ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད། ཀ༽

༄༅། །ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད་ཉི་མའི་སྙིང་པོ་བཞུགས་པའི་དབུ་ཕྱོགས་ལགས་སོ།།

༄༅། །ཚད་མ་རིག་པའི་གཏེར་གྱི་རྣམ་བཤད་ཉི་མའི་སྙིང་པོ་ཞེས་བྱ་བ། ལྷག་པའི་ལྷ་བཅོམ་ལྡན་གངས་རིའི་མདོག་ཅན་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་ཤིང༌། །མ་ལུས་འགྲོ་ལ་བརྩེ་བའི་བདག་ཉིད་ཅན། །ཐུགས་རྗེའི་བསིལ་ཟེར་ཕྱོགས་བྲལ་རྣམ་པར་གཡོ། །ཐུབ་དབང་སྨྲ་བའི་ཟླ་བར་ཕྱག་འཚལ་ལོ། །མི་བཟད་མུན་པ་རྒྱ་ཆེན་འཇོམས་པའི་སྟོབས་མངའ་ཞིང༌། །དགེ་ལེགས་རི་མཐོར་རིགས་པའི་འོད་ཟེར་འགྱེད་མཛད་པ། །མུ་སྟེགས་མཚན་མོ་རྒྱུ་བའི་ཚོགས་རྣམས་ཕམ་མཛད་ཅིང༌། །བསྟན་པའི་པདྨོ་རྒྱས་བྱེད་ཕྱོགས་ཀྱི་གླང་པོ་རྒྱལ། །བདག་སྨྲའི་གཞུང་ལུགས་བལྟ་འཇུག་ཡང་དག་རིགས་པ་ཡིས། །མ་ལུས་ཕམ་མཛད་ཡང་དག་དངོས་མཐོང་སྐྱེས་གྱུར་པ། །ཆོས་ཀྱི་གྲགས་པ་ཡང་དག་ཉིན་བྱེད་སྣང་བའི་འོད། །ཡང་དག་གཞུང་ལུགས་རབ་གསལ་བྱེད་པ་རྣམ་པར་རྒྱལ། །མང་དུ་ཐོས་པའི་བློ་གྲོས་རྨད་བྱུང་ཁྱོན་ཡངས་སུ། །གཞུང་ལུགས་འབུམ་ཕྲག་བྱེ་བའི་ཆུ་གཏེར་ཡོངས་རྫོགས་ཤིང༌། །འཛམ་གླིང་མཁས་པ་ཀུན་གྱི་གཙུག་གི་རྒྱན་གྱུར་པ། །ཕས་རྒོལ་མུ་སྟེགས་དཔུང་ཚོགས་ཡང་དག་རིགས་པ་ཡིས། །ཀུན་ཏུ་ཕམ་མཛད་ལྔ་ཕྲག་གཉིས་ཀྱི་རིགས་གནས་མཁྱེན། །རབ་སྙན་གྲགས་པའི་རྔ་སྒྲ་རྒྱ་མཚོའི་མཐར་བསྐྱོད་ཅིང༌། །རྒྱ་མཚོ་གཉིས་ཀྱི་ས་ཡི་མཐར་ཐུག་རབ་བརྙེས་པ། །ས་སྐྱ་པཎ་ཆེན་དད་པའི་གཙུག་གི་ནོར་བུས་མཆོད། །ཤེས་རབ་དཀྱིལ་འཁོར་རིག་པའི་འོད་སྟོང་རབ་འཕྲོ་ཞིང༌། །ཕས་རྒོལ་མུན་པའི་གཞུང་ལུགས་མ་ལུས་ཕམ་བྱེད་ལ། །མཁས་མང་གླིང་བཞིའི་དབུས་ན་རི་དབང་ལྷུན་པོ་བཞིན། །རབ་བརྗིད་སྨྲ་བའི་དབང་པོ་དཔལ་ལྡན་བླ་མ་རྒྱལ། །རྟོག་གེའི་རིང་ལུགས་སྔོན་མེད་རབ་གསལ་ཚད་མའི་མདོ། །ཚུལ་བཞིན་རྣམ་འབྱེད་སྡེ་བདུན་མཛད་པ་རིགས་པའི་གཞུང༌། །དགོངས་དོན་ཡང་དག་རིགས་པས་རྣམ་འབྱེད་རིགས་པའི་གཏེར། །ཚིག་དོན་ཞིབ་མོར་འབྱེད་པའི་ལེགས་བཤད་གསལ་བར་བྱ། །ཚད་མའི་མདོ་དང་སྡེ་བདུན་གྱི་དཀའ་བའི་གནད་རྣམས་རབ་ཏུ་གསལ་བར་བྱེད་པ་ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་དགོངས་པ་གསལ་བར་བྱེད་པ་འདི་ལ་དོན་གསུམ་སྟེ། བསྟན་བཅོས་ཀྱི་མཚན་དོན་བཤད་པ་དང༌། གཞུང་གི་ཚིག་དོན་རྣམ་པར་དབྱེ་བ་དང༌། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ནི་པྲ་མ་ཎ་ཞེས་པ་ནི་ཚད་མའོ། །ཡུཀྟ་ཞེས་པ་ནི་རིགས་པ་ཡིན་ལ། ནི་དྷི་ནི་གཏེར་རོ། །དེ་ལ་ཚད་མ་ནི་འཇལ་བ་སྟེ། ཡུལ་ཇི་ལྟར་གནས་པ་བཞིན་ཁོང་དུ་ཆུད་པར་བྱེད་པའོ། །པྲ་ནི་དོན་ཉི་ཤུ་ལ་འཇུག་པ་ལས། འདིར་དང་པོ་ལ་འཇུག་སྟེ་དང་པོར་འཇལ་བར་བྱེད་པའོ། །གཉིས་པ་གཞུང་གི་ཚིག་དོན་རྣམ་པར་དབྱེ་བ་ལ། མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ། ལུས་ཀྱི་ཚིག་དོན་སོ་སོར་བཤད། རྩོམ་པ་པོའི་ཆེ་བ་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་མཆོད་པར་བརྗོད་པ་ལ་འཇམ་པའི་དབྱངས་ལ་བསྟོད་པ་ནི། བླ་མའི་ངོ་བོར་གྱུར་པ་མགོན་པོ་འཇམ་པའི་དབྱངས་ཀྱི་ཞབས་ལ་མགོ་བོས་བཏུད་ཏེ་ཕྱག་འཚལ་ལོ། །ཡོན་ཏན་གྱི་ཁྱད་པར་ཅི་ཞིག་མཐོང་ནས་དེ་ལ་བསྟོད་པ་མཛད་ཅེ་ན། དེ་ནི་ཡོན་ཏན་གྱི་ཁྱད་པར་གསུམ་དང་ལྡན་ཏེ། མཁྱེན་པའི་ཁྱད་པར་ཤེས་བྱ་ཐམས་ཅད་མ་ལུས་པར་གཟིགས་པའི་སྤྱན་ཤིན་ཏུ་ཡངས་པ་དང་ལྡན་པའི་ཕྱིར་དང༌། བརྩེ་བའི་ཁྱད་པར་འགྲོ་བ་ཀུན་ལ་དགེ་ལེགས་ཀྱི་ཡོན་ཏན་སྒྲུབ་པའི་ཐུགས་རྗེ་ཁྱད་པར་ཅན་དང་ལྡན་པའི་ཕྱིར་དང༌། འཕྲིན་ལས་ཀྱི་ཁྱད་པར་བསམ་མཐའ་ཡས་པའི་ཕྲིན་ལས་མཛད་པའི་སྟོབས་མངའ་བའི་ཕྱིར་རོ། །ཕྱོགས་གླང་ཡབ་སྲས་ལ་བསྟོད་པ་ནི། ཀླུའི་དབང་པོ་དང་ཆོས་མཚུངས་པའི་དཔལ་ལྡན་ཕྱོགས་གླང་དང་ཆོས་ཀྱི་གྲགས་པ་རྒྱལ་བར་གྱུར་ཅིག་ཅེས་ཤིས་པ་བརྗོད་དོ། །ཇི་ལྟར་ཀླུའི་དབང་པོ་དང་ཆོས་མཚུངས་ཞེ་ན། ཀླུའི་དབང་པོའི་སྤྱི་གཙུག་ནོར་བུ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་བཞིན་དུ། བློ་གྲོས་ཀྱི་སྤྱི་གཙུག་ཡོན་ཏན་རིན་པོ་ཆེའི་རྒྱན་གྱིས་སྤྲས་པའི་ཕྱིར་དང༌། ཀླུའི་རོ་འཛིན་ལྕེའི་དབང་པོས་ཕུད་ཀྱི་སྒྲ་དབྱངས་སྒྲོག་པ་བཞིན་དུ། བདེན་གཉིས་རྟོགས་པའི་ཤེས་རབ་ཀྱི་མཐུས་སྟོང་པ་ཉིད་ཀྱི་སྒྲ་སྒྲོག་པའི་ཕྱིར་དང༌། ཀླུའི་དབང་པོའི་ལྟ་བའི་ཟེར་སྐྱེ་བོ་གཞན་གྱིས་མཐོང་བར་མི་བཟོད་པ་བཞིན་དུ། མཁྱེན་བརྩེའི་ལྟ་ཟེར་ཕས་རྒོལ་གྱི་སྐྱེ་བོས་མི་བཟོད་པའི་ཕྱིར་དང༌། ཀླུའི་དབང་པོ་རྒྱ་མཚོའི་རྒྱན་དུ་གྱུར་པ་བཞིན་དུ་མཁས་པའི་སྐྱེ་བོ་བློ་གསལ་ཀུན་གྱི་རྒྱན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། གཞན་ལ་བརྩེ་བའི་བསམ་པས་ཚད་མ་རིག་པའི་གཏེར་འདི་བརྩམས་པའི་སྒོ་ནས་བཤད་དོ། །གཞན་ཇི་ལྟ་བུ་ལ་བཤད་ཅེ་ན། གདུལ་བྱ་ཤེས་རབ་དང་ལྡན་པ་དང༌། ཕྱོགས་ལྷུང་མེད་པའི་བློ་གཟུ་བོར་གནས་པ་དང༌། ལེགས་བཤད་དོན་དུ་གཉེར་བ་ལའོ། །བསྟན་བཅོས་རྩོམ་པར་བཞེད་ན་གང་ལ་བརྟེན་ནས་རྩོམ་པར་མཛད་ཅེ་ན། ཕྱོགས་ཀྱི་གླང་པོ་དང༌། ཆོས་ཀྱི་གྲགས་པའི་བཞེད་གཞུང་ཇི་ལྟ་བ་བཞིན་མཐོང་ནས་སོ། །གང་གིས་མཐོང་ན། བློ་གྲོས་གསལ་བའི་མིག་གིས་ལེགས་མཐོང་ནས། །ཞེས་སྦྱར་རོ། །གལ་ཏེ་མཁས་པ་སྔ་མ་དག་གིས་བཤད་ཟིན་པས་དོན་མེད་དོ་ཞེ་ན། སྔོན་ཆད་གངས་རིའི་ཁྲོད་བོད་ཡུལ་འདིར། ཕྱ་པ་སོགས་མཁས་པའི་སྐྱེ་བོ་རྒྱུ་སྐར་ལྟ་བུ་བྱེ་བ་བརྒྱས། དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་རབ་པདྨོ་ལྟ་བུ་འདི་ཁ་རབ་ཏུ་ཕྱེ་བར་རློམ་མོད། གང་ཞིག་བདག་གི་བློ་གྲོས་ཉི་མའི་འོད་ལྟ་བུའི་སྣང་བས་མ་ཁྱབ་ཀྱི་བར་དེ་སྲིད་དུ། ཚད་མའི་གཞུང་ལུགས་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་པདྨོའི་གེ་སར་ལྟ་བུའི་སྙིང་པོ་གསལ་བར་མ་ནུས་པས། དེ་གསལ་བར་བྱེད་པའི་ཕྱིར་དུ་རིགས་པའི་གཏེར་འདི་བཤད་ཅིང་རྩོམ་མོ། །གཉིས་པ་ལུས་ཀྱི་ཚིག་དོན་སོ་སོར་བཤད་པ་ལ། རྟོགས་བྱའི་ཡུལ་གཏན་ལ་དབབ་པ་དང༌། ཡུལ་ཅན་ཤེས་བྱེད་ཀྱི་བློ་བསྟན་པ་དང༌། བློ་དེས་ཡུལ་རྟོགས་པའི་ཚུལ་དང༌། ཤེས་བྱེད་ཚད་མའི་རང་བཞིན་བསྟན་པའོ། །དང་པོ་ནི། ཡུལ་གྱི་མཚན་ཉིད་བློས་རིག་པར་བྱའོ། །གལ་ཏེ་རབ་རིབ་ཅན་ལ་སྐྲ་ཤད་འཛག་པར་སྣང་བ་ཆོས་ཅན། ཡུལ་ཡིན་པར་ཐལ། བློས་རིག་པར་བྱ་བ་ཡིན་པའི་ཕྱིར། འདོད་པ་མི་འཐད་དེ། གཞལ་བྱ་རང་སྤྱི་གང་ཡང་མ་ཡིན་པའི་ཕྱིར་ཏེ། དོན་བྱེད་མི་ནུས་པའི་ཕྱིར་དང༌། དེ་ལ་དོན་དུ་ཞེན་ནས་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་དོན་ཐོབ་རྒྱུ་མེད་པའི་ཕྱིར་ཞེ་ན། འོ་ན་སྐྲ་ཤད་སྣང་བའི་བློ་ཆོས་ཅན། མངོན་རྗེས་གང་རུང་དུ་ཐལ། བློ་ཡིན་པའི་ཕྱིར། ཁོ་ན་རེ་མི་མཚུངས་ཏེ། ཚད་མ་གཉིས་གང་ཡང་མ་ཡིན་པའི་ཚད་མིན་གྱི་བློ་ཡོད་ལ། གཞལ་བྱ་གཉིས་གང་ཡང་མ་ཡིན་པའི་ཡུལ་ནི་མེད་པའི་ཕྱིར་ཏེ། ཡོད་པ་ལ་ཚད་མས་དམིགས་པའི་ཁྱབ་པའི་ཕྱིར་དང༌། ཚད་མས་དམིགས་པ་དང་ཚད་མས་གཞལ་བ་ཡང་དོན་ཅིག་པའི་ཕྱིར་ཞེ་ན། གཙོ་བོའི་སྒྲ་དོན་ཆོས་ཅན། ཚད་མའི་གཞལ་བྱར་ཐལ། ཡུལ་ཡིན་པའི་ཕྱིར། འདོད་ན། མངོན་རྗེས་གང་གི་གཞལ་བྱར་འདོད། དང་པོ་མི་འཐད་དེ། མངོན་སུམ་གྱིས་སྒྲ་དོན་དངོས་ཡུལ་དུ་བྱེད་པ་མི་སྲིད་པའི་ཕྱིར་དང༌། མངོན་སུམ་གྱིས་ཤུགས་ལ་རྟོགས་པ་ཡང་མི་འཐད་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་གྱིས་ཤུགས་ལ་རྟོགས་པ་ཡིན་ཏེ། གཙོ་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་སྒྲ་དོན་ལ་ངེས་པ་འདྲེན་པའི་ཕྱིར་ཏེ། རྣམ་ངེས་ལས་ཀྱང༌། སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་སྤང་བར་འོས་པ་མ་ཡིན་པའི་དོན་དེ་ནི་ཆོས་ཅན་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེ་ན། འདིས་རང་རིག་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པར་སྟོན་པ་ཡིན་གྱི་ཡུལ་དུ་སྟོན་པ་ནི་མ་ཡིན་ནོ། །གལ་ཏེ་དེའི་ཡུལ་དུ་འདོད་ན། ཤེས་པར་ཐལ་ལོ། །གལ་ཏེ་རང་རིག་གི་དངོས་ཡུལ་ཡིན་ན་ཤེས་པ་ཡིན་ཀྱང༌། ཤུགས་ཡུལ་དུ་འདོད་པས་སྐྱོན་མེད་ཅེ་ན། མངོན་སུམ་ཤུགས་རྟོགས་འོག་ནས་འགོག འདིར་བོད་ཐམས་ཅད་ཀྱིས་ཚད་མས་གྲུབ་པ་དང་གཞལ་བྱའི་ཁྱད་པར་མ་ཤེས་སོ། །དེས་ན་ཡུལ་ཡིན་ན་ཚད་མས་གྲུབ་པས་ཁྱབ་ཀྱི་ཚད་མའི་གཞལ་བྱ་ཡིན་པས་མ་ཁྱབ་སྟེ། ས་ཕྱོགས་ན་བུམ་པ་མེད་པ་རང་རིག་མངོན་སུམ་གྱིས་གྲུབ་ཀྱང་དེའི་ཡུལ་མ་ཡིན་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་ཡོད་པ་གཞན་རིག་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་ཀྱང་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲ་དོན་རྗེས་དཔག་གི་གཞལ་བྱའོ་ཞེ་ན། མི་འཐད་དེ། དངོས་ཀྱི་གཞལ་བྱ་དང་འཇུག་ཡུལ་གྱི་གཞལ་བྱ་གང་རུང་མ་ཡིན་པའི་ཕྱིར་ཏེ། རྟགས་ཀྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར་དང༌། དོན་བྱེད་མི་ནུས་པའི་ཕྱིར་རོ། །འོ་ན་སྒྲ་དོན་མེད་པར་ཐལ། ཚད་མ་གཉིས་གང་གིས་ཀྱང་མ་གཞལ་བའི་ཕྱིར་ཞེ་ན། གཞལ་བྱ་མ་ཡིན་ཡང་ཚད་མའི་སྟོབས་ཀྱིས་གྲུབ་པས་ཡོད་པར་འདོད་པའི་ཕྱིར་ཉེས་པ་མེད་དོ། །བོད་དག་དོན་སྤྱི་རྟོག་པའི་གཟུང་ཡུལ་དང་མེད་པ་གསལ་སྣང་རྟོག་མེད་འཁྲུལ་ཤེས་ཀྱི་གཟུང་ཡུལ་ཡིན་ཞེ་ན། དེར་འཛིན་གྱི་ཤེས་པ་གཉིས་པོ་ཆོས་ཅན། འཁྲུལ་ཤེས་ཡིན་པར་འགལ་བར་ཐལ། གཟུང་དོན་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་གཟུང་ཡུལ་ཡོད་ནའང༌། ཐག་པ་ཁྲ་བོ་ལ་སྦྲུལ་འཛིན་བཞིན་དུ་འཁྲུལ་བ་ཡིན་ཞེ་ན། ཁྲ་བོ་མཐོང་བའི་ཤེས་པ་འཁྲུལ་བར་ཐལ་ཞེས་སྨྲའམ། སྦྲུལ་འཛིན་འཁྲུལ་བར་ཐལ་ཞེས་སྨྲ། དང་པོ་ལྟར་ན། ཁྲ་བོ་འཛིན་པའི་དབང་ཤེས་ཆོས་ཅན། མ་འཁྲུལ་ཏེ་གཟུང་ཡུལ་དངོས་པོར་ཡོད་པ་དངོས་སུ་འཛིན་པའི་ཕྱིར། གཉིས་པ་ལྟར་ན། ཁོ་བོ་ཡང་འདོད་དེ། སྦྲུལ་འཛིན་ཆོས་ཅན། འཁྲུལ་ཏེ། ཡུལ་སྦྲུལ་དུ་མེད་པ་ལ་སྦྲུལ་དུ་འཛིན་པའི་ཕྱིར། གཞན་ཡང་དོན་སྤྱི་དང་མེད་པ་གསལ་སྣང་གཟུང་ཡུལ་ཡིན་ན། ཤེས་པ་གཉིས་པོའི་སྣང་ཡུལ་རང་འཛིན་ཤེས་པ་ལས་རྫས་ཐ་དད་ཡིན་ནམ་རྫས་གཅིག་ཡིན། །དང་པོ་ལྟར་ན། བུམ་པའི་དོན་སྤྱི་བློ་ལ་སྣང་བའི་ལྷ་སྦྱིན་ཆོས་ཅན། ཁྱོད་ལ་སྣང་བའི་དོན་སྤྱི་ཡུལ་རུང་བར་གནས་པའི་གང་ཟག་གཞན་གྱིས་ཀྱང་བུམ་སོགས་བཞིན་དུ་ཐུན་མོང་དུ་མཐོང་བར་ཐལ། །ཤེས་པ་ལས་རྫས་ཐ་དད་དུ་ཕྱི་རོལ་ཡན་གར་དུ་གནས་པའི་ཕྱིར། རྣམ་འགྲེལ་ལས། རྣམ་པ་དེ་ནི་ཐ་དད་ན། གཞན་གྱིས་ཀྱང་ནི་རྟོགས་པར་འགྱུར་ཞེས་པའི་དོན་ནོ། །ཕྱི་རོལ་གྱི་དོན་ཡིན་ཡང་རང་གི་ལུས་ཀྱི་ནང་རང་གིས་མི་མཐོང་བ་བཞིན་དུ་འཁྲུལ་སྣང་གཉིས་ཀྱང་སྣང་བ་པོ་བདག་ཉིད་ཀྱི་ཤེས་པ་ཁོ་ན་ལ་ཡུལ་ཡུལ་ཅན་གྱི་ཚུལ་དུ་རྟག་ཏུ་འབྲེལ་བའི་ཕྱིར་གང་ཟག་གཞན་གྱིས་རྟོགས་པ་མེད་ཅེ་ན། དཔེ་དོན་མི་མཚུངས་ཏེ། རང་གི་ལུས་ཀྱི་ནང་ནི། རང་གི་གཟུང་ཡུལ་དུ་རུང་བ་མ་ཡིན་པ་དེས་ན་རང་གིས་ཀྱང་མི་མཐོང་ལ། དོན་སྤྱི་དང་མེད་པ་གསལ་སྣང་གཉིས་ཤེས་པ་ལས་རྫས་ཐ་དད་དུ་ཕྱི་རོལ་དུ་གནས་ན། རང་གཞན་གཉིས་ཀྱི་ཐུན་མོང་དུ་ཅིའི་ཕྱིར་མི་མཐོང༌། གལ་ཏེ་སྣང་མཁན་རང་རང་གི་བློ་ཁོ་ན་ལ་སྣང་བའི་ཚུལ་གྱིས་ཡུལ་ཡུལ་ཅན་དུ་རྟག་ཏུ་འབྲེལ་བས་ན། སྣང་ཡུལ་གཉིས་པོའང་ཐུན་མོང་དུ་མཐོང་བའི་གཟུང་ཡུལ་དུ་རུང་བ་མ་ཡིན་ནོ་ཞེ་ན། འོ་ན་ལྷ་སྦྱིན་ལ་སྣང་བའི་བུམ་པའི་དོན་སྤྱི་ཆོས་ཅན། སྒྲས་བརྗོད་པས་ཀྱང་གཞན་གྱི་རྟོགས་པར་མི་འགྱུར་བར་ཐལ། རང་སྣང་བ་པོའི་བློ་ཁོ་ན་ལ་སྣང་བའི་ཚུལ་གྱིས་འབྲེལ་བའི་ཕྱིར། རྣམ་འགྲེལ་ལས། བདག་ལ་རྟག་ཏུ་འབྲེལ་ཡིན་ན། །བརྗོད་ཀྱང་རྟོགས་པར་མི་འགྱུར་རོ་ཞེས་པའི་དོན་ནོ། །སྣང་བ་པོ་རང་རང་གི་བློ་དང་འབྲེལ་བའི་ཕྱིར་རང་རང་གི་བློ་ལ་སྣང་ལ། དེ་ཉིད་གཞན་ལ་བརྗོད་པ་ཐུན་མོང་དུ་རྟོགས་སོ་ཞེ་ན། གང་ཟག་ལྷ་སྦྱིན་དང་མཆོད་སྦྱིན་གཉིས་ཀྱི་བློ་སོ་སོ་ལ་སྣང་བའི་བརྗོད་བྱའི་དོན་ཆོས་ཅན། ཐུན་མོང་དུ་མཐོང་བའི་ཐ་སྙད་དོན་མཐུན་སྦྱོར་མི་ནུས་པར་ཐལ། བློ་སོ་སོ་ལ་སྣང་བའི་དོན་སྤྱི་སོ་སོ་ཡིན་པའི་ཕྱིར། འཆད་པོ་ཉན་པོའི་སེམས་དང་ནི་མཚམས་སྦྱོར་བར་ནི་མི་ནུས་སོ་ཞེས་པའི་དོན་ནོ། །གལ་ཏེ་གང་ཟག་སོ་སོའི་སེམས་ལ་སྣང་བའི་བུམ་པའི་དོན་སྤྱི་གཉིས་འདྲ་བ་ཡོད་པས་འཁྲུལ་གཞི་བྱས་ནས་འདྲ་བ་ལ་གཅིག་ཏུ་ཞེན་པའི་སྒོ་ནས་ཐུན་མོང་དུ་མཐོང་བའི་ཐ་སྙད་སྦྱོར་བའི་ཕྱིར་གཅིག་ཏུ་མཚམས་སྦྱོར་བ་མི་འགལ་ལོ་ཞེ་ན། ལྷ་སྦྱིན་ལ་སྣང་བ་དེ་ཉིད་མཆོད་སྦྱིན་ལ་རྣམ་པ་ཤར་རམ་མ་ཤར། གལ་ཏེ་ཤར་ན་མཆོད་སྦྱིན་གྱི་བློའི་རང་ཡུལ་ཡིན་པར་ཐལ། མཆོད་སྦྱིན་རང་གི་བློ་ལ་རྣམ་པ་ཤར་བའི་ཕྱིར། གལ་ཏེ་མ་ཤར་ན་ནི། དེ་ལ་སྣང་བའི་ཡུལ་མ་ཡིན་པར་ཐལ། དེ་ལ་སྣང་བ་མ་ཤར་བའི་ཕྱིར། ལྷ་སྦྱིན་ལ་སྣང་བ་མཆོད་སྦྱིན་ལ་མི་སྣང་བ་དེས་ན། གང་ཟག་སོ་སོའི་བློའི་གཟུང་ཡུལ་ཐ་དད་དུ་སྣང་བ་ལ། བློ་མ་འཁྲུལ་བས་གཅིག་ཏུ་འཛིན་པ་ག་ལ་སྲིད། གལ་ཏེ་བློ་འཁྲུལ་པས་འཛིན་ནོ་ཞེ་ན། ཡུལ་ཅན་གྱི་བློ་འཁྲུལ་པ་ཡིན་ན་དེའི་གཟུང་དོན་དུ་ཇི་ལྟར་འགྱུར། གང་ཟག་སོ་སོའི་གཟུང་ཡུལ་ཐ་དད་པ་ཡིན་ཡང་ཡུལ་གཅིག་ཏུ་གནས་པ་ལ་ཅིག་ཏུ་འཁྲུལ་བའི་སྒོ་ནས་འཛིན་ནོ་ཞེ་ན། འོ་ན་ལྷ་སྦྱིན་གྱི་བློའི་གཟུང་ཡུལ་དང་མཆོད་སྦྱིན་གྱི་བློའི་བཟུང་ཡུལ་གཅིག་ཏུ་འཛིན་པ་ཆོས་ཅན། གཟུང་ཡུལ་མེད་པར་གྲུབ་པ་ཡིན་ཏེ། འཁྲུལ་པ་ཡིན་པའི་ཕྱིར་རོ། །ཐ་དད་བདག་ཉིད་ཇི་ལྟར་བཟུང༌། །དེ་ཚེ་བློ་དོན་མེད་ཅན་འགྱུར་ཞེས་པའི་དོན་ནོ། །གཞུང་འདིས་ནི་གཟུང་ཡུལ་ཡོད་ན་ཡུན་ཅན་མ་འཁྲུལ་བར་བྱས་སོ། །འདིར་དོན་སྤྱི་དང་མེད་པ་གསལ་སྣང་གཉིས་གཟུང་ཡུལ་ཡིན་པ་འགོག་གི ཡུལ་ཙམ་ཡིན་པ་འགོག་པ་ནི་མ་ཡིན་པས། ཡུལ་ཙམ་འགོག་པ་ལ་སྦྱོར་བ་ནི་དགོངས་པ་མ་ཡིན་ནོ། །འགའ་ཞིག དོན་སྤྱི་དང་ནི་མེད་སྣང་གཉིས། །ཡུལ་ཡིན་ཞེ་ན་དེར་འཛིན་གྱི། །ཤེས་པ་གཉིས་པོ་འཁྲུལ་པར་འགལ། །ཞེས་པའི་གཞུང་གི་དོན་དུ་བསམས་ནས། ཡུལ་གྱི་མཚན་ཉིད། འཛིན་སྟངས་མ་འཁྲུལ་བའི་བློས་རིག་པར་བྱ་བའོ་ཞེས་ཟེར་རོ། །འོ་ན་ཡུལ་ཅན་གྱི་བློ་ཡིན་ན། འཛིན་སྟངས་མ་འཁྲུལ་བའི་བློ་ཡིན་པས་ཁྱབ་པར་མཚུངས་སོ། །རིགས་པས་བརྟགས་ན། དོན་སྤྱི་དང་མེད་པ་གསལ་སྣང་གཉིས་མེད་བཞིན་དུ། ད་དུང་བོད་ཕལ་ཆེར་གཟུང་ཡུལ་དུ་ཞེན་པ་ནི་སོར་མོའི་རྩེ་མོས་རྒྱན་གྱི་ནམ་མཁའ་བསྟན་པ་ན། ནམ་མཁའ་མཐོང་ཞེས་བླུན་པོ་འཁྲུལ་ནས་སྨྲ་བ་དང་མཚུངས་སོ། །དོན་ནི། མཐོང་བྱར་མེད་པ་ལ་མཐོང་ཞེས་བརྗོད་པ་བཞིན་དུ་གཟུང་ཡུལ་དུ་མེད་པ་ལ་གཟུང་ཡུལ་ཞེན་པའང་དེ་བཞིན་ནོ། །འོ་ན་རང་གི་བཞེད་ཚུལ་ཇི་ལྟ་བུ་ཞེ་ན། གནས་ཚུལ་གྱི་གཞལ་བྱ་ནི་རང་མཚན་གཅིག་ཁོ་ན་ཡིན་ནོ། །བླང་དོར་བྱེད་པ་ཐམས་ཅད་ནི་རང་མཚན་ཁོ་ན་ལ་འཇུག་གི སྤྱི་ལ་མི་འཇུག་སྟེ། སྤྱིས་དོན་བྱེད་མི་ནུས་པའི་ཕྱིར། རྣམ་འགྲེལ་ལས། རང་གིས་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱིས། །དོན་བྱ་དེ་ལས་གྲུབ་ཕྱིར་རོ། །ཞེས་དང༌། མེད་པ་གཞལ་བྱ་མ་ཡིན་ཕྱིར། །གཅིག་ཉིད་ཅེ་ན་ཁོ་བོའང་འདོད། །ཅེས་པའི་དོན་ནོ། །རང་མཚན་དེ་ཉིད་དངོས་སུ་འཇལ་བ་ན་བློའི་ངོས་ནས་གཟུང་ཡུལ་དུ་འཇོག་པ་ཡིན་ལ། ལྐོག་ཏུ་གྱུར་པའི་ཚུལ་གྱིས་འཇུག་ན་བློའི་ངོས་ནས་ཞེན་ཡུལ་དུ་འཇོག་གོ །གཟུང་ཡུལ་དང་ཞེན་ཡུལ་དུ་བཞག་པའི་རང་མཚན་དེ་ཉིད་སྐྱེས་བུས་འཇུག་པ་ན་མི་སླུ་བས་འཇུག་ཡུལ་ལོ། །ཡུལ་ཅན་རྟོག་པ་དང་རྟོག་མེད་གཉིས་སུ་ངེས་པས་ཡུལ་ཡང་རྟོག་པའི་ཡུལ་དང༌། རྟོག་མེད་ཀྱི་ཡུལ་གཉིས་སུ་རྣམ་པར་ཕྱེའོ། །དང་པོའི་མཚན་ཉིད་ནི། མངོན་པར་ཞེན་པའི་བློས་རིག་པར་བྱ་བའོ། །དེ་ལ་གཉིས་ཏེ། རང་མཚན་དང་སྤྱིའོ། །ཡང་ན་མཚན་ཉིད་ནི། སེལ་བའི་འཛིན་སྟངས་ཀྱིས་རིག་པར་བྱ་བའོ། །རྟོག་མེད་ཀྱི་ཡུལ་གྱི་མཚན་ཉིད་ནི། སྣང་བའི་འཛིན་སྟངས་ཀྱིས་རིག་པར་བྱ་བའོ། །དབྱེ་ན་གཉིས་ཏེ། རྟོག་མེད་འཁྲུལ་པའི་ཡུལ་དང༌། རྟོག་མེད་མ་འཁྲུལ་བའི་ཡུལ་ལོ། །དང་པོ་ནི་མེད་པ་གསལ་སྣང་ཡིན་ལ། གཉིས་པ་ནི་གཟུང་དོན་ནོ། །ཡུལ་ཐམས་ཅད་ཀྱང་བསྡུས་ན་བཞིར་འདུ་སྟེ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ། སྣང་ཡུལ་ལོ། །གཟུང་ཡུལ་ནི་རྟོག་མེད་མ་འཁྲུལ་བའི་དངོས་ཡུལ་དུ་འཇོག་པ་ཡིན་ལ། ཞེན་ཡུལ་ནི་རྟོག་པ་ཐམས་ཅད་ཀྱི་ཡུལ་ལོ། །འཇུག་ཡུལ་ནི་ཚད་མ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །སྣང་ཡུལ་ནི་རྟོག་མེད་འཁྲུལ་པ་དང༌། རྟོག་མེད་མ་འཁྲུལ་བ་ཐམས་ཅད་ཀྱི་ཡུལ་ལོ། །ཁ་ཅིག་གཟུང་ཡུལ་ལ་གཉིས་ཏེ། རྟོག་པའི་གཟུང་ཡུལ་དང༌། རྟོག་མེད་ཀྱི་གཟུང་ཡུལ་ལོ། །དང་པོ་ནི་དོན་སྤྱི་ཡིན་ལ། ཕྱི་མ་ནི་གཟུང་བའི་རྣམ་པའོ། །རྟོག་པ་ལ་གཟུང་ཡུལ་མེད་ན། དབང་མངོན་གྱིས་ཀྱང་གཟུགས་སྒྲ་སོགས་མ་གཟུང་བར་མཚུངས་སོ། །དེས་ན་དོན་སྤྱི་ཉིད་རྟོག་པས་བཟུང་བའི་ཆ་ནས་གཟུང་ཡུལ་དང༌། ཞེན་པའི་ཆ་ནས་ཞེན་ཡུལ་དང༌། སྣང་བའི་ཆ་ནས་སྣང་ཡུལ་ཞེས་དོན་གཅིག་ལ་ལྡོག་པ་ཐ་དད་ཀྱིས་འབྱེད་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་སྒྲ་དང་མི་རྟག་པའི་དོན་སྤྱི་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ཀྱི་རྒྱུ་ཡིན་པར་ཐལ། དེའི་གཟུང་ཡུལ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། རྒྱུའི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་བྱ་གཞན་ཅིའང་མེད་ཅེས་གསུངས་པ་དང༌། རྣམ་ངེས་ལས། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པ་ནི་རྒྱུ་མ་ཡིན་ལ། རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་ནོ་ཞེས་གསུངས་སོ། །དེས་ན་གཟུང་བ་ཡང་ཡིན་ལ་ཡུལ་ཡང་ཡིན་པ་ཙམ་གྱིས་གཟུང་ཡུལ་དུ་འདོད་པ་མ་ཡིན་ལ། སྣང་ཡུལ་ལ་ཡང་ཚུལ་དེ་བཞིན་ནོ། །ཡུལ་དུ་འཇོག་ཚུལ་ཡང་བློ་དེ་ཉིད་ཀྱི་ངོས་ནས་འཇོག་པ་དང༌། རྣམ་པར་དཔྱོད་པའི་བློ་གཞན་གྱིས་འདིའི་ཡུལ་ནི་འདིའོ་ཞེས་པའི་ཚུལ་གྱི་འཇོག་ཚུལ་གཉིས་མཐོང་ངོ༌། །དེ་ལ་རྟོག་པས་དོན་སྤྱི་བཟུང་ཡང་དོན་སྤྱིར་མ་ངེས་པར། ཕྱིའི་ཡུལ་དུ་འཛིན་པར་བྱེད་པས་བཟུང་བ་ལྟར་མ་ངེས་པ་དང༌། ངེས་པ་ལྟར་མ་བཟུང་བའི་རྣམ་བཞག་ཀྱང་བྱའོ། །གལ་ཏེ་དོན་སྤྱིར་བཟུང་བ་ལྟར་དོན་སྤྱིར་ངེས་ན། འོ་ན་རྟོག་པ་ཆོས་ཅན། རང་གི་སྣང་བ་ལ་དོན་དུ་མངོན་པར་ཞེན་པ་མ་ཡིན་པར་ཐལ། རང་ལ་སྣང་བའི་དོན་སྤྱི་ལ་དོན་སྤྱིར་དཔྱད་པའི་ཕྱིར་རོ། །འདི་ནི་འཛིན་པ་པོའི་རྟོག་པ་རང་གི་ངོས་ནས་འཛིན་ཚུལ་ལོ། །རྣམ་དཔྱོད་ཀྱི་བློ་གཞན་གྱི་ངོས་ནས་ནི། དངོས་སུ་དོན་སྤྱི་བཟུང་བ་ཡིན་ནོ་ཞེས་འཇོག་པ་ཡིན་ནོ། །ཁ་ཅིག་རྣམ་གཞག་གསུམ་མི་བྱེད་པར་རྟོག་པས་ཕྱི་རོལ་གྱི་རང་མཚན་དངོས་སུ་འཛིན་པར་འདོད་དོ། །འོ་ན་རྗེས་དཔག་ཆོས་ཅན། སྒྲ་དང་རྫས་གཅིག་པའི་ཆོས་ཀུན་བཟུང་བར་ཐལ། སྒྲ་རང་མཚན་དངོས་སུ་འཛིན་པའི་ཕྱིར། རྣམ་འགྲེལ་ལས། རྗེས་སུ་དཔག་པ་ལས་ཀྱང་དངོས། །འཛིན་ན་ཆོས་གཅིག་ངེས་གྱུར་པས། །ཆོས་ཀུན་འཛིན་ཏེ་ཞེས་གསུངས་སོ། །གལ་ཏེ་རང་མཚན་དངོས་སུ་བཟུང་ཡང་སྒྲུབ་པའི་སྒོ་ནས་མི་འཛིན་པས་སྐྱོན་མེད་དོ་ཅེ་ན། རང་མཚན་དངོས་སུ་འཛིན་ན་སྒྲུབ་པའི་སྒོ་ནས་འཛིན་དགོས་ཏེ། སེལ་བའི་སྒོ་ནས་འཛིན་ན་རྟོག་པས་ཆ་ཤས་ཡུལ་དུ་བྱེད་དགོས་ལ་ལྡོག་པ་ནི་ཡུལ་གྱི་གནས་ཚུལ་ལ་ཡོད་པ་མ་ཡིན་པའི་ཕྱིར་དང༌། གནས་ཚུལ་ལ་ལྡོག་པ་མེད་པས་རང་མཚན་དངོས་སུ་འཛིན་པའི་ཚེ་བཟུང་མ་བཟུང་གི་ཆ་ཤས་གཉིས་མི་རུང་བའི་ཕྱིར། གཞན་ཡང་བུམ་འཛིན་རྟོག་པ་དང་བུམ་འཛིན་མངོན་སུམ་གཉིས། ཡུལ་བུམ་པ་གསལ་མི་གསལ་གྱི་བྱེ་བྲག་ཀྱང་མེད་པར་ཐལ། རང་མཚན་དངོས་སུ་འཛིན་པར་འདྲ་བའི་ཕྱིར། གལ་ཏེ་རང་མཚན་དངོས་སུ་འཛིན་པར་འདྲ་ཡང་གསལ་མི་གསལ་གྱི་བྱེ་བྲག་ཡོད་དོ་ཞེ་ན། གལ་ཏེ་མངོན་སུམ་ཤེས་དོན་ཉིད། །ཕྱིར་ན་དབང་པོ་དོན་མེད་མིན། །ཞེས་པའི་ཕྱོགས་སྔ་ཁས་བླངས་པས། སུན་འབྱིན་སྔ་མ་དེ་ཉིད་བརྗོད་དེ། དེ་དངོས་གཅིག་ཕྱིར་སྒྲ་སོགས་ལ། །ཐ་དད་སྣང་བློ་གང་ལས་ཡིན། །ཞེས་གསུངས་པ་ལྟར་རོ། །ཁ་ཅིག་རང་རིག་ལ་ཡུལ་མེད་པར་འདོད་དོ། །འོ་ན་རང་རིག་མངོན་སུམ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ཁྱོད་ཀྱི་གཞལ་བྱ་མེད་པའི་ཕྱིར། ཤེས་པ་རང་གི་བདག་ཉིད་གཞལ་བྱ་ལ་རང་རིག་འབྲས་བུར་འཇོག་པ་ཡང་མི་འཐད་པར་ཐལ་ལོ། །མངོན་སུམ་དང༌། རྗེས་དཔག་གི་དངོས་ཀྱི་ཡུལ་ནི་ཐ་དད་པ་ཁོ་ན་སྟེ། གནས་ཚུལ་ལ་དངོས་པོར་ཡོད་མེད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། མངོན་སུམ་གྱི་གཟུང་ཡུལ་ནི། རྣམ་པ་གཏོད་བྱེད་ཀྱི་གཟུགས་སྒྲ་སོགས་ཡིན་ཏེ། ཐ་སྙད་དུ་དངོས་སུ་སྣང་བར་འཇོག་ལ། རིགས་པས་དཔྱད་པའི་ཚེ་རྣམ་པ་སྣང་བ་ལ་དངོས་སུ་སྣང་བར་འཇོག་པ་ཡིན་གྱི། རྣམ་པ་གཏོད་བྱེད་ཀྱི་རྒྱུ་དངོས་སུ་སྣང་བ་མ་ཡིན་ཏེ། ཤེས་པའི་དུས་ན་འགགས་ཟིན་པའི་ཕྱིར། དེས་ན་དབང་པོའི་མངོན་སུམ་གྱིས་དོན་མངོན་སུམ་དུ་མཐོང་བ་ནི། ཐ་སྙད་ཀྱི་ཚེ་ཡིན་ལ། རིགས་པས་དཔྱད་ན་རྣམ་པ་གཏོད་བྱེད་ལྐོག་ཏུ་གྱུར་པ་ཡིན་ནོ། །རྣམ་འགྲེལ་ལས། དོན་ནི་སྔར་མཐོང་ཡོད་མིན་པས། །དེ་ནི་ཇི་ལྟར་མཐོང་བ་དང༌། །འདྲ་བ་ཡིན་པར་དེ་ངེས་འགྱུར། །ཞེས་གསུངས་པ་དང༌། ཨརྻ་དེ་བས་ཀྱང༌། མདོ་སྡེ་པའི་གྲུབ་མཐའི་སྐབས་སུ། ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ཞེས་གསུངས་པ་ལྟར་རོ། །འདིར་རྣམ་པ་བཟུང་བའི་སྒོ་ནས་དོན་བཟུང་བར་འདོད་པ་ལྟར་རྣམ་པ་མངོན་དུ་གྱུར་པས་དོན་ཡང་མངོན་དུ་གྱུར་པར་འཇོག་པ་མཚུངས་སོ། །སློབ་དཔོན་ཆོས་མཆོག་གིས་ཡུལ་ནི་རྣམ་པ་གཉིས་ཏེ། གཟུང་བ་དང༌། ཞེན་པའོ་ཞེས་གཟུང་ཡུལ་དང་ཞེན་ཡུལ་གཉིས་སུ་ངེས་པར་འདོད་དོ། །སྤྱི་ལྡོག་ནས་གཉིས་པོ་དེར་འདུས་པར་སྨྲ་བ་ལ་ཉེས་པ་མེད་དོ། །མངོན་སུམ་ལྟ་བུ་གཅིག་གི་ཡུལ་གང་ཡིན་གཉིས་པོ་དེར་འདུས་པར་སྨྲ་ན། འོ་ན་བུམ་པས་དག་པའི་ས་ཕྱོགས་ཀྱི་སྟེང་གི་བུམ་མེད་ཆོས་ཅན། དག་འཛིན་དབང་པོའི་མངོན་སུམ་གྱི་ཡུལ་མ་ཡིན་པར་ཐལ། དེའི་གཟུང་ཡུལ་དང༌། ཞེན་ཡུལ་གང་ཡང་མ་ཡིན་པའི་ཕྱིར། དབང་པོའི་མངོན་སུམ་གྱི་གཟུང་ཡུལ་དུ་འདོད་ན། མེད་དགག་མ་ཡིན་པར་ཐལ་ལོ། །མེད་ལ་དབང་སྐྱེས་བློ་མེད་དེ། །ཞེས་གསུངས་པ་ལྟར་རོ། །དེའི་ཞེན་ཡུལ་ཡང་མ་ཡིན་ཏེ། ཡུལ་ཅན་རྟོག་མེད་ཀྱི་བློ་ཡིན་པའི་ཕྱིར། འོ་ན་སྒྲ་དོན་ཡང་ཆོས་ཅན། རྗོད་བྱེད་སྒྲའི་ཞེན་པའི་བརྗོད་བྱ་མ་ཡིན་པར་ཐལ། བརྗོད་བྱེད་ཀྱི་སྒྲ་ཞེན་པ་མ་ཡིན་པའི་ཕྱིར་ཞེ་ན། འདོད་པ་ཁོ་ནའོ། །དེས་ན་ཞེན་ནས་བརྗོད་བྱེད་ཀྱི་སྒྲས་བརྗོད་པར་བྱ་བ་དང༌། དངོས་སུ་བརྗོད་པར་བྱ་བ་ཞེས་པའི་ཐ་སྙད་ཐོབ་བོ། །འོ་ན་ཞེན་པའི་རྗོད་བྱེད་ཅེས་པའི་ཐ་སྙད་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། འདི་ལའང་ཞེན་ནས་རྗོད་པར་བྱེད་པ་དང༌། དངོས་སུ་བརྗོད་པར་བྱེད་པ་ཞེས་པའི་ཐ་སྙད་སྦྱར་རོ། །མངོན་སུམ་གྱི་འཇུག་ཡུལ་དང༌། དངོས་ཀྱི་གཞལ་བྱ་ལ་ཁྱད་པར་ཅི་ཡོད་ཅེ་ན། དབང་པོའི་མངོན་སུམ་ལ་རང་འདྲའི་རྣམ་པ་དངོས་སུ་གཏོད་བྱེད་ལྟ་བུ་ནི། དེའི་དངོས་ཀྱི་གཞལ་བྱ་ཡིན་ལ། དེའི་རྒྱུན་ལ་བརྟེན་ནས་འཇུག་ཡུལ་འཇོག་པ་ཡིན་ནོ། །ཇི་ལྟར་འཇོག་ཅེ་ན། མངོན་སུམ་གྱི་སྔ་རོལ་གྱི་རྣམ་པ་གཏོད་བྱེད་ནི་གཞལ་བྱ་དང༌། སྐད་ཅིག་སྔ་ཕྱི་སོ་སོར་མ་ཕྱེ་བར་རྗེས་ཀྱི་རྟོག་པས་སྒྲོ་འདོགས་གཅོད་པའི་ཡུལ་གྱི་སྔོན་པོ་ཙམ་ལ་འཇུག་ཡུལ་ཞེས་བྱའོ། །འདིའང་འཇུག་པ་པོའི་ཞེན་ངོ་ནས་ཐོབ་པར་འཇོག་པ་ཡིན་ཏེ། སྔར་མཐོང་བའི་སྔོན་པོ་དེ་ཉིད་མཐོང་ངོ་སྙམ་དུ་མངོན་པར་ཞེན་པའི་ཕྱིར། རིགས་པས་དཔྱད་ན་ཚད་མའི་འཇུག་ཡུལ་ཐོབ་པ་མི་འཐད་དེ། ཚད་མས་གཞལ་བའི་དོན་དེ་ཉིད་མ་ཐོབ་ཅིང༌། ཐོབ་པ་དེ་ཉིད་མ་གཞལ་བའི་ཕྱིར་ཏེ། དེའི་ཚེ་ཚད་མ་དེ་ཉིད་འགགས་ཟིན་པའི་ཕྱིར། གལ་ཏེ་རྗེས་ཀྱི་ངེས་པས་ཡུལ་དུ་བྱས་པ་དེ་ཉིད་སྔར་གྱི་མངོན་སུམ་གྱི་སྟོབས་ཀྱིས་ངེས་པར་བྱས་པ་ཡིན་པའི་ཕྱིར་ཚད་མའི་ཡུལ་ཉིད་ཐོབ་བོ་ཞེས་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན། མངོན་པར་ཞེན་པའི་སྒོ་ནས་ཐོབ་པའི་རྣམ་གཞག་དང༌། རིགས་པས་དཔྱད་པའི་རྣམ་གཞག་གི་ཁྱད་པར་མ་ཕྱེས་བའི་ཀླན་ཀ་ཡིན་པས་སྙིང་པོ་མེད་དོ། །དེས་ན་རིགས་པས་དཔྱད་ན། དངོས་ཀྱི་གཞལ་བྱ་དང་འཇུག་ཡུལ་དོན་མི་ཅིག་པར་གྲུབ་བོ། །རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་དངོས་ཀྱི་གཞལ་བྱར་འཇོག་པ་ཡང༌། རིགས་པས་ཅུང་ཟད་དཔྱད་པའི་དབང་དུ་བྱས་ཀྱི། རིགས་པས་ཤིན་ཏུ་དཔྱད་པས་ནི་མ་ཡིན་ནོ། །དེས་ན་རིགས་པས་མ་དཔྱད་པ་དང་ཅུང་ཟད་དཔྱད་པ་དང༌། ཤིན་ཏུ་རྣམ་པར་དཔྱད་པའི་རྣམ་བཞག་དང་གསུམ་ཡོད་པ་འདི་རིགས་པ་ཁོ་ནའི་ཁྱད་ཆོས་ཡིན་པས་གསུམ་པོ་འདི་ལ་བརྟེན་ནས་རྣམ་བཞག་སྨྲ་བར་བྱ་དགོས་སོ། །ཁ་ཅིག་ན་རེ། དོན་སྤྱི་ཁོ་ན་ཞེན་ཡུལ་ཡིན་ཏེ། དོན་སྤྱི་བཟུང་ནས་དེ་ལ་ཕྱི་རོལ་གྱི་རང་མཚན་དུ་ཞེན་པའི་ཕྱིར། ཕྱི་རོལ་གྱི་རང་མཚན་ནི་ཞེན་ཡུལ་མ་ཡིན་ཏེ། རང་མཚན་སྔར་རྟོག་པས་བཟུང་མ་མྱོང་བའི་ཕྱིར། རང་མཚན་ལ་རང་མཚན་དུ་ཞེན་པས་ཀྱང་ཞེན་ཡུལ་དུ་མི་འཐད་པའི་རྒྱུ་མཚན་ཡང་དེ་ཉིད་དོ། །གལ་ཏེ་རང་མཚན་དུ་ཞེན་པས་ཡུལ་དུ་འདོད་ན། སུ་ཞིག་ལ་རང་མཚན་དུ་ཞེན། དོན་སྤྱི་ལ་རང་མཚན་དུ་ཞེན་པར་འདོད་ན། དེ་ཉིད་ཞེན་ཡུལ་དུ་འཐད་དོ་ཞེས་ཟེར་རོ། །འདི་ཡང་ཅུང་ཟད་དཔྱད་པའི་རྣམ་གཞག་ལ་རུང་གི མ་དཔྱད་པར་འཇུག་པའི་ཚུལ་གྱི་རྣམ་གཞག་ལ་མི་འཐད་དེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་ཕྱི་རོལ་གྱི་སྒྲ་མི་རྟག་པ་དངོས་སུ་རྟོགས་པ་དང༌། རྗོད་བྱེད་ཀྱི་སྒྲས་ཕྱི་རོལ་གྱི་དོན་དངོས་སུ་བརྗོད་པའི་རྣམ་གཞག་ཀྱང་བྱེད་དགོས་སོ། །གནས་ཚུལ་གྱི་གཞལ་བྱ་རང་མཚན་གཅིག་པུར་རྣམ་པར་གཞག་པ་ལ་རྩོད་པ་སྤང་བ་ནི། གལ་ཏེ་གནས་ཚུལ་གྱི་གཞལ་བྱ་རང་མཚན་གཅིག་པུ་ཁོ་ན་ཡིན་ན། ཕྱོགས་ཀྱི་གླང་པོས། གཞལ་བྱའི་ཡུལ་རང་སྤྱི་གཉིས་སུ་བཞེད་པས་གནོད་དོ་ཞེ་ན། གནས་ཚུལ་ལ་རང་སྤྱི་གཉིས་ཡོད་པས་གཉིས་སུ་གསུངས་པ་མ་ཡིན་གྱི། བློའི་འཇུག་ཚུལ་གྱི་རྟོགས་བྱའི་སྒོ་ནས་གཉིས་སུ་ཕྱེ་བས་མི་འགལ་ཏེ། རང་མཚན་དེ་ཉིད་ཀྱི་རྣམ་པ་དངོས་སུ་སྣང་བའི་སྒོ་ནས་འཇལ་བ་དང༌། རྟགས་ལ་བརྟེན་ནས་འཇལ་བའི་སྒོ་ནས་རང་སྤྱི་གཉིས་སུ་གསུངས་པའི་ཕྱིར་རོ། །འོ་ན་འཇུག་ཚུལ་གྱི་སྒོ་ནས་ཐོབ་བྱའི་རང་མཚན་ལ་གཞལ་བྱར་འཇོག་པ་བཞིན་དུ། རྟོག་མེད་འཁྲུལ་པའི་དམིགས་པ་མེད་པ་གསལ་བའང་ཐོབ་བྱའི་གཞལ་བྱར་མཚུངས་ཞེ་ན། མི་མཚུངས་ཏེ། མེད་པ་གསལ་བ་དེ་ནི་དགོས་པ་སྒྲུབ་ནུས་ཀྱི་ཡུལ་དུ་མེད་པའི་ཕྱིར་དང༌། དེ་ལ་དོན་དུ་ཞེན་ནས་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་དོན་ཐོབ་པའང་མེད་པའི་ཕྱིར། འོ་ན་རབ་རིབ་ཅན་ལ་སྐྲ་ཤད་འཛག་པར་སྣང་བ་འདི་ཡུལ་གང་དུ་འདུ་ཞེ་ན། སྐྲ་ཤད་སོགས་སྣང་བའི་རྣམ་པ་ནི་བློ་ཉིད་ཡིན་པས་རང་གི་མཚན་ཉིད་ཡིན་ལ། སྐྲར་སྣང་ཕྱི་རོལ་དུ་རློམ་པའི་འཛིན་སྟངས་ཀྱི་གཟུང་བྱ་ནི། དོན་ལ་གྲུབ་པ་ཅི་ཡང་མེད་ལ། སྐྲ་སྣང་དེ་ནི་དངོས་པོར་ཡོད་པའམ་མེད་ཅེས་རྟོག་པས་དཔྱོད་པ་ན། རྟོག་པའི་དངོས་ཡུལ་དེ་ནི་སྤྱིའི་ཁོངས་དུ་འདུ་ལ། གཞལ་བྱ་སྤྱི་མཚན་ནི་མ་ཡིན་ཏེ། དེ་ལ་དོན་དུ་ཞེན་ནས་ཞུགས་པས་དེ་དང་རྗེས་སུ་མཐུན་པའི་དོན་ཐོབ་པར་བྱར་མེད་པ་ཡིན་པའི་ཕྱིར། དངོས་མེད་དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཚད་མའི་འཇུག་ཡུལ་དུ་མེད་ན། འཁྲུལ་ཤེས་གཉིས་མྱོང་བའི་རང་རིག་གིས་ཤུགས་ལ་གྲུབ་པས་བསལ་ལོ་ཞེ་ན། སྐྲ་ཤད་ཀྱི་དོན་སྤྱི་དང་མེད་པ་གསལ་བ་གཉིས་ཆོས་ཅན། ཚད་མའི་འཇུག་ཡུལ་མ་ཡིན་པར་ཐལ། འབྲས་བུ་དོན་གཉེར་གྱི་དགོས་པ་སྒྲུབ་ནུས་སུ་མེད་པའི་ཕྱིར། འཁྲུལ་ཤེས་གཉིས་ལ་སྣང་བའི་རྣམ་པ་ཆོས་ཅན། ཤེས་པ་ཡིན་ཏེ། རང་རིག་གིས་མྱོང་བའི་ཕྱིར། དོན་སྤྱི་དང་མེད་པ་གསལ་སྣང་འཛིན་པའི་བློ་དེ་ཡང་ནི་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། ཡུལ་རྫས་སུ་མེད་པ་ལ་ཡོད་པར་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། གནས་ཚུལ་ལ་རང་མཚན་མ་ཡིན་པའི་ཡུལ་མེད་ན་དངོས་མེད་གཞལ་བྱར་འགལ་ལོ་ཞེ་ན། གཞལ་བྱ་དཔྱོད་པ་ན་ཆོས་ཅན། དངོས་མེད་གཞལ་བྱར་འགལ་བ་མེད་དེ། དོན་ལ་ཡོད་པར་སྒྲུབ་ན་དངོས་པོར་ཡོད་ཅེས་སྒྲུབ་ཅིང༌། དགག་བྱ་དོན་ལ་ཡོད་པ་འགོག་ན་དངོས་པོར་མེད་ཅེས་འགོག་པའི་ཚུལ་གྱིས་རྣམ་གཅད་དུ་གཞལ་བྱར་འཇོག་པའི་ཕྱིར། གལ་ཏེ་ཕྱིའི་གཟུང་ཡུལ་མཁས་པ་ཕྱོགས་གླང་གིས་བཀག་ལ། ཤེས་པ་ལ་གཟུང་ཡུལ་དུ་འདོད་ན། རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་དུ་འཇོག་པའི་སྐབས་འདིར་མི་སྲིད་པ་དེས་ན། གནས་ཚུལ་གྱི་གཞལ་བྱ་རང་མཚན་གཅིག་ཉིད་ཀྱང་མི་འཐད་ཅེས་ཁ་ཅིག་སྨྲའོ། །ལན་ལ་གྲུབ་མཐའི་རྣམ་བཞག་སྤྱིར་དཔྱད། བཅོམ་ལྡན་འདས་ཀྱི་དགོངས་པ་བཞག་པ། དེ་སློབ་དཔོན་གྱིས་གཏན་ལ་དབབ་པའི་ཚུལ་ལོ། །དང་པོ་ལ། མུ་སྟེགས་དཔྱོད་པ་བ་སོགས་ནི། དངོས་པོ་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བར་སྨྲ། དབང་ཕྱུག་པ་རྣམས་དངོས་པོ་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད། གྲངས་ཅན་པ་རྣམས་ཐམས་ཅད་གཙོ་བོས་བྱས་པར་འདོད། གཟེགས་བཟན་པ་དང་ཉན་ཐོས་པ་ཁ་ཅིག་ཕྱི་རོལ་དོན་གྱི་གནས་ཚུལ་རྡུལ་ཕྲན་ཙམ་དུ་གནས་པར་འདོད། སེམས་ཙམ་པ་རྣམས་ཁམས་གསུམ་ཐམས་ཅད་རྣམ་པར་རིག་པ་སེམས་ལས་གཞན་མིན་པར་འདོད་དོ། །དབུ་མ་པས་སྣ་ཚོགས་སུ་སྣང་བ་འདི་ཐ་སྙད་དུ་རྟེན་འབྲེལ་དུ་འཇོག་ཅིང་དོན་དམ་པར་སྤྲོས་བྲལ་དུ་བཞེད་དོ། །དབུ་མ་པ་ཁ་ཅིག་ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་གྲགས་པ་དང་བསྟུན་ནས་འཇོག་གོ །རང་གཞན་གྱི་སྡེ་པ་གྲུབ་མཐའ་ཐ་དད་པ་འདོད་པ་དེ་དག་ལས། ཕྱོགས་གླང་ཆོས་གྲགས་ཀྱི་བཞེད་པས། དངོས་པོ་ནི་དོན་དང་ཤེས་པ་གཉིས་སུ་ངེས་སོ། །གཉིས་པ་ནི། ཐུབ་པས་ཐ་སྙད་རྣམ་པར་གཞག་པའི་ཚེ་གཞན་ལ་སྣང་ཚུལ་གྱི་དབང་དུ་བྱས་ནས་ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་ཤིང༌། རིགས་པས་ཅུང་ཟད་དཔྱད་པ་ན་སེམས་ལས་དོན་གཞན་མེད་པར་ཞལ་གྱིས་བཞེས་ལ། དམ་པའི་དོན་དུ་སྤྲོས་པ་དང་བྲལ་བ་ལ་འཇོག་པར་མཛད་དོ། །གསུམ་པ་ནི། སློབ་དཔོན་ཕྱོགས་གླང་དང་ཆོས་ཀྱི་གྲགས་པས་མདོའི་དོན་མདོ་སྡེ་པ་དང་རྣམ་རིག་དུ་སྨྲ་བའི་ཚུལ་གཉིས་གཏན་ལ་ཕབ་ནས་དོན་སྨྲའི་ལུགས་དྲང་དོན་དང་རྣམ་རིག་པའི་ལུགས་ངེས་དོན་དུ་འདོད་དོ། །དོན་སྨྲའི་ལུགས་ལ་ཡང་གཉིས་ཏེ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་ལུགས་གཉིས་སོ། །དང་པོ་དགག་པ་ནི། ཉན་ཐོས་བྱེ་བྲག་དུ་སྨྲ་བ་དག་དབང་པོའི་ཤེས་པས་དོན་རྟོགས་པར་འཇོག་པ་ན་རྟེན་བཅས་ཀྱི་དབང་པོ་ལྟ་བྱེད་ཡིན་གྱི་རྣམ་པར་ཤེས་པ་ཁོ་ན་མ་ཡིན་ཏེ། རྣམ་པར་ཤེས་པ་ཐོགས་མེད་ཡིན་པས། བར་དུ་ཆོད་པའི་གཟུགས་ཀྱང་མཐོང་བར་ཐལ་བ་ལས། མཐོང་བ་མ་ཡིན་པར་ཐལ་ལོ། །རྟེན་བཅས་ཀྱི་དབང་པོ་ཆོས་ཅན། དོན་ལ་ལྟ་བྱེད་མ་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། གངས་ཅན་གྱི་རྟོག་གེ་པ་ཁ་ཅིག་ན་རེ། དུས་མི་མཉམ་ན་ཡུལ་དུ་མི་རུང་བས་དུས་མཉམ་པའི་ཡུལ་གཟུང་བྱ་དང༌། རྣམ་ཤེས་འཛིན་བྱེད་ཡིན་ནོ་ཞེས་སྨྲའོ། །སྔོན་འཛིན་མིག་ཤེས་ཆོས་ཅན། རང་དང་དུས་མཉམ་པའི་སྔོན་པོ་དང་གཟུང་འཛིན་གྱི་ཚུལ་དུ་གནས་པ་མ་ཡིན་པར་ཐལ། དེ་དང་འབྲེལ་བ་མེད་པའི་ཕྱིར་ཏེ། བདག་ཅིག་གི་འབྲེལ་བ་ཡང་མེད། དེ་བྱུང་གི་འབྲེལ་པ་ཡང་མེད་པའི་ཕྱིར། བདག་ཅིག་གི་འབྲེལ་བ་མེད་དེ། རྫས་ཐ་དད་པའི་ཕྱིར། དེ་བྱུང་གི་འབྲེལ་པ་མེད་དེ། དུས་མཉམ་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མེད་པར་ཐལ། རང་དང་དུས་མཉམ་པའི་དོན་ཡང་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མིན། རང་གི་སྔ་ལོགས་ཀྱི་དོན་ཡང་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མིན་པའི་ཕྱིར། གལ་ཏེ་སྔ་ལོགས་ཀྱི་དོན་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་ན། དེ་གཟུང་ཡུལ་མ་ཡིན་པར་འགལ་ལོ། །འདོད་ན་དོན་སྣང་གི་དབང་ཤེས་སུ་འགལ་བར་ཐལ་ལོ། །གལ་ཏེ་སྐད་ཅིག་སྔ་མའི་ཡུལ་ནི་རྒྱུ་ཡིན་ལ། དུས་མཉམ་དང་གཟུང་འཛིན་ཡིན་ཞེ་ན། སྐད་ཅིག་སྔ་མའི་ཡུལ་ལས་ཡུལ་གྱི་རྣམ་ལྡན་དུ་སྐྱེས་ཟིན་པའི་ཕྱིར། དེས་དོན་འཛིན་པར་གྲུབ་མོད་དེ་ལ་དུས་མཉམ་པའི་ཡུལ་དགོས་པ་མེད་དོ། །ཨརྻ་དེ་བས་ཀྱང༌། ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །དེ་ཉིད་མདོ་སྡེ་པ་ཡི་རིག །ཅེས་གསུངས་སོ། །གལ་ཏེ་རྣམ་པ་གཟུང་ཡུལ་ཡིན་གྱི། དོན་གཟུང་ཡུལ་མ་ཡིན་ཏེ། དེའི་ཚེ་དོན་འགགས་ཟིན་པའི་ཕྱིར་ཞེས་ཟེར་བ་ནི། དུས་ཐ་དད་པས་ཇི་ལྟར་བཟུང་ཞེས་པའི་ཕྱོགས་སྔ་ཁས་བླངས་པ་ཡིན་པས་སྙིང་པོ་མེད་དོ། །གྲུབ་མཐའ་གཞན་གྱི་རིགས་པ་དང་འདྲེས་པས་སྐབས་ཀྱི་ཁྱད་པར་མ་ཕྱེད་པར་ཟད་དོ། །གལ་ཏེ་གྲུབ་མཐའ་གཞན་གྱི་རིགས་པས་སུན་འབྱིན་པར་བྱེད་ན་ནི། ཚད་མའི་གྲུབ་མཐའ་ཕལ་ཆེ་བ་ལ་དབུ་མའི་རིགས་པས་གནོད་པས་དོར་བྱར་འགྱུར་རོ། །ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་གསུམ་ལས་ཡུལ་གྱི་རྣམ་པ་དང་འདྲ་བར་སྐྱེས་པ་ཉིད་དོན་རྟོགས་པའི་རྣམ་ཤེས་སུ་གྲུབ་པ་ཡིན་ནོ། །གལ་ཏེ་རྐྱེན་གསུམ་ཀ་ལས་སྐྱེས་པར་མཚུངས་ན། ཡུལ་ཁོ་ན་དང་འདྲ་བར་སྐྱེ་བ་ཅི་ཡིན་ཞེ་ན། དངོས་པོའི་ཆོས་ཉིད་ཡིན་ཏེ། དཔེར་ན་ཟས་དང་དུས་དང་དྲོད་ལ་སོགས་པ་བུའི་རྒྱུ་ཡིན་ཡང་ཕ་མ་གང་ཡང་རུང་བའི་གཟུགས་འཛིན་པ་བཞིན། རྐྱེན་གསུམ་རྒྱུ་ཡིན་པར་མཚུངས་ཀྱང་ཡུལ་ཁོ་ནའི་རྣམ་པ་འདྲ་བར་སྐྱེ་བ་ཡིན་ནོ། །རྒྱུ་མཚན་དེས་ན་བུམ་གཟུགས་ཀྱི་རང་གི་རིགས་འདྲ་ཕྱི་མ་བསྐྱེད་པ་དང༌། ཤེས་པ་ལ་རང་འདྲའི་རྣམ་པ་གཏོད་པའི་སྒོ་ནས་འབྲས་བུ་གཉིས་དམིགས་པ་ཡིན་ནོ། །ཡུལ་ཅན་གྱི་བློ་ལ་ཡང༌། ཡུལ་ཤེས་པ་དང་བློ་དེ་ཤེས་པའི་བློ་གཉིས་ཡིན་པ་སློབ་དཔོན་གྱིས་འདོད་དོ། །དོན་སྣང་གི་དབང་ཤེས་སྐྱེ་བ་ལ་རྐྱེན་གསུམ་གྱི་བྱེད་པ་གསུམ་དམིགས་ཏེ། དེ་ཡང་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བ་ནི། དམིགས་རྟེན་གྱི་མཐུ་ཡིན་ཏེ། དོན་གྱི་རྣམ་ལྡན་དུ་སྐྱེ་བའི་རྐྱེན་གཞན་གཉིས་ཀྱི་རྣམ་ལྡན་དུ་མི་སྐྱེ་བའི་ཕྱིར། རིག་ཙམ་དུ་སྐྱེ་བ་ནི། དེ་མ་ཐག་རྐྱེན་གྱི་མཐུ་སྟེ། རྐྱེན་གཞན་གཉིས་ལ་རང་གི་རིགས་འདྲ་རིག་པར་བྱེད་པའི་མཐུ་མེད་པའི་ཕྱིར། གཟུགས་ཁོ་ནའི་ཡུལ་ཅན་དུ་སྐྱེ་བ་ནི། བདག་རྐྱེན་གྱི་མཐུ་སྟེ། འདི་ཁོ་ན་ཐུན་མོང་མ་ཡིན་པའི་ཕྱིར་ཏེ། དམིགས་རྟེན་ནི་རང་གཞན་གཉིས་ཀའི་མཐོང་བྱ་ཡིན་པའི་ཕྱིར་དང༌། དེ་མ་ཐག་རྐྱེན་ཡང་ཚོགས་དྲུག་ཀའི་རྐྱེན་དུ་འགྱུར་བའི་ཕྱིར། དེ་ལ་དབང་ཤེས་འཁྲུལ་པ་ལ་ཡང་དམིགས་རྐྱེན་ཡོད་དེ། ཟླ་གཅིག་ཟླ་བ་གཉིས་འཛིན་གྱི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ཕྱིར་ཏེ། ཟླ་བའི་རྣམ་ལྡན་དུ་སྐྱེ་བའི་ཕྱིར། གཟུང་དོན་ནི་མ་ཡིན་ཏེ། ཡུལ་ཅན་འཁྲུལ་པ་ཡིན་པའི་ཕྱིར་དང་གཟུང་དོན་ལ་རང་འདྲའི་རྣམ་པ་གཏོད་དགོས་པའི་ཕྱིར། རྣམ་འགྲེལ་ལས། དོན་ལ་བརྟེན་ནས་འབྱུང་འགྱུར་ཞིང༌། །དེ་ཡི་ངོ་བོའི་རྗེས་བྱེད་པ། །ཞེས་གསུངས་པ་ལྟར་རོ། །ཚུལ་འདི་དོན་ལྡན་མ་ཡིན་ཏེ། འདོད་པ་ཙམ་དང་རྗེས་འབྲེལ་ཕྱིར། །ཞེས་པ་དང༌། ཐ་དད་བདག་ཉིད་ཇི་ལྟར་བཟུང༌། །དེ་ཚེ་བློ་དོན་མེད་ཅན་འགྱུར། །ཞེས་པས་སོ། །འདིས་ཐ་དད་པ་ལ་གཅིག་ཏུ་གཟུང་ན་བཟུང་དོན་མེད་པར་ཐལ་བར་འཕངས་པས། གཟུང་དོན་ཅན་བློ་མ་འཁྲུལ་བར་བསྟན་པའི་ཕྱིར་རོ། །དབང་ཤེས་འཁྲུལ་པ་ལ་དམིགས་རྐྱེན་ཡོད་དེ། མར་མེ་ཙམ་གྱིས་ཡོད་པའི་ཕྱིར། གཉིས་ཀ་དག་ཀྱང་རྒྱུ་མིན་ཏེ། །ཞེས་སོ། །འགའ་ཞིག་ཟླ་བ་གཅིག་ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་ཏེ། རང་འདྲའི་རྣམ་པ་མ་གཏད་པའི་ཕྱིར་ཏེ། རྣམ་འགྲེལ་ལས་ཀྱང༌། སྐྲར་སྣང་དོན་མེད་ཅན་ཡིན་ཏེ། །ཞེས་གསུངས་སོ་ཞེ་ན། འདིས་ནི་གཟུང་དོན་མེད་པར་བསྟན་པ་ནི་མིན་ནོ། །ཟླ་གཅིག་ཆོས་ཅན། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ཏེ། དེ་ཟླ་བའི་རྣམ་པ་ཅན་དུ་སྐྱེ་བ་ནི་ཁྱོད་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར། རྣམ་པ་གཏོད་བྱེད་ཙམ་གྱིས་དམིགས་རྐྱེན་དུ་མི་འགྱུར་ལ། གཟུང་དོན་ལ་རང་འདྲའི་རྣམ་པ་གཏོད་དགོས་པས་ཁྱད་པར་ཤིན་ཏུ་ཆེའོ། །དམིགས་རྐྱེན་གྱི་ངོ་བོ་ནི། རིགས་མཐུན་གྱི་རྡུལ་དུ་མ་ཕྱོགས་གཅིག་ཏུ་འདུས་པ་སྟེ། རིགས་མཐུན་གྱི་ཟླ་མེད་པས་རྣམ་པ་གཏོད་མི་ནུས་པའི་ཕྱིར་རོ། །དེ་མ་ཐག་རྐྱེན་ནི། ཤེས་པ་ཕྱི་མ་གཞན་གྱིས་བར་མ་ཆོད་པར། མྱོང་རིག་གི་ངོ་བོར་སྐྱེད་བྱེད་ཀྱི་ཤེས་པའོ། །དེ་མ་ཐག་རྐྱེན་ནི་རྟོག་བཅས་རྟོག་མེད་ཀྱི་ཤེས་པ་ཐམས་ཅད་ལ་ཡོད་ལ། དམིགས་རྐྱེན་ནི་གཞན་རིག་ཁོ་ན་ལ་ཡོད་ཀྱི། གཞན་ལ་མེད་དེ་བེམ་པོ་དང་རང་རིག་ལ་དམིགས་རྐྱེན་མེད་པའི་ཕྱིར། འདུས་བྱས་ཐམས་ཅད་བདག་རྐྱེན་ལས་སྐྱེ་སྟེ། བྱེད་རྒྱུ་ལས་མ་སྐྱེས་པའི་འབྲས་བུ་མེད་པའི་ཕྱིར། དམིགས་པ་ཉིད་རྐྱེན་དུ་གྱུར་པས་དམིགས་པའི་རྐྱེན་དང༌། འབྲས་བུ་ལ་དབང་བྱེད་པས་བདག་པོའི་རྐྱེན་དང༌། དེ་མ་ཐག་པ་ཉིད་རྐྱེན་དུ་འགྱུར་པས་དེ་མ་ཐག་རྐྱེན་ནོ། །འགའ་ཞིག་དེ་མ་ཐག་རྐྱེན་དང་མཚུངས་པ་དེ་མ་ཐག་རྐྱེན་གཉིས་ལ་ཁྱད་པར་ཡོད་དེ། དེ་མ་ཐག་རྐྱེན་ལ་རིག་པ་སྔ་མས་རིག་པ་ཕྱི་མ་དེ་མ་ཐག་ཏུ་རིག་ཙམ་དུ་སྐྱེས་ཙམ་གྱིས་འགྱུར་ལ། མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སྔ་ཕྱི་རིགས་མཚུངས་པ་དགོས་ཏེ། དགེ་བའི་སེམས་ཀྱིས་དགེ་བའི་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ལྟ་བུའོ་ཞེ་ན། སྔ་ཕྱི་རིག་པ་ཙམ་དུ་མཚུངས་པ་ལ་མཚུངས་པ་ཞེས་བརྗོད་ཀྱི། ཐམས་ཅད་ནས་མཚུངས་པ་ནི་མ་ཡིན་ནོ། །མཛོད་ལས་ཀྱང༌། ཐ་མ་མི་མཚུངས་དེ་མ་ཐག །ཞེས་འབྱུང་བའི་དོན་རིག་པ་སྔ་མ་ཙམ་ལ་བཤད་དོ། །དེ་མ་ཐག་པའི་དོན་ལ། འགའ་ཞིག་རིགས་མཐུན་གཞན་གྱིས་བར་མ་ཆོད་པ་དགོས་ཀྱི། ཆོས་གཞན་གྱིས་བར་མ་ཆོད་པ་ནི་མ་ཡིན་ཏེ། འགོག་པ་ལ་སྙོམས་པར་འཇུག་པའི་སེམས་ཀྱིས་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་ལྟ་བུའོ། །དེ་ཡང་ལྷ་སྦྱིན་གྱི་ཁང་པའི་དེ་མ་ཐག་ན་མཆོད་སྦྱིན་གྱི་ཁང་པ་ཡོད་ཅེས་པ་དང་མཚུངས་སོ་ཞེའོ། །ཐག་ཉེ་བ་ལ་དེ་མ་ཐག་པ་ཞེས་བརྗོད་པར་རིགས་ཀྱང༌། ཤིན་ཏུ་ཐག་རིང་བ་ལ་དེ་མ་ཐག་པ་ཞེས་འཇོག་ཇི་ལྟར་རིགས། འོ་ན་ལྡང་སེམས་ཀྱི་དེ་མ་ཐག་རྐྱེན་གང་གིས་བྱེད་ཅེ་ན། འགོག་པའི་སྙོམས་འཇུག་གི་གནས་སྐབས་ན་ཡིད་ཤེས་མི་གསལ་བའི་ངོ་བོ་ཡོད་པར་བཤད་པས་དེ་ཉིད་ཀྱིས་བྱེད་དོ། །མཛོད་འགྲེལ་དུ་བཀག་པ་ནི། གནོད་བྱེད་དུ་མི་འཇུག་སྟེ། དེར་ལྷག་མེད་ཀྱི་དུས་སུ་རིག་པ་རྒྱུན་ཆད་དུ་བཞེད་ཀྱང་འདིར་མི་འདོད་པས་སོ། །སྐུ་མཆེད་གཉིས་ཀྱི་ལུང་ཚད་མར་བྱེད་ན། ཀུན་གཞིའི་རྣམ་ཤེས་ཡོད་པས། དེས་དེ་མ་ཐག་རྐྱེན་བྱེད་པས་ན་གཞན་འབད་པས་ཅི་ཞིག་བྱེད། གཞན་ཡང༌། དངོས་ཀྱི་ཉེར་ལེན་མེད་པའི་ཤེས་པ་སྲིད་པར་ཐལ། འགོག་པའི་སྙོམས་འཇུག་ལས་ལྡང་སེམས་ཀྱི་དེ་མ་ཐག་པར་སེམས་པས་སོ། །འདོད་ན། དངོས་ཀྱི་ཉེར་ལེན་མེད་པའི་འབྲས་བུ་ཡོད་པར་འདོད་པས། རྒྱང་འཕེན་པའི་ལུགས་སུ་གནས་སོ། །གཟུགས་མེད་ནས་ཁམས་འོག་མར་སྐྱེ་བའི་བར་དོ་གྲུབ་མ་ཐག་གི་ཉེར་ལེན་གང་གིས་བྱེད་ཅེ་ན། འགའ་ཞིག་སྔར་གཟུགས་མེད་དུ་འཇུག་པའི་དབང་པོ་ཡིན་ཏེ། རྒྱུ་གཞན་མེད་པའི་ཕྱིར། དབང་པོའི་བག་ཆགས་ཀྱིས་ནི་མི་བྱེད་དེ། །དེ་ནི་ཤེས་པ་ཡིན་ལ། ཤེས་པས་བེམ་པོའི་ཉེར་ལེན་མི་བྱེད་པའི་ཕྱིར་རོ་ཞེ་ན། རྒྱུད་པའི་ཉེར་ལེན་སྔར་གྱི་དབང་པོས་བྱེད་ཀྱང༌། དངོས་ཀྱི་ཉེར་ལེན་གང་གིས་བྱེད་ཅེས་བརྟགས་པས་འཇིག་གོ །གལ་ཏེ་རྒྱུ་འགག་པ་ལ་མངོན་དུ་ཕྱོགས་པ་དེ་ཉིད་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ཡིན་པས་སྔར་གྱི་དབང་པོ་ཉིད་ཀྱིས་འཕངས་ཟིན་པའི་ཕྱིར་དེ་རྫས་སུ་མ་གྲུབ་ཀྱང་ཉེས་པ་མེད་དོ། །གལ་ཏེ་འགགས་པས་འབྲས་བུ་མི་སྐྱེད་ན། དེ་མ་ཐག་ཏུ་འགགས་པས་ཀྱང་མི་སྐྱེད་དོ་ཞེ་ན། འགགས་པས་འབྲས་བུ་སྐྱེད་པ་ནི་སུ་ཡང་མི་སྨྲའོ། །འོན་ཀྱང་དེ་མ་ཐག་གི་རྒྱུ་ཉིད། འབྲས་བུ་འབྱུང་དུ་ཉེ་བའི་དུས་སུ་སྐྱེད་བྱེད་དུ་ཡོད་པས་ཉེས་པ་ག་ལ་ཡོད། གལ་ཏེ་ལས་འགགས་ནས་ཡུན་ལོན་པ་ལས་ཀྱང་འབྲས་བུ་འབྱུང་བ་ཡིན་ནོ་ཞེ་ན། དེ་ནི་སྔ་མས་ཕྱི་མ་ལ་བག་ཆགས་བཞག་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ་མི་ཆད་པ་ལ་བརྟེན་ནས་འབྱུང་བའི་ཕྱིར་མཚུངས་པ་མ་ཡིན་ནོ། །ཆོས་ཀྱི་གྲགས་པའི་ངེས་དོན་གྱི་བཞེད་པ་ནི། གཟུགས་མེད་ནས་འཆི་འཕོ་བའི་དུས་ཀྱི་དབང་པོའི་བག་ཆགས་ལ་བཞེད་ཀྱང༌། ཤེས་པ་བེམ་པོའི་ཉེར་ལེན་བྱེད་པར་ཐལ་བར་ཡང་མི་འགྱུར་ཏེ། སློབ་དཔོན་ནི་རྣམ་རིག་པའི་གྲུབ་མཐའ་ཁས་ལེན་པས་དོན་ལ་དབང་པོ་ཡང་ཤེས་པ་ཡིན་པའི་ཕྱིར། རྒྱལ་བ་ཅན་གྱིས་ཀྱང༌། བག་ཆགས་ལ་གནས་པའི་སྐྱེ་མཆེད་ལྔའི་དབང་གིས་དུས་ཕྱིས་ལུས་དང་བཅས་པར་འབྱུང་བར་བསྟན་པ་ནི་ཞེས་གསུངས་པ་དང༌། ཡ་མ་རིས། གཟུགས་མེད་ནས་འཆི་འཕོ་བ་ན་ཇི་ལྟར་ལུས་སྐྱེ་ཞེ་ན། གཟུགས་མེད་དུ་འཇུག་ཁའི་སྐྱེ་མཆེད་རྒྱུ་ཡིན་ཏེ། དེས་བགོས་པའི་བག་ཆགས་ཀྱིས་སྐྱེད་པའི་ཕྱིར་རོ་ཞེས་པ་དང༌། ཉི་མ་སྦས་པས་ཀྱང་གཟུགས་མེད་པའི་ཁམས་ནས་འཆི་འཕོ་བའི་ལུས་ཅན་རྣམས་ཀྱི་ལུས་སྐྱེ་བ་ཡང་དེ་ཉིད་ཀྱི་ལུས་སྐྱེ་མཆེད་ལྔ་འདུས་པའི་བག་ཆགས་རྒྱུར་འགྱུར་རོ་ཞེས་གསུངས་སོ། །དོན་ནི་གཟུགས་མེད་དུ་འཇུག་ཁའི་སྐྱེ་མཆེད་ནི་བག་ཆགས་འཇོག་བྱེད་ཡིན་པས། དང་པོའི་འཕེན་བྱེད་ཀྱི་རྒྱུ་ཡིན་ལ། གཟུགས་མེད་ནས་འཆི་འཕོ་བའི་བག་ཆགས་ནི་དངོས་ཀྱི་ཉེར་ལེན་ཡིན་པར་གསལ་ལོ། །ཆོས་མངོན་པའི་གྲུབ་མཐའ་སྨྲ་བ་གཉིས་ནི། ཤེས་པ་ལ་ཡོད་པའི་ལུས་ཀྱི་ས་བོན་གྱིས་ཉེར་ལེན་བྱེད་པར་འཆད་དེ། མཛོད་ལས། གཟུགས་མེད་པ་ན་གཟུགས་མེད་དེ། །གཟུགས་ནི་སེམས་ལས་སྐྱེ་བར་འགྱུར། །ཅེས་གསུངས་པས་སོ། །སེམས་ཙམ་པ་ལ། ལུང་གཙོ་བོར་བྱེད་པ་དང༌། རིག་པ་གཙོ་བོར་བྱེད་པ་གཉིས་ལས། དང་པོ་ནི་ཐོགས་མེད་སྐུ་མཆེད་ཡིན་ཏེ། སྔོན་གྱི་ལུང་སྙིང་ཡོངས་བཏང་ནས། །རང་ལྟ་མཆོག་ཏུ་བཟུང་མི་བྱ། །ཞེས་པ་ཁུངས་སུ་མཛད་དོ། །གཉིས་པ་ཕྱོགས་གླང་ཆོས་གྲགས་ཡིན་ལ། འདི་གཉིས་ཀྱི་རིགས་པ་གཙོ་བོར་བྱེད་དགོས་པ་བཤད་དེ། སྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །ཅེས་པ་ཉིད་ཁུངས་སུ་མཛད་དོ། །དེ་ལ་ཕྱོགས་ཀྱི་གླང་པོས། །དམིགས་རྐྱེན་གྱི་འདོད་ཚུལ་གཉིས་གསུངས་ཏེ། སྣང་བའི་དམིགས་རྐྱེན་དང༌། བག་ཆགས་ཀྱི་དམིགས་རྐྱེན་གཉིས་ལས། དང་པོ་ནི། དོན་སྣང་གི་བག་ཆགས་ཡོངས་སུ་སྨིན་པ་ལས་དོན་དུ་སྣང་བ་འབྱུང་བ་ལ་རྗེས་ཀྱི་ཤེས་པས་དོན་གྱི་ཐ་སྙད་བྱས་ཏེ། དེ་དམིགས་ཡུལ་དུ་ཡོད་ན། དེའི་རྣམ་པ་ཅན་དུ་སྐྱེ་ལ། དེ་མེད་ན་མི་སྐྱེ་བའི་ཕྱིར་ཏེ། དམིགས་པ་བརྟགས་པ་ལས། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཡིན་རྣམ་ཤེས་ངོ་བོའི་ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་པ་ལྟར་རོ། །དོན་སྣང་ཆོས་ཅན། སྔོར་སྣང་ཤེས་པའི་དམིགས་རྐྱེན་དུ་མི་འཐད་པར་ཐལ། ཤེས་པ་རང་གི་བདག་ཉིད་ཡིན་པའི་ཕྱིར་ཞེ་ན། རིགས་པས་དཔྱད་ན་མ་ཡིན་ཏེ་གཟུང་འཛིན་མེད་པའི་ཕྱིར་རོ། །ཐ་སྙད་དུ་ཤེས་པའི་བདག་ཉིད་མ་ཡིན་ཏེ། བག་ཆགས་བརྟན་པའི་ཤེས་པས་དོན་དུ་ཐ་སྙད་འདོགས་པའི་ཕྱིར། དེས་ན་ཤེས་པའི་བདག་ཉིད་ཡིན་པ་ནི་དོན་དམ་གྱི་དབང་དུ་བྱས་ལ། དམིགས་ཡུལ་དུ་བྱེད་པ་ནི་ཐ་སྙད་ཀྱི་རྗེས་སུ་འབྲང་བས་མི་འགལ་ལོ། །དམིགས་པ་བརྟགས་པ་ལས། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ཞེས་པ་འདིའི་དོན་ནི། དོན་ལ་ཤེས་པ་གཅིག་གོ་བྱ་ཡིན་ཡང༌། ཐ་སྙད་དུ་འདི་དམིགས་ཡུལ་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་རྐྱེན་ཡིན་ཞེས་པའོ། །ལྔ་པ་བག་ཆགས་ཀྱི་དམིགས་རྐྱེན་ནི། འདིའི་འདོད་ཚུལ་ལ་འགའ་ཞིག་བག་ཆགས་འཇོག་བྱེད་ཀྱི་ཤེས་པ་སྔ་མ་དེ་ཉིད་ཡིན་ཏེ། སྔ་མས་བག་ཆགས་བཞག་པའི་མཐུ་ལས་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བའི་ཕྱིར། བག་ཆགས་ཙམ་ནི་མ་ཡིན་ཏེ། སྔ་མས་ཕྱི་མ་ཡུལ་གྱི་རྣམ་ལྡན་དུ་འཕངས་ཟིན་པས་བག་ཆགས་འཇོག་བྱེད་ཉིད་རྣམ་པ་གཏོད་པ་ལ་གཙོ་བོར་གྱུར་པའི་ཕྱིར་ཞེས་ཟེར་རོ། །འདི་དམིགས་རྐྱེན་མ་ཡིན་པར་ཐལ། དངོས་རྒྱུ་མ་ཡིན་པའི་ཕྱིར་ཏེ། བར་དུ་བག་ཆགས་ཀྱིས་ཆོད་པའི་ཕྱིར་རོ། །གཞན་ཡང༌། བག་ཆགས་འཇོག་བྱེད་དང༌། དབང་ཤེས་ཀྱི་བར་དུ་སྐལ་པ་དུ་མས་ཀྱང་ཆོད་པ་སྲིད་པའི་ཕྱིར་དམིགས་རྐྱེན་དུ་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ། ནུས་པ་འཇོག་ཕྱིར་རིས་ཀྱིས་ཡིན། །ཞེས་གསུངས་པ་མ་ཡིན་ནམ་ཅེ་ན། འདི་ནི་སྔ་མས་ཕྱི་མ་སྐྱེད་པ་ལ་འདོད་པ་ཡིན་གྱི། བག་ཆགས་འཇོག་བྱེད་ལ་མི་བཟུང་ངོ༌། །དེས་ན་དམིགས་རྐྱེན་སྔ་མ་དང་དུས་མཉམ་ཡིན་ལ། འདི་དང་སྔ་ཕྱིར་གྱུར་པས་མི་འདྲ་བའི་ཁྱད་པར་བཤད་དོ། །དེས་ན་དོན་སྣང་དངོས་སུ་བསྐྱེད་བྱེད་ཀྱི་བག་ཆགས་དང༌། དོན་སྣང་ཉིད་ལ་དམིགས་རྐྱེན་དུ་བཤད་པ་གཉིས་མཐོང་ངོ༌། །ཐོགས་མེད་ལྟར་ན་ཀུན་གཞི་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བའི་བག་ཆགས་གཉིས་ཡོད་པ་ལས། བག་ཆགས་དང་པོ་སད་པ་ལས་ནི་མིག་སོགས་ལྟར་སྣང་བ་འབྱུང་ལ། དེ་ནི་སྐྱེས་བུ་སོ་སོའི་རྒྱུད་དང་འབྲེལ་བའི་ཕྱིར་ཐུན་མོང་མ་ཡིན་པ་ཞེས་བྱའོ། །བག་ཆགས་གཉིས་པ་སད་པ་ལས་ནི། གཟུགས་སོགས་སུ་སྣང་བ་འབྱུང་ལ། དེ་ལ་རང་གཞན་གཉིས་ཀས་ཐུན་མོང་དུ་མཐོང་བའི་ཐ་སྙད་བྱེད་པའི་ཕྱིར་ཐུན་མོང་བ་ཞེས་བྱའོ། །དེ་ལ་ཀུན་གཞི་ནི་དེ་མ་ཐག་རྐྱེན་ཡིན་ལ། དབང་པོར་སྣང་བ་ནི་བདག་རྐྱེན། གཟུགས་སུ་སྣང་བ་ནི་དམིགས་རྐྱེན་ནོ། །དེ་ཡང་ཐ་སྙད་པའི་རྣམ་གཞག་ཡིན་གྱི། དོན་ལ་ཀུན་གཞི་ལས་ཐ་དད་དུ་མི་བཞེད་དོ། །བདག་རྐྱེན་ནི་དབང་པོའི་བག་ཆགས་ཡོངས་སུ་སྨིན་པ་ལས་དབང་པོར་སྣང་བ་སྟེ། དོན་སྣང་གི་བག་ཆགས་སྨིན་པ་ལས་དོན་དུ་སྣང་བ་ཉིད་དམིགས་རྐྱེན་དུ་འཇོག་པ་བཞིན་ནོ། །དམིགས་པ་བརྟག་པ་ལས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེ་ཡང་རྣམ་རིག་ལ་མི་འགལ། །ཞེས་གསུངས་སོ། །འདི་ལྟར་ན། དབང་པོའི་བག་ཆགས་ལ་འདོད་པར་མངོན་ཏེ། དབང་པོའི་ནུས་པའི་ངོ་བོ་ལ་དབང་པོར་བཤད་ཅིང་ནུས་པ་བག་ཆགས་སུ་འཇོག་པའི་ཕྱིར། ཕྱོགས་ཀྱི་གླང་པོས། ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་གསུངས་པ་ལྟར་རོ། །འོན་ཀྱང་དབང་པོའི་བག་ཆགས་ཡོངས་སུ་སྨིན་པས་དབང་པོར་སྣང་བ་ལ་དགོངས་པ་འཆད་དགོས་སོ། །འཇུག་པ་ལས། རྣམ་རིག་པའི་འདོད་པ་སྟོན་པ་ན། རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་སྔོ་སེར་སོགས་སྣ་ཚོགས་པའི་རྣམ་པ་ཅན་དུ་སྐྱེ་བས་འདི་དག་བག་ཆགས་གང་གི་མཐུ་ལས་བྱུང་ཞེ་ན། ཤེས་པ་སྔ་མ་ལ་རང་རང་གི་རིགས་མཐུན་གྱི་ཤེས་པས་བག་ཆགས་བཞག་པའི་མཐུ་ལས་སྐྱེ་བ་ཡིན་ཏེ། བག་ཆགས་ཀྱི་མཐུ་ལས་སྣང་བའི་ཕྱིར་དང༌། བག་ཆགས་དེ་ཡང་རང་རང་གི་རྣམ་ཤེས་སྔ་མས་རྣམ་ཤེས་ཕྱི་མ་རང་གི་རིགས་མཐུན་སྐྱེད་བྱེད་དུ་བྱས་པ་ལ་འདོད་པའི་ཕྱིར་ཏེ། རྣམ་ཤེས་སྔ་མས་བགོས་པ་ཡི། །ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་པ་ལྟར་རོ། །བག་ཆགས་དེ་དག་གང་ལ་གནས་ཤེ་ན། ཀུན་གཞི་འདོད་པ་ལྟར་ན་ཀུན་གཞིའི་རྣམ་ཤེས་ལ་གནས་ཤིང༌། མི་འདོད་པ་ལྟར་ན་ཡིད་ཤེས་ལ་གནས་སོ། །དེས་ན་ཡིད་ཤེས་ལ་བག་ཆགས་སྣ་ཚོགས་གནས་པ་རྐྱེན་གྱིས་སད་པ་ན་བག་ཆགས་འཇོག་བྱེད་དང་མཐུན་པ་དེ་དང་དེར་སྣང་ངོ༌། །དེ་མ་ཐག་རྐྱེན་མདོ་སྡེ་པ་དང་མཐུན་ནོ། །དེ་ལ་མྱོང་རིག་ཙམ་གྱི་རྒྱུ་ནི་སངས་རྒྱས་ཀྱི་སའི་བར་གྱི་རྗེས་སུ་འགྲོ་ལ། ཤེས་པ་ལ་ཐ་སྙད་དུ་སྣང་བའི་གཟུང་རྣམ་ཤེས་པ་ལས་ཐ་དད་དུ་སྣང་བའི་ཆ་ནི་ལྡོག་སྟེ་གཟུང་འཛིན་ཐ་དད་པའི་སྣང་བ་མི་མངའ་བའི་ཕྱིར། གཉིས་པ་རྣམ་རིག་པའི་ཚུལ་རྣམ་པར་གཞག་པ་ལ། གཞན་ལུགས་དགག རང་ལུགས་བཞག དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དོན་དུ་སྣང་བ་ཆོས་ཅན། ཕྱི་རོལ་གྱི་དོན་དུ་བདེན་པ་མེད་དེ། ཕྱིའི་ཆ་བཅས་ཡན་ལག་ཅན་གྱི་རྫས་གཅིག་དང་ཆ་མེད་ཀྱི་ཡན་ལག་དུ་མ་དང་ཡང་བྲལ་བའི་ཕྱིར། ཕྱིའི་ཡན་ལག་ཅན་གྱི་རྫས་གཅིག་ཏུ་བདེན་པ་མིན་པར་ཐལ། ཕྱོགས་ཆ་དུ་མ་དང་བཅས་པའི་ཕྱིར། འབྲས་བུའི་ཕུང་པོ་བཞིན། ཆ་མེད་ཀྱི་རྡུལ་དུ་མར་བདེན་པ་ཡང་མ་ཡིན་པར་ཐལ། ཆ་ཤས་དང་བཅས་པའི་ཕྱིར། ཁང་བཟང་བཞིན་ནོ། །དོན་མེད་པ་དེས་ན་དེས་བཞག་པའི་རྣམ་པའང་མེད་དོ། །ཡང་རྟོག་གེ་པ་ཁ་ཅིག སློབ་དཔོན་ཟླ་བ་གྲགས་པ་དང་མཐུན་པར་ཀུན་རྫོབ་འཇིག་རྟེན་གྲགས་སྡེ་དང་མཐུན་པར་འཇོག་ལ། འཇིག་རྟེན་ཡང་གཉིས་ཏེ། གང་ཟག་འཇིག་རྟེན་པ་དང༌། བློ་འཇིག་རྟེན་པ་གཉིས་ཏེ། འདིར་ནི་བློ་འཇིག་རྟེན་པ་མ་བརྟགས་མ་དཔྱད་པར་འཇུག་པའི་བློ་དང་མཐུན་པར་འཇོག་གོ་ཞེས་ཟེར་རོ། །གལ་ཏེ་ཀུན་རྫོབ་མ་དཔྱད་པར་འཇུག་པའི་འཇིག་རྟེན་གྲགས་སྡེ་དང་མཐུན་པར་འཇོག་ན་སྡེ་བདུན་ནས་བཤད་པའི་ཚད་མའི་རྣམ་གཞག་དང་འགལ་ཏེ། འདིར་ནི་གཙོ་བོར་རིགས་པས་དཔྱད་ནས་རྣམ་པར་འཇོག་པའི་ཕྱིར། གཉིས་པ་རྣམ་རིག་ཏུ་སྒྲུབ་པ་ནི། ཐ་སྙད་པའི་ཚད་མ་དཔྱོད་པ་ན་མདོ་དང་རྣམ་འགྲེལ་མཛད་པའི་རྗེས་སུ་འབྲངས་ཏེ། དེ་ལ་གཏན་ཚིགས་རྣམ་པ་གཉིས་ལས། གསལ་ཞིང་རིག་པའི་རྟགས་ནི། དོན་དུ་སྣང་བ་ཆོས་ཅན། སེམས་སུ་གྲུབ་སྟེ། གསལ་ཞིང་རིག་པའི་ཕྱིར། གལ་ཏེ་རིག་པ་ཞེས་པ། བྱ་བ་དང༌། བྱེད་པའམ་ལས་གང་ལ་འདོད། བྱེད་པ་ལ་འདོད་ན། རིག་པའི་སྒྲུབ་བྱེད་རིག་བྱེད་བཀོད་པས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །བྱ་བ་ལ་འདོད་ན་ཡང་དེ་བཞིན་ནོ། །གལ་ཏེ་ལས་ལ་འདོད་ན། མར་མེ་ཡང་ཆོས་ཅན། སེམས་ཡིན་པར་ཐལ། གསལ་ཞིང་རིག་པར་བྱ་བ་ཡིན་པའི་ཕྱིར་ཞེ་ན། བློ་ལ་མར་མེ་སྣང་བ་ནི་ཤེས་པ་ཡིན་པར་འདོད་ལ། དེ་ལས་མ་གཏོགས་པའི་ཕྱི་རོལ་གྱི་མར་མེ་ཞེས་བྱ་བ་ནི་མེད་དོ། །ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་ཀྱང་སེམས་སུ་གྲུབ་བོ། །རྟགས་འགོད་པ་ནི། གང་ལྷན་ཅིག་དམིགས་ངེས་ཡིན་ན། རྫས་གཞན་དུ་མི་སྲིད་དེ། ཟླ་བ་གཉིས་སྣང་བཞིན། སྔོན་པོར་སྣང་བ་དང་སྔོ་འཛིན་ཡང་ལྷན་ཅིག་དམིགས་ངེས་ཡིན་ནོ། །ཕྱོགས་ཆོས་རང་རིག་གིས་གྲུབ་ལ། རྗེས་འགྲོ་ཟླ་བ་གཉིས་སྣང་གི་སྟེང་དུ་གྲུབ་ཅིང༌། གཞན་མི་མཐུན་ཕྱོགས་ལ་ཡོད་པ་ནི་མཐའ་གཞན་བཀག་པས་ཁེགས་ཏེ། རྫས་ཐ་དད་ལ་དུས་མཉམ་མི་མཉམ་གཉིས་སུ་ངེས་ཤིང་དུས་མི་མཉམ་པ་ནི་ལྷན་ཅིག་དམིགས་པ་མེད་ལ། དུས་མཉམ་པ་ལའང་རྫས་སོ་སོ་བ་ཡིན་ན། ཅིག་སྔོན་པོར་དམིགས་པ་ན་སེར་པོ་དམིགས་པས་མ་ཁྱབ་པ་བཞིན་དུ་དམིགས་པར་ངེས་པའི་དོན་མེད་དོ། །དེ་ལ་ལྷན་ཅིག་དུ་དམིགས་པ་ནི། ལྷག་ཅིག་དུ་རྟོགས་པའོ། །ངེས་པ་ནི་མ་ཁྱབ་པའོ། །ཚུལ་སྒྲུབ་པ་ལ་འགལ་བ་སྤང་བ་ནི། ལྷན་ཅིག་ཡིན་ན་རྫས་ཐ་མི་དད་པ་འགལ་ཏེ། ཐ་དད་པ་ཁོ་ན་ལ་མཐོང་བས་སོ་ཞེ་ན། དོན་ལ་ཐ་དད་པ་འགོག་པ་ཡིན་ལ་ཐ་སྙད་དུ་ཐ་དད་པའི་ཕྱིར་མི་འགལ་ལོ། །མ་ངེས་པ་སྤང་བ་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་སེམས་ཅན་གྱི་ཤེས་རྒྱུད་རྫས་ཐ་དད་པ་མ་ཡིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེ་ན། གཉིས་པོ་ལྷན་ཅིག་དམིགས་པར་ངེས་པ་མ་ཡིན་ཏེ། ཐ་མལ་པས་སེམས་ཅན་གྱི་ཤེས་རྒྱུད་དམིགས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་དམིགས་པའི་ཕྱིར་རོ། །གལ་ཏེ་སེམས་སེམས་བྱུང་རྫས་ཐ་དད་མ་ཡིན་པར་ཐལ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེ་ན། དེ་གཉིས་ཀྱང་རང་རིག་ཐ་དད་ཀྱིས་སོ་སོར་མྱོང་བར་བྱ་བ་ཡིན་པའི་ཕྱིར་ལྷན་ཅིག་ཏུ་དམིགས་པར་ངེས་པ་མ་ཡིན་ནོ། །མ་གྲུབ་པ་སྤང་བ་ནི། ཟླ་བ་གཅིག་ལ་སྐྱེས་བུ་དུ་མས་ལྟ་བའི་ཚེ། ལྷ་སྦྱིན་གྱིས་ཟླ་གཅིག་དམིགས་ཀྱང་མཆོད་སྦྱིན་གྱིས་མིག་ཤེས་མ་དམིགས་པའི་ཕྱིར། གཟུང་འཛིན་ལྷན་ཅིག་དམིགས་ངེས་མ་ཡིན་ནོ་ཞེ་ན། རིགས་པས་བརྟགས་ན། སྐྱེས་བུ་གཅིག་གིས་མཐོང་བ་གཞན་གྱིས་མཐོང་བ་མ་ཡིན་ཏེ། རང་རང་གི་ཤེས་པའི་བདག་ཉིད་ཁོ་ན་མཐོང་བའི་ཕྱིར་དང་ཤེས་རྒྱུད་ཐུན་མོང་བ་མི་སྲིད་པའི་ཕྱིར་རོ། །ཐུན་མོང་དུ་མཐོང་བའི་ཐ་སྙད་བྱེད་པ་ནི་བག་ཆགས་མཐུན་པར་སད་པ་ཙམ་མོ། །འདིའི་ཕྱོགས་ཆོས་རྗེས་འགྲོ་རང་རིག་གིས་གྲུབ་ལ། ལྡོག་པ་སྒྲུབ་པ་ནི། སྔོ་སེར་ཆོས་ཅན། ལྷན་ཅིག་དམིགས་ངེས་མ་ཡིན་ཏེ། རྫས་ཐ་དད་པའི་ཕྱིར། རྟ་དང་གླང་བཞིན་ནོ། །གལ་ཏེ་སྣང་གཟུགས་ལྷན་ཅིག་དམིགས་ངེས་མ་ཡིན་པར་ཐལ། འབྲེལ་པ་མེད་པའི་ཕྱིར་ཞེ་ན། སྣང་གཟུགས་ཙམ་ནི་ལྷན་ཅིག་དམིགས་ངེས་མ་ཡིན་ཏེ། སྲོག་ཆགས་ཀྱི་བྱེ་བྲག་བྱི་ལ་དང་འུག་པ་ལ་སོགས་པས་སྣང་བ་མེད་པར་ཡང་གཟུགས་མཐོང་བའི་ཕྱིར་རོ། །བར་ཆད་མེད་པའི་སྣང་གཟུགས་ལ་ནི་འབྲེལ་པ་ཡོད་དེ། མིག་གིས་མིག་ཤེས་སྐྱེད་པ་སྣང་བ་རྐྱེན་དུ་ཡོད་པ་ལས་ཐོབ་དགོས་ལ། སྣང་བས་མིག་ཤེས་སྐྱེད་པ་ཡང་དབང་པོ་གྲོགས་སུ་ཡོད་པའི་སྟོབས་ལས་ཐོབ་དགོས་པའི་ཕྱིར་རོ། །གལ་ཏེ་སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་གིས་སྔོན་པོ་དམིགས་པར་ཐལ། སྔོ་སྣང་མིག་ཤེས་དམིགས་པའི་ཕྱིར། འདོད་ན། གཞན་རིག་དུ་ཐལ། སྔོན་པོ་ལ་དམིགས་པའི་བློ་ཡིན་པའི་ཕྱིར་རོ་ཞེ་ན། སྔོར་སྣང་རྟོགས་པས་སྔོར་སྣང་དམིགས་པ་ཞེས་བརྗོད་ཀྱི། སྔོན་པོ་ལ་དམིགས་པ་ནི་མ་ཡིན་ཏེ། སྔོན་པོ་ལ་དམིགས་ནས་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྔོན་པོར་སྣང་ཏེ་ཤེས་པར་ཐལ། རང་རིག་མངོན་སུམ་གྱིས་མྱོང་བྱ་ཡིན་པའི་ཕྱིར་རོ་ཞེ་ན། རྣམ་བདེན་པ་ལྟར་ན་འདོད་པ་ཡིན་ལ། གཉིས་ཀ་ལྟར་ན་ཡང་དམིགས་པ་དང་རྟོགས་པར་འདོད་པ་ཡིན་གྱི་རང་རིག་མངོན་སུམ་གྱི་ཉམས་སུ་མྱོང་བྱ་ཡིན་པར་མི་འདོད་དོ། །གལ་ཏེ་དེས་དམིགས་པ་དང་རྟོགས་པ་ཡིན་ན་དེས་ཉམས་སུ་མྱོང་བྱ་མ་ཡིན་པར་འགལ་ལོ་ཞེ་ན། གཞན་གྱི་བདེ་སྡུག་རྟོགས་པའི་རྣལ་འབྱོར་ཆོས་ཅན། གཞན་གྱི་བདེ་སྡུག་ཉམས་སུ་མྱོང་བར་ཐལ། །གཞན་གྱི་བདེ་སྡུག་རྟོགས་ཤིང་དམིགས་པའི་ཕྱིར་རོ། །གལ་ཏེ་ཤེས་པར་ཐལ། རང་རིག་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ་ཅེ་ན། རྣམ་བདེན་པ་ལྟར་ན་འདོད་ལ། རྣམ་རྫུན་པ་ལྟར་ན་ཁྱབ་པ་མ་ངེས་ཏེ། དོན་དུ་སྣང་བ་ཆོས་ཅན། ཤེས་པར་ཐལ། རང་རིག་མངོན་སུམ་གྱིས་རྟོགས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་སྔོར་སྣང་མ་རྟོགས་པར་ཐལ་བར་འགྱུར་རོ། །འདོད་ན། དོན་སྣང་དང་དོན་སྣང་དམིགས་པའི་བློ་གཉིས་ལྷན་ཅིག་ཏུ་དམིགས་པ་མ་ཡིན་པར་ཐལ་ལོ། །སྒྲུབ་བྱེད་བསྒྲུབ་བྱ་མཚུངས་སོ་ཞེ་ན། འོ་ན་སྔོན་པོར་སྣང་བ་དེ་ཤེས་པ་དང་བདག་ཉིད་ཐ་དད་མེད་པར་དོན་ལ་གནས་སམ། ཤེས་པ་དང་བདག་ཉིད་ཐ་དད་དུ་དོན་ལ་གནས། དང་པོ་ལྟར་ན། ཤེས་པ་དང་ངོ་བོ་གཅིག་དུ་གྱུར་ལ། གཉིས་པ་ལྟར་ན། རྣམ་པ་བརྫུན་པ་མ་ཡིན་པ་ཉིད་དུ་གྱུར་རོ། །འདོད་ན། དོན་སྣང་བདེན་མེད་དུ་བསྒོམ་པས་དོན་དུ་སྣང་བ་ལྡོག་པ་མ་ཡིན་པར་ཐལ་བ་དང༌། དོན་སྣང་བག་ཆགས་འཁྲུལ་པའི་སྣང་བ་ཙམ་མ་ཡིན་པར་ཐལ། ཤེས་པ་ལས་ཐ་དད་དུ་དོན་ལ་གནས་པའི་ཕྱིར་རོ། །གཞན་ཡང༌། གཙོ་བོའི་སྒྲ་དོན་ཆོས་ཅན། ཤེས་པ་ཡིན་པར་ཐལ། རང་རིག་མངོན་སུམ་གྱིས་རྟོགས་བྱ་ཡིན་པའི་ཕྱིར་རོ། །ཞེས་བརྗོད་པ་ཡང་དོན་ལ་ཡོད་མོད་ཀྱི། འོན་ཀྱང་རྣམ་བདེན་མན་ཆད་ཀྱི་ལུགས་ལ། རང་རིག་མངོན་སུམ་གྱི་རྟོགས་བྱ་ལ་ཤེས་པས་ཁྱབ་པར་འདོད་ལ་རྣམ་རྫུན་པ་ལ་མ་ངེས་སོ། །གཉིས་པ་གསལ་ཞིང་རིག་པའི་རྟགས་ནི་རྣམ་བདེན་པ་ལྟར་ན། སྔོན་པོར་སྣང་བ་ཆོས་ཅན། གནས་ཚུལ་ལ་ཤེས་པ་ཡིན་ཏེ། གསལ་བར་སྣང་བའི་ཕྱིར། མར་མེ་ལ་སོགས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེ་དག་ཀྱང་གནས་ཚུལ་ལ་ཤེས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྣམ་བརྫུན་པ་ལྟར་ན། ཤེས་པ་ལ་ཐ་དད་དུ་སྣང་ཡང་ཤེས་པ་དང་ངོ་བོ་ཐ་མི་དད་དེ། གསལ་བར་སྣང་བའི་ཕྱིར་ཞེས་བྱའོ། །གསུམ་པ་རྩོད་པ་སྤོང་བ་ནི། དབུ་མ་པ་དག་གིས་སྨྲས་པ། སེམས་ཀྱང་བདེན་པར་མེད་དེ། རྒྱུན་གཅིག་ཏུ་བདེན་པར་ཡང་མེད། སྐད་ཅིག་ཆ་མེད་དུ་མར་བདེན་པ་ཡང་མེད་པའི་ཕྱིར། སེམས་རྒྱུན་གཅིག་ཏུ་བདེན་པར་མེད་དེ། ཡན་ལག་ཅན་བཞིན་དུས་ཆ་ཐ་དད་ཡོད་པའི་ཕྱིར། སེམས་སྐད་ཅིག་ཆ་མེད་དུ་མར་བདེན་པ་མེད་དེ། རྡུལ་གྱིས་ཆ་ཤས་བཞིན་དུ་སྐད་ཅིག་ནི་སྐྱེ་འཇིག་གནས་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། རྒྱུ་མཚན་དེས་ན་སེམས་ཀྱང་བདེན་པའི་གཅིག་དང་དུ་མ་དང་བྲལ་བ་ཡིན་ནོ་ཞེས་ཟེར་རོ། །འོ་ན་སྐད་ཅིག་གཅིག་པ་མི་སྲིད་པར་ཐལ། སྐད་ཅིག་ཐམས་ཅད་སྐྱེ་བ་དང༌། འཇིག་པ་དང་གནས་པའི་གནས་སྐབས་གསུམ་གསུམ་གྱི་བདག་ཉིད་ཀྱིས་བསྡུས་པ་ཡིན་པའི་ཕྱིར། །འདོད་ན། སྐད་ཅིག་གསུམ་གྱི་བདག་ཉིད་ཡིན་པ་མི་སྲིད་པར་ཐལ། རྩོམ་བྱེད་ཀྱི་སྐད་ཅིག་གཅིག་མི་སྲིད་པའི་ཕྱིར། འོ་ན་རྡུལ་ཕྲན་ཡང༌། དབུས་རྡུལ་ལ་ཕྱོགས་དྲུག་གི་རྡུལ་གྱིས་སྐོར་བ་ན། དབུས་རྡུལ་ཕྱོགས་དྲུག་ལ་ལྟ་བའི་ཆ་ཅན་ཡིན་ན་ཆ་མེད་གཅིག་ཡིན་པར་འགལ་ལ། ཕྱོགས་ཆ་དྲུག་མེད་ན་ཕྱོགས་ཆ་དྲུག་ན་རྡུལ་མེད་པས་རགས་པ་རྩོམ་མི་སྲིད་པར་འགྱུར་རོ་ཞེ་ན། ཁོ་བོ་རྣམ་པར་རིག་པའི་ཚུལ་སྨྲ་བས་རིག་པ་དེ་ཉིད་ཀྱིས་ཕྱི་རོལ་གྱི་དོན་འགོག་པར་འདོད་པ་ཡིན་ནོ། །འོ་ན་སྐད་ཅིག་ཀྱང་གཅིག་ཡིན་ན་སྐྱེ་གནས་འཇིགས་གསུམ་གྱི་བདག་ཉིད་མ་ཡིན་ན་འདུས་བྱས་མ་ཡིན་པས་སྐད་ཅིག་གཅིག་ཏུ་གྲུབ་པ་ཡང་མི་འཐད་དོ་ཞེ་ན། སྐད་ཅིག་དང་རྡུལ་ཕྲན་མི་མཚུངས་ཏེ། དབུས་རྡུལ་ལ་རྡུལ་དུ་མས་དུས་ཅིག་ཏུ་མ་བསྐོར་ན་རགས་པ་མི་རྩོམ་ལ། སྐོར་ན་ཆ་བཅས་སུ་འགྱུར་བས་རྡུལ་ཆ་མེད་དུ་འགྱུར་བ་འགལ་ལོ། །དུས་གསུམ་ཀྱང་ཅིག་ཆར་སྐྱེས་ན་རྡུལ་ཕྲན་གྱི་བརྟག་པ་འཇུག་པ་ལས། དུས་གསུམ་ཅིག་ཆར་མི་སྐྱེ་བས་ད་ལྟར་གྱི་སྐད་ཅིག་མ་ཅིག་ཁོ་ན་ཟད་པའི་ཕྱིར་སྐད་ཅིག་ཆ་མེད་དུ་འདོད་པ་ལ་རྡུལ་ཕྲན་གྱི་བརྟག་པ་མི་མཚུངས་སོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན། དུང་དཀར་པོར་སྣང་བ་དང་སེར་པོར་སྣང་བ་གཉིས་ལ་ཚད་མ་ཡིན་མིན་གྱི་རྣམ་གཞག་མི་འཐད་པར་ཐལ། ཡུལ་མེད་པར་མཚུངས་པའི་ཕྱིར་རོ་ཞེ་ན། དོན་དུ་སྣང་བ་ཅི་སྐྱེས་པ་ཐམས་ཅད་བློ་ཉིད་ཡིན་ལ། སྣང་བ་དེ་ཉིད་ཕྱི་རོལ་ན་མེད་པས་ཕྱི་རོལ་གྱི་དོན་མེད་པར་མཚུངས་ཀྱང༌། བག་ཆགས་བརྟན་པ་དང་མི་བརྟན་པའི་དབྱེ་བས། ཐ་སྙད་དུ་སླུ་བ་དང༌། མི་སླུ་བ་ལ་བལྟོས་ནས། བདེན་པ་སྟེ་ཚད་མ་དང་རྫུན་པ་སྟེ་ཚད་མིན་གྱི་རྣམ་གཞག་བྱེད་པའི་ཕྱིར་ཚད་མ་ཡིན་མ་ཡིན་གྱི་རྣམ་དབྱེ་མེད་པར་མི་འགྱུར་རོ། །རྣམ་ངེས་ལས། ཤེས་པ་ཐམས་ཅད་ཀྱི་ཡུལ་བཟློག་པ་ན་བསླད་པ་དང་ཅིག་ཤོས་སུ་ཇི་ལྟར་སྨྲ་སྟེ་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། ཉེ་བར་སླད་པའི་བག་ཆགས་མཚམས་སྦྱོར་བ་མེད་པའི་སྐྱོན་གྱིས་མི་མཁས་པས་ཀྱང་ཐ་སྙད་ལ་ཡིད་བརྟན་དུ་མེད་པར་མཐོང་བས་གཅིག་ནི་ཚད་མ་མ་ཡིན་པར་བརྗོད་ལ། གཞན་བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་བ་ནི། ཐ་སྙད་ལ་མི་སླུ་བ་ལ་བལྟོས་ནས་འདིར་ཚད་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །མདོར་ན་སྡེ་བདུན་འདིར་རང་ལུགས་ལ། ཇི་སྲིད་ཕྱི་རོལ་གྱི་དོན་ཁས་ལེན་པའི་སྐབས་དེ་སྲིད་དུ་རང་འདྲའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་ཟེར་ལ། རང་ལུགས་ངེས་པའི་དོན་ཤེས་བྱ་ནང་སེམས་སུ་སྨྲ་བ་སེམས་ཙམ་པའི་གྲུབ་མཐའ་ལ་ཞུགས་པ་ནི་ཕྱི་རོལ་གྱི་ཡུལ་དང་དེས་རྣམ་པ་གཏད་ནས་བསྐྱེད་པའི་ཡུལ་ཅན་གྲུབ་པ་མེད་དོ། །ཚད་མ་རིགས་པའི་གཏེར་ལས་ཡུལ་བརྟག་པའི་རབ་ཏུ་བྱེད་པ་དང་པོའི་རྣམ་བཤད་དོ།།  ༈  །།གཉིས་པ་ཤེས་བྱེད་ཀྱི་བློ་ལ། བློའི་མཚན་ཉིད་ནི། མྱོང་རིག་གི་ངོ་བོར་སྐྱེས་པའོ། །བློ་ལ་ཡུལ་གྱི་སྒོ་ནས་དབྱེ་ན། རྟོག་པ་རྟོག་མེད་གཉིས་སུ་འགྱུར་ཏེ། བློའི་ཡུལ་ལ་རང་སྤྱི་གཉིས་སུ་ངེས་པའི་ཕྱིར་རོ། །ཤེས་པའི་ངོ་བོ་གཟུང་རྣམ་ཀྱི་སྒོ་ནས་དབྱེ་ན། འཁྲུལ་མ་འཁྲུལ་གཉིས་སུ་གྱུར་ཏེ། དོན་རིག་མངོན་སུམ་རྣམ་པ་མ་འཁྲུལ་ལ། རྟོག་པ་རྣམ་པ་འཁྲུལ་བའི་ཕྱིར་རོ། །འཇུག་ཚུལ་གྱི་སྒོ་ནས་དབྱེ་ན། རྟོགས་པར་འདོད་པའི་ཡུལ་ལ་མ་ཞུགས་པ་དང༌། འཇུག་བཞིན་པ་དང༌། ཞུགས་ཟིན་པ་དང་གསུམ་མོ། །གནས་ཚུལ་ལ་ཡུལ་རང་མཚན་ཁོ་ནར་གནས་པ་དང་འདྲ་བར་ཡུལ་ཅན་ཡང་རང་གི་ངོ་བོའི་སྒོ་ནས་དཔྱད་ན་རང་རིག་ཁོ་ནར་འདུའོ། །ཤེས་པའི་དོན་གཏན་ལ་དབབ་པ་ལ་གཉིས་ཏེ། བློ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང༌། བྱེ་བྲག་ཚད་མ་གཏན་ལ་དབབ་པའོ། །དང་པོ་ལ། འགའ་ཞིག་བློའི་མཚན་ཉིད། ཡུལ་འཛིན་བྱེད་ཅེས་འཇོག་གོ །དེ་ལ་གཞན་དག འོ་ན་ཟླ་བ་གཉིས་འཛིན་གྱི་བློ་ཆོས་ཅན། བློ་མིན་པར་ཐལ། ཡུལ་འཛིན་བྱེད་མིན་པའི་ཕྱིར་ཏེ། ཁྱོད་ཀྱི་ཡུལ་མེད་པའི་ཕྱིར་ཏེ། ཟླ་གཉིས་མེད་པའི་ཕྱིར་རོ་ཞེ་ན། འོ་ན་བདག་འཛིན་ཡང་ཆོས་ཅན། བདག་ལ་ལྟོས་ཏེ་འཛིན་པ་མ་ཡིན་པར་ཐལ། གཟུང་བྱ་མེད་པའི་ཕྱིར་ཞེས་པ་མཚུངས་སོ། །ཟླ་གཉིས་ལ་བལྟོས་ཏེ་ཤེས་པ་མ་ཡིན་པར་ཐལ། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལ་ཡང་ཡུལ་མེད་པར་ཐལ། སྒྲ་རྟག་པ་མེད་པའི་ཕྱིར་རོ། །གལ་ཏེ་སྒྲ་རྟག་པ་མེད་ཀྱང་སྒྲ་རྟག་པའི་དོན་སྤྱི་འཛིན་ནོ་སྙམ་ན། ཟླ་གཉིས་མེད་ཀྱང་ཟླ་གཉིས་ཀྱི་རྣམ་པ་འཛིན་ཞེས་བརྗོད་དོ། །ཡང་ཟླ་གཉིས་ལ་ལྟོས་ཏེ་ཤེས་པ་མ་ཡིན་པར་ཐལ། དེ་ལ་ལྟོས་ཏེ་རིག་བྱ་མེད་པའི་ཕྱིར་ཞེ་ན། འོ་ན་བདག་འཛིན་ཡང་ཆོས་ཅན། བདག་ལ་ལྟོས་ཏེ་འཛིན་པ་མ་ཡིན་པར་ཐལ། གཟུང་བྱ་མེད་པའི་ཕྱིར་ཞེས་མཚུངས་སོ། །ཟླ་གཉིས་ལ་ལྟོས་ཏེ་ཤེས་པ་མ་ཡིན་པར་ཐལ། རང་གཞན་གང་ཡང་མི་ཤེས་པའི་ཕྱིར་ཞེ་ན། འདི་ལའང་ལན་སྔ་མ་ཉིད་དོ། །ཡང་ན། མྱོང་རིག་གི་ཆོས་ཞེས་བརྗོད་དོ། །ཡུལ་རིག་པ་ཞེས་འཇོག་ན། དོན་དམ་པའི་རང་རིག་ལ་ཡུལ་བཞག་དུ་མེད་པས་བློ་མིན་པར་ཐལ་བའི་སྐྱོན་ཡོད་དོ་ཞེས་བརྗོད་པའང་ཡོད་པས་ན་ཕྱོགས་གཉིས་གང་ལེགས་དཔྱད་པར་བྱའོ། །རང་རིག་གི་ངོ་བོ་ནི་འཛིན་རྣམ་ཀྱི་ཆ་མྱོང་རིག་ཙམ་གྱི་ངོ་བོའོ། །འདི་ནི་ཡུལ་རྟོགས་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི། རང་རྒྱུ་ལས་མྱོང་རིག་གི་ངོ་བོར་སྐྱེས་པ་ཙམ་ལ་བརྗོད་དོ། །དབྱེ་བ་ལ་ངོ་བོའི་སྒོ་ནས་དབྱེ་ན་རྟོག་པ་དང་རྟོག་མེད་གཉིས་སམ། སེམས་དང་སེམས་བྱུང་གཉིས། རྟོགས་ཚུལ་གྱི་སྒོ་ནས་ཚད་མ་དང་ཚད་མིན་གཉིས་སོ། །དང་པོ་ལ་མཚན་ཉིད་ནི། །སྒྲ་དོན་འདྲེ་རུང་འཛིན་པའི་ཤེས་པ་སྟེ། རྣམ་ངེས་ལས། རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བར་སྣང་བའི་ཤེས་པ་སྟེ་ཞེས་དང༌། རྣམ་འགྲེལ་ལས། ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །ཞེས་གསུངས་པ་ལྟར་རོ། །དེ་ལ་བརྗོད་བྱ་ནི། དོན་མཐོང་བའི་རྗེས་ཀྱི་རྟོག་ངོར་ཡུལ་གྱི་གཟུགས་བརྙན་སྣང་བ་ཡིན་ལ། བརྗོད་བྱེད་ནི་སྒྲ་ཐོས་པའི་རྗེས་སུ་རྟོག་པ་ལ་མིང་སྤྱི་སྣང་བ་སྟེ། འདྲེས་པར་འཛིན་པ་ནི། སྒྲ་དོན་ཐ་མི་དད་དུ་སྣང་བའི་ཕྱིར། མིང་དོན་གྱི་འབྲེལ་པ་ཤེས་པའི་ངོར། ལྟོ་ལྡིར་བ་མཐོང་ན་བུམ་པ་ཞེས་པའི་བློ་སྐྱེ་ཞིང༌། བུམ་པ་ཞེས་པའི་སྒྲ་ཐོས་པ་ན་ཡང་ལྟོ་ལྡིར་བའི་གཟུགས་བརྙན་འཆར་བའི་ཕྱིར། བརྡ་འབྲེལ་མི་ཤེས་པ་ལ་ནི། སོ་སོར་སྣང་གི་འདྲེས་པར་མི་སྣང་སྟེ། ལྟོ་ལྡིར་བ་མཐོང་བ་ན་བུམ་པའོ་སྙམ་པའི་བློ་མི་སྐྱེ་བའི་ཕྱིར་དང༌། བུམ་པ་ཞེས་པའི་སྒྲ་ཐོས་པ་ན་ཡང་ལྟོ་ལྡིར་བའི་རྣམ་པ་མི་འཆར་བའི་ཕྱིར། སྒྲ་དང་དོན་རང་མཚན་འདྲེས་པར་འཛིན་པ་མིན་ཏེ། གཉིས་པོ་བརྡ་བྱེད་པའི་རྣམ་པར་རྟོག་པ་ལ་མི་སྣང་བའི་ཕྱིར་ཏེ། རྣམ་པར་རྟོག་པ་རྣམས་ནི་དོན་གྱི་ནུས་པ་ཉེ་བ་ལ་ལྟོས་པ་མེད་པར་རྣམ་རྟོག་སྔ་མའི་བག་ཆགས་ཙམ་ལས་འབྱུང་བའི་ཕྱིར། བརྡ་འབྲེལ་བྱེད་པའི་རྟོག་པ་ལ་མི་སྣང་བ་ཡང་སྒྲའི་དོན་མིན་ཏེ། བརྡ་དང༌། བརྡའ་གདགས་པར་བྱ་བའི་ཡུལ་མ་བཟུང་བར་བརྡ་སྦྱོར་བ་མེད་པའི་ཕྱིར། ཁྱད་གཞི་མ་བཟུང་བར་ཁྱད་ཆོས་དང་སྦྱར་ནས་འཛིན་པ་མི་སྲིད་པའི་ཕྱིར། རྣམ་ངེས་ལས། སྒྲ་ལས་བྱུང་བའི་ཤེས་པ་ལ་མི་སྣང་བ་གང་ཡིན་པ་དེ་ནི་སྒྲའི་དོན་མིན་ནོ་ཞེས་གསུངས་སོ། །འདི་དག་གིས་རྟོག་པས་རང་མཚན་དངོས་སུ་འཛིན་པའི་དགག་པ་ཡང་བཤད་དོ། །གལ་ཏེ་མིང་སྤྱི་ཙམ་ལ་རྟོག་པའི་རྟོག་པ་ཆོས་ཅན། རྟོག་པ་མིན་པར་ཐལ། སྒྲ་དོན་འདྲེས་རུང་འཛིན་པ་མིན་པའི་ཕྱིར་ཏེ། སྒྲ་སྤྱི་འབའ་ཞིག་དང་དོན་སྤྱི་འབའ་ཞིག་ལ་དམིགས་པའི་ཕྱིར་ཞེ་ན། འོ་ན་སྒྲ་སྤྱི་དང་དོན་སྤྱི་གཉིས་ཕྱིས་བརྗོད་བྱ་རྗོད་བྱེད་དུ་འདྲེར་རུང་བ་མི་སྲིད་པར་ཐལ། གཉིས་པོ་སོ་སོ་ལ་དམིགས་ན་སྒྲ་དོན་འདྲེས་རུང་འཛིན་པ་མིན་པར་ངེས་པའི་ཕྱིར། འདིར་སྒྲ་དོན་འདྲེས་པ་ཞེས་སྨོས་པ་ནི་རྟོག་པའི་ཐུན་མོང་མ་ཡིན་པའི་ངོ་བོ་སྨོས་པའི་དབང་དུ་བྱས་ཏེ། ཆོས་གཉིས་སྦྱོར་བ་དང་བསྲེ་བ་ནི་རྟོག་པ་ཁོ་ནའི་བྱེད་པ་ཡིན་གྱི་རྟོག་མེད་ཀྱི་མིན་པའི་ཕྱིར་ཏེ། མིག་ཤེས་ཀྱིས་སྔོ་སེར་དཀར་དམར་སོགས་སྣ་ཚོགས་འཛིན་ཀྱང་ཕན་ཚུན་སྦྱོར་བར་མི་བྱེད་པ་བཞིན་ནོ། །བརྗོད་བྱ་རྗོད་བྱེད་ཞེས་པ་སྨོས་པས་ནི། ཡུལ་གྱི་ཁྱད་པར་བསྟན་ཏེ། གཟུགས་སྒྲ་ལ་སོགས་པའི་ཐུན་མོང་མིན་པའི་ངོ་བོ་ནི་རྟོག་པ་ལ་མི་སྣང་བས་ཕན་ཚུན་སྦྱོར་བར་མི་ནུས་པའི་ཕྱིར་རོ། །སྒྲ་རྟོག་གཉིས་པོ་ཡང་དོན་ལ་འདྲེས་པ་མེད་མོད་ཀྱི། རྟོག་པའི་འཛིན་ཚུལ་ལ་ལྟོས་ཏེ་འདྲེས་པ་ཞེས་བརྗོད་དོ། །རུང་བ་སྨོས་པས་ནི་བརྡའ་ལ་མ་བྱང་བའི་རྟོག་པ་ལྟ་བུའོ། །འདི་དག་ཀྱང་རིགས་པས་ཅུང་ཟད་དཔྱད་པའི་རྣམ་གཞག་ཡིན་ལ། མ་དཔྱད་པའི་ངོར་ནི་སྒྲས་དོན་རང་མཚན་གྱི་དངོས་པོ་བརྗོད་པར་ཞེན་པའི་ཕྱིར། འཇུག་པ་པོའི་ཞེན་ཚུལ་ལ་ལྟོས་ནས་དོན་དངོས་སུ་བརྗོད་ཞེས་སྨྲ་ན་འགལ་བ་མེད་དོ། །བསྲེ་ཚུལ་ནི་རྣམ་པ་དུ་མ་སྟེ། སྣང་བཏགས་གཅིག་ཏུ་བསྲེ་བ་དང༌། རིགས་མཐུན་གཅིག་དུ་བསྲེ་བ་དང༌། སྔ་ཕྱི་གཅིག་ཏུ་བསྲེ་བ་དང༌། མིང་དོན་གཅིག་ཏུ་བསྲེ་བའོ། །དང་པོ་ནི། སྤྱི་ལ་དོན་དུ་མངོན་པར་ཞེན་པ་ཡིན་ལ། གཉིས་པ་ནི་ཡུལ་དུས་སོ་སོའི་སྔོ་སོགས་ལ་རིགས་གཅིག་ཏུ་ཞེན་པའོ། །གསུམ་པ་ནི། སྔ་ཕྱི་གཅིག་ཏུ་ཞེན་པ་ཉིད་དེ། སྔར་མཐོང་བའི་མི་དང༌། ད་ལྟར་གྱི་མི་གཅིག་ཏུ་ཞེན་པ་ལྟ་བུའོ། །བཞི་པ་ནི། ཡལ་འདབ་ཅན་ལ་ཤིང་དུ་ཞེན་པ་ལྟ་བུའོ། །རྟོག་པའི་དབྱེ་བ་ལ་འཇུག་ཚུལ་གྱི་སྒོ་ནས། སྒྲ་སྦྱོར་རྟོག་པ་དང་དོན་སྦྱོར་རྟོག་པ། ཡུལ་གྱི་སྒོ་ནས། སྒྲ་སྤྱི་དང༌། དོན་སྤྱི་དང༌། གཉིས་ཀ་འཛིན་པའི་དབྱེ་བས་གསུམ་མོ། །ངོ་བོའི་སྒོ་ནས། ངེས་ཤེས་དང༌། སྒྲོ་འདོགས་དང༌། སྐུར་འདེབས་དང་ཐེ་ཚོམ་མོ། །དང་པོ་ནི་ལོ་འདབ་ཅན་ལ་ཤིང་དུ་ཞེན་པའི་བློ་ཆོས་ཅན། སྒྲ་སྦྱོར་རྟོག་པ་ཡིན་ཏེ། བརྡ་དུས་ཀྱི་མིང་དང༌། ཐ་སྙད་ཀྱི་དུས་ཀྱི་དོན་སྦྱར་ནས་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། སྐྱེས་བུ་དབྱུག་པ་ཅན་དུ་འཛིན་པའི་བློ་ཆོས་ཅན། དོན་སྦྱོར་རྟོག་པ་ཡིན་ཏེ། ཁྱད་གཞིའི་དོན་དང་ཁྱད་ཆོས་ཀྱི་དོན་སྦྱར་ནས་འཛིན་པའི་བློ་ཡིན་པའི་ཕྱིར། དོན་དང་སྒྲ་སྦྱར་བས་སྒྲ་སྦྱོར་རྟོག་པ་དང༌། ཁྱད་གཞིའི་དོན་དང་ཁྱད་ཆོས་ཀྱི་དོན་སྦྱར་ནས་འཛིན་པས་དོན་སྦྱོར་རྟོག་པ་ཞེས་བྱའོ། །འགའ་ཞིག རྗེས་དཔག་ཐམས་ཅད་ཆོས་ཅན། དོན་སྦྱོར་རྟོག་པ་ཡིན་ཏེ། ཁྱད་གཞི་ལ་ཁྱད་ཆོས་སྦྱར་ནས་འཛིན་པའི་ཕྱིར་ཏེ། ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་སྦྱར་ནས་འཛིན་པའི་ཕྱིར་ཞེ་ན། ལོ་འདབ་ཅན་གྱི་ལྗོན་པ་ཡིན་པའི་ཕྱིར་ཞེས་པའི་རྟགས་ལས། ཤ་བ་ཤིང་གི་ཐ་སྙད་བྱ་རུང་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་དོན་སྦྱོར་རྟོག་པ་ཡིན་པར་ཐལ། ཁྱད་གཞི་ལ་ཁྱད་ཆོས་སྦྱར་ནས་འཛིན་པའི་ཕྱིར། འདོད་ན། ཐ་སྙད་སྒྲུབ་འབའ་ཞིག་པའི་རྟགས་ལ་བརྟེན་པའི་རྗེས་དཔག་ཡིན་པར་ཐལ་ལོ། །དེས་ན་འདིས་ནི་མིང་དོན་གྱི་འབྲེལ་པ་ཁོ་ན་འཛིན་པས་སྒྲ་སྦྱོར་རྟོག་པའོ། །དོན་སྦྱོར་རྟོག་པ་ནི། སྒྲ་དང་དོན་གཉིས་ལས་དོན་གྱིས་ཁྱད་པར་དུ་བྱས་པ་འཛིན་པ་དགོས་པ་ཡིན་ནོ། །འོ་ན་དོན་སྦྱོར་རྟོག་པ་ཆོས་ཅན། རྟོག་པ་མ་ཡིན་པར་ཐལ། སྒྲ་དོན་འདྲེས་རུང་འཛིན་པ་མིན་པའི་ཕྱིར་ཞེ་ན། སྒྲ་དོན་འདྲེས་རུང་འཛིན་པ་ཡིན་ཏེ། སྣང་བཏགས་གཅིག་ཏུ་འཛིན་པའི་བློ་ཡིན་པའི་ཕྱིར། མིང་དོན་འདྲེ་རུང་དུ་འཛིན་པ་ཙམ་གྱིས་ནི་སྒྲ་སྦྱོར་རྟོག་པར་མི་འགྱུར་ཏེ། ཐ་སྙད་དུས་ཀྱི་དོན་སྦྱར་ནས་འཛིན་པ་ཞིག་དགོས་པའི་ཕྱིར། སྒྲ་སྤྱི་དང་དོན་སྤྱི་འཛིན་པ་ནི། བརྡ་ལ་མ་བྱང་བས་སྒྲ་སྤྱི་དང་དོན་སྤྱི་རེ་རེ་ལ་འཛིན་པ་ལྟ་བུའོ། །གཉིས་ཀ་འཛིན་པ་ནི། ལྟོ་ལྡིར་བ་ལ་བུམ་པར་འཛིན་པ་ལྟ་བུའོ། །གསུམ་པ་ངེས་ཤེས་སོགས་ཀྱི་ངོ་བོ་ལ། ངེས་ཤེས་ཀྱི་དོན་ནི། རང་ཡུལ་དོན་དང་མཐུན་པར་མཐའ་གཅིག་ཏུ་ངེས་ནས་སྒྲོ་འདོགས་སེལ་བའོ། །དེ་ཡང་བྱེད་པ་མ་ཉམས་པ་དེ་སྲིད་དུ་སེལ་བར་བྱེད་ཀྱི་ཉམས་ནས་ནི་མ་ཡིན་ནོ། །བྱེད་པ་མ་ཉམས་པའི་ཚད་ནི་འདོད་པ་ཙམ་གྱིས་དམིགས་རྣམ་མངོན་དུ་གྱུར་པ་ལ་བྱ་ཡི། ངེས་ཤེས་རྒྱུན་ཆགས་སུ་འཇུག་པ་ལ་མི་བྱའོ། །སྒྲོ་འདོགས་ཀྱང་ངེས་ཤེས་སེལ་བྱེད་དུ་ཐལ། དེ་སྐྱེ་བའི་གེགས་བྱེད་ཡིན་པའི་ཕྱིར་ཞེ་ན། གེགས་བྱེད་པ་ཙམ་གྱིས་སེལ་བྱེད་མིན་ཏེ། ཡུལ་གྱི་གནས་ཚུལ་དང་མི་མཐུན་པར་ཞུགས་པས་སྟོབས་ཞན་པའི་ཕྱིར་རོ། །ངེས་ཤེས་ཀྱིས་ནི་སེལ་ནུས་ཏེ། ཡུལ་གྱི་གནས་ཚུལ་ལ་ཞུགས་པས་གཅིག་ཤོས་ལས་སྟོབས་ལྷག་པའི་ཕྱིར་ཏེ། ཚད་མའི་རྗེས་སུ་འབྲང་བའི་ཕྱིར་རོ། །སྒྲོ་འདོགས་ནི་གནས་ཚུལ་ལ་མེད་པ་ལ་ཡོད་པར་མཐའ་གཅིག་ཏུ་འཛིན་པའོ། །ཡུལ་གྱི་གནས་ཚུལ་གྱི་འགལ་ཟླ་མཐའ་གཅིག་ཏུ་འཛིན་པ་སྒྲོ་འདོགས་ཀྱི་དོན་དུ་འདོད་པ་མི་འཐད་དེ། ཚེ་སྔ་ཕྱི་མེད་པར་འཛིན་པའི་བློ་སྒྲོ་འདོགས་སུ་ཐལ་བར་འགྱུར་རོ། །འདོད་ན། སྐུར་འདེབས་མིན་པར་ཐལ། སྐུར་འདེབས་ནི་ཡོད་པའི་དོན་ལ་མེད་པར་འཛིན་པ་སྟེ། ཚེ་སྔ་ཕྱི་མེད་པར་འཛིན་པ་ལྟ་བུའོ། །ཐེ་ཚོམ་ནི། ཡུལ་ལ་མཐའ་གཅིག་ཏུ་མ་ངེས་པར་འཇུག་པ་སྟེ། མཚན་ཉིད་ནི་རང་གི་རིགས་ཀུན་ལ་མཐའ་གཉིས་ཀྱི་འཛིན་སྟངས་སྲིད་པའི་བློ་ཞེས་བཤད་པ་ནི་མི་འཐད་དེ། བློ་ཆོས་ཅན། ཐེ་ཚོམ་དུ་ཐལ། རང་གི་རིགས་རྒྱུན་ལ་མཐའ་གཉིས་སུ་འཛིན་པ་སྲིད་པའི་ཕྱིར། དེས་ན་ཡུལ་མཐའ་གཉིས་སུ་འཛིན་པའི་འཛིན་སྟངས་ཅན་གྱི་རིགས་སུ་གནས་པའི་རྟོག་བློའོ། །ཁྲོན་པ་ན་ཆུ་ཡོད་སྙམ་དུ་འཛིན་པ་ནི་ཐེ་ཚོམ་གྱི་རིགས་ཅན་ཏེ། ཡུལ་ངེས་པར་བྱེད་པའི་རྒྱུ་མ་རྙེད་པས་ལོག་ཕྱོགས་ཀྱི་དོགས་པ་མ་ཆོད་པའི་བློའི་དམ་བཅའ་ཙམ་ཡིན་པས་སོ། །འདི་ནི་དམ་བཅའི་ཚིག་ཙམ་ལས་ཐེ་ཚོམ་ཟ་བར་མཐོང་གི་ངེས་པ་སྐྱེ་བ་མེད་པས། དམ་བཅའ་བརྗོད་པ་སྒྲུབ་ངག་གི་ཡན་ལག་ཏུ་མི་འཐད་པར་བཤད་པ་དང་མཐུན་ནོ། །འདི་ལ་ཆོས་མཆོག་དང་རིགས་གཏེར་ལས། ཐེ་ཚོམ་བག་ལ་ཉལ་དུ་བཤད་དོ། །གཉིས་པ་རྟོག་མེད་ཀྱི་བློ་ལ། མཚན་ཉིད་ནི། བོད་འགའ་ཞིག་གིས་ཡུལ་ལ་གསལ་བའི་རྣམ་པས་འཇུག་པ་ཞེས་གསུངས་སོ། །རང་ཡུལ་གསལ་བར་དྲན་པའི་བློ་ཆོས་ཅན། རྟོག་མེད་ཀྱི་བློ་ཡིན་པར་ཐལ། ཡུལ་ལ་གསལ་བའི་རྣམ་པས་འཇུག་པའི་ཕྱིར། གཞན་དུ་ན། འཇིག་རྟེན་ན་རང་ཡུལ་གསལ་བར་དྲན་མི་དྲན་གྱི་བྱེ་བྲག་མེད་པར་ཐལ། རྟོག་པ་ལ་ཡུལ་མི་གསལ་བས་ཁྱབ་པའི་ཕྱིར། འདོད་ཆགས་སོགས་ལ་ཡང་ཡུལ་གསལ་བའི་རྣམ་པ་མེད་པར་ཐལ། དེ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། གོམས་ལས་འདོད་ཆགས་སོགས་གསལ་བ། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །ཞེས་སོ། །བསྐྱེད་རིམ་སོགས་ལ་གསལ་བར་དྲན་མི་དྲན་གྱི་བྱེ་བྲག་མེད་པར་ཐལ་བ་དང༌། རྟོག་པ་ལ་ཡུལ་བཀྲ་བར་འཛིན་མི་འཛིན་གྱི་བྱེ་བྲག་ཀྱང་མེད་པར་ཐལ་ལོ། །གལ་ཏེ་རྣམ་རྟོག་རྗེས་སུ་འབྲེལ་བ་ལ། །དོན་གསལ་སྣང་བ་ཡོད་མ་ཡིན། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་རྟོག་པ་ཇི་ལྟར་གསལ་ཡང༌། དོན་རང་མཚན་གྱི་རྣམ་པ་མ་འདྲེས་པའི་ཚུལ་གྱིས་གསལ་བར་མི་སྣང་ཞེས་པའི་དོན་ནོ། །དེས་ན་རང་ཡུལ་ལ་སྣང་བའི་འཛིན་སྟངས་ཀྱི་སྒོ་ནས་འཇུག་པའི་བློའོ། །དབྱེ་བ་ལ། རྟོག་མེད་འཁྲུལ་ཤེས་དང་མངོན་སུམ་གཉིས་སོ། །དང་པོ་ནི་ཡུལ་ལ་སྣང་བའི་འཛིན་སྟངས་ཀྱིས་འཇུག་ཅིང་རྟོག་མེད་འཁྲུལ་རྒྱུས་སླད་པའོ། །རྒྱས་པར་འོག་ཏུ་བསྟན་ཏོ། །སེམས་སེམས་བྱུང་ལ། སེམས་ནི་དོན་གྱི་ངོ་བོ་ཙམ་ཡོངས་སུ་དཔྱོད་པ། སེམས་བྱུང་ནི་དོན་གྱི་ཁྱད་པར་ཙམ་ཡོངས་སུ་དཔྱོད་པ་སྟེ། ཆོས་མཆོག་གིས་སེམས་ནི་དོན་ཙམ་འཛིན་པའོ། །སེམས་བྱུང་ནི་གནས་སྐབས་འཛིན་པའོ་ཞེས་གསུངས་སོ། །འདིར་འགའ་ཞིག གཟུགས་ནི་དོན་གྱི་ངོ་བོ་ཡིན་ལ། བཟང་ངན་གྱི་བྱེ་བྲག་ནི་ཁྱད་པར་རོ་ཞེའོ། །འོ་ན་གཉིས་པོ་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན། རྟོག་མེད་ཀྱི་སེམས་དང་སེམས་བྱུང་གཉིས་ཀ་དོན་གཅིག་ལ་མཐོང་མ་མཐོང་གི་བྱེ་བྲག་མེད་པས་གཉིས་ཀས་གཉིས་ཀ་འཛིན་པས་ཕན་ཚུན་འཆོལ་བར་འགྱུར་རོ། །གཉིས་པ་ལྟར་ན། དམིགས་པ་གཅིག་ལ་འཇུག་པས་དམིགས་པ་མཚུངས་པར་འཇོག་པ་མི་འཐད་པར་ཐལ། དམིགས་པ་སོ་སོ་ཁོ་ནར་འཇུག་པའི་ཕྱིར་རོ། །བོད་ཀྱི་མཁས་པ་དག གཉིས་ཀས་དོན་གྱི་ངོ་བོ་དང་ཁྱད་པར་འཛིན་པར་འདྲ་ཡང༌། རང་སྟོབས་དང་གཞན་སྟོབས་ཀྱི་ཁྱད་པར་ཡོད་པས་ཕན་ཚུན་གཅིག་ཉིད་དུ་ཐལ་བར་མི་འགྱུར་རོ། །རང་སྟོབས་དང་གཞན་སྟོབས་ཀྱི་དོན་ཡང༌། སེམས་ཀྱིས་དོན་གྱི་ངོ་བོར་རང་སྟོབས་ཀྱིས་རིག་ཏེ། སེམས་བྱུང་ལ་ཡང་མ་ལྟོས་པར་དཔྱོད་ནུས་པའི་ཕྱིར། དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་རིག་ཏེ། སེམས་བྱུང་དང་འགྲོགས་སྟོབས་ཀྱིས་དཔྱོད་པའི་ཕྱིར། སེམས་བྱུང་ལ་དེ་ལས་བཟློག་ཏེ་བསྟན་ཏོ། །མི་འཐད་དེ། དབྱིག་གཉེན་གྱིས་དེ་ལ་དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །ཁྱད་པར་རིག་པ་ནི་སེམས་ལས་བྱུང་བའོ་ཞེས་པའི་འགྲེལ་བཤད་དུ། ཙམ་ནི་བྱེ་བྲག་སེལ་བའི་སྒྲ་སྟེ་ངོ་བོ་ཙམ་དམིགས་ཀྱི །ཁྱད་པར་མི་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པ་དང་འགལ་ལོ། །ཡང་འགའ་ཞིག གཉིས་ཀས་གཉིས་ཀ་འཛིན་པ་འདྲ་ཡང་ཡོངས་སུ་དཔྱོད་པའི་ཡུལ་ལས་ཁྱད་པར་རྣམ་པར་འབྱེད་དེ་དོན་གྱི་ངོ་བོ་ལ་ངེས་པ་འདྲེན་པ་ནི་སེམས་ཀྱི་མཐུ་ཡིན་ལ། ཁྱད་པར་ལ་ངེས་པ་འདྲེན་པ་ནི་སེམས་བྱུང་གི་མཐུ་ཡིན་ནོ་ཞེ་ན། གཉིས་ཀས་དངོས་སུ་འཛིན་པར་མཚུངས་ན་ཡུལ་གཅིག་ལ་ངེས་པ་འདྲེན་མི་འདྲེན་གྱི་རྒྱུའི་ཁྱད་པར་གང་ལས་རྙེད་པར་འགྱུར། ཡང་འགའ་ཞིག དོན་གྱི་ངོ་བོ་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དེ་གཟུགས་ཀྱི་སྐྱེ་མཆེད་ཙམ་ལ་ངོས་འཛིན་པ་ཡིན་ལ། ཁྱད་པར་ནི་སྔོ་སེར་ལ་སོགས་པའི་རྫས་རྣམས་ལ་འདོད་དོ། །ངོ་བོ་ལ་སེམས་ཀྱི་ཡུལ་ཞེས་བརྗོད་དེ། དེ་དམིགས་ཡུལ་དུ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར། སེར་པོ་སོགས་ནི་ཡུལ་དུ་མི་འཇོག་སྟེ། དེ་མེད་ཀྱང་སྔོན་པོ་སོགས་ཡོད་ན་འབྱུང་བའི་ཕྱིར་རོ། །དེ་ལ་གཟུགས་སྔོན་པོ་མཐོང་བ་ན། གཟུགས་སྔོན་པོའོ་སྙམ་པའི་ངེས་པ་སྐྱེས་པའི་ཚེ། སེམས་ཀྱིས་གཟུགས་ཀྱི་ལྡོག་པ་ལ་ངེས་པ་འདྲེན་ཏེ། དེ་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། ཁྱད་པར་སྔོན་པོ་ལ་ངེས་པ་འདྲེན་པ་ནི་སེམས་བྱུང་གི་མཐུའོ་ཞེ་ན། ཉེས་པ་བརྗོད་ཟིན་ཏོ། །གཞན་ཡང་སེམས་ཀྱིས་ཁྱད་པར་འཛིན་ན། སེམས་བྱུང་བཞིན་དུ་དེ་ལ་ངེས་པ་འདྲེན་དགོས་པས་ཁྱད་པར་མི་ཕྱེས་པར་སོ་ན་གནས་སོ། །ཡང་ན་སེམས་བྱུང་གིས་ཀྱང་མི་འདྲེན་པ་ཉིད་དུ་མཚུངས་སོ། །དེས་ན་ཡུལ་རྟོགས་ཚུལ་གྱི་ཁྱད་པར་ལས་རྣམ་པར་ཕྱེ་སྟེ་དམིགས་པ་གཅིག་ལ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་འཇུག་པའི་ཕྱིར་ཏེ། དགྲ་གཉེན་གཉིས་ཀྱི་གཟུགས་ལ་གཅིག་ཅར་དུ་ལྟ་བའི་དབང་ཤེས་བཞིན་ནོ། །ཡུལ་ལ་ངོ་བོ་དང་ཁྱད་པར་གཉིས་སུ་བྱས་ནས་རིག་པར་འདོད་པ་ལ་ནི་ཉེས་པ་སྔ་མ་ཉིད་བརྗོད་དོ། །འདི་ཡང་ལུང་ལ་བརྟེན་ནས་འཇོག་པ་ཡིན་ལ། ལུང་ལས་ཀྱང་སེམས་རྣམས་དམིགས་པ་རྣམ་པར་རིག་པ་ཙམ་ལས་འཛིན་སྟངས་ཀྱི་ཁྱད་པར་གཞན་མ་གསུངས་ལ། སེམས་བྱུང་རྣམས་ལ་སེམས་ལས་ཡུལ་ལ་འཇུག་ཚུལ་གྱི་འཛིན་སྟངས་ཀྱི་ཁྱད་པར་ལྷག་པོ་རེ་ཡོད་པའི་ཕྱིར་ན་ཡུལ་ལ་འཇུག་པའི་ཚེ་ཡུལ་གྱི་རྣམ་པ་ཅན་དུ་སྐྱེས་པར་མཚུངས་ཀྱང་རིག་ཚུལ་གྱི་རྣམ་པའི་ཁྱད་པར་ཕྲ་མོ་མི་འདྲ་བས་རྣམ་པ་འབྱེད་དོ། །འཛིན་སྟངས་ཀྱི་ཁྱད་པར་ཡང༌། སེམས་པས་སེམས་མངོན་པར་འདུ་བྱེད་པའི་ཚུལ་གྱིས་འཇུག་ལ། འདུ་ཤེས་ཀྱིས་མཚན་མར་འཛིན་པ་དང༌། ཚོར་བས་ཉམས་སུ་མྱོང་བའི་ཚུལ་གྱིས་རིག་གོ །རེ་རེ་བཞིན་འཛིན་སྟངས་ཀྱི་ཁྱད་པར་རྒྱས་པར་ནི་ཀུན་ལས་བཏུས་ལས་རྟོགས་པར་བྱའོ། །སེམས་ལ་ཡུལ་གྱི་རྣམ་པ་རིག་ཙམ་ལས་འཛིན་སྟངས་ཀྱི་ཁྱད་པར་ལྷག་པོ་གཞན་མ་དམིགས་པས་ན་ཙམ་ནི་བྱེ་བྲག་སེལ་བའི་སྒྲ་སྟེ། དོན་གྱི་ངོ་བོ་ཙམ་དམིགས་ཀྱི། ཁྱད་པར་མ་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་པ་དང་མཐུན་ནོ། །ཅིའི་ཕྱིར་སེམས་ལ་གཙོ་བོ་དང་སེམས་བྱུང་ལ་འཁོར་ཞེས་བརྗོད་ཅེ་ན། མིག་ཤེས་གང་ཇི་སྙེད་སྐྱེས་པ་ཐམས་ཅད་ནི་མིག་དབང་ཁོ་ན་ལ་བརྟེན་པ་དང༌། གཟུགས་ཁོ་ནའི་ཡུལ་ཅན་དུ་ངེས་པའི་ཕྱིར་མིག་དབང་ལ་བརྟེན་པའི་གཙོ་བོ་དང་གཟུགས་ཀྱི་ཡུལ་ཅན་གྱི་གཙོ་བོ་ཡིན་ལ། སེམས་འབྱུང་རྣམས་ནི་གཙོ་བོ་མིག་ལ་བརྟེན་པའི་དབང་གིས་དེ་ལ་བརྟེན་པ་ཡིན་གྱི། དེ་ཁོ་ན་ལ་བརྟེན་པར་མ་ངེས་ཏེ། ཉན་ཤེས་ཀྱི་འཁོར་དུ་བྱུང་བའི་ཚེ་རྣ་བ་ལ་བརྟེན་པའི་ཕྱིར་དང༌། གཟུགས་ཁོ་ནའི་ཡུལ་དུ་མ་ངེས་ཏེ། རེས་འགའ་སྒྲའི་ཡུལ་ཅན་དུའང་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་སེམས་བྱུང་ལ་འཁོར་ཞེས་བྱ་ཞེ་ན། རྣམ་པ་ལྔས་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ཏེ། དམིགས་པའི་སྒོ་ནས་སེམས་ཀྱི་རྗེས་སུ་འབྲངས་ཏེ། གཙོ་བོ་མིག་ཤེས་གཟུགས་ལ་དམིགས་པའི་དབང་གིས་དེ་ཡང་གཟུགས་ལ་དམིགས་པའི་ཕྱིར། རྟེན་གྱི་སྒོ་ནས་རྗེས་སུ་འབྲངས་ཏེ། དེ་མིག་ལ་བརྟེན་པའི་དབང་གིས་འཁོར་ཡང་དེ་ལ་བརྟེན་པའི་ཕྱིར། ལྷག་མ་རྣམས་ཀྱང་དེ་ལྟར་རོ། །འོ་ན་སེམས་ཀྱང་སེམས་བྱུང་གི་རྗེས་སུ་འབྲང་བར་ཐལ། སེམས་བྱུང་དེ་ལ་བརྟེན་པའི་དབང་གིས་སེམས་ཀྱང་དེ་ལ་བརྟེན་པའི་ཕྱིར་རོ་ཞེ་ན། མིན་ཏེ། མིག་ཤེས་ནི་མིག་ལ་རང་དབང་པའི་ཚུལ་གྱིས་བརྟེན་པ་ཡིན་ལ། སེམས་བྱུང་ནི་གཙོ་བོ་དེའི་དབང་གིས་བརྟེན་པ་ཙམ་ཡིན་པའི་ཕྱིར། དཔེར་ན་རྒྱལ་པོ་དང་བྲན་གཉིས་གྲོང་གཅིག་ན་གནས་སོ་ཞེས་བརྗོད་ཀྱང་རྒྱལ་པོ་ནི་རང་དབང་བའི་ཚུལ་གྱིས་གནས་ལ། བྲན་ནི་རྒྱལ་པོ་ལ་བརྟེན་པའི་དབང་གིས་གནས་པ་བཞིན་ནོ། །གལ་ཏེ་སེམས་ཙམ་པ་ལྟར་ན་དམིགས་པ་མཚུངས་པ་མི་འཐད་དེ། ཐུན་མོང་བའི་དམིགས་པ་མེད་པའི་ཕྱིར་ཏེ། སེམས་དང་སེམས་བྱུང་སོ་སོ་ལ་སྣང་བ་སྣང་མཁན་རང་རང་གི་བདག་ཉིད་ཡིན་པའི་ཕྱིར་དང༌། བློ་ལ་སྣང་བ་ལས་མ་གཏོགས་པའི་རྣམ་པའང་མེད་པའི་ཕྱིར་དམིགས་རྣམ་གྱི་ཁྱད་པར་ཡང་མེད་པར་འགྱུར་རོ་ཞེ་ན། གཟུགས་སུ་སྣང་བ་ཙམ་ནི་དམིགས་པ་ཡིན་ལ། འཛིན་སྟངས་ཀྱི་གཟུང་བྱ་ནི། ཡུལ་གྱི་རྣམ་པ་དང༌། བློའི་འཛིན་སྟངས་ཡུལ་ཅན་གྱི་རྣམ་པ་ཡིན་པས་དམིགས་རྣམ་ཀྱི་ཁྱད་པར་ནི་དེ་ལྟར་རོ། །དམིགས་ཡུལ་དུ་འཇོག་པ་ནི་ཐ་སྙད་ཀྱི་ཚེ་ཡིན་ལ། དོན་དམ་པར་ནི་དམིགས་པ་མེད་དེ། གཟུང་དང་འཛིན་པ་གཉིས་བྲལ་བའི། །རྣམ་པར་ཤེས་པ་དོན་དམ་འདོད། །ཅེས་གསུངས་པ་ལྟར་རོ། །སྣང་བ་ཤེས་པའི་བདག་ཉིད་ཡིན་ལ། དམིགས་པར་འཇོག་པ་ནི། ཐ་སྙད་དུ་ཡིན་པས་མི་འགལ་ལོ། །སེམས་དང་སེམས་ལས་བྱུང་བ་རྫས་ཅིག་གམ་ཐ་དད་ཅེ་ན། འགའ་ཞིག་རྫས་གཅིག་ཡིན་ཏེ། རྒྱུ་ཚོགས་གཅིག་ལས་སྐྱེ་བའི་ཕྱིར་དང༌། རྒྱུ་མཚུངས་པ་ལས་སྐྱེས་པ་སྟེ། བློ་ལས་ཐ་དད་གང་ལས་ཡིན། །ཞེས་གསུངས་པས་སོ། །གལ་ཏེ་ཐ་དད་དུ་འདོད་ན། རྗེས་དཔག་གཅིག་སྐྱེས་པའི་ཚེ་ན་གཙོ་བོ་རྣམ་ཤེས་དང༌། དེའི་འཁོར་གྱི་ཀུན་འགྲོ་ལྔ་ལྷན་ཅིག་དུ་སྐྱེ་དགོས་པས་རྗེས་དཔག་དྲུག་དུས་མཉམ་དུ་སྐྱེ་བར་ཐལ་བས། རྟོག་གཉིས་གཅིག་ཅར་དུ་འཇུག་པ་མེད། ཅེས་གསུངས་པའི་དོན་དང་འགལ་ལོ་ཞེས་ཟེར་རོ། །ལུང་གི་དོན་ནི་ཤེས་པར་མཚུངས་པ་སྟོན་པ་ཡིན་གྱི་རྫས་གཅིག་པར་སྟོན་པ་མ་ཡིན་ནོ། །རྟོག་གཉིས་གཅིག་ཆར་འཇུག་པ་མེད། །ཅེས་པ་ཡང་རིགས་མཐུན་པ་ལ་དགོངས་ཏེ། འདི་ལྟར་རྣམ་ཤེས་རིགས་མཐུན་པ། རིམ་གྱིས་འབྱུང་བར་ཡང་དག་རྟོགས། ཅེས་གསུངས་སོ། །དེ་རྣམ་ཤེས་ཅིག་གི་འཁོར་དུ་སེམས་པ་དང་འདུ་ཤེས་ལ་སོགས་པ་རྫས་རེ་རེ་ཁོ་ན་འབྱུང་གི་རིགས་འདྲ་གཉིས་གཉིས་འབྱུང་བ་མ་ཡིན་ཞེས་པའི་དོན་ནོ། །གཞན་ཡང༌། སེམས་སེམས་བྱུང་ཆོས་ཅན། རྫས་ཐ་དད་དུ་ཐལ། རྐྱེན་གསུམ་གྱི་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཕྱིར་རོ། །སེམས་ཆོས་ཅན། སེམས་བྱུང་དང་གཙོ་འཁོར་དུ་མི་འཐད་པར་ཐལ། སེམས་བྱུང་དང་རྫས་གཅིག་པའི་ཕྱིར། སེམས་བྱུང་ཆོས་ཅན། སེམས་ལས་བྱུང་བ་ཞེས་པའི་སྒྲ་དོན་བཤད་དུ་མེད་པར་ཐལ། སེམས་དང་རྫས་གཅིག་ཡིན་པའི་ཕྱིར། གཞན་ཡང༌། ཚོར་འདུ་ཆོས་ཅན། སེམས་ཀྱི་རྫས་གཅིག་ལ་རྫས་དབྱེར་མེད་འདུ་བ་སྲིད་པར་ཐལ། དོན་དམ་པར་སེམས་དང་རྫས་གཅིག་པའི་ཕྱིར། ཕུང་པོ་ལ་རྫས་ཀྱི་སྒོ་ནས་གཟུགས་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་གཉིས་ལས་མེད་པར་ཐལ། སེམས་བྱུང་རྣམ་པར་ཤེས་པའི་ཕུང་པོ་ལས་རྫས་ལོགས་སུ་བཞག་ཏུ་མེད་པའི་ཕྱིར། འདོད་ན། འདུས་བྱས་ལ་ཕུང་པོ་ལྔ་ཁོ་ནར་གྲངས་ངེས་པར་བཤད་པ་དེ་ལྡོག་པའི་དབྱེ་བའི་དབང་དུ་བྱས་པར་ཐལ་ལོ། །འདོད་ན། ལྔ་ཁོ་ནར་གྲངས་ངེས་པར་བཞག་པ་དེ་མི་འཐད་པར་ཐལ། ལྡོག་པའི་སྒོ་ནས་བརྒྱ་ཕྲག་དུ་མར་ཡང་དབྱེ་རུང་བའི་ཕྱིར། ཡང་སེམས་བྱུང་ཆོས་ཅན། སེམས་དང་རང་རིག་མངོན་སུམ་གྱིས་སོ་སོར་ཉམས་སུ་མྱོང་བར་བྱ་བ་མ་ཡིན་པར་ཐལ། དེ་དང་རྫས་གཅིག་པའི་ཕྱིར། འདོད་ན། རྣམ་ངེས་ལས། རྣམ་པར་ཤེས་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། མཚན་མ་ཉེ་བར་རྟོག་པ་རྣམས་སྐྱེ་བ་དང་འགག་པར་སོ་སོར་རིག་པར་བྱ་བ་ཡིན་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང༌། ཁམས་རྣམ་པར་བཞག་པའི་ཚེ་རྣམ་པར་ཤེས་པའི་ཁམས་བདུན་ཁམས་རེ་རེར་བྱས་ནས་སེམས་བྱུང་རྣམས་ཆོས་ཁམས་ཀྱི་ནང་ཚན་དུ་བཤད་ནས་རྣམ་པར་ཤེས་པའི་ཁམས་ལས་ཁམས་ལོགས་པར་བཤད་པ་མི་འཐད་པར་ཐལ་ལོ། །སེམས་བྱུང་རྣམས་ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་ཚན་དུ་བཤད་ནས། ཡིད་ཀྱི་སྐྱེ་མཆེད་ལས་སྐྱེ་མཆེད་ལོགས་པར་བཤད་པ་མི་འཐད་པར་ཐལ་ལོ། །རིགས་པ་འདིས་ནི། སེམས་སེམས་བྱུང་རྫས་གཅིག་ཏུ་སྨྲ་བ་ཐམས་ཅད་བསལ་བ་ཡིན་ནོ། །ཚད་མིན་དང་ཚད་མ་གཉིས་བསྟན་ཏེ། དང་པོ་ལ་མཚན་ཉིད་ནི། གཞལ་བྱ་གསར་དུ་རྟོགས་པ་མིན་པའི་ཤེས་པའོ། །དཔྱད་ཤེས་ཆོས་ཅན། ཚད་མིན་མ་ཡིན་པར་ཐལ། གཞལ་བྱ་གསར་དུ་རྟོགས་པ་མིན་པའི་ཤེས་པ་མ་ཡིན་པའི་ཕྱིར། མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། ཡུལ་དོན་དང་མཐུན་པའི་རིག་པ་ཡིན་པའི་ཕྱིར་ཏེ། ཚད་མའི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེ་ན། མི་སླུ་བ་ཙམ་ཡོད་མོད་ཀྱི། གཞལ་བྱ་རྟོགས་པ་མི་བརྗོད་དེ་གཞལ་བྱ་རྟོགས་པ་ནི་ཚད་མ་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་དང༌། འདི་ནི་རྟོགས་ཟིན་གྱི་དོན་ལ་འཇུག་པའི་ཕྱིར། ཀུན་ལས་བཏུས་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་པ་ལྟར་གཞུང་འདི་ལ་བརྟེན་ནས་ཆོས་མཆོག་གིས་མངོན་སུམ་གྱི་སྐད་ཅིག་མ་དང་པོ་དང༌། རྗེས་སུ་དཔག་པའི་སྐད་ཅིག་མ་དང་པོ་ཁོ་ན་ཚད་མ་ཡིན་གྱི་ཕྱི་མ་རྣམས་ནི་མིན་ནོ་ཞེས་ཟེར་རོ། །དེའི་དོན་ནི། མངོན་སུམ་སྐད་ཅིག་དང་པོའི་འོག་རོལ་གྱི་མངོན་སུམ་ཕྱི་མ་རྣམས་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ཡུལ་སྔར་མ་རྟོགས་པ་གསར་དུ་རྟོགས་པ་མ་ཡིན་པའི་ཕྱིར་ཏེ། རྟོགས་པར་འདོད་པའི་དོན་གང་ཡིན་པ་དེ་རང་འདྲེན་བྱེད་ཀྱི་མངོན་སུམ་སྔ་མ་དེ་ཉིད་ཀྱིས་བསྟན་ཟིན་པའི་ཕྱིར་སྙམ་དུ་དགོངས་སོ། །མངོན་སུམ་ནི་རྫས་ཁོ་ནའི་དངོས་ཀྱི་ཡུལ་ཅན་ཡིན་ལ། རིགས་ཀྱི་ཡུལ་ཅན་མ་ཡིན་ཏེ། རྫས་ལ་སྔར་མ་རྟོགས་པ་གསར་དུ་རྟོགས་པ་ཁོ་ན་ཡིན་པའི་ཕྱིར་རྟོགས་ཟིན་གྱི་དོན་ལ་འཇུག་པ་མ་ཡིན་ནོ། །གལ་ཏེ་སྔོན་པོའི་སྐད་ཅིག་མ་དང་པོ་རྟོགས་པ་ཉིད་ཀྱིས་སྔོན་པོ་རྟོགས་པར་གྲུབ་པའི་ཕྱིར་སྔོན་པོ་ཙམ་ལ་རྟོགས་ཟིན་གྱི་དོན་ལ་འཇུག་པ་ཡིན་ནོ་ཞེ་ན། འོ་ན་བུམ་པ་མཐོང་བས་དངོས་པོ་མཐོང་བར་ཡང་མཚུངས་སོ། །བུམ་པ་སྐྱེད་བྱེད་ཡིན་པས་དངོས་པོ་སྐྱེད་བྱེད་དུ་ཡང་ཐལ་བར་འགྱུར་བ་སོགས་དུ་མ་བརྗོད་དོ། །གཞན་ཡང༌། གང་ཟག་གཅིག་གིས་ཞག་སྔ་མར་དར་སྔོན་པོ་མཐོང་ནས་ཞག་ཕྱི་མར་སྔར་གྱི་དར་སྔོན་པོ་དང་པོར་མཐོང་བའི་མངོན་སུམ་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། ཡུལ་སྔར་མ་རྟོགས་པ་གསར་དུ་རྟོགས་པ་མ་ཡིན་པའི་ཕྱིར་ཞེས་རྟགས་ཁས་བླངས་ལ་སྦྱར་རོ། །འདོད་ན། ཚད་མ་ཡིན་པར་ཐལ། རང་ཡུལ་མ་ངེས་པ་དངོས་སུ་འདྲེན་ནུས་ཀྱི་མངོན་སུམ་ཡིན་པའི་ཕྱིར་རོ། །དེས་ན་འཇུག་ཡུལ་སྟོན་པ་ལ་ཉེ་བར་མཁོ་བའི་ཚད་མ་དང༌། འཇུག་ཡུལ་དངོས་སུ་སྟོན་པ་ལ་ཉེ་བར་མཁོ་བ་མ་ཡིན་པའི་ཚད་མ་གཉིས་ཡོད་དོ། །གཉིས་པ་དབྱེ་བ་ལ། བོད་དག་གིས། དཔྱད་ཤེས། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་པ་དང་ལྔར་འདོད་དོ། །སྣང་ལ་མ་ངེས་པ་ཞེས་པའི་དོན། ཡུལ་སྣང་ལ་རང་གིས་མ་ངེས་པ་འདོད་དམ་ངེས་པ་མ་དྲངས་པ་ལ་འདོད། དང་པོ་ལྟར་ན། མངོན་སུམ་ཚད་མ་ཐམས་ཅད་ཀྱང་ཚད་མིན་དུ་ཐལ། ཡུལ་སྣང་ལ་མ་ངེས་པ་ཉིད་ཡིན་པའི་ཕྱིར། ཕྱི་མ་ལྟར་ན། རྟོག་པའི་རྒྱུན་འགག་ཁ་མ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཆོས་ཅན། སྣང་ལ་མ་ངེས་པ་ཡིན་པར་ཐལ། རང་ཡུལ་ལ་ངེས་པ་མ་དྲངས་པའི་ཕྱིར་རོ། །འདོད་ན་ཚད་མིན་དུ་འགྱུར་རོ། །དེས་ན་འདི་མངོན་སུམ་མམ་རྟོག་མེད་འཁྲུལ་ཤེས་གང་རུང་ལས་མ་འདས་པས་བློ་རིག་གཞན་དུ་འདོད་པ་མི་འཐད་དོ། །ཡིད་དཔྱོད་ཀྱང་ཡུལ་ལ་ངེས་པ་རྙེད་པའམ་མ་རྙེད་པར་དཔྱོད་པ་ཙམ་ལ་བྱེད། དང་པོ་ལྟར་ན་དཔྱད་ཤེས་ཀྱི་ཁོངས་སུ་འདུ་བས་དེ་ལས་ལོགས་སུ་བསྟན་པ་དོན་མེད་ལ། གཉིས་པ་ལྟར་ན། ཐེ་ཚོམ་གྱི་རིགས་སུ་གནས་པས་བསྟན་ཟིན་ཏོ། །དཔྱད་ཤེས་ཀྱང༌། ཚད་མ་དངོས་མིན་ཀྱང་མི་སླུ་བས་ཚད་མའི་རིགས་སུ་བསྡུའོ། །ཚད་མ་མ་ཡིན་ན་ཅིའི་ཕྱིར་ཚད་མའི་རིགས་སུ་འདུའོ་ཞེ་ན། ཚད་མ་དང་བྱེད་ལས་འདྲ་བའི་ཕྱིར་འདུས་སོ། །དེ་མིན་པ་དེའི་རིགས་སུ་འདུ་བ་འགལ་ལོ་ཞེ་ན། རྒྱུ་ཆོས་རྗེས་སུ་དཔོག་པའི་འབྲས་རྟགས་ཆོས་ཅན། འབྲས་རྟགས་དངོས་ཡིན་པར་ཐལ། དེའི་རིགས་སུ་འདུ་བའི་ཕྱིར་རོ། །གཞན་ཡང་ཡིད་ཆེས་གྲགས་པ་གཉིས་རྟགས་ཡང་དག་མ་ཡིན་པར་འདོད་པ་ལྟར་ན། རྟགས་ཀྱི་རིགས་ཀྱི་ཁོངས་སུ་མི་འདུ་བར་ཐལ། དེ་མིན་པར་ཞེས་སོགས་ཀྱང་འཇུག་གོ །མ་འོངས་པ་ན་སྐྱེ་འགྱུར་ཡང་ཆོས་ཅན། འདུས་བྱས་ཡིན་པར་ཐལ། འདུས་བྱས་ཀྱི་ཁོངས་སུ་འདུ་བའི་ཕྱིར་རོ། །གཞན་ཡང༌། བསམ་གཏན་བཞི་པའི་ལྷའི་གཟུགས་ཆོས་ཅན། གནོད་པ་བྱར་རུང་ཡིན་པར་ཐལ། གནོད་པ་བྱ་རུང་གི་རིགས་ཅན་ཡིན་པའི་ཕྱིར་ཏེ། གཟུགས་ཡིན་པའི་ཕྱིར་རོ། །དེས་ན་རིགས་སུ་གཏོགས་པ་ཙམ་གྱི་སྒོ་ནས་མ་རྟོགས་ལོག་རྟོག ཐེ་ཚོམ་སྟེ། དང་པོ་ནི། གང་ཟག་རང་གིས་རྟོགས་པར་འདོད་པའི་ཡུལ་ལ་དཔྱད་པ་མ་ཞུགས་པ་ཡིན་ལ། གཉིས་པ་ཡུལ་གྱི་གནས་ཚུལ་འགལ་བ་འཛིན་པའི་བློ། གསུམ་པ་ནི། ཡུལ་ལ་དཔྱོད་པ་ཞུགས་ཀྱང་ངེས་པ་མ་རྙེད་པའི་བློ། གསུམ་ཀ་ཡང་ཡུལ་གྱི་གནས་ཚུལ་མ་རྟོགས་པའི་ཁོངས་སུ་འདུའོ། །གལ་ཏེ་མ་རྟོགས་པ་དབྱེ་གཞི་ཡིན་པས། དབྱེ་བའི་ཡ་གྱལ་དུ་བགྲང་བར་མི་རིགས་སོ་ཞེ་ན། དབྱེ་གཞིར་བརྗོད་པ་ནི། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་མ་རྟོགས་པའི་ལྡོག་པ་ནས་བརྗོད་ལ། དབྱེ་བའི་ཡ་གྱལ་དུ་བརྗོད་པའི་ནི་སྔར་བསྟན་པ་དེ་ཉིད་དོ། །འདི་ནི་འདིར་བསྡུ་ཙམ་ཡིན་པས་ཀླན་ཀ་མི་འཇུག་གོ །ལོག་ཤེས་ལ་རྟོག་པ་ལོག་ཤེས་དང༌། རྟོག་མེད་ལོག་ཤེས་གཉིས་སོ། །དང་པོ་ནི་སེལ་བའི་འཛིན་སྟངས་ཀྱིས་ཡུལ་གྱི་གནས་ཚུལ་གྱི་འགལ་ཟླ་འཛིན་པའོ། །དེ་ལ་མངོན་སུམ་གྱི་ཡུལ་ལ་ལོག་པར་རྟོག་པ་དང༌། རྗེས་དཔག་གི་ཡུལ་ལ་ལོག་པར་རྟོག་པ་གཉིས་སོ། །དང་པོ་ནི། རང་བློ་ལྐོག་གྱུར་དུ་འཛིན་པའི་བློ་ཆོས་ཅན། མངོན་སུམ་གྱི་ཡུལ་ལ་ལོག་ཞུགས་ཡིན་ཏེ། མངོན་སུམ་ཚད་མའི་ཡུལ་གྱི་ལོག་ཕྱོགས་སེལ་བའི་འཛིན་སྟངས་ཀྱིས་འཛིན་པའི་ཕྱིར། གཉིས་པ་ནི། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཆོས་ཅན། ལྐོག་གྱུར་ལ་ལོག་ཞུགས་ཡིན་ཏེ། རྗེས་དཔག་གི་ཡུལ་གྱི་ལོག་ཕྱོགས་མཐའ་གཅིག་ཏུ་འཛིན་པའི་ཕྱིར། འདི་དག་འཁྲུལ་རྒྱུ་མེད་པར་འཁྲུལ་བར་མི་རིགས་པས་འཁྲུལ་རྒྱུ་གང་ཞེ་ན། དེ་ལ་རྟོག་པ་ལོག་ཤེས་ཀྱི་འཁྲུལ་རྒྱུ་ནི་གཉིས་ཏེ། ནང་ན་ཡོད་པ་དང་ཕྱི་རོལ་ན་ཡོད་པའོ། །དང་པོ་ནི། ཐོག་མ་མེད་པའི་དུས་ཅན་གྱི་རྟག་འཛིན་གྱི་བག་ཆགས་སོ། །གཉིས་པ་ལ་ཡང་གཉིས་ཏེ། འདྲ་བ་གཞན་འབྱུང་དང༌། ཡོད་པ་བར་མ་ཆད་དོ། །དང་པོ་ནི། དངོས་པོའི་སྐད་ཅིག་སྔ་ཕྱི་འདྲ་བར་བར་མ་ཆད་པར་འཇུག་པའོ། །གཉིས་པ་ནི། སྐད་ཅིག་སྔ་ཕྱི་བར་མ་ཆད་པ་ཙམ་མོ། །གལ་ཏེ་འདི་དག་རེ་རེས་ཀྱང་རྟག་འཛིན་གྱི་བློ་སྐྱེད་པར་ནུས་པ་མ་ཡིན་ནམ། ཅིའི་ཕྱིར་གསུམ་སྨོས་པར་མཛད་ཅེ་ན། ནང་གི་རྟག་འཛིན་གྱི་བག་ཆགས་མེད་ན་ཕྱིའི་འཁྲུལ་རྒྱུ་གཉིས་ཉེ་བར་གནས་ཀྱང་རྟག་འཛིན་གྱི་སེམས་མི་སྐྱེ་སྟེ། འཕགས་པ་བཞིན་ནོ། །འདྲ་བ་གཞན་འབྱུང་ཡང་དགོས་ཏེ། བློའི་ནུས་པ་གསལ་མི་གསལ་ཁྱད་པར་མེད་ཀྱང་སྔ་ཕྱི་རིགས་འདྲ་གཞན་དང་འབྲེལ་བའི་རི་ལ་སོགས་པ་ལ་རྟག་འཛིན་གྱི་བློ་སྐྱེ་ཡི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བ་མེད་པའི་ཕྱིར། མར་མེའི་སྐད་ཅིག་ཐ་མ་ལྟ་བུ་ལ་རྟག་འཛིན་གྱི་བློ་མི་འཇུག་པའི་ཕྱིར་འདྲ་བ་གཞན་འབྱུང་ཁོ་ནས་ཀྱང་སྐྱེ་བ་མིན་ཏེ། ཀློག་སྐད་ཅིག་སྔ་ཕྱི་ལྟ་བུ་ལ་འདྲ་བ་གཞན་འབྱུང་ཡོད་ཀྱང༌། ཡོད་པ་བར་མ་ཆད་ཁོ་ན་ཡང་མ་ཡིན་ཏེ། བུམ་པ་དང་གྱོ་མོ་ལ་ཡོད་པ་བར་མ་ཆད་ཡོད་ཀྱང་འདྲ་བ་གཞན་འབྱུང་མེད་པས་རྟག་འཛིན་མེད་པའི་ཕྱིར་རོ། །དེས་ན་གསུམ་ཀ་སྨོས་པར་མཛད་པ་ཡིན་ཏེ། རྣམ་ངེས་ལས་འདིའི་རང་བཞིན་འདི་མཐོང་བཞིན་དུ། བློ་ཞན་པ་ཡོད་པ་དམིགས་པས་རྟག་ཏུ་དེ་ལྟར་ཡོད་པར་དགོས་པས། སླུས་པའམ་འདྲ་བ་གཞན་བྱུང་བས་སླུས་པས་མི་རྟོགས་སོ་ཞེས་གསུངས་པ་ལྟར་རོ། །གཉིས་པ་རྟོག་མེད་འཁྲུལ་རྒྱུ་ལ་མཐའ་ཡས་པ་ཡོད་ཀྱང་འཁྲུལ་རྒྱུ་གང་ལ་གནས་པའི་ཡུལ་གྱི་དབྱེ་བས་གསུམ་སྟེ། ཡུལ་ལ་ཡོད་པ་དང༌། རྟེན་ལ་ཡོད་པ་དང༌། གནས་ལ་ཡོད་པའོ། །དང་པོ་ནི། འགལ་མེ་མྱུར་དུ་སྐོར་བ་ལྟ་བུ་སྟེ། དེས་ནང་གི་དབང་པོ་སླད་པས་ཕྱི་རོལ་དུ་འགལ་མེ་ཐག་ཞགས་ཀྱི་རྣམ་པར་སྣང་བའི་ཕྱིར་རོ། །གཉིས་པ་ནི་མིག་ལ་རབ་རིབ་ཀྱིས་སྐྱོན་ཞུགས་པ་ལྟ་བུ་སྟེ། དེས་དབང་པོ་སླད་པས་སྐྲ་ཤད་འཛག་པར་སྣང་བའི་ཕྱིར་རོ། །གསུམ་པ་ནི། ཆུ་ལ་མགྱོགས་པར་འགྲོ་བའི་གྲུ་ལྟ་བུ་སྟེ། དེས་དབང་པོ་བསླད་པས་ལྗོན་ཤིང་འགྲོ་བར་སྣང་བའི་ཕྱིར་རོ། །འདི་གསུམ་གྱིས་ནི། དབང་ཤེས་དང་ཡིད་ཤེས་གཉིས་ཀའི་འཁྲུལ་རྒྱུ་བསྟན་ཏེ། དབང་ཤེས་ལ་སྣང་བ་ལྟར་ཡིད་ཤེས་ཀྱིས་དེ་ལྟར་འཛིན་པ་ན་གཉིས་ཀའི་རྒྱུར་འགྱུར་བའི་ཕྱིར་རོ། །ཡིད་ཀྱི་ཤེས་པ་ཁོ་ནའི་འཁྲུལ་རྒྱུ་ནི་ཡིད་ལ་བྱེད་པ་གོམས་པའི་བག་ཆགས་སོ། །གཉིས་པ་གཞུང་དོན་ལ། ཚད་མིན་གྱི་བློ་ལ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ལ། བོད་སྔ་རབས་པ་དག ཚད་མིན་གྱི་བློ་ལ་དབྱེ་ན་ལྔ་སྟེ། ཡིད་དཔྱོད་དང༌། སྣང་ལ་མ་ངེས་དང༌། དཔྱད་ཤེས་དང༌། ལོག་ཤེས་དང༌། ཐེ་ཚོམ་མོ། དེ་ལ་ཡིད་དཔྱོད་ཀྱི་མཚན་ཉིད་ནི། མྱོང་བ་དང་རྟགས་ལ་མ་རྟེན་པར་ལྐོག་གྱུར་གྱི་དོན་བདེན་པ་མཐའ་གཅིག་ཏུ་ངེས་པ། དབྱེ་ན། རྒྱུ་མཚན་མེད་པའི་ཡིད་དཔྱོད། རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད། མ་ངེས་པའི་ཡིད་དཔྱོད་དང་གསུམ་མོ། །དང་པོ་ནི་ཁྲོན་པ་རྙིང་པ་ན་ཆུ་ཡོད་སྙམ་པ་ལྟ་བུའོ། །གཉིས་པ་ནི། ཤ་བསྲེགས་པའི་བསུར་ལ་འདུས་པའི་སྦྲང་བུའི་ཚོགས་ལ་མེར་འདུ་ཤེས་པ་ལྟ་བུའོ། །གསུམ་པ་ནི། ཚུལ་གསུམ་མི་ཤེས་ཀྱང༌། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པ་ལྟ་བུའོ་ཞེས་ཟེར་རོ། །འོ་ན་རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་ཆོས་ཅན། ཡིད་དཔྱོད་མིན་པར་ཐལ། དེ་དོན་བདེན་པ་མཐའ་གཅིག་དུ་འཛིན་པ་མ་ཡིན་པའི་ཕྱིར་ཏེ། ཡུལ་ལ་ཕྱིན་ཅི་ལོག་དུ་ཞུགས་པ་ཡིན་པའི་ཕྱིར། གཞན་ཡང་ཁྱོད་ཀྱིས་འདོད་པའི་ཡིད་དཔྱོད་དེ་རྟགས་ལ་ལྟོས་སམ་མི་ལྟོས། གལ་ཏེ་མི་ལྟོས་ན། རྒྱུ་མཚན་མ་བཟུང་བར་ཡིད་ཀྱི་དམ་བཅའ་ཙམ་ཡིན་པས་ཐེ་ཚོམ་གྱི་ཁོངས་སུ་འདུས་པའི་ཕྱིར་དེ་དང་རིགས་མི་མཐུན་པའི་ཚད་མིན་ལོག་ཤིག་པར་འདོད་པ་མི་འཐད་དོ། །གལ་ཏེ་རྟགས་ལ་ལྟོས་སོ་ཞེ་ན། རྟགས་ཡང་དག་གམ། ལྟར་སྣང་ལ་ལྟོས། དང་པོ་ལྟར་ན། རྗེས་དཔག་དུ་ཐལ་བར་འགྱུར་བས་ཚད་མིན་དུ་འདོད་པ་འགལ་ལོ། །རྗེས་དཔག་དུ་མི་འདོད་ན། གཏན་ཚིགས་ཡང་དག་ལ་ལྟོས་ནས་ལྐོག་གྱུར་གྱི་དོན་བདེན་པ་ངེས་པ་འགལ། གཏན་ཚིགས་ལྟར་སྣང་ལ་ལྟོས་སོ་ཞེ་ན། གཏན་ཚིགས་ལྟར་སྣང་ནི། འགལ་མ་ངེས་མ་གྲུབ་གསུམ་ལས་འདའ་བ་མེད་པས། གསུམ་པོ་གང་ལ་ལྟོས་མ་ངེས་པ་ལ་ལྟོས་ན་ཐེ་ཚོམ་དུ་འགྱུར། འགལ་བའི་རྟགས་ལ་ལྟོས་ན་ཕྱིན་ཅི་ལོག་གི་བློར་འགྱུར། མ་གྲུབ་པའི་རྟགས་ལ་ལྟོས་ན་གཏན་ཚིགས་ལ་བསྒྲུབ་བྱ་སྒྲུབ་པའི་མཐུ་མེད་པས། མ་རྟོགས་པའི་བློར་འགྱུར་བས་ན། གསུམ་པོ་གང་དུ་འདོད་ཀྱང༌། དོན་བདེན་པ་མཐའ་གཅིག་ཏུ་ངེས་པར་འགལ་བས་ཡིད་དཔྱོད་དུ་མི་འགྱུར་རོ། །གལ་ཏེ་གཏན་ཚིགས་ལྟར་སྣང་གསུམ་དུ་མི་འདུ་བས་ན། གཏན་ཚིགས་ལྟར་སྣང་ལ་ལྟོས་ཀྱང་བློ་གསུམ་གང་རུང་ཐལ་བའི་སྐྱོན་དེ་མི་འབྱུང་ངོ་ཞེ་ན། འོ་ན་གཏན་ཚིགས་ལྟར་སྣང་བཞི་པ་སྲིད་པར་ཐལ། རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས་གཏན་ཚིགས་ལྟར་སྣང་ལ་རྟེན་ཅིང་གཏན་ཚིགས་ལྟར་སྣང་གསུམ་དུ་རྟེན་པ་ལ་མི་འདུ་བ་ཡིན་པའི་ཕྱིར། གལ་ཏེ་ཡིད་དཔྱོད་གཏན་ཚིགས་ལྟར་སྣང་གསུམ་ལ་བརྟེན་པའི་བློར་འདུ་བ་མིན་པར་འདོད་ན། འོ་ན་རྗེས་དཔག་ཏུ་ཐལ། གཏན་ཚིགས་ལ་བརྟེན་ནས་ལྐོག་གྱུར་གྱི་དོན་བདེན་པ་མཐའ་གཅིག་ཏུ་ངེས་པའི་ཕྱིར་རོ། །འདོད་ན། ཚད་མིན་དུ་འདོད་པ་འགལ་ལོ། །གལ་ཏེ་རྗེས་དཔག་ཏུ་མི་འདོད་ཅེ་ན། འོ་ན་ཚད་མ་གསུམ་པ་སྲིད་པར་འགྱུར་ཏེ། རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས་མངོན་སུམ་དང་རྗེས་དཔག་མ་ཡིན་ཅིང་རྟགས་ལ་བརྟེན་ནས་ལྐོག་གྱུར་གྱི་དོན་བདེན་པ་མཐའ་གཅིག་ཏུ་ངེས་པའི་ཕྱིར། གལ་ཏེ་གཏན་ཚིགས་ལ་བརྟེན་ནས་ལྐོག་གྱུར་གྱི་དོན་བདེན་པ་ངེས་ཀྱང་ཚད་མ་མིན་པས་ན་ཚད་མ་གསུམ་པ་སྲིད་པར་མི་འགྱུར་རོ་ཅེ་ན། འོ་ན་རྗེས་སུ་དཔག་པའང་ཚད་མ་མིན་པར་མཚུངས་སོ། །གལ་ཏེ་རྗེས་དཔག་དང་ཁྱད་པར་ཡོད་དེ། སྒྲོ་འདོགས་མི་གཅོད་པའི་ཕྱིར་རོ་ཞེ་ན། དོན་བདེན་པ་མཐའ་གཅིག་ཏུ་ངེས་ཀྱང་སྒྲོ་འདོགས་མི་གཅོད་ན། ངེས་ཤེས་དང་སྒྲོ་འདོགས་གནོད་བྱ་གནོད་བྱེད་མིན་པར་འགྱུར་རོ། །གལ་ཏེ། རྟགས་ལ་བརྟེན་པར་མི་འདོད་པས་ཁྱད་པར་ཡོད་ཅེ་ན། འོ་ན་རྒྱུ་མཚན་ལ་བརྟེན་ནས་ལྐོག་གྱུར་གྱི་དོན་བདེན་པ་རྟོགས་པར་འདོད་པ་འགལ་ལོ། གལ་ཏེ་རང་ཡུལ་མཐའ་གཅིག་ཏུ་ངེས་པ་མེད་ཀྱང༌། བདེན་པའི་ཡིད་དཔྱོད་དང༌། བརྫུན་པའི་ཡིད་དཔྱོད་དང༌། སོམ་ཉིའི་ཡིད་དཔྱོད་དེ་ཡིད་དཔྱོད་ཀྱི་བློ་གསུམ་དུ་འབྱེད་པ་མི་འགལ་ཞེ་ན། རང་ཡུལ་མཐའ་གཅིག་དུ་ངེས་པ་མེད་ན། རང་གིས་ཡིད་དཔྱོད་ཀྱི་མཚན་ཉིད་དུ། ལྐོག་གྱུར་གྱི་དོན་བདེན་པ་མཐའ་གཅིག་ཏུ་ངེས་པ་ཞེས་འཇོག་པ་ཉམས་ལ། ཁྲོན་པ་རྙིང་པ་ན་ཆུ་ཡོད་དམ་མེད་སྙམ་པའི་བློ་རྩེ་གཉིས་སུ་འགྱུར་བའི་ཡིད་དཔྱོད་འདོད་ན། དེ་ལས་བློ་རིགས་ཐ་དད་པའི་ཐེ་ཚོམ་གྱི་བློ་ཡང་རྙེད་པར་དཀའོ། །ཡང་ན་རྟགས་ལ་མ་ལྟོས་པར་ལྐོག་གྱུར་གྱི་དོན་བདེན་པ་མཐའ་གཅིག་ཏུ་ངེས་པའི་ཡིད་དཔྱོད་འདོད་པ་ལྟར་རྟགས་ལ་མ་ལྟོས་པར་ལྐོག་གྱུར་གྱི་དོན་ཕྱིན་ཅི་ལོག་ཏུ་ངེས་པའི་ལོག་པའི་ཡིད་དཔྱོད་ཀྱང་ཡོད་པར་ཅིས་མི་འཐད་དེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདོད་ན། ཡིད་དཔྱོད་ཡིན་ན། ལྐོག་གྱུར་གྱི་དོན་བདེན་པ་མཐའ་གཅིག་ཏུ་ངེས་པར་འདོད་པ་ཉམས་སོ། །གལ་ཏེ་ལོག་པའི་ཡིད་དཔྱོད་ཡིད་དཔྱོད་མིན་ན་སྔ་མ་བདེན་པའི་ཡིད་དཔྱོད་ཀྱང་ཡིད་དཔྱོད་མིན་པར་མཚུངས་སོ། །གལ་ཏེ་ལོག་པའི་ཡིད་དཔྱོད་ནི། ཕྱོགས་གཉིས་ཀར་དོགས་པས་ན་ཐེ་ཚོམ་དུ་འགྱུར་རོ་ཞེ་ན། འོ་ན་བདེན་པའི་ཡིད་དཔྱོད་ཀྱང་ཕྱོགས་གཉིས་ཀར་དོགས་པར་འགྱུར་རོ། །གལ་ཏེ་ཕྱོགས་གཉིས་ཀར་དོགས་པའི་ཡིད་དཔྱོད་ཀྱི་བློ་ཐེ་ཚོམ་དུ་འགྱུར་བ་སྲིད་ན། ཐེ་ཚོམ་ཡིན་པའི་ཆ་ནས་ཡིད་དཔྱོད་དུ་མི་འདུ་བར་འདོད་དགོས་ལ། ཡང་དོན་བདེན་པ་མཐའ་གཅིག་ཏུ་ངེས་པའི་ཆ་ནས་ཐེ་ཚོམ་དུ་ཡང་མི་འདུ་བས། ཚད་མིན་གྱི་བློ་དྲུག་པར་འགྱུར་བས། རང་གིས་འདོད་པའི་ཚད་མིན་གྱི་བློའི་གྲངས་ངེས་ཀྱང་འཇིག་གོ །གལ་ཏེ་ལོག་པའི་ཡིད་དཔྱོད་ལོག་ཤེས་སུ་འདོད་ན། བདེན་པའི་ཡིད་དཔྱོད་ཀྱང་ཚད་མ་ཉིད་དུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གལ་ཏེ་རྒྱུ་མཚན་མེད་པའི་ཡིད་དཔྱོད་ཀུན་ཀྱང་དོན་བདེན་པ་མཐའ་གཅིག་ཏུ་ངེས་ན། འོ་ན་རང་གི་ཁང་པའི་འོག་ན་རིན་པོ་ཆེ་ཡོད་སྙམ་པའི་བློ་རིག་ཀུན་ཀྱང་བདེན་པའི་དོན་ཅན་དུ་ཐལ་བར་འགྱུར་རོ། །གལ་ཏེ་དེ་ནི་ཐེ་ཚོམ་གྱི་རིགས་སོ་ཞེ་ན། འོ་ན་རྒྱུ་མཚན་མེད་པའི་ཡིད་དཔྱོད་བདེན་པའི་དོན་ཅན་དུ་འདོད་པ་ཉམས་སོ། །རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད་ཀྱང་ཐེ་ཚོམ་ཡིན་པས། ཐེ་ཚོམ་དུ་མ་འདུས་པའི་ཚད་མིན་གྱི་བློར་འདོད་པ་འགལ་ལོ། །གལ་ཏེ་ལོག་པའི་རྒྱུ་མཚན་ཅན་གྱི་བློ་ཡུལ་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ན། སློབ་དཔོན་གྱིས་ལོག་ཤེས་སུ་བསྡུས་པའི་གཞུང་དང་འགལ། གལ་ཏེ། རང་ཡུལ་མཐའ་གཅིག་ཏུ་མ་ངེས་པ་ཡིད་དཔྱོད་དུ་འདོད་པ་ཡིན་ན་སློབ་དཔོན་གྱིས་ཐེ་ཚོམ་དུ་བསྡུས་པའི་གཞུང་དང་འགལ། ལུང་ཐོས་པ་ལས་བྱུང་བའི་ཤེས་རབ་ཡིད་དཔྱོད་དོ་ཅེ་ན། རང་གི་སྡེ་པའི་ལུང་དང༌། གཞན་གྱི་སྡེ་པའི་ལུང་གཉིས་རང་གི་ལུང་ལ་ཡང༌། དྲང་དོན་ངེས་དོན་གཉིས། གཞན་གྱི་ལུང་ལ་ཡང༌། འཐད་མི་འཐད་གཉིས། དེ་ལ་སྒྲུབ་བྱེད་ཚད་མ་དང་ལྡན་པའི་ལུང་ལ་བརྟེན་པའི་བློ་ནི་ཚད་མར་འདུ་ལ། ཚད་མས་གནོད་པའི་ལུང་ལ་བརྟེན་པའི་བློ་ནི་ལོག་ཤེས་དང༌། སྒྲུབ་བྱེད་དང་གནོད་བྱེད་མ་མཐོང་བའི་ལུང་ལ་རྟེན་པའི་བློ་ཐེ་ཚོམ་དང༌། བརྗོད་བྱ་ལ་རིགས་པས་བརྟགས་ནས་མ་རྙེད་པའི་བློ་ནི་མ་རྟོགས་པའི་བློ་སྟེ། ལུང་ལ་རྟེན་པའི་བློ་ནི་བློ་རིགས་བཞི་པོ་དེར་འདུས་པའི་ཕྱིར་བློ་རིགས་བཞི་པོར་མ་འདུས་པའི་ཡིད་དཔྱོད་ཅེས་བྱ་བའི་ཚད་མིན་གྱི་བློ་དོན་གཞན་མིན་ནོ། །གཉིས་པ་སྣང་ལ་མ་ངེས་པ་དགག་པ་ནི། བོད་དག སྣང་ལ་མ་ངེས་པའི་མཚན་ཉིད། སྒྲོ་འདོགས་དང་མི་འགལ་བར་འཇུག་ཅིང་དོན་རང་གི་མཚན་ཉིད་སྣང་བ། དབྱེ་ན། གསུམ་སྟེ། རྣམ་པ་མི་གསལ་བ་བུམ་པའི་སྐད་ཅིག་སྣང་བ་དང༌། ཡིད་མ་གཏད་ཀྱི་མངོན་སུམ་དང༌། སྒྲོ་འདོགས་སྐྱེད་པའི་མངོན་སུམ་མོ་ཞེས་འདོད་དོ། །གལ་ཏེ་དོན་རང་གི་མཚན་ཉིད་སྣང་ཞིང་སྒྲོ་འདོགས་དང་མི་འགལ་བ་འཇུག་པ་སྣང་ལ་མ་ངེས་པའི་མཚན་ཉིད་དུ་འདོད་ཅིང༌། དེ་ཚད་མིན་གྱི་བློའི་དབྱེ་བར་འདོད་ན། མངོན་སུམ་ཀུན་ཚད་མ་མིན་པར་འགྱུར་ཏེ། མངོན་སུམ་ལ་དོན་རང་གི་མཚན་ཉིད་སྣང་ཞིང་ངེས་པ་ཉིད་ནི་བཀག་པའི་ཕྱིར་རོ། །འདོད་ན། གཏན་ཚིགས་ཐིགས་པ་ལས། མངོན་སུམ་གང་ཡིན་པ་ནི་ཚད་མའོ་ཞེས་གསུངས་པའི་དོན་དང་འགལ་ལོ། །སྨིག་རྒྱུ་ལ་ཆུར་འཛིན་གྱི་སྒྲོ་འདོགས་སྐྱེད་བྱེད་ཀྱི་མངོན་སུམ་དང༌། ཡིད་མ་གཏད་ཀྱི་མངོན་སུམ་རྣམས་ཀྱང་ཚད་མ་ཡིན་པར་གཞུང་འདི་ཉིད་ཀྱིས་གསལ་བར་བྱས་སོ། །གལ་ཏེ་རང་ཡུལ་ལ་ངེས་པར་མི་འདྲེན་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེ་ན། འོ་ན་རྟོག་པའི་རྒྱུན་འགག་ཁ་མ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཀྱང་ཚད་མ་མ་ཡིན་པར་ཐལ་བར་འགྱུར་རོ། །རང་འགྲེལ་ལས་ཀྱང༌། ངེས་པ་དང་མ་ངེས་པའི་དབང་གིས་མངོན་སུམ་གྱིས་འཛིན་པ་དང་མི་འཛིན་པ་མ་ཡིན་ནོ་ཞེས་གསུངས་སོ། །དཔྱད་ཤེས་དགག་པ་ལ་གཉིས་ཏེ། གཞན་གྱི་འདོད་པ་བརྗོད་པ་ནི། དཔྱད་ཤེས་ཀྱི་མཚན་ཉིད་ནི། སྔར་རྟོགས་ཟིན་གྱི་བྱེད་པ་མ་ཉམས་པའི་དོན་ལ་སྒྲོ་འདོགས་དང་འགལ་བར་འཇུག་པའི་བློ། དབྱེ་ན་མངོན་སུམ་བཅད་ཤེས་དང༌། རྟོགས་པ་བཅད་ཤེས་གཉིས་སོ། །དེ་ལ་དང་པོ་ནི། སྔོན་པོ་དང་པོར་མཐོང་བའི་རྗེས་ཐོགས་ཀྱི་མངོན་སུམ་ལྟ་བུའོ། །གཉིས་པ་ནི། ཚད་མས་རྟོགས་པའི་རྗེས་ཀྱི་དྲན་པའོ་ཞེས་ཟེར་རོ། །བཅད་ཤེས་རིགས་པས་བློ་རིག་གང་དུ་གཏོགས་མཐའ་དཔྱད་ན། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཚད་མའི་བློ་རིག་ཉིད་དུ་འདུ་བར་འགྱུར་གྱི། གསུམ་པོ་དེ་ལས་གཞན་པའི་བློ་རིག་གཞན་དུ་མི་སྲིད་དོ། །ཇི་ལྟར་གསུམ་པོ་ལས་གཞན་པའི་བློ་རིག་མི་སྲིད་ཅེ་ན། གསུམ་པོ་ལས་གཞན་པའི་བློ་རིག་ནི། ཡིད་དཔྱོད་དང༌། སྣང་ལ་མ་ངེས་དང༌། ཐེ་ཚོམ་གསུམ་པོ་ངེས་པར་འདོད་ཅིང༌། གསུམ་པོ་གང་དུ་ཡང་མི་འདུ་བའི་ཕྱིར། ཐེ་ཚོམ་མིན་ཏེ། མངོན་སུམ་དུ་འདོད་པའི་བཅད་ཤེས་ནི་ཐེ་ཚོམ་དང་ཚད་མར་མི་འདོད་ཅིང༌། རྟོག་པ་བཅད་ཤེས་ནི་ཚད་མའི་རྗེས་སུ་འབྲང་བའི་ཕྱིར་གསུམ་པོ་དེ་ལས་གཞན་པའི་བློ་རིག་ཏུ་མི་འཐད་དོ། །ཁྱོད་ཀྱིས་ཚད་མིན་གྱི་བློ་ལྔར་འདོད་པ་ལས། སྣང་ལ་མ་ངེས་པ་དང༌། ཡིད་དཔྱོད་དང༌། ཐེ་ཚོམ་གསུམ་དུ་མི་འཐད་པས། ལྷག་མ་མ་རྟོགས་པ་དང༌། ལོག་རྟོག་དང་ཚད་མ་གསུམ་གང་རུང་དུ་འདོད་པར་བྱ་དགོས་ལ། གལ་ཏེ་མ་རྟོགས་པར་འདོད་ན། ཁྱོད་ཀྱི་རང་ཡུལ་རྟོགས་པར་འདོད་པ་དང་འགལ། ལོག་རྟོག་ཏུ་འདོད་ན། མངོན་སུམ་བཅད་ཤེས་མངོན་སུམ་དུ་འདོད་པས་ལོག་རྟོག་ཏུ་འདུ་བ་འགལ། དྲན་པ་བཅད་ཤེས་གཉིས་ཀྱང་ཚད་མའི་རྗེས་སུ་འབྲང་བས་ལོག་རྟོག་ཡིན་པ་འགལ། གལ་ཏེ་ཚད་མར་འདོད་ན་ཚད་མིན་དུ་འཇོག་པ་འགལ་ཞིང༌། རིགས་པའི་སྟོབས་ཀྱིས་ཀྱང་འགལ་ལོ། །འོ་ན་གང་དུ་འདུ་ཞེ་ན། མ་རྟོགས་པའི་བློ་རིགས་ཀྱི་ཁོངས་སུ་འདུའོ། །གལ་ཏེ་སྔར་རྟོགས་ཟིན་གྱི་དོན་ལ་འཇུག་པས་མ་རྟོགས་པ་མ་ཡིན་ནོ་ཞེ་ན། འོ་ན་གྲུབ་ཟིན་སྒྲུབ་པའི་རྟགས་ཀྱང༌། གྲུབ་ཟིན་སྒྲུབ་པས་མ་གྲུབ་པའི་རྟགས་མ་ཡིན་ནོ་ཞེས་མཚུངས་སོ། །གལ་ཏེ་གྲུབ་ཟིན་པ་ཉིད་ཀྱིས་ཤེས་འདོད་མེད་པའི་ཕྱིར་མ་གྲུབ་པར་འདུའོ་ཞེ་ན། འོ་ན་སྔར་རྟོགས་ཟིན་པ་ཉིད་ཀྱིས་རྟོགས་པའི་ཁྱད་པར་སྔར་ལས་གཞན་མེད་པ་ཉིད་ཀྱི་ཕྱིར་མ་རྟོགས་པ་ཉིད་དེ། རྣམ་ངེས་ལས། བྱ་བ་རྫོགས་པའི་ལས་ལ་ཁྱད་པར་དུ་མེད་པ་ནི་སྒྲུབ་པར་བྱེད་པའི་ཚུལ་ལས་འདས་པ་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང༌། སྔར་རྟོགས་ཟིན་གྱི་དོན་ཤེས་བྱར་སྒྲུབ་པ་ལ་བློའི་ཡུལ་དུ་བྱར་རུང་རྟགས་སུ་བཀོད་པ་ལས། སྔར་རྟོགས་ཟིན་གྱི་དོན་ཤེས་བྱར་རྟོགས་པའི་རྗེས་དཔག་ཆོས་ཅན། བཅད་ཤེས་སུ་ཐལ། སྔར་རྟོགས་ཟིན་གྱི་དོན་ལ་སྒྲོ་འདོགས་དང་འགལ་བར་འཇུག་པའི་བློ་ཡིན་པའི་ཕྱིར། མ་རྟོགས་པའི་བློ་རིགས་སུ་བསྡུ་བའི་དོན་ནི། བླང་དོར་གྱི་གནས་སྟོན་བྱེད་མ་ཡིན་པ་ལ་དགོངས་པའོ། །གལ་ཏེ་སྔར་རྟོགས་པ་དེ་ཉིད་འདིའོ་ཞེས་འཛིན་པར་བྱེད་ན་ལོག་ཤེས་སུ་འགྱུར་རོ། །དྲན་པའི་རྟགས་ལས་སྔར་གྱི་མྱོང་བ་དཔོག་པའི་བློ་ནི་ཚད་མར་འདུའོ། །བྱེ་བྲག་ཏུ་མངོན་སུམ་བཅད་ཤེས་དགག་པ་ནི། མངོན་སུམ་ཡང་ཡིན། བཅད་ཤེས་ཀྱང་ཡིན་པའི་གཞི་མཐུན་ག་ལ་སྲིད་དེ་མི་སྲིད་པར་ཐལ། ངོ་བོ་དང༌། ཡུལ་འཛིན་དུས་དང༌། ཡུལ་དང་འཛིན་སྟངས་འགལ་བའི་ཕྱིར་ཏེ། མངོན་སུམ་ནི་ངོ་བོ་རྟོག་བྲལ་དང༌། དུས་ད་ལྟ་བ་ལ་འཇུག་པ་དང༌། འཛིན་སྟངས་མ་འདྲེས་པའི་རྣམ་པ་ཅན་ཡིན་ལ། བཅད་ཤེས་ནི་འདས་པའི་ཡུལ་དུས་ལ་འཇུག་ཅིང༌། ངོ་བོ་དྲན་པ་ཡིན་པ་དང༌། འཛིན་སྟངས་འདྲེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དང༌། མངོན་སུམ་གང་ཡིན་ཚད་མར་གསུངས་ལ། བཅད་ཤེས་ནི་ཚད་མིན་དུ་འདོད་ལ། བཅད་ཤེས་ཀྱི་ངོ་བོ་ནི་དྲན་པར་གསུངས་པའི་ཕྱིར་ཏེ། གཞན་གྱིས་ཡིད་ཀྱི་མངོན་སུམ་གྱིས་སྔར་མྱོང་བ་འཛིན་ན་དྲན་པར་འགྱུར་ཞེས་གསུངས་པའི་ཕྱིར། གཞན་དག་སྣང་ལ་མ་ངེས་པའི་མཚན་ཉིད་བཞག་པ་ཡིད་ཀྱི་མངོན་སུམ་ལའང་ཞུགས་པས་ཡིད་ཀྱི་མངོན་སུམ་ཚད་མིན་དུ་འགྱུར་རོ། །འདོད་ན། ཡིད་ནི་ཚད་མ་ཉིད་མི་འགྱུར་ཞེས་པའི་དོན་ལ་སོམས་ཤིག སྔོན་པོའི་རིགས་རྒྱུན་དང་པོར་འཛིན་པ་མངོན་སུམ་ཡིན་ལ། དེའི་རྗེས་ལ་སྐྱེས་པའི་ཤེས་པ་ཐམས་ཅད་བཅད་ཤེས་ཡིན་ནོ་ཞེ་ན། རིགས་ཞེས་བྱ་བ་འདི་ཅི། མུ་སྟེགས་པ་འདོད་པའི་སྤྱིའམ་གཞན་སེལ་ལ་འདོད། དང་པོ་ལྟར་ན། མུ་སྟེགས་པ་འདོད་པའི་རིགས་ཆོས་ཅན། དབང་པོའི་མངོན་སུམ་གྱི་ཡུལ་མིན་པར་ཐལ། ཐ་སྙད་ཀྱི་ཚད་མའི་ཡུལ་ཙམ་དུའང་མི་རུང་བའི་ཕྱིར། གཉིས་པ་ལྟར་ན་གཞན་སེལ་གྱི་སྤྱི་ཆོས་ཅན། དབང་པོའི་མངོན་སུམ་གྱི་མཐོང་ཡུལ་མ་ཡིན་པར་ཐལ། དངོས་པོར་མེད་པའི་ཕྱིར། སྐད་ཅིག་མ་རེ་རེ་ལ་བྱེད་དོ་ཞེ་ན། མཐོང་བའི་དོན་སྐད་ཅིག་མ་རེ་རེ་ཆོས་ཅན། རྗེས་ཀྱི་བཅད་ཤེས་ཀྱི་དངོས་ཡུལ་དུ་མེད་པར་ཐལ། ཐུན་མོང་མ་ཡིན་པའི་རང་གི་མཚན་ཉིད་ཡིན་པའི་ཕྱིར། མངོན་སུམ་དང༌། བཅད་ཤེས་ཆོས་ཅན། གཞི་མཐུན་མ་ཡིན་པར་ཐལ། ཕན་ཚུན་འགལ་བ་ཡིན་པའི་ཕྱིར། ཡང་དབང་པོའི་མངོན་སུམ་སྐད་ཅིག་མ་ཕྱི་མ་རྣམས་ཆོས་ཅན། དྲན་པ་མ་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། འདོད་ན། བཅད་ཤེས་སུ་འགལ། སྔོན་པོའི་རིགས་སྤྱི་ནི་ཆོས་ཅན། མིག་གི་དབང་པོའི་དངོས་ཡུལ་དུ་འགལ་བར་ཐལ། མིག་གི་མཐོང་བྱ་མ་ཡིན་པའི་ཕྱིར། སྔོན་འཛིན་མིག་ཤེས་ཀྱི་སྐད་ཅིག་སྔ་ཕྱི་ཆོས་ཅན། ཚད་མ་ཡིན་མིན་གྱི་ཁྱད་པར་མེད་པར་ཐལ། རང་མཚན་སྔར་མེད་གསར་སྐྱེས་མངོན་སུམ་དུ་མཐོང་བ་ལ་ཁྱད་པར་མེད་པའི་ཕྱིར། གལ་ཏེ་སྔར་གྱི་དེ་དག་སྔོན་པོའོ་སྙམ་དུ་རྟོག་པས་ངེས་པ་མན་ཆད་བཅད་ཤེས་ཡིན་ནོ་ཞེ་ན། གལ་ཏེ་རང་ཡུལ་ངེས་པའི་ཚུལ་གྱིས་འཛིན་བྱེད་དུ་ཡོད་ན་མངོན་སུམ་མ་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་འདྲ་བར་འཛིན་པ་མངོན་སུམ་བཅད་ཤེས་ཡིན་ནོ་ཞེ་ན། སྔ་ཕྱི་འདྲ་བར་འཛིན་པ་ཆོས་ཅན། མངོན་སུམ་མ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། དེས་ན་མངོན་སུམ་དང་བཅད་ཤེས་གཞི་མཐུན་ཡོད་པ་རིགས་པ་ཤེས་པ་ཕྱོགས་གླང་ཆོས་གྲགས་ཀྱིས་བཀག་གོ །རྩོད་པ་སྤང་བ་ནི། འོ་ན་མངོན་སུམ་རྫས་དང་སྐད་ཅིག་ཁོ་ན་འཛིན་པར་ཟད་པས། སོ་སྐྱེ་ལ་མངོན་སུམ་ཚད་མ་མི་སྲིད་པར་འགྱུར་ཏེ། སྐད་ཅིག་རེ་རེ་ནི་ཚད་མའི་སྟོབས་ཀྱིས་ངེས་པར་བྱེད་མི་ནུས་པའི་ཕྱིར་རོ་ཞེ་ན། སོ་སོ་སྐྱེ་བོའི་མངོན་སུམ་ནི། རྡུལ་ཕྲ་རབ་རེ་རེ་ཁོ་ན་ལ་འཇུག་པ་མ་ཡིན་གྱི། རིགས་མཐུན་གྱི་རྡུལ་དུ་མ་འདུས་པའི་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་ཚོགས་པའི་སྐད་ཅིག་ཇི་སྙེད་ཀྱིས་བསྐྱེད་པའི་མྱོང་བའི་རྣམ་ཤེས་མ་འཁྲུལ་བ་གང་ཡིན་པ་དེ་ཡིན་པའི་ཕྱིར། གྲངས་ཀྱི་དབྱེ་བསྡུ་ཇི་སྙེད་པ། རིགས་ཀྱི་སྒོ་ནས་དབྱེ་བསྡུ་བྱས་པ་ཡིན་ལ། དེའི་ནང་མཚན་གྱི་དབྱེ་བསྡུ་ཇི་སྙེད་པ་རིགས་ཀྱི་དབྱེ་བསྡུ་དེའི་ཁོངས་སུ་གཏོགས་པར་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་གཉིས་བཞེད་དོ། །གཉིས་པ་རང་ལུགས་བཞག་པ་ལ་མཚན་ཉིད་ནི། ཚད་མིན་བློའི་མཚན་ཉིད། རང་གི་གཞལ་བྱ་ལ་མི་བསླུ་བར་མ་གྲུབ་པའི་རིག་པ། དབྱེ་བསྡུ་ནི། ཚད་མིན་གྱི་བློ་ལ་ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་དབྱེ་ན་མ་རྟོགས། ལོག་རྟོག ཐེ་ཚོམ་སྟེ་ཚད་མའི་འགལ་ཟླ་རྣམ་པ་གསུམ་དུ་གྲངས་ངེས་ཏེ། རྟོགས་པར་འདོད་པའི་ཡུལ་དཔྱོད་པ་ལ་མ་ཞུགས་པ་དང༌། ཞུགས་ཀྱང་ཕྱིན་ཅི་ལོག་དུ་འཛིན་པ་དང༌། མཐའ་གཅིག་ཏུ་མ་ངེས་པར་བློ་རྩེ་གཉིས་སུ་འཇུག་པ་རྣམས་སུ་ངེས་པའི་ཕྱིར། ཡུལ་གྱི་གནས་ཚུལ་མ་རྟོགས་པའི་སྒོ་ནས་བསྡུ་ན། ཚད་མིན་གྱི་བློ་ཐམས་ཅད་མ་རྟོགས་པ་གཅིག་པུར་འདུས་སོ། །གཉིས་པ་སོ་སོའི་རྣམ་བཞག་ལ་མ་རྟོགས་པའི་བློའི་མཚན་ཉིད། ཡུལ་དེ་དང་དེ་མིན་དུ་འཛིན་པའི་ནུས་པས་སྟོང་པའི་རིག་པ། དབྱེ་ན་གསུམ་སྟེ། ཡུལ་དེ་ལ་གཏན་མ་ཞུགས་ནས་མ་རྟོགས་པ་ནི་ཡུལ་དེ་ལ་བློ་ཁ་མ་ཕྱོགས་པ་སྟེ། རྟོག་གེ་མི་ཤེས་པ་ལ་ཚུལ་གསུམ་གྱི་འགྲོ་ལྡོག་དྲིས་པ་ལྟ་བུ་དང༌། ཞུགས་ཀྱང་ཚོལ་བའི་བྱ་བ་མ་རྫོགས་ནས་མ་རྟོགས་པ་ནི་སྒྲ་རྟག་མི་རྟག་དྲིས་པ་ན་དཔྱོད་པ་ལྟ་བུ་དང༌། ཚོལ་བའི་བྱ་བ་རྫོགས་ཀྱང་མ་རྙེད་ནས་མ་རྟོགས་པ་ནི་དཔྱད་ཀྱང་བློ་ཡུལ་དུ་མ་བྱུང་བ་སྟེ། དེ་ལ་དབྱེ་ན་གསུམ། རྟོགས་བྱའི་ཡུལ་མེད་ནས་མ་རྟོགས་པ་ནི། རི་བོང་གི་རྭ་ལ་དཔྱོད་པ་ལྟ་བུའོ། །རྟག་འཛིན་གྱི་བློས་སླད་པས་མ་རྟོགས་པ་ནི། རྟོག་པས་བུམ་པའི་སྐད་ཅིག་མ་མ་རྟོགས་པ་ལྟ་བུའོ། །ཤེས་བྱའི་ཡུལ་མ་ཡིན་པས་མ་རྟོགས་པ་ནི། ཚུར་མཐོང་གིས་རང་བཞིན་གྱིས་བསྐལ་བའི་དོན་ལ་དཔྱོད་པ་ལྟ་བུའོ། །ལོག་ཤེས་ཀྱི་མཚན་ཉིད། ཡུལ་དེར་འཛིན་པ་ལ་དེ་མིན་དུ་འཛིན་པའི་ཤེས་པས་གནོད་པའི་རིག་པ། དབྱེ་ན་རྟོག་པ་ལོག་ཤེས་དང༌། རྟོག་མེད་ལོག་ཤེས་གཉིས། དང་པོའི་མཚན་ཉིད་ནི། ཡུལ་གྱི་གནས་ཚུལ་ལས་ཕྱིན་ཅི་ལོག་དུ་ཞུགས་པའི་རྟོག་པའོ། །དབྱེ་ན་རྣམ་པ་ལ་ལོག་པར་རྟོག་པ་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་བ་ལྟ་བུ་དང༌། དུས་ལ་ལོག་པར་རྟོག་པ་ད་ལྟར་གྱི་སྔོན་པོ་ལ་འདས་པའི་སྔོན་པོར་འཛིན་པ་ལྟ་བུ་དང༌། ཡུལ་ལ་ལོག་པར་རྟོག་པ་ཤ་པ་འདིའང་ཙནྡན་དང་སྤྱི་གཅིག་པ་ཡིན་ནོ་སྙམ་པ་སྤྱི་འཛིན་པའི་ཤེས་པ་ལྟ་བུ་སྟེ་གསུམ། གཉིས་པ་རྟོགས་མེད་ལོག་ཤེས་ཀྱི་མཚན་ཉིད། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་རྟོག་མེད་ཀྱི་བློ། དབྱེ་ན། དབང་ཤེས་འཁྲུལ་པ་ཟླ་བ་གཅིག་ལ་གཉིས་སུ་སྣང་བའི་མིག་ཤེས་ལྟ་བུ་དང༌། ཡིད་ཤེས་སླད་པ་རྨི་ལམ་གསལ་སྣང་གི་ཤེས་པ་ལྟ་བུ་སྟེ། སོ་སོར་ཕྱེ་ན་རྟོག་པ་ལོག་ཤེས་ལ་གསུམ། རྟོག་མེད་ལོག་ཤེས་པ་གཉིས་ཏེ་རྣམ་པ་ལྔའོ། །ཐེ་ཚོམ་གྱི་མཚན་ཉིད། ཡུལ་དེར་འཛིན་ན་ཡང་དེ་མིན་གྱི་མཐའ་གཞན་དུ་དྭོགས་པ་སྲིད་པའི་རིག་པ། ཕྱེ་ན། མངོན་དུ་གྱུར་དང༌། བག་ལ་ཉལ་གཉིས། དང་པོ་ནི། ཐེ་ཚོམ་དངོས་སུ་ཞུགས་པ་སྟེ། ཕྱེ་ན་ཆ་མཉམ་པ་དང་ཤས་ཆེར་འཛིན་པའི་ཐེ་ཚོམ་གཉིས། དང་པོ་ནི། སྦྱིན་པ་ལས་འབྲས་བུ་ལོངས་སྤྱོད་འབྱུང་མི་འབྱུང་སྙམ་པ་ལྟ་བུའོ། །གཉིས་པ་ལ། སྦྱིན་པ་ལས་འབྲས་བུ་ལོངས་སྤྱོད་འབྱུང་ངམ་མི་འབྱུང༌། ཕལ་ཆེར་འབྱུང་སྙམ་པ་ལྟ་བུ་དོན་འགྱུར་གྱི་ཐེ་ཚོམ་དང༌། ཕལ་ཆེར་མི་འབྱུང་སྙམ་པ་ལྟ་བུ་དོན་མི་འགྱུར་གྱི་ཐེ་ཚོམ་མོ། །བག་ལ་ཉལ་ནི་སྒྲོམ་ནང་གི་ས་བོན་ལྟ་བུ་རྐྱེན་དང་ཕྲད་ན་ནུས་པ་ཡོད་པ་སྟེ། དེ་ཡང་རྟགས་སུ་བཀོད་པ་ལ་ལྟོས་པ་མ་ངེས་པའི་རྟགས་ལ་བརྟེན་པའི་བློ་མཐའ་དག་དང༌། རྟགས་ལ་མི་ལྟོས་པ་ཁྲོན་པ་ན་ཆུ་ཡོད་དམ་སྙམ་པ་ལྟ་བུ་སྟེ། མདོར་ན་རྟགས་ལ་མ་ལྟོས་པར་ལྐོག་གྱུར་ལ་འཇུག་པའི་བློ་ནི་བདེན་ཡང་རུང༌། བརྫུན་ཡང་རུང༌། བརྟགས་ན་ཐེ་ཚོམ་ཡིན་ནོ། །འཇུག་བསྡུ་བ་ནི། ཚད་མའི་ཤེས་པ་གཉིས་པོ་ཡང༌། ཡུལ་ཅན་གྱི་ངོས་ནས་དཔྱད་ན། རང་རིག་ཚད་མ་ཁོ་ནར་འདུས་ལ་ཚད་མ་མ་ཡིན་པའི་ཤེས་པ་གསུམ་པོ་ཡང༌། ཡུལ་རྟོགས་ལུགས་ཀྱི་ངོས་ནས་དཔྱད་ན་ཡུལ་མ་རྟོགས་པ་ལས་དོན་གཞན་མིན་ནོ། །འོ་ན་མ་རྟོགས་པ་དབྱེ་གཞིར་འགྱུར་བས་དབྱེ་བའི་ཡ་གྱལ་དུ་བགྲང་བ་འགལ་ལོ་ཞེ་ན། དབྱེ་བའི་ཡ་གྱལ་དུ་བགྲང་བ་ནི། རྟོགས་པར་འདོད་པའི་ཡུལ་ལ་རྣམ་དཔྱོད་མ་ཞུགས་པ་ཡིན་ལ། དབྱེ་གཞི་ནི། བླང་དོར་གྱི་གནས་སྟོན་པའི་བྱེད་ལས་མི་བྱེད་པ་ལ་བརྗོད་པས་འགལ་བ་མེད་དོ། །ཚད་མ་རིགས་པའི་གཏེར་ལས་བློ་བརྟག་པའི་རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།།  ༈  །།གསུམ་པ་བློ་དེས་ཡུལ་རྟོགས་པའི་ཚུལ་ལ་བཞི་ལས། དང་པོ་སྤྱི་དང་བྱེ་བྲག་གི་རྟོགས་པའི་ཚུལ་ལ་གསུམ་སྟེ། ཡུལ་དང་ཡུལ་ཅན་གྱི་རྣམ་བཞག་སྤྱིར་བསྟན། རྫས་ལྡོག་དོན་ལ་གྲུབ་པར་འདོད་པ་དགག བྱེ་བྲག་ཏུ་སྤྱི་དང་བྱེ་བྲག་གི་རྟོགས་ཚུལ་ལོ། །དང་པོ་ལ་དངོས་པོའི་གནས་ཚུལ་དཔྱད་པ་ནི། བུམ་གཟུགས་འཛིན་པའི་དབང་མངོན་ཆོས་ཅན། རྟོག་མེད་ཡིན་ཏེ། རང་མཚན་གསལ་བར་འཛིན་པའི་བློ་ཡིན་པའི་ཕྱིར། བུམ་སྤྱི་ལ་ཞེན་པའི་བློ་ཆོས་ཅན། རྟོག་པ་ཡིན་ཏེ་སྤྱི་ཞེན་པའི་ཚུལ་གྱིས་འཛིན་པའི་ཕྱིར། རང་སྤྱི་གཉིས་ཡོད་པ་དེ་ལ་རང་མཚན་ནི་ཆོས་ཅན། དངོས་པོ་ཡིན་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། སྤྱི་ནི་ཆོས་ཅན། དངོས་པོར་གྲུབ་པ་མེད་དེ། དོན་བྱེད་མི་ནུས་པ་ཡིན་པའི་ཕྱིར། འདིར་བོད་ཀྱི་སློབ་དཔོན་དག རྫས་དང་ལྡོག་པ་གཉིས་དང༌། སྤྱི་དང་བྱེ་བྲག་གཉིས་དང༌། སྣང་བ་དང༌། སེལ་བ་གཉིས་དང༌། རྟོག་པ་དང་རྟོག་མེད་རྣམས་ལ་བློ་ཆོས་དང་དོན་ཆོས་སོ་སོར་མ་ཕྱེས་པར་འཆོལ་བར་སྣང་ཞིང༌། རེས་འགའ་སྤྱི་སྒྲུབ་པ་དང༌། རེས་འགའ་སྤྱི་འགོག་པ་ལྟར་བྱེད་ཅིང༌། རྫས་དང་ལྡོག་པ་སོགས་སྡེ་བདུན་གྱི་རྣམ་གཞག་ལས་གཞན་དུ་འཆད་ལ། ཁོ་བོ་ནི་སྡེ་བདུན་གྱི་གཞུང་ལས་བཤད་པ་བཞིན་འདོད་དོ། །དེ་ལ་རང་གི་མཚན་ཉིད་དང༌། གསལ་བའི་རང་གི་ངོ་བོ་དང༌། དོན་དམ་པའི་དངོས་པོ་དང༌། རང་གི་ངོ་བོ་ཉིད་ཀྱི་རྫས་དང༌། ལོག་པ་དང༌། དོན་དམ་པ་རྣམས་ནི་དོན་ཆོས་ཡིན་ལ། ལྡོག་པ་དང་སྤྱི་དང་གཞན་སེལ་རྣམས་ནི་བློ་ཆོས་སུ་སྡེ་བདུན་ནས་བཤད་དོ། །ལོག་པ་དང༌། རྫས་དང༌། དངོས་པོ་ཙམ་ལ་ནི། དོན་དམ་པར་གྲུབ་པ་དང༌། སེལ་བའི་ཡུལ་དུ་གྱུར་པ་གཉིས་ཡོད་པར་འགྲེལ་པ་ལས་བཤད་པས་དངོས་པོ་དང༌། དོན་དམ་པའི་དངོས་པོ་ལ་ཁྱད་པར་ཡོད་པར་གསལ་ལོ། །དེ་ཉིད་ཀྱིས་ལོག་པ་དང༌། རྫས་ལ་ཡང་དེ་བཞིན་དུ་གཉིས་སུ་ཕྱེའོ། །ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །ཅེས་པ་དང༌། སྤྱི་ནི་དངོས་མེད་ངོ་བོ་ཉིད། །ཅེས་སོགས་ཀྱིས་ནི། ལྡོག་པ་དང་སྤྱི་དོན་དམ་པར་དངོས་པོར་མེད་པར་བསྟན་ཅིང༌། སེལ་བ་ཡང༌། བློའི་སེལ་བ་དང་མེད་དགག་གི་སེལ་བ་དངོས་མེད་དུ་བསྟན་ནོ། །གཉིས་པ་དེ་དག་བསྟན་ལ་འབེབས་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་སྤྱིའི་དོན་ནི། ཁ་ཅིག་རང་གི་མཚན་ཉིད་དང་དངོས་པོ་དོན་གཅིག་པས། མཚན་ཉིད། དོན་བྱེད་ནུས་པ་ཞེས་འཇོག་པར་བྱེད་དོ། །འདིར་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཅེས་བཤད་པ་འདི་ལ། རང་དང་སྤྱི་མཚོན་བྱར་བཟུང་ནས་དེའི་མཚན་ཉིད་འདིའོ་ཞེས་བརྗོད་པར་བྱེད་དམ། རང་གི་མཚན་ཉིད་ཀྱི་མཚན་ཉིད་འདིའོ་ཞེས་བརྗོད་པར་བྱེད། དང་པོ་ལྟར་ན། དོན་དམ་དོན་བྱེད་ནུས་པ་གང༌། དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་གསུངས་པས། རང་གི་མཚན་ཉིད་དོན་དམ་པར་དོན་བྱེད་ནུས་པ་དང༌། སྤྱིའི་མཚན་ཉིད། དོན་དམ་པར་དོན་བྱེད་མི་ནུས་པ་ཞེས་འཇོག་དགོས་སོ། །དེ་ལྟ་ན་རང་སྤྱི་གཉིས་པོ་གདོན་མི་ཟ་བར་འགལ་བར་བྱ་དགོས་ཏེ། དོན་དམ་པར་དོན་བྱེད་ནུས་མི་ནུས་འགལ་བར་ངེས་པའི་ཕྱིར། བུམ་སོགས་བྱེ་བྲག་ཡོད་པའི་ཆ་ནས་སྤྱི་དང༌། དོན་བྱེད་ནུས་པའི་ཆ་ནས་རང་མཚན་ཡིན་པ་ཡང་རིགས་པ་འདི་ཉིད་ཀྱིས་གསལ་ཞིང༌། གཞན་ཡང་སྒྲའི་དངོས་ཡུལ་ཡིན་མ་ཡིན་འགལ་བ་དང༌། འདྲ་བ་དང་མི་འདྲ་བ་གཉིས་འགལ་བའི་ཕྱིར་ན་གཉིས་པོ་འགལ་བར་ངེས་སོ། །གལ་ཏེ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་མཚོན་བྱར་བཟུང་ནས་དེའི་མཚན་ཉིད་འགོད་པར་བྱེད་ན། འོ་ན་ཁྱེད་རང་ལྟར་ན་བུམ་པ་ཆོས་ཅན། རང་གི་མཚན་ཉིད་དུ་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། འདོད་ན་ཀ་བ་ཡང༌། བུམ་པར་ཐལ། རང་གི་ངོ་བོ་ཡིན་པའི་ཕྱིར། ཡང་བུམ་པའི་དོན་སྤྱི་ཡང་ཆོས་ཅན། སྤྱིའི་མཚན་ཉིད་དུ་ཐལ། དོན་བྱེད་མི་ནུས་པའི་ཆོས་ཡིན་པའི་ཕྱིར། འདོད་ན་ཀ་བ་ཆོས་ཅན། བུམ་པའི་དོན་སྤྱི་ཡིན་པར་ཐལ། སྤྱི་ཡིན་པའི་ཕྱིར། ཁྱབ་པ་དེ་དེའི་མཚན་ཉིད་དུ་འདོད་པས་ཁས་བླངས་སོ། །གལ་ཏེ་རང་མཚན་དང༌། སྤྱི་མཚན་གྱི་མཚན་ཉིད་བརྗོད་པར་བྱེད་ཀྱི། རང་གི་མཚན་ཉིད་དང༌། སྤྱིའི་མཚན་ཉིད་ཀྱི་མཚན་ཉིད་བརྗོད་པར་མི་བྱེད་ཅེ་ན། འདིར་དེ་དག་རང་སྤྱིའི་མཚན་ཉིད་བཤད། ཅེས་པ་དང༌། སྤྱིའི་མཚན་ཉིད་རྗེས་འགྲོ་ལྡོག །ཅེས་པ་དང༌། དེ་ནི་རང་གི་མཚན་ཉིད་འདོད། །ཅེས་གསུངས་པ་འདི་དག་གི་དོན་སོམས་ཤིག་དང༌། ཚིག་གི་ལོ་མས་དོན་གྱི་སྐྱོན་མི་སྤོངས་སོ། །འགའ་ཞིག་རང་གི་མཚན་ཉིད་དོན་བྱེད་ནུས་པ་ཙམ་ཞིག་བརྗོད་པར་བྱ་བ་ཡིན་གྱི་དོན་དམ་པར་ཞེས་སྦྱར་བ་ལ་རྣམ་གཅད་མེད་དོ་ཞེ་ན། གཞུང་དུ། དོན་དམ་བྱེད་ནུས་པ་གང༌། །ཅེས་གསུངས་པ་དང་དོན་དམ་ཞེས་པའི་ཁྱད་པར་གྱི་ཆོས་མ་གསུངས་ན། གལ་ཏེ་ཀུན་ལ་ནུས་མེད་ན། །ཞེས་པའི་རྩོད་པ་འགོད་པ་ཡང་མ་འབྲེལ་བར་འགྱུར་ཏེ། དོན་བྱེད་ནུས་པ་ཙམ་ཞིག་དབུ་མ་པས་ཀྱང་བཞེད་པས་སོ། །འདིར་སྤྱི་ཞེས་བྱ་བ་འདི་ཐུན་མོང་གི་ཆོས་སུ་གྲགས་ལ། དེ་ལ་སྤྱིའི་ཟླར་བགྲངས་པའི་རང་ཞེས་པ་ནི་ཐུན་མོང་མ་ཡིན་པའི་ངོ་བོར་འདོད་དགོས་པས་ན། ཐུན་མོང་མ་ཡིན་པའི་ངོ་བོ་དང༌། སྤྱི་མཚོན་བྱར་བཟུང་ནས། དེ་དང་དེའི་མཚན་ཉིད་འགོད་པར་གསལ་བ་ཡིན་ནོ། །རྣམ་ངེས་ལས་ཀྱང༌། དེ་ནི་ཐུན་མོང་མ་ཡིན་པ་དངོས་པོའི་རང་བཞིན་ཏེ་རང་གི་མཚན་ཉིད་དོ་ཞེས་གསུངས་སོ། །སྤྱི་མཚོན་བྱར་བཟུང་ནས། དེའི་མཚན་ཉིད་འགོད་པ་ཡང་གཞུང་གིས་གསལ་བར་བསྟན་ཏེ། སྤྱིའི་མཚན་ཉིད་ལ་མ་ཁྱབ་ཁྱབ་ཆེས་སྤང་བའི་དོན་དུ། སྤྱིའི་མཚན་ཉིད་རྗེས་འགྲོ་ལྡོག བློ་ལ་མ་མཐོང་ཕྱིར་མིན་ཏེ། །ཞེས་གསུངས་པ་ཡིན་ནོ། །འགའ་ཞིག་དངོས་པོར་གྲུབ་པའི་སྤྱི་ཡོད་ལ། རང་གི་མཚན་ཉིད་དང༌། དངོས་པོ་དང༌། དོན་དམ་པ་རྣམས་ཀྱང་མིང་གི་རྣམ་གྲངས་སོ། །དངོས་པོར་གྲུབ་པའི་སྤྱི་མཚན་ནི་མེད་དེ། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་པའི་གཞུང་གིས་སྤྱི་མཚན་ལ་དངོས་མེད་ཀྱིས་ཁྱབ་པའི་ཕྱིར་རོ་ཞེ་ན། དངོས་པོ་གྲུབ་པའི་སྤྱི་ཞེས་བྱ་བ་གང་ཡིན་ཞེས་དྲི་བར་བྱའོ། །གལ་ཏེ་བུམ་པ་ལ་སོགས་པའོ་ཞེ་ན། འོ་ན་སྤྱིའི་མཚན་ཉིད་ཅེས་པས་འཇོག་བྱེད་བཟུང་ངམ་མཚོན་བྱ་བརྗོད་པ་ཙམ་ཡིན། མཚོན་བྱེད་དུ་འདོད་པ་ལ་སྐྱོན་བརྗོད་ཟིན་ལ། མཚོན་བྱའི་ངོ་བོ་བཟུང་བར་འདོད་ན། འོ་ན་བུམ་པ་ཡང་ཅིའི་ཕྱིར་སྤྱི་མཚན་མིན། སྤྱི་མཚན་ནི་དོན་བྱེད་མི་ནུས་པ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་སྤྱི་ཡང་མ་ཡིན་པར་ཐལ། དོན་བྱེད་ནུས་པ་ཡིན་པའི་ཕྱིར། གལ་ཏེ་དོན་བྱེད་ནུས་པ་དང་སྤྱི་མི་འགལ་ལོ་ཞེ་ན། སྤྱི་མཚན་དང་དོན་བྱེད་ནུས་པ་ཡང་མི་འགལ་ལོ་ཞེས་མཚུངས་སོ། །གལ་ཏེ་དོན་བྱེད་ནུས་པའི་སྤྱི་མཚན་གང་ཡིན་ཞེས་འདྲི་བར་བྱེད་ན། དོན་བྱེད་ནུས་པའི་སྤྱི་གང་ཡིན་ཞེས་དྲི་བར་བྱའོ། །བུམ་པའོ་ཞེ་ན། ཁོ་བོ་ཡང་བུམ་པའོ་ཞེས་བརྗོད་དེ་བསྒྲེ་བར་བྱའོ། །འོ་ན་མཚོན་བྱེད་དུ་ཐལ། སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་རྩོད་ན། གོང་དུ་དོགས་པ་དཔྱད་ཟིན་ལ། འོ་ན་ཁྱེད་ལ་ཡང་མཚོན་བྱེད་དུ་ཐལ། རང་གི་མཚན་ཉིད་ཡིན་པའི་ཕྱིར་ཞེས་ཀྱང་མཚུངས་སོ། །འདིར་གཞུང་གི་དགོངས་པ་ནི་འདི་ལྟར་བཤད་དེ། མ་དཔྱད་པ་དང༌། ཅུང་ཟད་དཔྱད་པ་དང༌། ཤིན་ཏུ་དཔྱད་པའི་ཚུལ་གསུམ་གསུངས་པ་ལས། མ་དཔྱད་པའི་ངོར་རྟོག་པ་ལ་སྣང་བའི་ཕྱིར་དང༌། ཕྱི་རོལ་གྱི་དོན་སོ་སོར་མ་ཕྱེ་བར་རང་གི་དམིགས་པ་ཉིད་དེ་ཁོ་ན་ཉིད་དུ་རློམ་པའི་ངོར་བུམ་སོགས་གསལ་བ་ལ་རྗེས་སུ་འགྲོ་བ་དང༌། དངོས་པོ་ཡིན་པ་མི་འགལ་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཚེ་རྟགས་སྦྱོར་དོན་གསུམ་སོ་སོར་རྣམ་པར་འཇོག་པའི་ཕྱིར། དེའི་ཚེ་ཡང་རྟགས་སྦྱོར་དོན་གསུམ་དུ་རྣམ་པར་འབྱེད་པ་ཡིན་ཡང༌། སྣང་བཏགས་སོ་སོར་འབྱེད་པ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་གཉིས་སོ་སོར་ཕྱེ་བ་དང༌། གསལ་བ་དང་སྤྱི་གཉིས་སུ་ཕྱེ་བའི་ཚེ། རང་གི་མཚན་ཉིད་དང་གསལ་བའི་ཟླར་བགྲངས་པའི་སྤྱི་ནི་རིགས་པས་རྣམ་པར་ཕྱེ་བའི་རྣམ་བཞག་ཡིན་པས་དེའི་ཚེ་དངོས་པོར་འདོད་པ་མི་འཐད་དོ། །རིགས་པས་ཤིན་ཏུ་རྣམ་པར་དཔྱད་པའམ། གནས་ཚུལ་ལ་ནི། སྤྱི་ཞེས་བྱ་བ་ཅུང་ཟད་མེད་དེ། གནས་ཚུལ་ལ་གྲུབ་པ་ནི། རང་གི་མཚན་ཉིད་ཁོ་ན་ཡིན་པའི་ཕྱིར། རྣམ་འགྲེལ་ལས། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་པ་དང༌། རིགས་པའི་གཏེར་ལས་ཀྱང༌། གཞལ་བྱ་རང་མཚན་གཅིག་ཁོ་ན། །ཞེས་པ་དང༌། ལྷ་དབང་བློས། སྤྱི་ཞེས་བྱ་བ། དངོས་པོར་གྲུབ་པ་ཅུང་ཟད་ཀྱང་མེད། ཅེས་གསུངས་པའང་དོན་འདི་ལ་དགོངས་སོ། །གཞན་ཡང༌། བུམ་པ་སྤྱི་དང་དངོས་པོ་དང་རང་མཚན་དང་དོན་དམ་པར་གྲུབ་པར་འདོད་པ་ཁྱོད། བུམ་སོགས་ཆོས་ཅན། རང་གི་གསལ་བ་ཟངས་བུམ་དང་དངུལ་བུམ་སོགས་དང་དོན་དམ་པར་གཅིག་ཡིན་པར་ཐལ། དོན་དམ་པར་གྲུབ་ཅིང་དོན་དམ་པར་ཐ་དད་མིན་པའི་ཕྱིར། གལ་ཏེ་ཟངས་བུམ་དང་གཅིག་ཏུ་འདོད་ན། དངུལ་བུམ་སོགས་དང་གཅིག་ཡིན་པར་འགལ་བ་ཡིན་ནོ། །གཞན་ཡང༌། དོན་དམ་པར་དངུལ་བུམ་དང་གཅིག་ཡིན་ན། དོན་དམ་པར་གསེར་བུམ་ལ་རྗེས་སུ་མི་འགྲོ་བར་ཐལ་ལོ། །དོན་དམ་པར་གསེར་བུམ་དང་གཅིག་ཡིན་ན། དོན་དམ་པར་དངུལ་བུམ་ལ་རྗེས་སུ་མི་འགྲོ་བས་བུམ་གསལ་ཀུན་ལ་རྗེས་སུ་འགྲོ་བའི་དོན་དམ་པར་གྲུབ་པའི་སྤྱི་ཡིན་པར་འགལ་ལོ། །དོན་དམ་པར་བུམ་གསལ་ལ་རྗེས་སུ་འགྲོ་བར་མི་འདོད་ན། དོན་དམ་པར་གྲུབ་པའི་བུམ་སྤྱི་མིན་པར་ཐལ་ལོ། །གཞན་ཡང༌། དོན་དམ་པར་བུམ་གསལ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་བུམ་སྤྱི་མེད་པར་ཐལ། བུམ་གསལ་རྣམས་ཕན་ཚུན་རྗེས་སུ་མི་འགྲོ་ཞིང༌། དོན་དམ་པར་བུམ་གསལ་ལས་མ་གཏོགས་པའི་བུམ་སྤྱི་དོན་གཞན་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དེ་ལ་བསམ་པའི་དབང་གིས་ནི། །སྤྱི་ཡོད་པར་ནི་རབ་ཏུ་སྒྲགས། །དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་གསུངས་པའི་དོན་ནོ། །འདི་ཡང༌། རྩ་བ་དང་འགྲེལ་པ་དང༌། འགྲེལ་བཤད་གསུམ་ཀས། སྤྱི་དངོས་པོ་གྲུབ་པ་འགོག་པའི་རིགས་པ་ལ་སྦྱར་བ་ཡིན་གྱི། སྤྱི་མཚན་དངོས་པོ་གྲུབ་པ་འགོག་པ་ལ་སྦྱོར་བ་མི་སྣང་ངོ༌། །གཞན་ཡང་བུམ་པ་ཆོས་ཅན། བུམ་གསལ་མཐོང་བ་ལ་མ་ལྟོས་པར་རང་འཛིན་མངོན་སུམ་གྱིས་རང་དབང་དུ་མཐོང་བ་གཅིག་སྲིད་པར་ཐལ། དོན་དམ་པར་གྲུབ་པའི་ཕྱི་རོལ་གྱི་དངོས་པོ་ཡིན་པའི་ཕྱིར་རོ། །མུ་སྟེགས་པས་ཤིང་གསལ་རྣམས་ལ་ཤིང་གི་སྤྱི་སྒྲ་དང་སྤྱི་བློ་འཇུག་པའི་རྟེན་དུ་ཤིང་སྤྱི་དངོས་པོ་བ་ཁས་ལེན་པ་བཀག་ནས། ཤིང་གསལ་ཉིད་ཤིང་གི་སྤྱི་འཛིན་གྱི་རྒྱུར་གསུངས་པ་མི་འཐད་པར་ཐལ། ཤིང་གསལ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་ཤིང་སྤྱི་རང་མཚན་པ་ཞིག་གདོན་མི་ཟ་བར་ཁས་ལེན་དགོས་པའི་ཕྱིར། ཡང་བུམ་པའི་རྫས་དང་གསེར་བུམ་གྱི་རྫས་གཉིས་གཅིག་གམ་ཐ་དད། དང་པོ་ལྟར་ན་མི་འཐད་དེ། གསེར་བུམ་གྱི་རྫས་སྐྱེད་བྱེད་ཀྱི་རྒྱུ་ལས་བུམ་པའི་རྫས་མ་སྐྱེས་པའི་ཕྱིར་དང༌། གསེར་བུམ་གྱི་རྫས་འགགས་པས་བུམ་པའི་རྫས་ཀྱང་འགགས་པར་ཐལ་བའི་སྐྱོན་ཡོད་དོ། །གལ་ཏེ་ཐ་དད་དོ་ཞེ་ན། འོ་ན་གསེར་བུམ་དང༌། བུམ་པའི་རྫས་གཅིག་མིན་པར་ཐལ། གཉིས་པོ་རྫས་ཐ་དད་ཡིན་པའི་ཕྱིར། གལ་ཏེ་གཉིས་པོའི་རྫས་ཐ་དད་ནས་འདུག་ཀྱང་རྫས་གཅིག་ཏུ་འདོད་ན། འོ་ན་གཅིག་པའི་རྫས་གང་ཡིན་ངོས་ཟུངས་ཤིག བུམ་པ་གཉིས་པོའི་རྫས་སོ་སོ་ཡིན་ན། གཉིས་པོ་རྫས་ཀྱི་སྟེང་ནས་གཅིག་པ་ཞེས་བྱ་བ་ཡོད་པར་ག་ལ་འགྱུར། དེས་ན་རྫས་གཅིག་དང་ཐ་དད་དུ་རྣམ་པར་དཔྱོད་པའི་རིགས་པས་བརྟགས་པ་ན། བུམ་གསལ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་བུམ་པ་དོན་དམ་པར་གྲུབ་པ་མེད་དོ། །གཞན་ཡང་རིགས་པས་རྣམ་པར་དཔྱོད་པ་ན། གསལ་བ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་དོན་དམ་པར་དངོས་པོར་གྲུབ་པའི་སྤྱི་ཅུང་ཟད་ཀྱང་མེད་པར་ཐལ། ལྡོག་པའི་སེལ་བ་ལ་སྤྱིར་བརྗོད་པ་དང༌། བློའི་སེལ་བ་ལ་སྤྱིར་བརྗོད་པ་གཉིས་ལས་མ་གཏོགས་པའི་གསལ་བ་ལ་རྗེས་སུ་འགྲོ་བའི་སྤྱི་མེད་ལ། གཉིས་པོ་གང་ཡིན་པ་ལ་དོན་དམ་པར་དངོས་པོར་མ་གྲུབ་པས་ཁྱབ་པའི་ཕྱིར་ཏེ། ཇི་སྐད་དུ། སྤྱི་ཡི་བློ་ཡང་སླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་དང༌། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མིན། །ཅེས་གསུངས་སོ། །གལ་ཏེ་གསལ་བ་རྣམས་ཕན་ཚུན་རྗེས་སུ་མི་འགྲོ་ཞིང་དེ་དག་ལས་མ་གཏོགས་པའི་སྤྱི་དོན་གཞན་མེད་ན། དངོས་པོར་གྲུབ་པ་མེད་ནའང་གསལ་བ་ལས་དོན་གཞན་དུ་སྨྲ་བས་ཉེས་པ་མེད་དོ་ཞེ་ན། འོ་ན་ཡན་ལག་ལས་རྫས་ཐ་དད་པའི་ཡན་ལག་ཅན་དོན་གཞན་ཡོད་པར་ཐལ་བ་དང༌། ཡི་གེ་རྣམས་ལས་རྫས་ཐ་དད་པའི་བརྗོད་བྱེད་ཀྱི་སྒྲ་དོན་གཞན་ཡོད་པར་ཐལ་ལོ། །གལ་ཏེ་ཡན་ལག་ཅན་དོན་གཞན་ནི་ཁས་ལེན་དགོས་ཏེ། སྒྲུབ་ན་གྲུབ་པ་སྒྲུབ་པ་ཉིད། །ཞེས་གསུངས་པ་ལྟར་རོ་ཞེ་ན། ཀུན་རྫོབ་པའི་ཡན་ལག་ཅན་ཡོད་པར་འདོད་པ་ཡིན་གྱི། ཡན་ལག་ལས་རྫས་ཐ་དད་པའི་ཡན་ལག་ཅན་དོན་གཞན་འདོད་པ་ནི་དགོངས་པ་མ་ཡིན་ཏེ། དེ་ལྟར་འདོད་པ་ལ་མངོན་སུམ་གྱི་གནོད་པ་འབབ་པའི་ཕྱིར། འཇིམ་རིལ་བཅུ་རེ་རེ་ནས་སྲང་ལ་གཞལ་བའི་སྲང་གྲངས་ལས། བཅུ་པོ་ལྷན་ཅིག་ཏུ་སྡོམ་ནས་གཞལ་བའི་སྲང་གྲངས་ཆེས་ལྷག་པར་ཚད་མས་དམིགས་པར་ཐལ། ཡན་ལག་ལ་མེད་པའི་ཡན་ལག་ཅན་གྱི་ལྗིད་ལྷག་པོ་ཡོད་པའི་ཕྱིར། གལ་ཏེ་ལྷག་པ་མི་འདོད་ན། ཡན་ལག་བཅུ་པོ་ལས་དོན་གཞན་པའི་འཇིམ་རིལ་ཞེས་བྱ་བའི་ཡན་ལག་ཅན་དོན་གཞན་ཡོད་པར་འགལ་བ་ཡིན་ནོ། །རིགས་པ་འདིས་ནི་བུམ་པའི་གཟུགས་དང་དྲི་རོ་སོགས་ལས་མ་གཏོགས་པའི་བུམ་པ་དོན་གཞན་གཅིག་ཡོད་པར་འདོད་པ་ཡང་བསལ་བ་ཡིན་ནོ། །གལ་ཏེ་བུམ་པའི་གཟུགས་དང་དྲི་རོ་སོགས་ཚོགས་པ་ལ་བུམ་པར་འདོད་དོ་ཞེ་ན། གཟུགས་སོགས་རེ་རེ་ནས་བུམ་པར་མ་གྲུབ་པས་ཚོགས་པ་ལ་འདོད་ན། དོན་དམ་པར་དངོས་པོར་གྲུབ་པའི་བུམ་པ་མེད་པར་ཐལ། བུམ་པའི་གཟུགས་དང་དྲི་རོ་སོགས་ནི་བུམ་པ་མ་ཡིན། དེ་ལས་དོན་གཞན་པར་གྱུར་པའི་བུམ་པ་ཡང་ཚད་མས་མ་དམིགས་པའི་ཕྱིར། འདི་ནི་ཙན་དན་ལ་སོགས་པ་གཞན་ལ་ཡང་སྦྱར་བར་བྱའོ། །འདི་ནི་ཀུན་རྫོབ་པའི་དངོས་པོ་མི་འདོད་པར། དངོས་པོ་ལ་དོན་དམ་པར་གྲུབ་པས་ཁྱབ་པར་སྨྲ་བ་ཐམས་ཅད་ཐལ་བར་རློག་པའི་རིགས་པ་ཡིན་ནོ། །ཡང་འགའ་ཞིག སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྦྱོར་དོན་གསུམ་དངོས་པོ་ཡིན་པས། དོན་དམ་པར་གྲུབ་པའི་རང་མཚན་ཡིན་ནོ་ཞེས་ཟེར་རོ། །འོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གིས་རང་མཚན་དངོས་སུ་འཛིན་ནུས་པར་ཐལ། སྒྲ་དང་མི་རྟག་པའི་ཚོགས་དོན་རང་མཚན་གྱི་དངོས་པོ་ཡིན་པའི་ཕྱིར། འདོད་ན། མངོན་སུམ་གྱི་རྗེས་སུ་འཇུག་པའི་བློ་མ་ཡིན་པའམ། སྒྲ་དང་བར་དུ་མངོན་སུམ་གྱི་རྒྱུད་པས་ཆོད་པ་མ་ཡིན་པར་ཐལ། སྒྲ་རང་མཚན་དངོས་སུ་འཛིན་པའི་ཕྱིར། རང་མཚན་ལ་དགག་སྒྲུབ་ཀྱི་དངོས་སུ་རེག་པ་གཅིག་སྲིད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་དུ་སྒྲ་རང་མཚན་སོང་བ་གཅིག་སྲིད་པའི་ཕྱིར། འདོད་ན། སྒྲ་རྟོག་གིས་རང་མཚན་དངོས་ཡུལ་དུ་བྱེད་པ་སྲིད་པར་ཐལ་ལོ། །འདོད་ན། ལོང་བས་ཀྱང༌། གཟུགས་རང་མཚན་དངོས་སུ་འཛིན་ནུས་པར་ཐལ། ལོང་བའི་གཟུགས་འཛིན་རྟོག་པས་གཟུགས་རང་མཚན་དངོས་སུ་འཛིན་པའི་ཕྱིར། གཟུགས་རང་མཚན་དངོས་སུ་འཛིན་པ་ལ་མིག་གི་དབང་པོ་དོན་མེད་པར་ཐལ། གཟུགས་ལ་རྟོག་པའི་བློས་གཟུགས་རང་མཚན་དངོས་སུ་འཛིན་ནུས་པའི་ཕྱིར། བརྗོད་བྱེད་ཀྱི་སྒྲས་དོན་རང་མཚན་དངོས་སུ་བརྗོད་མི་ནུས་པར་ཐལ། སྒྲ་རྟོག་པའི་རྗེས་སུ་འབྲང་དགོས་ལ། རྟོག་པ་ཡང་གཟུང་དོན་ལ་མ་ལྟོས་པར་མངོན་སུམ་གྱི་བཞག་པའི་བག་ཆགས་ཀྱི་མཐུ་ཙམ་ལས་སྐྱེ་བའི་ཕྱིར་ཏེ། དེ་ནི་མཐོང་གོམས་ཀྱིས་སྤྲུལ་ཡིན་ཞེས་གསུངས་པ་ལྟར་རོ། །གཞན་ཡང་སྒྲ་རྟོག་གི་རང་མཚན་ལ་དངོས་སུ་རེག་མི་ནུས་པར་ཐལ། སྒྲ་འཛིན་རྟོག་པ་སྒྲ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེ་དགོས་ལ། སྒྲ་འཛིན་མངོན་སུམ་གྱི་དུས་ན་དེའི་བཟུང་དོན་འགགས་ཟིན་པའི་ཕྱིར། རྟགས་ཀྱིས་དགག་སྒྲུབ་ཀྱི་སྒྲ་རྟོག་སོགས་ཐམས་ཅད་ཀྱིས་རང་མཚན་ལ་དངོས་སུ་རིག་མི་ནུས་པའི་ཚུལ་གཞན་ལའང་རྒྱ་ཆེར་སྦྱར་བར་བྱའོ། །ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་གསུངས་སོ། །ཐམས་ཅད་ཀྱི་སྒྲས་ནི། དགག་སྒྲུབ་ཐམས་ཅད་གཟུང་བར་བལྟའོ། །གཞུང་ལས་འགའ་ཞིག་ཏུ་སྒྲ་རྟོག་ཐམས་ཅད་ལ་ཡུལ་ཡོད་པར་གསུངས་ཏེ། གཙོ་འཛིན་རྟོག་པ་ལའང་གཙོ་བོའི་སྒྲ་དོན་ཡུལ་དུ་ཡོད་པའི་ཕྱིར་དང༌། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལ་ཡང་སྒྲའི་དོན་སྤྱི་ཙམ་ཞིག་ཡུལ་དུ་ཡོད་པའི་ཕྱིར་རོ། །གནས་སྐབས་འགའ་ཞིག་ཏུ་ཡང་མེད་པར་གསུངས་ཏེ། རྣམ་ངེས་ལས། རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ནི་ཡུལ་མེད་པ་ཅན་ཉིད་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟ་བུའོ། །འགའ་ཞིག་ཏུ་སྒྲ་རྟོག་འགའ་ཞིག་ལ་ཡོད་པ་དང་འགའ་ཞིག་ལ་མེད་པའི་ཚུལ་གཉིས་ཀྱང་གསུངས་ཏེ། འཁྲུལ་པར་འདྲ་ཡང་གཞན་ལས་མིན། །མར་མེའི་འོད་ལས་ནོར་བུ་བཞིན། །ཞེས་པ་ལྟར་རོ། །དེ་ལ་ཐམས་ཅད་ལ་ཡུལ་ཡོད་པར་གསུངས་པ་ནི། དོན་སྤྱི་ཙམ་གྱི་ཡུལ་མེད་པ་མ་ཡིན་པ་ལ་དགོངས་ལ། མེད་པར་གསུངས་པ་ནི་དངོས་ཡུལ་དངོས་པོ་མེད་པ་ལ་དགོངས་པ་ཡིན་ནོ། །ཡོད་མེད་ཀྱི་ཚུལ་གཉིས་གསུངས་པ་ནི། སྒྲ་རྟོག་དོན་མཐུན་དང་དོན་མི་མཐུན་གཉིས། སླུ་བ་དང་མི་སླུ་བའི་ཁྱད་པར་ཡོད་པ་ལ་དགོངས་པས་མི་འགལ་ལོ། །གཞན་ཡང་དངོས་པོ་གསལ་བ་ལ་རྗེས་སུ་འགྲོ་བ་དང༌། དོན་དམ་པར་གྲུབ་པའི་དངོས་པོར་ཡང་འདོད་ན། དངོས་པོ་ལ་སྐྱེད་བྱེད་ཀྱི་རྒྱུ་ཞིག་ཡོད་དམ་མེད། མེད་ན་དངོས་པོར་གྲུབ་པར་འདོད་པ་འགལ་ལ། ཡོད་ན་དངོས་པོའི་རྒྱུའི་དུས་སུ་དངོས་པོ་ཡོད་དམ་མེད། ཡོད་ན་རྒྱུ་ལས་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུའི་དུས་ན་གྲུབ་ཟིན་པའི་ཕྱིར། མ་ངེས་ན་ཐུག་མེད་དུ་སྐྱེ་དགོས་པར་འགྱུར་ཏེ། གྲུབ་ཟིན་ནས་ཀྱང་སླར་ཡང་སྐྱེ་དགོས་པའི་ཕྱིར་རོ། །གལ་ཏེ་མེད་ན་དངོས་པོའི་རྒྱུའི་དུས་ན་རྒྱུ་མེད་པར་ཐལ། དངོས་པོ་མེད་པའི་ཕྱིར་རོ། །རང་རིག་མངོན་སུམ་ལ་ཡང་ཉེར་ལེན་ཡོད་པར་འདོད་དགོས་པས། དེའི་ཉེར་ལེན་གྱི་དུས་སུ་རང་རིག་ཡོད་དམ་མེད། ཡོད་ན་རང་རིག་གི་ཉེར་ལེན་གྱི་དུས་སུ་རང་རིག་གྲུབ་ཟིན་པའི་ཕྱིར་སྔ་མའི་རིགས་པས་གནོད་པ་དང༌། སྤྱོད་འཇུག་ལས། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་པའི་སྐྱོན་ཡང་ཡོད་དོ། །གལ་ཏེ་མེད་པར་འདོད་ན། རང་རིག་གི་ཉེར་ལེན་མེད་པར་ཐལ། ཤེས་པ་མེད་པའི་ཕྱིར་རོ། །ཡང་བེམ་པོའི་ཉེར་ལེན་གྱིས་དུས་སུ་བེམ་པོ་ཡོད་དམ་མེད། ཡོད་ན་སྔར་གྱི་རིགས་པ་བརྗོད་ལ། མེད་ན་བེམ་པོའི་ཉེར་ལེན་མེད་པར་ཐལ། བེམ་པོ་མེད་པའི་ཕྱིར། ཇི་སྐད་དུ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་གསུངས་སོ། །ཡང་ཚད་མ་ལ་ཡང་ཉེར་ལེན་གྱི་དུས་ན་གྲུབ་ཟིན་ན་སྔར་གྱི་སྐྱོན་དང༌། མེད་ན་དེའི་ཉེར་ལེན་གྱི་དུས་ན་རང་རིག་མངོན་སུམ་མེད་པའི་ཕྱིར་ཤེས་པ་མེད་པར་འགྱུར་ལ། འདོད་ན། ཚད་མའི་ཉེར་ལེན་མེད་པར་འགྱུར་རོ། །རིགས་པ་འདི་གཞན་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །གཞན་ཡང་དོན་དམ་པར་བུམ་པ་དང་དངོས་པོ་རྫས་གཅིག་གམ་ཐ་དད། གཅིག་ན་བུམ་པའི་རྒྱུས་དངོས་པོ་སྐྱེད་དམ་མི་སྐྱེད། སྐྱེད་ན་བུམ་པའི་རྒྱུ་བཟློག་པ་ཉིད་ན་དངོས་པོ་བཟློག་པར་ཐལ་བར་འགྱུར་ཏེ། རྒྱུ་འབྲས་ནི་རྗེས་སུ་འགྲོ་ལྡོག་ངེས་པའི་ཕྱིར། གལ་ཏེ་མི་སྐྱེད་ན། རྫས་གཅིག་ཀྱང་ཕྱོགས་གཅིག་ལ་ཕན་འདོགས་ལ། ཕྱོགས་གཅིག་ལ་ཕན་མི་འདོགས་ཞེས་བྱ་བ་འདིར་འགྱུར་རོ། །དེ་ལྟ་ན་དངོས་པོ་དང་བུམ་པ་རྫས་གཅིག་ཏུ་མི་འགྱུར་བར། བུམ་པའི་རྒྱུ་སྐྱེད་པའི་རྫས་དང་མི་སྐྱེད་པའི་རྫས་གཉིས་སུ་འགྱུར་རོ། །རྫས་གཅིག་ལ་རྒྱུ་གཅིག་གིས་ཕན་བཏགས་པའི་རྫས་དང༌། ཕན་མི་འདོགས་པའི་རྫས་གཉིས་ཁས་ལེན་པ་ནི་བཞད་གད་ཀྱི་གནས་སོ། །རིགས་པ་འདི་ཡང་བུམ་གཟུགས་སོགས་དང༌། བེམ་པོ་རྫས་གཅིག་ཏུ་འདོད་པ་སོགས་གཞན་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །རྫས་གཅིག་ལ་རྒྱུ་གཅིག་གིས་རྫས་ཀྱི་ཆ་ཤས་གཅིག་སྐྱེད་ལ། ཆ་ཤས་གཅིག་མི་སྐྱེད་དོ་ཞེས་བྱ་བ་འདི་ལ་ཆ་ཤས་ཀྱི་བསྐྱེད་བྱ་སྐྱེད་བྱེད་ཉིད་དུ་འགྱུར་རོ་ཞེས་རྣམ་ངེས་ལས་ཀྱང་བརྗོད་དོ། །གཞན་ཡང་དངོས་པོ་གཅིག་ཉིད། དངོས་པོའི་གསལ་བ་མཐའ་ཡས་པ་དང་རེ་རེ་ཞིང་རྫས་གཅིག་པར་སྨྲ་ན། སྤྱི་ཆ་མེད་ཅིག་གིས་གསལ་བ་ཐམས་ཅད་ལ་ཁྱབ་ཅེས་པ་དང༌། ཇོ་མོ་ནང་པས།                        རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*