོག་གི་ལྟོས་གཞི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་དང་གསུམ་དུ་འདོད་པ་དང༌། ཆོས་ཅན་མ་རྟོགས་པའི་ཕྱོགས་གཉིས་ཀ་ལ་འཇུག་པའི་མ་ངེས་པ་ཡོད་བཞིན་དུ། ཕྱོགས་གཉིས་སུ་ཁ་ཚོན་ཆོད་པར་འདོད་པ་འགལ་བས་སྨྱོན་པའི་འཇུག་པའོ། །འོན་ཏེ་ལྟོས་གཞིའང་གཉིས་སུ་འདོད་ན་ནི་དེ་ལ་ལྟོས་པའི་རྟགས་ཀྱང་ཚུལ་གཉིས་པར་འགྱུར་རོ། །མདོར་ན་ཤེས་བྱ་ཐམས་ཅད་སྦྱོར་བ་སྐོར་གཅིག་གི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་སུ་ངེས་པ་སློབ་དཔོན་མི་བཞེད་དེ། མདོ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་དེ་རེ་དག་ལ་ཡང༌། །ཞེས་པའི་སྐབས་སུ་རྗེས་སུ་འགྲོ་ལྡོག་གི་ལྟོས་གཞིའི་ཕྱོགས་གཉིས་ལས་ཚུལ་དང་པོའི་ལྟོས་གཞི་ལོགས་ཤིག་ཏུ་རྣམ་པར་བཞག་པའི་ཕྱིར། གཞན་ཡང་རྗེས་འགྲོ་ངེས་བཟུང་གི་རྟགས་ཆོས་ཅན་ལ་ཡོད་པ་གཅོད་པའི་དགོས་པ་མི་སྲིད་པར་ཐལ། ཆོས་ཅན་མཐུན་ཕྱོགས་སུ་ངེས་པའི་ཕྱིར། རྗེས་འགྲོ་སྟོན་པ་ཤེས་འདོད་དང༌། ཆོས་ཅན་སྒྲས་བསྡུ་བ་དགོས་པ་མེད་པར་ཐལ། ཆོས་ཅན་མཐུན་ཕྱོགས་སུ་ངེས་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་ངེས་ལས། དེ་དང་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་ཕྱིར་ཆོས་ཅན་ལ་མེད་པར་འགྱུར་རོ་ཞེ་ན། མིན་ཏེ་གཞན་དགག་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡོད་པར་གྲུབ་པར་སྡུད་པའི་ངེས་པར་བཟུང་བས་ནི་གཞན་རྣམས་གཅོད་པ་ཡིན་ཏེ། དང་པོ་ར་ལ་བུ་གཉིས་སྐྱེས་འགྱུར་ཏེ། ན་ར་དང་ནི་སྲེད་མེད་བུ་ཉིད་དོ་ཞེས་སོ། །གཉིས་པ་རྫས་ལྡོག་ཕྱེས་ཏེ་སྒྲུབ་པ་མི་འཐད་པ་ནི། རྫས་ལྡོག་སོ་སོར་ཕྱེ་ནས་ཡུལ་ལ་འཇུག་ན་བླང་དོར་གྱི་ཐ་སྙད་ཐམས་ཅད་འཇིག་པ་སྟེ་རྒྱུན་ཆད་པར་འགྱུར་རོ། །དོན་རང་མཚན་རྟོག་པ་ལ་མི་སྣང༌། རྟོག་པའི་སྣང་ཡུལ་གྱིས་དོན་བྱེད་མི་ནུས་ཞིང་རྟོག་པ་ལ་སྣང་བ་དེ་ལ་ཕྱི་རོལ་དུ་མ་ཞེན་ན་རྟོག་པས་འཇུག་ལྡོག་མི་ནུས་ལ། ཞེན་ན་དེ་ཉིད་རྫས་ལྡོག་མ་ཕྱེ་བ་ཡིན་ནོ། །གསུམ་པ་རང་ལྡོག་ལ་བརྟེན་ནས་སྒྲུབ་པའི་ཚུལ་མི་འཐད་པ་ནི། རང་ལྡོག་ལ་བརྟེན་ནས་སྒྲུབ་པ་ཞེས་པ་བདག་གཅིག་ན་ངོ་བོ་དབྱེར་དུ་སྒྲུབ་པར་འདུ་ལ། ཐ་དད་དུ་བརྟེན་ན་དེ་བྱུང་དུ་འདུ་བས་དེ་གཉིས་ལས་ཐ་དད་དུ་བཏགས་པའི་ཚུལ་འདི་སྙིང་པོ་མེད་དོ། །བཀག་པ་ལ་མི་འཐད་པ་སྤང་བ་ནི། གལ་ཏེ་ཕྱོགས་གཉིས་དངོས་འགལ་མིན་ན། རྟགས་མི་མཐུན་ཕྱོགས་ལ་ཁེགས་པས་མཐུན་ཕྱོགས་ལ་ཡོད་པའི་རྗེས་འགྲོ་འཕེན་མི་ནུས་ཤིང༌། དགག་བྱ་ཁེགས་པས་བསྒྲུབ་བྱ་མི་འགྲུབ་པར་ཐལ་བས་དགག་སྒྲུབ་ཀྱི་རྣམ་གཞག་འཇིག་གོ་ཞེ་ན། ཕྱོགས་གཉིས་དངོས་འགལ་དུ་གྲུབ་པའི་གནད་ཀྱིས་དགག་བྱ་ཁེགས་པས་བསྒྲུབ་བྱ་འགྲུབ་པ་འབྱུང་བ་མ་ཡིན་གྱི། ཚད་མའི་སྟོབས་ངེས་པས་དུ་བའམ་བྱས་པ་མེའམ་མི་རྟག་པ་ལ་འབྲེལ་བར་ངེས་པས་དུ་བའམ་བྱས་པ་མེ་མེད་དང་རྟག་པ་ལ་འཇུག་མི་སྲིད་པར་འགལ་བར་ངེས་པར་གྲུབ་བོ། །དེ་ལྟར་ངེས་ན་ཁྱབ་པ་ངེས་པའི་བློ། རྩོད་གཞི་ཕྱོགས་གཉིས་གང་རུང་དུ་མ་ངེས་པར་རྗེས་སུ་འགྲོ་ལྡོག་མི་ངེས་པར་ཐལ། བློ་དེས་ཕྱོགས་གཉིས་ལ་ཕུང་གསུམ་མ་ཁེགས་པའི་ཕྱིར། དེའང་ཆོས་ཅན་མཐུན་ཕྱོགས་སུ་དགོས་པའི་ཕྱིར་རྗེས་ཟློས་མཁན་དག་སོམས་ཤིག་ཨང༌། གཉིས་པ་རང་ལུགས་བཞག་པ་ལ་གཉིས་ལས། གང་ལ་ལྟོས་པའི་རྗེས་སུ་འགྲོ་ལྡོག་ངེས་པ་ནི། རྟགས་དང་བསྒྲུབ་བྱའི་ཆོས་འབྲེལ་བའི་སྟོབས་ཀྱིས་རྟགས་ཡོད་ན་ཆོས་ཡོད་པ་རྗེས་འགྲོའི་ཚུལ་དང༌། ཆོས་ལོག་པས་རྟགས་ལྡོག་པ་ནི་ལྡོག་པའི་ཚུལ་དང་གཉིས་ཡིན་ནོ། །རྗེས་འགྲོའི་ཁྱབ་པ་ནི་རང་གི་བསྒྲུབ་བྱའི་ཆོས་ཀྱི་ཁྱབ་བྱར་མཐུན་དཔེའི་སྟེང་དུ་ཚད་མས་ངེས་པ། ལྡོག་ཁྱབ་ནི་མི་མཐུན་དཔེའི་སྟེང་དུ་རང་གི་དགག་བྱའི་ཆོས་ཁྱབ་བྱར་ངེས་པའོ། །མཐུན་ཕྱོགས་ནི་ཕྱོགས་བཏགས་པ་བ་ཤེས་འདོད་ཆོས་ཅན་དང༌། བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཚུངས་པར་ངེས་པ་ནི་མཐུན་པའི་ཕྱོགས་ཀྱིས་མཚན་ཉིད་ཡིན་ཏེ། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིའི་དོན་མཚུངས་པར་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་བར་ངེས་པ་ནི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཡིན་ནོ། །དབྱེ་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ན། མི་རྟག་པ་མིན་པར་ངེས་པའི་ཤེས་བྱ་ནི་གཞན་པ་མི་མཐུན་ཕྱོགས་དང༌། མི་རྟག་པ་མིན་པར་ངེས་པའི་རྟག་པ་ནི་འགལ་བ་མི་མཐུན་ཕྱོགས། མི་རྟག་པ་མིན་པར་ངེས་པའི་ནམ་མཁའ་དང་རི་བོང་གི་རྭ་ལ་སོགས་པ་ནི་མེད་པ་མི་མཐུན་ཕྱོགས་ཏེ་གསུམ་མོ། །མཐུན་ཡུལ་ངོས་བཟུང་བ་ནི། ཕྱོགས་བཏགས་པ་བ་ཤེས་འདོད་ཆོས་ཅན་གྱི་གཞན་སེལ་སྣང་བཏགས་སོ་སོར་མ་ཕྱེ་བ་ཉིད་ཡིན་གྱི། དེའི་སྒྲ་དོན་རྐྱང་པ་དང་ཚོགས་དོན་གཉིས་མིན་ནོ། །རང་ལུགས་བཞག་པ་འདི་ལ་གཞན་གྱི་ཀླན་ཀ་གསུམ་མེད་དེ། འདི་ལྟར་འགའ་ཞིག་ཁྱབ་པ་གྲུབ་དུས་ན་བསྒྲུབ་བྱ་གྲུབ་ཟིན་པར་ཐལ། རྟགས་མཐུན་ཕྱོགས་ཉིད་ལ་ཡོད་པའི་རྗེས་འགྲོ་ངེས་པ་མཐུན་ཕྱོགས་ངེས་པ་ལ་ལྟོས་ལ། དེ་གྲུབ་པ་ལ་ཕྱོགས་བཏགས་པ་བ་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཡོད་དུ་མཐུན་པ་ལ་ལྟོས་ཤིང༌། དེ་ལའང་ཆོས་ཅན་ལ་བསྒྲུབ་བྱའི་ཆོས་གྲུབ་པ་ལ་ལྟོས་པའི་ཕྱིར་ཞེ་ན། ཚང་མང་དུ་དུ་བ་མེ་དང་འབྲེལ་བར་ངེས་ནས་ལ་ལའང་དུ་བས་མེ་སྒྲུབ་པ་ན། མཐུན་དཔེ་ཚང་མང་ལ་མཐུན་ཕྱོགས་ཀྱི་ཐ་སྙད་འཇོག་གོ །དེས་ན་མེ་དུ་བའི་འབྲེལ་བ་གྲུབ་པའི་ཚང་མང་འདི་དང་ལ་གཉིས་མེ་དང་ལྡན་པར་མཐུན་ནོ་ཞེས་རྒོལ་བས་བསྒྲུབས་ནས་ཕྱི་རྒོལ་ལ་སྟོན་པས་སྐྱོན་མེད་དོ། ཡང་ན་ཆོས་ཅན་ལ་ཡོད་པར་ཚད་མས་མ་གྲུབ་ཀྱང་བློས་ཆོས་ཅན་ལ་ཆོས་བཟུང་ཙམ་ཡོད་དེ། རྟགས་ཀྱི་ནུས་ཡུལ་དུ་བློས་བཟུང་བའི་ཕྱིར་དེ་དང་མཐུན་པར་འཇོག་གོ །ཡང་སྒྲ་ཆོས་ཅན། རྟག་ཏེ། གཞལ་བྱ་ཡིན་པའི་ཕྱིར་ཅེས་བཀོད་པ་ན། འགལ་བར་ཐལ། སྒྲ་རྟག་པ་དང་ཆོས་མཐུན་དུ་མེད་པའི་ཕྱིར་དང་མི་མཐུན་ཕྱོགས་ཉིད་ལ་འཇུག་པའི་ཕྱིར་ཟེར་ན། དོན་ལ་སྒྲ་རྟག་པའི་རང་མཚན་ཆོད་ཀྱང༌། སྒྲ་རྟག་པར་སྒྲུབ་འདོད་བཞུགས་པའི་གང་ཟག་གི་ངོར། གཞན་སེལ་བའི་སྒྲ་རྟག་པ་ཡོད་པས། དེ་དང་མཐུན་པའི་ནམ་མཁའ་སོགས་དང་མི་མཐུན་པ་བུམ་པ་སོགས་གཉིས་ཀ་ལ་གཞལ་བྱས་ཁྱབ་པའི་ཕྱིར་མ་ངེས་པ་ཡིན་གྱི་འགལ་བར་ག་ལ་འགྱུར། །གཞན་ཡང་དེ་དང་མཐུན་པ་ཞེས་འབྱུང་བའི་མཐུན་ཡུལ་ཤེས་འདོད་ཆོས་ཅན་དུ་བཞག་ནས། དེ་དང་མཐུན་པའི་ཕྱོགས་ལ་རྗེས་འགྲོའི་ཚུལ་བཞག་པ་ནི་རྟགས་ཡང་དག་གི་དབང་དུ་བྱས་པ་ཡིན་པས་སྐྱོན་མེད་དོ། །ཡང་རྟགས་ཡང་དག་གི་རྩོད་གཞི་ཆོས་ཅན། མི་མཐུན་ཕྱོགས་སུ་ཐལ། རང་ཉིད་རང་དང་མཚུངས་པ་མིན་པའི་ཕྱིར་ཟེར་ན། ཁྱབ་པ་མེད་ཅིང་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པའི་རྟགས་མ་གྲུབ་སྟེ། ཡང་དག་གི་རྩོད་གཞི་མཐུན་ཡུལ་ཡིན་པའི་ཕྱིར་མི་མཐུན་ཕྱོགས་སུ་ག་ལ་འགྱུར། །སློབ་དཔོན་གྱིས་དེ་མཚུངས་པ་ཉིད་ལ་ཞེས་ངེས་པར་བཟུང་བའི་ཕྱིར། ཆོས་ཅན་ལ་མེད་པར་འགྱུར་ཞེ་ན། མ་ཡིན་ཏེ། གཞན་དགག་པའི་དོན་གྱི་ཕྱིར་རོ། །དེ་ལ་ཡོད་པར་གྲུབ་པ་བསྡུས་པའི་ངེས་པར་བཟུང་བ་ནི། གཞན་རྣམ་པར་གཅོད་པ་ཡིན་ཏེ། དང་པོ་ར་ལ་བུ་གཉིས་སྐྱེས་འགྱུར་ཏེ། །ན་ར་དང་ནི་སྲེད་མེད་བུ་ཉིད་དོ། །ཞེས་བྱ་བ་ལྟ་བུའོ་ཞེས་མཐུན་ཕྱོགས་ཉིད་ལ་ཡོད་པའི་ངེས་བཟུང་གིས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་གི ཆོས་ཅན་ལ་ཡོད་པ་མི་འགོག་པར་གསུངས་པའི་གཞུང་གི་དགོངས་པའང་འདི་ཉིད་ཡིན་ནོ། །གཉིས་པ་ནི། ཆོས་དུ་མ་གཅིག་ཏུ་འདུས་པའི་ཡན་ལག་ཅན་གྱི་རྫས་མི་སྲིད་ལ། དོན་རང་མཚན་ལ་རྫས་སུ་བྱས་པ་ནི་དངོས་པོ་ལས་གཞན་མིན་ལ། གཞན་སེལ་ལས་གཞན་པའི་ལྡོག་པ་མེད་ཅིང་ལྡོག་པ་གཞན་སེལ་ཡིན་ལ། དེ་ལ་རྟོག་པས་སྒྲོ་བཏགས་པ་མ་གཏོགས་ངོ་བོར་གྲུབ་པ་མེད་པས་དངོས་མེད་ཡིན་པ་དེས་ན་འཇུག་པའི་ཚེ། རྫས་ལྡོག་གཅིག་ཏུ་འཁྲུལ་པ་ཉིད་ལ་དགག་སྒྲུབ་བྱེད་པས་སྣང་བཏགས་སོ་སོར་མ་ཕྱེ་བ་ཉིད་རྟགས་ཀྱི་དགག་སྒྲུབ་ཀྱི་ཡུལ་ཡིན་ནོ། །གསུམ་པ་གཞན་སེལ་གྱི་དགག་སྒྲུབ་ཀྱི་དབྱེ་བ་ནི། ཡོད་པའི་ཆོས་དངོས་པོའི་ཉེར་ལེན་ཅན་བུམ་པ་ལ་སོགས་པ་དང༌། མེད་པའི་ཆོས་དངོས་པོའི་ཉེར་ལེན་མིན་པ་སྐྱེ་མེད་ཉིད་ལ་སོགས་པ་དང༌། གཉིས་ཀའི་ཆོས་ཤེས་བྱ་ཉིད་ལ་སོགས་པ་གསུམ་པོའང་རྟོག་པས་ཕྱི་རོལ་དུ་ཞེན་ནས་ཡུལ་དུ་འཇོག་ལ། དེ་ལྟ་བུའི་ཡུལ་སྒྲ་དོན་གསུམ་ལ་བརྟེན་ནས་ཆོས་དོན་དང་ཐ་སྙད་གཉིས་སྒྲུབ་ལ། དེ་ལའང་དོན་ཡོད་པ་དང་མེད་པ་གཉིས། ཡོད་པའི་ཐ་སྙད་དང་མེད་པའི་ཐ་སྙད་གཉིས་ཏེ་བཞིའོ། །དེའང་རྟགས་གསུམ་པོས་དོན་ལ་དགག་སྒྲུབ་བྱེད་ན་དོན་སྒྲུབ་དང༌། ཐ་སྙད་ལ་དགག་སྒྲུབ་བྱེད་ན་ཐ་སྙད་སྒྲུབ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ལས། ཕྱོགས་གཉིས་སུ་དཔྱད་ན་མི་འཐད་པ་སྤང་བ་ནི། ཁྱེད་རྫས་ལྡོག་མ་ཕྱེ་བར་སྒྲུབ་པ་ལྟར་ན། དུ་བའི་རྟགས་ལས་ལ་ལ་མེ་སྒྲུབ་པའི་ཚེ་སྐྱ་བོའི་རྫས་ཙམ་ཕྱོགས་གཉིས་གར་འདུ། སྒྲ་མི་རྟག་སྒྲུབ་པའི་ཚུལ་གསུམ་ངེས་པའི་རྟགས་ལས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་དུ་སྒྲུབ་པའི་ཚེ། ཤེས་བྱ་ཙམ་ཕྱོགས་གཉིས་གར་འདུ་དཔྱད་ན། སྔར་ལྟར་སྐྱོན་འབྱུང་བས་ཚད་མའི་རྣམ་གཞག་འཇིག་གོ་ཞེ་ན། ཁོ་བོ་ཅག་གི་ལུགས་ལ། བློ་ངོར་ཕུང་པོ་གསུམ་པ་འཐད་དེ། དུ་བས་མེ་སྒྲུབ་པའི་ཚེ་མེ་ཡོད་དུ་ངེས་པའི་སྐྱ་བོའི་ལོག་པ་མཐུན་ཕྱོགས། མེ་མེད་དུ་ངེས་པའི་སྐྱ་བོའི་ལོག་པ་མི་མཐུན་ཕྱོགས། མེ་ཡོད་མེད་གང་དུའང་མ་ངེས་པའི་སྐྱ་བོའི་ལོག་པ་གཉིས་མིན་གྱི་ཕུང་གསུམ་ཡིན་པའི་ཕྱིར་དང༌། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ངེས་པའི་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་དུ་སྒྲུབ་པའི་ཚེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ངེས་པའི་ཤེས་བྱའི་ལོག་པ་མཐུན་ཕྱོགས། དེ་ལྟར་སྒྲུབ་པའི་རྟགས་ཡང་དག་མིན་པར་ངེས་པའི་ཤེས་བྱའི་ལོག་པ་མི་མཐུན་ཕྱོགས། དེ་ལྟར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་གང་དུའང་མ་ངེས་པའི་ཤེས་བྱའི་ལོག་པ་གཉིས་མིན་གྱི་ཕུང་གསུམ་ཡིན་པའི་ཕྱིར། དེའི་ཕྱིར་ཁྱེད་ལ་བརྗོད་པའི་སྐྱོན་ལས་གྲོལ་བས་བློ་ངོར་ཕུང་གསུམ་སྲིད་ཅིང་དགག་སྒྲུབ་བྱེད་པའི་ཚད་མའི་རྣམ་གཞག་འཐད་དོ། །དེ་ལྟར་ན་ཤེས་བྱ་ལ་དངོས་པོ་དངོས་མེད་གཉིས་སུ་ཁ་ཚོན་མ་ཆོད་པར་ཐལ། ཤེས་བྱ་ཙམ་ལྡོག་ཕུང་པོ་གསུམ་པར་ཡོད་པའི་ཕྱིར་ཟེར་ན། དོན་ལ་ཕུང་གསུམ་མེད་ཀྱང་བློ་ངོར་ཤེས་བྱ་ཙམ་ཕུང་གསུམ་དུ་རྟོག་པ་ལ་འགལ་བ་མེད་དོ། །གཉིས་པ་རྟགས་དང་དགག་བྱ་ལ་བརྟགས་ནས་མི་འཐད་པ་སྤང་བ་ནི། རྩོད་གཞི་ལ་གཞན་ལན་དགག་པ་དང་རང་གི་ལན་གཉིས། དང་པོ་ནི། རྟགས་དགག་བྱའི་ཆོས་ལྡན་ལས་ལྡོག་གམ། དགག་བྱའི་ཆོས་ལས་ལྡོག དང་པོ་ལྟར་ན། སྟོང་ཉིད་མེད་དགག་དུ་སྒྲུབ་པ་ལ། དགག་བྱ་བཀག་ནས་ཆོས་གཞན་མི་འཕེན་པ་བཀོད་པ་ན། དེ་ཆོས་ཅན། མེད་དགག་གི་ཐ་སྙད་ལས་ལྡོག་པར་ཐལ། ཆོས་མེད་དགག་གི་ཐ་སྙད་དེ་དགག་བྱའི་ཆོས་མེད་དགག་གི་ཐ་སྙད་ཀྱི་སྟོང་པ་དང་ལྡན་པའི་ཕྱིར། འདོད་ན། རྗེས་འགྲོ་མེད་པར་ཐལ་ལོ། །གཉིས་པ་ལྟར་ན་མེད་དགག་གི་ཐ་སྙད་ཀྱིས་སྟོང་པར་སྒྲུབ་པ་ལ། དགག་བྱ་བཀག་ནས་ཆོས་གཞན་འཕེན་པ་བཀོད་པ་ན། དེ་ཆོས་ཅན། མེད་དགག་གི་ཐ་སྙད་ལས་ལྡོག་པར་ཐལ། རང་གི་ཆོས་ཅན་དེ་དགག་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན། ཆོས་མ་གྲུབ་པར་ཐལ་ལོ་ཞེས་རྩོད་པ་དང༌། རྩང་ནག་པ་ན་རེ། རྟགས་དགག་བྱའི་ཆོས་ལྡན་ལས་ལྡོག་པས་ཐལ་བ་དང་པོ་འདོད་ལ། དེ་ལྟ་ན་རྗེས་འགྲོ་མེད་པར་མི་འགྱུར་ཏེ། རྗེས་འགྲོ་ནི་རྟགས་ཤེས་འདོད་ལ་ཇི་ལྟར་དགོད་བྱ་ལྟར་བསྒྲུབ་བྱའི་ཆོས་ལྡན་ལ་འཇུག་པས་སོ་ཞེས་ཟེར་བའི་ལན་འཁྲུལ་ཏེ། རྟགས་བསྒྲུབ་བྱའི་ཆོས་ལྡན་ལ་ངོ་བོ་དབྱེར་མེད་དུ་ཞུགས་ན་མེད་དགག་དུ་འགྱུར་ལ། ཐ་དད་ལྡན་པར་ཞུགས་ན་རང་བཞིན་རྟགས་ཀྱི་རྗེས་འགྲོ་མི་འགྲུབ་པའི་ཕྱིར་རོ། །ཡང་རྟགས་ཀྱི་དགག་བྱ་འགོག་པའི་ཚེ་དགག་བྱའི་ཆོས་ལྡན་འགོག་ན། སྔར་གྱི་རང་བཞིན་རྟགས་དེས་རང་གི་བསྒྲུབ་བྱའི་ཆོས་མེད་དགག་གི་ཐ་སྙད་འགོག་པར་ཐལ། འདོད་ན། ཆོས་འགོག་པའི་འགལ་བར་ཐལ་ལོ། །དགག་བྱའི་ཆོས་འགོག་ན། སྔར་གྱི་འགལ་ཁྱབ་དམིགས་པའི་རྟགས་དེས་རང་གི་ཆོས་ཅན་མེད་དགག་གི་ཐ་སྙད་འགོག་པར་ཐལ། དེ་དགག་བྱའི་ཆོས་ཡིན་པའི་ཕྱིར་ཞེས་རྩོད་པ་ལ། རྩང་ནག་པ་སྔ་མ་ལྟར་ལན་འདེབས་པ་འཁྲུལ་ཏེ། གཞན་སེལ་གྱི་རྣམ་དབྱེ་མ་ཤེས་པར། མེད་དགག་གི་ཐ་སྙད་སྒྲུབ་པར་རློམ་ནས་རྩོད་པར་ཟད་པའི་ཕྱིར། གལ་ཏེ་མེད་དགག་གི་ཐ་སྙད་སྒྲུབ་པ་ཡིན་ན་དགག་སྒྲུབ་ངོ་བོ་གཅིག་ཏུ་འགྱུར་ལ། འདོད་ན། དངོས་པོ་དངོས་མེད་ངོ་བོ་གཅིག་དུ་འགྱུར་རོ། །དེས་ན་མེད་དགག་གི་ཐ་སྙད་འདི། མེད་པ་གཞན་སེལ་ཡིན་པས་ངོ་བོ་ཅི་ཡང་མེད་པ་ལ། མེད་དགག་གི་བརྡ་བཏགས་པ་ཡིན་ནོ། །ཡང་སྟོང་ཉིད་མེད་དགག་དུ་སྒྲུབ་པ་ན་བསྒྲུབ་བྱའི་ཆོས་མེད་དགག་ཏེ། མཐུན་ཕྱོགས་ཡིན་ན་དེ་ལ་སྒྲུབ་ཆོས་དོར་བ་བརྟེན་པར་ཐལ་ལོ། །མི་མཐུན་ཕྱོགས་ཡིན་ན། དེ་ལ་རྟགས་ཞུགས་ནས་ལྡོག་པ་མ་གྲུབ་པར་ཐལ་ལོ། །མ་ཞུགས་ན་རྗེས་འགྲོ་མེད་པར་ཐལ་ལོ་ཞེས་རྩོད་པ་ལ། རྩང་ནག་པ་ན་རེ། དེ་མི་མཐུན་ཕྱོགས་ཡིན་པས་སྒྲུབ་ཆོས་དོར་བ་མི་འཇུག་མོད་ཀྱི་རྗེས་འགྲོ་མེད་པར་མི་འགྱུར་ཏེ། རྟགས་ཆོས་ལྡན་གྱི་གཞི་ལ་འཇུག་པའི་ཕྱིར་ཞེས་པའི་ལན་འཁྲུལ་ཏེ། རྒྱུ་མཚན་སྔ་མ་བཞིན་ནོ། །རྩོད་པ་བཞི་པ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་སྒྲུབ་པ་ལ་དེ་སྒྲུབ་ཀྱི་ཚུལ་གསུམ་ངེས་པ་བཀོད་པ་ན། རྟགས་ཚུལ་གསུམ་ངེས་པ་དེ། མཐུན་ཕྱོགས་ཡིན་ན། དེ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བར་ཐལ་ལོ། །མི་མཐུན་ཕྱོགས་ཡིན་ན། མཚན་ཉིད་ལ་མཚོན་བྱ་མི་སྲིད་པར་ཐལ་ལོ་ཞེས་རྩོད་པ་ལ། རྩང་ནག་པ་ན་རེ། གཏན་ཚིགས་ཙམ་དུ་སྒྲུབ་པ་ན་མཐུན་ཕྱོགས་ཡིན་ལ། སྒྲ་མི་རྟག་པར་སྒྲུབ་པ་ན་མི་མཐུན་ཕྱོགས་ཡིན་ཏེ། ཚུལ་གསུམ་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་དང་མི་ལྡན་པའི་ཕྱིར་ཞེས་ལན་འདེབས་པ་འཁྲུལ་ཏེ། ཚུལ་གསུམ་སྤྱི་ལྡོག་ཕུང་པོ་གསུམ་པ་ཡིན་པ་མ་ཤེས་པའི་ཕྱིར་རོ། །གཉིས་པ་རང་ལན་ནི། རྟགས་དགག་བྱ་ལས་ལྡོག་གམ་འགོག་ཀྱང་རུང་དགག་གཞིའི་སྟེང་དགག་བྱའི་ཆོས་ལས་ལྡོག་པ་ལམ་འགོག་པ་ཡིན་ནོ། །དེས་ན་གོང་གི་ཐལ་བའི་རྟགས་མ་གྲུབ་ཏེ། མེད་དགག་གི་ཐ་སྙད་མེད་དགག་ཡིན་པའི་ཕྱིར། མེད་དགག་ཆོས་ཅན། མེད་དགག་ཡིན་ཏེ། མེད་པ་གཞན་སེལ་ཡིན་པའི་ཕྱིར། སྟོང་ཉིད་མེད་དགག་དུ་སྒྲུབ་པ་ན་མེད་དགག་གི་ཐ་སྙད་དེ་མི་མཐུན་ཕྱོགས་ཡིན་ལ། དེ་ལ་སྒྲུབ་ཆོས་དོར་བ་རྟེན་པར་ཐལ་བ་འདོད་པ་ཡིན་ནོ། །བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དུ་སྒྲུབ་པ་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་དུ་ངེས་པའི་ཚུལ་གསུམ་ནི་མཐུན་ཕྱོགས་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པར་ངེས་པའི་ཚུལ་གསུམ་ནི་མི་མཐུན་ཕྱོགས་ཡིན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་མིན་གང་དུའང་མ་ངེས་པའི་ཚུལ་གསུམ་སྤྱི་ལྡོག་ཕུང་གསུམ་ཡིན་པའི་ཕྱིར། གཞན་གྱི་རྩོད་པའི་སྐྱོན་ཐམས་ཅད་ལས་གྲོལ་བས་ཁོ་བོ་ཅག་གི་ཕྱོགས་འཐད་པ་ཡིན་ནོ། །གསུམ་པ་དེ་དག་ལྟོས་གཞིར་འཇོག་པའི་འཐད་པ་ནི། ཕྱོགས་དང༌། མཐུན་ཕྱོགས་དང༌། མི་མཐུན་ཕྱོགས་གསུམ་པོ་གང་རུང་དངོས་སུ་མ་ཚང་ཡང་ལྟོས་གཞི་ཉིད་དུ་འཐད་པ་ཡིན་ཏེ། ཇི་སྲིད་རྟགས་སུ་བཀོད་པ་ཐམས་ཅད་ཀྱི་སྐྱོན་ཡོན་བརྩི་བ་ཕྱོགས་གསུམ་ལ་ལྟོས་པས་སོ། །མདོར་ན། དགག་སྒྲུབ་སེལ་ངོར་བྱེད་པར་སྨྲ་བ་སློབ་དཔོན་གཉིས་པོ་འདི་ཆོས་ཅན། ཁྱོད་ལ་རྫས་ལྡོག་སོ་སོར་ཕྱེ་ནས་ཕྱོགས་གཉིས་སུ་ཁ་ཚོན་ཆོད་པར་སྨྲ་བའི་རྩོད་པས་མི་གནོད་དེ། ཚད་མའི་ཡུལ་སྣང་སེལ་ལ་ཤིན་ཏུ་མཁས་པའི་ཕྱིར་རོ་ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  ༈  །།གཉིས་པ་ལྟོས་ཆོས་རྟགས་ཀྱི་རབ་དབྱེ་ལ་གསུམ་སྟེ། གཏན་ཚིགས་ཡང་དག་དང༌། གཏན་ཚིགས་ལྟར་སྣང་དང༌། དེ་དག་གི་ངེས་པ་བསམ་པའོ། །དང་པོ་ལ་གཉིས་ཏེ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། རྣམ་གཞག་གོ །དང་པོ་ནི། ཚུལ་གསུམ་གྲུབ་པ་སྟེ་ཚུལ་གསུམ་པོ་གྲུབ་པ་ཙམ་གྱིས་བསྒྲུབ་བྱ་བདེ་བླག་དུ་རྟོགས་ནུས་པའི་ཕྱིར་རོ། །གྲུབ་པའི་སྒྲས་ངེས་པ་དོན་གྱིས་བསྟན་ཏེ་ཚུལ་གསུམ་ལ་ཐེ་ཚོམ་ཟ་ན་ཚུལ་གསུམ་གྲུབ་པའི་གྲངས་སུ་མི་འགྲོ་བའི་ཕྱིར་རོ། །གལ་ཏེ་ཚིག་ལའང་ངེས་པ་དངོས་སུ་སྨོས་དགོས་ཏེ་ཐེ་ཚོམ་ཟ་ན་རྟགས་ཡང་དག་ཏུ་མི་འགྱུར་བའི་ཕྱིར་རོ་ཞེ་ན། འོ་ན་མཚན་ཉིད་ཐམས་ཅད་ལའང་ཚིག་ཏུ་ངེས་པ་སྨོས་དགོས་པར་འགྱུར་ཏེ། ཐེ་ཚོམ་ཟ་ན་མཚོན་བྱེད་དུ་མི་འགྱུར་བའི་ཕྱིར། མདོ་ལས་ཀྱང༌། ཤེས་བྱེད་སྐབས་ཀྱི་དབང་བྱས་ཕྱིར། །ཤེས་པའང་དོན་གྱིས་ཐོབ་པ་ཉིད། །ཅེས་གསུངས་སོ། །དེ་ལ་ཤེས་འདོད་ཆོས་ཅན་ལ་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་དང་པོའོ། །དེ་ལ་ཡོད་པའི་ཚིག་གིས་རྟགས་ཆོས་ཅན་ལ་མ་གྲུབ་པ་སེལ་ཏེ། ཆོས་ཅན་ལ་ཡོད་དགོས་པར་བསྟན་པའི་ཕྱིར་རོ། །ཉིད་ཀྱི་ཚིག་གིས་ལྗོན་ཤིང་སེམས་ལྡན་ཡིན་ཏེ། མཚན་མོ་ཉལ་བའི་ཕྱིར་རོ་ཞེས་པ་ལྟ་བུ་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་ཏེ། རྟགས་ཆོས་ཅན་ལ་ཁྱབ་བྱེད་དུ་འཇུག་པར་བསྟན་པའི་ཕྱིར་རོ། །ངེས་པ་དོན་གྱིས་ཐོབ་དགོས་པ་བསྟན་པས་བློ་སྐྱོན་ཅན་སེལ་བ་ཡིན་ནོ། །ཕྱོགས་ཆོས་ཞེས་སྨོས་པའི་ཕྱོགས་ནི་ཤེས་འདོད་ཆོས་ཅན་ཏེ། ཕྱོགས་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་བཞིན་ནོ། །ཅིའི་ཕྱིར་ཆོས་ཅན་གྱི་སྒྲས་མི་སྟོན་ཞེ་ན། ཆོས་ཅན་གྱི་སྒྲ་ནི་ཤེས་འདོད་ཆོས་ཅན་དང༌། མཐུན་དཔེ་དང༌། མི་མཐུན་དཔེ་གསུམ་ཀ་ལ་འཇུག་པས། བུམ་པའི་ཆོས་མིག་གི་གཟུང་བྱ་ཡང་ཚུལ་དང་པོ་ཡིན་པའི་དོགས་པ་འཇུག་པའི་ཕྱིར་མ་སྨྲོས་སོ། །ཕྱོགས་ཀྱི་ཆོས་ཅེས་སྨོས་ན་སྐྱོན་དེར་མི་འགྱུར་ཏེ། ཕྱོགས་ཀྱི་སྒྲ་མཐུན་དཔེ་དང་མི་མཐུན་དཔེ་གཉིས་ཀ་ལ་དངོས་བཏགས་གང་གི་སྒོ་ནས་ཀྱང་མི་འཇུག་པའི་ཕྱིར་རོ། །འོ་ན་ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་སྨོས་པར་རིགས་ཏེ། དེ་ལ་ཉེས་པ་མེད་པའི་ཕྱིར་རོ་ཞེ་ན། ཚིག་ཉུང་དུས་རྟོགས་པའི་དོན་ལ་མང་པོའི་སྒྲ་སྦྱར་བ་མི་མཁས་པའི་ཉེས་པ་སྤང་བའམ། སྡེབ་སྦྱོར་ཉམས་པའི་ཉེས་པ་སྤང་བའི་དོན་དུ་ཕྱོགས་ཀྱི་སྒྲ་བྱས་སོ། །གལ་ཏེ་ཆོས་ཅན་གྱི་ཆོས་སྨོས་ཀྱང་དཔེའི་ཆོས་ཅན་སོགས་ལ་ཐལ་བར་མི་འགྱུར་ཏེ། མཐུན་དཔེའི་ཕྱོགས་ལ་ཡོད་པ་ཞེས་ཟུར་དུ་སྨོས་པས་སྔར་གྱི་ཆོས་ཅན་རྩོད་གཞིའི་ཆོས་ཅན་དུ་དོན་གྱིས་འགྲུབ་པའི་ཕྱིར་རོ་ཞེ་ན། ཤུགས་ཀྱིས་དོན་གོ་བར་བྱེད་ན་རྟོགས་པར་དཀའ་བས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཕྱོགས་ཀྱི་སྒྲ་འཐད་དོ། །གལ་ཏེ་ཕྱོགས་ཞེས་བརྗོད་པས་ཀྱང་ཤེས་འདོད་ཆོས་ཅན་གོ་བར་མི་འགྱུར་ཏེ། ཕྱོགས་ཀྱི་སྒྲ་ཚོགས་དོན་དང་བསྒྲུབ་བྱའི་ཆོས་ལའང་འཇུག་པའི་ཕྱིར་རོ་ཞེ་ན། ཚུལ་དང་པོ་གཏན་ལ་འབེབས་པའི་ཚེ་ཤེས་འདོད་ཆོས་ཅན་ལ་འཇུག་པར་ཕྱི་ནང་གཉིས་ཀ་ལ་རབ་ཏུ་གྲགས་པའི་ཕྱིར་དང༌། སྐབས་ཐོབ་ཀྱིས་གོ་བར་འགྱུར་བའི་ཕྱིར་འཁྲུལ་བར་མི་འགྱུར་རོ། །དཔེར་ན་ཁྱབ་པ་གཏན་ལ་འབེབས་པའི་སྐབས་སུ་སྐབས་ཐོབ་ཀྱིས་བསྒྲུབ་བྱའི་ཆོས་ལ་འཇུག་པ་བཞིན་ནོ། །རྗེས་འགྲོའི་ཚུལ་ནི། བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཉིད་དུ་ངེས་པའོ། །ཡོད་པ་སྨོས་པས་འགལ་བ་སེལ་ཏེ། དེ་ནི་མཐུན་ཕྱོགས་ལ་མེད་པའི་ཕྱིར་རོ། །ཉིད་སྨོས་པས་ཐུན་མོང་གི་མ་ངེས་པ་བསལ་ཏེ། དེ་ནི་མི་མཐུན་ཕྱོགས་ལའང་ཡོད་པའི་ཕྱིར་རོ། །ངེས་པ་དགོས་པར་བསྟན་པས་རྗེས་འགྲོ་ལ་ཐེ་ཚོམ་ཟ་བའི་འགལ་བའི་ལྷག་ལྡན་རྣམས་བསལ་ལོ། །ལྡོག་པའི་ཚུལ་ནི་བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་དོན་ཅན་ནོ། །མེད་པ་སྨོས་པས་འགལ་བ་བསལ་ཏེ། དེ་དག་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར་རོ། །ཉིད་སྨོས་པས་མི་མཐུན་ཕྱོགས་མཐའ་དག་ལས་ལྡོག་དགོས་པར་བསྟན་ཏོ། །འདིས་ནི་མི་རྟག་པས་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་ལྡོག་པ་ཡོད་པ་བསལ་ཏེ། དེ་ནི་མི་མཐུན་ཕྱོགས་མཐའ་དག་ལས་མི་ལྡོག་པའི་ཕྱིར་རོ། །འོ་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་དང་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན། རྗེས་འགྲོའི་ཚུལ་དང་ཁྱབ་པ་གཉིས་ཀྱང་དོན་གཅིག་ལ། ལྡོག་ཚུལ་དང་ལྡོག་ཁྱབ་གཉིས་ཀྱང་དོན་གཅིག་གོ །ཚུལ་གཉིས་པོ་ནི་འགལ་བ་ཁོ་ན་སྟེ། མེ་མེད་ལ་དུ་མེད་ཀྱིས་ཁྱབ་པ་དང༌། དུ་བ་ལ་མེས་ཁྱབ་པ་གཉིས་པོ་འགལ་དགོས་པའི་ཕྱིར་ཏེ། མེ་ཡོད་མེད་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཅན་ཡིན་པའི་ཕྱིར་ཏེ། རྣམ་ངེས་ལས་ཀྱང༌། གཏན་ཚིགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན། མིན་ཏེ། རྗེས་འགྲོ་དང་ལྡོག་པ་ཚུལ་ཐ་དད་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ། །གྲུབ་ཚུལ་ཡང༌། རྗེས་ཁྱབ་མཐུན་དཔེ་ཁོ་ནའི་སྟེང་དུ་གྲུབ་ལ། ལྡོག་ཁྱབ་མི་མཐུན་དཔེ་ཁོ་ནའི་སྟེང་དུ་གྲུབ་པའི་ཕྱིར་ཞེས་ཟེར་རོ། །འོ་ན་བྱས་པ་ལ་སྒྲ་མི་རྟག་པར་སྒྲུབ་པའི་དཔེ་འདུས་མ་བྱས་ཀྱི་ནམ་མཁའ་ཚང་བར་ཐལ། ལྡོག་ཚུལ་ཚང་བའི་ཕྱིར། ཁྱབ་ཏེ། ལྡོག་ཚུལ་མི་མཐུན་དཔེ་ཁོ་ན་ལ་གྲུབ་པར་ཁས་བླངས་སོ། །འདོད་ན་ནམ་མཁའ་བྱས་དངོས་ཀྱིས་སྟོང་པའི་དཔེ་མིན་པར་འགྱུར་རོ། །བྱས་པ་རྟག་པ་ལ་ཁེགས་པ་དང་མི་རྟག་པ་ལ་རྗེས་སུ་འགྲོ་བ་གཉིས་པོ་ཡང་འགལ་བར་ཐལ། ཁྱབ་པ་གཉིས་པོ་འགལ་བའི་ཕྱིར་དང་ཁྱབ་པ་དང་ཚུལ་གཉིས་པོ་དོན་གཅིག་པར་འདོད་པའི་ཕྱིར་རོ། །འགའ་ཞིག་སྒྲུབ་ངག་གིས་བསྟན་པའི་ཁྱབ་པ་གཉིས་འགལ་ཡང་ཚུལ་ངོ་བོ་གཅིག་ཏེ། བྱས་པ་ཁྱབ་པ་གཉིས་ཀ་ཡིན་པའི་ཕྱིར་རོ་ལོ། འོ་ན་བྱས་པ་འབྲེལ་བ་ཡིན་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། ཁྱབ་པ་ཡིན་པའང་ཅིའི་ཕྱིར་བྱའོ། །མི་རྟག་པས་ཁྱབ་པའི་ཕྱིར་ཞེ་ན། མི་རྟག་པ་ལ་འབྲེལ་བའི་ཕྱིར་ཅེས་བརྗོད་དོ། །གལ་ཏེ་མི་རྟག་པས་ཁྱབ་པའི་ཁྱབ་པ་ཡིན་པའི་ཕྱིར་ཞེས་ཟེར་ན། མི་རྟག་པ་ལ་འབྲེལ་བའི་འབྲེལ་བ་ཡིན་པའི་ཕྱིར་ཞེས་མཚུངས་སོ། །འབྲེལ་བ་མིན་ཅེ་ན་ཁྱབ་པ་ཡང་མིན་ཞེས་བྱའོ། །གལ་ཏེ་འབྲེལ་བ་ནི་འབྲེལ་ཡུལ་དང་འབྲེལ་བ་པོ་གཉིས་ལ་བཞག་དགོས་ཤེ་ན། ཁྱབ་པ་ཡང་ཁྱབ་བྱ་ཁྱབ་བྱེད་གཉིས་ལ་བཞག་དགོས་པའི་ཕྱིར་རོ། །གཞན་ཡང་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན་མི་རྟག་པ་ཡང་ཁྱབ་པ་ཡིན་པར་ཐལ། བྱས་པ་ལ་ཁྱབ་པའི་ཕྱིར། ཁྱབ་པ་སྔ་མ་ལ་མཚུངས་སོ། །བྱས་པ་བརྗོད་པས་ཁྱབ་པ་བརྗོད་པའི་གོ་ཆོད་དམ་མི་ཆོད། ཆོད་ཅེ་ན། རྗེས་འགྲོའི་ཁྱབ་པ་བརྗོད་པ་ལ་བྱས་པ་ལ་མི་རྟག་པས་ཁྱབ་ཅེས་པ་དང་ལྡོག་ཁྱབ་བརྗོད་པ་ལ་རྟག་ན་མ་བྱས་པས་ཁྱབ་ཅེས་བརྗོད་དགོས་པ་མིན་པར་ཐལ། བྱས་པ་བརྗོད་པས་ཁྱབ་པ་བརྗོད་པའི་གོ་ཆོད་པའི་ཕྱིར། མི་ཆོད་པར་འདོད་ན། ཁྱབ་པ་ཡིན་པའི་གོ་མི་ཆོད་ཅེས་བྱའོ། །བྱས་པ་ཉིད་ཚུལ་གསུམ་ཀར་འདོད་པ་ལ་ཡང་རིགས་པ་འདི་ཉིད་འཇུག་གོ །ཚུལ་གསུམ་ངོ་བོ་གཅིག་ཏུ་འདོད་པ་ལ་སྐྱོན་གཞན་ཡང་བརྗོད་པ་འདི་ལྟར། བྱས་པ་ཆོས་ཅན། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་ཤུགས་ཀྱིས་བསྟན་བྱར་ཐལ། ལྡོག་ཚུལ་ཡིན་པའི་ཕྱིར། འདོད་ན། དངོས་ཀྱི་བསྟན་བྱར་ཐལ། རྗེས་འགྲོའི་ཚུལ་ཡིན་པའི་ཕྱིར། རིགས་པ་འདིས་ནི། ཚུལ་གསུམ་ངོ་བོ་གཅིག་ཏུ་འདོད་པ་དག་ལེགས་པར་བཅོམ་པར་བྱས་སོ། །ཚུལ་དང་ཁྱད་མེད་དུ་འདོད་པ་ལའང་འཇུག་གོ །ཚུལ་གཉིས་འགལ་བར་འདོད་པ་སྐྱོན་ནི། བྱས་པ་རྟག་པ་ལ་བཀག་པའི་སྒོ་ནས་ལྡོག་ཚུལ་སྒྲུབ་དགོས་པ་མིན་པར་ཐལ། ལྡོག་ཚུལ་མི་མཐུན་དཔེ་ཁོ་ནའི་སྟེང་དུ་སྒྲུབ་དགོས་པའི་ཕྱིར། རང་ལུགས་ནི། སྒྲུབ་ངག་གཉིས་ཀྱི་དངོས་ཀྱི་བསྟན་བྱར་གྱུར་པའི་ཁྱབ་པ་གཉིས་དང་ཚུལ་གཉིས་དོན་གཅིག་ཏེ། ལྡོག་ཚུལ་མི་མཐུན་ཕྱོགས་ལ་མེད་ལ། ལྡོག་ཁྱབ་མི་མཐུན་དཔེའི་སྟེང་དུ་གྲུབ་དགོས་པའི་ཕྱིར་རོ། །དེས་ན་རྗེས་འགྲོའི་ཚུལ་ནི། བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ངེས་སྟོབས་ཀྱིས་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བའི་ཆ་ནས་བསྟན་དགོས་ལ། རྗེས་ཁྱབ་ནི། མཐུན་དཔེ་ལ་བྱས་ན་མི་རྟག་པས་ཁྱབ་ཅེས་ཁྱབ་པ་བསྟན་པའི་སྒོ་ནས་བསྟན་དགོས་པའི་དོན་མི་གཅིག་གོ །ལྡོག་ཁྱབ་དང་ལྡོག་ཚུལ་ལ་ཡང་དེ་བཞིན་ནོ། །ཁྱབ་པ་གཉིས་པོ་ཡང་རྟག་པ་མཐའ་བཟུང་གི་ཚུལ་གྱིས་གཅིག་གྲུབ་ན་གཅིག་ཤོས་གྲུབ་པར་ངེས་ཀྱང༌། ཁྱབ་བྱ་ཁྱབ་བྱེད་ཀྱིས་ཚུལ་གྱིས་གཅིག་གྲུབ་པའི་གཞི་ལ་ཅིག་ཤོས་གྲུབ་པ་མིན་ནོ། །གལ་ཏེ་ཁྱབ་པ་གཉིས་སྲོག་གཅིག་པས་ཚུལ་གསུམ་ངོ་བོ་གཅིག་དུ་འདོད་དགོས་ཤེ་ན། སྲོག་གཅིག་པས་གཅིག་གིས་འཕེན་ནུས་པར་བསྟན་གྱི། གཅིག་ཏུ་སྟོན་པ་ནི་མིན་ནོ། །སྲོག་ཡང་འབྲེལ་བ་ཁོ་ན་ཡིན་ཏེ། འབྲེལ་བའི་དབང་གིས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར་རོ། །རྣམ་འགྲེལ་ལས། གཉིས་ཀ་ཡང༌། རང་བཞིན་འབྲེལ་བ་ཁོ་ནས་བཟློག །ཅེས་པ་དང༌། དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །ཅེས་པ་དང༌། དེ་ཉིད་ཀྱི་ཕྱིར་འབྲེལ་ཤེས་ན་ཞེས་སོགས་གསུངས་པའི་ཕྱིར་རོ། །འདིར་རྗེས་སུ་འགྲོ་ལྡོག་ནི་སྲོག་ཅན་ཡིན་ལ། འབྲེལ་བ་ནི་སྲོག་ཡིན་པས་སོ་སོར་ཤེས་པར་བྱའོ། །བོད་གཞན་དག་གིས་སྲོག་དང་སྲོག་ཅན་གྱི་ཁྱད་པར་ཡང་མ་ཤེས་སོ། །རྗེས་འགྲོའི་ཚུལ་གྱི་དོན་ནི་བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་གྲུབ་པའི་ཆ། ལྡོག་ཚུལ་ནི་བསྒྲུབ་བྱའི་ཆོས་དང་འབྲེལ་སྟོབས་ཀྱིས་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའི་ཆ། ཕྱོགས་ཆོས་ནི་ཤེས་འདོད་ཆོས་ཅན་ལ་ཡོད་པ་ཉིད་དུ་གྲུབ་པ་ཆའོ། །གསུམ་པོ་བྱས་པ་ལ་ཆ་དང་ཆ་ཅན་གྱི་ཚུལ་གྱིས་ཚང་བ་ཡིན་ནོ། །དེ་ལ་བྱས་པ་ནི་ལྡན་པའི་གཞིའོ། །ཚུལ་གསུམ་ནི་ལྡོག་པ་གསུམ་སྟེ། རྟགས་ཀྱི་མཚན་གཞི་གཅིག་ལ་ལྡོག་པ་གསུམ་ངོ་བོ་དབྱེར་མེད་ཀྱི་ཚུལ་གྱིས་ལྡན་ནོ། །གཏན་ཚིགས་ཐིགས་པའི་འགྲེལ་བར། ལྡོག་པ་ཐ་དད་པ་ཡིན་དུ་ཟིན་ཀྱང་རྟགས་གཅིག་ལ་ཚུལ་གསུམ་དུ་བརྗོད་པར་ཟད་དོ་ཞེས་གསུངས་པའི་ཕྱིར་རོ། །རྣམ་ངེས་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཚུལ་ཐ་དད་པའི་ཕྱིར་ཞེས་པས་ཀྱང་ལྡོག་པ་ཐ་དད་དུ་བསྟན་ནོ། །བསྟན་འཆོས་འདིར་ཡང༌། ཚུལ་གསུམ་དུ་བ་ཁོ་ནའི་ཆོས། དབྱེར་མེད་ཡིན་གྱི་ཆོས་གཞན་མིན། །ཞེས་པ་ཚད་མའོ། །གལ་ཏེ་སྒྲུབ་ངག་གིས་ཚུལ་གསུམ་མ་བསྟན་པར་འགྱུར་ཏེ། སྒྲུབ་ངག་གཉིས་ཀྱི་དངོས་སུ་བསྟན་པའི་ཁྱབ་པ་གཉིས་རྟགས་ཀྱི་ཚུལ་མིན་པའི་ཕྱིར་རོ་ཞེ་ན། ཆོས་མཐུན་སྦྱོར་གྱི་ངག་གིས་བུམ་པའི་སྟེང་དུ་བྱས་པ་ཡིན་ན་མི་རྟག་པས་ཁྱབ་ཅེས་བརྗོད་པས་བྱས་པ་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་བསྟན་པའི་ཕྱིར་དེའི་སྒོ་ནས་རྗེས་འགྲོ་ཚུལ་བསྟན་པ་ཡིན་ནོ། །ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གིས་འདུས་མ་བྱས་ཀྱི་ནམ་མཁའ་ལ་རྟག་ན་མ་བྱས་པས་ཁྱབ་པར་བརྗོད་པས་བྱས་པ་རྟག་པ་ལ་ཁེགས་པར་བསྟན་པ་ཡིན་ལ། དེའི་སྒོ་ནས་ལྡོག་པའི་ཚུལ་བསྟན་པ་ཡིན་ནོ། །དེས་ན་སྒྲུབ་ངག་གཉིས་ནི་རྗེས་སུ་འགྲོ་ལྡོག་སྟོན་པའི་སྒོ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཚུལ་གསུམ་དུ་ངེས་ཤེ་ན། ལྟོས་གཞི་གསུམ་དུ་ངེས་པའི་ཕྱིར་དང༌། བསལ་བྱ་འགལ་མ་ངེས་མ་གྲུབ་གསུམ་དུ་ངེས་པའི་ཕྱིར་རོ། །དེ་ལ་ཤེས་འདོད་ཆོས་ཅན་ནི། ཕྱོགས་ཆོས་ཀྱི་ལྟོས་གཞི་ཡིན་ཏེ། ཕྱོགས་ཆོས་ནི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ངེས་པར་བྱ་བ་ཡིན་པའི་ཕྱིར་རོ། །མཐུན་དཔེ་ནི་རྗེས་འགྲོའི་ལྟོས་གཞི་ཡིན་ཏེ། རྗེས་འགྲོ་གཏན་ལ་འབེབས་པའི་གཞི་ཡིན་པའི་ཕྱིར་རོ། །མི་མཐུན་དཔེ་ནི་ལྡོག་ཚུལ་གྱི་ལྟོས་གཞི་ཡིན་ཏེ། ལྡོག་པ་གཏན་ལ་འབེབས་པའི་གཞི་ཡིན་པའི་ཕྱིར་རོ། །མཐུན་དཔེ་ལ་ནི་མཐུན་ཕྱོགས་ཞེས་གསུངས་ཏེ། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མཐུན་པའི་ཕྱིར་རོ། །མི་མཐུན་དཔེ་ནི་མི་མཐུན་ཕྱོགས་ཏེ། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིས་དོན་མི་མཐུན་པའི་ཕྱིར་རོ། །མཐུན་ཕྱོགས་མི་མཐུན་ཕྱོགས་དངོས་འགལ་ཡིན་ནམ་མིན་ཞེ་ན། མཐུན་ཕྱོགས་ལ་ཡོད་པར་ངེས་པ་དང་མི་མཐུན་ཕྱོགས་པ་མེད་པར་ངེས་ཞེས་བཤད་པའི་རྟགས་ཀྱི་ཚུལ་གཉིས་ཀྱི་ལྟོས་གཞི་གཉིས་ནི་དངོས་འགལ་མིན་ཏེ། ཤེས་འདོད་ཆོས་ཅན་དེ་གཉིས་ཀ་མིན་པའི་ཕྱིར་རོ། །དེ་དང་མཐུན་པ་ཉིད་ལ་ཡང་ངོ་ཞེས་པ་འདིར་མཐུན་པ་ཤེས་འདོད་ཆོས་ཅན་དུ་བཤད་ལ། ཤེས་འདོད་ཆོས་ཅན་ནི་རང་ཉིད་ཀྱི་མཐུན་ཡུལ་མིན་ཏེ། རང་ཉིད་རང་དང་མཐུན་པར་མི་རིགས་པའི་ཕྱིར་རོ། །རྣམ་ངེས་ལས། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པར་ནི། ངེས་པ་འདིར་ཞེས་པའི་དེ་ཞེས་པའི་སྒྲས་ནི་ཤེས་འདོད་ཆོས་ཅན་བཟུང་ལ། དེ་དང་མཚུངས་པ་ནི་མཐུན་པ་སྟེ། ཤེས་འདོད་ཆོས་ཅན་དེ་དང་མཚུངས་པ་ཅེས་པའི་དོན་ཡིན་པས་ན་འདི་ལས་ངེས་སོ། །འོ་ན་སྒྲ་རྟག་པར་སྒྲུབ་པ་ལ་གཞལ་བྱ་རྟགས་སུ་བཀོད་པའི་ཚེ། དེའི་མཐུན་ཕྱོགས་མེད་པར་ཐལ། སྒྲ་དང་རྟག་པར་མཚུངས་པ་མི་སྲིད་པའི་ཕྱིར། འདོད་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མིན་པར་ཐལ་ཞེ་ན། ཤེས་འདོད་ཆོས་ཅན་མཐུན་ཡུལ་དུ་བཟུང་ནས་མཐུན་ཕྱོགས་སུ་བཤད་པ་ནི་རྟགས་ཀྱི་ཚུལ་གྱི་ལྟོས་གཞི་ལ་བཟུང་ངོ་ཞེས་སྔར་བཤད་ཟིན་ལ། འདིར་ནི་བསྒྲུབ་བྱའི་ཆོས་དང་དགག་བྱའི་ཆོས་ལ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སུ་བརྗོད་པས་དོན་མི་གཅིག་གོ །སྒྲ་རྟག་པར་སྒྲུབ་པར་འདོད་ནས་དེའི་སྒྲུབ་བྱེད་འགོད་པའི་རྟོག་ངོར་ནི་སྒྲ་དང་རྟག་པ་མཐུན་པ་ཡོད་དོ། །བསྟན་བཅོས་འདིའི་དགོངས་པ་ཡང་ཇི་སྐད་བཤད་པ་འདི་ཉིད་ལ་བཟུང་ངོ༌། །མཐུན་ཕྱོགས་མི་མཐུན་ཕྱོགས་དངོས་འགལ་ཡིན་པ་ནི་གནས་ཚུལ་གྱི་དབང་དུ་བྱས་པ་ཡིན་ལ། རྟོག་ངོར་ནི་སྒྲ་རྟག་པར་ཡང་མ་ངེས། མི་རྟག་པ་ཡང་མ་ངེས་པའི་ཚེ་རྟགས་ཀྱི་ཚུལ་གཉིས་ཀྱི་ལྟོས་གཞིའི་མཐུན་ཕྱོགས་མི་མཐུན་ཕྱོགས་གང་དུ་ཡང་མི་རྟོགས་སོ། །གལ་ཏེ་རྣམ་ངེས་ལས། ཆོས་རྣམས་ཀྱི་འཇུག་པ་དང་ལྡོག་པ་རྣམ་པར་བཞག་པ་ལ་མི་ལྟོས་པར་གནས་པ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པས་ཕུང་པོ་གསུམ་པ་ཟློག་པར་བྱེད་པ་ཡིན་ནོ་ཞེས་གསུངས་པས་འདིས་ཕྱོགས་གཉིས་དངོས་འགལ་དུ་བསྟན་ཏོ་ཞེ་ན། གནས་ཚུལ་གྱི་དབང་དུ་བྱས་པར་གོང་དུ་བཤད་ཟིན་ཏོ། །དེས་ན་ཚུལ་གསུམ་གྱི་ལྟོས་གཞིར་གྱུར་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་དང༌། སྤྱིར་མཐུན་ཕྱོགས་མི་མཐུན་ཕྱོགས་ཀྱི་རྣམ་པར་གཞག་པའི་ཚུལ་མི་འདྲ་བ་གཅིག་ཡོད་པར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་བུམ་པའི་སྟེང་དུ་ཁྱབ་པ་ངེས་པའི་ཚེ། བུམ་པ་ཆོས་ཅན། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཡོད་དུ་མཐུན་པར་ངེས་པར་ཐལ། མཐུན་ཕྱོགས་སུ་ངེས་པའི་ཕྱིར། འདོད་ན་སྒྲ་མི་རྟག་པར་གྲུབ་པར་ཐལ། ཤེས་འདོད་ཆོས་ཅན་དང་སྒྲ་མི་རྟག་པར་མཐུན་པར་ངེས་པའི་ཕྱིར་རོ། །ཁྱབ་པ་མ་ངེས་པའི་དུས་སུ་བསྒྲུབ་བྱ་གྲུབ་ཟིན་པར་འགྱུར་རོ། །གལ་ཏེ་མཐུན་ཕྱོགས་སུ་མ་ངེས་ན་དེའི་སྟེང་དུ་ཁྱབ་པ་མ་ངེས་པར་ཐལ། མཐུན་དཔེ་ཉིད་ཚད་མས་མ་ངེས་པའི་ཕྱིར་ཞེ་ན། འོ་ན་མཐུན་དཔེ་བུམ་པ་ངེས་པའི་ཚེ་བུམ་པ་མི་རྟག་པར་སྒྲུབ་པའི་མཐུན་དཔེར་ངེས་དགོས་པར་ཐལ། མཐུན་དཔེ་བུམ་པ་ངེས་པས་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ལྡན་དུ་ངེས་པའི་ཕྱིར་རོ། །གྲུབ་མཐའ་ལ་མ་ཞུགས་པའི་ཐ་མལ་པས་དུ་བ་ལས་མེ་རྟོགས་པའི་ཚེ་ན། དུ་བ་རྟགས་ཡང་དག་དུ་ངེས་པར་ཐལ། དུ་བ་ངེས་པའི་ཕྱིར་རོ། །གལ་ཏེ་རྟགས་སུ་འགོད་བྱ་ཉིད་ངོ་ཤེས་དགོས་ཀྱི་དེ་རྟགས་ཡང་དག་ཏུ་ཤེས་མི་དགོས་སོ་ཞེ་ན། འོ་ན་མཐུན་དཔེར་སོང་བའི་བུམ་པ་ཤེས་དགོས་ཀྱི་དེ་མཐུན་དཔེར་ཤེས་དགོས་པ་མིན་ནོ། །དེས་ན་བུམ་པ་མཐུན་དཔེ་ཡིན་ཞེས་པ་ནི་བསྟན་བཅོས་མཛད་པའི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་མཐུན་དཔེར་བཞག་པ་ཡིན་པའི་ཕྱིར་རོ། །དོན་བུམ་པ་ངེས་ཀྱང་དེའི་བརྡ་ངེས་མི་དགོས་པའི་ཕྱིར་མཐུན་ཕྱོགས་ཡིན་སྙམ་པའི་བློ་སྐྱེ་དགོས་པ་མིན་ནོ། །དེ་བཞིན་དུ་ལ་ལ་དུ་བ་མཐོང་བའི་ཚེ་ལ་མེ་ལྡན་དུ་རྟོགས་པའི་རྗེས་དཔག་སྐྱེས་ཀྱང༌། དུ་བ་རྟགས་ཡང་དག་ཡིན་ནོ་སྙམ་པའི་བློ་སྐྱེ་དགོས་པ་མིན་ནོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། བུམ་པ་ཚད་མས་རྟོགས་པའི་སྟེང་དུ་ཐོག་མར་བྱས་པ་ལ་མི་རྟག་པས་ཁྱབ་པ་གཏན་ལ་འབེབས་སོ། །དེའི་དུས་སུ་ནི་མཐུན་དཔེར་ངེས་པ་མིན་ལ། རང་བཞིན་ཁྱད་མེད་ཀྱི་རྟགས་ཀྱིས་མི་རྟག་པར་སྒྲུབ་པའི་རྗེས་སུ་མཐུན་པར་ངེས་པ་ཡིན་ནོ། །བོད་གཞན་དག་གིས་ནི་མཐུན་དཔེ་རྟོགས་པའི་དུས་ཀྱང་མ་ཤེས་སོ། །གཉིས་པ་གཏན་ཚིགས་ཡང་དག་གི་དབྱེ་བ་ལ། འབྲེལ་བའི་སྒོ་ནས་དངོས་པོ་སྟོབས་ཞུགས་དང༌། གྲགས་པ་དང༌། ཡིད་ཆེས་པ་གསུམ་མོ། །བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་ན། འབྲས་རང་མ་དམིགས་པའི་རྟགས་གསུམ་མོ། ཇི་ལྟར་ན། དངོས་སྟོབས་སོགས་གསུམ་འབྲེལ་བའི་སྒོ་ནས་བཞག་ཅེ་ན། དངོས་པོ་ནི་ཡུལ་གྱི་གནས་ཚུལ་ཡིན་ལ། སྟོབས་ནི་དེའི་མཐུའོ། །ཞུགས་པ་ནི་ཡུལ་གྱི་སྟོབས་ལས་སྐྱེས་པ་སྟེ་ཞེས་པར་རྟོག་གེ་བའི་འགྲེལ་པར་ཁ་ཆེའི་པཎྜི་ཏ་རཱ་ཛ་ཡ་ཨ་ནན་ཏས་བཤད་དོ། །ཡུལ་གྱི་མཐུ་ལས་སྐྱེས་ནས་ཡུལ་འཇལ་བྱེད་ཞུགས་པ་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མར་བཤད་ལ། དེས་འབྲེལ་པ་གྲུབ་པ་རྟགས་སུ་བཀོད་པ་ནི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་སོ། །ཡིད་ཆེས་པའི་སྒྲ་དོན་ལ། གང་ཟག་ནི་ཡིད་ཤེས་པའི་གནས་ཡིན་ལ། ཡིད་ཆེས་ཚུལ་ནི་གཉིས་ཏེ། རང་ལ་ཡིད་ཆེས་པ་དང༌། གཞན་ལ་ཡིད་ཆེས་པ་གཉིས་སོ། །དང་པོ་ནི། ངས་བསྟན་བྱའི་དོན་ཇི་ལྟ་བ་བཞིན་དུ་མཐོང་སྙམ་དུ་ཡིད་ཆེས་པའོ། །གཉིས་པ་ནི། གང་ཟག་འདིས་བསྟན་བྱའི་དོན་ཇི་ལྟ་བ་བཞིན་མཐོང་ནས་བསྟན་ནོ་སྙམ་དུ་ཡིད་ཆེས་པའོ། །ཡིད་ཆེས་སུ་བཟུང་བའི་གང་ཟག་གཉིས་ཀྱིས་སྨྲས་པའི་ཚིག་ནི་ཡིད་ཆེས་པའི་ཚིག་ཡིན་ལ། དེ་རང་མཚན་དང་འབྲེལ་བ་ནི་ཡིད་ཆེས་པའི་དབང་གིས་བཞག་པས་ཡིད་ཆེས་པའི་རྟགས་སོ། །གྲགས་པ་ནི། རྟོགས་པའི་ཡུལ་ཏེ། ཐ་སྙད་ལས་སྐྱེས་པའི་ཆོས་སོ། །འདི་ནི་གྲགས་པའི་སྒྲས་བརྗོད་དོ་ཞེས་གསུངས་པ་ལྟར་རོ། །མེ་ལས་དུ་བ་འབྱུང་བ་ལྟ་བུ་མིན་གྱི། རྟོག་པའི་ཡུལ་དུ་འགྲོ་བ་སྒྲ་ལ་རག་ལས་པས་སྒྲ་ལས་བྱུང་བ་ཞེས་བཤད་དོ་ཞེས་ལོ་ཙྭ་བ་ཆེན་པོ་བློ་ལྡན་ཤེས་རབ་གསུང་ངོ༌། །དོན་དང་སྒྲའི་འབྲེལ་བ་ནི་གྲགས་པས་བཞག་པའི་ཕྱིར་གྲགས་རྟགས་སོ། །འབྲས་རང་མ་དམིགས་པའི་ཐ་སྙད་ནི། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་བཞག་སྟེ། བསྒྲུབ་བྱའི་ཆོས་ཀྱི་འབྲས་བུ་རྟགས་སུ་བཀོད་པ་ལ་འབྲས་རྟགས། ཆོས་ཀྱི་རང་བཞིན་རྟགས་སུ་བཀོད་པས་རང་བཞིན་དང༌། ཆོས་དགག་པ་སྒྲུབ་པའི་སྒོ་ནས་དགག་རྟགས་ཞེས་བཤད་དེ་བོད་གཞན་དག་གིས་ཐེ་ཚོམ་ཡང་མ་ཞུགས་སོ། །གསུམ་པ་མཚན་གཞིའི་རྣམ་གཞག་ལ། དང་པོ་དངོས་པོ་སྟོབས་ཞུགས་ཀྱི་རྟགས་སྟོན་ཏེ། དེ་ལ་འབྲས་བུ་དང་རང་བཞིན་དང་མ་དམིགས་པའི་རྟགས་གསུམ་མོ། །ཅིའི་ཕྱིར་གསུམ་དུ་ངེས་ཞེ་ན། འབྲེལ་བའི་དབང་གིས་བསྒྲུབ་བྱའི་ཆོས་ལ་དེ་བྱུང་འབྲེལ་བ་དང་བདག་གཅིག་འབྲེལ་པ་གཉིས་སུ་ངེས་ལ། བདག་གཅིག་འབྲེལ་པ་སྒྲུབ་པ་ལ། བསྒྲུབ་བྱའི་ཆོས་གཞན་དགག་པ་དང་སྒྲུབ་པ་གཉིས་སུ་ངེས་པའི་ཕྱིར་རོ། །དང་པོ་འབྲས་བུའི་རྟགས་ལ་མཚན་ཉིད་ནི། བསྒྲུབ་བྱའི་ཆོས་ལ་དེ་བྱུང་འབྲེལ་བ་སྒྲུབ་པའི་ཚུལ་གསུམ་ཚང་བའོ། །དབྱེ་བ་ལ། རྒྱུ་དངོས་སྒྲུབ་པ་དང༌། རྒྱུ་སྔོན་སོང་སྒྲུབ་པ་དང༌། རྒྱུའི་ཁྱད་པར་སྒྲུབ་པ་དང༌། རྒྱུའི་ཆོས་སྒྲུབ་པའི་འབྲས་རྟགས་སོ། །དང་པོ་ནི། ལ་མེ་ལྡན་དུ་སྒྲུབ་པ་ལ་དུ་བ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་ནི། རྩོལ་བྱུང་ཉན་ཤེས་རང་རྒྱུ་མི་རྟག་པ་སྔོན་དུ་སོང་བར་སྒྲུབ་པ་ལ། རྩོལ་བྱུང་རྟགས་སུ་བཀོད་པ་ལྟ་བུའོ། །གསུམ་པ་ནི་མིག་ཤེས་ལ་དབང་པོ་དང་ཡིད་བྱེད་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པ་ལ་དེ་ལས་གཞན་པའི་རྒྱུ་མ་ཚང་ན་མི་སྐྱེ་ཞིང་རེས་འགའ་སྐྱེ་བའི་ཕྱིར་ཞེས་བཀོད་པ་ལྟ་བུའོ། །བཞི་པ་ནི། ཁ་ནང་གོང་བུ་ད་ལྟར་བ་ལ་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པ་ལ་རོ་ད་ལྟར་བ་བཀོད་པ་ལྟ་བུའོ། །འདིར་ཤཱཀྱ་བློས། རོ་སྔ་མའི་ནུས་པ་ལ་རྒྱུའི་ཆོས་སུ་ངོས་བཟུང་ནས་དེ་དཔག་པའི་སྒོ་ནས་གཟུགས་ད་ལྟར་བ་དཔོག་པ་ལ་རྒྱུ་ཆོས་རྗེས་སུ་དཔོག་པ་ཞེས་བཤད་པ་ནི་ཆོས་ཀྱི་གྲགས་པའི་དགོངས་པ་མིན་ཏེ། གཟུགས་ད་ལྟར་བ་རྒྱུ་ཆོས་མིན་པ་ལྟར་ན་དེ་དཔོག་པ་རྒྱུ་ཆོས་རྗེས་དཔག་ཏུ་མི་འགྱུར་བས་སོ། །དེས་ན་རྒྱུའི་ཆོས་ནི་རོ་སྔ་མ་ཡིན་ལ། ཆོས་ནི་དེའི་འབྲས་བུ་གཟུགས་ད་ལྟར་བ་ལ་བཤད་ན་ལེགས་པར་སེམས་སོ། །གལ་ཏེ་གཟུགས་ད་ལྟར་བ་སྒྲུབ་པ་ལ་འབྲས་བུའི་རྟགས་མིན་པར་ཐལ། གཟུགས་ད་ལྟར་བ་ལ་བདག་གཅིག་དེ་བྱུང་གང་དུའང་མ་འབྲེལ་བའི་ཕྱིར་རོ་ཞེ་ན། རོ་སྔ་མ་ལ་འབྲས་རྟགས་སུ་སོང་བའི་སྟོབས་ཀྱིས་གཟུགས་ད་ལྟར་བ་གོ་བར་བྱ་བ་ཡིན་ཏེ། རྣམ་ངེས་ལས། དེར་ཡང་རྒྱུ་དེ་ལྟ་བུ་ཁོ་ནས་རྗེས་སུ་དཔོག་པར་བྱེད་དོ་ཞེས་པ་ལྟར་རོ། །འབྲས་བུའི་རྟགས་ཀྱི་སྟོབས་ལས་འོངས་པ་ཡིན་ཏེ། དེ་ནི་འབྲས་བུའི་རྟགས་ལས་སྐྱེས་ཞེས་བརྗོད་པ་ལྟར་རོ། གཞན་དག་གིས་ནི། རྟགས་ལས་སྐྱེས་ཞེས་པའི་ཚིག་གི་ནུས་པའང་ཁོང་དུ་མ་ཆུད་དོ། འོ་ན་རྟགས་གསུམ་དུ་མ་འདུས་པའི་རྟགས་མེད་པར་བཤད་པའི་དགོངས་པ་ཇི་ལྟར་འཆད་ཅེ་ན། འབྲས་རྟགས་ཀྱི་ཁོངས་སུ་བསྡུས་ཏེ། འབྲས་རྟགས་དང་ཆ་མཐུན་པའི་ཕྱིར་ཏེ། འབྲས་རྟགས་ཀྱི་སྟོབས་ལས་དོན་གཞན་གོ་བྱེད་དུ་གྱུར་པའི་ཕྱིར་ཏེ། བསྟན་བཅོས་འདིར། དེའི་ཆ་མཐུན་ཁོངས་སུ་བསྡུ་ཞེས་པ་ལྟར་རོ། །འབྲས་རྟགས་དངོས་ནི་མིན་ཏེ། བསྒྲུབ་བྱའི་ཆོས་དང་དེ་བྱུང་འབྲེལ་བ་མེད་པའི་ཕྱིར་ཏེ། བསྒྲུབ་བྱའི་ཆོས་དང་དུས་མཉམ་པའི་ཕྱིར་རོ། །དོན་འདི་ལ་དགོངས་ནས། འདུས་མ་བྱས་ཀྱི་སྒོ་ནས་རྩོད་སྤོང་མཛད་དོ། །རོ་སྔ་མའི་ནུས་པ་ལ་འབྲས་རྟགས་སུ་སོང་བའི་སྟོབས་ཀྱིས་གཟུགས་ད་ལྟར་བ་ལ་རྟགས་སུ་སྟོན་པ་མིན་ནོ། །དཔེར་ན་མིག་གི་རྣམ་པར་ཤེས་པས་མེའི་ཁ་དོག་མཐོང་བའི་སྟོབས་ཀྱིས་མེའི་རེག་བྱ་ཚ་བ་རྟོགས་པར་བྱས་ཀྱང་རེག་བྱ་ལ་ཚད་མ་མིན་པ་བཞིན། འདི་ཇི་ལྟར་ཤེས་ཤེ་ན། རེག་བྱ་ནི་མིག་ཤེས་ཀྱི་ཡུལ་མིན་པའི་ཕྱིར་རོ། འདི་ནི་མདོའི་དགོངས་པའོ། །འབྲས་རྟགས་ཀྱི་འབྲེལ་བ་སྒྲུབ་བྱེད་ནི། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མའོ། །ལྡོག་པ་གནོད་པ་ཅན་གྱི་ཚད་མས་སྒྲུབ་པ་ལ། ཕྱོགས་སྔ་མ་ནི། བརྡའ་སྤྲོད་པ་དག མེ་མེད་པར་ཡང་དུ་བ་འབྱུང་སྟེ་བརྒྱ་བྱིན་སྤྱི་བོ་ལས་ཀྱང་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །དུ་བ་ཆོས་ཅན། ཁྱོད་རྒྱུ་མེད་ཡིན་པར་ཐལ། ཁྱོད་དུ་བ་གང་ཞིག མེ་ལས་མ་བྱུང་བའི་ཕྱིར་རོ། །འདོད་ན། དངོས་པོ་རེས་འགའ་བ་མིན་པར་ཐལ། སྐྱེ་བ་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །རྒྱུ་མེད་པ་ཙམ་གྱིས་ནི་རེས་འགའ་བ་མིན་པར་མི་འགྱུར་ཏེ། བརྒྱ་བྱིན་གྱི་སྤྱི་བོ་ལས་འབྱུང་བའི་ཕྱིར་རོ་ཞེ་ན། བརྒྱ་བྱིན་གྱི་སྤྱི་བོ་ཡང་དུ་བའི་རྒྱུ་མིན་པར་ཐལ། དེ་མེད་པར་ཡང་མེ་ལས་འབྱུང་བའི་ཕྱིར་རོ། །མཐར་མེ་ཡོད་མེད་གཉིས་ཀ་རྒྱུ་མིན་པས་རྒྱུ་མེད་དུ་ཐལ་བ་ཟློག་ཏུ་མེད་པའི་ཕྱིར་རོ། །རིགས་པའི་གནད་འདི་མ་ཤེས་ན། དུ་བ་གང་ཞིག མེ་ལས་མ་སྐྱེས་པ་ཙམ་གྱིས་རྒྱུ་མེད་དུ་སྒྲུབ་མི་ནུས་ཏེ། བརྒྱ་བྱིན་གྱི་སྤྱི་བོ་ལ་རྒྱུར་རྟོག་པའི་ཕྱིར་རོ། །གཉིས་པ་རང་བཞིན་གྱི་རྟགས་ལ་སྦྱོར་བའི་དོན་གསུམ་ངོས་བཟུང༌། རྟགས་ཀྱི་ཚུལ་སྒྲུབ་པ་གཉིས་སོ། །དང་པོ་ལ་གཉིས་ཏེ། འཆད་ཚེ་རྣམ་པར་ཕྱེ་བ་དང༌། འཇུག་ཚེ་གཅིག་དུ་འཁྲུལ་བའི་རྣམ་གཞག་གོ །དང་པོ་ལ་ཡང་གཉིས་ཏེ། ཐ་དད་དུ་འབྱེད་པའི་གཞན་སེལ་གྱི་རྣམ་པར་ཕྱེ་བའི་ཚུལ་དང༌། གཅིག་དུ་བསྡུས་པའི་གཞན་སེལ་གྱིས་ཇི་ལྟར་བསྡུས་པའི་ཚུལ་ལོ། །དང་པོ་ནི། རྒྱུ་སྒྲའི་རྫས་གཅིག་སྒྲ་མིན་དང་རྟག་པ་དང༌། བྱས་པ་མིན་པ་ལས་ལྡོག་པའི་མེད་དགག་གི་སེལ་བ་གསུམ་དང་ལྡན་པས་བློའི་སེལ་བ་དོན་སྤྱི་གསུམ་རྟོག་བློ་ལ་སྣང་བར་འགྱུར་བའི་ཕྱིར་རོ། །དོན་སྤྱི་གསུམ་སོ་སོར་བཟུང་ནས་ལྡོག་པ་ཐ་དད་པ་གསུམ་དུ་རྣམ་པར་འབྱེད་པའི་སྒོ་ནས་རྟགས་ཀྱི་སྦྱོར་བའི་དོན་གསུམ་སོ་སོར་འཇོག་གོ །ཅིའི་ཕྱིར་ལྡོག་པ་གསུམ་དུ་དབྱེར་ཡོད་ཅེ་ན། སྒྲའི་རྫས་གཅིག་པུ་དེ་ཉིད་མཉན་བྱ་དང་སྐད་ཅིག་མ་དང་རྒྱུ་རྐྱེན་ལས་སྐྱེས་པ་གསུམ་གྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་སྒྲ་མིན་ལས་ལྡོག་པ་སོགས་གསུམ་དུ་དབྱེར་རུང་ངོ༌། །བློ་ལ་གསུམ་ཇི་ལྟར་སྣང་ཞེ་ན། བློ་ལ་སྣང་བའི་རྣམ་པ་གསུམ་བཟུང་ནས་དེ་ལ་ཕྱི་རོལ་གྱི་སྒྲ་བྱས་མི་རྟག་པ་གསུམ་དུ་མངོན་པར་ཞེན་པའི་དབང་གིས་དེ་མིན་གསུམ་དང་བྲལ་བར་སྣང་ངོ༌། །འདི་ལ་སོང་ཚོད་དོན་སྤྱི་གསུམ་ཡིན་ཡང༌། དེ་མིན་གསུམ་དང་བྲལ་བར་སྣང་བ་ལ་བརྟེན་ནས་ཕྱི་རོལ་གྱི་དོན་གསུམ་སྦྱོར་བའི་དོན་གསུམ་དུ་འགོད་པར་རློམ་པ་ལས་རྣམ་པར་བཞག་གོ །གལ་ཏེ་རྟགས་སུ་སོང་བ་སྒྲོ་བཏགས་ཡིན་ན་རྟགས་ལ་རྟགས་འཛིན་ཇི་ལྟར་སྐྱེ་ཞེ་ན། རྟགས་སུ་བཀོད་པར་རློམ་པའི་དངོས་པོ་རང་མཚན་ལས་སྐྱེ་བས་རློམ་ཚོད་ལས་སྐྱེ་ཚུལ་རྣམ་པར་བཞག་གོ །དཔེར་ན། དོན་བྱེད་ནུས་སྟོང་རྟགས་སུ་བཀོད་པའི་ཚེ་ན། འདུས་མ་བྱས་ཀྱི་ནམ་མཁའ་ལ་དོན་བྱེད་ནུས་སྟོང་ཡོད་པར་ཞེན་པའི་རྟོག་པ་སྐྱེ་བ་ལྟ་བུའོ། །འདི་ལ་ལྡོག་པ་གསུམ་ནི་དོན་གྱི་སེལ་བ་ཡིན་ལ། དེ་མིན་དང་བྲལ་བར་སྣང་བ་གསུམ་ནི་ལྡོག་པའི་སེལ་བ་ཡིན་ནོ། །དོན་སྤྱི་གསུམ་ནི་བློ་ཡི་སེལ་བ་ཡིན་ནོ། །གཉིས་པ་གཅིག་ཏུ་བསྡུས་པའི་གཞན་སེལ་གྱིས་ནི། སྒྲ་དང་མི་རྟག་པ་དབྱེར་མེད་དུ་བཟུང་ནས་སྒྲ་ལ་རྟག་པར་འཛིན་པའི་སྒྲོ་འདོགས་གཅོད་པར་བྱེད་དོ། །གལ་ཏེ་ཐ་དད་དུ་འབྱེད་པའི་གཞན་སེལ་བདེན་ན། གཅིག་དུ་སྡུད་པ་ཅིའི་ཕྱིར་རྟགས་སྦྱོར་དོན་གསུམ་དུ་སོང་བ་དངོས་པོ་མིན་ཞེ་ན། རང་མཚན་དགག་སྒྲུབ་ཀྱི་དངོས་རྟེན་དུ་མི་རུང་བའི་ཕྱིར་དང༌། དཔེ་ལ་རྗེས་འགྲོ་མེད་པས་རྟགས་ཀྱིས་སྒྲུབ་མི་ནུས་པའི་ཕྱིར་རོ། །འོ་ན་སྒྲ་དོན་གྱི་སྟེང་དུ་དགག་སྒྲུབ་བྱས་པ་ལ་དགོས་པ་མེད་པར་ཐལ། དེ་ལས་དོན་མི་ཐོབ་པའི་ཕྱིར་རོ་ཞེ་ན།                                                                      རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*