འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ། ཅ༽

གཞན་དུ་ན་ཆོས་སྟོན་པ་པོ་ལ་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་རྐུན་མས་དུད་འགྲོ་བསད་པ་སོགས་ཀྱི་ཡན་ལག་བོར་ནས་ནི་བདག་ཏུ་ཡོངས་སུ་མ་བཟུང་བ་རྙེད་པ་ལྟ་ན་སྐྱེ་བོ་ཕལ་པོ་ཆེས་གོ་བར་བྱས་ནས་འཁྱེར་བ་ལ་ནམ་ཡང་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་གོ་བར་མ་བྱས་ན་བརྐུས་སོ་ཟེར་བའི་དགག་བྱ་ཡོད་དོ། །གལ་ཏེ་དགེ་སློང་ཀུན་དགའ་ར་བ་བྱེད་འདོད་པས་ལྗོན་ཤིང་བཙུགས་ན། དགེ་སློང་དེ་ཡིས་ལོ་ལྔའི་བར་དུ་ལྗོན་ཤིང་བཙུགས་པའི་གནས་དེ་བསྲུང་བའི་དོན་དུ་མངོན་པར་བལྟ་བར་བྱའོ། །དགེ་སློང་གིས་ཤིན་ཏུ་བཀྲེན་པར་གྱུར་ཀྱང་ལྷུང་བཟེད་སོགས་འཚོ་བའི་ཡོ་བྱད་བཙོང་བར་མི་རིགས་སོ། །ཡང་དྲུག་སྡེས་མནའ་དོར་བ་འདི་ནི་བདེན་གྱི། གཞན་ནི་རྫུན་ནོ་ཞེས་པར་སོང་བས་རྩོད་པ་བྱེད་པ་མི་རིགས་ཤིང༌། མནའ་ཡང་དོར་བར་མི་རིགས་སོ། །ཁྱིམ་པ་རྣམས་ནི་རྫུན་སྨྲ་བའི་ཤོ་བེ་ཅན་ཡིན་པས་ཆོ་ལོང་བྱེད་ལ། ཚུལ་ཁྲིམས་དང་ལྡན་པ་ལ་ནི་རྫུན་བཀག་པས་ཆོ་ལོང་ཇི་ལྟར་རུང༌། གཉིས་པ་རང་བཞིན་ཉམས་པ་སྤང་བ་ནི། འོད་བཟང་མ་ཞེས་པས་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་མེ་ལོང་ཕུལ་བའི་ལས་ཀྱིས་མདོག་དང་འོད་ཕུན་སུམ་ཚོགས་པ་ཞིག་ཁྱིམ་བདག་ཞིག་གི་ཆུང་མར་གྱུར་པ་ན། ཁྱིམ་བདག་གིས་དགེ་སློང་རྣམས་སྤྱན་དྲངས་པ་ལ་བུད་མེད་ལ་ཆགས་པ་ལ་བརྟེན་ནས་སྡོམ་བརྩོན་གནས་གང་དུ་བུད་མེད་དམ་བུད་མེད་དེས་ཀྱང་སྡོམ་བརྩོན་མཐོང་བ་ཡིས་ཆགས་པ་སྐྱེས་པར་གྱུར་ན་དགེ་སློང་དེས་དེ་འདྲའི་སྤྱོད་ཡུལ་དེ་ནི་མྱུར་དུ་སྤང་ངོ༌། །གསུམ་པ་གནས་མལ་སྦྱིན་ཚུལ་ནི། དགེ་སློང་མ་ནི་བླ་མའི་ཐད་དུ་ཉེ་བར་འོངས་ནས་བླ་མ་བལྟ་བར་འདོད་པར་གྱུར་ཅིང༌། བླ་མས་ཀྱང་རང་ལ་དམ་པའི་ཆོས་ཉན་པར་ཤེས་པ་ན་སོ་ཕག་གམ་ཤིང་སྟན་ཕྱེད་ཚལ་ལམ་གོར་བུ་སྟེ་སྟན་ཟླུམ་དག་གམ་རས་ལྟ་བུ་སྲ་མོའི་སྟན་དག་ཀྱང་བཏིང་དུ་རུང་བས་འདི་དག་གང་ཡང་རུང་བ་བཏིང་ནས་འདིར་ལེགས་པར་འདུག་ཅེས་བརྗོད་པར་བྱ་སྟེ་ཆོས་བཤད་དོ། །གཞན་སྟན་བཟང་པོ་དག་ནི་དགེ་སློང་གི་མདུན་དུ་དགེ་སློང་མ་ཡིས་བཏིང་ནས་འདུག་པར་བྱ་བ་མིན་ནོ། །ཡང་གོའུ་ཏ་མ་འཁོར་ལྔ་བརྒྱ་དང་བཅས་པ་རྫེ་ཏའི་ཚལ་དུ་ཉི་མ་ནུབ་ཙམ་ནས་ཕྱིན་པ་ན་དེར་སྟན་མེད་པར་ཉལ་བས་ཆོས་གོས་རྣམས་རྡུལ་གྱིས་གོས་པ་སྟོན་པས་གཟིགས་ནས། ཀུན་དགའ་བོ་དགེ་སློང་མ་ལ་དགེ་སློང་གི་མལ་སྟན་གྱི་ལྷག་མ་མ་བྱིན་ནམ་ཞེས་གསུངས་པ་ལ་བརྟེན་ནས་དགེ་སློང་རྣམས་ཀྱི་མལ་སྟན་གྱི་ལྷག་མ་དགེ་སློང་མའི་མལ་སྟན་དུ་གནང་ངོ༌། །མལ་སྟན་གྱི་ལྷག་མ་དེ་ཡང་དམན་པ་དང་འབྲིང་པོ་གནང་གི བཟང་པོ་ནི་ནམ་ཡང་གནང་བ་མ་ཡིན་ནོ། །བཞི་པ་ལྟུང་བ་བཤགས་ཚུལ་ཞར་བྱུང་དང་བཅས་པ་ནི། དགེ་སློང་དང་དགེ་སློང་མ་རྣམས་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་ལྟུང་བ་བཤགས་པ་རྣམས་ཀྱི་དུས་སུ་ཕན་ཚུན་དུ་ནི་རང་རང་གི་སྐྱོན་གོ་བར་བྱ་བ་གང་གི་ཕྱིར་དུ་སྒྲོག་པར་མ་ནུས་ན། ལྟུང་བའི་ངོ་བོ་གང་བྱུང་ཐེ་ཚོམ་ཟ་བའི་ཚུལ་འདི་ལ་དགེ་སློང་མས་ནི་ལྟུང་བའི་ངོ་བོ་གོ་བར་བྱ་བའི་ཕྱིར་དུ་དགེ་སློང་ལ་དྲིའོ། །འདུ་ཤེས་ཇི་ལྟ་བུས་ཤེ་ན། ཡུལ་དགེ་སློང་ལ་བླ་མའི་འདུ་ཤེས་བཞག་པ་ཉིད་ཀྱིས་སོ། །གནས་ནི་དགེ་སློང་ལ་ཕྱོགས་གཞན་དབེན་པ་དག་ཏུའོ། །དུས་ནི་གང་གི་ཚེ་དགེ་སློང་མ་གང་ཞིག་གིས་དགེ་སློང་གནས་སུ་འཇུག་པ་དེའི་ཚེ་འདྲིའོ། །ནང་འཁོན་དང་བཅས་པ་མ་ཡིན་ན་དགེ་སློང་དེས་ཀྱང་དེ་ལ་ཤོག་ཅེས་བརྗོད་པར་བྱའོ། །ལྔ་པ་དགོན་པར་གནས་པའི་ཚུལ་ལ་གཉིས་ཏེ། དོན་དངོས་བསྟན་པ་དང༌། ཞར་ལ་བཟོ་ཆའི་གནང་བཀག་གོ །དང་པོ་ནི། མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བ་ཤེས་པའི་དགེ་སློང་དགོན་པའི་ཕན་ཡོན་འདོད་པ་རྣམས་གྲོང་ནས་རྒྱང་གྲགས་ཀྱི་ཚད་ཙམ་དུ་གནས་པར་བྱའོ། །དགོན་པ་ན་གནས་པ་རྣམས་ལ་ཆོམ་རྐུན་པས་རྒྱུ་སྐར་དང་ཉིན་ཞག་གི་རྩིས་དྲིས་པ་མ་ཤེས་པས་ཆོམ་རྐུན་པས་བརྡུངས་པ་ལ་བརྟེན་ནས་རྒྱུ་སྐར་དང་ཉིན་ཞག་གི་རྩིས་ཤེས་པ་གནས་པར་བྱའོ། །ཡང་ནགས་ཁྲོད་དབེན་པར་འདུག་པའི་གནས་སྐབས་ལ་མཁས་པས་འབྲུ་མར་ལ་སོགས་པ་ཉེར་མཁོའི་སྣོད་ཉེ་བར་གཞག་པར་བྱ་སྟེ། ཆོམ་རྐུན་པ་དག་ངེས་པར་དགའ་བ་བསྐྱེད་པའི་ཕྱིར་དུའོ། །ཕྲན་ཚེགས་ལས། དགོན་པའི་དགེ་སློང་གིས་རྟག་ཏུ་མེ་དང་ཕྱེ་ཉུང་ཟད་དང་རས་མ་དང་འབྲས་ཆན་དང་ཟན་རང་གི་ལྷག་མ་དང་མར་དང་འབྲུ་མར་དག་གཞག་པར་བྱ། རྒྱུ་སྐར་དང་ཚེས་གྲངས་དང་ཉི་མ་དང་ཕྱོགས་དང་སྤྱོད་ཡུལ་ལ་མཁས་པར་བྱ། སྡེ་སྣོད་གསུམ་འཛིན་པ་དང་ཐ་ན་སྙན་པར་སྨྲ་བ་ཙམ་ལ་མཁས་པར་བྱ་ཞེས་སོ། །གཉིས་པ་ནི། ཀ་ཤི་ཀའི་ཚོང་བརྡལ་དུ་རྒན་ཞུགས་ཕ་བུ་གཉིས་ཀྱིས་ཚོང་དཔོན་གྱི་འབྲེག་མཁན་བྱས་པས། ཚུལ་ལྡན་སྔར་ཁྱིམ་པའི་དུས་སུ་བཟོ་ཤེས་པ་ཉིད་ཀྱིས་ཕྱིས་དགེ་སློང་གི་དུས་སུ་རང་གི་བཟོ་ཆ་སྤང་བར་བྱའོ། །སྔོན་སྨན་པ་ཡིན་ན་གཙག་བུ་སོགས་འཆང་བར་བྱེད་པ་ལ་བཀག་པ་མེད་ལ། སྔོན་སྐྲ་འབྲེག་མཁན་ཡིན་ན་ནི་འབྲེག་སྤྱད་འཆང་བ་ལ་བཀག་པ་མེད་དོ། །ཡོན་ཏན་འཕེལ་བར་བྱ་བའི་ཆོ་ག་བསྟན་ཟིན་ཏོ། །གསུམ་པ་ལམ་ལ་བརྩོན་པར་བྱ་བ་ལ་གསུམ་སྟེ། མདོར་བསྟན་དང༌། རྒྱས་བཤད་དང༌། དོན་བསྡུ་བའོ། །དང་པོ་ནི། འཚོ་བ་སོགས་ཀྱིས་ཕོངས་པའི་ཚེ་ན་ཡང་དགེ་སློང་གིས་ཐར་པའི་ལམ་ཉམས་སུ་ལེན་པའི་བརྩོན་འགྲུས་ལ་དགའ་བ་དོར་བར་མི་བྱ་སྟེ། རབ་ཏུ་བྱུང་བ་ནི་ཐར་ལམ་ལ་བརྩོན་འགྲུས་རྩོམ་པའི་ངོ་བོ་ཅན་ཉིད་དུ་གནས་དགོས་པས་སོ། །བརྩོན་འགྲུས་དེ་སྤངས་ན་ངེས་པར་འགལ་ཚབས་ཅན་དུ་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། ལམ་གྱི་རྒྱུ་ལུང་ནོད་པ་དང༌། ལམ་གྱི་མཐུན་རྐྱེན་བསྒྲུབ་པ་དང༌། གཞན་དོན་བྱ་ཞིང་མ་དད་པ་སྤང་བ་དང༌། ཉམས་སུ་བླང་བྱ་ལམ་གྱི་ངོ་བོའོ། །དང་པོ་ལ་གཉིས་ཏེ། རྗེས་བསྟན་དང༌། གདམས་ངག་གོ །དང་པོ་ནི། བསམ་པས་དགེ་བ་ལ་སྤྲོ་བ་གོ་ཆའི་བརྩོན་འགྲུས་རྩོམ་པ་ཅན་དང༌། སླར་སྦྱོར་བས་དགེ་བ་ལ་སྤྱོད་པ་དང་བཅས་པ་གཉིས་པོ་གང་དག་ནི་རྗེས་སུ་བསྟན་པར་ཡང་དག་པར་ཤེས་པར་བྱ་སྟེ། འདི་གཉིས་ནི་ཐོབ་ཟིན་གྱི་དགེ་བ་འཕེལ་བར་བྱེད་པས་སོ། །རྗེས་བསྟན་དེ་མེད་ན་གང་ཟག་དེ་ལ་ལྟ་བ་སྟེ་ཐོས་བྱུང་དང༌། དད་པ་སྟེ་བསམ་བྱུང་དང༌། སྒོམ་པའི་ཤེས་རབ་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ་གདམས་དག་ནི། གོ་ར་ཞེས་པའི་རྒྱལ་པོས་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བའི་བྲན་བུ་དང༌། སྐྱོང་བ་ཞེས་བྱ་བས་འོད་སྲུང་གི་བསྟན་པ་ལ་གདམས་ངག་མེད་པར་བསམ་གཏན་བྱས་པས་ལྟ་བ་ངན་པར་གྱུར་བ་ལ་བརྟེན་ནས་བླ་མའི་མན་ངག་དང་བྲལ་བའི་གང་ཟག་གིས་སེམས་བསམ་གཏན་ལ་སྦྱོར་བར་མི་བྱའོ། །གལ་ཏེ་དེ་ལྟར་སྦྱར་ན་ལྟ་བ་འཁྲུལ་བ་ཅན་ཉིད་དུ་གནས་པར་འགྱུར་རོ། །གདམས་ངག་མེད་ན་བསམ་གཏན་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ཡང་རྙེད་པར་དཀའ་སྟེ། འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ། །གཉིས་པ་ལམ་གྱི་མཐུན་རྐྱེན་བསྒྲུབ་པ་ལ་གཉིས་ཏེ། གནས་དང་ཡོ་བྱད་བསྒྲུབ་པ་དང༌། འཁོར་བསྒྲུབ་པའོ། །དང་པོ་ནི། གྲོང་ཐི་པ་ཅན་གྱི་བྲམ་ཟེ་ཚེ་དང་ལྡན་པ་སྨྲ་འདོད་ལུས་ཀྱི་དྲི་མི་ཞིམ་པས་སེམས་རྩེ་གཅིག་པ་མ་ཐོབ་ནས་སྟོན་པས་ཀུན་དགའ་བོ་བཏང་ནས་གནས་དྲི་ཞིམ་པོས་བརྒྱན་པས་གྲོལ་བ་ལ་བརྟེན་ནས་བསམ་གཏན་དག་པར་བྱེད་པའི་ཐབས་སུ་འགྱུར་ན་གནས་ཁང་དང་གོས་དང་མལ་སྟན་སོགས་ལ་དྲི་ཞིམ་པོའི་སྤོས་ཀྱིས་བདུག་པ་དང་མེ་ཏོག་དྲི་ཞིམ་པོས་ཀྱང་བདུག་གོ །བསམ་གཏན་དག་པར་བྱེད་པའི་ཐབས་སུ་འགྱུར་བ་འདི་ལས་གཞན་དུ་བྱ་བ་མིན་ནོ། །ཤིང་དྲུང་དང་ཤིང་གི་མེ་ཏོག་དང་འབྲས་བུ་ལ་སོགས་ཁྱིམ་པ་ལ་མི་མཁོ་བ་དག་ཁྱིམ་པ་དེ་ཡིས་བྱིན་ན་ལག་གི་གླ་ཡིས་ཤིང་དག་གི་དངོས་པོ་ཚོན་གྱི་ལས་གཅོད་པ་ལ་སོགས་པ་ཡང་ཉེས་པ་མེད་དོ། །གཉིས་པ་འཁོར་བསྒྲུབ་པ་ནི། སེམས་རབ་ཏུ་ཞི་ཞིང་དུལ་བ་དང་ལུས་ངག་གི་ཀུན་སྤྱོད་ལ་མཁས་པའི་སྐྱེས་བུ་དགེ་སློང་གི་སྤྱོད་ཡུལ་དུ་གྱུར་ཅིང་རབ་ཏུ་བྱུང་བར་འདོད་པ་བྱུང་ན་རབ་ཏུ་འབད་པ་ཡིས་བར་ཆད་ཡོད་མེད་བརྟགས་ནས་རབ་ཏུ་ཕྱུང་སྟེ། དེ་ནས་ལྷན་ཅིག་གནས་པའི་སློབ་མར་གཟུང་གི མ་བརྟགས་པར་གཟུང་བར་བྱ་བ་མ་ཡིན་ནོ། །གསུམ་པ་གཞན་དོན་བྱ་ཞིང་མ་དད་པ་སྤང་བ་ནི། གལ་ཏེ་བུད་མེད་གང་དག་ཆུ་དང་མེ་ཡི་ནང་ལ་སོགས་པར་འཆི་བར་འགྱུར་བ་མཐོང་ན་སྙིང་རྗེ་དང་ལྡན་པའི་དགེ་སློང་གིས་ལག་པས་བཟུང་ནས་དེ་འདོན་པར་བྱེད་པ་ལ་ཉེས་པ་མེད་དོ། །སྔོན་རི་མོ་དང་ལྡེར་སོ་སོགས་ཀྱི་གཟུགས་བརྙན་རྣམས་ཀྱི་བཟོ་ཤེས་པས་རི་མོ་སོགས་གང་དེ་བྱེད་པར་འདོད་པ་ན་སྡོམ་བརྩོན་ཅན་གྱི་བྱ་བ་སྟེ། འཇིག་རྟེན་པ་རྣམས་ཀྱིས་སེམས་བསྲུང་བའི་ཕྱིར་རོ། །འཇིག་རྟེན་གྱི་མ་དད་པ་སྤང་བའི་དོན་དུ་མཁར་གྱི་སྒོ་དང་དེ་བཞིན་དུ་ཁང་བཟང་དང་ཁང་བཟང་གི་སྒོར་དགེ་སློང་གིས་བུད་མེད་རྣམས་དང་ལྷན་ཅིག་ཏུ་འདུག་པ་དང་གཏམ་དང་རེག་པ་སོགས་མི་བྱའོ། །བཞི་པ་ལམ་གྱི་ངོ་བོ་བསྟན་པ་ནི། རབ་བྱུང་རྣམས་ཐར་ལམ་ལ་བརྩོན་འགྲུས་རྩོམ་པ་ཅན་གྱི་བདག་ཉིད་ཡིན་པ་དེའི་ཕྱིར། གཟུགས་སོགས་འདོད་ཡོན་རྣམ་པ་ལྔའི་ཡུལ་ལ་ཞེན་པ་རྟག་ཏུ་སྤངས་ནས་ཀྱང་རྒྱུན་དུ་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་གི་རྣལ་འབྱོར་རྣམས་ཡང་དག་པར་བསྒོམ་པར་བྱའོ། །བཞི་པོ་འདི་དག་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་ཚུལ་དུ་བསྒོམ་སྟེ། ཞི་གནས་བསྒོམ་ཚུལ་ནི། དབུགས་དབྱུང་རྔུབ་ལ་སེམས་རྩེ་གཅིག་ཏུ་གཏོད་པ་དང༌། མི་སྡུག་པའི་ཏིང་ངེ་འཛིན་བསྒོམས་པ་སོགས་སོ། །མཛོད་ལས། ཀེང་རུས་ཆགས་ཅན་ཐམས་ཅད་ལ། །རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །ཀེང་རུས་དང་ནི་ཐོད་ཕྱེད་པར། །བཏང་བས་སྦྱང་བར་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཞེས་དང༌། འགྲེལ་བ་ལས། དབུགས་རྔུབ་དབུགས་དབྱུང་དྲན་པ་འདི། །བགྲང་དང་རྗེས་འགྲོ་འཇོག་པ་དང༌། །རྟོག་པ་དང་ནི་བསྒྱུར་བ་དང༌། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་འབྱུང་བ་ཡིན་ནོ། །ལྷག་མཐོང་བསྒོམ་པ་ནི། ཕྱིན་ཅི་ལོག་བཞིའི་གཉེན་པོར་ལུས་ལ་སོགས་པ་ལ་རང་སྤྱིའི་མཚན་ཉིད་གཉིས་གཉིས་ཀྱི་སྒོ་ནས་ཤེས་རབ་ཀྱིས་བརྟགས་ནས་བསྒོམ་སྟེ། ཇི་སྐད་དུ་མཛོད་ལས། དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཞེས་པ་ལྟར་རོ། །གསུམ་པ་དོན་བསྡུ་བ་ནི། དྲན་པ་ཉེར་གཞག་བསྒོམ་དགོས་པ་གང་གི་ཕྱིར་ན་དྲན་པ་ཉེར་གཞག་གི་ལམ་འདི་ནི་འགྲོ་བ་ལ་ཕན་པར་བཞེད་པའི་འདས་པའི་སངས་རྒྱས་ཀུན་གྱི་ལམ་སྟེ། དེར་མ་ཟད་མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། ཉན་ཐོས་རྣམས་ཀྱི་ཡང་སྔོན་དུ་འགྲོ་བའི་ལམ་ཡིན་ནོ། །བསྒོམ་ཚུལ་རྒྱས་པར་ནི་མཛོད་དུ་ཤེས་པར་བྱའོ། །དུས་རྒྱུན་དུ་བྱ་བའི་རིམ་པ་བསྟན་ཟིན་ཏོ། །གཉིས་པ་བླ་མ་བསྟེན་པའི་ཚུལ་ལ་གཉིས་ཏེ། གནས་དང་གནས་པའི་ཚུལ་ཁྲིམས། གནས་པའི་ཚུལ་ཁྲིམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་སྟེ། གནས་དང་གནས་པ་ཕན་ཚུན་དུ་བརྟག་པ། གནས་དང་གནས་པའི་མཚན་ཉིད། འཇིག་མི་འཇིག་ཞར་བྱུང་དང་བཅས་པ། གནས་པ་ལམ་དུ་གཞུག་པའི་ཚུལ། གནས་བཙལ་ནས་ཕན་ཚུན་སེམས་བསྲུང་བའོ། །དང་པོ་ནི། གནས་ཀྱི་བླ་མ་མཚན་ཉིད་དང་ལྡན་མི་ལྡན་ལེགས་པར་བརྟགས་ནས་གནས་སུ་འོས་པར་མཐོང་ན་འདུལ་བའི་ཆོ་ག་བཞིན་དུ་གནས་སུ་གཟུང་ངོ༌། །མཁན་པོ་ལ་ནི་གནས་སུ་བྱ་བའི་ཆོ་ག་མི་དགོས་ཏེ། མཁན་པོ་ཉིད་ཀྱིས་གནས་སུ་གྲུབ་ཟིན་པས་སོ། །ཡང་གནས་ཀྱི་བླ་མས་ཀྱང་ནི་མཚན་ཉིད་ལྡན་མི་ལྡན་ཡོངས་སུ་བརྟགས་པའི་གནས་པ་སློབ་མ་ཡོངས་སུ་གཟུང་བར་བྱ་ཡི། གནས་དང་གནས་པ་ཕན་ཚུན་སྐྱོན་དང་བཅས་པ་ཡིས་གནས་དང་གནས་པའི་ཆོ་ག་བྱས་ན་གཉིས་ཀ་ལ་ངེས་པར་འགལ་ཚབས་ཅན་དུ་འགྱུར་རོ། །ཇི་ལྟར་རྟོག་པའི་ཚུལ་ནི། གནས་དང་གནས་པ་གང་གིས་གཉིས་ཀ་དག་ཀྱང་ནི་ཕན་ཚུན་འོག་ནས་འབྱུང་བ་འདི་ལྟར་མཚན་ཉིད་ཡོངས་སུ་བརྟག་གོ །གཉིས་པ་ལ་བླ་མའི་མཚན་ཉིད་ནི། ཚུལ་ཁྲིམས་དང་ལྡན་པ་དང༌། ན་བའི་དུས་སུ་ནད་གཡོག་བྱེད་པ་དང༌། ཆོས་དང་ཟང་ཟིང་ལ་སེར་སྣ་མེད་པ་དང༌། གདམས་ངག་ཀྱང་དུས་སུ་འདོམས་པའི་བླ་མ་ནི་གནས་ཀྱི་བླ་མའི་ཡོན་ཏན་དང་ལྡན་པར་ཤེས་པར་བྱའོ། །སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང༌། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་སོ། །གནས་པ་སློབ་མའི་མཚན་ཉིད་ནི། ཚུལ་ཁྲིམས་དང་ལྡན་པ་དང་ཆོས་བསྟན་པའི་དོན་བདེ་བླག་ཏུ་རིག་པའི་ཤེས་རབ་ཅན་དང༌། སྒོ་གསུམ་དུལ་ཞིང་བླ་མའི་བྱ་བ་ལ་དཀའ་སྤྱད་བཟོད་པ་དང་ལྡན་པ་དང༌། བླ་མ་ལ་རྟག་ཏུ་གུས་པའོ། །སྒྲུབ་པ་བསམ་གཏན་དང༌། ཀློག་པ་ཐོས་བསམ་གྱི་ལས་དང་ཡང་ལྡན་པའོ། །གནས་པ་ངན་པའི་མཚན་ཉིད་ནི་བླ་མ་ལ་ཕྱག་མི་བྱེད་པ་དང༌། བླ་མས་བསྒོ་བ་མི་ཉན་པར་རང་དབང་ཅན་དུ་གནས་པ་དང༌། མཁན་པོ་དང་ཕྲད་པ་ལས་རྗེས་སུ་བསྟན་པ་མི་སློབ་ཅིང༌། དེ་བཞིན་དུ་མཁན་པོ་དང་སློབ་དཔོན་གྱི་མི་མཐུན་པའི་ཕྱོགས་ལ་བརྟེན་པར་བྱེད་པའོ། །འདི་དག་ལ་ནི་གཞན་གནས་ཀྱི་སློབ་དཔོན་དེས་གནས་ཀྱི་བྱ་བ་བྱེད་པ་ལ་ལྟོས་པ་མེད་པ་ཡིན་ནོ། །ཕྱག་མི་བྱེད་པ་སོགས་ཀྱི་ངན་པའི་ཆོས་དང་ལྡན་པ་འདི་ནི་གནས་པ་ངན་པར་ཤེས་པར་བྱ་སྟེ། གནས་ཀྱི་སློབ་དཔོན་གྱིས་འདི་བཏང་ནས་གནས་པ་གཞན་ནི་ཡང་དག་པར་བཟུང་ངོ༌། །གསུམ་པ་འཇིག་མི་འཇིག་ཞར་བྱུང་དང་བཅས་པ་ནི། གནས་ཀྱི་སློབ་དཔོན་གྱིས་ལེགས་པར་བསྐྱངས་པའི་གནས་པ་ཞིག་གཞན་དུ་སོང་བ་ལས་འགྱོད་དེ་ལམ་ནས་ལོག་ནས་ད་གདོད་གནས་བཅའ་དགོས་སྙམ་པ་ན། བླ་མས་ལྟོས་པ་མ་སྤངས་པའི་ཕྱིར་བཅའ་མི་དགོས་ཞེས་སྟོན་པ་ནི་དཔོན་སློབ་གཉིས་ཀས་ཕན་ཚུན་ལྟོས་པ་སྤངས་པ་ལ་གནས་ནི་འཇིག་པར་བརྗོད་པ་ཡིན་ལ། གལ་ཏེ་དཔོན་སློབ་གང་རུང་གཅིག་གིས་ཀྱང་ལྟོས་པ་དང་བཅས་པ་ཡིན་ན་ནི་སླར་ཡང་གནས་པ་གཞན་ནི་མི་གཟུང་ངོ༌། །སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་གནས་གཞན་དུ་གོས་དང་ལྷུང་བཟེད་ལེན་དུ་སོང་བའི་དགེ་སློང་ཞིག་གིས་ཞག་གཅིག་ལས་གནས་བཅས་པ་ལ་བརྟེན་ནས་ཕྱོགས་གང་དུ་དགོས་པས་འགྲོ་བ་ན་སླར་ཡང་ཕྱིར་མྱུར་དུ་འོང་བར་འདོད་པ་ཡིས་ཕྱིར་འགྲོ་བའི་དུས་སུ་གནས་ཀྱི་བླ་མ་དེ་ལ་གོ་བར་བྱས་ཏེ། ཞག་ལྔའི་བར་དུ་ལུས་ཀྱང་སྔ་མའི་སློབ་དཔོན་ཉིད་ལས་གཞན་མི་བཙལ་ལོ། །གནས་མེད་པར་ཕྱོགས་གཞན་དུ་སོང་བ་དག་གིས་ཀྱང་ཞག་ལྔའི་བར་དུ་ཚོགས་ཀྱི་རྙེད་པའི་སྐལ་བ་དབང་བ་ཡིན་ནོ། །གནས་ཀྱང་རྐྱེན་དབང་མ་གཏོགས་པར་ཞག་ལྔ་དེ་ཙམ་ལས་ལྷག་པར་གནས་མེད་དུ་བསྡད་པར་རུང་བ་མ་ཡིན་ཏེ། གང་གི་ཕྱིར་ན་ཡུན་རིང་དུ་བསྡད་ན་གནས་ལ་མ་བརྟེན་པའི་ཉེས་པ་ཡོད་པའི་ཕྱིར། གལ་ཏེ་ཕྱོགས་དེར་གནས་སུ་གཟུང་བར་འོས་པ་མེད་པའམ་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བ་སོགས་ཡིན་ན་ཉེས་པ་མེད་དོ། །བཞི་པ་གནས་པ་ལམ་དུ་གཞུག་པ་ལ་གསུམ། ཆད་པའི་གོ་རིམ་དབྱེ་བ་དང་བཅས་པ་དང༌། བཟོད་པར་འོས་པ་དང་མི་འོས་པ་དང༌། བསྙེན་པར་མ་རྫོགས་པ་བསྐྲད་པའི་ཚུལ་ལོ། །དང་པོ་ནི། སྡོམ་བརྩོན་གྱི་དགེ་སློང་སྐྱོན་ཅན་དག་དགེ་འདུན་གྱི་གཙུག་ལག་ཁང་ལས་དང་པོ་ནས་མི་དབྱུང་སྟེ། དགེ་སློང་གཙུག་ལག་ཁང་གི་མངའ་བདག་ཡིན་པའི་ཕྱིར། འོ་ན་ཇི་ལྟར་བྱ་ཞེ་ན། ཆད་པས་གཅད་པར་བྱ་སྟེ། ཆད་པ་ནི་རྣམ་པ་ལྔ་ཞེས་བརྗོད་དོ། །ལྔ་གང་ཞེ་ན། གཞན་གྱིས་གནས་འཆའ་བ་བཟློག་པར་བྱ་བ་དང༌། ཀློག་པ་སློབ་པ་དགག་པ་དང༌། གདམས་ངག་དགག་པ་དང༌། ལོངས་སྤྱོད་གཅིག་ཏུ་བྱེད་པ་དགག་པ་དང༌། ཡང་དག་པར་སྨྲ་བ་དགག་པའོ། །གཉིས་པ་བཟོད་པར་འོས་པ་དང་མི་འོས་པ་ནི། ཅི་སྟེ་ཆད་པ་གཅོད་པའི་རྒྱུ་གཏང་ཞིང་བཟོད་པར་གསོལ་བ་ཉིད་ཡིན་ན་དེ་ལ་བཟོད་པ་ལེན་པར་རྗེས་སུ་གནང་བར་འོས་སོ། །ཆད་པ་གཅད་པ་དང་བཟོད་པར་གསོལ་བར་མི་འོས་པ་ཡིན་ན་མི་འོས་པ་གཉིས་ཀ་ལ་ཆད་པ་དང་བཟོད་པ་དེ་བྱེད་ན་ནི་འགལ་ཚབས་ཅན་དུ་འགྱུར་རོ། །བཟོད་པ་བླང་བར་མི་འོས་པ་ནི་བླ་མ་ལ་མ་དད་པ་དང་དགེ་བ་ལ་མི་སྤྲོ་བའི་ལེ་ལོ་ཅན་དག་དང༌། གཞན་ལ་གདུག་སེམས་ཅན་དང༌། ཚིག་ངན་སྨྲ་བ་ཅན་དང༌། སྡིག་པའི་གྲོགས་སུ་གྱུར་པ་དང༌། དགེ་འདུན་ལ་མ་གུས་པའི་བཟོད་པ་བླང་བར་མི་བྱའོ། །གསུམ་པ་བསྙེན་པར་མ་རྫོགས་པ་བསྐྲད་པའི་ཚུལ་ནི། བླ་མས་བསྐྲད་པར་འོས་མི་འོས་ལེགས་པར་ཡོངས་སུ་བརྟགས་ཏེ་འོས་ན་དགེ་ཚུལ་ཡང་ནི་བསྐྲད་པར་བྱའོ། །ཇི་ལྟར་ན། མཐང་གོས་དང་བླ་གོས་དང་བཅས་པ་བསྐོན་ཞིང་ཆུ་ཚགས་དང་ཟས་ཀྱི་སྣོད་ལྷུང་བཟེད་དང་ཡང་བཅས་པ་བྱིན་ནས་སོ། །དགེ་ཚུལ་གཞོན་པ་བསྙེན་པར་རྫོགས་པར་འདོད་པ་དེ་ལ་རང་ལ་འོས་པའི་ཡོ་བྱད་ཆོས་གོས་གསུམ་དང་གདིང་བ་དང་ཆུ་ཚགས་དང་ལྷུང་བཟེད་དང་དྲུག་པོ་བྱིན་ནས་སུ་བླ་མས་བསྐྲད་པར་བྱ་བ་སྟེ། བསྐྲད་པར་བྱ་བ་མིན་ན་བཟོད་པར་བྱ་བར་འོས་སོ། །ལྔ་པ་གནས་བཙལ་ནས་ཕན་ཚུན་སེམས་བསྲུང་བ་ནི། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་ཞིང་ལྔ་ཕྲུགས་ཐ་མ་དང་མི་ལྡན་པ་དེ་ནི་གནས་ཀྱི་སློབ་དཔོན་མེད་པར་ངེས་པར་ཞག་གཅིག་ཀྱང་འདུག་པར་མི་བྱའོ། །གནས་ཀྱི་སློབ་དཔོན་མ་བརྟེན་པ་ལ་ཉེས་པ་ཡོད་པ་ལས་གཞན་དུ་ཉེས་པ་མེད་པ་ནི་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པར་གྱུར་ཅིང་འདུལ་བའི་དོན་རིག་པའི་ལྔ་ཕྲུགས་དང་ལྡན་པ་ནི་ལྗོངས་རྒྱུ་བའི་ལམ་དུའོ། །མདོ་རྩ་བ་ལས། ལོ་ལྔ་ལོན་ཞིང་ལྷན་ཅིག་སྦྱར་བ་ཐ་མ་དང་ལྡན་ན་ཞེས་པ་ལྟར་རོ། །གནས་པ་སློབ་མ་དེས་གཙུག་ལག་ཁང་གཞན་དུ་ཕྱིན་ནས་ནི་གནས་ཀྱི་སློབ་དཔོན་མེད་པར་ཞག་ལྔ་ལོན་ཀྱང་དེ་ཡིས་སྦྱོར་བ་མ་བཏང་བར་གནས་ཀྱི་སློབ་དཔོན་བཙལ་བར་བྱ་སྟེ། གནས་ཀྱི་སློབ་དཔོན་དེ་མེད་པར་འདུག་པར་མི་བྱའོ། །གནས་ཀྱི་བླ་མ་རྣམས་ལ་ཡན་ལག་གི་དྲིལ་ཕྱི་དང་ཆོས་གོས་ཀྱི་ཁ་བསྒྱུར་བའི་ཚོན་སོགས་ཀྱི་ལས་ཀྱི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱ་བ་ནི་གནས་པ་སློབ་མ་རྣམས་ཀྱི་ཆོས་ཉིད་དོ། །གནས་ཀྱི་བླ་མ་བླང་དོར་གྱི་ཚུལ་ཤེས་པའི་ཡོན་ཏན་དང་ལྡན་པས་ཀྱང་རང་གི་བྱ་བ་གནས་པ་དགེ་བ་ལ་སྦྱོར་བ་སོགས་ཀྱི་གནས་སྐབས་ཤེས་པར་བྱ་སྟེ། ཇི་སྐད་བརྗོད་པ་འདི་དག་ནི་བླ་མ་དང་སློབ་མས་ཀྱང་རྟག་ཏུ་ཡོངས་སུ་བསྲུང་བར་བྱ་བའི་བསླབ་བྱ་ཡིན་ནོ། །གཉིས་པ་གནས་པའི་ཚུལ་ཁྲིམས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ལ་གསུམ། གང་ལ་བསྙེན་བཀུར་བ་དང༌། གང་གིས་བཀུར་བ་དང༌། དུས་ཇི་སྲིད་ན་བཀུར་བའོ། །དང་པོ་ནི། ཀློག་པའི་སློབ་དཔོན་ན་བ་མ་བལྟས་པ་སོས་ནས་ལུང་ཕོག་བྱས་པས། གང་ཞིག་ཁྱོད་ལྟ་བུ་མ་གུས་པ་ལ་དང་པོར་ཀློག་ཏུ་འཇུག་པ་དེ་དག་ལས་ཀློགས་ཤིག་ཅེས་སྨྲས་པ་ལ་བརྟེན་ནས་གནས་ཀྱི་སློབ་དཔོན་དུ་མ་ཟད་ཀློག་པའི་སློབ་དཔོན་ལ་ཡང་སློབ་མ་མཁས་པས་དགོས་པའི་བྱ་བ་བསྒྲུབ་པའི་ཉེ་གནས་བྱ་བ་སྟེ། མན་ངག་འབོགས་པ་དེ་ལ་རག་ལས་པའི་ཕྱིར་རོ། །གལ་ཏེ་གཉིས་ཀ་དུས་མཉམ་དུ་ན་ན་སུའི་ཞབས་ཏོག་བྱ་ཞེ་ན། ཕྲན་ཚེགས་ལས། གལ་ཏེ་ནུས་ན་གཉིས་ཀའི་བྱའོ། །དེ་ལྟར་མི་ནུས་གནས་ཀྱི་སློབ་དཔོན་ལ་བྱ་སྟེ། འདི་ལྟར་ཀློག་པ་མེད་པར་ནི་འདུག་ཏུ་རུང་གི གནས་མེད་པར་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར། སློབ་མའི་ཀུན་སྤྱོད་ཁྱད་པར་དུ་འཕགས་པ་གནས་ཀྱི་སློབ་དཔོན་དག་ལ་གཙོ་བོར་བྱའོ། །སློབ་མས་ཀློག་པའི་སློབ་དཔོན་མེད་པར་མི་གནས་ཤིང༌། གནས་ཀྱི་སློབ་དཔོན་མེད་པར་ཡང་ནི་མ་ཡིན་ཏེ་གཉིས་ཀ་ལ་བརྟེན་དགོས་སོ། །གཉིས་ཀ་ལ་བརྟེན་དགོས་པ་དེ་ལྟ་ནའང་སེམས་ནི་གནས་ཀྱི་སློབ་དཔོན་ལ་དེ་ལྟར་ཞེན་པར་བྱའོ། །གཉིས་པ་གང་གིས་བཀུར་བ་ནི། མངོན་པ་ལ་སོགས་པའི་སྡེ་སྣོད་གསུམ་ཤེས་ཤིང་ཉོན་མོངས་པ་ཟད་པའི་དགྲ་བཅོམ་པ་ཡིན་ཡང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་མ་ཡིན་ན་སྟོན་པའི་བཀའ་མདུན་དུ་སྟེ་དཔང་པོར་བྱས་ནས་དེས་ཀྱང་གནས་ཀྱི་སློབ་དཔོན་གཟུང་བར་བྱའོ། །གསུམ་པ་དུས་ཇི་སྲིད་ན་བཀུར་པ་ནི། ཚེ་དང་ལྡན་པ་དག་ལྡན་གྱིས་ཞུས་པ་ལ་བརྟེན་ནས་སློབ་མ་ཐག་རིང་བར་གནས་པ་ཡིས་ནི་ཟླ་བ་ཕྱེད་ན་གནས་སྟེར་བའི་སློབ་དཔོན་ལ་ཕྱག་བྱའོ། །གཞོན་ནུ་ཞིག་གིས་སློབ་དཔོན་ལ་གསོ་སྦྱོང་གི་ཚེ་གསོ་སྦྱོང་བྱིན་གྱིས་རློབས་བྱས་པས། ཁྱོད་ལྟ་བུ་མ་གུས་ཤིང་ཞེས་མེད་པ་ཟེར་པ་ལ་བརྟེན་ནས་ཐག་ཉེ་བར་གནས་པ་ཡིས་ནི་ཟླ་ཕྱེད་དེའི་ཕྱེད་ཞག་བདུན་བརྒྱད་ཙམ་ལའོ། །གཙུག་ལག་ཁང་ན་གནས་པས་ནི་རབ་ཏུ་བརྩོན་པས་ཉིན་རེ་ལན་གསུམ་དུའོ། །གནས་ཉེ་རིང་གི་ཚད་ནི། ཟླ་བ་ཕྱེད་ནས་ཕྱག་བྱེད་དགོས་པ་ནི་གང་ཞིག་དཔག་ཚད་ཕྱེད་དང་གསུམ་ན་གནས་པས་སོ། །ཟླ་ཕྱེད་དེའི་ཕྱེད་ན་གནས་པས་ཕྱག་བྱེད་དགོས་པ་ནི་ཕྱེད་དང་གསུམ་དེའི་ཕྱེད་དཔག་ཚད་གཅིག་དང་བཞི་ཆ་ན་གནས་པ་ཡིས་སོ། །ཉིན་རེ་ལ་ལན་གསུམ་དུ་བྱེད་དགོས་པ་ནི་གཙུག་ལག་ཁང་དེར་གནས་པ་ཉིད་ཀྱིས་སོ། །སྤྱིར་བཏང་བསྟན་ཟིན་ཏོ། །དམིགས་བསལ་བསྟན་པ་ནི། དབྱར་ཕྱི་མའི་དུས་སུ་གནས་ཀྱི་སློབ་དཔོན་འདས་ན་ཇི་ལྟར་བྱ་ཞེ་ན། གལ་ཏེ་དབྱར་ཕྱི་མའི་དུས་ལ་བླ་མ་དུས་ལས་འདས་པར་གྱུར་ན་གནས་པ་སོ་སོའི་རྟེན་གྱིས་ཕན་ཚུན་གཅིག་གིས་གཅིག་ལ་བལྟས་ཏེ་བྱ་བ་ཞུས་ནས་ཡང་ནི་གནས་པར་བྱའོ། །དབྱར་གནས་པར་གྱུར་པའི་དུས་སུ་གནས་ཀྱི་སློབ་དཔོན་འདས་པ་ན་གལ་ཏེ་གནས་བཅའ་བར་འོས་པའི་རྒན་པ་འདུག་པའི་དོན་རིག་པ་མ་རྙེད་ན་གནས་བཅའ་བར་འོས་པ་གཉིས་པ་མེད་པའི་ཕྱིར་གནས་དེར་ནི་གསོ་སྦྱོང་གི་དུས་བསྒུག་པར་མི་བྱ་སྟེ། གསོ་སྦྱོང་ལས་གནས་ཀྱི་སློབ་དཔོན་ལ་བརྟེན་པ་གལ་ཆེ་བའི་ཕྱིར་རོ། །བླ་མ་བསྟེན་པའི་ཚུལ་བསྟེན་ཟིན་ཏོ། །གསུམ་པ་བསླབ་པ་ཡོངས་སུ་སྦྱོང་བའི་ཆོ་ག་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གཞི་དང༌། བསམ་པ་དང༌། ངོ་བོ་དང༌། ཉམས་སུ་མྱོང་བ་དང༌། ཆགས་པའི་དུས་དང་ལྔ་ལས། དང་པོ་ལ། དགེ་འདུན་དང༌། ལས་མཁན་དང༌། བསྒྲུབ་བྱ་གསུམ་གྱི་དང་པོ་ལ། གྲངས་དང༌། མཚན་ཉིད་དང༌། མི་མཐུན་པ་མེད་པ་གསུམ་ལས། དང་པོ་གྲངས་ནི་བཅུ་གཅིག་སྟེ། དགེ་སློང་མའི་དབྱུང་བ་ལ་བཞི་བཅུ་དང༌། དབུས་སུ་བུད་མེད་བསྙེན་པར་རྫོགས་པ་ལ་ཉི་ཤུ་རྩ་གཉིས་དང༌། དགེ་སློང་དབྱུང་བ་ལ་ཉི་ཤུ་དང༌། སྔོན་རོལ་གྱི་སྡོམ་པ་དང་འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་ལ་བཅུ་གཉིས་དང༌། བུད་མེད་བསྙེན་པར་རྫོགས་པ་ལ་བཅུ་གཅིག་དང༌། སྐྱེས་པ་དབུས་སུ་བསྙེན་པར་རྫོགས་པ་ལ་བཅུ་དང༌། དགེ་སློང་མའི་དགག་དབྱེ་ལ་དགུ་དང༌། མགུ་བའི་ཡུལ་ལ་བརྒྱད་དང༌། སྔོན་རོལ་གྱི་སྡོམ་པ་ལ་སོགས་པ་མཐའ་འཁོབ་ཏུ་དྲུག་དང༌། དགག་དབྱེ་དང་སྐྱེས་པ་མཐའ་འཁོབ་ཏུ་བསྙེན་པར་རྫོགས་པ་ལ་ལྔ་དང༌། དེ་ལས་གཞན་པ་ལ་བཞིའོ། །གཉིས་པ་མཚན་ཉིད་ནི། བཅུ་བཞི་པོ་འདི་དག་མ་ཡིན་པ་སྟེ། མཚམས་ཀྱི་ཕྱི་རོལ་དང༌། མི་འདུག་པ་དང༌། གང་ལ་བྱ་བ་དང༌། འདུན་པ་ཡོངས་དག་ཕུལ་བ་དང༌། མ་རྫོགས་པ་དང༌། ཉམས་པ་དང༌། མཚམས་མེད་ཅན་དང༌། སྡིག་ལྟར་ཅན་དང༌། ས་གཞན་ན་གནས་པ་དང༌། ལས་བྱེ་བ་དང༌། འཁྲུལ་བཅས་དང༌། དཀོན་མཆོག་གཞན་དང༌། མཚན་མི་མཐུན་པ་དང༌། ཐ་སྙད་དང་མི་ལྡན་པའོ། །གསུམ་པ་མི་མཐུན་པ་མེད་པ་ནི། མ་འདུས་པ་དང༌། ཕྱིར་བཟློག་མེད་པའོ། །གཉིས་པ་ལས་མཁན་ནི། སྤྱིར་བཏང་ལ་ཁ་སྐོང་དང་ལྡན་ཞིང་ཆོ་ག་ཤེས་པ་དང༌། དམིགས་བསལ་ལ་ཆོ་ག་ཤེས་པ་ཙམ་མོ། །གསུམ་པ་བསྒྲུབ་བྱ་ལ་གཉིས་ཏེ། མཚམས་བཅད་པ་ལྟ་བུ་སེམས་ཅན་མ་ཡིན་པ་དང༌། སེམས་ཅན་ལ་བྱ་བའོ། །འདི་ལ་གཉིས་ཏེ། ལྷུང་བཟེད་ཁ་སྦུབ་ལྟ་བུ་ཁྱིམ་པ་དང༌། རབ་བྱུང་ལ་བྱ་བའོ། །འདི་ལ་གཉིས་ཏེ། རྫོགས་པ་དང༌། མ་རྫོགས་པ་ལ་བྱ་བའོ། །དང་པོ་ལ་དགེ་སློང་དང༌། དགེ་སློང་མ་ལ་བྱ་བ་གཉིས་ལས། དང་པོ་ལ་སྦྱིན་པ་དང༌། བསྐོ་བ་དང༌། ཆད་པས་གཅད་པ་དང༌། བཟློག་པ་དང༌། གྲངས་སུ་གཞུག་པ་སྟེ་དགེ་སློང་མ་དང་མ་རྫོགས་པ་ལ་ཡང་དེ་དག་ཉིད་དོ། །གཉིས་པ་བསམ་པ་ལ་གཉིས་ཏེ། འདུ་ཤེས་དང༌། ཀུན་སློང་ངོ༌། །འདུ་ཤེས་ལ་སེམས་ཅན་མ་ཡིན་པ་ལ་བྱ་བ་དང༌། ཆད་པས་གཅད་པ་དང༌། བཟློག་པ་དང༌། གྲངས་སུ་གཞུག་པ་ལ་དགེ་འདུན་གྱི་འདུ་ཤེས་དང༌། སྦྱིན་པ་དང་བསྐོ་བ་ལ་ཡུལ་གྱི་འདུ་ཤེས་ཀྱང་དགོས་སོ། །ཀུན་སློང་ནི་བསམ་པ་ཐག་པས་བྱེད་པའོ། །གསུམ་པ་ངོ་བོ་ལ། ཚང་བ་དང༌། མ་ནོར་བ་དང༌། མ་འཁྲུག་པ་གསུམ་ལས། དང་པོ་ནི། གསོལ་བ་ཉི་ཤུ་རྩ་བཞི་དང༌། གསོལ་གཉིས་བཞི་བཅུ་རྩ་བདུན་དང༌། གསོལ་བཞི་སུམ་ཅུ་སྟེ། གསང་དང་ནང་དུ་དྲི་ཕྱིར་དང༌། །གསོ་སྦྱོང་དེ་ལ་ལྟུང་བཅས་དང༌། །དེ་ལ་དགེ་འདུན་ཡིད་གཉིས་དང༌། །རྩོད་དང་ངེས་ཉིད་མ་ཡིན་དང༌། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང༌། །ཆོས་གོས་སྲ་བརྐྱང་གཏིང་བ་དང༌། །ཆོས་གོས་སྦྱིན་པར་བྱ་བ་དང༌། །གནས་ངན་ལེན་ནི་བརྗོད་པ་དང༌། །གྲངས་སུ་གཞུག་པ་བཞི་དག་དང༌། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང༌། །ལྷུང་བཟེད་ཁ་སྦུབ་བྱ་བ་དང༌། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གཉིས་པོ་དང༌། །མི་འབྲལ་སྨྱོས་དང་དགག་དབྱེ་དང༌། །གནས་མལ་སྟོབ་པར་བྱེད་པ་དང༌། །རུང་བའི་ས་གཞི་བསྐོ་བ་དང༌། །ས་བརྐྱང་དང་ནི་དེ་གདིང་དང༌། །སྤོང་དང་ལག་གི་གླ་དང་ནི། །གནང་ཁང་བསྐོ་ལ་སོགས་པ་དང༌། །གཟུ་དང་གསལ་དང་སྦེད་པ་དང༌། །ཚུལ་ཤིང་འབྲིམས་པར་བྱེད་པ་དང༌། །ཁང་པ་ཁང་ཆེན་བསྟེན་པ་དང༌། །གླེང་དང་འབྲལ་བར་མི་འགྱུར་དང༌། །རྟེན་དང་ལྷུང་བཟེད་འབྲིམས་པ་དང༌། །མ་དད་གོ་བར་བྱ་བ་དང༌། །སྟོན་པ་དང་ནི་ནགས་ཉུལ་དང༌། །ཕྱག་མི་བྱ་དང་མང་ཕྱིར་དང༌། །འཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང༌། །བསླབ་པ་སྦྱིན་དང་ཉེ་གནས་དང༌། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང༌། །མུ་སྟེགས་གནས་དང་མཚམས་དགྲོལ་དང༌། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང༌། །བརྒྱད་དང་ལྡན་དང་མ་མྱོས་དང༌། །དེ་ཉིད་འཚོལ་དུ་གཞུག་པ་དང༌། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་རྣམས། །གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་སོ། །གཉིས་པ་མ་ནོར་བ་ནི། གང་ལ་གང་གིས་བྱ་བར་གསུངས་པའི་ལས་དེ་ཉིད་བྱེད་པའོ། །གསུམ་པ་མ་འཁྲུགས་པ་ནི། སྤྱོད་ལམ་དང་ཚིག་དང་གོ་རིམ་མ་འཁྲུགས་པའོ། །བཞི་པ་ཉམས་སུ་མྱོང་བ་ནི། རང་རང་གི་དགེ་འདུན་གྱི་ཚིག་ཐོས་ཤིང་དོན་གོ་བའོ། །ལྔ་པ་ལས་ཆགས་པའི་དུས་ནི། ཚིག་འོག་མ་མེད་པ་ཕལ་ཆེར་བྱས་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། གསོ་སྦྱོང་དང༌། དགག་དབྱེ་དང༌། དབྱར་གནས་སོ། །དང་པོ་ལ་གསུམ། དམིགས་བསལ་གྱི་གསོ་སྦྱོང༌། སྤྱིར་བཏང་གི་གསོ་སྦྱོང༌། བྱིན་གྱིས་བརླབས་པའི་ཚུལ་ལོ། །དང་པོ་ནི། རྒྱལ་པོའི་ཁབ་ཏུ་དགེ་སློང་མང་པོས་ཞུས་པ་གསོ་སྦྱོང་བྱ་བར་གསུངས་པས་དགག་དབྱེའི་ཉིན་མོ་ཡང་གསོ་སྦྱོང་བྱས་པ་ལ་བརྟེན་ནས། སྡིག་པའི་ནད་གསོ་བར་བྱེད་པའི་སྨན་གྱིས་གསོ་སྦྱོང་ནི་དགག་དབྱེ་བྱས་ནས་སླར་ཡང་གསོ་སྦྱོང་བྱ་མི་དགོས་ཏེ། དགོས་པ་གཅིག་པའི་ཕྱིར་ཏེ། གསོ་སྦྱོང་ནི་སྡིག་པ་དག་པའི་ཆེད་དུ་ཡིན་ལ། དགག་དབྱེའི་ལས་ཀྱང་དེ་དག་ཉིད་ཀྱི་ཆེད་ཡིན་པའི་ཕྱིར་རོ། །འོ་ན་གཉིས་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྟོན་པས་དགེ་འདུན་རྣམས་ཕན་ཚུན་གདམས་པའི་དོན་དུ་ནི་དགག་དབྱེ་བྱ་བར་རྗེས་སུ་གནང་བ་ཡིན་ལ། ཟླ་ཕྱེད་རེ་རེའི་སྡིག་པ་རྣམས་ཡོངས་སུ་དག་པའི་ཕྱིར་དུ་ནི་གསོ་སྦྱོང་གནང་ངོ༌། །གཞུང་བླ་མ་ལས། གསོ་སྦྱོང་ནི་ལྔ་སྟེ། བཀླགས་པ་དང་མ་བཀླགས་པར་སེམས་བསྐྱེད་པ་དང༌། བྱིན་གྱིས་བརླབས་པ་དང༌། ཡོངས་སུ་དག་པ་དང༌། སྐབས་འབྱེད་པའོ་ཞེས་གསུངས་སོ། །གཉིས་པ་སྤྱིར་བཏང་གི་གསོ་སྦྱོང་ལ་བཞི་སྟེ། གསོ་སྦྱོང་བཟླས་སུ་རུང་བའི་དུས་དང༌། གསོ་སྦྱོང་གི་དབྱེ་བ་དང༌། གློ་བུར་ལྷགས་པ་གཙོ་བའི་སྐབས་དང༌། གསོ་སྦྱོང་འགྲུབ་བའི་རྒྱུའོ། །དང་པོ་ནི། གློ་བུར་ལྷགས་པ་དང་གཉུག་མར་གནས་པ་གསོ་སྦྱོང་བྱེད་འཕྲོ་ལ་དུས་ཕྱིས་སྔ་མ་དང་གྲངས་མཉམ་པའམ་ལྟག་པའི་དགེ་འདུན་བྱུང་བ་ཡིན་ན་སླར་ཡང་སྔ་མ་རྣམས་ཀྱིས་རྗེས་སུ་བཟླས་པའི་གསོ་སྦྱོང་བྱའོ། །གཉིས་པ་གསོ་སྦྱོང་གི་དབྱེ་བ་ནི། ཁ་བའི་དུས་དགུན་དང༌། སོ་ཀའི་དུས་དང༌། དབྱར་གྱི་དུས་རྣམས་ཀྱི་ནང་ནས་ཟླ་བ་གཉིས་དང་བཞི་སྟེ་དྲུག་པོ་ཡི་ནི་ཟླ་བ་མར་ངོ་ལ་ནི་སྡོམ་བརྩོན་དག་གིས་བཅུ་བཞི་པའི་གསོ་སྦྱོང་བྱའོ། །མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་བྱ་བའི་ཟླ་བ་དྲུག་གང་ཞེ་ན། །ཟླ་བ་ཉའི་དུས་སུ་སྐར་མ་ས་ག་འཆར་བ་དང༌། ཆུ་སྟོད་དང༌། དེ་བཞིན་དུ་སྐར་མ་ཁྲུམས་སྨད་དང༌། སྐར་མ་སྨིན་དྲུག་དང༌། སྐར་མ་རྒྱལ་དང༌། དབོ་ཞེས་བྱ་བ་འཆར་བའི་ཟླ་བ་ཉིད་དོ། །འདི་མར་ངོ་སྔོན་འགྲོ་ཡིན་པས་ཉ་སྐར་གང་ལ་འཆར་བས་ཟླ་བའི་མཇུག་རྫོགས་པས་ཟླ་སྨད་ཀྱི་ཉ་སྐར་གྱིས་ཟླ་བ་དེའི་ཐ་སྙད་དུ་བརྗོད་དོ། །ལོའི་མགོ་ཡང་སྟོན་ཟླ་ཐ་ཆུང་གི་ཚེས་གཅིག་ནས་འཛིན་ནོ། །སྟོན་ཟླ་ཐ་ཆུང་ནི། མདོ་སྡེ་ཉི་མའི་སྙིང་པོ་ལས། བདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེས་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདི་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འོ་ན་སྨིན་དྲུག་གི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པར་མི་ཡོང་སྟེ། ཕྱེད་འདས་ཡིན་པའི་ཕྱིར་རོ་ཞེ་ན། ཚེས་བཅོ་ལྔ་ལ་སྐར་མ་སྨིན་དྲུག་འཆར་བས་སྨིན་དྲུག་གི་ཟླ་བ་རྫོགས་པའི་ཕྱིར་ན་ཚེས་བཅོ་ལྔ་སྐར་མ་དབྱུག་པ་འཆར་བའི་ཕྱི་ཉིན་ཚེས་བཅུ་དྲུག་ནས་སྨིན་དྲུག་ཟླ་བའི་མགོ་འཛིན་པ་ཡིན་ལ། དེ་ནི་སྟོན་གྱི་ཕྱེད་དང་གཉིས་འདས་ཡིན་པའི་ཕྱིར་ཉེས་པ་མེད་དོ། །འདི་ནི་སྟོན་ཟླ་ར་བ་དང་སྟོན་ཟླ་འབྲིང་པོའི་ཕྱེད་འདས་པའི་མར་ངོ་ལ་བཅུ་བཞི་པའི་གསོ་སྦྱོང་འབྱུང་བས་ཤིན་ཏུ་འགྲིག་གོ །ཚེས་ཞག་བཅོ་ལྔ་ཡིན་ཡང་ཉིན་ཞག་ལ་གཅིག་མ་ཚང་བས་བཅུ་བཞི་པ་ཞེས་བརྗོད་དོ། །གསོ་སྦྱོང་བཅུ་བཞི་པ་བཤད་པ་དེ་བཞིན་དུ་གསོ་སྦྱོང་བཅོ་བརྒྱད་པ་ཡང་བརྗོད་པར་བྱ་སྟེ། བཅུ་བཞི་པ་དེ་ལས་གཞན་དག་ཟླ་ཕྱེད་བཅོ་བརྒྱད་ཀྱི་དུས་ནི་ཉིན་ཞག་ཚང་བས་གསོ་སྦྱོང་བཅོ་ལྔ་པ་ཉིད་དུ་འདོད་དོ། །ཟླ་བ་རྣམས་ཀྱི་ཐ་སྙད་ནི། མདོ་སྡེ་ཉི་མའི་སྙིང་པོ་ལས། སྨིན་དྲུག་མགོ་རྒྱལ་མཆུ་དབོ་དང༌། །ནག་པ་ས་ག་སྣྲོན་ཆུ་སྟོད། །གྲོ་བཞིན་མོན་གྲེ་ཐ་སྐར་ཏེ། །ལོ་སྐོར་དག་ནི་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་གློ་བུར་དུ་ལྷགས་པ་གཙོ་བོའི་སྐབས་ནི། གཉུག་མར་གནས་པ་དང་གློ་བུར་བ་དག་ཚེས་གྲངས་ལ་མ་མཐུན་པའི་དུས་སུ་གློ་བུར་ལྷགས་པའི་དགེ་སྦྱོང་མང་བར་གྱུར་ཅིང༌། ཅིག་ཤོས་གཉུག་མར་གནས་པ་ནི་ཉུང་བ་ན་གློ་བུར་དུ་ལྷགས་པའི་དགེ་སློང་ཡོན་ཏན་ཅན་དེ་དག་གི་འདོད་པ་དང་བསྟུན་ནས་གསོ་སྦྱོང་བྱའོ། །ཕྲན་ཚེགས་ཀྱི་འགྲེལ་པ་ལས། སོ་ཐར་གྱི་མདོ་འདོན་པའི་དུས་སུ་གནས་བརྟན་དང་པོས་མ་ཐོན་ན་གཉིས་པས་སོ། །གཉིས་པས་མ་ཐོན་ན་གསུམ་པས་སོ། །གསུམ་པས་ཀྱང་མ་ཐོན་ན་རེས་བྱས་ནས་རེ་མོས་བྱའོ། །རེ་མོས་བྱས་པས་ཀྱང་མི་ཐོན་ན་གང་ཐོན་པ་ལ་བཅོལ་ལོ། །ཐམས་ཅད་ཀྱི་ནང་ནའང་རྫོགས་པར་ཐོན་པ་མེད་ན་ཕམ་པ་བཞི་དང༌། ལྷག་མ་བཅུ་གསུམ་དང༌། སྤང་ལྟུང་སུམ་ཅུ་དང༌། ལྟུང་བྱེད་དགུ་བཅུ་དང༌། སོར་བཤགས་བཞི་དང༌། བསླབ་བྱ་མང་པོ་དང༌། ཞི་བྱེད་ཀྱི་ཆོས་བདུན་དང་སྡེ་ཚན་དེ་རྣམས་ལས་གང་ཐོན་པ་དེ་གདོན་པར་བྱ་ཡི། གསོ་སྦྱོང་གཞག་པར་ནི་མི་བྱ་ཞེས་སོ། །བཞི་པ་གསོ་སྦྱོང་འགྲུབ་པའི་རྒྱུ་ལ་གཉིས་ཏེ། གྲོགས་ལྟུང་བ་ལས་བསླང་བ་དང༌། མཚམས་གཅད་པའི་ཚུལ་ལོ། །དང་པོ་ནི། གནས་དེ་ན་གནས་པའི་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་དགེ་སློང་འདུལ་བ་ཤེས་པ་ཡིས་དགའ་གཅུགས་ཀྱི་བློ་ཉེ་བར་གཞག་པ་ཉིད་ཀྱི་སྒོ་ནས་རང་གི་གྲོགས་ཤིག་ལ་ལྟུང་བའི་ཚུལ་ལེགས་པར་གོ་བར་བྱས་ནས་རབ་ཏུ་འབད་པས་ལྟུང་བའི་ཚུལ་གླེང་སྟེ། དགེ་སློང་རྣམས་རིམ་པ་བཞིན་དུ་ཚངས་པར་སྤྱོད་པ་གཅིག་གི་མངོན་སུམ་དུ་ལྟུང་བ་ཡོད་པ་ཇི་ལྟ་བ་བཞིན་ཡང་དག་པར་མཐོལ་བ་དང་བཤགས་པ་བྱའོ། །དང་པོས་བཤགས་པ་བྱས་པ་དེ་ལ་བལྟས་ནས་ལྷག་མ་གཞན་དག་ཀྱང་མཁས་པས་སྔ་མ་དེ་བཞིན་དུ་བཤགས་པ་བྱེད་དུ་གཞུག་གོ །གཉིས་པ་མཚམས་གཅད་པའི་ཚུལ་ནི། རྒྱལ་པོའི་ཁབ་ཏུ་ཀ་བི་ན་གསོ་སྦྱོང་ལ་མ་འདུས་པས་མི་འདུ་བ་དགག་པའི་དོན་དུ་དཔག་ཚད་ཕྱེད་དང་གསུམ་ཁོར་ཡུག་མཚམས་ཆེན་པོ་གཅོད་པ་ན་མཚམས་ཀྱི་མཐའ་མ་ཀ་བ་དང་རྩིག་པ་ལ་སོགས་པའི་མཚན་མས་མནན་ནས་སམ། གནས་སྐབས་ལ་ལར་དགེ་འདུན་ཐམས་ཅད་མི་འདུ་བར་དགེ་འདུན་ཉི་ཚེ་བས་ལས་བྱེད་པ་དགོས་པ་བྱུང་ན་མཚམས་པོ་ཆེ་བཀྲོལ་ནས་སླར་ཡང་རིས་སུ་བཅད་པའི་དཀྱིལ་འཁོར་པ་བྱའོ། །མཚམས་གཅོད་ཚུལ་དེ་བཞིན་དུ་བྱས་ནས་དགེ་འདུན་གྱི་ལས་ཐམས་ཅད་ལ་མཚམས་གཅད་པར་རུང་པ་ཡིན་ནོ། །གསུམ་པ་བྱིན་གྱིས་བརླབ་པའི་ཚུལ་ནི། དགེ་འདུན་ཚོགས་པ་བཞི་ཡན་ཆད་མེད་པར་གྱུར་ན་གང་ཟག་གཅིག་གི་མདུན་ཉིད་དུ་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གཅིག་པོ་དེ་ཡང་མེད་ན་ནི་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བརྗོད་དོ། །གསོ་སྦྱོང་གང་ཟག་གཅིག་གི་མདུན་དུ་བྱིན་གྱིས་བརླབ་པས་འགྲུབ་པ་དེ་ལྟར་བརྟུལ་ཞུགས་ཅན་གྱི་ལྷུང་བཟེད་དང་ཆོས་གོས་བྱིན་གྱིས་བརླབ་པ་དང་དབྱུང་བའི་ཐབས་སུ་ཡང་འགྱུར་རོ། །གྲོགས་གཅིག་ཀྱང་མེད་ན་སེམས་ཀྱིས་ཀྱང་དེ་དག་བྱིན་གྱིས་བརླབ་པ་དང་དབྱུང་བ་ཡང་འགྲུབ་བོ། །དེ་བཞིན་གང་ཟག་མགྲོན་དུ་བོས་པ་ཡང་སེམས་ཀྱིས་འགྲུབ་སྟེ། ཕྲན་ཚེགས་ལས། ལྔ་པོ་འདི་དག་ནི་སེམས་བསྐྱེད་པས་འགྲུབ་སྟེ། གསོ་སྦྱོང་དང༌། དགག་དབྱེ་དང༌། ཆོས་གོས་བྱིན་གྱིས་བརླབ་པ་དང༌། ཆོས་གོས་དབྱུང་བ་དང༌། གང་ཟག་མགྲོན་དུ་བོས་པའོ་ཞེས་སོ། །ཡང་གང་གི་འཁོར་འདུལ་བའི་ཆོ་ག་ལ་མཁས་པ་སོ་སོར་ཐར་པའི་མདོ་རྫོགས་པར་ཐོན་པ་ཡོད་ན་གསོ་སྦྱོང་གི་དོན་དུ་དེ་ལ་གཏད་ནས་ཀྱང་གནས་པར་བྱའོ། །ཡང་ན་དེ་ལ་བརྟེན་ནས་ཀྱང་ནི་གསོ་སྦྱོང་བྱ་བར་གནང་ཞེས་པའོ། །སྔ་འགྱུར་ལས། དེ་ལས་ཀྱང་ནི་བརྟེན་ནས་གནང༌། །ཞེས་པའོ། །དེ་ཡང་མེད་ན་གཅིག་གི་མདུན་དུ་བྱིན་གྱིས་བརླབ་པའམ། སེམས་ཀྱིས་ཀྱང་ཅི་འདོད་པ་བྱའོ། །བསླབ་པ་ལ་གུས་ཤིང་ལྟུང་བ་ལ་འཇིགས་པ་དང་བཅས་པ་ལ་ནི་ལྟུང་བ་ཡིད་ཀྱིས་བྱིན་གྱིས་བརླབ་པའི་བརྟག་པའང་གསོ་སྦྱོང་དངོས་སུ་བྱས་པ་དེ་དང་འདྲའོ། །གསོ་སྦྱོང་བསྟན་ཟིན་ཏོ། །གཉིས་པ་དགག་དབྱེ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དགག་དབྱེ་ལ་དགེ་འདུན་གྲངས་མ་ཚང་ན་བྱིན་གྱིས་བརླབ་ཚུལ་སྔ་མ་དེ་ལྟར་དུ་ཤེས་པར་བྱ་སྟེ། དགེ་འདུན་གྱི་གྲངས་ནི་དགག་དབྱེ་དེ་ཡང་དགེ་འདུན་ལྔ་ཚོགས་ཀྱིས་བྱ་དགོས་སོ། །བྱེད་ཚུལ་ནི་དགེ་འདུན་མཐུན་པའི་བསམ་པ་བཟང་པོ་ཡིས་དགག་དབྱེ་བྱ་བ་ཁོ་ན་སྟེ། བསམ་པ་བཟང་པོ་ནི་རབ་ཏུ་དགའ་བས་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལ་སོ་སོར་གུས་པའི་བསམ་པས་སོ། །གཉིས་པ་བཤད་པ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། སྟོན་པས་འཁོན་ཅན་རྣམས་ཕན་ཚུན་བཟོད་པ་མ་གསོལ་བར་དགག་དབྱེ་མི་བྱའོ་ཞེས་གསུངས་པས། དགག་དབྱེ་བྱེད་པ་ན་ཞག་བདུན་ནམ་བརྒྱད་དམ་བཅུ་རྣམས་ཀྱི་གོང་ནས་འཁོན་ཅན་རྣམས་རབ་ཏུ་འབད་པས་འཁོན་རྣམས་སྦྱང་བར་བྱ། གཉིས་པ་དངོས་གཞི་ལ་གཉིས་ཏེ། ལས་བྱ་བ་སྤྱིར་བསྟན་པ་དང༌། དགག་དབྱེ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་སྟེ། གནས་གང་དུ་བྱ་བའི་གཞི་དང༌། བྱེད་པ་པོ་དགེ་འདུན་གྱི་དབྱེ་བ་དང༌། ཕྱེ་བའི་དོན་སོ་སོར་བཤད་པ། གནས་དང་གནས་མིན་གྱི་ཁྱད་པར་དང༌། ཡི་དམ་ངན་པ་སྤང་བར་བྱའོ། །དང་པོ་ནི། མཐའི་མཚམས་ཆེན་པོ་བཀྲོལ་ནས་ཀྱང་དགེ་སློང་ཉུང་ངུས་བྱ་བའི་ལས་ཀྱི་ཕྱིར་དུ་ནི་དཀྱིལ་འཁོར་པ་མཚམས་བུ་ཆུང་བྱའོ། །མཐའ་མཚམས་མ་བཀྲོལ་ན་མཚམས་བུ་ཆུང་མི་འཆགས་སོ། །མཚམས་གཅིག་ཏུ་ཕན་ཚུན་འདུན་པ་མ་བླངས་པའི་ལས་ཐ་དད་དུ་བྱེད་པ་དང་མ་འབྲེལ་བ་ཚོགས་དགེ་འདུན་ཉུང་ངུ་ཉིད་ཀྱིས་ལས་ནི་བྱ་བར་བརྗོད་དོ། །གཉིས་པ་ནི། ཚོགས་ཀྱི་ཕྲིན་ལས་བྱེད་པ་པོའི་དགེ་འདུན་གྱི་གྲངས་འདི་ལྟ་སྟེ། འོག་ནས་འབྱུང་བ་ལྟར་གྲངས་ཉི་ཤུ་དང༌། སྐབས་འགའ་ཞིག་ཏུ་ཡང་ན་བཅུ་འམ་ལྔ་དང་དགེ་སློང་བཞི་ཞེས་བྱ་བ་རྣམས་སོ། །འདི་དག་མ་མཐའ་བཟུང་བ་ཡན་ཆད་ནི་ཚོགས་ཞེས་བྱ་བར་གྲགས་སོ། །གལ་ཏེ་དགེ་འདུན་གྱི་གྲངས་མ་ཚངས་ན་ཁ་སྐོང་སངས་རྒྱས་ཀྱིས་བྱ་བར་རུང་ངམ་ཞེ་ན། དགེ་འདུན་གྱི་ཁ་སྐོང་སངས་རྒྱས་ཀྱིས་བྱ་བའི་ལས་ནི་འགའ་ཡང་མེད་དེ། སངས་རྒྱས་དེའི་ལས་ནི་དགེ་འདུན་དེའི་ལས་མིན་པའི་ཕྱིར་ཏེ། སངས་རྒྱས་དགེ་འདུན་དཀོན་མཆོག་ལས་དཀོན་མཆོག་ཐ་དད་ཡིན་པའི་ཕྱིར། གསུམ་པ་ཕྱེ་བའི་དོན་སོ་སོར་བཤད་པ་ནི། དགེ་སློང་ཉི་ཤུས་བྱ་བ་ནི་ཡུལ་དབུས་སུ་དགེ་སློང་ལྷག་མ་ལས་དབྱུང་བའོ། །བཅུའི་ཚོགས་ཀྱིས་བྱ་བ་ནི་ཡུལ་དབུས་སུ་སྐྱེས་པ་བསྙེན་པར་རྫོགས་པའོ། །དགེ་སློང་ལྔ་རྣམས་ཀྱིས་བྱ་བ་ནི་དགག་དབྱེ་སྟེ། དགེ་སློང་བཞི་པོ་རྣམས་ཀྱིས་བྱ་བ་ནི་གསོ་སྦྱོང་ངོ༌། །འདི་དག་ནི་དགེ་འདུན་གྱི་མ་མཐའི་གྲངས་སོ། །བཞི་པ་ནི། ལས་དེ་བྱ་བའི་གནས་དང་གནས་མ་ཡིན་པ་གང་ཞེ་ན། བརྗོད་པ་དང་གསོལ་བ་ལ་སོགས་པའི་ལས་ཆོག་ཇི་ལྟ་བ་བཞིན་གང་དུ་བྱེད་པ་དེ་ནི་གནས་ཞེས་བྱ་བར་བརྗོད་པ་སྟེ། བཟློག་པ་ཆོ་ག་ཇི་ལྟ་བ་བཞིན་མི་བྱེད་པ་ལ་ནི་ལས་ཀྱི་གནས་སུ་མི་བཏགས་སོ། །ལྔ་པ་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ་ལྗོངས་ཤིག་ཏུ་དགེ་སློང་རྣམས་ཀྱིས་མི་སྨྲ་བའི་ཁྲིམས་བྱས་པས་ཆོས་སྨྲ་བ་ནི་ངག་གི་ལས་ཉིད་ཡིན་ལ། ཆོས་སྨྲ་བ་དེ་བཀག་ན་ཉེས་པར་འགྱུར་བས་དགེ་སློང་གིས་མི་སྨྲ་བའི་ཡི་དམ་བྱེད་པ་ནི་སྟོན་པས་བཀག་གོ །མི་སྨྲ་བ་བཀག་པ་འདི་ནི་མུ་སྟེགས་པའི་སྐྱེ་བོ་དག་གིས་འདི་ནི་བླུན་པོའོ་ཞེས་བསྒྲུབ་པ་སྤང་བའི་ཕྱིར་རོ། །གཉིས་པ་དགག་དབྱེ་བྱེ་བྲག་ཏུ་བཤད་པ་ནི། དབྱར་གནས་པའི་མཐར་དགག་དབྱེ་བྱེད་པ་ན། བརྟུལ་ཞུགས་ཅན་གྱི་དགེ་སློང་གིས་གནས་གསུམ་གྱིས་དགག་དབྱེ་བྱའོ། །ཇི་ལྟར་གནས་གསུམ་གྱི་སྒོ་ནས་བྱ་ཞེ་ན། ལྟུང་བ་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་དངོས་པོ་ཀུན་གྱི་བཤགས་པ་བྱ་བ་སྟེ། དེའི་སྒོ་ནས་བྱའོ། །སྔ་འགྱུར་ལས། མཐོང་དང་ཐོས་དང་དོགས་པ་ཡིས། །དངོས་པོ་ཀུན་གྱི་བྱ་བ་སྟེ། །ཞེས་པ་ལྟར་རོ། །འགྱུར་གསར་ལྟར་ན། ལྟུང་བ་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་སྒོ་ནས་ལྟུང་བའི་དངོས་པོ་ཀུན་གྱི་བཤགས་པའི་བྱ་བ་སྟེ་ཞེས་པའོ། །གསུམ་པ་རྗེས་ནི། གནས་ལ་མེ་ཤོར་བ་སོགས་ཀྱི་བར་ཆད་མ་གཏོགས་པར་ལས་ཀྱི་དགག་དབྱེ་མ་བྱས་པར་གང་དུ་ཡང་མི་འགྲོའོ། །གནས་ལ་མེ་ལ་སོགས་པའི་བར་ཆད་བྱུང་བ་ཡིན་ན་དགག་དབྱེ་མ་བྱས་ཀྱང་རྒྱ་མཚོ་ཡང་ནི་བརྒལ་ནས་འགྲོ་བར་བྱའོ། །གཉིས་པ་ཞར་ལས་བྱུང་བའི་དོན་ལ་བཞི་སྟེ། འདུལ་བ་བཤད་དུ་རུང་བའི་གང་ཟག་དང༌། ལས་ལ་མི་བསྐོ་བའི་གང་ཟག་གི་དབྱེ་བ་དང༌། སྡེ་སྣོད་འཛིན་པ་ལ་སྲི་ཞུ་བྱ་བ་དང༌། འཕྲལ་དུ་རུང་མི་རུང་གི་ཁྲིམས་ཀྱི་དབྱེ་བའོ། །དང་པོ་ནི། གལ་ཏེ་འདུལ་བ་མ་བཤད་ན་གནོད་པ་བྱེད་པའི་གླགས་ཚོལ་བ་དང་ཕུང་ཁྲོལ་ཅན་དང་ཆོམ་རྐུན་དང་རྒྱལ་པོ་དང་མི་ཕལ་པའི་བླ་མ་སྟེ་གོང་ན་འདུག་པའི་གཙོ་བོ་སྟེ་འདི་དག་རྣམས་གུས་པས་ཉན་ན་ནི་འདུལ་བ་མི་བཤད་པར་མི་བྱའོ། །དད་པ་ཅན་ནོར་མེད་པ་དང༌། ནོར་དེ་ཡོད་པ་ཡིན་ཡང་དད་པ་ཆུང་བ་འདུལ་བ་རབ་ཏུ་ཉན་པའི་ཕྱིར་འབད་པ་རྣམས་ལ་ནི་བཤད་ཀྱང་ལྟུང་བ་མེད་པས་འདུལ་བ་བཤད་པར་བྱའོ། །གཉིས་པ་ནི། ཀུན་དགའ་བོ་ཁང་སྐྱོང་བྱེད་པས་བྲེལ་ནས་གསལ་རྒྱལ་ལ་ཆོས་མདོར་བསྡུས་ཏེ་བསྟན་པས་གསལ་རྒྱལ་གྱིས་ཞུས་པས་གནང་བ་ནི། མདོ་སྡེ་དང་མངོན་པ་ལ་སོགས་པའི་སྡེ་སྣོད་ལ་མཁས་པ་དེ་དག་རྣམས་ལས་ལ་མི་བསྐོ་བར་གཞག་པར་བྱ་བར་རབ་ཏུ་གྲགས་ཏེ། སྡེ་སྣོད་གསུམ་ཁ་ཐོན་བྱེད་པ་སོགས་འདི་ཉིད་དེ་དག་གི་ལས་ཡིན་པའི་ཕྱིར་རོ། །ཡང་དྲུག་སྡེས་མདོ་སྡེའི་ལེའུ་གཅིག་གཉིས་ཙམ་བཀླགས་ནས་ལས་མ་བྱས་པས་མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བ་རྣམས་ལས་ཤླཽ་ཀ་སྟོང་ཕྲག་བརྒྱ་བརྒྱ་འཛིན་པ་དང་སྡེ་སྣོད་ཚོགས་ལ་ཀློག་པ་དང༌། ནད་པ་དང༌། ཚོགས་ཀྱི་རྒན་པོ་སྟེ་དྲུག་པོ་འདི་དག་ལས་ལ་བསྐོ་བར་བྱེད་པ་རིགས་པ་མིན་ནོ་ཞེས་གསུངས་སོ། །གསུམ་པ་སྡེ་སྣོད་འཛིན་པ་ལ་སྲི་ཞུ་བྱ་བ་ནི། དགེ་སློང་མདོ་སྡེ་དང་མངོན་པ་སོགས་ལ་མཁས་པ་དག་ལས་ཕྱེད་ཙམ་ལས་འོངས་པ་ཐོས་པ་ན་རང་གི་གནས་ནས་ཇི་སྲིད་དཔག་ཚད་ཕྱེད་དང་གསུམ་ནས་གནས་ན་ཡོད་པའི་དགེ་འདུན་རྣམས་ཀྱིས་རང་གི་ནུས་པ་དང་སྦྱར་ནས་བསུ་བར་བྱའོ། །ཚུལ་ཇི་ལྟར་ན་གཎྜི་བརྡུངས་ཏེ་བ་དན་བསྒྲེང་བ་དང་དུང་འབུད་པ་སོགས་སྔོན་དུ་འགྲོ་བས་སོ། །སྡེ་སྣོད་འཛིན་པ་ནང་དུ་འོངས་ནས་གདན་གྱི་སྟེང་ན་བཞུགས་པའི་དུས་སུ་གནས་སྐབས་དེར་སེམས་དགའ་བས་རྙེད་པ་ཡང་འབུལ་ལོ། །ཞར་ལ་གཉུག་མར་གནས་པ་དང་གློ་བུར་བའི་ཚོགས་ཀྱིས་ཀྱང་སྣུམ་བག་གི་རྙེད་པ་ཐོབ་བོ། །ཡང་སྡེ་སྣོད་འཛིན་པ་དེ་དག་ལ་བཞུགས་པའི་གནས་ཁང་དང་འདུག་སྟན་དང་མལ་སྟན་སོགས་གུས་པས་བཞུགས་པའི་བར་དུ་རྟག་ཏུ་འབུལ་ལོ། །ཉེ་གནས་ལ་ཡང་ལས་སུ་མི་བསྐོ་ཞིང་ལས་མི་དབབ་པར་རབ་ཏུ་བཤད་དོ། །བཞི་པ་དྲལ་དུ་རུང་མི་རུང་གི་ཁྲིམས་ཀྱི་དབྱེ་བ་ནི། བསླབ་པ་འཆའ་བ་ལ་ནི་བདེ་བར་གཤེགས་པ་ཁོ་ན་དབང་ལ། བསླབ་པ་བཅས་པ་སྐྱོང་བ་ལ་ནི་དགེ་འདུན་དབང་ངོ༌། །དགེ་འདུན་གྱིས་ནི་གཞན་ལ་ཁྲོ་བ་ཡིས་རབ་བྱུང་གི་བསླབ་པ་མི་བཅའ་འོ། །དགེ་འདུན་བསམ་པ་སོ་སོ་ཐ་དད་པས་བསླབ་པ་བཅས་པ་བྱས་ན་ཡང་མ་བྱས་པ་དང་མཚུངས་པ་ཡིན་པས་དྲལ་ཡང་ཉེས་པ་མེད་དོ། །གཉིས་མེད་གསུང་པ་སྟོན་པ་ཡིས་བཅས་པའི་བསླབ་པ་ནི་སུས་ཀྱང་གཞན་དུ་བྱ་མི་ནུས་སོ། །གསུམ་པ་དབྱར་གནས་ལ་བསྟན། བཤད་གཉིས་ལས། བསྟན་པ་ནི། ཚེས་བཅོ་ལྔ་ལ་སྐར་མ་གྲོ་བཞིན་འཆར་བའི་གྲོ་བཞིན་ཟླ་བའི་མར་ངོའི་ཚེས་གཅིག་ནས་དབྱར་ཟླ་བ་གསུམ་གནས་པར་ཁས་ལེན་པ་ནི་དབྱར་སྔ་མའི་ཁས་ལེན་ཏེ་གཙོ་བོ་ཡིན་ནོ། །རི་བོར་གྱི་གཙུག་ལག་ཁང་དུ་དབྱར་གནས་དམ་བཅས་པ་ལས་འཇིགས་པ་བྱུང་ནས་དགག་དབྱེ་མ་བྱས་པར་མཉན་ཡོད་དུ་འོངས་པ་ལ་བརྟེན་ནས། སྐར་མ་ཁྲུམས་སྟོད་ཟླ་བའི་མར་ངོའི་ཚེས་གཅིག་ནས་དབྱར་དེ་ཉིད་ཟླ་བ་གསུམ་དུ་ཁས་ལེན་བྱེད་པ་ནི་དབྱར་ཕྱི་མར་གྲགས་སོ། །དབྱར་ཟླ་བ་གསུམ་དུ་གནས་པར་ཁས་བླངས་པ་ལ་ནི་དབྱར་ནང་དུ་གནས་གཞན་དུ་འགྲོ་བའི་སྤྱོད་པ་དགེ་སློང་རྣམས་ཀྱིས་སྤང་ངོ༌། །བྱ་རྣམས་ཀྱིས་ཀྱང་དབྱར་གྱི་དུས་སུ་རང་གི་གནས་མི་སྤོང་བར་སྡོད་ན་དགེ་སློང་དག་ལྟ་ཡང་ཅི་སྨོས། གཉིས་པ་བཤད་པ་ལ་གཉིས། ཁས་བླང་པའི་ཆོ་ག ཁས་བླངས་ཇི་ལྟར་བསྲུང་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་དང༌། དངོས་གཞིའོ། །སྦྱོར་བ་ལ་ལྔ་སྟེ། གནས་བྱི་དོར་བྱ་བ་དང༌། གནས་མལ་སྟོབ་པ་བསྐོ་བ་དང༌། ཁྲིམས་བརྗོད་ཅིང་ཚུལ་ཤིང་བྲིམས་པ་དང༌། གནས་དང་གནས་མལ་སྟོབ་པ་དང༌། གནས་དང་སྤྱོད་ཡུལ་བརྟག་པའོ། །དང་པོ་ནི། ཚེས་བཅོ་ལྔ་ལ་སྐར་མ་ཆུ་སྟོད་འཆར་བའི་ཆུ་སྟོད་ཅན་གྱི་ཡང་ངོའི་ཟླ་ཕྱེད་ཀྱི་ཚེས་གཅིག་ནས་རབ་ཏུ་འབད་པ་ཡིས་གཙུག་ལག་ཁང་རྣམས་སྐྱོང་བའི་ལས་བྱི་དོར་དང་གྲུམ་པ་དང་རལ་པ་བཅོས་པ་ལ་སོགས་པ་བྱ་བ་ཡིན་ཏེ། དབྱར་གནས་བྱ་བ་ལ་ཀུན་ནས་ཉེ་བའི་ཕྱིར་རོ། །གཉིས་པ་ནི། དབྱར་ཟླ་འབྲིང་པོའི་ཡར་ངོའི་ཚེས་བཅོ་ལྔ་ལ་ནི་དབྱར་གནས་བྱེད་པའི་དགེ་འདུན་མ་ལུས་པ་ཀུན་འདུས་ནས་ཡང་ནི་གནས་མལ་དེ་དག་སྟོབ་པ་གང་འོས་ལེགས་པར་བརྟགས་ནས་སྤྲོ་བ་དྲི་བས་སྤྲོ་བར་བྱ་སྟེ་ཀུན་ནས་བསྐོའོ། །ཇི་ལྟ་བུ་བསྐོ་ཞེ་ན། འདུན་པས་འགྲོ་བ་དང༌། ཞེ་སྡང་དང༌། འཇིགས་པ་དང༌། རྨོངས་པས་འགྲོ་བའི་སྐྱོན་བཞི་པོ་རྣམས་རིང་དུ་སྤངས་ནས་གནས་མལ་གང་ཞིག་བསྟབས་པ་དང་མ་བསྟབས་པ་མ་ལུས་པ་ཤེས་པ་ཞིག་གནས་མལ་བསྐོ་བ་པོར་གཟུང་ངོ༌། །གསུམ་པ་ནི་གནས་མལ་སྟོབ་པ་བསྐོ་བའི་རྗེས་དེ་ནས་གཙུག་ལག་ཁང་སྐྱོང་གི་དགེ་སློང་གིས་གནས་འདི་ན་ཁྲིམས་སུ་བྱ་བ་འདི་དང་འདི་ལྟ་བུ་ཡོད་དོ་ཞེས་རབ་ཏུ་བསྒྲག་གོ །དགེ་སློང་མཁས་པ་ཡིས་བདེ་བ་ལ་རེག་པར་གནས་པའི་ཆེད་དུ་ཚིག་བསྒྲག་པར་བྱའོ། །ཚིག་གང་ཞེ་ན། གང་ཞིག་སྤྲོ་བའི་གཞི་མེད་པར་དང་བཞད་གད་དང་རྩོད་པས་གནས་པ་མ་ཡིན་ན་གནས་འདི་དག་ཏུ་བྲིམས་པའི་ཚུལ་ཤིང་ལོངས་ཞེས་སོ། །ལས་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱ་སྟེ། དེང་ཚེས་བཅོ་ལྔ་དབྱར་ཟླ་བ་གསུམ་གནས་པའི་ཆེད་དུ་ཚོགས་ཀྱིས་ཚུལ་ཤིང་བླང་དུ་གསོལ་ཞེས་བྱའོ། །གསོལ་བའི་ལས་བྱས་པའི་རྗེས་དེ་ནས་རྒན་རིམ་ཇི་ལྟ་བ་བཞིན་དུ་ཚུལ་ཤིང་བྲིམ་མོ། །བཞི་པ་ནི། ཚུལ་ཤིང་བྲིམས་པའི་རྗེས་ལ་གནས་ཁང་དང་ཆུ་སྣོད་ལ་སོགས་པ་ཅི་རིགས་པ་སྦྱིན་ནོ། །དེར་མ་ཟད་གནས་མལ་དག་ཀྱང་སྦྱིན་ནོ། །ལྔ་པ་ནི། དབྱར་གནས་བྱེད་པ་ཉེ་བའི་དུས་ན་ཡང་ནི་འབད་པས་བརྟག་གོ །གང་གིས་ན། དབྱར་གནས་པར་འདོད་པའི་དགེ་སློང་གིས་སོ། །གང་བརྟག་ན། གནས་དང་ཉེ་འཁོར་གྱི་སྤྱོད་ཡུལ་ཉིད་ཀྱང་བརྟག་གོ །ཅིའི་དོན་དུ་ན། དབྱར་གྱི་ཡོན་ཏན་གྲུབ་པར་འདོད་པས་སོ། །མཁས་པ་ཡིས་གནས་ཁང་ཡོངས་སུ་བརྟག་གོ །ཇི་ལྟར་ན། གནས་དེ་རུ་རང་དང་བསླབ་པ་མཚུངས་པར་སྤྱོད་པ་དག་གནས་པ་དང༌། དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཅན་དང༌། སྡེ་སྣོད་མང་དུ་ཐོས་པ་འཛིན་པ་དང༌། སྙིང་རྗེའི་ཡིད་ཅན་མངོན་པར་གནས་པའི་གནས་བཙལ་ལོ། །གྲོགས་བརྟག་པ་ནི། ཐོག་མར་ལྟུང་བ་མི་འབྱིན་ཞིང་ལྟུང་བ་བྱུང་བ་སླར་ཡང་འཆོས་པར་བྱེད་པ་སྟེ། དེ་ལ་སོགས་པའི་རྣམ་པ་དང་ལྡན་པ་ཡིས་གནས་ནི་ཡོངས་སུ་བརྟག་པར་བྱའོ། །སྤྱོད་ཡུལ་གྱི་གྲོང་ཁྱེར་བརྟག་པ་ནི། གནས་གང་དུ་སྨན་དང་བསོད་སྙོམས་ལ་སོགས་པ་དག་ཀྱང་སྙིང་ལས་ཆུང་ངུས་རྙེད་པ་དང༌། སྨད་འཚོང་སོགས་ཀྱི་ཚོགས་ཀྱིས་གང་བ་དག་མ་ཡིན་པ་ནི་སྤྱོད་ཡུལ་དུ་འོས་པར་ཡོངས་སུ་བརྟག་གོ །སྦྱོར་བ་བསྟན་ཟིན་ཏོ། །གཉིས་པ་དངོས་གཞི་ནི། སྟེང་གཡོགས་ཅན་གྱི་གནས་འདི་ལ་དབྱར་གནས་ཐོབ་པར་བྱ་བའི་ཕྱིར་དུ་དགེ་སློང་གི་མདུན་དུ་རང་ཉིད་ཙོག་པུར་འདུག་སྟེ། ཆོ་ག་ཇི་ལྟ་བ་དེ་ལྟར་ངེས་པར་བརྗོད་དོ། །སྦྱིན་བདག་འདིའི་མིང་དང༌། ཉེ་གནས་ཀྱི་མིང་དང༌། སྤྱོད་ཡུལ་གྱི་གྲོང་གི་མིང་དང༌། ཞལ་ཏ་བའི་མིང་དང༌། ནད་གཡོག་གི་མིང་རྣམས་ཀྱང་སྨོས་སོ། །ལུང་ལས་ནད་གཡོག་གི་མིང་མི་འབྱུང་བ་ནི་ཡི་གེའི་རིག་མ་དག་པར་མངོན་ནོ། །ཆོ་ག་བརྗོད་ཚུལ་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཡིས་དབྱར་གནས་སྔ་མ་ཟླ་བ་གསུམ་གནས་པར་ཁས་ལེན་པའམ། ཡང་ན་དབྱར་ཕྱི་མ་ཟླ་བ་གསུམ་གནས་འདི་ལ་གནས་པར་བགྱིད་དེ། གནས་རལ་པ་དང་གྲུམ་པ་བཅོས་པའི་ཕྱིར་གནས་འདི་ཉིད་བདག་གི་དབྱར་གནས་ཡིན་ཏེ། ཕྱི་རོལ་གཞན་དུ་དབྱར་གནས་པ་མ་ཡིན་ནོ་ཞེས་དམ་འཆའ་བའོ། །གཉིས་པ་ཁས་བླངས་པའི་དམ་ཚིག་བསྲུང་ཚུལ་ལ། དམ་ཚིག་དངོས་ཀྱི་དོན་དང༌། རྐྱེན་གྱིས་རལ་དུ་གནང་མི་གནང་དང༌། བྱིན་རླབས་ཀྱི་སྤྲོས་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བཏང་དང༌། དམིགས་བསལ་ལོ། །དང་པོ་ནི། གོང་དུ་བསྟན་པ་དེ་ལྟར་དབྱར་གནས་པར་དམ་བཅས་ཟིན་པ་དང༌། དེ་ནས་ཕྱི་རོལ་གཞན་དུ་གནས་ན་ཉེས་བྱས་ཆེ་སྒོ་ཅན་གྱི་ཆུས་ངན་སོང་གི་ཐུར་དུ་བརྒལ་བར་འགྱུར་བ་ལས་གཞན་དུ་མི་གནས་པའི་ཐབས་ཀྱིས་མི་བརྒལ་ལོ། །གཉིས་པ་དམིགས་བསལ་ལ་གཉིས་ཏེ། གནང་བ་མ་ཐོབ་པ་དང༌། ཐོབ་པའི་དམིགས་བསལ་ལོ། །དང་པོ་ལ་གཉིས། བྱིན་གྱིས་བརླབ་ཚུལ་མདོར་བསྟན། བྱ་བའི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། གླང་པོ་ཆེ་སྐྱོང་བའི་གྲོང་དུ་ཁྱིམ་བདག་འཆར་ཀས་བག་མ་བླངས་ནས་སྤྱན་དྲངས་པ་ལ་བརྟེན་ནས། ཆོས་ལྡན་གྱི་དགོས་པའི་ཆེད་དུ་ཞག་བརྒྱད་ཀྱི་མདུན་རོལ་ཞག་བདུན་ཙམ་དུ་མཚམས་ནང་འདིར་མི་འདུག་ཀྱང་ཉེས་པ་མེད་དོ། །ཇི་ལྟར་བྱས་པས་ཤེ་ན། དགེ་སློང་གཅིག་གི་མདུན་དུ་སོང་ལ་ཞག་བདུན་དུ་ཆོ་གས་ཡང་དག་པར་བྱིན་གྱིས་བརླབས་པས་སོ། །གཉིས་པ་ལ་གསུམ་སྟེ། དགེ་སློང་གིས་བསྒྲུབ་པའི་བྱ་བ་དང༌། དགེ་སློང་མས་བསྒྲུབ་པའི་བྱ་བ་དང༌། ཐུན་མོང་དུ་བསྒྲུབ་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། དགེ་སློང་ཕ་མའི་བྱ་བ་དང༌། དགེ་ཚུལ་ཕ་མའི་བྱ་བ་དང༌། དགེ་སློབ་མའི་བྱ་བའོ། །དང་པོ་ནི། ཀུན་དགའ་ར་བ་འབུལ་བ་དང༌། སོགས་པའི་སྒྲས་བསྡུས་པ་གཙུག་ལག་ཁང་ཞལ་བསྲོ་བ་དང༌། གནས་མལ་འབུལ་བ་དང༌། བསླབ་པ་བརྟན་པོ་འཆའ་བ་སྟེ་བཞི་པོའི་གཞི་ཉེ་བར་འགོད་པ་དང༌། མཆོད་རྟེན་མཆོད་པ་སོགས་ཀྱིས་ཞལ་བསྲོ་བ་དང༌། མཆོད་སྡོང་འཛུགས་པ་སོགས་དང༌། སྟོན་མོ་དང༌། མཆོད་རྟེན་ལ་ཚོན་དང༌། ཙནྡན་དང་གུར་གུམ་གྱིས་བྱུག་པ་བྱ་བ་དང༌། སྔར་སྤངས་པ་ལ་སོགས་པ་ཆད་པའི་ལས་བྱིན་པའི་གང་ཟག་གིས་བཟོད་པ་གསོལ་བའི་གྲོགས་བྱེད་པ་དང༌། དགེ་འདུན་ལྷག་མ་ལས་དབྱུང་བའི་བྱ་བ་སྟེ། དགེ་སློང་ལ་དགོས་པའི་བྱ་བ་འདི་དག་གི་སྒོ་ནས་ཞག་བདུན་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་དུ་ཐེ་ཚོམ་མེད་པར་འགྲོ་བར་བྱའོ། །དགེ་སློང་གི་བྱ་བ་འདི་དག་ལས་ཀྱང་ལྷག་པར་དགེ་སློང་མའི་བྱ་བ་སླར་ཡང་བྱ་བའི་ལྷག་མ་འོག་ནས་འབྱུང་བ་འདི་དག་ཡོད་པ་ཡིན་ཏེ། ལྕི་བའི་ཆོས་ལས་འདས་པའི་ལྟུང་བ་ཉིད་དང་ལྡན་པ་ཡིས་སྤོ་མགུ་སྤྱོད་ཟིན་པའི་འཇུག་ཐོག་ཏུ་དེ་ལས་དབྱུང་བས་མངོན་པར་འདོད་པས་འགྲོ་བའོ། །གཉིས་པ་ནི། དགེ་ཚུལ་ལ་ནི་ལྷག་པའི་བྱ་བ་དགེ་སློང་གི་སྡོམ་པ་འདོད་པའི་དོན་ནོ། །གསུམ་པ་ནི། དགེ་ཚུལ་མ་ལས་ལྷག་པའི་བསླབ་པ་དགེ་སློབ་མས་སློབ་པར་བྱ་བ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་ལ་སློབ་པའི་ཕྱིར་དུ་འགྲོ་བ་དང༌། བསྙེན་པར་རྫོགས་པ་ཐོབ་པར་བྱ་བའི་ཕྱིར་དུ་ཐོག་མར་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་འཛིན་པར་འདོད་པའི་ཕྱིར་དུ་འགྲོ་བ་དང༌། དགེ་སློང་མའི་བྱེད་དགོས་པའི་ཆོས་ལྡན་གྱི་བྱ་བ་དུ་མ་དང༌། ཡང་ཆོས་ལྡན་གྱི་བྱ་བ་གཞན་ཡང་ནི་གསང་སྟེ་སྟོན་པ་པོ་ཉིད་ཀྱི་ལས་གསོལ་བ་འབའ་ཞིག་པ་དང༌། སོགས་པ་གསོལ་བཞིའི་ལས་དང༌། གང་གི་ཕྱིར་ལས་མི་འདོད་པར་གསོལ་བ་འདེབས་པར་བྱེད་ན་ཕ་མ་གཉིས་ཀའི་ཚོགས་ལ་བསྙེན་པར་རྫོགས་པ་གསོལ་བཞིའི་ལས་བྱ་བ་རྣམས་ནི་དགེ་སློང་མ་ཡིས་བྱེད་དགོས་པ་དག་གི་དོན་ནོ། །གསུམ་པ་གཉིས་ཀས་ཐུན་མོང་དུ་བསྒྲུབ་པའི་བྱ་བ་ནི། དགེ་སློང་ཕ་མ་གང་ཡང་རུང་བས་ཁྱིམ་བདག་གི་ཁྱིམ་དུ་སོང་ལ་བསྒྲུབ་དགོས་པའི་བྱ་བ་ནི། གལ་ཏེ་སྤྱན་འདྲེན་པ་ཡོད་ན་སྔ་མ་ཞག་བདུན་ལས་ལྷག་པར་བྱིན་གྱིས་བརླབ་ཏུ་རུང་ངོ༌། །གཞན་ཡང་བུ་དང་བུ་མོ་རྣམས་ཀྱི་བག་མ་གཏོང་ལེན་སོགས་པ་དང༌། ཕ་མའི་དགོས་པ་བསྒྲུབ་པ་དང༌། དཀོན་མཆོག་གསུམ་གྱི་དགོས་པ་དང༌། སློབ་དཔོན་ལ་སོགས་པའི་དགོས་པ་བསྒྲུབ་དགོས་ལ་ཞག་བདུན་བྱིན་གྱིས་བརླབས་སམ་ཞག་བདུན་ལས་ལྷག་པར་བྱིན་གྱིས་བརླབས་ཀྱང་རུང་ངོ༌། །གཉིས་པ་གནང་བ་ཐོབ་པའི་དམིགས་བསལ་ནི། ཞག་བདུན་ལས་ལྷག་པར་རུང་བ་གང་ཞེ་ན། ཉིན་དང་མཚན་མོ་ཉི་ཤུའམ་སུམ་ཅུའམ་ཉིན་ཞག་བཞི་བཅུའི་བར་དུ་ཡང་བྱིན་གྱིས་བརླབ་ཏུ་རུང་སྟེ། བྱིན་གྱིས་བརླབས་པའི་དུས་སུ་དགེ་འདུན་ཚོགས་པ་ལ་ཞུས་ནས་འགྲོ་བར་བྱ་སྟེ། དགོས་པ་སྔར་བསྟན་པའི་ཡུལ་གྱི་དགོས་པ་བསྒྲུབ་པའི་ཕྱིར་རོ། །དགོས་པ་ཁྱད་པར་དུ་འཕགས་པ་ཆོས་ལྡན་གྱི་བྱ་བ་ཡོད་པར་རྣམ་པར་ཤེས་པར་བྱ་སྟེ། གསོལ་གཉིས་ཀྱི་ལས་དགེ་འདུན་ལ་ཞུས་ནས་ཀྱང་གསོལ་བ་སྔོན་དུ་འགྲོ་བའི་བརྗོད་པ་གཅིག་གིས་ནི་དགེ་སློང་འདི་ལ་ཚོགས་དགེ་འདུན་གྱིས་བྱིན་ནོ། །གཞུང་བླ་མ་ལས། བྱིན་གྱིས་བརླབ་པའི་ཚེ་མཚམས་ནང་དུ་བྱིན་གྱིས་བརླབ་པར་གསུངས་སོ། །གཉིས་པ་རྐྱེན་གྱིས་རལ་དུ་གནང་མི་གནང་ནི། གལ་ཏེ་གནས་དེར་དགེ་སློང་བསོད་སྙོམས་ཀྱིས་ཕོངས་པའམ་ན་བར་གྱུར་ན་སྨན་ཡང་རྙེད་པར་དཀའ་བ་དང་གཡོག་བྱེད་ཉེར་གནས་འགའ་ཡང་མེད་པ་ཡིན་ན་ནི་དབྱར་དྲལ་ཡང་ཉེས་པ་མེད་དོ། །དེ་བཞིན་དུ་གནས་གཞན་དུ་མ་ཕྱིན་ན་ཚངས་སྤྱོད་ཉམས་པར་བྱེད་པ་ཉེ་བར་གནས་ན་གནས་གཞན་དུ་ཕྱིན་ཡང་ཉེས་པ་མེད་དོ། །ཡང་ཉེ་དུ་མ་ཡིན་པའི་བུད་མེད་དམ་རྒྱལ་པོས་ཚོགས་རྫོགས་པའི་དོན་དུ་འབུལ་བ་རྒྱ་ཆེན་བྱེད་པས་མགྲོན་དུ་གཉེར་ན་གནས་གཞན་དུ་གནས་ན་ཡང་ཉེས་པ་མེད་དོ། །དེ་བཞིན་དུ་མ་ནིང་དང་ཉེ་དུ་ལ་སོགས་པའི་མགྲོན་དུ་གཉེར་ན་གཞན་དུ་ཕྱིན་ཡང་ཉེས་པ་མེད་དོ་ཞེས་བྱའོ། །ཡང་རང་གི་གནས་སུ་བུད་མེད་འགའ་ཡིས་རང་མཐོང་བས་ཆགས་པ་སྐྱེས་པ་དེ་ནི་བཟློག་པར་དཀའ་ན་སྔར་ཁས་བླངས་པའི་གནས་ལས་གཞན་དུ་ཕྱིན་ཏེ་གནས་གཞན་ཡང་དག་པར་བསྟེན་པར་བྱའོ། །ཡང་གནས་དེར་རྒྱལ་པོའི་འཇིགས་པའམ། རྐུན་མ་དང༌། སྦྲུལ་གདུག་པ་ཅན་དང༌། མི་དང༌། མེ་དང༌། མི་མ་ཡིན་དང༌། ཆུའི་འཇིགས་པས་གནོད་ན་དགེ་སློང་དག་གནས་གཞན་དུ་སོང་བ་ན་ཡང་ཉེས་པ་མེད་དོ། །གནས་གང་དུ་སྡིག་པའི་བློ་ཅན་གྱིས་དགེ་སློང་གི་དགེ་འདུན་འབྱེད་པར་རྩོམ་པའི་ཚིག་དེ་ཐོས་ནས་གང་ཟག་ཕྲད་པའི་འཇིགས་པ་ཡིས་གལ་ཏེ་དབྱར་རལ་ཏེ་སོང་ཡང་ཉེས་པ་མེད་དོ། །རང་གི་གནས་ལས་གནས་གཞན་དུ་དགེ་འདུན་གྱི་དབྱེན་ལ་སོགས་པ་སྣ་ཚོགས་པའི་འཇིགས་པ་དག་ཀྱང་འཇམ་པོས་བཟློག་པའི་ཕྱིར་དུ་དེས་དབྱར་དྲལ་ཡང་ཉེས་པ་མེད་པས་འགྲོ་བར་བྱ་སྟེ། དབྱེན་ཞི་བའི་དོན་དུ་མ་སོང་ན་འགལ་ཚབས་ཅན་དུ་འགྱུར་རོ། །གསོ་སྦྱོང་ཐ་དད་པ་དང་རྙེད་པ་ཐུན་མོང་བའི་གཙུག་ལག་ཁང་གཉིས་ལས་གཅིག་ཏུ་དམ་བཅས་ནས་གཙུག་ལག་ཁང་འདིར་འགྲོའོ་ཞེས་བྱ་བ་དང༌། དབྱར་གྱི་རྙེད་པའི་དངོས་པོ་གཅིག་པོ་འདིའོ་ཞེས་བརྗོད་དེ་དགེ་སློང་གཞན་ལ་གོ་བར་བྱས་ནས་དམ་བཅས་པའི་གནས་སུ་མ་སོང་ན་ཉེས་བྱས་སོ། །གསུམ་པ་བྱིན་རླབས་ཀྱི་སྤྲོས་པ་ནི། ཆོས་ལྡན་གྱི་དོན་དུ་ཞག་བདུན་བྱིན་གྱིས་བརླབ་བམ། ཞག་བདུན་གྱིས་དགོས་པ་མ་གྲུབ་ན་ཡང་ཞག་བདུན་ལས་ལྷག་པར་བྱིན་གྱིས་བརླབ་བོ། །དགེ་སློང་གང་ཞག་བདུན་ནམ་ཞག་བདུན་ལས་ལྷག་པར་བྱིན་གྱིས་བརླབས་ནས་སོང་སྟེ་ཞག་གསུམ་བཞི་ཙམ་ལོན་པའི་བར་དེར་མཚམས་ནང་དུ་འོངས་ཏེ། ཡང་ཞག་བདུན་ཙམ་ནས་ལྡོག་བསམ་པས་ཕྱིར་སོང་ལ་ཡང་བྱིན་གྱིས་བརླབ་པ་ནི་སྔར་གྱི་དེ་ཉིད་ལས་གཞན་ཡོད་པ་མིན་པས་བྱིན་རླབས་བསྐྱར་ནས་བྱེད་མི་དགོས་ཏེ། སྔར་གྱི་བྱིན་གྱིས་བརླབས་པ་དེ་ཉིད་རྒྱུན་མི་འཆད་པར་གནས་པས་སོ། །བྱིན་གྱིས་བརླབས་ཀྱི་རྒྱུན་གནས་པ་ལ་སྔར་གྱི་བྱིན་རླབས་དེ་གཏོང་བའི་རྒྱུའི་ཚོགས་པ་ནི་བྱ་བ་ཡོད་པ་དེ་ལས་གཞན་དུ་བྱ་བ་མེད་པར་ཤེས་པས་ཡང་གཏོང་ལ། བྱ་བ་གྲུབ་ཟིན་ནའང་གཏོང་སྟེ། གནས་སྐབས་གཉིས་པོ་ལས་སྔར་གྱི་བྱིན་རླབས་དེ་མི་འཐོབ་པས་སོ། །བསླབ་པ་ཡོངས་སུ་སྦྱང་བའི་ཆོ་ག་བསྟན་ཟིན་ཏོ། །བཞི་པ་རྙེད་པ་གང་དབང་གི་མཚན་ཉིད་ལ་གསུམ་སྟེ། རྙེད་པའི་གཞི་མཚམས་གཅད་པ། རྙེད་པ་ཉིད་ལ་ཇི་ལྟར་བྱ་བ། རྙེད་པ་ལ་སྤྱོད་པས་སྒྲུབ་པ་ལ་བརྩོན་པའོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ཞར་ལས་བྱུང་བའི་དོན་ནོ། །དང་པོ་ནི། མཚམས་བཅིང་ཚུལ་རྣམ་པ་མང་པོ་རབ་ཏུ་གསུངས་པ་ལས་འདིར་བསྡུ་ན་བཅིང་ཚུལ་རྣམ་པ་བཞི་སྟེ། མཚམས་ཆེན་པོའི་བཅིང་གྲོལ་གཉིས། ཆུང་ངུའི་བཅིང་གྲོལ་གཉིས་སོ། །འདིར་ཡང་མདོར་བསྡུས་པའི་དབང་དུ་བྱས་ནས་ལུང་ལས་མཚམས་བཅིང་ཚུལ་བསྟན་པ་ཕྱོགས་ཙམ་བརྗོད་པར་བྱའོ། །གཉིས་པ་བཤད་པ་ལ་ལྔ་སྟེ། མཚམས་ཆེན་པོ་བཅིང་བའི་ཚུལ་དང༌། དེར་མི་འབྲལ་བའི་གནང་བ་སྦྱིན་ཚུལ་དང༌། མཚམས་ཆེ་ཆུང་གི་བཅིང་གྲོལ་བྱ་ཚུལ་དང༌། མཚམས་འཇིགས་པའི་རྒྱུ་དང༌། མཚམས་འཆགས་པའི་ཚུལ་ལོ། །དང་པོ་ནི། མཚམས་ཆེན་པོ་དེ་ནི་ཁོར་ཡུག་ཏུ་དཔག་ཚད་ཕྱེད་དང་གསུམ་པའི་མཚམས་སུ་ཕྱོགས་བཞི་རུ་ལྗོན་ཤིང་སྐྱེས་པ་དང༌། ཆུ་བོ་འབབ་པ་དང༌། བྲག་རི་དང༌། ལམ་ཆེན་པོ་སོགས་ཀྱིས་མཐའ་མཚོན་ཏེ་མཚམས་གཅད་དོ། །ཞུ་བ་ལས། མཚམས་ཆེན་པོ་དེ་ཡང་དཔག་ཚད་ཕྱེད་དང་གསུམ་ལས་འདས་ན་མི་རུང་ལ། དཔག་ཚད་ཕྱེད་དང་གསུམ་ལས་ཆུང་བ་ནས་དཀྱིལ་འཁོར་གང་དུ་དགེ་སློང་བཞི་བཅུ་བསྐོར་བ་ཤོང་བའི་བར་ནི་མཚམས་ཆུང་ངུའོ་ཞེས་སོ། །མཚམས་གཅོད་ཚུལ་ནི། དགེ་འདུན་མཚམས་ནང་ན་ཡོད་ཚོད་ཚོགས་པ་ན་དགེ་སློང་གཅིག་གིས་གསོལ་བའི་ལས་བྱ་ཞིང༌། དེ་བཞིན་དུ་བརྗོད་པ་གཅིག་ཉིད་ཀྱི་ལས་བྱ་སྟེ། འདི་ནི་མཚམས་ཆེན་པོ་གཅད་པ་རབ་ཏུ་འགྲུབ་པའི་ཕྱིར་ཡིན་ནོ། །མཚམས་ཀྱི་ཤར་མཚམས་ནས་ཚུ་རོལ་དུ་མཚམས་གཅོད་མཁན་གནས་པའི་གནས་ལམ་གྱི་མཐར་ཐུག་གི་བར་དུ་གྲོང་དུ་གྲོང་གི་ཉེ་འཁོར་སྤངས་ཏེ་མཚམས་བཅིང་བར་བྱའོ། །གཉིས་པ་དེར་མི་འབྲལ་བའི་གནང་བ་སྦྱིན་པ་ནི། ཆོས་གོས་དང་རྟག་ཏུ་མི་འབྲལ་བར་བྱ་བའི་ཕྱིར་དུ་སླར་ཡང་མཚམས་དེར་གསོལ་བ་སྔོན་དུ་འགྲོ་བའི་ལས་བྱའོ། །དགོས་པ་ནི། ཚུལ་དང་ལྡན་པ་དག་བདེ་བ་ལ་གནས་པའི་ཕྱིར་རོ། །དེ་ཉིད་ཀྱི་དོན་ནི་སྡོམ་བརྩོན་གྱིས་ཆོས་གོས་གསུམ་པོ་མེད་པར་ཡང་མཚམས་ནང་འདིར་གནས་སུ་རུང་སྟེ། གྲོང་དང་དེའི་ཉེ་འཁོར་དུ་འགྲོ་བ་ལ་ནི་གྱོན་དགོས་པས་མ་གཏོགས་སོ། །གནས་གཞན་དུ་ནི་གྱོན་མ་གྱོན་ཅི་བདེར་རོ། །གསུམ་པ་མཚམས་ཆེན་པོའི་བཅིང་གྲོལ་ནི། སྔར་གྱི་མཚམས་ཆེན་པོ་མི་མཁོ་ན་དགོས་པ་ཕྲ་མོའི་ཆེད་དུ་མཚམས་ཆུང་ངུ་ཡང་ནི་བྱ་བ་སྟེ། ཇི་ལྟར་ན་མཚམས་ཆེན་པོ་མ་བཀྲོལ་བར་ཆུང་ངུ་མི་འཆགས་པས་ཆེན་པོ་ཉེ་བར་བཀྲོལ་ནས་ནི་གསོལ་བ་དང་བཞིའི་ལས་ཀྱིས་མཚམས་ཆུང་ངུ་བཅིང་ནས་སྔ་མ་མཚམས་ཆེན་པོ་བཞིན་དུ་ལྗོན་ཤིང་ལ་སོགས་པའི་མཚན་མ་བརྟན་པོ་རྣམས་ཀྱིས་མཚོན་ནས་བཅིང་ངོ༌། །ཉི་ཟླ་རྒྱུ་སྐར་སོགས་མི་བརྟན་པ་རྣམས་ཀྱིས་མཚམས་གཅད་དུ་མི་རུང་ཞེས་སོ། །དེར་ཅི་བྱ་ཞེ་ན། མཚམས་ཆུང་ངུ་དཀྱིལ་འཁོར་བ་ཞེས་གྲགས་པ་དེར་བསྙེན་རྫོགས་ལ་སོགས་པ་ཚོགས་ཀྱིས་ལས་ནི་བསྒྲུབ་པར་བྱ་བ་ལ་འཆིང་ཚུལ་གྱི་གོ་རིམ་ཇི་ལྟ་བུ་བྱ་ཞེ་ན། སྔར་བཞིན་གསོལ་བ་དང་བཞིའི་ལས་ཀྱིས་མཚམས་ཆུང་ངུ་བཅིངས་ནས་ཀྱང་དེ་ནས་ལས་ཀྱི་ཆོ་ག་དང་མཚན་མ་བརྗོད་པས་ཆེན་པོ་བཅིང་བར་བྱའོ། །མཚམས་གཅོད་ཚུལ་འདིར་ཆེན་པོའི་སྟེང་དུ་ཆུང་ངུ་མ་འཆགས་ལ། ཆུང་ངུའི་སྟེང་དུ་ཆེན་པོ་འཆགས་པས་ཐོག་མར་ཆུང་ངུ་བཅིངས་ནས་དེ་ནས་ཆེན་པོ་འཆིང་བའི་ཚུལ་ནི་མཚམས་བཅིང་བའི་ཚུལ་ལ་གནང་བ་ཡིན་ནོ། །བཞི་པ་ནི། མཚམས་འཇིག་པའི་རྒྱུ་ནི་རྣམ་པ་ལྔའོ། །ལྔ་གང་ཞེ་ན། མཚམས་ནང་གི་དགེ་འདུན་ཐམས་ཅད་ཤི་སྲིད་པའི་གནས་སྐབས་ཉིད་དམ། ཡང་ན་མཚམས་ནང་ན་གནས་པ་རྣམས་མཚན་གཞན་དུ་གྱུར་རམ། ཐམས་ཅད་ཀྱིས་བསླབ་པ་ཕུལ་ལམ། ཡང་ན་ཐམས་ཅད་ཀྱིས་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་ཤར་བར་བསྡད་པ་དང༌། ཡང་ན་གསོལ་བ་སྔོན་འགྲོའི་ལས་ཀྱིས་མཚམས་དགྲོལ་པའོ། །ཞུ་བ་ལས། ལྔས་མཚམས་ཞིག་པར་གྱུར་ཏེ། དགེ་འདུན་ཐམས་ཅད་དོང་བ་དང༌། བབས་པ་དང༌། ཤི་བ་དང༌། ཕྱོགས་ཕྱོགས་ཆད་དེ་དོང་བ་དང༌། གསོལ་བ་དང་ལས་བྱས་ཏེ་བཤིག་པ་ཞེས་སོ། །ལྔ་པ་མཚམས་འཆགས་པའི་ཚུལ་ནི། མཚམས་གཉིས་མུ་ཕྲད་པའི་མཚམས་ཀྱི་ལྗོན་ཤིང་ངམ་ཕུར་པ་ནི་ལྗོན་ཤིང་གཅིག་གི་ཕྱེད་ཆ་རེ་མཚམས་གཉིས་པའི་ཁོངས་སུ་གཏོགས་པའམ། མཚན་མ་གཉིས་པ་མཚམས་གཉིས་ཀྱི་བར་གྱི་ཕུར་པའང་ཕྱེད་ཆ་རེ་ཐོབ་སྟེ་སྔ་མ་བཞིན་ནོ། །ཡང་མཚམས་བཞི་མུ་ཕྲད་པའི་བར་གྱི་ཕུར་པའམ་ཤིང་གཅིག་ལ་བཞི་ཆར་རྣམ་པར་ཕྱེ་བ་ཡིས་མཚམས་བཞི་ཆར་དུ་ཡང་བཞི་ཆ་ཐོབ་པ་སྟེ། མཚམས་ལྔར་གཏོགས་པའི་ཆ་ལྔ་པ་ནམ་ཡང་གཞག་ཏུ་རུང་བ་མ་ཡིན་ནོ། །ཞུ་བ་ལས། ཤིང་གཅིག་གིས་གནས་ལྔའམ་དེ་ལས་ལྷག་པའི་མཚམས་ནི་མི་རུང་ཞེས་སོ། །རིའི་སྐེད་པ་ལྟ་བུ་ལ་གནས་བཅའ་ན་འོག་ཐུར་དུ་ཡང་ནི་དཔག་ཚད་དག་ཕྱེད་དང་གསུམ་མོ། །སྟེང་དུ་ཡང་དེའི་ཚད་དེ་རིའི་སྟེང་གི་ཤིང་རྩི་འམ་སྤྱིལ་བུ་ལ་སོགས་པའི་མཚམས་ཀྱི་མཚན་མ་བྱའོ། །གསུམ་པ་ཞར་ལས་བྱུང་བའི་དོན་ནི། འདུས་པ་ཆེན་པོའི་དུས་སུ་སྦྱིན་བདག་རྗེས་སུ་བཟུང་བའི་དོན་གྱི་ཕྱིར་སྟོན་པ་ཉིད་ཀྱི་སྐུ་གཟུགས་ལ་འདུས་པ་ཆེན་པོའི་དུས་སུ་རིན་པོ་ཆེ་སྣ་ཚོགས་པའི་འོད་འབར་བས་མཛེས་པའི་རྒྱན་གྱིས་སྤུད་པ་ཁྱེར་ཏེ་དགེ་འདུན་ཚོགས་པའི་གྲལ་གོང་དུ་གཞག་པར་ཡང་དག་པར་རྗེས་སུ་གནང་ངོ༌། །ཐུབ་པའི་སྐུ་གཟུགས་ལ་རྣ་རྒྱན་དང༌། ལག་གདུབ་དང་རྐང་པ་ལ་སོགས་པའི་རྒྱན་རྣམས་འདོགས་པ་ནི་དགག་གོ །རྨད་དུ་བྱུང་བའི་རྒྱན་འདི་དག་ནི་ངེས་པར་བུད་མེད་ཀྱི་རྒྱན་ཡིན་པས་སོ། །གདུལ་བྱ་རྟག་ཏུ་རྗེས་སུ་འཛིན་པར་མཛད་པ་སྐྱེས་བུ་སེང་གེ་ཆེན་པོ་ལ་སྨད་འཚོང་མས་གྱོན་པ་ལྟ་བུའི་བུད་མེད་གྱི་གོས་སོགས་ཀྱིས་བརྒྱན་པར་ཡང་མི་རིགས་སོ། །གཟུགས་སྐུ་ལ་ཏུརྻ་སྟེ་སིལ་སྙན་གྱི་སྒྲ་ཡིས་མཆོད་པར་བྱས་ནས་འདུག་པའི་གཙུག་ལག་ཁང་དུ་ལྟད་མོ་རྣམས་ནི་སོང་བའི་ཚེ་སྐུ་གཟུགས་དག་ལ་བརྒྱན་པའི་མཆོད་པ་རྣམས་སླར་ཡང་བསྡུ་བར་བྱའོ། །ལྟད་མོ་བའི་སྐྱེ་བོ་མང་པོ་འདུས་པའི་ཚེ་ཕན་ཚུན་ཅ་ཅོའི་སྒྲ་ཡིས་གཡེང་པར་གྱུར་ན་ཕྱིར་འགྱེས་པའི་དུས་ཚོད་ཀྱི་བརྡ་སྤྲད་པའི་ཕྱིར་དུ་རྔའམ་དུང་ལ་སོགས་པའི་བརྡ་སྦྱར་བར་བྱས་པའི་ཐབས་བྱ་བར་འདོད་དོ། །གཉིས་པ་རྙེད་པ་ཉིད་ལ་ཇི་ལྟར་བྱ་བ་ལ་ལྔ་སྟེ། དུས་དང་གློ་བུར་གྱི་རྙེད་པ་ལ་ཇི་ལྟར་བྱ་བ་དང༌། ཤི་བའི་ཡོ་བྱད་ཀྱི་རྙེད་པ་ལ་ཇི་ལྟར་བྱ་བ་དང༌། ཆོས་དང་དབྱར་གྱི་རྙེད་པ་ལ་ཇི་ལྟར་བྱ་བ་དང༌། ཞར་ལ་མཆོད་རྟེན་བཞེངས་ཤིང་ནད་པ་བསྐྱང་པའི་ཚུལ་དང༌། གནས་ཀྱིས་བསྒྲུབ་པའི་རྙེད་པ་ལ་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། མགོ་བའི་ཆོ་ག་དང༌། དེའི་སྔོན་དུ་འགྲོ་བ་དང༌། རྙེད་པའི་རིགས་བསྡུ་བའོ། །དང་པོ་ལ་བསྟེན་པ་དང༌། བཤད་པ་གཉིས་ཀྱི། དང་པོ་ནི། སྟོན་པས་རྙེད་པ་རྣམས་རྒན་རིམ་དུ་བགོས་ཤིག་གསུངས་པ་ན་དགེ་སློང་མང་པོ་འདུས་པ་དེ་དག་བུན་ལོང་དུ་གྱུར་ནས་སྟོན་པས་བཅུ་དང་བརྒྱ་དང་སྟོང་དག་བསྡེབས་ཏེ་བགོའོ་ཞེས་གསུངས་པས་དགེ་སློང་བཅུ་འམ་བརྒྱ་འམ་སྟོང་ཕྲག་ལ་སོགས་པའི་ཚོགས་པ་ཆེ་ཆུང་གི་བྱེ་བྲག་ལས་ཚན་ཚན་དུ་བསྡེབས་ནས་མདུན་དུ་བཤམ་པར་བྱ་སྟེ་ཉེ་བར་བགོའོ། །གང་ན་རྙེད་པའོ། །མཉན་ཡོད་དུ་བྲམ་ཟེ་ཞིག་ཤཱཀྱའི་དགེ་སྦྱོང་རྣམས་རྙེད་པ་མི་འགོད་ལ། མུ་སྟེགས་བྱེད་མཉམ་པོར་འགོད་པས་མུ་སྟེགས་བྱེད་བཟང་ཞེས་པ་ཐོས་པས་བྲམ་ཟེ་ཞིག་གིས་འགོད་མི་འགོད་བརྟག་པའི་ཕྱིར་དུ་རས་ཡུག་ཕུལ་བ་བགོས་པས་བྲམ་ཟེ་དད་པ་ལ་བརྟེན་ནས་སྟོན་པས་ཟས་ཀྱི་རྙེད་པ་བྱུང་ན་འབྲུའི་ལོ་མ་ཙམ་ཡང་མཉམ་པོར་བགོ་ལ། གོས་ཀྱི་རྙེད་པ་བྱུང་ན་མར་མེའི་སྙིང་པོ་ཙམ་ཡང་མཉམ་པོར་བགོའོ་ཞེས་གསུངས་པས་ན་ནད་པ་ལ་ཡང་བགོ་དགོས་པས་བརྟུལ་ཞུགས་ཅན་འཆི་བར་འདོད་པ་དག་འཆི་མི་འཆི་བལྟས་ཏེ། དེའི་སྐལ་པ་ཇི་ལྟར་འོས་པ་རྣམ་པར་བརྟགས་ཏེ་སྦྱིན་ནོ། །གཉིས་པ་བཤད་པ་ལ་གཉིས་ཏེ། གློ་བུར་གྱི་རྙེད་པ་བགོ་བ་དང༌། དུས་ཀྱི་རྙེད་པ་བགོ་བའོ། །དང་པོ་ལ་གཉིས་ཏེ། ཤི་བའི་ཡོ་བྱད་ཀྱི་བགོ་ཚུལ། ཟས་དུས་ཀྱི་རྙེད་པ་བགོ་ཚུལ་ལོ། །དང་པོ་ནི། གལ་ཏེ་རྙེད་པ་བགོས་ནས་ནད་པ་དེ་ཤི་བར་གྱུར་པ་ལྟ་ན་སྐལ་བ་དེ་སླར་དགེ་འདུན་ཐམས་ཅད་ཀྱི་ཐུན་མོང་བར་འགྱུར་རོ། །མ་བགོས་པར་ཤི་ན་ཡང་དེའི་སྐལ་བ་ནི་གཞན་ཐོག་མར་ཚོམ་གང་དུ་བགྲངས་པའི་ལྷག་མ་དེས་བགོ་བར་བྱ་སྟེ། བཅུའི་ཚོམ་དང་ལྷན་ཅིག་ཏུ་བགྲངས་ན་བཅུ་ཚོམ་དེས་བགོ་བར་བྱ་བའི་དོན་ནོ། །གླེང་གཞི་ལས། བཙུན་པ་གལ་ཏེ་བཅུ་རྣམས་ལས་གཅིག་གུམ་ན་ཤི་བའི་ཡོ་བྱད་ཀྱི་རྙེད་པ་སུ་དག་དབང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བར་འཁོར་གལ་ཏེ་བགོས་ནས་ཤི་ན་དགེ་འདུན་ཐུན་པས་བགོ་བར་བྱའོ། །འོན་ཏེ་མ་བགོས་པར་ཤི་ན་དགུ་པོ་རྣམས་དབང་ངོ་ཞེས་གསུངས་པའི་ཕྱིར་རོ། །ཤི་བའི་སྐལ་བ་དེ་ཤི་བ་མི་དབང་སྟེ་སྦྱིན་བདག་ཁོ་ནའི་ཡིན་ལ། སྦྱིན་བདག་གིས་དགེ་འདུན་འཚོ་ཞིང་བཞུགས་པ་ཁོ་ན་ལ་ཕུལ་བའི་ཕྱིར་རོ། །དགེ་འདུན་གང་ལ་རྙེད་པ་དེ་ཕྱིར་ཕུལ་བ་དེའི་སྐབས་སུ་ཡང་ཐམས་ཅད་དུ་མ་གནང་བ་སྟེ། གནས་ནས་ཕྱུང་བའི་དགེ་སློང་རྣམས་ལ་རྙེད་པ་དེ་མི་འོས་སོ། །གཉིས་པ་ཟས་དུས་ཀྱི་རྙེད་པ་བགོ་ཚུལ་ནི། དགེ་སློང་རྣམས་སྦྱིན་བདག་གིས་མགྲོན་དུ་བོས་ཤིང་དགེ་སློང་མ་རྣམས་ཀྱང་མགྲོན་དུ་བོས་པའི་མཆོད་སྟོན་ཐ་མ་དེར་ནི་རྙེད་པ་གང་རྒན་པའི་མཐར་བཞག་ན་གཉིས་ཀ་བོས་པའི་དོན་གྱིས་ཕ་མ་གཉིས་ཀས་ཀྱང་ནི་བགོ་བའམ། ཡང་ན་སྦྱིན་བདག་གིས་འདི་ལ་འབུལ་ལོ། །ཞེས་ཇི་ལྟར་འདོད་པས་འབུལ་བ་ལྟར་བྱའོ། །གཉིས་པ་དུས་ཀྱི་རྙེད་པ་བགོ་བ་ལ་གཉིས་ཏེ། ཟས་བགོ་བ་དང༌། དབྱིག་བགོ་བའོ། །དང་པོ་ནི། སྒྲ་གཅན་ཟིན་དགེ་ཚུལ་དུ་གནས་ལ་ཟས་ཀྱི་སུམ་ཆ་ལས་མ་བྱིན་པས་རིད་པ་ལ་བརྟེན་ནས་ཟང་ཟིང་སྟེ་ཟས་ཀྱི་སྐལ་བ་ནི་དགེ་ཚུལ་ལ་ཡང་མཉམ་པོར་སྦྱིན་ལ། དེར་མ་ཟད་ཀུན་ཏུ་སྐྱོབ་པ་སྟོན་པ་ལ་ཡང་མཉམ་པར་འབུལ་བར་བྱ་བ་ཡིན་ནོ། །གཉིས་པ་ནི། དབྱིག་གམ་ནོར་རྣམས་རྣམ་པར་འགོད་པར་འདོད་ན་དགེ་སློབ་མ་རྣམས་ལ་དགེ་སློང་གི་སྐལ་བའི་ཆ་གཉིས་སྦྱིན་ཏེ། ནོར་འགོད་པ་འདི་ལ་བསྙེན་པར་རྫོགས་པར་འདོད་པའི་དགེ་ཚུལ་ལ་ཡང་ཅི་རིགས་པ་སྟེ་སུམ་གཉིས་སྦྱིན་པར་བརྗོད་དོ། །བསྙེན་པར་རྫོགས་པར་འདོད་པ་དེ་ལས་གཞན་པའི་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ལ་སུམ་ཆ་འོས་ཏེ། ལུང་སིལ་བུ་ལས། དགེ་ཚུལ་དང་དགེ་ཚུལ་མ་ལ་སུམ་ཆའོ། །བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློབ་མ་ལ་ནི་སུམ་གཉིས་སྦྱིན་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཡང་སྟོན་པ་འཁོར་བཅས་ཀོ་ས་ལར་ལྗོངས་རྒྱུར་བྱོན་པ་ན། ཁྱིམ་བདག་གཅིག་གིས་སྟོན་པ་འཁོར་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་བཅས་པ་ལ་རས་ཡུག་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཕུལ་བ་བགོད་མ་ཤེས་པས། སྟོན་པས་དགེ་སློང་ཕ་མང་ཞིང་མ་ཉུང་ན་རེ་རེའི་གྲངས་ཀྱི་བགོས་ཤིག མ་མང་ཞིང་ཕ་ཉུང་ན་སྟེ་གཉིས་ཕྱེད་མར་བགོས་ཤིག་ཅེས་གསུངས་པས་དགེ་སློང་ཕ་མ་གྲངས་མཉམ་ན་རྙེད་པའི་སྐལ་བ་མཉམ་པར་བགོ་བར་བྱ་བ་ཉིད་དོ། །འཚོགས་པའི་གྲལ་གང་དུ་དགེ་སློང་མང་བར་གྱུར་ཅིང་དགེ་སློང་མའི་ཚོགས་ཉུང་བར་གྱུར་ན་ནི་རྙེད་པ་དེ་ནི་མཉམ་པོར་མི་བགོ་སྟེ་གང་ཟག་རེའི་གྲངས་ཀྱིས་བགོའོ། །བགོ་བའི་ཆོ་ག་བསྟན་ཟིན་ཏོ། །གཉིས་པ་དེའི་སྔོན་དུ་འགྲོ་བ་ལ་དྲུག འཇིག་རྟེན་གྱི་གནོད་པ་བཟློག་པ་དང༌། རྙེད་པ་ལ་ཉོ་ཚོང་བྱ་བ་དང༌། རྟེན་ལ་མཆོད་པ་བྱ་བ་དང༌། གཙུག་ལག་ཁང་བཞེངས་ཤིང་གསོ་བ་དང༌། དཀོན་མཆོག་གསུམ་ལ་གུས་པར་བྱ་བ་དང༌། སྦྱིན་བདག་གི་བསོད་ནམས་སྤེལ་བའི་ཚུལ་ལོ། །དང་པོ་ནི། འཇིག་རྟེན་མགོན་པོ་སྟོན་པས་འཇིག་རྟེན་གྱི་ཡམས་ཀྱི་འཚེ་བ་སོགས་ཞི་བར་བྱ་བའི་ཕྱིར་དུ་སངས་རྒྱས་ཀྱི་སྐུ་གཟུགས་གྲོང་དང་ལྗོངས་རྣམས་སུ་སྤྱན་དྲང་བར་གསུངས་པ་ཡིན་པས་ཡམས་ནད་ཞི་བའི་དོན་དུ་གྲོང་དུ་སྐུ་གཟུགས་སྤྱན་དྲངས་ལ། དྲངས་པའི་གནས་དེར་ནི་དྲི་བཟང་གིས་ཆག་ཆག་གདབ་ཅིང་བྱུག་པ་བྱ་བ་དང༌། ལམ་སྲང་གི་བཞི་མདོར་ས་གཞི་ལ་ཁ་དོག་སྣ་ཚོགས་པའི་མེ་ཏོག་གི་བཀོད་པ་ཡིས་རབ་ཏུ་མཛེས་པར་བྱ་བ་ཡིན་ལ། སྐུ་གཟུགས་ལ་ཙནྡན་དང་ཨ་ག་རུ་དང་ག་པུར་གྱི་བདུག་སྤོས་ཀྱང་ཀུན་ནས་དབུལ་བར་བྱའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་སྒོ་ཀུན་ནས་སྤོས་ཀྱི་དྲི་ཞིམ་པོ་དག་དལ་ཞིང་དལ་བའི་རླུང་གིས་བསྐྱོད་པའི་བཀོད་པ་བྱའོ། །སྒྲ་ཆེན་པོ་འབྱུང་བའི་རྔ་པ་ཊ་ཧ་དག་བརྡུང་བ་དང༌། འཁར་རྔ་དང་ཏིང་ཏིང་ཤགས་ལ་སོགས་པ་རོལ་མོའི་བྱེ་བྲག་སྣ་ཚོགས་ཀྱི་སྒྲ་འབྲུག་སྒྲ་ལྟ་བུའི་སྒྲའི་ཚོགས་རྣམས་རྒྱུན་དུ་རྗེས་སུ་བསྒྲག་གོ །གཞན་ཡང་རོལ་མོའི་ཆ་སྣ་ཚོགས་པ་ནམ་མཁའི་ཁམས་ཀུན་གང་བའི་གྲངས་མང་པོས་ཡང་དང་ཡང་དུ་ངལ་བ་མེད་པར་མཆོད་པར་བྱ་བ་དང༌། གསལ་པོར་ཏེ་ངེས་པར་དགའ་སྟོན་ཆེན་པོ་བྱའོ། །རྒྱལ་མཚན་རྣམས་ཀྱང་མཚར་དུ་དངར་རོ། །རྒྱལ་མཚན་དེ་ཡང་རྣམ་པ་ལྔ་སྟེ། ནམ་མཁའ་ལྡིང་གི་ཏོག་གིས་སྤྲས་པའི་རྒྱལ་མཚན་དང༌། སེང་གེ་དང༌། ཆུ་སྲིན་དང༌། ཁྱུ་མཆོག་དང༌། གླང་པོ་ཆེ་ཞེས་བྱ་བ་ཉིད་ཀྱི་ཏོག་གིས་སྤྲས་པའོ། །རབ་བྱུང་ཆེན་པོ་སྟེ་རྒན་པོ་རྣམས་ཀྱིས་བསྐུལ་ནས་ཁྱིམ་པའི་འཁོར་རྣམས་རྒྱལ་མཚན་གཟུང་བ་དང་རྔ་བརྡུང་བ་སོགས་རོལ་མོ་བྱེད་པ་ལ་སྦྱར་རོ། །མཆོད་པའི་བྱེ་བྲག་དེ་འདྲ་ལ་སོགས་པ་ནི་ཀུན་མཁྱེན་གྱི་སྐུ་གཟུགས་གྲོང་དུ་གཤེགས་པ་ན་མཆོད་པའི་དོན་དུ་བསྒྲུབ་པར་བྱའོ། །སྐུ་གཟུགས་གྲོང་དུ་སྤྱན་དྲངས་པའི་རྗེས་དེ་ན་སངས་རྒྱས་ཀྱི་སྐུ་གཟུགས་མདུན་དུ་བདར་བ་དེ་མཐོང་ཞིང་ཚུལ་འདི་ལྟ་བུ་མཐོང་བར་དགའ་བའི་སེམས་དཔའ་ཡིས་ཡིད་ཚིམ་ཞིང་གནོད་སེམས་ཞི་ནས་ཀླུ་དང་གནོད་སྦྱིན་ལ་སོགས་པའི་འཇིགས་པ་ཟད་པར་སེལ་བར་བྱེད་པ་ཉིད་དོ། །གཉིས་པ་རྙེད་པ་ལ་ཉོ་ཚོང་བྱ་བ་ནི། བྲམ་ཟེས་ཕུལ་བའི་ལྭ་བ་དུམ་བུར་གཏུབས་པས་མ་དད་པ་ལ་བརྟེན་ནས་ལྭ་བ་ལ་སོགས་པའི་རྙེད་པ་ཀུན་ནས་ཐོབ་པ་དག་ཚོགས་ཀྱི་ཐད་དུ་བཙོང་བར་བྱ་ཡི། གཏུབ་པར་མི་བྱའོ། །འཚོང་པའི་ཚེ་ན་ཡང་དགེ་འདུན་གྱི་གནས་བརྟན་བློ་ལྡན་གྱིས་རིན་ཤེས་ན་རིན་ཐང་ངེས་པར་གདབ་པར་བྱའོ། །ལྭ་བ་ལ་སོགས་པ་ངེས་པར་ཉོ་བར་འདོད་པ་བྱུང་ན་ཉོ་བ་པོས་དེ་ལ་རིན་ཐང་བསྐྱེད་པར་འདོད་པ་ཡིན་ནོ། །འཚོང་པར་བྱེད་པ་པོས་ཀྱང་སྦྱིན་བདག་ཇི་ཙམ་འཇལ་འདོད་པ་དེ་ཙམ་དུ་བླུར་གཏང་བར་བྱའོ། །སྡོམ་བརྩོན་གྱིས་ཉོས་པའི་དངོས་པོའི་རིན་ཐམས་ཅད་མ་གཞལ་བ་དེ་སྡོམ་བརྩོན་གྱིས་ལོངས་སྤྱད་དུ་མི་རུང་ངོ༌། །གང་ཟག་སུ་ཡང་རུང་བ་དག་གིས་དཀོན་མཆོག་གསུམ་ལ་གུས་པས་ཆུང་མ་དང་བུ་དང་བུ་མོ་སོགས་ཕུལ་ན་དེ་ལ་རིན་ཐང་མི་གདབ་ཅིང༌། སྦྱིན་བདག་ཁོ་རང་རིན་ཇི་ཙམ་འཇལ་འདོད་པས་བླུར་གཏང་བར་བྱའོ། །གསུམ་པ་རྟེན་ལ་མཆོད་པ་བྱ་བ་ནི་དགེ་སློང་གིས་ཁྱིམ་པ་རྣམས་ལ་མི་ཁྱོད་གླུ་གྱིས་ཤིག གར་དང་རོལ་མོ་རྣམས་ཀྱིས་ཤིག་ཅེས་བསྒོ་བར་མི་བྱ་སྟེ། གླུ་དང་གར་ལ་སོགས་པ་འདི་ཚུལ་ལྡན་གྱིས་ལས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཇི་ལྟར་བསྒོ་བར་བྱ་ཞེ་ན། སྟོན་པ་འདི་ལ་ཚུལ་ཇི་ལྟ་བ་བཞིན་དུ་མཆོད་པར་བྱ་བ་ཡིན་པས་བཞིན་བཟང་ཁྱོད་ཀྱིས་སྟོན་པའི་མཆོད་པ་ཇི་ལྟར་མཛེས་པ་དེ་ལྟར་ནི་འབད་པས་བྱོས་ཤིག་ཅེས་བརྗོད་པར་བྱའོ། །སྟོན་པས་མཆོད་རྟེན་ལ་མཆོད་པ་གྱིས་ཤིག་ཅེས་གསུངས་པས་མཆོད་རྟེན་ལ་ཕུར་པ་བཏབ་སྟེ་མེ་ཏོག་གི་ཕྲེང་བ་བཏགས་པ་ལ་བརྟེན་ནས་མཆོད་པའི་ཕྱིར་ཡིན་ཡང་མཆོད་རྟེན་ལ་ཕུར་བུ་ལ་སོགས་གསར་དུ་མི་གཟུག་སྟེ། འོ་ན་ཇི་ལྟར་བྱ་ཞེ་ན། དང་པོ་མཆོད་རྟེན་རྩོམ་པའི་དུས་ཉིད་ན་ཕུར་པའི་གཟུག་རྟེན་བྱས་པ་ལ་འཛུགས་པར་བྱེད་པ་ལ་ནི་ཉེས་པ་མེད་དོ། །མགོན་མེད་ཟས་སྦྱིན་གྱིས་སྟོན་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བྱས་ཏེ་དེའི་སྟེང་དུ་མར་མེའི་ཕྲེང་བ་ཕུལ་བས་མར་ཟགས་ནས་མཆོད་རྟེན་གྱི་ཁ་དོག་མ་རུངས་པར་བྱས་པ་ལ་བརྟེན་ནས་བརྟུལ་ཞུགས་ཅན་གྱིས་མར་མེ་མཆོད་རྟེན་སོགས་ཀྱི་འོག་ཏུ་འབུལ་བར་བྱ་སྟེ། སྟེང་དུ་གཞག་པར་བྱ་བ་མིན་ནོ། །ཡང་དགེ་སློང་རྣམས་ཀྱིས་མཆོད་རྟེན་ལ་འཛེགས་ཏེ་མེ་ཏོག་གི་ཕྲེང་བ་འདོགས་པ་ན། སྟོན་པས་ཕྲེང་བ་འདོགས་པ་དང་མཆོད་རྟེན་ལ་ཐིགས་ས་སོགས་བྱེད་པ་ན་དགེ་ཚུལ་དང་ཁྱིམ་པ་སོགས་གཞན་ཡོད་བཞིན་དུ་མཆོད་རྟེན་སོགས་མཆོད་བྱའི་སྟེང་དུ་འཛེགས་པར་མི་བྱའོ། །དགེ་ཚུལ་དང་ཁྱིམ་པ་སོགས་གཞན་དག་མེད་ན་སྡོམ་བརྩོན་གྱིས་དྲི་བཟང་པོའི་ཆུས་རྐང་པ་དག་ལེགས་པར་བཀྲུས་ནས་གོས་གཙང་མས་དཀྲིས་ཏེ་གུས་པས་སྟོན་པའི་འདུ་ཤེས་ཡིད་ལ་བྱེད་པས་རང་གིས་འཛེགས་ནས་མེ་ཏོག་གི་ཕྲེང་བ་སོགས་འདོགས་པར་བྱའོ། །བཞི་པ་གཙུག་ལག་ཁང་བཞེངས་ཤིང་གསོ་བའི་ཆོ་ག་ནི། ལྔ་སྡེ་རྣམས་ཀྱིས་དགོན་པར་གནས་པའི་དུས་སུ་སྟག་ལ་སོགས་པའི་འཇིགས་པ་བྱུང་བས་གཙུག་ལག་ཁང་བརྩིག་པར་བཞེད་པ་ན་བཱ་རཱ་ཎ་སཱིའི་ཁྱིམ་བདག་དགེ་བཟང་གིས་བརྩིག་པར་ཞུས་པ་ལ་བརྟེན་ནས་གཙུག་ལག་ཁང་གི་ནང་གི་དངོས་པོ་གཅིག་ཉིད་ལ་ཁང་མིག་ལྷག་པ་མང་བ་ལ་བརྒྱ་དང༌། ཉུང་བ་ལ་གསུམ་དང་བཞི་ལ་སོགས་པ་བྱ་སྟེ་གཙུག་ལག་ཁང་དག་གི་གློ་དང་གློར་ཁང་མིག་དེ་ཡང་སུམ་བརྩེགས་དང་ལྔ་བརྩེགས་དག་ཏུ་བྱ་བར་བརྗོད་དོ། །ལྔ་བརྩེགས་བྱེད་པ་ན་དྲི་གཙང་ཁང་དང་སྒོ་ཁང་གི་སྟེང་གི་བསིལ་ཁང་ཀུན་ཏུ་བདུན་བརྩིགས་བྱ་བ་སྟེ། དེའི་སྐར་ཁུང་ནང་སྟེགས་ཅན་ནི་ཡང་ཐོག་ཏུ་འཛེགས་པའི་སྐས་ཡོད་པའོ། །དབུས་སུ་སྟོན་པའི་ཁང་ཆེན་ཞེས་པ་ནི་དྲི་གཙང་ཁང་ངོ༌། །དྲི་གཙང་ཁང་གི་སྒོ་ནི་གནས་གཙུག་ལག་ཁང་གི་ཕྱི་སྒོའི་བྲང་ཐད་དུ་བྱའོ། །དགེ་སློང་མའི་དབྱར་ཁང་བྱེད་ན་ནི་སུམ་བརྩེགས་ལས་ལྷག་པར་མི་བྱའོ། །དེ་ལ་ཡང་སྐར་ཁུང་ནང་སྟེགས་ཅན་བྱ་ཞིང་དབུས་སུ་དྲི་གཙང་ཁང་དང་སྒོ་ཁང་གི་སྟེང་གི་བསིལ་ཁང་ཀུན་ཏུ་ལྔ་བརྩེགས་བྱ་བ་ཡིན་ནོ། །གཙུག་ལག་ཁང་གི་ནང་དུ་སྟོན་པའི་སྐུ་གཟུགས་དང་མཆོད་རྟེན་དང་བདེ་བར་གཤེགས་པ་ཉིད་ཀྱི་བཀའ་ཡང་མངོན་པར་བྲི་བར་བྱའོ། །གལ་ཏེ་རྙིང་ངམ་བརླགས་ན་དགེ་སློང་གིས་སླར་གསོ་བར་འོས་པ་ཡིན་ནོ། །ཇི་ལྟར་གསོ་བར་བྱ་ཞེ་ན། གནས་གང་དུ་སྐུ་གཟུགས་གང་ཞིག་གང་དུ་བྱས་པའི་ས་དེར་ཕྱིས་བྱས་པ་འདི་ཉིད་གནས་མ་འཆུགས་པར་སྔ་མ་དེ་ལྟར་གཞག་པར་བྱ་སྟེ། ཆེ་ཆུང་གི་ཚད་ནི་སྔ་མའི་གཟུགས་ལས་ཆུང་ངུ་བྱ་བ་མིན་ནོ། །གལ་ཏེ་ནུས་པ་ཡོད་ན་སྔ་མ་བས་ལྷག་པ་ཉིད་དུ་བྱ་བར་བརྗོད་དོ། །གཙུག་ལག་ཁང་གི་དབྱིབས་དང་ཆེ་ཆུང་གི་འདུ་བྱེད་ནི་སྦྱིན་བདག་གི་འདོད་པ་ཇི་ལྟ་བ་བཞིན་དུ་ཆེན་པོའམ་ཆུང་ངུ་བྱ་བ་ཡང་རུང་མཁས་པས་སྦྱིན་བདག་གི་ཡོད་བྱད་མང་ཉུང་དང་སྦྱར་ནས་བྱའོ། །ལྔ་པ་དཀོན་མཆོག་གསུམ་ལ་གུས་པར་བྱ་བ་ནི། དགེ་སློང་གིས་མཆོད་རྟེན་གྱི་གྲིབ་མ་དང་སྐུ་གཟུགས་ཀྱི་གྲིབ་མ་དང་མཎྜལ་ལ་ཡང་འགོམ་པར་མི་བྱ་ལ། དམིགས་བསལ་ནི། མགོན་མེད་ཟས་སྦྱིན་བྲེལ་ཏེ་ཕྱག་དར་མ་བྱས་པས། སྟོན་པས་ཕྱགས་པའི་སྟེང་དུ་ཟས་སྦྱིན་གྱིས་འགྲོ་མ་ནུས་ནས་འདི་གསུངས་ཏེ། མཆོད་རྟེན་གྱི་གྲིབ་མ་ནི་མི་བརྟན་པས་ཚིགས་བཅད་བཟླས་ཏེ་འགོམས་ཞེས་ཕྲན་ཚེགས་སུ་འབྱུང་བས་དགོས་པའི་ཆེད་དུ་མཆོད་རྟེན་གྱི་གྲིབ་མ་སོགས་ལ་འགོམ་དགོས་པ་བྱུང་ན། ཀྱེ་མ་འདུས་བྱས་རྣམས་མི་རྟག །ཅེས་སོགས་བདེ་གཤེགས་ཀྱིས་ཞལ་ནས་གསུངས་པའི་ཚིག་བཅད་སྔོན་དུ་འདོན་པར་བྱས་ཏེ་འགོམ་མོ། །དྲུག་པ་སྦྱིན་བདག་གི་བསོད་ནམས་སྤེལ་བའི་ཚུལ་ལ་གསུམ་སྟེ། བསོད་སྙོམས་སྤྱོད་པའི་ཚེ་ཇི་ལྟར་བྱ་བ་དང༌། མགྲོན་དུ་བོས་པའི་ཚེ་ཇི་ལྟར་བྱ་བ་དང༌། གྲོང་དུ་རྒྱུ་བའི་ཚེ་ཇི་ལྟར་བྱ་བའོ། །དང་པོ་ནི། སྲིན་བུ་པདྨའི་ཚལ་སྟུག་པོར་དགེ་འདུན་ཐམས་ཅད་གྱད་སྣ་ཆེན་པོ་འོད་ལྡན་གྱིས་བཅའ་བ་ཁོ་ནས་དྲངས་ནས་དགེ་སློང་བསོད་སྙོམས་པ་ལ་ཁྱིམ་བདག་གཞན་རྣམས་ཀྱིས་སངས་རྒྱས་བྱོན་ལ་སྣོམས་ཤིག་བྱས་པས་བསོད་སྙོམས་པ་རྣམས་ཀྱི་ལེན་མ་ནུས་པས། སྤྱོད་ཡུལ་དུ་བསོད་སྙོམས་དག་ལ་རྒྱུ་བའི་ཚེ་སྦྱིན་བདག་དག་གིས་སྡོམ་ཅན་དགེ་སློང་ལ་སངས་རྒྱས་དང་ཆོས་ལ་སོགས་པ་མཆོད་པར་འདོད་པས་སངས་རྒྱས་དང་ཆོས་ལ་སོགས་པའི་བརྡའི་ཚིག་གི་དོན་གང་ཡིན་ཞེས་འདྲི་ན། སྦྱིན་བདག་དེ་ལ་ཚིག་དོན་གསལ་བར་གོ་བར་བྱ་སྟེ། གང་ཟག་ལ་སངས་རྒྱས་ཞེས་བརྗོད་པ་མཆོད་པར་འདོད་པའམ། ཡང་ན་རྐང་གཉིས་མཆོག་ལ་སངས་རྒྱས་ཞེས་པ་མཆོད་པར་འདོད། ཆོས་ཞེས་པའང་སྡུག་བསྔལ་ཟད་བྱེད་ཀྱི་ལམ་ལ་བརྗོད་པ་དང༌། ཡང་ན་གཞན་གང་ཟག་ལ་ཆོས་ཀྱི་མིང་གིས་བཏགས་པ་ཡང་ཡོད་པས་ཁྱོད་ཀྱིས་མཆོད་པར་འདོད་པའི་ཆོས་ནི་ཅི་ཡིན་བདག་ལ་གསུངས་ཤིག་ཅེས་བྱ་སྟེ། སྔ་འགྱུར་ལས། བདག་ལ་ཆོས་ནི་ཅི་ཡིན་གསུངས། །སྡུག་བསྔལ་ཟད་བྱེད་ཡང་ན་གཞན། །ཞེས་གསུངས་པ་ལྟར་རོ། །ཡང་ན་ཆོས་ཞེས་པ་སྡུག་བསྔལ་ཟད་བྱེད་ཀྱི་ལན་ལ་གསུངས་པ་དང༌། ཡང་ན་གཞན་བདག་གམ་སྟེ་གང་ཟག་ལ་བརྗོད་པ་རྣམས་ལས་ཁྱོད་ཀྱིས་མཆོད་པར་འདོད་པ་དེ་གང་ཡིན་པ་བདག་ལ་གསུངས་ཤིག་ཅེས་བྱའོ། །དེ་བཞིན་དུ་དགེ་འདུན་གྱི་ཚིག་དོན་དག་ལ་ཡང་ཚོགས་ཀྱི་མཆོག་དང་གང་ཟག་རེ་རེ་བ་ལ་ཡང་བརྗོད་པར་བྱ་བ་ཡིན་པས་ཁྱོད་ཀྱིས་མཆོད་པར་འདོད་པ་གང་ཡིན་ཞེས་བརྗོད་པར་བྱའོ། །སངས་རྒྱས་དང་ཆོས་ལ་སོགས་པ་དངོས་དང་བཏགས་པ་བ་སོ་སོ་བདག་ཉིད་ཀྱིས་ཕྱེ་ནས་སྦྱིན་བདག་དེ་ཡོན་ཏན་ཅན་གང་ལ་དད་པར་འགྱུར་བ་དེ་ནི་སྦྱིན་བདག་དེ་ལ་བརྗོད་པར་བྱའོ། །གཉིས་པ་ནི། སྔོན་རི་བྲག་ཅིག་ཏུ་དགེ་སློང་མ་རྣམས་བོས་པས་གྲལ་དུ་འཁོད་པ་ན་དགེ་སློང་ཞིག་གསར་དུ་འོངས་པ་ལ་སྦོམ་དགའ་མོས་ཡོན་བཤད་ནུས་ན་རྒན་རིམ་དུ་བཞུགས་ལ། མི་ནུས་ན་བཤོས་བསྣམས་ལ་བཞུད་ཅིག་ཅེས་སྨྲས་པ་སྟོན་པ་ལ་ཞུས་པས་དགེ་སློང་མ་འབའ་ཞིག་གནས་ནའང་དགེ་སློང་གཅིག་འོངས་ན་སྟན་ཡང་དང་པོར་ཞོག་ཅེས་པ་ལ་བརྟེན་ནས་དགེ་སློང་མ་གཅིག་པུ་སྟེ་འབའ་ཞིག་མགྲོན་དུ་བོས་པའི་དུས་ན་དགེ་སློང་མ་རྣམས་གྲལ་དུ་འཁོད་པའི་ཚེ་ན་གནས་གང་དུ་ཟས་ཟ་བ་ཉིད་ཀྱི་ཕྱིར་དུ་དགེ་སློང་འདུག་པའི་སྟན་ནི་དགེ་སློང་རྣམས་ཀྱི་གྲལ་གྱི་དང་པོར་གཞག་གོ །དགེ་ཚུལ་ཁོ་ན་བོས་པ་ཉིད་ཀྱི་གྲལ་ལ་ཡང་རུང་དགེ་སློང་གི་སྟན་དང་པོར་གཞག་གོ །ཞུ་བ་ལས། དགེ་སློང་དུ་མ་ཟད་དགེ་ཚུལ་ཕ་འོངས་ན་ཡང་གྲལ་གྱི་དང་པོར་གཞག་ཅེས་བཤད་དོ། །དགེ་སློང་གིས་གྲལ་གྱི་ཐོག་མ་དེར་འདུག་སྟེ་ཟས་ཟོས་ནས་ནི་ཡོན་བཤད་བྱའོ། །གལ་ཏེ་དགེ་སློང་གིས་ཡོན་བཤད་བྱ་བའི་ནུས་པ་མེད་ན་དགེ་སློང་མ་རྒན་པ་ཡིས་ཡོན་བཤད་བྱའོ། །གསུམ་པ་གྲོང་དུ་རྒྱུ་བའི་ཚེ་ཇི་ལྟར་བྱ་བ་ནི། དགེ་སློང་དག་སྤྱོད་ཡུལ་གྱི་གྲོང་དུ་རྒྱུ་བ་ལ་སོང་ནས་ནི་སྐལ་བ་ལེན་པའི་དགེ་སློང་མེད་པ་ན་དེའི་རྙེད་སྐལ་ཞལ་ཏ་བ་ཡིས་གཞག་གོ །གལ་ཏེ་དགེ་སློང་ཕྱིར་འོངས་ན་དགེ་སློང་དེ་ཡིས་དབང་བའོ། །མ་འོངས་ན་དགེ་འདུན་སྤྱིའི་འོ། །གྲོང་རྒྱུ་བ་ལ་སོང་ནས་ནི་སྐལ་བ་ལེན་པའི་དགེ་སློང་མེད་པ་ན་གར་སོང་བ་དེའི་དོན་རྟོགས་པར་བྱས་ནས་ཞལ་ཏ་པས་དེའི་རྙེད་པའི་སྐལ་བ་གཞག་གོ་ཞེས་བྱའོ། །སྔ་འགྱུར་ལས། གྲོང་རྒྱུ་བ་ལ་སོང་ནས་ནི། །ལེན་པ་དགེ་སློང་མེད་པ་ན། །རྙེད་སྐལ་ཞལ་ཏ་བ་ཡིས་གཞག །གལ་ཏེ་འོངས་ན་དེ་ཡི་འོ། །ཞེས་པ་ལྟར་རོ། །རྙེད་པ་བགོ་བའི་སྔོན་དུ་འགྲོ་བ་བསྟན་ཟིན་ཏོ། །གསུམ་པ་རྙེད་པའི་རིགས་བསྡུ་བ་ལ་རྙེད་པ་མཚམས་ཀྱིས་བསྒྲུབ་པ་ནི། གནས་ཐ་དད་ཀྱང་གསོ་སྦྱོང་ཅིག་ན་རྙེད་པ་གནས་གཉིས་ཀའི་གཉུག་མར་གནས་པ་ཐུན་མོང་དུ་དབང་ཞིང༌། གསོ་སྦྱོང་ཐ་དད་ན་རྙེད་པའང་ཐ་དད་པ་ལྟ་བུའོ། །ཁྲིམས་སུ་བཅས་པ་ལ་བརྟེན་པ་ནི། ཁྱིམ་འདི་ནས་བྱུང་བ་ནི་འདི་དག་གི་ཡིན་ལ། གཞན་ནས་བྱུང་བ་ནི་གཞན་གྱི་ཡིན་ནོ་ཞེས་པ་དང༌། སུམ་མདོ་ནས་བྱུང་བའི་རྙེད་པ་ནི་སྤྱིའི་ཡིན་ནོ་ཞེས་ཁྲིམས་བཅས་པའོ། །ཡང་སྦྱིན་བདག་གིས་ཡོ་བྱད་ཅི་འདོད་པ་གནས་འདི་ལ་གནས་པའི་དགེ་སློང་འདི་ལ་དབུལ་ལོ་ཞེས་བསྙད་པ་དང༌། སྤྱིའི་དགེ་འདུན་རྣམས་ལ་འབུལ་ལོ་ཞེས་བསྙད་པས་བགོ་བ་ནི་སྦྱིན་བདག་གིས་སོ་སོར་ངེས་པར་བྱས་པའོ། །མངོན་དུ་བའི་རྙེད་པ་ནི་ད་ལྟ་མངོན་སུམ་དུ་གྱུར་པ་ལ་དམིགས་ཀྱིས་མ་ཕྱེ་བར་སྤྱིར་བསྔོས་པའོ། །དབྱར་གྱི་རྙེད་པ་ནི་མཚམས་ནང་ན་གནས་པའི་དགེ་འདུན་ལ་སྦྱིན་བདག་གིས་བསྔོས་པའོ། །གནས་པ་པོའི་རྟེན་གྱིས་ཐོབ་པའི་རྙེད་པ་ནི། དགེ་སློང་ཞིག་སྦྱིན་བདག་གང་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་པའི་སྦྱིན་བདག་དེས་བྱིན་པ་དེ་ཁོ་ནའི་རྙེད་པ་ཡིན་པའོ། །བསྟན་པའི་རྙེད་པ་ནི། སྔ་མ་དེ་བཞིན་དུ་མཆོད་རྟེན་བཞི་པོ་མིང་སོ་སོར་སྨོས་པ་ལ་སོ་སོར་ཕུལ་བ་སྟེ། མཆོད་རྟེན་བཞི་ལ་ཕུལ་བ་གཅིག་ཚད་དུ་ཁྱེར་མི་ནུས་ན་བཞི་པོ་གང་རུང་གཅིག་ལ་འབུལ་གྱི། བཞི་ཆར་ལ་དངོས་སུ་མི་དགོས་ཏེ། ཡང་དག་པར་གྲགས་པའི་རྙེད་པ་བརྒྱད་པོ་འདི་ཐུན་མོང་དུ་ཐོབ་པ་དང་མི་འཐོབ་པ་སོ་སོར་ཕྱེད་ནས་འབྱེད་པ་པོས་བགོའོ། །ཞུ་བ་ལས། མཚམས་ཀྱི་ནང་དུ་ཕུལ་བའི་རྙེད་པ་དང༌། གནས་པའི་ཚེ་ཕུལ་བའི་རྙེད་པ་དང༌། དབྱར་གྱི་རྙེད་པ་དང༌། དགེ་འདུན་གྱིས་བཅས་པའི་རྙེད་པ་དང༌། གང་ཟག་གིས་བཅས་པའི་རྙེད་པ་དང༌། མངོན་སུམ་དུ་གྱུར་པའི་རྙེད་པ་དང༌། སོ་སོར་གྱུར་པའི་རྙེད་པ་སྟེ་བརྒྱད་ཅེས་འབྱུང་ངོ༌། །མཆོད་རྟེན་བཞི་ནི། བྱང་ཆུབ་ཆེན་པོ། ཆོས་ཀྱི་འཁོར་ལོ། ཆོ་འཕྲུལ་ཆེན་པོ། ལྷ་ལས་བབས་པ་རྣམས་སོ། །དུས་དང་གློ་བུར་གྱི་རྙེད་པ་ཇི་ལྟར་བྱ་བའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་ཤི་བའི་ཡོ་བྱད་ཀྱི་རྙེད་པ་ལ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། ཕུང་པོ་ལ་བསྙེན་བཀུར་བྱ་བ་དང༌། རྙེད་པ་བགོ་བའི་ཆོ་ག་དང༌། རྙེད་པ་གང་དབང་བའི་མཚན་ཉིད་དོ། །དང་པོ་ལ་གསུམ། དངོས་ཀྱི་དོན་བསྟན་པ་དང༌། ཞར་ལ་ཆོས་བཤད་པ་དང༌། གཙུག་ལག་ཁང་དུ་འཇུག་པའི་ཆོ་གའོ། །དང་པོ་ནི། དགེ་སློང་ཤི་ནས་མི་མ་ཡིན་དུ་སྐྱེས་པའི་རོ་མ་ཕྱུང་བར་གོས་དང་ལྷུང་བཟེད་དགོས་པས་དེ་རོ་ལ་ཞུགས་ནས་དབྱུག་པ་བླངས་ནས་ཁོ་བོ་དུར་ཁྲོད་དུ་མ་ཕྱུང་བར་འགོད་དམ་ཟེར་བ་དང༌། དེ་ལྟ་བུའི་རོ་མ་མཆོད་པར་བོར་བས་དེས་དབྱུག་པ་བླངས་ནས་ཁོ་བོ་མ་མཆོད་པར་འགོད་དམ་ཟེར་བ་ལ་བརྟེན་ནས་སྡོམ་བརྩོན་ཤི་བའི་རོ་གདུགས་དང་མེ་ཏོག་དང་རྒྱལ་མཚན་སོགས་ཀྱིས་བསྙེན་བཀུར་དང་བཅས་ནས་དགེ་སློང་རྣམས་ཀྱིས་ཡོངས་སུ་བསྐོར་ནས་དུར་ཁྲོད་དུ་ཁྱེར་བར་བྱའོ། །ཡང་དགེ་སློང་ཤི་བའི་རོ་ལམ་དང་ཉེ་བར་བོར་བ་ན་ཤཱཀྱའི་བུ་མགོན་མེད་པ་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་བའི་སྐབས་ནི་འདི་ལྟའོ། །རབ་ཏུ་མ་བྱུང་ན་ཉེ་དུ་རྣམས་ཀྱིས་མཆོད་པར་བྱེད་པ་ལས་ཞེས་པ་ལ་བརྟེན་ནས་སྲོག་ཆགས་ཡོད་མེད་ཡོངས་སུ་བརྟགས་ཏེ། དུར་ཁྲོད་དེར་ནི་མེ་ཆེན་ཡོངས་སུ་འབར་བ་ཡིས་ཡོངས་སུ་སྦྱང་ངོ༌། །གལ་ཏེ་སྲོག་ཆགས་ཡོད་ན་མར་དང་ཙནྡན་ལ་སོགས་པས་བྱུག་པར་བྱ་ཞིང་སྲོག་ཆགས་དང་བཅས་པའི་རྨ་ཅན་གྱི་རོ་ལ་ནི་འབད་པས་ས་བརྐོས་ནས་སུ་ས་ནང་དུ་སྦས་ཏེ་དེ་ལ་རྩྭ་དང་ལོ་འདབ་སོགས་ཀྱིས་དགབ་པར་བྱའོ། །ཅིའི་ཕྱིར་སྲོག་ཆགས་དང་བཅས་པ་འདི་ནི་སྦ་བར་བྱ་ཡི། སྲེག་པར་མི་བྱེད་ཅེ་ན། ལུས་ཅན་རྣམས་ཀྱི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྣམས་ལུས་དང་ལྷན་ཅིག་སྐྱེ་ཞིང་འཇིག་པའི་ཕྱིར་སྔར་ཡོད་པ་མི་འཚིག་ཀྱང་སྲོག་ཆགས་ཀྱི་མིང་ཅན་ལུས་ལ་གསར་དུ་ཞུགས་པ་དེ་དག་འཚིག་པར་འགྱུར་བས་མི་བསྲེག་གོ །དགའ་བོ་ལ་གསུངས་པ་མངལ་དུ་འཇུག་པའི་སྐབས་ལས་སྐྱེས་ནས་ཞག་བདུན་ལ་འབྱུང་བར་གསུངས་ཀྱང༌། འདི་ནི་ཕྲན་ཚེགས་ལས། དེ་ལས་སྐྱེས་མ་ཐག་ཏུ་དེ་དག་ཀྱང་སྐྱེ་ལ། ཤི་བའི་ཚེ་དེ་དག་ཀྱང་འཆི་མོད་ཀྱི། འོན་ཀྱང་རྨའི་སྒོ་རྣམས་སུ་བརྟགས་ཏེ་བསྲེག་པར་བྱའོ་ཞེས་གསུངས་པ་ལྟར་བཀོད་དོ། །ཡང་རོ་སྒྲེན་མོར་བོར་བ་ལ་བརྟེན་ནས་སྨད་གཡོགས་དང་བླ་གོས་འབྲིང་པོས་གཡོགས་པར་གསུངས་པས་ན་སྡོམ་བརྩོན་གྱི་རོ་ནི་མཐང་གོས་དང་བཅས་པའི་བླ་གོས་འབྲིང་པོ་ཉིད་ཀྱིས་གཡོགས་ཏེ་དབྱུང་ངོ༌། །ལྷུང་བཟེད་དང་ཆོས་གོས་ལྷག་མ་ནི་གཞན་ལ་བཙོངས་ཏེ་ཤི་བ་ལ་ཕན་པའི་དོན་དུ་དགེ་སློང་རྣམས་ཀྱིས་བགོ་བར་འོས་པ་ཡིན་ནོ། །གཉིས་པ་ཞར་ལ་ཆོས་བཤད་པ་ལ་གསུམ། དགོས་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ཡོན་བསྔོ་བས་དོན་བསྡུ་བའོ། །དང་པོ་ནི། ཡང་སྔ་མ་ལྟ་བུའི་རོ་མཆོད་པ་དང་ཆོས་བཤད་དགོས་པ་ལས་རོ་ལ་ཞུགས་ཏེ་དབྱུག་པ་བླངས་ནས་ཁོ་བོའི་ཆེད་དུ་ཆོས་མ་སྨྲས་པར་འགོད་དམ་ཞེས་ཟེར་བ་ལ་བརྟེན་ནས་རོ་ཕྱུང་བ་དེའི་རྗེས་མི་རྟག་པའི་རྣམ་པའི་ཚུལ་སྟོན་བྱེད་ཀྱི་དམ་ཆོས་ཉན་པ་སྦྱིན་པར་བྱ་སྟེ། གདུལ་བྱ་འདི་དག་འཁོར་བ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་དང༌། གཉེན་བཤེས་འདི་དག་གི་མྱ་ངན་བསལ་བར་བྱ་བའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་དང༌། བྱེ་བྲག་ཏུ་སྐྱེས་བུའི་ཚེ་མི་བརྟན་པ་དང༌། གཟུགས་ལ་སོགས་པའི་ཡོན་ཏན་མི་རྟག་པ་དང༌། དེའི་སྒྲུབ་བྱེད་བཀོད་པའོ། །དང་པོ་ནི། མོའུ་གལ་གྱི་བུ་ཀུན་ཏུ་རྒྱུས་འདམ་བུ་ལྟར་བཅོམ་ཞིང་བརྡུངས་པས་རྒྱལ་པོའི་ཁབ་ཏུ་དགྲ་བཅོམ་པ་བདུན་ཁྲི་དང་བཅས་པ་མྱང་ངན་ལ་འདས་པ་དང༌། གྲོང་ན་ལ་ད་ཞེས་བྱ་བར་ཤཱ་རིའི་བུ་དགྲ་བཅོམ་པ་བརྒྱད་ཁྲི་དང་བཅས་པ་མྱ་ངན་ལས་འདས་པས་ཀུན་དགའ་བོ་མྱ་ངན་བྱེད་པ་ན་སྟོན་པས་མི་རྟག་པ་སྟོན་བྱེད་ཀྱི་ཆོས་འདི་གསུངས་ཏེ། འདུས་བྱས་ཐམས་ཅད་ནི་མི་རྟག་སྟེ། གང་གི་ཕྱིར་ན་རྐྱེན་གྱིས་གཞན་དུ་འགྱུར་བའི་ཕྱིར། དཔེར་ན་རྩྭ་རྩེ་རླུང་གི་བསྐྱོད་པའི་ཟིལ་པ་བཞིན་དུ་མི་བརྟན་ནོ། །གཉིས་པ་ནི། སྐྱེས་བུ་རྟག་པར་འཛིན་པ་གང་ཞིག་ལ་ཁྲེལ་དགོད་པའི་འཆི་བདག་གི་ཁ་ཤིན་ཏུ་དགང་དཀའ་བ་དེར་ནི་ཡང་དག་པར་ན་མི་འཇུག་པ་མཐོ་རིས་སམ་ས་སྟེང་དུ་སྐྱེས་པ་དེ་ལ་ཡོད་དམ་ཅི་སྟེ་མེད་དོ། །ཇི་ལྟར་ས་གཞི་རེ་ཞིག་བརྟན་པར་གནས་པ་ལ་ཡང་སྲེག་པར་བྱེད་པའི་དུས་མཐའི་མེ་བྱུང་བས་འཇིག་པ་ཁོ་ན་བཞིན་དུ་མི་རྣམས་འཆི་བའང་དེ་བཞིན་ཏེ། འདིར་མི་རྣམས་རང་བཞིན་གྱིས་འཆི་བ་དང་ལྷན་ཅིག་ཏུ་སྐྱེས་པའི་ཕྱིར་རོ། །གསུམ་པ་ནི། གཟུགས་སོགས་འདོད་པའི་ཡོན་ཏན་གྱིས་རྒྱགས་པ་རྣམས་ལ་སྨྲས་པ། གཟུགས་དང་རིགས་དང་ལང་ཚོ་དང་ཐོས་པ་དང་ཚུལ་ཁྲིམས་ལ་སོགས་པ་ཡང་རྟག་པ་མིན་ཏེ། འདུས་བྱས་ཡིན་པའི་ཕྱིར་རོ། །བཞི་པ་སྒྲུབ་བྱེད་བསྟན་པ་ནི། གང་ཡང་གཞན་དག་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ཡང་ཀུན་ཏུ་མི་འཆི་བར་གནས་པ་མ་མཐོང་བའི་ཕྱིར་ན་གཞན་ལྟ་ཅི་སྨོས། དེ་ཉིད་གང་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་དང༌། འཇིག་རྟེན་གྱི་མགོན་པོ་གཅིག་པུ་པ་སྟོན་པ་དང༌། སྡོམ་བརྩོན་ཡང་སྲིད་ཟད་པའི་དགྲ་བཅོམ་པ་ཡང་འཆི་བར་འགྱུར་ན་སྐྱེ་བོ་གང་གིས་འཆི་བ་ཇི་སྐད་དུ་བཟློག་སྟེ། སྐྱེས་བུའི་ཚེ་ནི་ཆུའི་རི་མོ་དང་འདྲ་བས་སོ། །སྔ་འགྱུར་ལས། གང་གིས་ཇི་སྐད་དུ་ནི་བཟློག །ཅེས་པ་ལྟར་རོ། །ཡང་ན་སྐྱེས་བུ་གང་ཞིག་ཇི་སྐད་བཤད་པའི་མི་རྟག་པ་ཇི་ལྟར་བཟློག་སྟེ། སྐྱེས་བུའི་ཚེ་ནི་ཆུའི་རི་མོ་དང་འདྲ་བར་སྐད་ཅིག་གིས་འཇིགས་པས་སོ། །ཡང་ན་འགྱུར་འདི་ལྟར་བྱ་སྟེ། རྒྱལ་པོ་འཇིག་རྟེན་མགོན་གཅིག་པུ། །གང་གཞན་འདོད་ཆགས་གྲལ་བ་ཡི། །སྡོམ་བརྩོན་ཡང་སྲིད་ཟད་པ་ཡང༌། །ཀུན་ཏུ་གནས་པ་མ་མཐོང་ན། །གང་ཞིག་ཇི་སྐད་ཇི་ལྟར་བཟློག །ཅེས་བྱའོ་ཞེས་བསྒྱུར་རོ། །གསུམ་པ་ཡོན་བསྔོ་བས་དོན་བསྡུ་བ་ནི། གོང་དུ་བསྟན་པ་དེ་ལྟར་མི་རྟག་པ་སྟོན་བྱེད་ཀྱི་ཆོས་བསྟན་ཟིན་ནས། ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་དེ་ཡི་ཡོན་བཤད་དེ་བསྔོ་བ་ཡང་བྱའོ། །གསུམ་པ་གཙུག་ལག་ཁང་དུ་འཇུག་པའི་ཆོ་ག་ནི། འདུས་བྱས་ཀྱི་རྙེད་པ་དེ་དག་འདིར་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པར་སྟོན་པའི་ཐུབ་པའི་བཀའི་དོན་ལ་དྲན་པ་ཡང་དག་ཐོབ་པ་ཡིས་རྐང་ལག་དང་གདོང་པ་ཆུ་ཡིས་དག་པར་རབ་ཏུ་བཀྲུས་ནས་མཆོད་རྟེན་ལ་བསྐོར་བ་བྱའོ། །བསྐོར་བ་བྱས་ནས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །གཉིས་པ་རྙེད་པ་བགོ་བའི་ཆོ་ག་ནི། གཙུག་ལག་ཁང་དུ་ཞུགས་ནས་ནི་ལུང་ལས་བཤད་པ་བཞིན་ཤི་བའི་ཡོ་བྱད་རྣམས་བསྙེན་པར་རྫོགས་མ་རྫོགས་ཀུན་ལ་མཉམ་པོར་བགོ་བར་བྱ་སྟེ། རོའི་བསྙེན་བཀུར་བྱ་བ་ལ་སོགས་པ་འདི་དག་ནི་ཐུབ་པའི་སྲས་ཀྱི་གཙོ་བོ་སྡོམ་བརྩོན་རྣམས་ལ་བཅས་སོ། །མཉན་ཡོད་དུ་ཉེ་དགའི་སྤྱི་བོར་ཕོལ་མིག་འབྱུང་བ་ལ་སྨན་པས་ཉི་མ་གསུམ་དུ་འབྲུ་མར་འཐུང་ཞེས་བྱས་ཀྱང་ཉི་མ་དང་པོ་རྣམས་ལ་མ་འཐུངས་ལ། ཉི་མ་གསུམ་པར་འཐུངས་ཀྱང་མ་ཞུ་བས་ཤི་ནས་ཤུལ་དུ་གསེར་སྲང་སུམ་ཁྲི་བྱུང་བ་ལ་གྲོང་ཁྱེར་དྲུག་གི་དགེ་སློང་ཀུན་འདུས་པས་རྙེད་པ་བགོ་བའི་རྒྱུ་ལྔ་གསུངས་པ་ནི། རྙེད་པ་བགོ་བའི་གཎྜི་བརྡུང་བ་དང༌། རྒྱུན་ཆགས་གསུམ་པ་གདོན་པ་དང༌། གང་ཞིག་མཆོད་རྟེན་ལ་ཕྱག་བྱེད་པའི་ཚེ་ན་ཡོད་པ་དང༌། ཚུལ་ཤིང་བྲིམས་པའི་ཚེ་ན་ཡོད་པ་དང༌། གསོལ་བས་བྱིན་གྱིས་རློབ་པའི་དུས་ལ་གང་ཡོད་པ་དེ་ལ་ཤི་བའི་ཡོ་བྱད་ཀྱི་རྙེད་པ་འོས་པ་ཡིན་ལ། ཕྱིན་ཆད་ཡོང་བ་ནི་མི་དབང་ངོ༌། །གལ་ཏེ་ཤི་བའི་རྫས་དེ་འགོད་པ་ན་དགེ་འདུན་ཀུན་བྲེལ་བས་གསོལ་བའི་དུས་སུ་གནས་དེར་ཀུན་མ་ཚོགས་ན་རྙེད་པ་རྣམ་པར་འགྱེད་པས་ཡོ་བྱད་གཅིག་བསྒྱུར་ནས་ཆ་གཉིས་སུ་བྱས་ཏེ། ཆ་གཅིག་རྒན་པོ་དང༌། ཆ་གཅིག་གསར་བུ་དག་ལ་སྦྱིན་ནོ། །བགོ་ཚུལ་དེ་ལྟར་བྱས་པས་ཤི་བ་དེའི་ནོར་མ་ལུས་པ་ལེགས་པར་བགོས་པར་འགྱུར་རོ། །གོས་གཞི་ལས། གསོལ་བའི་ཐོག་མ་དང་ཐ་མ་མ་བྱས་པའི་ཤི་བའི་ཡོ་བྱད་ཀྱི་རྙེད་པ་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་དབང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་འདི་གཉིས་ནི་ངེས་པར་བྱ་བ་ཡིན་ནོ། །ཆོ་ག་འདི་དག་ཟིན་ནས་དགེ་སློང་གཞན་དག་ལས་ཁ་ཅིག་གློ་བུར་དུ་གནས་པར་ལྷགས་ཀྱང་དེ་ལ་སྐལ་བ་སྦྱིན་པར་བྱར་མེད་དོ། །གསུམ་པ་རྙེད་པ་གང་དབང་བའི་མཚན་ཉིད་ལ་གཉིས་ཏེ། སྡོམ་ལྡན་གྱི་ནོར་གང་དབང་བ་དང༌། རྟགས་ཅན་གྱི་ནོར་གང་དབང་བའོ། །དང་པོ་ལ་དྲུག་སྟེ། དངོས་པོའི་ནོར་གང་དབང་བ་དང༌། རྟེན་ཐ་དད་པ་དང༌། གནས་གཞན་དུ་ཤི་བ་དང༌། བུ་ལོན་ཅན་དང༌། ཕུལ་བ་དང༌། ལྟ་བ་ཐ་དད་པའི་ཡོ་བྱད་གང་དབང་བའོ། །དང་པོ་ནི། །འཆི་བ་པོའི་དགེ་སློང་དེ་ཡིས་བདག་གི་ཡོ་བྱད་རྣམས་གནས་འདིར་ཞུགས་པ་དག་གིས་སྣོམས་ཤིག་ཅེས་གལ་ཏེ་བརྡ་སྤྲད་དེ་འཆི་བ་པོ་དེ་ཡིས་བྱམས་སེམས་ཀྱིས་བསྔོས་ན་ཡོ་བྱད་དེ་ནི་གནས་དེའི་ཚོགས་དགེ་འདུན་གྱིས་ཐོབ་པ་ཡིན་ནོ། །གལ་ཏེ་བྱམས་སེམས་མ་ཡིན་པས་མ་ཤི་བ་འཚོ་བའི་དུས་ཀྱི་ཚེ་ན་དགེ་འདུན་ལ་བསྔོས་ན་ནི་གནས་དེ་ན་མེད་པའི་གང་ཟག་གིས་སྐལ་བ་བླངས་ན་ཡང་དེ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །མཉན་ཡོད་དུ་ནད་པ་འགའ་ཞིག་གིས་ང་ཤི་ན་ཆོས་གོས་དང་ལྷུང་བཟེད་ཁྱོད་ཀྱིས་ཁྱེར་བྱས་པས་ཕྱིས་ནད་གཡོག་གིས་མི་སྟེར་བས་ཁྱིམ་པ་རྣམས་ནི་ཉེ་འཁོར་དང་ཤི་བའི་ཡོ་བྱད་དང་རྫས་ལ་ལྟོས་པ་དང་བཅས་པ་ཡིན་ལ། ཐུབ་པའི་བརྟུལ་ཞུགས་འཛིན་པ་རྣམས་ནི་དེ་ལྟར་མིན་པ་དེའི་ཕྱིར་དགེ་སློང་དེ་འཆི་བའི་ཚེ་ན་ནོར་གང་ལ་བློའི་ལྟོས་པ་ཡོད་པ་དེ་མི་རུང་བས་འཆི་ཁར་ངའི་ནོར་འདི་འདི་དང་འདི་ལ་བྱིན་ཅིག་ཅེས་ཁྱིམ་པ་ལྟར་མི་རུང་ངོ༌། །ཡང་ན། སྔ་འགྱུར་ལས། དེ་ཕྱིར་གང་ལ་ལྟོས་ཡོད་པའི། །དགེ་སློང་དེ་ལ་དེ་མི་རུང༌། །ཞེས་པ་ལྟར་དགེ་སློང་དེ་ལ་འཆི་བའི་ཚེ་ནོར་གང་ལ་ལྟོས་པ་ཡོད་པའི་བློས་འདི་ལ་འདི་བྱིན་ཞེས་སྨྲ་བ་དེ་མི་རུང་ངོ༌། །གོས་གཞི་ལས། དགེ་སློང་དག་དེ་གསོན་པ་ན་སྦྱིན་པ་མི་བྱེད་ན་ཤི་ན་སྦྱིན་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁོ་བོ་འདས་ནས་འདི་ལ་སྦྱིན་པར་བྱའོ་ཞེས་བྱ་བའི་སྦྱིན་པ་འདི་ནི་མོད་ཀྱིས་བླངས་ནས་བགོ་བར་བྱའོ་ཞེས་གསུངས་སོ། །དགེ་སློང་ནོར་ལ་ལྟོས་པ་དང་བཅས་པ་མི་རུང་བས་འཆི་ཁར་གཉེན་ལ་ཡོངས་སུ་བསྔོས་པའི་ནོར་འདི་ནི་འཆི་ཁར་མ་ཟད་ཚེ་འཕོས་པའི་རྗེས་ལ་ཡང་གོས་དང་ལྷུང་བཟེད་ལ་སོགས་པ་དེ་ནི་གཉེན་ལ་མི་སྦྱིན་པར་ཚོགས་ཀྱི་ཐད་དུ་འབུལ་ལོ། །གང་དབང་མི་དབང་གི་ཚུལ་རྣམས་པར་དཔྱད་དེ་ཚོགས་ལ་ཕུལ་བ་དེ་ཆོ་ག་བཞིན་དུ་དགེ་འདུན་གྱིས་བགོ་བར་བྱའོ། །ཤི་བའི་ཤུལ་དུ་རིན་པོ་ཆེ་གསེར་དང་མུ་ཏིག་ལ་སོགས་པ་ཡོད་པ་ཡིན་ན་དེ་ནི་དགེ་འདུན་གྱིས་བགོར་མི་རུང་བར་བརྗོད་དེ། སངས་རྒྱས་ལ་འབུལ་དགོས་པར་ལུང་ལས་བཤད་པའི་ཕྱིར་རོ། །གཉིས་པ་བརྟེན་ཐ་དད་པའི་རྙེད་པ་གང་དབང་ནི། དགེ་སློང་ཤི་བའི་ཆོས་གོས་དང་ལྷུང་བཟེད་དགེ་སློང་མ་ལ་བཅོལ་ཏེ། དགེ་སློང་རྣམས་ཀྱིས་དེའི་རོ་བསྲེགས་ནས་ཆོས་གོས་དང་ལྷུང་བཟེད་ལེན་དུ་ཕྱིན་པ་ན། དགེ་སློང་མ་རྣམས་ཀྱིས་ཁྱེད་ཀྱི་ཁང་པ་ན་འདུག་པ་ཁྱེད་དབང་ལ། ངེད་ཀྱི་ཁང་པ་ན་འདུག་པ་ངེད་དབང་ངོ་ཞེས་སྨྲས་པས་སྟོན་པས་འདི་གསུངས་ཏེ། དགེ་སློང་ཤི་བའི་ཡོ་བྱད་ནི་དགེ་སློང་དབང་བར་འོས་པ་ཉིད་ཡིན་ལ། དགེ་སློང་དེ་དག་མེད་ན་དགེ་སློང་མ་དེ་ཡང་དབང་སྟེ། དགེ་སློང་གི་སྲིང་མོ་ཡིན་པའི་ཕྱིར་རོ། །དགེ་སློང་མ་ཤི་བའི་ནོར་དེ་དགེ་སློང་མ་དབང་བས་དགེ་སློང་མ་ཡིས་བདག་གིར་བྱ་བར་འདོད་དོ། །གལ་ཏེ་དགེ་སློང་མའི་ནོར་དེ་ལ་ཡང་དགེ་སློང་མ་དེ་དག་མེད་ན་དགེ་སློང་རྣམས་ནི་བདག་པོར་འདོད་དོ། །གསུམ་པ་ནི། གྲོགས་དགེ་སློང་མེད་པར་དགེ་སློང་དག་གལ་ཏེ་ཁྱིམ་པའི་གྲོང་དུ་ཤི་བར་གྱུར་ནས་དགེ་སློང་དེའི་ནོར་དེ་ཁྱིམ་དེར་ལུས་ན་དགེ་སློང་གཉིས་ཀྱིས་གཅིག་ཆར་དུ་སློང་བར་འདོམས་ནས་གཉིས་ཀ་རིལ་པོར་འདོད་ན་ཡང་གཉིས་ཀ་ལ་ཡང་ཕྱེད་ཕྱེད་བགོར་རུང་སྟེ། གང་གི་ཕྱིར་ན་གཉིས་ཀས་ཅིག་ཅར་ཉིད་དུ་སློང་བར་བྱེད་པའི་ཕྱིར། དུས་མི་མཉམ་ན་གང་སྔར་འོངས་པ་ལ་སྦྱིན་ནོ། །ཁྱིམ་པ་གང་གིས་དགེ་སློང་གང་ལ་དམིགས་ཏེ་བྱིན་པའི་ཡོ་བྱད་དེ་ནི་ཅི་བདེར་དགེ་སློང་དེ་ཡིར་འགྱུར་བ་ཡིན་ནོ། །གལ་ཏེ་གཙུག་ལག་ཁང་གཉིས་ཀྱི་བར་དུ་དགེ་སློང་ཤི་བའི་ཡོ་བྱད་གང་དབང་ཞེ་ན། གཙུག་ལག་ཁང་ཕན་ཚུན་གྱི་མཚམས་ཀྱི་བར་དུ་དགེ་སློང་ཤི་བ་ན་གཙུག་ལག་ཁང་གང་དུ་མགོ་བོ་བསྟན་པ་དེ་ན་གནས་པ་རྣམས་ཀྱིས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་དབང་བ་ཡིན་ནོ། །བཞི་པ་ནི། ཁྱིམ་བདག་གི་ནོར་བསྐྱིས་པའི་དགེ་སློང་ཤི་བའི་ཤུལ་དུ་ཁྱིམ་པས་དགེ་སློང་རྣམས་ལ་བུ་ལོན་འདེད་པ་ན་དུར་ཁྲོད་དུ་སོང་ལ་དེད་ཅིག་ཅེས་སྨྲས་པ་ལ་བརྟེན་ནས་གསུངས་པ་ནི། དགེ་སློང་གང་གིས་ཁྱིམ་བདག་གི་བུ་ལོན་བླངས་ནས་རང་ཉིད་འཆི་བདག་གི་ཁར་ཆུད་པར་གྱུར་པ་ན་ནི་བུ་ལོན་དེ་ནི་འཕགས་པའི་དགེ་འདུན་གྱིས་ཤི་བ་དེའི་ནོར་ལས་སྦྱིན་པར་བྱའོ། །ཡང་དགེ་འདུན་གྱི་ཞལ་ཏ་བ་ཞིག་གིས་ཁྱིམ་པ་ཞིག་ལས་ནོར་བསྐྱིས་པའི་རྗེས་སུ་ཤི་ནས་ཁྱིམ་པས་དགེ་སློང་རྣམས་ལ་བུ་ལོན་དེད་པ་ན་དུར་ཁྲོད་དུ་སོང་ལ་དེད་ཅིག་ཅེས་སྨྲས་པ་ལ་བརྟེན་ནས་དགེ་འདུན་སྤྱིའི་དོན་དུ་ཞལ་ཏ་བས་ཁྱིམ་པ་ལས་བུ་ལོན་བླངས་ཏེ་ཤི་བ་ན་བུ་ལོན་དེ་ཀུན་ཚོགས་དགེ་འདུན་གྱིས་སྦྱིན་དགོས་པར་སྟོན་པའི་ལུང་གིས་ཤིན་ཏུ་ངེས་པ་ཡིན་ནོ། །དགེ་འདུན་སྤྱི་ལ་དགོས་པ་བྱུང་ན་བུ་ལོན་འདི་ངེས་པར་གཞན་ལས་བླང་བར་བྱ་སྟེ། བླང་ཚུལ་ནི། གནས་བརྟན་རྒན་པོ་རྣམས་ལ་བུ་ལོན་བླངས་པ་གོ་བར་བྱས་ནས་དཔང་པོ་དང་བཅས་ཏེ་ཇི་ཙམ་ཁྱེར་བ་ཡི་གེར་བྲི་བར་བྱའོ། །ལྔ་པ་ཕུལ་བའི་ཡོ་བྱད་གང་དབང་བ་ནི། དགེ་སློང་གང་གིས་ལྷན་ཅིག་དབང་བ་རྣམས་ཀྱིས་རང་འདོད་པའི་འབྲས་བུ་གྲུབ་པར་འདོད་པ་ཡིས་དགེ་སློང་ཤི་བའི་བ་དན་དང་གོས་དང་མལ་སྟན་སོགས་ཚོགས་ལ་ཕུལ་ན་ཉེས་པ་མེད་དོ། །གལ་ཏེ་ཕུལ་རྗེས་སུ་འབུལ་མཁན་དེ་དག་འགྱོད་པའི་མེ་ལྕེ་ཡིས་སེམས་རབ་ཏུ་བསྲེགས་པ་ན་སླར་ཡང་འགྱོད་སེམས་བཟློག་པའི་ཆུ་ཡིས་འགྱོད་སེམས་ཀྱི་མེ་མ་ལུས་བ་ཞི་བར་བྱ་བ་ཉིད་དོ། །སུམ་བརྒྱ་པ་ལས། གང་གིས་བ་དན་མལ་སྟན་སོགས་བྱིན་ནས། །ཡིད་ལ་གཅགས་པའི་མེ་ནི་འབར་བྱེད་ན། །བསྡམས་བྱ་ལས་ཐར་བྱ་ཕྱིར་དེ་ལ་ནི། །སླར་བྱིན་བུམ་ཆུས་མ་ལུས་ཞི་བར་བྱ། །ཞེས་སོ། །དྲུག་པ་ལྟ་བ་ཐ་དད་པའི་ཡོ་བྱད་གང་དབང་བ་ནི། ཤི་བའི་ཡོ་བྱད་འདི་ལ་རང་བཞིན་དུ་གནས་པ་ཤི་བའི་ཡོ་བྱད་ནི་གནས་ནས་ཕྱུང་བ་སོགས་མ་ཡིན་པ་དགེ་སློང་རང་བཞིན་དུ་གནས་པ་དབང་བ་དང༌། གཞན་དག་གནས་ནས་ཕྱུང་བ་ཤི་བ་ན་གཅིག་རང་བཞིན་དུ་གནས་པའི་ཡོ་བྱད་དུ་མ་ཟད་གཅིག་གནས་ནས་ཕྱུང་བའི་ཡོ་བྱད་རྣམས་དགེ་སློང་རང་བཞིན་དུ་གནས་པ་རྣམས་ལ་རུང་བ་ཡིན་ནོ། །ཡང་དགེ་སློང་རང་བཞིན་དུ་གནས་པ་ཤི་བའི་མདུན་དུ་དགེ་སློང་རང་བཞིན་དུ་གནས་པ་གཞན་མེད་པར་གྱུར་ན་སྡིག་ལྟ་ཡོངས་སུ་དག་པའི་བློ་གྲོས་ཅན་གནས་ནས་ཕྱུང་བ་ལ་ཡང་ནི་དགེ་སློང་རང་བཞིན་དུ་གནས་པའི་ཡོ་བྱད་ལ་དབང་ཐང་བཀག་པ་མེད་དོ། །གོས་གཞི་ལས། གནས་ནས་ཕྱུང་བ་ནི་རབ་ཏུ་མང་ལ། རང་བཞིན་དུ་གནས་པ་ནི་གཅིག་མཆིས་པ་གུམ་ན་རྙེད་པ་གང་དབང་བར་གྱུར་ལགས། གནས་ནས་ཕྱུང་བ་རྣམས་ལས་ཐོག་མར་སྡིག་པའི་ལྟ་བར་སོང་བ་སྤངས་པ་གང་ཡིན་པའོ་ཞེས་སོ། །སྡོམ་ལྡན་གྱི་རྙེད་པ་གང་དབང་བཤད་ཟིན་ཏོ། །གཉིས་པ་རྟགས་ཅན་གྱི་རྙེད་པ་གང་དབང་ནི། ཁྱིམ་བདག་ཚོང་དཔོན་བུ་མེད་ནས་སྐྲ་བྲེགས་ཏེ་བསླབ་པ་སྦྱིན་པར་བརྩམས་པ་ཡུན་རིང་དུ་ན་ནས་སྐྲ་རིང་པོ་སྐྱེས་པ་མགོ་རེག་ཏུ་གྲགས་པ་འཆི་ཁར་ནོར་ཐམས་ཅད་གླེགས་བུ་ལ་བྲིས་ཏེ་རྒྱལ་བྱེད་ཚལ་དུ་བསྐུར་བ་འཆི་ཁར་ཡོ་བྱད་གང་འབུལ་བ་ཡི་གེར་བྲི་བར་བྱས་ནས་ནི། གལ་ཏེ་དགེ་འདུན་ཚོགས་པ་ལ་ཕུལ་བ་ན་ཤི་ན་དེའི་ནོར་དེ་ནི་བགོ་བར་བྱ་སྟེ། གཞན་ལས་ནོར་བསྐྱིས་པ་དང་འདྲ་བ་ཉིད་ལ་བགོའོ། །ཡང་ན་རང་རང་གི་ནོར་དང་འདྲ་བ་ཉིད་ལ་བགོའོ་ཞེས་བྱའོ། །དགེ་སློང་ཁྲུམས་སྟོད་ཀྱི་མིང་ཅན་གྱིས་རང་གི་གོས་དང་ལྷུང་བཟེད་བཅུ་གཉིས་སྡེ་ལ་བཅོལ། དེས་སྐྱེ་དགུའི་བདག་མོ་ལ་བཅོལ། དེས་ཀུན་དགའ་བོ་ལ་བཅོལ། དེས་གཙུག་ལག་ཁང་ཞིག་ཏུ་བཞག་པ་ཁྲུམས་སྟོད་གདུགས་ཚོད་ཀྱི་གོང་གི་དབྱར་ཚུལ་སོགས་བཟའ་དྲགས་ནས་ཤི་སྟེ་དེའི་གོས་དང་ལྷུང་བཟེད་བསྐྱིན་པར་ཀུན་དགའ་བོས་བྱིན་གྱིས་བརླབས་པ་ལྟ་བུའོ། །འགོད་ཚུལ་ནི་གཙུག་ལག་ཁང་དེ་ལ་མཁོ་བར་གྱུར་པ་མུ་ཏིག་དང་ཚོན་རྩི་སོགས་དེ་ནི་གཙུག་ལག་ཁང་དེར་འོས་པས་དེ་ལ་འབུལ་བར་བྱ་བ་ཉིད་དོ། །སྔ་འགྱུར་ལས། མཚོན་ཆ་ཀུན་ནི་མ་གཏོགས་སོ། །ཞེས་འབྱུང་བས། མཚོན་ཆ་ཀུན་ནི་གཙུག་ལག་ཁང་དུ་འབུལ་པར་འོས་པ་ལ་མ་གཏོགས་སོ། །འགྱུར་གསར་ལྟར་ན། མཚོན་ཆ་དང་འཆིང་བྱེད་ཀྱི་ལྕགས་སྒྲོག་སོགས་ཀུན་ནི་གཙུག་ལག་ཁང་དུ་འབུལ་བར་འོས་པ་ལ་མ་གཏོགས་སོ། །གོ་ཆ་ལ་སོགས་པ་རྒྱལ་པོ་ལ་འོས་པ་ནི་རྒྱལ་པོ་ལ་སྦྱིན་ནོ། །མཚོན་ལ་ནི་ཁབ་ལ་སོགས་པ་དགོས་པ་དེ་རྗེས་སུ་མཐུན་པའི་དངོས་པོ་བྱ་བ་ཉིད་དོ། །ཁབ་ལ་སོགས་པ་དེ་བཤིག་ནས་ཕོ་བའི་མཚོན་ཆ་གཞན་དུ་མི་བྱའོ། །ཤི་བའི་ཡོ་བྱད་ཀྱི་རྙེད་པ་ཇི་ལྟར་བྱ་བ་བསྟན་ཟིན་ཏོ། །གསུམ་པ་ཆོས་དང་དབྱར་གྱི་རྙེད་པ་ལ་ཇི་ལྟར་བྱ་བ་ནི། ཀུན་སློང་གཞན་དུ་མ་ཡེངས་པར་ཆོས་ཀྱི་དོན་ལ་མཉམ་པར་གཞག་པས་བདེ་གཤེགས་ཀྱི་ཞལ་ནས་གསུངས་པའི་ཚིག་བཅད་གཅིག་ཙམ་བཀླགས་པ་ན་ཡང་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དམ་པའི་ཆོས་དག་གིས་རྙེད་པ་གང་ཟག་དེ་ལ་མི་འོས་པ་མིན་ནོ། །མཛོད་ལས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་གསུངས་པ་ལྟར་རོ། །ཐུབ་དབང་གིས་ལེགས་པར་གསུངས་པའི་དམ་པའི་ཆོས་ནི་རྣམ་པ་གཉིས་ཏེ། རྗོད་བྱེད་ལུང་དང༌། གཞན་ཡང་བརྗོད་བྱ་རྟོགས་པའོ། །ཚིགས་སུ་བཅད་པ་གཅིག་ཙམ་འཛིན་པས་ཀྱང་ལུང་དེ་འཛིན་པའི་དོན་གྱིས་ན་ཆོས་ཀྱི་རྙེད་པ་འོས་པ་ཡིན་ནོ། །རྟོགས་པའི་ཆོས་འཛིན་པ་ནི་ཚུལ་བཞིན་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་འོ། །ཞེས་གསུངས་སོ། །ཡང་ཚུལ་ཁྲིམས་དང་ལྡན་པ་རྣམས་སྔར་གནས་དེར་དབྱར་གནས་པར་ཁས་བླངས་ནས་གལ་ཏེ་ཤི་བའམ་མཚན་གཞན་དུ་འགྱུར་ཀྱང་དབྱར་གནས་པར་ཁས་བླངས་པའི་དོན་གྱིས་དབྱར་གྱི་རྙེད་པ་འོས་པ་ཡིན་ནོ། །བཞི་པ་ཞར་ལས་བྱུང་བའི་དོན་ལ་གཉིས་ཏེ། མཆོད་རྟེན་བཞེངས་ཚུལ་དང༌། ནད་པ་བསྐྱང་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཚད་དང༌། བཀོད་པའོ། །དང་པོ་ནི། སྔ་འགྱུར་ལས། བདེ་གཤེགས་སྲས་ཀྱི་ལྷུན་པོའི་ཚད། །སྐུ་གཟུགས་མཆོད་རྟེན་བྱེད་པ་ཡིས། །ཞེས་འབྱུང་བས། བདེ་བར་གཤེགས་པ་དང་བདེ་བར་གཤེགས་པའི་སྲས་འཕགས་པ་རྣམས་ཀྱི་སྐུ་གཟུགས་དང་མཆོད་རྟེན་བྱེད་པར་འདོད་པ་ཡིས། ལྷུན་པོ་སྟེ་མཆོད་རྟེན་ཚད་དང་ལྡན་པར་བྱ་བ་ཡིན་ནོ། །འགྱུར་གསར་ལས། བདེ་གཤེགས་གདུང་སྲས་ལྡན་པའི་ཚད། །ཅེས་པ་ནི་འགྱུར་ཉེས་པ་ཡིན་ནོ། །དབྱིབས་ནི་སྤྱིར་བཏང་ལ་སྟོན་པའི་མཆོད་རྟེན་ལ་ཟུར་བཞི་དང་ལོགས་མཉམ་པ་མཛེས་པར་བྱས་ནས་བང་རིམ་བཞི་དང༌། གཞན་བུམ་པ་དང༌། བུམ་རྟེན་དང༌། བྲེ་དང༌། སྲོག་ཤིང་དང༌། གདུགས་བཅུ་གསུམ་ལ་སོགས་རིམ་པ་བཞིན་དུ་བརྩེགས་ནས་བྱའོ། །བདེ་གཤེགས་ཀྱི་སྲས་རྣམས་ཀྱི་མཆོད་རྟེན་དེ་ལ་ཡང་རྒྱུན་ཞུགས་ཀྱི་མཆོད་རྟེན་ལ་གདུགས་གཉིས་དང༌། ཕྱིར་འོངས་ལ་གསུམ་དང༌། ཕྱིར་མི་འོང་ལ་བཞི་དང༌། དགྲ་བཅོམ་པའི་ལྔ་སྟེ། འབྲས་བུའི་རིམ་པ་ལས་གདུགས་གཅིག་གིས་ལྷག་པ་ཉིད་ཀྱི་གྲངས་སོ། །སྔ་འགྱུར་ལས། འབྲས་བུའི་རིམ་པའི་གདུགས་ཀྱི་གྲངས། །ཞེས་འབྱུང་བ་ལྟར་ལེགས་སོ། །མཆོད་རྟེན་ཡུ་བོ་སྟེ་གདུགས་མེད་པ་ནི། ཡོན་ཏན་གྱི་སོ་སོ་སྐྱེ་བོ་རྣམས་ལ་བྱ་བར་འོས་སོ། །ཕྲན་ཚེགས་ལས། ཉན་ཐོས་ཀྱི་འབྲས་བུ་དང་གདུགས་ཀྱི་རིམ་པའི་གྲངས་མཉམ་པར་བཤད་ལ། མདོ་རྩ་བ་དང་གཞུང་འདི་ལས་ནི། འབྲས་བུ་ལས་གདུགས་གཅིག་གཅིག་གིས་ལྷག་པར་གསུངས། ཞུ་བ་ལས་ནི། སྟོན་པའི་མཆོད་རྟེན་ཡོངས་སུ་རྫོགས་པར་བྱའོ། །རང་སངས་རྒྱས་ཀྱི་ནི་བུམ་པ་སུལ་མེད་པ་ཅན་བྱའོ། །དགྲ་བཅོམ་པ་ཡི་ནི་འཕང་ལོ་བཞི་པ་ནས། རྒྱུན་ཞུགས་ཀྱི་འཕང་ལོ་གཅིག་པའོ། །སོ་སྐྱེ་དགེ་བ་ཅན་དག་གི་ནི་མགོ་བོ་ཡུ་བོར་བྱའོ་ཞེས་སོ། །སྟོན་པའི་མཆོད་རྟེན་དེའི་གདུགས་ཀྱི་ཚད་མ་མཐའ་བཅུ་གསུམ་ཡིན་ལ། མཐར་ཐུག་པའི་གདུགས་ཀྱི་ཚད་ལ་ངེས་པ་མེད་དེ། གྲངས་བརྒྱ་ལྷག་པ་དང༌། རིན་ཐང་བྱེ་བ་ཉིད་རི་བ་སྟེ། སྟོན་པ་ལ་ཚུལ་དེ་ལྟ་བུའི་མཆོད་རྟེན་ཡང་ནི་བྱ་བར་འོས་ཏེ། ལུང་གཞི་ལས། ད་ལྟར་ང་མངོན་པར་རྫོགས་པར་བྱང་ཆུབ་པ་ན། ལྷ་དང་མི་རྣམས་ཀྱིས་རྩིབས་བརྒྱ་པ་དང་ལྡན་པའི་གདུགས་ཉིས་སྟོང་ལྔ་བརྒྱ་དབུའི་གཙུག་གི་སྟེང་དུ་བཟུང་བར་གྱུར་ཏོ་ཞེས་སོ། །ཐེག་པ་དམན་པ་བསེ་རུའི་སྤྱོད་པས་གཅིག་པུར་གནས་པའི་རང་རྒྱལ་ལ་གདུགས་རིམ་པ་བཅུ་གསུམ་པས་བྱ་སྟེ། དེ་ལ་ཆར་ཁེབས་མེད་པ་དག་བྱའོ་ཞེས་ཕྲན་ཚེགས་ལས་གྲགས་པར་ཐོས་པ་ཡིན་ནོ། །སྔ་འགྱུར་ལས། བྱའོ་ཞེས་ནི་ཐོས་པ་ཡིན། །ཞེས་པ་ལྟར་ལེགས་སོ། །ཚད་བསྟན་ཟིན་ཏོ། །གཉིས་པ་བཀོད་པ་ནི། སྟོན་པའི་མཆོད་རྟེན་གྱི་ལོགས་གཡས་གཡོན་དག་ཏུ་ནི་སློབ་མ་མཆོག་ཟུང་གཅིག་གི་མཆོད་རྟེན་བྱའོ། །སྟོན་པའི་མཆོད་རྟེན་ནི་དབུས་སུ་བྱ་སྟེ། ལྷག་མ་འཕགས་པ་གཞན་རྣམས་ཀྱི་མཆོད་རྟེན་ནི་གྲལ་རྒན་རིམ་བཞིན་དུ་བྱའོ། །འཕགས་པའི་མཆོད་རྟེན་དེའི་ཕྱི་རོལ་ཏུ་ནི་འཕགས་མིན་སོ་སོ་སྐྱེ་བོ་རྣམས་ཀྱི་མཆོད་རྟེན་བྱའོ། །གཉིས་པ་ནད་པ་བསྐྱང་ཚུལ་ལ་གསུམ་སྟེ། བརྩེ་བར་བྱ་བས་མདོར་བསྟན། ནད་པ་བསྐྱང་ཚུལ་རྒྱས་པར་བཤད། ནད་པའི་ཁྱད་པར་གྱི་ཀུན་ཏུ་སྤྱད་པའོ། །དང་པོ་ནི། སློབ་མ་རྣམས་ཀྱང་ན་ན་ཕུན་ཚུན་ལུས་ངག་རབ་ཏུ་གུས་པར་བྱ་བ་དང་ཡིད་མཉམ་པས་ཕན་ཚུན་བསྙེན་བཀུར་བྱའོ། །དགེ་འདུན་ཀུན་གྱིས་ཀྱང་ཆོ་ག་བཞིན་དུ་ནད་པ་རྣམས་སྨན་དག་གིས་ཀྱང་ཉེ་བར་བསྡུ་བར་བྱའོ། །ནད་པ་ཁྲུས་བྱ་བའི་ཕྱིར་ཆུ་སློང་བ་ལ་ཆུ་གཙང་ཞིང་དྲི་མ་མེད་པ་ལྷུང་བཟེད་ནས་སྦྱིན་ནོ། །དེ་ཡང་ལྷུང་བཟེད་ལན་གསུམ་བཀྲུས་ནས་ཀྱང་སངས་རྒྱས་ཀྱི་ཚིགས་བཅད་ཟློས་ཏེ་སྦྱིན་ནོ། །གཉིས་པ་ནད་པ་བསྐྱང་ཚུལ་རྒྱས་པར་བཤད་པ་ལ་གསུམ་སྟེ། ནད་པ་ལ་བསྙེན་བཀུར་བྱ་བ། ནད་ཞི་ཐབས་ལ་འབད་པ། གཞན་མེད་ན་དགེ་འདུན་གྱིས་བསྒྲུབ་པའོ། །དང་པོ་ལ་གསུམ། སྨན་གྱི་བསྙེན་བཀུར། གོས་ཀྱི་བསྙེན་བཀུར། རིམ་གྲོའི་བསྙེན་བཀུར་རོ། །དང་པོ་ནི། སྨན་དག་ཐོག་མར་བྱིན་ལེན་བྱས་ནས་ནི་ཚུལ་ལྡན་གྱི་དགེ་སློང་ནད་པ་དག་ལ་སྦྱིན་ནོ། །གལ་ཏེ་བྱིན་ལེན་སྟོབ་པ་པོ་མེད་ན་ནི་ནད་པ་རང་ཉིད་ཀྱིས་ལེན་པ་ལ་ཡང་སྤྱད་དུ་རུང་ངོ༌། །གཉིས་པོ་ནི། ནད་པས་གྱོན་པའི་ཆོས་གོས་བྱིན་གྱིས་བརླབས་པ་དག་ནད་པ་ལས་དགེ་སློང་གིས་མི་བླང་ཞིང༌། ནད་པ་དེ་ཡིས་ཕུལ་ཡང་ནི་དགེ་སློང་རྣམས་ཀྱིས་བགོ་བར་མི་བྱ་བར་ནད་ཞི་བ་ན་ཕྱིར་གཏད་དོ། །ཡང་དགེ་སློང་གང་ཞིག་འདིར་ནད་པའི་ཆོས་གོས་ལ་ཆགས་པས་ནད་པས་ཕུལ་བའི་ཆོས་གོས་དེ་ལེན་པ་དང༌། སྦྱིན་བདག་མི་སྤྲོ་བཞིན་དུ་ཕུལ་ཅིག་ཅེས་བསྐུལ་བ་དང༌། སྦྱིན་བདག་རང་གིས་འབུལ་ཡང་འབུལ་མི་དགོས་ཞེས་འགེགས་པར་བྱེད་པ་དེ་དག་གསུམ་ཆར་ཡང་ཉེས་བྱས་ཀྱི་སྐྱོན་དང་བཅས་པ་ཡིན་ནོ། །གསུམ་པ་རིམ་གྲོའི་བསྙེན་བཀུར་ནི། འཕགས་མིན་སོ་སྐྱེའི་ནད་པ་དང་འཕགས་པའི་ནད་པ་གཉིས་ཀ་ལ་ཡང་ནད་གསོ་བའི་དོན་དུ་ནམ་ཡང་ལེ་ལོ་མི་བྱ་སྟེ། ལུས་ཀྱི་འཁྲུལ་འཁོར་དང་གཏར་ཁ་བྱེད་པ་ལ་སོགས་པ་ནད་གསོ་བའི་སྦྱོར་བ་ལ་ལེ་ལོ་བྱ་བ་མིན་ནོ། །རྒྱལ་པོ་གསལ་རྒྱལ་གྱི་སྨན་པ་རྒྱུན་ཤེས་ཀྱི་བུས་གཞན་གྱི་གཞང་འབྲུམ་བཅད་ནས་ཤི་བ་ལ་བརྟེན་ནས། སྨན་པ་དད་པ་ཆུང་བས་ནད་ཀྱི་གསོ་སྦྱོར་བྱ་བ་མིན་ནོ། །གལ་ཏེ་ནད་པ་གསོ་བར་བྱེད་པར་འདོད་ན། སངས་རྒྱས་སོགས་ལ་མཆོད་པ་དང༌། ཚོགས་དགེ་འདུན་གྱི་སྟོན་མོ་དང༌། ཡོ་བྱད་གཞན་མེད་ན་ནད་པ་རང་གི་ཆོས་གོས་གཉིས་ཡོད་ན་ངན་ཞིང་དམན་པ་ཆོས་གོས་སུ་བྱིན་གྱིས་བརླབས་ཏེ་བསྐོན་ལ། སྔར་གོན་འཕྲོའི་ཆོས་གོས་བཟང་པོ་སོགས་བཙོངས་པ་ཉིད་ཀྱིས་རིམ་གྲོ་བྱ་བ་ཡིན་ནོ། །ནད་པ་དེ་ལ་ནོར་ཅུང་ཟད་ཀྱང་མེད་པར་གྱུར་པ་དེ་ལྟར་ན་ནི་ནོར་གང་ཡོད་པའི་དགེ་སློང་གཞན་ལས་ནོར་བླངས་ནས་ཀྱང་ནུས་པ་ཇི་ལྟ་བ་བཞིན་དུ་རིམ་གྲོ་བསྒྲུབ་པར་བྱ་སྟེ། ཕྱི་རོལ་པ་སོགས་དེ་ནི་ནད་པ་ལ་དད་པ་བསྐྱེད་པའི་ཕྱིར་རོ། །ཐ་ན་རྡོ་གུ་སྟེ་རི་ལུ་དང་མེ་ཏོག་དང་ཙནྡན་ལ་སོགས་པའི་ཕྱེ་མ་དང་བུམ་པའི་ཆུ་ཙམ་ལ་བརྟེན་ནས་ཀྱང་ནད་པའི་རིམ་གྲོའི་མཆོད་པ་དག་བཅོམ་ལྡན་འདས་དེ་ཡིས་ལུང་ལས་ཉེ་བར་བསྟན་པ་བཞིན་བྱའོ། །གཉིས་པ་ནད་ཞི་ཐབས་ལ་འབད་པ་ལ་གཉིས་ཏེ། ཕྱི་མར་ནད་ཞི་བར་བྱ་བ་དང༌། འདིར་ནད་ཞི་བར་བྱ་བའོ། །དང་པོ་ནི། གང་ཞིག་དོན་མིན་པ་སྡུག་བསྔལ་སྐྱེད་པར་བྱེད་པའི་ཉོན་མོངས་པའི་ནད་ཀྱིས་གཟིར་བས་ནོར་ལ་ཆགས་པ་ན། ནད་པ་དེའི་ནོར་དེ་ནི་འབད་པས་བླངས་ནས་སུ་ཕྱི་མར་ཕན་པའི་དོན་དུ་སངས་རྒྱས་མཆོད་པ་དང༌། བརྟུལ་ཞུགས་ཅན་གྱི་ཚོགས་ལ་སྟོན་མོ་བྱའོ། །ནད་གཡོག་རང་གི་ཆོས་གོས་དང་ལྷུང་བཟེད་སོགས་ཀྱང་ནད་པ་དེ་ལ་སྦྱིན་ནས་དེའི་ཚེ་ནད་གཡོག་གིས་ནད་པ་ལ་ཕན་པའི་དོན་དུ་བདེ་གཤེགས་དང་དགེ་འདུན་མཆོད་པའི་དོན་དུ་བརྩོན་པར་བྱའོ། །ཁྱད་པར་དུ་ཡང་ནོར་དག་ལ་ཆགས་པར་གྱུར་པས་གང་དུ་སྲོག་མི་འཆད་པའི་སྔོན་རོལ་དུ་ནད་པ་དེའི་ལྷུང་བཟེད་སོགས་ཡོ་བྱད་ཅི་འདོད་པ་རྣམས་ཆོས་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་ལ་འབུལ་བར་བྱའོ། །སྔ་འགྱུར་ལས། ཁྱད་པར་དུ་ཡང་ནོར་དག་ལ། །ཞེས་གསུངས་པ་ལྟར་ལེགས་སོ། །ནོར་དག་ལ་ཆགས་པའི་ཉེས་པ་ཅི་ཞེ་ན། སྔོན་མཉན་ཡོད་དུ་དགེ་སློང་ཚུལ་ཁྲིམས་དང་ལྡན་ཡང་རང་གི་ལྷུང་བཟེད་ལ་རབ་ཏུ་ཆགས་བཞིན་དུ་ཤི་བས་རང་གི་ལྷུང་བཟེད་ཀྱི་ནང་དུ་གདུགས་པ་ཅན་གྱི་སྤྲུལ་དུ་སྐྱེས་པས་སྟོན་པས་གཏི་མུག་ཅན་ལྷུང་བཟེད་སྤོངས་ལ་སོངས་ཤིག་ཅེས་བརྗོད་པས། སེམས་འཁྲུགས་ནས་ནགས་བསྲེག་ཏེ་དམྱལ་བར་སྐྱེས་སོ། །གཉིས་པ་འདིར་ནད་ཞི་བར་བྱ་བ་ནི། གཞང་འབྲུམ་ཅན་ལ་སྨན་དང་སྔགས་ཀྱི་སྦྱོར་བ་ཡིས་གཞང་འབྲུམ་ལེགས་པར་གསོ་བར་བྱ་སྟེ། གསོ་བའི་ཐབས་སྨན་པའི་མན་ངག་མེད་པར་ནི་སེན་མོ་སོགས་ཀྱིས་གཞང་འབྲུམ་གཅད་པར་མི་བྱའོ། །གསུམ་པ་གཞན་མེད་ན་དགེ་འདུན་གྱིས་བསྒྲུབ་པ་ནི། སྔོན་མཉན་ཡོད་དུ་ནད་གཡོགས་གཞན་མེད་པས་ནད་པ་ཞིག་གི་ནད་གཡོག་སྟོན་པས་མཛད་དེ། བསོད་སྙོམས་ཕྱེད་ཀྱང་གནང་ནས་དེས་ཀྱང་བརྩོན་པས་དགྲ་བཅོམ་པ་ཐོབ་པ་ལ་བརྟེན་ནས་ནད་པ་གང་ལ་སློབ་མ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལ་སོགས་པའི་ནད་གཡོག་མེད་ཅིང་སྨན་ཡང་མེད་ན་ནད་པ་དེ་ལ་སྨན་དག་སྦྱིན་པ་དང༌། དགེ་སློང་གཅིག་དང་གཉིས་ལ་སོགས་པའི་རིམ་པས་ནད་གཡོག་ཚོགས་ཀྱིས་རེ་མོས་བྱའོ། །ནད་པ་བསྐྱང་ཚུལ་རྒྱས་པར་བསྟན་ཟིན་ཏོ། །གསུམ་པ་ནད་པའི་ཁྱད་པར་གྱི་ཀུན་ཏུ་སྤྱོད་པ་ནི། མཛེ་ནད་ཅན་གྱིས་ནི་དགེ་འདུན་གྱི་མལ་སྟན་ལ་ཉེ་བར་སྤྱོད་པ་སྤང་བར་བྱ་སྟེ། འདུག་ས་མ་ཡིན་པ་ཡང་དགེ་འདུན་གྱི་ཁྲུས་ཀྱི་རྫིང་བུ་དང༌། ལྗོན་ཤིང་དང་ཉེ་འཁོར་དང་སྤོངས་དང་འདུག་ས་ལ་སོགས་སོ། །ཁང་བཟང་དང་ཁྱམས་ཀྱི་སྒོ་དང་གཡོས་ཁང་དང་བཤང་གཅིའི་ཁང་པར་མི་འདུག་ཅིང༌། མིའི་འགྲོ་འདུག་ཉུང་བའི་དབེན་པར་གནས་པར་བྱ་སྟེ། མཛེ་ཅན་དེ་ནི་ཚོགས་དགེ་འདུན་ཉིད་ཀྱིས་བསྐྱངས་བར་འོས་སོ། །ལྔ་པ་གནས་ཀྱིས་རྙེད་པ་བསྒྲུབ་པར་བྱ་བ་ལ་བཞི། གཙུག་ལག་ཁང་ཐ་དད་ཀྱི་རྙེད་པ་ལ་ཇི་ལྟར་བྱ་བ་དང༌། སྤྱིར་དགེ་འདུན་གྱི་གོས་སྟན་ལ་བརྩེ་བར་བྱ་བ་དང༌། དངོས་པོ་ཐམས་ཅད་རྒན་རིམ་བཞིན་དུ་སྦྱིན་པ་དང༌། ཡོ་བྱད་ཆུད་ཟ་བ་སྤང་བའོ། །དང་པོ་ལ་གསུམ། གནས་གཞན་གྱི་དངོས་པོ་གནས་གཞན་ནས་བསྐྱང་བ་དང༌། གནས་གཞན་གྱི་རྫས་གནས་གཞན་དུ་མི་སྤྱད་པ་དང༌། གནས་གཞན་གྱི་རྫས་གཞན་དུ་དབུལ་དུ་མི་གཞུག་པའོ། །དང་པོ་ནི། གཙུག་ལག་ཁང་གི་བདག་པོ་ཁྱིམ་བདག་རྒྱལ་པོས་བཟུང་བས། དགེ་སློང་རྣམས་ཀྱང་བྲོས་པའི་ཤུལ་དུ་གཙུག་ལག་ཁང་གི་རྫས་རྣམས་རྐུན་པོས་ཁྱེར་བ་ལ་བརྟེན་ནས་དགེ་འདུན་གནས་བཞིན་པའི་གཙུག་ལག་ཁང་གི་བདག་པོ་ཁྱིམ་པ་སོགས་གང་ཤི་འམ། རྒྱལ་པོ་སོགས་ཀྱི་བཅིངས་སམ། ཐག་རིང་པོར་སོང་ན་ཡང་དགེ་འདུན་རྣམས་ཀྱིས་དཀའ་བ་ཡིས་ཀྱང་ལོ་ལྔའི་བར་དུ་གཙུག་ལག་ཁང་བསྲུང་བའི་ཆེད་དུ་ལེགས་པར་གནས་པར་བྱ། ལོ་ལྔ་ལོན་ནས་ཀྱང་བདག་པོ་མ་བྱུང་ན་གཙུག་ལག་ཁང་དེའི་དྲུང་གི་གཙུག་ལག་ཁང་གཞན་ལ་བརྟེན་ནས་ཉེ་འཁོར་གྱི་གཙུག་ལག་ཁང་དེའི་རྙེད་པ་དག་བླངས་ཏེ། ཉེ་འཁོར་དེར་དགེ་སློང་དེ་གནས་པར་བྱའོ། །གསོ་སྦྱོང་ནི་ཉེ་འཁོར་གྱི་གཙུག་ལག་ཁང་དང་ཐ་དད་བྱ་སྟེ། གཙུག་ལག་ཁང་སྔ་མར་གསོ་སྦྱོང་བྱའོ། །དགོས་པ་གཙུག་ལག་ཁང་སྔ་མ་བསྲུང་བའི་ཕྱིར་དུའོ། །སྔ་མ་དང་ཉེ་འཁོར་གྱི་གཙུག་ལག་ཁང་གཉིས་ཀ་བསྡོམས་པས་དེ་ལྟར་ལོ་བཅུ་གནས་ནས་ཀྱང་གནས་དེར་འཛིན་པ་པོ་སུ་ཡང་མེད་པ་ན་མལ་སྟན་ལ་སོགས་པ་ཉེ་འཁོར་ལ་གནས་པ་དེ་ལ་བྱིན་ནས་གཙུག་ལག་ཁང་གཞན་དུ་གནས་པར་བྱའོ། །གཞན་དུ་འགྲོ་བར་འདོད་པའི་དགེ་སློང་རྣམས་ཀྱིས་ཇི་ལྟར་འདོད་པར་གཙུག་ལག་ཁང་སྔ་མ་སྒོ་བསྡམས་ཤིང་རྒྱས་བཏབ་ནས་འགྲོ་བར་བྱ་སྟེ། སླར་ཡང་དགེ་སློང་གཞན་གཙུག་ལག་ཁང་དེར་འཇུག་པ་བྱུང་ན་དེ་ལ་འདུག་གནས་སྦྱིན་པར་བྱའོ། །གཉིས་པ་ནི། ཁྱིམ་བདག་ཅིག་གིས་གཙུག་ལག་ཁང་བརྩིགས་ཏེ་ཡོ་བྱད་སྦྱར་བའི་དགེ་སློང་དྲུག་ཅུ་གནས་པ་ལ་གཞན་ནས་ཕྱག་འཚལ་དུ་འོངས་པའི་དགེ་སློང་ཞིག་གིས་གཙུག་ལག་ཁང་དེའི་རྫས་དང་ཡོ་བྱད་གཞན་དུ་ཁྱེར་སོང་བས་དེའི་ཡོན་ཏན་བདག་མ་དད་པ་ལ་བརྟེན་ནས་གཙུག་ལག་ཁང་སྔ་མ་གཞན་ལ་གནས་པས་དབང་བའི་དཀོར་དགེ་སློང་གཞན་གྱིས་གནས་གཞན་དུ་ཁྱེར་ནས་སྤྱོད་པ་སྟོན་པས་བཀག་གོ །དགོས་པའི་ཆེད་དུ་གཙུག་ལག་ཁང་གཞན་ན་གནས་པ་དེ་དང་བློ་མཐུན་པས་གཡར་པོར་ཡོངས་སུ་སྤྱོད་པ་ལ་ཉེས་པ་མེད་དོ། །གསུམ་པ་ནི། ཁྱིམ་བདག་ཅིག་གིས་གཙུག་ལག་ཁང་ཞིག་ཏུ་དགེ་སློང་ཉུང་ངུ་ཞིག་ལ་ཡོ་བྱད་མང་པོ་སྦྱར་བས་དགེ་སློང་ཉུང་ལ་ཡོ་བྱད་མང་བས་གཙུག་ལག་ཁང་ན་གནས་པའི་དགེ་སློང་རྣམས་ཀྱིས་ཡོ་བྱད་རྣམས་གཙུག་ལག་ཁང་གཞན་ན་གནས་པའི་དགེ་སློང་རྣམས་ལ་ཕུལ་བས་མ་དད་པ་ལ་བརྟེན་ནས། གཙུག་ལག་ཁང་གི་བདག་པོ་སྦྱིན་བདག་རྣམས་ཀྱི་མལ་སྟན་དག་རང་གི་གཙུག་ལག་ཁང་དུ་ཕུལ་བ་དང༌། གཙུག་ལག་ཁང་དུ་གནས་པ་རྣམས་ཀྱིས་མི་འདོད་ཀྱང་གནས་མལ་སོགས་དེ་ལྟ་བུ་གཙུག་ལག་ཁང་གཞན་དུ་འབུལ་དུ་གཞུག་པར་མི་བྱའོ། །གཉིས་པ་སྤྱིར་དགེ་འདུན་གྱི་གོས་སྟན་ལ་བརྩེ་བར་བྱ་བ་ནི། ཚོགས་དགེ་འདུན་གྱི་གོས་གྱོན་ནས་ཀྱང་དགེ་སློང་རང་གི་ལས་བྱེད་པ་བཀག་ལ། ཚོགས་ཀྱི་ལས་བྱེད་པ་ལ་ནི་མ་བཀག་གོ །གོས་བཀྲུ་བ་དང་ཚོན་གྱི་ལས་ལ་སོགས་པ་ཆར་དང་ཁ་བ་འབབ་པའི་དུས་སུ་མི་བྱ་ལ། དེ་བཞིན་དུ་གཞན་ཡང་ཆོས་གོས་ཆེན་པོ་སྟེ་སྣམ་སྦྱར་སོགས་གང་དག་ཆར་དང་ཁ་བ་འབབ་པའི་དུས་ན་བླ་གབ་མེད་པར་མི་གཞག་ཅིང༌། བཤང་གཅི་བྱེད་པའི་ས་དག་ཏུ་སྣམ་སྦྱར་སོགས་གྱོན་པ་དེ་བཀག་པ་ཡིན་ནོ། །གནས་མལ་ཡང་གནས་སྐྱོང་བ་པོའི་གང་ཟག་ལ་མ་གཏད་པར་མཚན་མོའི་དུས་སུ་འགྲོ་བར་མི་བྱའོ། །བམ་པོ་ལྔ་པ་བསྟན་ཟིན་ནས་བམ་བོ་ཐ་མ་དྲུག་པ་བསྟན་པ་ནི། གནས་མལ་གཏོང་བ་ན་ཡང་ཡུལ་དགེ་སློང་གཅིག་ལ་གོ་བར་བྱས་ཏེ་གཞག་པར་བྱ་བར་འདོད་དོ། །གསུམ་པ་དངོས་པོ་ཐམས་ཅད་རྒན་རིམ་བཞིན་དུ་སྦྱིན་པ་ནི། ཚོགས་དགེ་འདུན་གྱི་འདུག་སྟན་ལ་སོགས་ཀྱང་རྒན་རིམ་བཞིན་དུ་བཟང་རིམ་ནས་སྦྱིན་པར་བྱ་ལ། གློ་བུར་དུ་ལྷགས་པའི་དགེ་འདུན་གྱི་ཆེད་དུ་ཡང་ཡོ་བྱད་དང་གནས་མལ་གྱི་དངོས་པོ་དགོས་པ་གང་ཡང་ཀུན་ཏུ་གཞག་གོ །སྟོན་པ་ཀ་ཤི་ཀར་ལྗོངས་རྒྱུ་བ་ན་དྲུག་སྡེས་ལྗོན་ཤིང་གང་བཟང་བ་ལ་བདག་བཟུང་བྱས་ནས་གནས་བརྟན་རྣམས་ཀྱིས་ཤིང་ཁོག་སྟོང་ལས་མ་ཐོབ་པས་གསལ་རྒྱལ་གྱིས་རྒན་རིམ་གྱིས་བྱ་བར་ཞུས་པས་གནང་བ་ལ་བརྟེན་ནས་གཙུག་ལག་ཁང་དུ་མ་ཟད་དགོན་པར་ཡང་གནས་བཟང་ངན་གྱི་དབྱེ་བས་ས་དང་ཤིང་གི་ཕུག་ལ་སོགས་པ་རྒན་རིམ་སོགས་ལ་ཅི་འདོད་པར་རིམ་པ་ཇི་ལྟ་བ་བཞིན་དུ་ཐོབ་པ་ཡིན་ནོ། །སྟོན་པས་དགོན་པ་ལ་གནས་པར་བསྔགས་པ་ན་དགོན་པར་དམ་བཅས་པ་རྐུན་པོས་བཅོམ་ནས་ཆོས་གོས་ཡང་ཡང་ཚོལ་བས་དགེ་བ་ཉམས་པ་ལ་བརྟེན་ནས་དགོན་པའི་གློ་བུར་དུ་ལྷགས་པའི་དགེ་འདུན་ལའང་ཡོ་བྱད་ཀྱི་དངོས་པོའི་སྐལ་བ་གཞག་པར་བྱ་སྟེ་ཞེས་གསུངས་སོ། །རྒྱལ་པོའི་ཁབ་ཏུ་རྒྱལ་པོ་ས་འཛིན་གྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བསྐུར་པའི་ལྭ་བ་པི་ལིན་ཏ་ལ་ཕུལ་བ་དེས་གྱོན་ནས་དགོན་པར་བསྡད་པ་ལ་རྐུན་པོས་གླགས་བཙལ་པས་མ་ཐོབ་ཀྱང་དགོན་པར་སྡོད་པ་དེས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་གནས་གཞན་དུ་སྦས་ནས་ནི་གནས་པར་བྱ་ཡི། གཞན་དུ་རྐུན་པོས་འཇོམས་པའི་དགག་བྱ་ཡོད་པས་ལྟུང་བར་འགྱུར་རོ། །གང་གི་ཚེ་བསྟན་པ་རྒྱས་ཏེ་དགེ་སློང་མང་པོ་མཉན་ཡོད་དུ་ལྷགས་པ་ན་གནས་དོགས་པས་གང་དུ་ས་གཞི་ཁྲུ་དོའི་ཚད་ཙམ་ལ་ཡང་གནས་མལ་དག་བྱ་བར་གནང་ངོ༌། །འཕྲལ་དུ་ཉེ་བར་མཁོ་བའི་ཡོ་བྱད་རིལ་པ་ཞབས་ཚགས་ཅན་དང༌། སོ་ཤིང་སོགས་དང༌། ཕ་གུ་སོགས་ཀྱང་ལོངས་སྤྱོད་པར་གནང་ངོ༌། །སྨན་གྱི་ནུས་པ་མི་འཆོར་བའི་དོན་དུ་སྨན་གྱི་སྣོད་ཀུན་ནས་འཇམ་པོར་བྱུགས་ཏེ་བྱའོ། །སྔར་གྱི་གནས་ཁང་སོགས་སུ་བསྡད་ནས་ཕྱིས་འགྲོ་བར་འདོད་པས་སངས་རྒྱས་སྲས་ཀྱི་དང་པོའི་འདུག་གནས་སྤྱིལ་པོ་སོགས་ནི་བཤིག་ནས་འགྲོ་བར་མི་བཞེད་དོ། །གཙུག་ལག་ཁང་ཞིག་ན་ཉེ་དགའ་གནས་བརྟན་བྱེད་པ་ན་དེ་བས་རྒན་པ་ཞིག་འོངས་ནས་ཉེ་དགའ་གནས་བརྟན་གཉིས་པར་གྱུར་པ་ལ་མ་མཉེས་ནས་གཞན་དུ་ཕྱིན་པས་གཞན་གྱི་གནས་བརྟན་དང་པོ་ཐོབ་ཀྱང༌། གནས་སྔ་མའི་གནས་བརྟན་གཉིས་པའི་སྐལ་བ་ལས་མ་ཐོབ་པས་སླར་ལོག་སྟེ་གནས་ཁང་ལ་སོགས་པ་རྒན་རིམ་བཞིན་བགོས་ཤིག་བྱས་པས་གནས་ཁང་ལ་སོགས་འགྱེད་པའི་དུས་སུ་དགེ་འདུན་མ་བགོས་ཤིང་མཆོད་རྟེན་གྱི་དོན་མིན་པར་འགྲོ་བ་ན་སླར་ཡང་འོངས་ནས་རྒན་རིམ་བཞིན་དུ་གནས་ཁང་སོགས་འདོད་ཀྱང་ཕྱིར་འོངས་པ་དེ་ལ་རྒན་རིམ་བཞིན་འོས་པ་མིན་ནོ། །གནས་མལ་དང་བཟའ་བ་དང་ཤིང་ཐོག་སོགས་འབྲས་བུ་དང་མེ་ཏོག་ལ་སོགས་ནི་རྒན་པ་ཕྱིས་འོངས་པ་དེ་ལ་གསར་བུ་རྣམས་དང་མཉམ་པོར་སྦྱིན་པར་བྱ་བ་དེ་ནི་ཐུབ་པའི་བསྟན་པ་འདི་ལ་ཆོས་ཉིད་དོ། །དམིགས་བསལ་ནི། གནས་ཁང་རྒན་རིམ་དུ་བྱས་པ་ན་རྒན་པོ་གཏུམ་པོས་ནད་པ་གནས་ཁང་ནས་ཕྱུང་བས་ནད་ཚབས་ཆེ་བ་ལ་ནི་གནས་ཁང་གཞན་ནད་པ་རང་གིས་ཇི་ལྟར་འདོད་པ་བཞིན་བྱ་སྟེ། གནས་དེར་ཇི་ཙམ་གྱི་བར་དུ་ཞེ་ན། གནས་དེར་དབྱར་གནས་པར་ཁས་ལེན་པར་མི་བྱེད་ན་ཡང་ཇི་སྲིད་ནད་སོས་ཀྱི་བར་དུ་སྦྱིན་ནོ། །བཞི་པ་ཡོ་བྱད་ཆུད་ཟ་བ་སྤང་བ་ནི། གཙུག་ལག་ཁང་གི་ཕྱི་རོལ་དུ་གོས་སྟན་ལ་སོགས་པ་ལུས་པ་མཐོང་ན་ནང་དུ་གཞུག་ཅིང་རྒན་པོ་དང་ན་བ་དང་ཉམ་ཆུང་དག་གིས་རང་གིས་གཞུག་མི་ནུས་པས་དགེ་བསྐོས་དག་ལ་ནང་དུ་གཞུག་པར་བྱ་བ་འདི་དང་འདི་ལྟ་བུ་སྣང་ཞེས་བརྗོད་པར་བྱའོ། །དགེ་འདུན་གྱི་མལ་སྟན་དང་ཆོས་གོས་དང་ལྷུང་བཟེད་སོགས་ཡོ་བྱད་དག་མེས་ཚིག་གམ་ཆུས་ཁྱེར་བ་མཐོང་ན་དགེ་སློང་བདག་ཉིད་ཀྱིས་ཐབས་ཀྱིས་རྗེས་སུ་བསྲུང་སྟེ་ཆུད་མི་ཟ་བར་ངེས་པར་བསྐྱང་ངོ༌། །གལ་ཏེ་མེས་ཚིག་པ་སོགས་ལ་འདོན་པར་བྱེད་པའི་གྲོགས་མེད་ན་རྙེད་པར་དཀའ་བས་དང་པོ་གང་ཟག་རྣམས་ཀྱི་ཆོས་གོས་ལ་སོགས་པ་ཕྱུང་ངོ༌། །ཕྱི་ནས་ཚོགས་དགེ་འདུན་གྱི་ཡོ་བྱད་ཀྱང་ཕྱུང་ངོ༌། །དེ་ནས་ཆོས་ཀྱི་ཡོ་བྱད་དོ། །དེ་ནས་བདེ་བར་གཤེགས་པའི་ཡོ་བྱད་དེ་འདི་ནི་མེས་ཚིག་པ་དང་ཆུས་ཁྱེར་བ་ལས་དབྱུང་བའི་རིམ་པར་འདོད་དོ། །གསུམ་པ་རྙེད་པ་ལ་སྤྱོད་པས་སྒྲུབ་པ་ལ་བརྩོན་པ་ལ་གསུམ། ཉན་བཤད་བྱེད་ཚུལ་སྤྱིར་བསྟན་པ། ཉན་པའི་ཚུལ་བྱེ་བྲག་ཏུ་བསྟན་པ། ཐུན་མོང་དུ་བསླབ་བྱ་བསྟན་པའོ། །དང་པོ་ནི། ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་མི་ལྡན་ཐོག་མར་ངེས་པར་བརྟགས་ནས་ཆོས་ཉན་པའི་གོ་སྐབས་འབྱེད་དུ་བཅུག་གོ །བརྟག་པའི་ཐབས་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་དྲི་བ་བྱེད་པའི་ཐབས་ཀྱིས་བརྟག་པ་བསྒྲུབ་པར་བྱ་བ་ཉིད་དོ། །གང་ལ་དོན་གང་དྲི་བར་བྱ་ཞེ་ན། ཆོས་ཉན་པ་དོན་དུ་གཉེར་བ་དེ་ཡིས་དགེ་སློང་ལ་མདོའམ་འདུལ་བ་ཉིད་དྲིས་ཏེའོ། །གནས་སྐབས་གང་གི་ཚེ་ཞེ་ན། དྲི་བ་པོ་དེ་ཡིས་དགེ་སློང་འདུག་པའི་ཐད་དུ་ཉེ་བས་སམ་འགྲོ་བཞིན་དུ་དྲིས་ཀྱང་རུང་ངོ༌། །གོ་སྐབས་ཕྱེ་བའི་འོག་ཏུ་འཆད་པ་པོའི་སྡོམ་བརྩོན་རང་ལ་ཆོས་ཇི་ཙམ་བསྟན་ནུས་པ་ཐོག་མར་བལྟ་བ་ཡིས་ཉན་པ་པོ་ལ་ཚིག་ཀློག་པ་དང་དོན་ཉེ་བར་བསྟན་པ་སྦྱིན་ནོ། །གཉིས་པ་ཉན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་སྦྱོར་བ་ནི། སློབ་དཔོན་གྱིས་ཉེ་བར་བསྟན་པའི་ཆོས་འཛིན་པའི་སློབ་མས་ཀྱང་བླ་མ་དང་སངས་རྒྱས་ལ་དང་པོར་གུས་པར་བྱའོ། །གཉིས་པ་དངོས་གཞི་ནི། ཉལ་བ་སྤངས་ནས་ནི་སེམས་རྩེ་གཅིག་པས་སློབ་དཔོན་གྱིས་ཉེ་བར་བསྟན་པ་ལན་གསུམ་དུ་བཟླས་ཏེ་ཉེ་བར་གཟུང་ངོ༌། །གསུམ་པ་རྗེས་ནི། སློབ་དཔོན་གྱིས་ཉེ་བར་བསྟན་པ་བཟུང་ནས་སྟོན་པ་པོ་འདི་ཡིས་སྒྲ་མི་ཐོས་པའི་ཕྱོགས་དེར་བསྡད་ནས་ཉེ་བར་བསྟན་པའི་དོན་དེ་ལ་སེམས་གཏད་ནས་ནི་ཚིག་དོན་བྱང་བའི་དོན་དུ་ཡང་ནི་ལན་བརྒྱའི་བར་དུ་བཟླའོ། །རྣམ་འབྱེད་ལས། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱིས་མི་ཀློག་པ་ལ་ཤེས་རབ་མེད་དོ་ཞེས་མ་གསུངས་སམ། ཚུར་གཤེགས་ཁ་དོན་གྱིས་ཤིག་ཅེས་གསུངས་པ་བཞིན་ནོ། །གསུམ་པ་ཐུན་མོང་གི་བསླབ་བྱ་ནི། ཤཱ་རིའི་བུས་བྲམ་ཟེའི་ཁྱེའུ་ལྷས་སྦྱིན་དང༌། བ་ལང་འབྱོར་རབ་ཏུ་བྱུང་ནས་དེ་གཉིས་ཀྱིས་སྡེབ་སྦྱོར་དུ་བཏོན་པས་རིང་པོར་འདོན་པ་དང་རྗེས་སུ་འདོན་པ་སོགས་ཀྱི་སྡེབ་སྦྱོར་གྱི་དབྱངས་ཀྱིས་ཐུབ་པའི་གསུང་མི་བསྒྲག་གོ །འོ་ན་ཇི་ལྟར་བྱ་ཞེ་ན། རང་གི་ཡུལ་སྐད་དང་རྗེས་སུ་མཐུན་པར་འདོན་པར་བྱེད་པ་ལ་འགལ་བ་མེད་དོ། །རྙེད་པ་གང་དབང་གི་མཚན་ཉིད་བསྟན་ཟིན་ཏོ། །ལྔ་པ་ཆོ་ག་ཕུན་སུམ་ཚོགས་པར་བྱ་བ་ལ་དྲུག གནོད་པ་སྤང་བ་དང༌། བདེ་བ་བསྒྲུབ་པ་དང༌། ཉམས་པ་བསལ་བ་དང༌། གནས་མལ་ལ་སྤྱོད་པ་དང༌། བསྡུ་ཞིང་གྲངས་གཟུང་བ་དང༌། གཙུག་ལག་ཁང་བསྐྱང་བའི་ཆོ་གའོ། །དང་པོ་ལ་བཞི། གནས་ལ་གནོད་པ་སྤང་བ། ལུས་སྲོག་ལ་གནོད་པ་སྤང་བ། སྐྱབས་འགྲོ་ལ་གནོད་པ་སྤོང་བ། བསླབ་པ་ལ་གནོད་པ་སྤང་བའོ། དང་པོ་ནི། ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་རྟོགས་བྱེད་ཀྱི་ཁང་པའི་ཀ་བ་ལ་ཉེ་དགས་བསྣུན་པ་ལ་བརྟེན་ནས་སྡོམ་བརྩོན་གང་ཞིག་སྦྱིན་བདག་གི་ཁང་པའི་ཀ་བ་དང༌། ལྗོན་ཤིང་དང༌། རྩིག་པ་ལ་སོགས་ལ་རབ་ཏུ་བརྡེག་པར་བྱེད་ན་རྡེག་པ་པོ་ལ་འགལ་ཚབས་ཅན་དུ་འགྱུར་རོ། །དེའི་ཕྱིར་ན་ཀ་བ་ལ་བརྡེག་པ་སོགས་དེ་མི་སྤྱད་དོ། །གཉིས་པ་ནི། སྒེག་རྫས་ཀྱི་དཔུང་རྒྱན་དང༌། གཞན་རྐང་རྒྱན་སོགས་གདགས་སུ་རུང་བ་མིན་པའོ། །རིམས་ནད་ཞི་བའི་དོན་དུ་སོ་སོ་འབྲང་མའི་སྲུང་འཁོར་སོགས་འདོགས་པ་ནི་རུང་ངོ༌། །གཞན་གྱི་ནད་ལ་སོགས་པ་ལ་ཕན་གདགས་པའི་དོན་དུ་སྔགས་བཟླས་པ་སོགས་བྱ་སྟེ། སྔགས་ཐམས་ཅད་དམ་ཞེ་ན། གཞན་ལ་གནོད་པར་འགྱུར་བའི་གསོད་པའི་སྔགས་ནི་བཟླ་བར་བྱ་བ་མ་ཡིན་ནོ། །གསུམ་པ་ནི། དཀོན་མཆོག་གསུམ་ལས་གཞན་མུ་སྟེགས་པའི་ལྷ་ལ་ཕྱག་འཚལ་བ་དང་མཆོད་པ་བྱེད་པ་ནི་གསང་སྔགས་བཟླ་བའི་ཕྱིར་ཡང་བཀག་པ་ཡིན་ནོ། །ནད་ལ་ཕན་པའི་དོན་དུ་གཞན་གྱི་སྔགས་བརྗོད་དགོས་པ་བྱུང་ན་ཇི་ལྟར་བྱ་ཞེ་ན། ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་བྱས་ནས་གཞན་ཕྱི་རོལ་པ་ཉིད་ཀྱི་གསང་སྔགས་བརྗོད་པར་བྱའོ། །བཞི་པ་ནི། ཡངས་པ་ཅན་གྱི་ལི་ཙྪ་པཱི་ཆེན་པོས་མཛའ་བོ་དང་ས་ལས་སྐྱེས་ལ་མ་ཉན་ནས་ཆུང་མ་ལ་སྤྱད་དོ་ཞེས་གྱད་བུ་ནོར་ལ་སྐུར་པ་བཏབ་པ་ལ་བརྟེན་ནས་ལས་ཀྱི་ཆོ་གས་ལྷུང་བཟེད་ཁས་སྦུབ་བྱས་ཏེ། དེའི་ནང་དུ་དགེ་སློང་སུས་ཀྱང་བསོད་སྙོམས་མི་ལེན་པར་ཁྲིམས་བྱས་པའི་ཁྱིམ་ལ་སྟན་ལ་འདུག་པ་དང་སྟོན་མོ་ཟ་བ་ཡང་བཀག་པ་ཡིན་ནོ། །གཉིས་པ་བདེ་བ་བསྒྲུབ་པ་ལ་གསུམ། གཞན་ལ་བདེ་བ་བསྒྲུབ་པ་དང༌། བདག་ལ་བདེ་བ་བསྒྲུབ་པ་དང༌། གཉིས་ཀ་ལ་བདེ་བ་བསྒྲུབ་པའོ། །དང་པོ་ནི། ཁྱིམ་བདག་རྟོགས་ལྡན་གྱི་ཁང་པར་རས་ཁ་ཚར་ཅན་གདན་དུ་བཏིང་བ་ལ་བརྟེན་ནས་དགེ་སློང་རྣམས་ཀྱི་དམ་པའི་ཆོས་སྟོན་པ་ན་ཁྱིམ་བདག་དད་པ་དང་ལྡན་པ་རྣམས་ཀྱིས་མངོན་པར་འདུས་བྱས་པའི་ས་གཞི་གོས་ཀྱིས་གཡོགས་པའི་སྟན་ལ་འདུས་བྱས་ཐམས་ཅད་མི་རྟག་པར་འདུ་ཤེས་པའི་བློ་ཉེ་བར་བཞག་པ་ཉིད་ཀྱིས་དགེ་སློང་རྣམས་ཀྱིས་གོས་ཀྱི་སྟེང་དུ་འགྲོ་བ་གནང་ངོ༌། །གཉིས་པ་ནི། དྲུག་སྡེས་ཆུ་བོ་དྲེགས་ལྡན་ལ་གཅེར་ཁྲུས་བྱས་པ་ལ་བརྟེན་ནས་སྡོམ་བརྩོན་ཆོས་གོས་གསུམ་ཁོ་ན་འཛིན་པར་དམ་བཅས་པ་ལ་ཡང་ཁྲུས་ཀྱི་རས་བསྲེལ་བ་སྟེ་འཆང་བར་རྗེས་སུ་གནང་ངོ༌། །ནམ་གྲུ་འཁུ་འཁྲིག་ཅན་གྱིས་ཆབ་ཁུང་སར་མོན་སྲན་གྲེའུའི་མྱུ་གུ་ཁ་འབུས་པ་མཐོང་ནས་ཟས་ཟོས་པའི་ནང་གི་མོན་སྲན་གྲེའུ་མི་ཟ་བ་ལ་བརྟེན་ནས། ས་བོན་ཚོས་པར་དཀའ་བའི་ཚོགས་རྣམས་ཀྱང་ཟས་ཀྱི་ནང་གི་རླངས་པས་ཕོག་པ་ཚོས་པའི་གྲངས་སུ་འགྲོ་བས་སྤྱད་དུ་རུང་ངོ༌། །ཕྱི་དྲོ་སྒྲེགས་པ་བྱུང་བ་ལ་ནི་དང་པོའི་གཉིས་གསུམ་བོར་ནས་སུ་རྗེས་སུ་གུས་པས་ཁ་ནང་བཀྲུ་བར་བྱ། བ་ལང་བདག་གིས་མཁན་པོ་ཟ་མ་ཟ་བ་བུལ་བ་ལ་གླང་རྒན་བཞིན་དུ་བལྡད་དམ་ཞེས་སྨྲས་པའི་ལས་ཀྱིས་མིད་པ་གཉིས་གྲུབ་པ་ལྟ་བུ་སྔོན་གྱི་ལས་བཟློག་དཀའ་བ་ལས་གྲུབ་པའི་མིད་པ་གཉིས་པ་ལ་ནི་སྒྲེགས་པ་བྱུང་བ་མིད་པ་ལ་སྐྱོན་མེད་པས་མ་གཏོགས་སོ། །མངོན་མཚན་ཅན་གསེར་དང་དངུལ་ལ་སོགས་པ་དག་འཆང་བ་ནི་གང་ཟག་ལ་བཀག་པ་ཡིན་གྱི། དགེ་འདུན་ཉིད་ལ་གནང་ངོ༌། །བསོད་སྙོམས་པ་ཡིས་ཟད་ཀྱིས་དོགས་པས་ཆོས་གོས་ལ་མདུད་པ་བོར་བ་དང་གཉའ་གོང་དུ་གཟར་བ་སོགས་བྱ་བ་མིན་ནོ། །ཐམས་ཅད་སྔོན་པོ་སོགས་སུ་ཁ་དོག་གཅིག་པའི་གོས་རྣམས་དགེ་སློང་གིས་ཉེ་བར་ལོངས་སྤྱད་པར་བྱ་བ་མིན་ནོ། །གོས་གཞི་ལས། ཐམས་ཅད་སེར་པོའམ། ཐམས་ཅད་དམར་པོའམ། དཀར་པོ་ནི་རུང་བ་མ་ཡིན་པ་ཉིད་དོ་ཞེས་སོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ནི་གོས་རིལ་གྱིས་སྔོ་བ་བཀག་པ་ཡིན་གྱི། གོས་ཐམས་ཅད་སེར་བ་དང་དམར་བ་ནི་མ་བཀག་གོ་ཞེས་འཆད་དོ། །གསུམ་པ་ནི། བྲམ་ཟེ་མ་དད་པ་ཞིག་གིས་ཤིང་དྲུང་ཞིག་ན་མི་གཙང་བ་མཐོང་བས་དགེ་སློང་རྣམས་ལ་སྨོད་པ་ལ་བརྟེན་ནས་མེ་ཏོག་ཕུན་སུམ་ཚོགས་པ་ཡོད་པའི་གཞི་དང༌། འབྲས་བུ་དང༌། ལྗོན་ཤིང་སོགས་ཀྱི་དྲུང་དུ་གཅི་བ་དང་བཤང་བ་སོགས་ཀུན་ཏུ་སྤྱོད་པ་སྤང་ངོ༌། །ཐམས་ཅད་ནེའུ་གསིང་དང་ཤིང་གིས་ཁྱབ་པ་ལ་ནི་འདོར་ཀྱང་ཉེས་པ་མེད་པར་གསུངས་སོ། །སྟེང་དུ་འཛེག་པའི་སྐས་ནི་ཤིང་ལས་བྱ་བ་སྟེ། རྡོའི་སྐས་ནི་བྱ་བ་མ་ཡིན་ནོ། །ལུང་ལས་སྐས་ནི་གསུམ་སྟེ། ཤིང་གི་དང༌། ཐག་པ་ཡི་དང༌། སྨྱིག་མའི་འོ་ཞེས་སོ། །རླུང་ནད་ཅན་གྱིས་ཉེ་བར་ཕྱག་མི་བྱ་ཞིང༌། དེ་ལ་ཡང་ནི་གཞན་གྱིས་བྱིན་པ་ནས་འཁྱུད་པའི་ཕྱག་བྱ་བ་མིན་ནོ། །བཤང་གཅི་སོགས་བྱས་པའི་རྗེས་སུ་ལུས་གཙང་ཞིང་བྱི་དོར་བྱས་ནས་ནི་ཆོས་གོས་ལེགས་པར་བགོ་བར་བྱ། བྱུག་པ་དེ་ཡིས་ལུས་ལ་ཕན་པའི་བསམ་པ་ཡིས་བསྐུ་མཉེ་བྱས་པ་ལ་ནི་རྒྱགས་པར་འགྱུར་བའི་ཉེས་པ་མེད་དོ། །ལི་ཤིའི་མེ་ཏོག་དང་གོ་སྙོད་ལ་སོགས་པ་ཚེགས་ཆུང་ངུས་རྙེད་ན་དབེན་པར་འདུག་ནས་ནི་སྦྱིན་བདག་རྣམས་ལ་ཚོགས་རྫོགས་པས་ཕན་པར་འདོད་ཅིང་ལྟ་བྱེད་མིག་གི་དབང་པོ་ཚིམ་ཞིང་རྒྱས་པའི་དོན་དུ་དྲི་བསྣམ་མོ། །སྔོན་མཉན་ཡོད་དུ་ཆོས་གོས་འཇམ་ཕྱིས་བྱས་པ་ཞིག་གཅུང་དགའ་བོ་ལ་མཛེས་མས་བྱིན་པ་སྐུར་འདེབས་ཀྱི་རྒྱུར་གྱུར་པ་གསན་ནས་ཐུབ་དབང་གིས་ཆོས་གོས་འཚེར་བག་ཅན་དགག་པའི་ཚུལ་འདི་རབ་ཏུ་གསུངས་སོ། །ཇི་ལྟར་ན། གཏུན་ཤིང་ལ་སོགས་པས་ལེགས་པར་བརྡུངས་ནས་ཤིན་ཏུ་འཇམ་པོར་བྱས་པའི་ཆོས་གོས་དགེ་སློང་གིས་བཅང་བར་མི་བྱ་སྟེ། འདི་ནི་སུ་ཞིག་འཆང་བར་བྱེད་པ་དེ་ལ་ངེས་པར་འགལ་ཚབས་ཅན་དུ་འགྱུར་རོ། །སྔོན་རྐུན་པོས་ཕག་བརྐུས་ནས་བསད་དེ་མགོ་དང་རྐང་ལག་བོར་བ་དག་དགེ་སློང་ཞིག་གིས་ཁྱེར་བས་བསད་དོ་བརྐུས་སོ་ཞེས་སྐུར་པ་བྱུང་བ་ལ་བརྟེན་ནས་ཕག་གི་ཡན་ལག་མགོ་བོ་དང་སུག་བོལ་སོགས་པ་དང་བུ་རམ་ཤིང་ལ་སོགས་པ་དག་གི་ལྷག་མ་ཆོམ་རྐུན་ཀྱིས་བོར་བ་གང་གཞན་གྱིས་མ་མཐོང་བར་བླང་བར་མི་བྱ་ཡི། སྐྱེ་བོ་ཕལ་མོ་ཆེས་མཐོང་བར་བྱས་ནས་བླང་བར་བྱའོ། །གསུམ་པ་ཉམས་པ་བསལ་བའི་ཆོ་ག་ལ་ལྔ། ལུས་ཉམས་པ་བསལ་བ་དང༌། གོས་ཉམས་པ་དང༌། རྫས་ཉམས་པ་དང༌། མཐུན་པ་ཉམས་པ་དང༌། གོས་ལ་ཉམས་པ་བསལ་བ་གཞན་ནོ། །དང་པོ་ནི། རྒྱབ་དང་མགོ་བོ་དང་སྐེད་པ་ལ་སོགས་པ་ཡིས་ཁུར་པོ་ཤིན་ཏུ་ལྕི་བ་ཁུར་བའི་སྡོམ་བརྩོན་གང་ཡིན་པ་འདི་ནི་འགལ་ཚབས་ཀྱི་ཉེས་པའི་སྡུག་བསྔལ་གྱིས་འཇིག་རྟེན་ཕ་རོལ་དུ་གཟིར་བར་བྱེད་དོ། །གཉིས་པ་ནི། ལྭ་བ་ལ་སོགས་པ་གོས་རིན་པོ་ཆེ་སྲིན་བུས་ཟོས་པ་ལ་ནི་ཤིང་ནིམ་པ་དང་འདབ་མ་བདུན་པ་ལ་སོགས་པའི་ལོ་མའི་ཕྱེ་མས་བསྒོ་བར་བྱ་བར་གསུངས་སོ། །གསུམ་པ་ནི། དགེ་སློང་གང་གི་ཕ་དབུལ་པོ་མ་ཡིན་པ་ཕྱུག་པོས་བུ་དགེ་སློང་ལ་ནོར་སྐལ་སྟེར་པར་བྱེད་ན་ཚུལ་ཁྲིམས་དང་ལྡན་པས་ནོར་བླངས་ནས་དཀོན་མཆོག་གསུམ་མཆོད་པ་སོགས་ཉིད་ཀྱི་དགོས་པ་བྱའོ། །འདིའི་གླེང་གཞི་ནི་ཁྱིམ་བདག་ཅིག་གི་བུ་རབ་བྱུང་ལ་ནོར་སྐལ་བྱིན་ཅིག་ཅེས་སྨྲས་ནས་འདས་སོ། །བུས་ནོར་སྐལ་བྱིན་པ་མ་བླངས་པ་ན་བཅོམ་ལྡན་འདས་ཀྱིས་ལོང་ལ་དཀོན་མཆོག་གསུམ་གྱི་མཆོད་པ་གྱིས་ཤིག་ཅེས་གསུངས་སོ། །བཞི་པ་ནི། དྲུག་སྡེས་མཚམས་ཆེན་པོའི་ཕྱི་རོལ་ནས་འདུན་པ་དང་ཡོངས་དག་ཕུལ་བས་མཚམས་གཞན་གནས་པས་ལས་ཀྱི་ཆོ་ག་བྱེད་པ་དེའི་ཚེ་འདུན་པ་ཕུལ་ན་ཉེས་བྱས་ཏེ། གཞན་གྱིས་འབུལ་དུ་བཅུག་ཀྱང་ལས་མི་འཆགས་པས་འཇུག་མཁན་ལ་ངེས་པར་ཉེས་བྱས་སྐྱེད་པ་ལས་གཞན་མིན་པར་ཉེས་བྱས་སྐྱེད་པ་ཁོ་ནའོ། །ལྔ་པ་གོས་ལ་ཉམས་པ་བསལ་བ་གཞན་ནི། བྲམ་ཟེ་ཞིག་གིས་ལྭ་བ་བཟང་པོ་ཞིག་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བས་དགེ་འདུན་རྣམས་ཀྱིས་བགོས་པས། ཀྱེ་ཀརྵ་པ་ཎི་བསྒྱུར་ནས་བགོས་ན་ཅི་མ་རུང་ཞེས་སྨྲས་པ་ལ་བརྟེན་ནས་ལྭ་བ་བཟང་པོ་དང་རས་ཡུག་ལ་སོགས་པ་བཟང་པོ་གང་དག་ཚོགས་ཀྱིས་ཅི་བདེར་ཐོབ་པ་ན་དེ་ནི་གཞན་ལ་བཙོངས་ཏེ་བགོ་བར་བྱ་ཡི། ཆུད་ཟ་བས་གཤག་ཅིང་གཏུབ་པར་མི་བྱའོ། །ཉམས་པ་བསལ་བ་བསྟན་ཟིན་ཏོ། །བཞི་པ་གནས་མལ་ལ་སྤྱོད་པའི་ཆོ་ག་ལ་བཞི་སྟེ། ཇི་ལྟར་སྤྱོད་པ་དང༌། ཇི་ལྟར་བསྐྱང་བ་དང༌། གང་ལ་སྤྱོད་པ་དང༌། རུང་མི་རུང་གི་དབྱེ་བའོ། །དང་པོ་ནི། དགེ་སློང་གིས་གནས་མལ་ལ་སྲོག་ཆགས་ཡོད་མེད་རབ་ཏུ་མ་བརྟགས་པར་ཉལ་བ་ནི་ཉེས་བྱས་སུ་འགྱུར་རོ། །གྲོང་ཀི་ཏ་དང་ཉེ་བའི་ར་ཀ་ཏའི་ནགས་སུ་ཐ་སྐར་སྐྱེས་དང་ནབས་སོ་དང་འགྲོ་མགྱོགས་སོགས་ཀྱིས་རྟ་ལ་སོགས་པ་འཐབ་ཏུ་བཅུག་པ་ལ་བརྟེན་ནས་རྟ་དང་ཁྱིམ་བྱ་དང་བྱ་བར་ཏ་ཀ་དང་གླང་པོ་ཆེ་ལ་སོགས་པ་དགེ་སློང་གིས་འཐབ་ཏུ་གཞུག་པར་མི་བྱའོ་ཞེས་གསུངས་སོ། །བདེ་གཤེགས་ཀྱིས་གང་ཟག་གཉིས་པོ་ལ་པུས་འཁྱུད་རྗེས་སུ་གནང་བ་སྟེ། གཉིས་པོ་ནི་ལུས་ནད་ཀྱིས་ཉམས་པ་དང༌། གཞན་ཡང་རྒན་པོ་དེ་ལ་གནང་ངོ༌། །རྒྱུ་གང་ལས་བྱ་ཞེ་ན། ཆོས་གོས་ཀྱི་རྒྱུ་བདུན་པོ་ཇི་སྐད་བཤད་པ་དག་ལ་བྱའོ། །དགེ་སློང་རང་གི་གནས་ནས་རེ་ཞིག་གཞན་དུ་འགྲོ་བར་འདོད་པ་ཡིས་སླར་ཡང་ཕྱིར་འོང་བར་འདོད་པ་ཡིན་ན་གནས་མལ་ལ་ས་རྡུལ་དང་སྲོག་ཆགས་ལ་སོགས་པ་མེད་པར་བྱས་ཤིང་སྦྱངས་ནས་དགེ་སློང་གཞན་ཞིག་ལ་ལེགས་པར་གཏད་དེ་འགྲོ་བར་བྱའོ། །གང་ལ་གཏད་པའི་དགེ་སློང་དེ་ཡིས་ཀྱང་གནས་མལ་དེ་ནི་གཞན་མ་འཁོར་གྱི་བར་དུ་འབད་པས་བསྲུང་བར་བྱའོ། །གཉེར་བྱེད་ཚུལ་ནི། མ་ནོར་བའི་རྟགས་བྱས་སམ་ཁྱོད་ཀྱི་གནས་མལ་འདི་ཡིན་ཞེས་གོ་བར་བྱས་ཏེ་བསྲུང་ངོ༌། །བདག་པོ་ཡོད་ན་སླར་ཡང་སྦྱིན་པར་བྱའོ། །གང་སྔོན་གནས་མལ་ལ་བྲང་འགྲོ་སྟེ་སྦྲུལ་ཡོད་པ་མ་མཐོང་ནས་དགེ་སློང་གིས་སྦྲུལ་མནན་པས་དགེ་སློང་དང་སྦྲུལ་གཉིས་ཀ་ཡང་ནི་ཤི་བར་གྱུར་པ་དེས་ནི་གནས་མལ་མ་སྦྱངས་པའི་ཉེས་པ་འདི་ནི་གོ་བར་བྱེད་པ་ཡིན་ནོ། །གཉིསཔ་ཇི་ལྟར་བསྐྱང་བ་ནི། གོང་དུ་བསྟན་པ་འདི་གནས་མལ་མ་སྦྱངས་པའི་ཉེས་པ་གོ་བྱེད་ཡིན་པས་བརྟུལ་ཞུགས་ཅན་གྱིས་གནས་མལ་ཟླ་ཕྱེད་ན་ཡང་སྦྱང་བ་དང༌། ལྷ་རྣམས་འདུ་ཞིང་ཆོས་ལ་འཆད་ཉན་བྱེད་པའི་ཕྱིར་ཚེས་བརྒྱད་དང་བཅོ་ལྔ་ལ་ཡང་གནས་མལ་ཡོངས་སུ་སྦྱང་བར་བྱའོ། །གནས་མལ་མ་སྦྱངས་ན་ནི་བཅོམ་ལྡན་འདས་ཀྱིས་བཅས་པའི་བསླབ་པ་མི་འཐོབ་བོ། །དགེ་འདུན་སྤྱི་ལ་བསྔོས་བ་མིན་པའི་གནས་ཁང་བཟང་པོ་དེར་བསྒྲུབས་པ་ནི་ཚོགས་ལ་ཉེ་བར་མཁོ་བ་ཡིན་ཡང་དགེ་སློང་གང་སྔོན་ལ་འོངས་པ་ཐོབ་འོས་ཀྱི་རིམ་པས་སྤྱད་ཀྱི། རྒན་རིམ་ཇི་ལྟ་བ་བཞིན་དུ་བཟང་བ་ཐོབ་པའི་རིམ་པ་ནི་འདིར་ཡོད་པ་མིན་ནོ། །བསྙེན་བཀུར་ལ་སོགས་པའི་བྱ་བ་ཡོངས་སུ་རྫོགས་པ་ན་སྣོད་སྦྱང་དང་ཡོ་བྱད་དང་གོས་ལ་སོགས་པ་སྔོན་དུ་བླངས་ནས་བློ་ཤིན་ཏུ་བཟོ་བས་ཁྱེར་བར་བྱ་སྟེ་བློ་མི་བཟོ་བ་ཕལ་པའི་ལས་ཀྱིས་འཁྱེར་བར་བྱ་བ་ཡིན་ནོ། །གསུམ་པ་གང་ལ་སྤྱོད་པ་ནི། ཚོགས་དགེ་འདུན་གྱི་གནས་མལ་ཤིན་ཏུ་བཟང་པོ་ཉིད་ནི་དགེ་འདུན་གྱི་སྤྱད་པར་བྱ་བ་ཡིན་གྱི། གང་ཟག་དག་གིས་དེ་ལ་སྤྱད་པར་མི་འདོད་དོ། །མཉན་ཡོད་དུ་ཟས་མ་ཞུ་བ་རྒྱབ་རྟེན་དགོས་པ་ལ་བརྟེན་ནས་རྒྱབ་རྟེན་དང་བཅས་པའི་སྟན་དག་ནི་དགེ་འདུན་དང་གང་ཟག་གཉིས་ཀ་ལ་ཡང་རྗེས་སུ་གནང་ངོ༌། །བཞི་པ་རུང་མི་རུང་གི་དབྱེ་བ་ལ་བདུན། གྲོགས་རུང་མི་རུང་གི་དབྱེ་བ། གནས་སྐབས་ཀྱི་རུང་མི་རུང༌། བཅོས་སུ་རུང་མི་རུང༌། གཙུག་ལག་ཁང་གི་རུང་མི་རུང༌། ཁྲི་དང་མལ་ཆ་རུང་མི་རུང༌། ཀོ་ལྤགས་རུང་མི་རུང་དང༌། ཁྲི་དང་ཁྲིའུ་རུང་མི་རུང་ངོ༌། །དང་པོ་ནི། དྲུག་སྡེས་ཁྱིམ་པ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པ་ལ་བརྟེན་ནས་བསླབ་པ་རྒན་གཞོན་ལོ་གསུམ་ཁྱད་པར་ཞུགས་པའི་གང་ཟག་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱའོ། །ཡང་དགེ་སློང་གི་བསྙེན་པར་མ་རྫོགས་པ་དང་ཡང་ལྷན་ཅིག་སྟན་གཅིག་ལ་འདུག་ཏུ་རུང་བ་མ་ཡིན་ནོ། །མཁན་པོ་དང་སློབ་མ་ཡང་ཁྱིམ་པའི་ཁྱིམ་དུ་སྟན་གཅིག་ལ་འདུག་པར་རྗེས་སུ་གནང་ངོ༌། །དེ་ཡང་ནི་སྟན་གཉིས་པ་ཅུང་ཟད་མེད་པའི་དུས་ནའོ། །གཉིས་པ་ནི། དགེ་འདུན་གྱི་མལ་སྟན་དང་ཁྲིའུ་ལ་སོགས་པ་བླངས་ནས་གང་འཇིགས་པ་དང་བཅས་པའི་གནས་གཞན་དུ་འགྲོ་བ་ན་དགེ་སློང་དེས་ལམ་དེར་ལོངས་སྤྱོད་ནས་ལམ་གྱི་འཇིགས་པ་དང་བྲལ་བའི་ཚེ་ན་དགེ་འདུན་ལ་སོགས་ལ་གཏད་པར་བྱའོ། །མལ་སྟན་སོགས་འདི་ལ་འཇིགས་པ་དང་བྲལ་ནས་ནི་སྔར་བཞིན་རྒན་རིམ་གྱིས་ཡོངས་སུ་སྤྱད་དོ། །གསུམ་པ་ནི། སྟན་དེ་དག་རྡོལ་བ་དང་རལ་བ་དང་ཟག་པ་དག་ཀྱང་ཆོ་ག་བཞིན་དུ་བཅོས་པར་བྱ་ཞིང་གང་སྟན་ལ་སོགས་པ་ལོངས་སྤྱོད་པ་དེར་གདིང་བ་ལ་སོགས་སྤྱད་མི་བཟོད་པ་ཟད་པ་དག་ཀྱང་ད་དུང་ལོངས་སྤྱད་བྱར་འགྱུར་བའི་ཕྱིར་དགེ་སློང་དེ་ཡིས་ས་དང་ལྕི་བ་ལེགས་པར་བསྲེས་ནས་རྩིག་པའི་ཁུང་བུ་དང་སྒོ་ལ་སོགས་པར་བྱུག་གོ །དེ་ལྟར་ལེགས་པར་སྦྱར་ནས་རྩིག་པ་ལ་སོགས་པ་ལ་བྱུག་ནས་ནི་སྦྱིན་འབྲས་བདེ་བའི་དོན་དུ་འགྱུར་ཞིང༌། གདིང་བ་སོགས་དབུལ་བའི་སྦྱིན་བདག་དེ་བསོད་ནམས་རྒྱུན་མི་འཆད་པར་འགྱུར་བའི་རྒྱུ་ཡིན་ནོ། །བཞི་པ་ནི། གཙུག་ལག་ཁང་སྔ་མ་གཞན་ལ་ཕུལ་བའི་རྙེད་པ་ནི་དགེ་སློང་གིས་སྤྱད་དེ། གཙུག་ལག་ཁང་ཕྱི་མ་གཞན་དུ་གནས་པ་ན་དགེ་སློང་དེ་ཡིས་གཙུག་ལག་ཁང་སྔ་མ་ལ་ཕུལ་བའི་རྙེད་པ་གོད་དམ་ཟད་པས་ངུ་ན་ཡང་གཙུག་ལག་ཁང་སྔ་མའི་བདག་པོ་ལ་ཐམས་ཅད་རིན་ཚང་བར་གཞལ་བར་བྱའོ། །དགེ་འདུན་གྱི་གནས་མལ་དག་ལ་ཡང་བདག་པོ་སུ་ཡིན་གྱིས་བྱེ་བྲག་ཤེས་པའི་མཚན་མ་གདབ་པར་བྱའོ། །མཚན་མ་གང་གིས་ན། ཆེ་གེ་མོ་འདི་ཞེས་བྱ་བའི་སྦྱིན་པར་བྱ་བའི་ཆོས་ཡིན་ཞེས་མཛེས་པའི་ཡི་གེ་རྣམས་ཀྱིས་བྲིས་པའི་མཚན་མ་ཉིད་ཀྱིས་སོ། །ལྔ་པ་ནི། རྒྱལ་པོའི་ཁབ་ཏུ་ཀུན་ཏུ་རྒྱུ་ཁྲིའུ་བརྩེགས་ཀྱིས་ཁྲི་བརྩེགས་པ་ལ་འདུག་པ་ལ་ཐུབ་པས་ཆོས་བསྟན་པས་རྒྱུན་དུ་ཞུགས་པར་གྱུར་པ་མཐོང་ནས་དགེ་སློང་གཞན་ཞིག་གིས་ཁྲིའུ་བརྩེགས་པ་ལ་འདུག་སྟེ་ཆོས་མཉན་པས་བདེན་པ་མཐོང་དུ་རུང་དུ་གྱུར་ཀྱང་བདེན་པ་མ་མཐོང་ནས་ཁྲི་སྔ་མའི་སྟེང་དུ་ཁྲི་ཕྱི་མ་བརྩེགས་པ་ལ་དགེ་སློང་འདུག་པར་བྱེད་པ་དེ་ཉེས་བྱས་དུང་གི་སྒྲ་ཅན་བོང་བུ་ལྟར་ཀུན་ཏུ་སྤྱོད་པ་ཉིད་ཀྱིས་འདས་ཏེ་དེ་ནི་འོག་ངན་སོང་དུ་ལྟུང་ངོ༌། །དགེ་ཚུལ་གང་ཞིག་དད་པ་ཅན་བསླབ་པ་ལ་རབ་ཏུ་གུས་ཤིང་བླང་དོར་གྱི་ཚུལ་ལ་མཁས་པའི་བློ་ལྡན་གྱིས་ཚོགས་ལ་གོ་བར་བྱས་ཏེ་གནང་བ་ཞུས་པས་དགེ་འདུན་དེ་དག་གིས་གནས་མལ་ལ་ལོངས་སྤྱོད་པར་རུང་བ་ཉིད་དོ། །དྲུག་པ་ནི། རྒྱལ་པོའི་ཁབ་ཏུ་ཉེ་དགས་ཀོ་ལྤགས་ཀྱི་སྟན་བཏིང་བ་ལ་བརྟེན་ནས། ཀོ་ལྤགས་ལ་བརྟེན་པའི་མལ་སྟན་དག་ཡུལ་དབུས་སུ་དགེ་སློང་གིས་སྤྱོད་པ་བཀག་གོ །ཀུན་དགའ་བོས་ཞུས་པ་ལ་བརྟེན་ནས་ཁྱིམ་པའི་ཁྱིམ་དུ་ཀོ་ལྤགས་ཀྱི་སྟན་གྱི་སྟེང་དུ་འདུག་པ་ཙམ་རུང་ལ། ཁྱིམ་དེར་ཡང་ཀོ་ལྤགས་ཀྱི་སྟན་ལ་ཉལ་བ་ནི་མ་ཡིན་ནོ། །དགེ་སློང་གཞང་འབྲུམ་གྱིས་ཐེབས་པ་ལ་དོམ་ལྤགས་གནང་བ་ལ་བརྟེན་ནས་གཙུག་ལག་ཁང་གི་སྒོ་དྲུང་དུ་ནད་ལ་ཕན་པའི་ཆེད་དུ་དོམ་ལྤགས་གདིང་བ་ཉིད་ནི་རྗེས་སུ་གནང་ངོ༌། །མཐའ་འཁོབ་དག་ཏུ་ཀོ་ལྤགས་ཀྱི་མལ་སྟན་དག་བྱས་ཀྱང་ཉེས་པ་མེད་དོ། །བདུན་པ་ཁྲི་དང་ཁྲིའུ་རུང་མི་རུང་ནི། རྒྱལ་བྱེད་ཚལ་དུ་ཉེ་དགས་གསལ་རྒྱལ་གྱི་ཁྲི་ལ་བསྡད་པས་མལ་སྟན་ཆེན་པོ་དང་མཐོན་པོ་བཀག་པ་ནི་ངོ་མཚར་ཅན་གྱི་ནོར་བུ་དང་མུ་ཏིག་དང་བྱེ་རུ་སོགས་ཀྱི་རིན་པོ་ཆེ་མཆོག་གིས་མཛེས་པར་སྤྲས་པ་ལ་གསེར་དང་བ་སོ་ལ་སོགས་པའི་ཁྲི་རྐང་བྱས་པ་ནི་མལ་སྟན་ཆེན་པོ་ཞེས་བྱ་བར་བརྗོད་དོ། །ཁྲི་གང་གི་སྟེང་དུ་བརླ་འདུག་པ་བྱས་ན་རྐང་བརྐྱངས་ལ་མི་རེག་པའི་མལ་སྟན་གྱི་ཁྱད་པར་འདི་འདྲ་དེ་ཡང་ནི་མལ་སྟན་མཐོན་པོར་འདོད་དོ། །ཁྲི་གཉིས་པོ་འདི་དག་ནི་ཁྱིམ་པ་བསྙེན་གནས་ཀྱི་སྡོམ་པར་གནས་པ་ལ་ཡང་རབ་ཏུ་བཀག་ན་ཁྲི་དེ་གཉིས་ཀ་ཡང་དགེ་སློང་ལ་ཅིའི་ཕྱིར་དགག་པར་མི་འོས་ཏེ་འོས་པ་ཡིན་ནོ། །དྲུག་སྡེས་ཁྲི་གཅིག་ལ་བསྡད་པས་ཁྲི་ཆག་པ་ན་གཞན་གྱིས་བཞད་གད་བྱས་པ་ལ་བརྟེན་ནས་ཁྲིའུ་ལ་ནི་གཅིག་པུར་འདུག་གི གཉིས་ལ་སོགས་པ་ནི་ལྷན་ཅིག་ཏུ་བསྡད་པར་མི་རུང་ངོ༌། །ཤིང་ཁྲི་བརྟན་པ་ལ་ནི་གཉིས་འདུག་ཏུ་རུང་ངོ༌། །ཤིང་ཁྲི་བརྟན་པ་དང་མི་བརྟན་པའི་བྱེ་བྲག་ཤེས་པར་བྱས་ནས་ཤིང་ཁྲི་ཤིན་ཏུ་བརྟན་པ་ལ་ནི་གསུམ་དང༌། སོགས་པ་མང་བ་ལ་བཞི་དག་ཀྱང་བསྡད་དུ་རུང་ངོ༌། །ལྔ་པ་བསྡུ་ཞིང་གྲངས་གཟུང་བའི་ཆོ་ག་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་བསྡུ་བའི་ཆོ་གའོ། །དང་པོ་ནི། རྙེད་པ་འགོད་པ་དེའི་ཚེ་ན་གཎྜི་བརྡུང་བར་བྱས་ནས་དགེ་འདུན་ལ་ཞུས་ཏེའམ། ཚུལ་ཤིང་བྲིམ་པ་དག་གིས་ཀྱང་དགེ་སློང་ཀུན་ལ་གོ་བར་བྱས་ནས་བགོ་བར་བྱའོ། །དེ་དག་ཀྱང་དྲུག་སྡེས་རྙེད་པ་འགོད་པའི་ཚེ་གབ་ནས་བགོས་ཟིན་པའི་ཚེ་ཁྱོད་ཀྱིས་བགོ་བར་བྱ་དགོས་ཞེས་པ་ལ་བརྟེན་ནས་བཅས་སོ། །གཉིས་པ་ལ་གཉིས་ཏེ། རབ་ཏུ་དབྱེ་བ་དང༌། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། ཤི་བའི་རོ་འདེགས་པ་ལ་སོགས་པའི་བརྡ་རབ་ཏུ་སྤྲོད་པར་བྱེད་པ་ཡུ་བོ་ལ་སོགས་པའི་གཎྜི་ལྔ་དགེ་སློང་རྣམས་ཀྱིས་བརྡུང་བ་ནི་འགལ་པ་མེད་པར་སྟོན་པས་རྗེས་སུ་གནང་བ་ཡིན་ནོ། །གཉིས་པ་ནི། ལྔ་པོ་གང་ཞེ་ན། ལན་གཅིག་ཀུན་ཏུ་བརྡེག་པ་རྒྱུད་གཅིག་པ་ཡིས་གནས་སྐབས་གང་དུ་གཎྜི་རབ་ཏུ་བརྡུང་བ་དེ་ནི་ཤི་བའི་རོ་འདེགས་པ་མཚོན་པར་བྱེད་པའོ། །ཏོག་མེད་པས་ཡུ་བོ་ཉིད་དུ་བརྗོད་པར་བྱེད་པ་སྟེ། གཎྜི་བརྡུང་ཚུལ་ལྔ་ལས་དང་པོའོ། །གནས་སྐབས་གང་དུ་རྒྱུད་གཉིས་པ་ལན་གཉིས་ཀུན་ཏུ་བཏེགས་པས་བརྡུང་བ་དང༌། ཏོག་གཉིས་བྱ་བ་དེ་ནི་གཎྜི་གཉིས་པ་ལས་སུ་འདུ་བ་ལ་དགོས་པར་ཤེས་པར་བྱ་སྟེ་གཉིས་པའོ། །རྒྱུད་དང་ཏོག་དེ་ཉིད་གཅིག་གིས་ལྷག་པ་རྒྱུད་གསུམ་དང་ཏོག་གསུམ་ནི་ཟས་ལ་འདུ་བའི་གཎྜི་ཞེས་མངོན་པར་བརྗོད་དེ་གསུམ་པའོ། །རྒྱུད་དང་ཏོག་ལ་ངེས་པ་མེད་པར་བརྡུང་བ་ནི་སེར་བ་ལ་སོགས་གནོད་པ་བྱུང་བའི་གཎྜི་སྟེ། དེ་ཡང་འཇིག་རྟེན་པ་དག་ལ་གནོད་པ་བྱུང་བ་གོ་བྱེད་ཡིན་ཏེ་བཞི་པའོ། །གཎྜི་གཞན་བརྡུངས་ན་བསམ་གཏན་ལ་གནོད་པས་སྒྲ་ལྡན་འཁར་གསིལ་འཁྲོལ་བ་ནི་བསམ་གཏན་པ་རྣམས་ཟས་ལ་འདུ་བའི་གོ་བྱེད་ཉིད་ཡིན་ཏེ་ལྔ་པའོ། །ཞུ་བ་མང་ཤོས་ལས། སྤོང་བ་པའི་གཎྜི་ནི་འཁར་གསིལ་ལོ་ཞེས་སོ། །སྟོད་འདུལ་ལྟར་ན་ཤར་ཕྱོགས་སུ་བཏེག་པ་བཅོ་བརྒྱད། མར་དབབ་པ་བཅུ་བདུན་དང༌། ལྷོ་ཕྱོགས་སུ་གྲངས་དེ་དང༌། ནུབ་ཕྱོགས་སུ་ཡང་གྲངས་དེ་དང༌། བྱང་ཕྱོགས་སུ་ཏོག་གསུམ་བྱས་ཏེ་བརྒྱ་རྩ་བརྒྱད་དོ་ཞེས་འཆད་དོ། །དྲུག་པ་གཙུག་ལག་ཁང་བསྐྱང་བའི་ཆོ་ག་ལ་གཉིས་ཏེ། འཇུག་པའི་ཚུལ་དང༌། ཞུགས་པའི་སྤྱོད་པའོ། །དང་པོ་ནི། ཐག་རིང་པོ་ནས་གློ་བུར་དུ་ལྷགས་པ་གང་གཙུག་ལག་ཁང་དུ་འཇུག་པའི་ཚེ། ཕྱི་རོལ་དུ་རྐང་པ་གཉིས་ཆུ་ཡིས་བཀྲུ་བའམ་སྤྲུག་པའམ་ཡང་ན་གོས་ཀྱི་དུམ་བུས་འཕྱི་བར་བྱ་སྟེ། རྗེས་ཐོག་ཏུ་ཆུའམ་ཡང་ན་ལོ་མས་བཀྲུའོ། །གཉིས་པ་ཞུགས་པའི་སྤྱོད་པ་ལ་བདུན་ཏེ། གུས་པའི་སྤྱོད་པ་དང༌། གཙང་སྦྲའི་སྤྱོད་པ་དང༌། འགྲོ་བའི་སྤྱོད་པ་དང༌། ཚོན་གྱི་ལས་བྱ་བ་དང༌། རྩོད་པ་ཞི་བར་བྱ་བ་དང༌། བསྲོ་ཁང་བརྟེན་པར་བྱ་བ་དང༌། གནས་མཛེས་པར་བྱ་བའོ། །དང་པོ་ལ་བཞི་སྟེ། རྒན་པ་ལ་གུས་པར་བྱ་བ་དང༌། ནང་ཁྲིམས་ལ་གུས་པར་བྱ་བ་དང༌། སྟོན་པ་ལ་གུས་པར་བྱ་བ་དང༌། གྲོགས་ལ་གུས་པར་བྱ་བའོ། །དང་པོ་ནི། ལམ་དུ་ཞུགས་ནས་རྒན་པའི་ཐད་དུ་ཉེ་བར་ཕྱིན་པ་ན་བརྟུལ་ཞུགས་ཅན་རྒན་པའི་ཐད་དུ་ཕྱག་བྱ་ལ། བརྟུལ་ཞུགས་ཅན་དེས་ཀྱང་འོངས་པ་དེ་དག་ལ་ཅི་ནུས་སུ་བཀུར་སྟིའི་ལས་ནི་བྱ་བ་ཡིན་ནོ། །གཉིས་པ་ནི། དཀའ་ཐུབ་ཅན་གསར་དུ་འོངས་པ་ཉིད་ཀྱིས་ཐོག་མར་གནས་འདི་ལ་དགེ་འདུན་དག་གི་ནང་ཁྲིམས་ཇི་འདྲ་ཡོད་ཅེས་དྲིའོ། །དྲིས་ནས་དེ་ཡིས་གནས་དེ་ན་ནང་ཁྲིམས་ཇི་ལྟར་ཡོད་པ་སྟོན་པའི་བཀའ་བཞིན་དུ་ཡང་དག་པར་རྗེས་སུ་བསྲུང་བར་བྱའོ། །སྟོན་པས་གནས་མེད་དུ་ལྗོངས་མི་རྒྱུ། དགེ་སློང་གིས་སེང་གེ་བཞིན་དུ་གཏུམ་པར་མི་བྱ། དགེ་སློང་ལ་གནོད་པའི་ཁྲིམས་དགེ་འདུན་གྱིས་བཅའ་བར་མི་བྱ་ཞེས་པས་གཙུག་ལག་ཁང་དུ་དགེ་སློང་ལ་གནོད་བྱེད་དུ་མི་འགྱུར་བ་དང༌། གང་ཡོན་ཏན་འཕེལ་དུ་རུང་བ་དེ་འདྲའི་ནང་ཁྲིམས་དགེ་སློང་རྣམས་ཀྱིས་བཅའ་འོ། །གསུམ་པ་ནི། བཱ་རཱ་ཎ་སཱིར་ལྔ་སྡེས་སངས་རྒྱས་ལ་ཚེ་དང་ལྡན་པ་ཞེས་སོགས་ཀྱི་མིང་གིས་སྨོས་པ་ལ་བཅས་པ་སྟེ། ཤེས་བྱ་མ་ལུས་པའི་དེ་ཁོ་ན་ཉིད་མཁྱེན་པའི་དེ་བཞིན་གཤེགས་པ་ལ་བརྟུལ་ཞུགས་ཅན་གྱིས་ཚེ་དང་ལྡན་པ་ཞེས་པའི་མིང་གིས་བརྗོད་པར་མི་བྱའོ། །རིགས་ནས་སྨོས་པ་རྒྱལ་རིགས་ཞེས་པའམ། རུས་ནས་སྨོས་པ་གོའུ་ཏ་མ་ཞེས་པ་དང༌། མཚན་འབའ་ཞིག་ནས་སྨོས་པ་ཤཱཀྱ་ཐུབ་པ་ཞེས་པ་དང༌། ཡུལ་ནས་སྨོས་པ་སེར་སྐྱ་བ་ཞེས་པའི་མིང་ནས་བརྗོད་པར་མི་བྱའོ། །བཞི་པ་ནི། རྒན་པོ་ལ་གསར་བུ་ཡིས་བཙུན་པ་ཞེས་བརྗོད་པར་བྱ་སྟེ། གསར་བུ་ལ་ནི་རྒན་པོས་ཀྱང་ཚེ་དང་ལྡན་པ་ཞེས་བརྗོད་ལ། དེ་ལས་གཞན་དུ་བརྗོད་པར་བྱ་བ་མིན་ནོ། །གུས་པའི་སྤྱོད་པ་བསྟན་ཟིན་ཏོ། །གཉིས་པ་གཙང་སྦྲའི་སྤྱོད་པ་ལ་གཉིས་ཏེ། གནས་གཙང་བར་བྱ་བ་དང༌། ལུས་གཙང་བར་བྱ་བའོ། །དང་པོ་ནི། ཇི་ལྟར་རིགས་པ་ཡིས་ཅི་ནུས་སུ་ས་རྡུལ་ལ་སོགས་པའི་ཉལ་ཉིལ་ངེས་པར་བསལ་བར་བྱའོ། །ཚེས་བརྒྱད་དང་བཅུ་བཞི་ལ་གཎྜི་བརྡུངས་ནས་བྱའོ། །སུ་ཞིག་གིས་ན་གནས་ན་གནས་པས་སོ། །འདི་ལ་ལུང་གཞི་ལས། བདག་དང༌། གཞན་དང༌། ལྷ་རྣམས་ཡིད་དགའ་བ་དང༌། ལུས་མཛེས་པ་དང༌། ལྷར་སྐྱེ་བའི་ཕན་ཡོན་ལྔ་གསུངས་སོ། །གཉིས་པ་ལ་བཞི། གཞན་ལ་གནོད་པ་སྤང་པ་དང༌། རང་གིས་དམན་པའི་སྤྱོད་པ་སྤང་བ་དང༌། ཕྱིའི་སྐྲ་སེན་བྱི་དོར་བྱ་བ་དང༌། ནང་གི་ལམ་གསུམ་བྱི་དོར་བྱ་བའོ། །དང་པོ་ནི། ཉེས་བྱས་ཀྱིས་བསླབ་པ་ཟད་པར་མི་འདོད་ན། བཤང་བ་དང་གཅི་བ་དང་མཆིལ་མ་དང་ངར་སྣབས་དང་སྐྱུག་པའི་ཁྲག་རྣམས་ཀྱང་ངེས་པར་འདོར་བ་ན་ཐོག་མར་སྒྲ་བཅས་ཀྱི་སེ་གོལ་གཏོག་པར་བྱས་ཏེ་འདོར་རོ། །དེ་དག་རྩྭ་སྔོན་དང་ཆུ་དག་ལ་དོར་བར་བྱ་བ་མིན་ལ། ས་གཞི་གཙང་མའི་ཕྱོགས་དང་གནས་གང་དུ་རང་དང་མཚན་འགལ་བ་བུད་མེད་མཐོང་བ་དེར་ཡང་འདོར་བར་བྱ་བ་མིན་ནོ། །གཉིས་པ་ནི། ནད་མེད་པས་ཉིན་མཚན་བདེ་བར་གནས་པའི་དགེ་སློང་གི་ཏམ་པོ་ལ་སྟེ་གོ་ལ་ནི་མི་ཟ་སྟེ། དགེ་སློང་ནད་པ་སྨན་ཇི་ལྟར་རིགས་པ་བསྟེན་དགོས་པ་ཡིས་ནད་ལ་ཕན་པ་ལ་ནི་ཟོས་ཀྱང་ཉེས་པ་མེད་དོ། །དུས་མིན་པའི་ཁ་ཟས་སུ་གྱུར་པའི་ཤིང་ཏོག་ལ་སོགས་པའི་འབྲས་བུ་གང་ཡང་མི་ཟ་སྟེ། སྟོན་པས་བཀག་པ་ཡིས་སོ། །མདོར་ན་སངས་རྒྱས་ཀྱིས་ཆོས་འདུལ་བ་ལས་གང་གནང་བ་དེ་མཁས་པ་རྣམས་ཀྱིས་སྤྱད་པར་བྱ་ཡི། གང་བཀག་པ་ནི་སྤྱད་པར་མི་བྱ་བ་སྟེ། བསླབ་བྱ་མདོར་བསྡུས་པ་ཡིན་ནོ། །གཅུང་དགའ་བོའི་མིག་སྨན་ཐུར་མ་སོགས་ཀྱིས་བསྐུས་པ་ནི་སྒེག་རྫས་ཡིན་པས་བཀག་གོ །ཐུབ་པས་ཇི་སྐད་དགག་པ་མདོར་བསྡུས་གསུངས་པ་བཞིན་བྱའོ། །དེ་བཞིན་དུ་དགེ་སློང་རྣམས་ཀྱིས་འདིར་བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་བཟའ་བ་བག་ཡོད་པར་ཡོངས་སུ་སྤྱད་དོ། །གསུམ་པ་ཕྱིའི་སྐྲ་སེན་སོགས་བྱི་དོར་བྱ་བ་ནི། དགེ་སློང་གིས་གཙུག་ལག་ཁང་གི་ནང་དུ་སྐྲ་དང་ཁ་སྤུ་བྲེགས་པར་མི་བྱའོ། །ནད་པས་ནི་གཙུག་ལག་ཁང་གི་ནང་དུ་ས་གཞི་གཙང་མ་ལ་གོས་དག་གཏིང་སྟེ་སྐྲ་སེན་བྲེག་པར་བྱའོ། །དགེ་སློང་དུ་མའི་སྐྲ་འབྲེག་དགོས་པ་བྱུང་ན་སྐྲ་སོགས་འབྲེག་པར་བྱེད་པའི་དུས་ལ་རྒན་རིམ་བཞིན་དུ་རྗེས་སུ་གནང་ངོ༌། །གསར་བུའི་ཉུང་ངུ་ཙམ་ཞིག་བྲེགས་པའི་དུས་ན་རྒན་པོས་སླེབས་ན་ཡང་གསར་བུའི་སྐྲ་གཅོད་འཕྲོའི་རྒྱུན་མི་གཅད་དོ། །གཙང་སྦྲ་བྱེད་ཚུལ་གྱི་རིམ་པ་ཇི་ལྟ་བུ་ཞེ་ན། དང་པོ་མགོ་བོའི་སྤུའམ་ཡང་ན་ཁའི་སྤུ་བྲེག་གོ །དེ་ནས་སྣའི་གཙང་སྦྲ་དང༌། དེའི་འོག་ཏུ་རྐང་ལག་འཕྱི་བ་དང་སེན་མོ་བྲེག་པ་སྟེ་གཙང་སྦྲའི་ལས་བྱེད་པའི་རིམ་པ་ནི་འདི་དག་གོ །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཏང་བའི་འབྲེག་མཁན་ལ་སྐྲ་ཆན་པས་འབྲེག་ཏུ་བཅུག་པ་ལ་བརྟེན་ནས་སྐྲ་ནི་ཆན་པས་མི་བྲེག་སྟེ་ཞེས་གསུངས་སོ། །བརྟུལ་ཞུགས་ཅན་ལ་ཆན་པས་འབྲེག་ཏུ་རུང་བའི་གནས་སྐབས་ནི་ལུས་ཀྱི་གནས་འགའ་ཞིག་ཏུ་རྨ་ཉེན་ཆན་པས་གཅད་དུ་རུང་བ་ཡིན་ནོ། །སྟོན་པས་འདོམས་ཀྱི་སྤུ་འབྲེགས་པ་བཀག་པ་ན་འདོམས་ཀྱི་ཕྱོགས་སུ་རྨ་དང་སྲིན་བུ་བྱུང་ནས་དགེ་བ་ལ་སྦྱོར་མི་ནུས་པ་ལ་བརྟེན་ནས་རྨ་དང་སྲིན་བུ་སོགས་བྱུང་བའི་ནད་པ་ལ་ནི་དྲན་པ་དང་ལྡན་པར་གྱིས་ཤིག་ཅེས་གོ་བར་བྱས་ནས་ཚངས་སྤྱོད་ཀྱི་ཚུལ་ལ་རྣམ་པར་མཁས་པ་ཡིས་སྤུས་ཀུན་ཏུ་ཁྱབ་པའི་གསང་གནས་ཀྱི་ཕྱོགས་སུ་དྲན་པ་དང་ལྡན་པས་སྤུ་དེ་དག་བྲེག་པ་སོགས་རུང་བ་ཡིན་ནོ། །སེན་མོ་གཅོད་པའི་དབྱིབས་ཀྱང་ཟླ་ཚེས་འདྲ་བའམ་འབྲས་བུ་ནས་སྤུངས་པ་ལྟ་བུའི་རྣམ་པའམ་དེ་བཞིན་དུ་སྤུ་གྲིའི་སོ་ལྟ་བུར་གཅད་དོ། །ཁ་དོག་མཛེས་པའི་དོན་དུ་རྩི་ཡིས་མི་བྱུག་ཅིང༌། སེན་མོའི་བྱི་དོར་ཡང་དག་པའི་ཕྱིར་ཡིན་གྱི་མཛེས་པའི་ཕྱིར་མ་ཡིན་ནོ། །དགོན་པ་བས་འབྲེག་མཁན་མ་རྙེད་ནས་གྲོང་མཐར་ལྷགས་པས་དགོན་པ་བ་ཡིས་སྐྲ་སྐྱེས་པ་སོར་གཉིས་ལས་ལྷག་པར་གཞག་པར་མི་བྱའོ། །ཀོའུ་ཤཱམྦིར་པདྨའི་རྒྱལ་པོ་འཆར་བྱེད་ཀྱི་སྐྱེད་མོས་ཚལ་གྱི་ཕུག་ན་འཕགས་པ་བ་ལང་བདག་སྐྲ་རིང་པོར་གནས་པ་སྙིང་དུ་མི་སྡུག་ནས་རྒྱལ་པོ་དེས་དེའུ་བསད་པས་གྲོང་གི་མཐར་གནས་པའི་བརྟུལ་ཞུགས་དང་ལྡན་པ་ཉིད་ཀྱི་སྐྲ་སོར་གཉིས་ཀྱི་ཚད་བཞག་ཀྱང་སྨད་པས་མི་རུང་ངོ༌། །སྐྲ་རྣམས་བྲེགས་ཟིན་པའི་རྗེས་ཐོག་ལ་དྲི་མ་དག་པའི་དོན་དུ་ལུས་རིལ་པོ་ལ་ཁྲུས་བྱའོ། །སྡོམ་བརྩོན་རྐྱེན་དབང་དང་ལྡན་པར་གྱུར་པས་ལུས་རིལ་པོ་བཀྲུ་བ་མ་གྲུབ་ན་ཡང་ཡན་ལག་ལྔ་རྣམས་བཀྲུ་བར་རྗེས་སུ་གནང་ངོ༌། །དགེ་འདུན་གྱི་སྤྱི་ཁང་དུ་སྤུ་གྲི་སྣོད་དང་བཅས་པ་དང་གདོང་བཀྲུ་བའི་ཆུའི་སྣོད་ལ་སོགས་པ་གཞག་གོ །སྐྲ་འབྲེག་མཁན་མ་རྙེད་པའི་དུས་སུ་སྐྲ་འབྲེག་པ་སོགས་ཀྱི་ལས་ལ་མཁས་ན་ནི་དགེ་སློང་གིས་དབེན་པར་གཞན་གྱི་སྐྲ་འབྲེག་པར་བྱེད་པ་ལ་ཉེས་པ་མེད་དོ། །བཞི་པ་ནང་གི་ལམ་གསུམ་བྱི་དོར་བྱ་བ་ནི། ཆུ་བོ་སྙན་ལྡན་གྱི་འགྲམ་གྱི་དགེ་སློང་རྣམས་ཁའི་དྲི་མི་ཞིམ་པ་ལ་བརྟེན་ནས་སོའི་དྲི་མ་དག་པའི་དོན་དུ་སོ་ཤིང་བཅས་ཤིང་ཁ་བཀྲུས་ནས་དམ་པའི་ཆོས་བཤད་པར་བྱ་སྟེ། ཟས་ཟ་བའི་དུས་སམ་ཡང་ན་ཆོས་བཤད་པའི་དུས་དེ་ཉིད་ལས་གཞན་དུ་སོ་ཤིང་འཆའ་བ་འོས་པ་མིན་ནོ། །གཞོན་ནུ་ཞིག་གིས་སོ་ཤིང་སོར་བཞི་པ་འཆའ་བཞིན་པའི་དུས་སུ་སྟོན་པ་བྱོན་ནས་ལྡང་བ་བྱས་པས་མགྲིན་པར་ཐོགས་པ་དང༌། ཡང་དྲུག་སྡེས་མགྲིན་པར་ཐོགས་པ་ཐོས་ནས་ཤིན་ཏུ་རིང་བར་བྱས་པ་ལ་བརྟེན་ནས་སོ་ཤིང་དེ་ཡང་རིང་ཐུང་བར་མ་རྣམ་པ་གསུམ་སྟེ། རིང་ཤོས་ནི་སོར་བཅུ་གཉིས་པར་ཤེས་པར་བྱ་ཞིང༌། ཆུང་ངུ་སོར་བརྒྱད་དང༌། གཉིས་པོ་དེའི་དབུས་ནི་བར་མ་ཞེས་བརྗོད་པ་ཡིན་ནོ། །སོ་ཤིང་ལ་ཕན་ཡོན་ལྔ་གསུངས་ཏེ། རླུང་མཁྲིས་བད་ཀན་གསུམ་འདྲེན་པ་དང༌། ཁའི་དྲི་མི་ཞིམ་པ་སེལ་བ་དང༌། ཡི་ག་འཆུས་པ་འབྱེད་པ་དང༌། སོའི་དྲི་མ་དག་པའོ། །སོ་ཤིང་དེ་དོར་ནས་ནི་ཡང་ལྕེ་བཞར་གྱིས་འབད་དེ་ལྕེ་དེ་བཞར་བར་བྱའོ། །དྲུག་སྡེས་གསེར་ལ་སོགས་པ་ལས་བྱས་པ་ལ་བརྟེན་ནས་ལྕེ་བཞར་ཡང་འཁར་བ་དང་ཟངས་དང་རག་དང་ལྕགས་ལས་བྱས་པ་རྣམ་པ་བཞི་ཡིན་ནོ། །གྲོང་ཞིག་མཐའ་མར་གནས་པ་ཡིས་འཁར་བ་ལ་སོགས་པ་ལ་བྱས་པའི་ལྕེ་བཞར་འདི་དག་ཉེ་བར་བསྒྲུབ་ནས་གཞག་གོ །ལྕེ་བཞར་གཞན་གང་ཡང་མེད་ན་ཕན་ཚུན་ལེགས་པར་དྲུད་པའི་ཤིང་ཚལ་གྱིས་ཀྱང་བཞར་དུ་རུང་བ་ཉིད་དོ། །གལ་ཏེ་ཤིང་ཚལ་ཡང་མེད་ན་ཁ་དང་ལྕེའི་དྲི་མ་རྣམས་ནི་ཇི་ལྟར་སུས་ཀྱང་མི་མཐོང་བར་ལྕི་བ་དང་བཅས་པའི་ཆུས་ཡིས་དག་པར་སྦྱང་ངོ༌། །ལྕེ་དང་སོའི་དྲི་མ་སྦྱང་བའི་སོ་ཤིང་སོགས་མ་བཀྲུས་པར་བོར་བས་ཉེས་པ་མང་པོར་གྱུར་པའི་ཚུལ་ནི། སྔོན་བྱུང་གི་དུས་ན་དུག་ཅན་གྱི་སྦྲུལ་ཤི་བས་མཉན་ཡོད་དུ་བྲམ་ཟེའི་བུར་སྐྱེས་པར་གྱུར་པ་ཞིག་རབ་ཏུ་བྱུང་ཞིང་དེའི་ལྕེའི་དྲི་མ་རྣམ་པར་སྦྱངས་པའི་སོ་ཤིང་མ་བཀྲུས་པར་བོར་བས་ཉེས་པ་མང་པོར་གྱུར་ཏེ། དང་པོར་སོ་ཤིང་ལ་སྦྲང་མ་འཁོར་བས་སོ་ཤིང་གིས་སྦྲང་མ་ཤི་ལ། སྦྲང་མའི་རོ་རྩངས་པས་ཟོས་པས་དེ་ཡིས་རྩངས་པ་ཤི་བར་གྱུར་ཏེ། དེ་ནེའུ་ལེས་ཁྱེར་བས་དེ་ཡིས་ནེའུ་ལེ་ཤི་བས་དེ་ལ་གང་རེག་པ་མཐའ་དག་ཤི་བར་གྱུར་ཏོ། །དགེ་སློང་དེ་ཡིས་ལྕེའི་དྲི་དོར་བ་ཐམས་ཅད་དུ་རེག་ཅིང་ཟོས་པའི་འགྲོ་བ་རྣམས་ནི་རིམས་ཀྱིས་ཤི་བ་དེའི་ཕྱིར་ན་བཅོམ་ལྡན་འདས་ཐུགས་རྗེ་ལྡན་པས་སོ་ཤིང་མ་བཀྲུས་པར་བོར་བ་བཀག་པ་ཡིན་ནོ། །དེས་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་སོ་ཤིང་ཆུ་ཡིས་ལེགས་པར་ཡོངས་སུ་བཀྲུས་ནས་དོར་བར་བྱའོ། །བཀྲུ་བའི་ཆུ་དག་མེད་ན་ས་ལ་དྲུང་དེ་ཡོངས་སུ་དོར་བར་བྱའོ། །དགེ་སློང་གིས་གཅི་བ་གཏོང་བ་དང༌། བཤང་བ་གཏོང་བ་དང༌། སོ་ཤིང་འཆའ་བའི་བྱ་བ་རྣམ་པ་གསུམ་པོ་སྒྲིབ་གཡོགས་ཅན་གྱི་ས་ཕྱོགས་སུ་བྱའོ། །གསུམ་པ་འགྲོ་བའི་སྤྱོད་པ་ལ་གསུམ། མཆིལ་ལྷྭམ་ཇི་ལྟ་བུ་བྱ་བ་དང༌། ཆུ་ལ་བརྒལ་ཚུལ་ཞར་བྱུང་དང་བཅས་པ། ལམ་རྒྱགས་བསྐུར་བའི་ཚུལ་ལོ། །དང་པོ་ནི། བསིལ་བ་ཚལ་གྱི་དུར་ཁྲོད་དུ་འཆགས་པའི་གྲོ་བཞིན་སྐྱེས་ལ་བརྟེན་ནས་དགེ་སློང་དག་ལ་རིམ་པ་གཅིག་པའི་མཆིལ་ལྷྭམ་བཅང་བར་རྗེས་སུ་གནང་ངོ༌། །མཆིལ་ལྷྭམ་རིམ་པ་མང་པོ་ཅན་བསོད་སྙོམས་པ་ལ་ཕུལ་བ་ལ་བརྟེན་ནས་མཆིལ་ལྷྭམ་རིམ་པ་མང་པོ་སྦྱར་བ་ཅན་མ་བརྟགས་པར་བཅང་བར་མི་བྱའོ་ཞེས་སོ། །དྲུག་སྡེས་ཡངས་པ་ཅན་གྱི་ལྷྭམ་སྒྲ་ཐྲིག་ཐྲིག་སོགས་ཟེར་བ་གཞན་གྱིས་གྱོན་པ་ཕྲོགས་པ་ལ་བརྟེན་ནས་ལྷྭམ་ཀྲོག་ཀྲོག་དང་ཐྲིག་ཐྲིག་ཟེར་བའི་ལྷྭམ་སྒྲ་ཅན་དང༌། རིན་པོ་ཆེའི་རྒྱན་གྱིས་སྤྲས་པའི་ལྷྭམ་བཅང་དུ་རུང་བ་མ་ཡིན་ནོ། །གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དག་གིས་ལྷྭམ་ཐྲིག་ཐྲིག་ཟེར་བའི་སྒྲ་ཅན་ལ་ལོངས་སྤྱོད་ན། དགེ་འདུན་གྱི་གཡར་པོ་ལ་ལོངས་སྤྱོད་ན་ཉེས་པ་མེད་དོ། །ཀུན་དགའ་བོས་བལ་ཡུལ་དུ་ཉེ་དུ་བལྟར་ཕྱིན་པ་ལ་བརྟེན་ནས་ལྷགས་རླུང་ཅན་གྱིས་ཕྱོགས་སམ་སྣོད་དུ་ཆུ་འཁྱགས་པ་ཁ་བ་ཅན་དུ་ཉིན་མོ་ཡང་རྐང་པའི་སེར་ཀ་འབྱུང་མི་འབྱུང་དང༌། འཁྱག་མི་འཁྱག་གི་གནས་སྐབས་རིག་པར་བྱ་སྟེ་ལྷྭམ་ཡུ་བ་ཅན་ཡང་གྱོན་པར་རྗེས་སུ་གནང་ངོ༌། །དྲུག་སྡེས་སེང་གེའི་པགས་པ་ལས་བྱས་པའི་ལྷྭམ་གྱོན་ནས་གླང་པོ་ཆེ་སྐྲག་པར་བྱས་པས་གླང་པོ་ཆེ་འདུལ་བ་མ་དད་པ་ལ་བརྟེན་ནས་སྟག་གི་པགས་པ་དང་སེང་གེའི་པགས་པ་དང་དྲེད་དང་རྟ་དང་གླང་པོའི་པགས་པས་བྱས་པའི་ལྷྭམ་འཆང་བར་བྱ་བ་མིན་ནོ། །སྟག་དང་སེང་གེ་ལ་སོགས་པ་དེ་དག་གི་རྒྱུས་པས་སྦྲེལ་བ་ཅན་གྱི་ལྷྭམ་གཞན་དག་ཀྱང་རྣམ་པར་སྤང་ངོ༌། །གཞན་ཡང་སྡེར་མོ་ཅན་དང་མཆེ་བ་ཅན་གྱི་པགས་པ་ལས་བྱས་པའི་ལྷྭམ་མི་བཅང་ཞིང༌། སྤྱང་ཁྱི་དང་ཁྱི་དང་བྱི་བ་ལ་སོགས་པའི་པགས་པས་བྱས་པའི་མཆིལ་ལྷྭམ་ཡང་སྤང་ངོ༌། །མགོན་མེད་ཟས་སྦྱིན་གྱིས་བརྩིགས་པའི་གཙུག་ལག་ཁང་དུ་མཆིལ་ལྷྭམ་གྱོན་ནས་ཕྱིན་པ་ལ་བརྟེན་ནས་གནས་སྐབས་ཐམས་ཅད་དུ་གཙུག་ལག་ཁང་དུ་ཤིང་གི་མཆིལ་ལྷྭམ་གྱོན་པར་མི་རུང་ངོ༌། །བཤང་བ་དང་གཅི་བའི་ཁང་པ་དང་ཁྱིམ་པའི་གྲོང་དུ་གྱོན་ཀྱང་ཉེས་པ་མེད་དོ། །འོད་མ་དང་རྩྭ་མུན་ཛ་ལ་སོགས་པའི་རང་བཞིན་ཅན་གྱི་མཆིལ་ལྷྭམ་ཡང་མི་བཅང་སྟེ། རླུང་གི་ནད་དང་ཁྲག་གི་ནད་ཀྱི་ཉེན་པའི་ནད་པ་དག་ལ་ནད་ལ་ཕན་པའི་དོན་དུ་གྱོན་ཡང་ཉེས་པ་མེད་དོ། །གཉིས་པ་ཆུ་ལ་བརྒལ་ཚུལ་ཞར་བྱུང་དང་བཅས་པ་ནི། དྲུག་སྡེས་བ་ཡི་མཇུག་མ་ལ་འཇུས་ཏེ་འོ་མ་ཟད་ཟད་ཆུ་ལ་རྐྱལ་བས་ཆུའི་ཕ་རོལ་དུ་འགྲོ་བ་ན་གྲུ་ལ་ཞུགས་ནས་འགྲོ་ལ། གྲུ་དང་གཟིངས་ལ་སོགས་པ་མེད་ན་ཤུགས་དང་ལྡན་པའི་གླང་པོ་ཆེ་དང་རྟ་དང་མ་ཧེ་དང་ཁྱུ་མཆོག་དང་རྔ་མོའི་མཇུག་མ་ལ་འཇུས་ཏེ་ཆུ་ལ་བརྒལ་བ་ལ་བཀག་པ་མེད་དོ། །ལུང་ལས། རྔ་མོའི་དོད་ལ་གཡག་ཅེས་འབྱུང༌། ཞར་བྱུང་ནི། དགེ་འདུན་ལ་ཞིང་གི་བྱ་བ་གནང་སྟེ། ཚོགས་དགེ་འདུན་ལ་འབད་པས་ཐམས་ཅད་དུ་ཞིང་གི་བྱ་བ་སོགས་མི་བྱའོ་ཞེས་གསུངས་པ་ལ་རག་ལས་པ་ཡོད་པ་མ་ཡིན་པས། རྒྱལ་པོས་སྦྱིན་པའི་ཡོ་བྱད་ཀྱི་སྐལ་བ་ལེན་པ་དང༌། ཞིང་གི་བྱ་བ་རྗེས་སུ་གནང་ངོ༌། །རྒྱལ་སྲིད་ནི་ནོད་པར་བྱ་བ་མ་ཡིན་ཏེ། མདོ་མཛད་པས། རྒྱལ་སྲིད་དང་དེའི་ཕྱེད་ནོད་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །གཙུག་ལག་ཁང་དུ་ཆར་པ་དང་གཞན་གྱི་གནོད་འཚེ་སོགས་ཀྱིས་འཇིགས་པ་རྣམས་ཀྱིས་དགེ་འདུན་རྣམས་གཡེང་བས་གཞན་ཁུར་མཁན་མེད་ན་ཚོགས་དགེ་འདུན་ཉིད་ཀྱི་ནགས་ཀྱི་ལོ་ཐོག་སྟེ་ཞིང་གི་ཐོག་ནི་འབད་པས་དགེ་སློང་རང་གིས་བསྐུར་པར་བྱའོ། །དགེ་འདུན་གྱིས་བ་ལང་དང་རྟ་ལ་སོགས་པ་ཡོད་ཀྱང་རབ་ཏུ་འབད་པས་བསྲུང་བར་བྱའོ། །བ་ལང་སོགས་ལ་ཁུར་ཁོལ་ཞིག ཤོས་ཤིག་སོད་ཅིག་ཅེས་པའི་ཚིག་ངན་བརྗོད་པར་མི་བྱའོ། །གསུམ་པ་ལམ་རྒྱག་བསྐུར་ཚུལ་ནི། དགེ་སློང་རྣམས་ཀྱི་ལམ་རྒྱགས་དགེ་ཚུལ་ལ་སོགས་པ་བསྙེན་པར་མ་རྫོགས་པ་རྣམས་ཀྱིས་ལམ་གང་དུ་ཁུར་བ་བྱེད་པ་ཡོད་ན་དགེ་སློང་དེས་ལག་ཉ་དགག་པའི་དོན་དུ་དགེ་ཚུལ་གྱིས་བསྐུར་བར་བྱ། ལམ་རྒྱགས་ཁུར་བས་དུབ་པ་ན་ཆུ་ལ་ཡང་དགེ་སློང་གིས་རབ་ཏུ་བསྒྲལ་བར་བྱ། ལམ་དུ་དུབ་པ་ན་ཡང་དགེ་སློང་རང་གིས་ཁུར་བར་བྱ་ཞིང་ལམ་རྒྱགས་དེ་ནི་དགེ་ཚུལ་དེ་ཡིས་ལག་ཉར་མི་འབྱུང་བའི་ཐབས་ཀྱི་བྱིན་རླབས་བྱ་སྟེ། ཁུར་པོ་ལ་ཐེ་གུ་ལ་སོགས་པ་བཏགས་ནས་དགེ་ཚུལ་གྱིས་བཟུང་བ་ལ་སོགས་པའི་སྦྱོར་བས་སོ། །དགོས་པ་ལག་ཉ་བྱུང་ངོ་སྙམ་པའི་སེམས་ཀྱི་འགྱོད་པ་མེད་པར་བྱ་བའི་ཕྱིར་དུའོ། །རྐུན་པོས་རྫས་བདག་ལ་སྐྲག་པར་གྱུར་ནས་ལམ་ལ་བོར་བའམ་བརྒལ་དཀའི་ཆུ་ལ་བོར་བ་ཡང་རྫས་དེ་ནི་ལེགས་པར་བླངས་ཤིང་ཕྱུང་ནས་ཀྱང་དགེ་སློང་གིས་ཡོངས་སུ་སྤྱོད་པ་ལ་བཀག་པ་མེད་དོ། །བཟའ་བ་དང་བཅའ་བ་དང་ནོར་རྫས་སོགས་ཀྱིས་གང་བའི་ཤིང་རྟ་བགྲོད་དཀའི་ལམ་དུ་འདམ་ལ་བྱིང་བའམ་ཕ་བོང་ལ་སོགས་པ་ལ་ཐོགས་པ་ན་ཤིང་རྟའི་ཁ་ལོ་པའི་སྟན་ལ་རེག་ན་ལག་ཉར་འགྱུར་བས་སྟན་མ་གཏོགས་འབད་པས་དགེ་སློང་རྣམས་ཀྱིས་ལག་པས་དཀྲིའོ། །གྲུ་ནི་འདམ་ལ་སོགས་པ་ལ་ཟིན་པ་ན་གྲུ་གདོང་ལ་རེག་ན་ལག་ཉར་འགྱུར་བས་གྲུ་གདོང་རྣམ་པར་སྤངས་ནས་ནི། འདམ་ལ་སོགས་པ་ལ་ཟིན་པ་འདི་ལ་འགྲམ་ན་ཡོད་པའི་དགེ་སློང་འདི་དག་ཉིད་དཀྲི་བར་བྱེད་པའི་འོས་ཡིན་པས་གྲུ་དེ་ནི་དགེ་སློང་རྣམས་ཀྱི་དཀྲིའོ། །འགྲོ་བའི་སྤྱོད་པ་བསྟན་ཟིན་ཏོ། །བཞི་པ་ཚོན་གྱི་ལས་བྱ་བ་ནི། རླུང་དང་ཆར་པ་སོགས་མེད་ན་ཚོན་འདུལ་བ་ཉིད་ཀྱི་ལས་བྱའོ། །ཉི་མ་ངན་པར་ཡང་བྱ་བ་མིན་ལ། ཚོན་གྱི་ལས་འདི་ལ་གང་དུ་སྐྱོན་འབྱུང་བའི་སའི་ཆ་དང་ཉིན་གུང་ཡང་བྱ་བ་མིན་ནོ། །ཚོན་གྱི་ལས་ལ་མཁས་པས་ཕལ་ཆེར་རྡུལ་དང་རླུང་དང་ཆར་འདྲེས་པའི་དུས་དང་རླུང་གི་དུས་དང་ཉི་མ་ཚ་བའི་དུས་སུ་མ་ཡིན་ཏེ། ཚོན་གྱི་མདངས་ཉམས་པར་འགྱུར་བས་སོ། །ཚོན་གྱི་ལས་འདི་ནི་ཁང་བཟང་དང་གཙུག་ལག་ཁང་སོགས་ལ་རི་མོ་འབྲི་བ་དང་གོས་ཁ་བསྒྱུར་བའི་དོན་དུའོ། །སྦྱང་ཚུལ་ནི། ཐོག་མར་ས་གཞི་གཙང་མར་བྱ་ཞིང་རྗེས་སུ་ས་སྦྱང་ནས་བྱའོ། །ལྔ་པ་རྩོད་པ་ཞི་བར་བྱ་བ་ནི། དགེ་སློང་རྣམས་ཕན་ཚུན་རྩོད་པ་དག་བྱེད་ན་ཆོས་ལྡན་གྱི་གང་ཟག་རང་དང་ལྷན་ཅིག་ཏུ་གནས་པས་མ་གུས་པའི་བློས་རྩོད་པ་བྱེད་པ་དེ་དག་ནི་ཡལ་བར་མི་འདོར་བར་དགག་པར་བྱའོ། །གང་གི་རྩོད་པ་གང་གིས་ཞི་བར་བྱ་ཞེ་ན། ཚུལ་ཁྲིམས་འཆལ་བར་གྱུར་བའི་རྩོད་པ་ལ་ཚུལ་དང་ལྡན་པ་ཉིད་ཀྱིས་ཞི་བར་བྱའོ། །ཚུལ་ཁྲིམས་མཉམ་པ་ཉིད་ཀྱི་རྩོད་པ་ལ་ནི་མང་དུ་ཐོས་པ་ཉིད་ཀྱིས་ཞི་བར་བྱའོ། །མང་དུ་ཐོས་པ་མཉམ་པའི་རྩོད་པ་ལ་ནི་སྤོབས་པ་ཅན་ཉིད་ཀྱིས་ཞི་བར་བྱའོ། །སྤོབས་པ་མཉམ་པའི་རྩོད་པ་ལ་ཡང་སྤོབས་པ་ཕུལ་དུ་བྱུང་བ་དག་གིས་ཞི་བར་བྱའོ། །གང་ཞིག་དང་པོར་རྩོད་པར་བྱེད་པ་ལ་དགེ་སློང་དེ་ཡི་ཚིག་གིས་འདུལ་བར་འགྱུར་བ་ཡིན་ནོ། །དགེ་སློང་གང་གི་ཚིག་གིས་ཤེ་ན། སྤོབས་པ་ཅན་ཉིད་ལ་ཡང་སྤོབས་པ་གང་ལྷག་པ་དེ་དག་གི་ཚིག་གིས་འདུལ་བ་ཡིན་ནོ། །ཡང་ན་རྩོད་པའི་དོན་རབ་ཏུ་ངེས་པའི་བློ་དང་ལྡན་པ་རྩོད་པ་ཡོངས་སུ་རྟོག་པ་པོ་ཡིས་ཕན་ཚུན་ནང་འཁོན་བསྟན་པ་ལ་ནི་རྩོད་པ་བྱེད་མོད་ཀྱི། བཏང་སྙོམས་སུ་གཞག་པར་བྱའོ། །དགེ་སློང་ཕན་ཚུན་མི་མཐུན་པས་ཀྱང་གཉིས་པོ་ལམ་དུ་ཕྲད་ན་གཞོན་པས་རྒན་པ་ལ་ཕྱག་བྱ་སྟེ། རྒན་པ་དེས་ཀྱང་ནད་མེད་པར་གྱུར་ཅིག་ཅེས་བརྗོད་དོ། །དེ་ལྟར་བྱས་པ་ལས་གཞན་དུ་མ་བྱས་ན་གཉིས་ཀ་ལ་ཡང་ལྟུང་བར་འགྱུར་རོ། །དྲུག་པ་བསྲོ་ཁང་བརྟེན་པར་བྱ་བ་ནི། བསྲོ་ཁང་ནི་ནད་པ་ལ་གནང་ཞིང་བསྲོ་ཁང་དེར་འཚོ་བ་པ་གོས་དམར་ཅན་ཞུགས་པ་ལ་བརྟེན་ནས་བསྲོ་ཁང་ཉིད་ཀྱི་གནས་སུ་ཁྲུས་བྱེད་དུས་སྒོ་དྲུང་དུ་སྲུང་མ་གཞག་པར་བྱ་སྟེ། ཁྲུས་དང་ལུས་མེ་དང་ཉི་མ་ལ་སྲོད་པར་བྱེད་པར་འདོད་པ་དག་གི་དགེ་སློང་རྣམས་ལ་གཞན་དག་མ་དད་པ་བཟློག་པའི་ཕྱིར་རོ། །བདུན་པ་གནས་མཛེས་པར་བྱ་བ་ལ་གསུམ། རི་མོ་རུང་མི་རུང་གིས་མདོར་བསྟན། བྲི་བའི་ཚུལ་རྒྱས་པར་བཤད་པ་དང༌། མི་ཉམས་པར་བསྲུང་བས་དོན་བསྡུ་བའོ། །དང་པོ་ནི། མགོན་མེད་ཟས་སྦྱིན་གྱིས་ཞུས་པ་ལ་བརྟེན་ནས། སྡོམ་བརྩོན་རང་གི་གནས་སུ་ཁ་དོག་སྣ་ཚོགས་པའི་ཚོན་དག་གིས་བྲི་བའི་རི་མོའི་ཆོ་ག་དེ་དག་དགེ་སློང་རྣམས་ལ་གནང་ངོ༌། །གཅུང་དགའ་བོས་བཟང་མོའི་གཟུགས་བྲིས་པ་ལ་བརྟེན་ནས་དགེ་སློང་གང་དག་འབྲིར་མི་རུང་བ་སེམས་ཅན་ཕོ་མོའི་རྣམ་པ་འདོད་པའི་ལས་སྤྱོད་ཚུལ་འབྲིར་མི་རུང་བས་གནང་བ་ལ་མ་གཏོགས་སོ། །གཉིས་པ་བཤད་པ་ལ་གཉིས་ཏེ། དོན་དངོས་དང༌། དེའི་དགོས་པའོ། །དང་པོ་ནི། གང་ཟག་གི་གནས་ཁང་དུ་ནི་སྐྱོ་བ་བསྐྱེད་པའི་དོན་དུ་རུས་པའི་ཚོགས་དང་བཅས་པའི་དུར་ཁྲོད་ཆེན་པོ་བྲི། ཇི་ལྟ་བུ་ཞེ་ན། གཅེར་བུ་སོ་གཙིགས་ཤིང་འཇིགས་པའི་ངང་ཚུལ་ཅན་ཐོད་པའི་ཕྲེང་བ་རྒྱན་དུ་ཡོད་པ་བྲི་བར་བྱ། རྩ་བའི་སྒོ་སྟེ་ཕྱི་སྒོར་ནི་དབང་ཕྱུག་ཆེན་པོ་གནོད་སྦྱིན་རྣམས་ཀྱི་བདག་པོ་བྲི། ཇི་ལྟ་བུ་ཞེ་ན། ཀུན་ནས་དགའ་བ་འཛུམ་པའི་བཞིན་གྱི་དཀྱིལ་འཁོར་ཅན་ལག་ན་བེ་ཅོན་ཐོགས་པའི་ཚུལ་ལོ། །སྒོ་ཁང་གི་ཁོར་ཡུག་ཏུ་བྲི་བ་ནི་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་གྱི་འཁོར་དུ་པདྨ་རྒྱས་པའི་གདན་ལ་བདེ་བར་གཤེགས་པའི་སྐུ་གཟུགས་མང་པོ་བཞུགས་པ་བྲིའོ། །སྒོ་ཁང་གི་ལོགས་གཉིས་སུ་བཀོད་པའི་བར་དག་ཏུ་ནི་སྲིད་པའི་འཁོར་ལོ་བྲིའོ། །གཙང་ཁང་གི་སྒོར་ནི་ལག་ན་མེ་ཏོག་གི་ཕྲེང་བ་ཐོགས་པའི་གནོད་སྦྱིན་རྣམས་བྲི་བར་བྱའོ། །གུས་པས་བཟའ་བ་མང་དུ་ཐོགས་པ་དགེ་སློང་ལ་འདྲེན་པའི་ཚུལ་ནི་ཁྱམས་ཀྱི་བཀོད་པའི་ས་དག་ཏུ་བྲིའོ། །མཛོད་སྒོར་ནི་གནོད་སྦྱིན་ཆེན་པོ་ནོར་གྱི་བདག་པོ་བྲི་སྟེ། ཚུལ་ཇི་ལྟ་བུ་ཞེ་ན། ལག་ན་རིན་པོ་ཆེ་མྱུ་གུའི་མིང་ཅན་ནེའུ་ལེ་ཁ་ནས་རིན་པོ་ཆེ་མང་པོ་སྐྱུག་པ་དང་གསེར་གྱི་བུམ་པ་བཟང་པོ་ཐོགས་པའོ། །དགེ་སློང་རྣམས་ཀུན་ནས་འདུ་བའི་ཁང་པ་སྤོང་སར་ནི་བརྟུལ་ཞུགས་དང་ལྡན་པ་ཀུན་ཤེས་ཀོའུ་ཎྜི་ནྱ་ལ་སོགས་པ་རྒན་ཞིང་རྒན་པ་རྣམས་མངོན་པར་གནས་པ་བྲི། ཚུལ་ཇི་ལྟར་ན། མདོ་སྡེ་ཆོས་དང་མངོན་པ་ལ་སོགས་པ་བརྗོད་ཅིང་གཞན་ལ་འཆད་པའི་ཚུལ་བྱེད་པའོ། །བསྲོ་ཁང་ཁྲུས་བྱེད་ཅིང་མེ་ལ་སྲོད་པའི་གནས་སུ་ནི་མདོ་སྡེ་ནས་གསུངས་པའི་ལྷའི་ཕོ་ཉ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་གཟུགས་བྲིའོ། །ནད་པའི་སྔས་སུ་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་ནད་པའི་དབུགས་འབྱིན་པ་དང་ནད་པའི་བླ་མར་མཛད་པའི་ཚུལ་བྲིའོ། །ཆུའི་སྣོད་གཞག་པའི་གནས་སུ་ནི་ཀླུ་མོ་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤུང་པར་བྲིའོ། །བཤང་བ་དང་གཅི་བའི་ཁང་པར་ནི་དུར་ཁྲོད་འཇིགས་སུ་རུང་བ་རྣམས་བྲིའོ། །ཁང་བཟང་མཆོག་གི་ངོས་ལོག་དག་ཏུ་ནི་ཐུབ་པའི་སྔོན་གྱི་སྐྱེས་རབ་བྲིའོ། །སྐྱེས་རབས་ནི་དཔེར་ན། ཐམས་ཅད་སྒྲོལ་ནི་ཐམས་ཅད་ཅེས་བྱ་བའི་གྲོང་རྡལ་གྱི་གྲོང་ཁྱེར་ན་གནས་པ་རྒྱལ་པོ་ཐམས་ཅད་བཤེས་གཉེན་གྱི་བུའོ། །རྒྱལ་པོ་ཟླ་འོད་ནི་མཆོད་བརྗོད་ཀྱི་སྐབས་སུ་བཤད་ཟིན་ཏོ། །བཟོད་པར་སྨྲ་བ་ནི་བཱ་རཱ་ཎི་སཱིའི་རྒྱལ་པོ་ཚངས་བྱིན་གྱི་བུ་ཆེ་ཤོས་ག་ཤི་མཛེས་དགའ་རབ་ཏུ་བྱུང་ནས་བྱམས་པའི་ཏིང་ངེ་འཛིན་ཐོབ་ཅིང་བཟོད་པར་སྨྲ་བར་གྲགས་པའི་ནུ་བོ་རྒྱལ་པོ་འཐབ་མོ་སྐྱེས་ཀྱིས་ཡན་ལག་བཅད་ཀྱང་བཟོད་པའོ། །སོགས་པ་དེད་དཔོན་ཐབས་ལ་མཁས་པར་སྐྱེས་པའི་རབས་ལ་སོགས་པའོ། །གཉིས་པ་དེའི་དགོས་པ་ནི། རི་མོ་བྲི་བའི་ཆོ་ག་ཇི་སྐད་བརྗོད་པ་འདི་ནི་ཐུགས་རྗེ་ཅན་གྱི་སྟོན་པས་རྗེས་འཇུག་རྣམས་ལ་ལེགས་པར་གནང་སྟེ། དགོས་པ་གཙུག་ལག་ཁང་དང་སྤོངས་སོགས་དངོས་སུ་བལྟས་པས་འདུལ་བ་ལ་འཇིག་རྟེན་པ་རྣམས་མངོན་པར་དད་པ་འཕེལ་བའི་ཕྱིར་དུའོ། །གསུམ་པ་མི་ཉམས་པར་བསྲུང་བས་དོན་བསྡུ་བ་ནི། འགའ་ཞིག་གིས་རི་མོ་ཅན་གྱི་གཙུག་ལག་ཁང་དུ་མེ་བུས་པ་ལ་བརྟེན་ནས་གཙུག་ལག་ཁང་གི་ཁྱམས་དང་ཁང་བཟང་རི་མོ་བྲིས་པ་རྣམས་སུ་ནི། ཆེད་དུ་མེ་སྤར་བར་མི་བྱ་སྟེ། དུ་བས་རི་མོ་ཆུད་ཟ་བར་འགྱུར་བའི་ཕྱིར། དགོས་པའི་དབང་གིས་མེ་སྦར་དགོས་པ་བྱུང་ན་དགོས་པ་དེ་དང་མཐུན་པར་མེའི་མདག་མ་ཡོངས་སུ་སྤྱད་པར་བཞེད་དོ། །ས་གཞི་ཉལ་ཉིལ་ལ་སོགས་པ་བསལ་ནས་ཡོངས་སུ་སྦྱང་བ་བྱས་པ་ལ་མེ་ནི་གཏང་བར་མི་བྱ་སྟེ། ས་གཞི་ཆུད་ཟ་བར་འགྱུར་བའི་ཕྱིར། དེའི་ཕྱིར་ན་མེ་དེ་སྦར་བའི་ཕྱིར་སླ་ང་ལྟ་བུ་མེ་གླིང་རྗེས་སུ་གནང་བ་ཡིན་ནོ། །གཉིས་པ་ཇི་ལྟར་བསྒྲུབ་པ་བསྟན་ཟིན་ཏོ། །གསུམ་པ་དེའི་འཐད་པ་བསྟན་པ་ནི། སངས་རྒྱས་ཀྱི་བཀའ་ལས་འདའ་བར་མི་བྱའོ། །ཚོགས་ཀྱི་རྒན་པོ་དང་རྒྱལ་པོ་དང་སློབ་དཔོན་དང་དེ་བཞིན་དུ་མཁན་པོ་ཉིད་ཀྱི་བཀའ་གང་ཞིག་རིགས་ཤིང་འཐད་ན་འདའ་བར་མི་བྱའོ། །བཤད་ལང་ལས་གསུངས་པ་རྒྱས་པར་བཤད་ཟིན་ནས། དོན་བསྡུ་བ་ལ་གཉིས་ཏེ། བསླབ་པའི་དོན་བསྡུ་བ་དང༌། གླེང་གཞིའི་དོན་བསྡུ་བའོ། །དང་པོ་ནི། ཀུ་ཤའི་གྲོང་གྱད་ཀྱི་ཡུལ་ཤིང་སཱ་ལ་ཟུང་གཅིག་གི་ཚལ་དུ་སྟོན་པ་མྱ་ངན་ལས་འདའ་བའི་ཚེ་འདུལ་བ་མདོར་བསྡུས་ཞུས་པས། དང་པོ་འདིར་སྟོན་པས་གང་ཅུང་ཟད་གནང་བའི་གསལ་ཁ་མེད་པ་དང་བཀག་པའི་གསལ་ཁ་དོད་པ་མེད་པ་རྣམས་ནི་གང་ཞིག་སྤྱད་དུ་རུང་བར་གསུངས་པ་དང་མཐུན་པ་ན་དེ་ནི་ཐེ་ཚོམ་མེད་པར་སྤྱད་པར་བྱའོ། །སྤྱད་དུ་མི་རུང་བར་གསུངས་པ་དང་ཉེ་བར་ལྟ་ན་སྡོམ་བརྩོན་རྣམས་ཀྱིས་དེ་མི་སྤྱད་དོ། །རུང་མཐུན་གསུངས་པ་འདི་ནི་ཆོས་འདུལ་བའི་བསྟན་བཅོས་ཀྱི་དོན་མདོར་བསྡུས་པ་བླང་དོར་གསལ་བའི་སྒྲོན་མེ་ལྟ་བུར་གདུལ་བྱ་རྣམས་ལ་བཞག་གོ །གཉིས་པ་གླེང་གཞིའི་དོན་བསྡུས་བ་ལ་གཉིས་ཏེ། སྟོན་པ་བཞུགས་དུས་ཀྱི་གླེང་གཞི་དང༌། སྔོན་བྱུང་བའི་དུས་ཀྱི་གླེང་གཞིའོ། །དང་པོ་ནི་ཕྲན་ཚེགས་ལས། ཉེ་བར་འཁོར་གྱིས་མ་འོངས་པའི་དགེ་སློང་དྲན་པ་ཉམས་པ་སྡེ་སྣོད་དང་གླེང་གཞི་ལ་སོགས་པ་བརྗེད་ན་ཇི་ལྟར་བགྱི་ཞེས་ཞུས་པས། སྡེ་སྣོད་རྣམས་ཡི་གེར་བྲིས་ཤིང༌། འདུལ་བའམ་མདོ་སྡེའི་གླེང་གཞི་གསལ་པོར་མ་དྲན་ན་གནས་ནི་སྟོན་པ་ཞུགས་པའི་གྲོང་ཁྱེར་དྲུག་པོ་རྣམས་ཀྱི་མིང་ངམ། ཡང་ན་ལན་མང་དུ་བཞུགས་པའི་གནས་གང་འདོད་པ་དེ་ནས་སྨོས་ཤིང་བརྗོད་པར་བྱའོ། །གྲོང་ཁྱེར་དྲུག་པོ་གང་ཞེ་ན། ཡོན་བདག་མགོན་མེད་ཟས་སྦྱིན་དང༌། ལག་གི་གླ་ཤཱ་རིའི་བུས་བྱས་པ་མཉན་ཡོད་ཀྱི་གཙུག་ལག་ཁང་དང༌། གཞོན་ནུ་ང་ལས་ནུ་ཞེས་བྱ་བའི་གན་དུ་གནོད་སྦྱིན་ལྷ་གནས་ཀྱི་རིན་པོ་ཆེའི་གཅལ་དང་སེང་གེའི་ཁྲི་བླངས་ཤིང་ཕོ་བྲང་ན་གནས་པ་རྣམས་ཀྱིས་གདུགས་དང་ཅོད་པན་དང་དབུ་རྒྱན་ཁྱེར་ཏེ་རང་ལྷགས་ནས་གནས་བཅས་པས་གནས་བཅས་དང༌། ཀླུ་ཙམ་པའི་གནས་སམ་ཤིང་ཙམ་པའི་ཚལ་དུ་བརྩིགས་པས་ཙམ་པ་ཀ་དང༌། ཆུ་ཀླུང་བ་ར་ཏ་ཀས་བསྐོར་བས་ཝཱ་རཱ་ཎ་སཱི་དང༌། གནས་གཞན་ལས་རྒྱ་ཆེ་བས་ན་ཡངས་པ་ཅན་ཞེས་བཏགས་སོ། །མཉན་ཡོད་ནི་གཞི་འགྲེལ་ལས། དྲང་སྲོང་མཉན་པ་དང་ཡོད་པ་གཉིས་ཀྱིས་བསྒྲུབ་པས་ཞེས་སོ། །རྒྱལ་པོའི་ཁབ་ནི་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཁང་པ་མི་མ་ཡིན་གྱིས་བཤིག་པ་ལས་ཕྱིས་ཁང་པ་ཐམས་ཅད་རྒྱལ་པོའི་ཁབ་ཅེས་རྒྱལ་པོའི་མིང་དུ་བྱས་པས་བཤིག་མ་ནུས་པས་ཞེས་དང༌། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་རྒྱལ་པོ་བཞིས་བྱས་པས་ཞེས་སོ། །དྲུག་པོ་འདི་དག་ནི་གྲོང་ཁྱེར་ཆེན་པོར་ཤེས་སོ། །བགྲང་ཚུལ་འདི་ནི་ཕྲན་ཚེགས་ལས་བཤད་ཅིང༌། སློབ་དཔོན་དུལ་བ་ལྷ་ཡང་བཞེད་དོ། །སློབ་དཔོན་ཚུལ་ཁྲིམས་བསྐྱངས་ནི། གནས་བཅས་མི་བགྲང་བར་ཟས་གཙང་དང་འཆར་ཀས་བསྒྲུབ་པ་སེར་སྐྱའི་གཞི་ནྱ་གྲོ་དྷའི་ཀུན་དགའ་ར་བ་བགྲང་ངོ༌། །ཁྱིམ་བདག་གི་མིང་མི་དྲན་པར་བརྗེད་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་བརྗོད་བར་བྱ་སྟེ། འདི་ནི་མཉན་ཡོད་ཀྱི་ཁྱིམ་བདག་སྦྱིན་པའི་བུ་སྟེ་མགོན་མེད་པ་རྣམས་ལ་ཟས་བྱིན་པས་ཟས་སྦྱིན་དུ་གྲགས་སོ། །འདིས་ནི་དུར་ཁྲོད་བསིལ་བ་ཚལ་དུ་བདེན་པ་མཐོང་བས་ན་འཕགས་པའོ། །ས་བདག་གི་མིང་བརྗོད་དགོས་ན་མི་དབང་གསལ་རྒྱལ་བརྗོད་དོ། །བུད་མེད་དགེ་བསྙེན་མ་རྣམས་ཀྱི་མིང་བརྗོད་དགོས་པ་བྱུང་ན། རི་དྭགས་དགྲའི་མ་ས་ག་སྨོས་སོ། །གླེང་གཞི་གསལ་པོར་མི་དྲན་པ་བརྗེད་ངས་པའི་བློ་ཅན་དག་གིས་ནི་འདི་དག་བརྗོད་པར་བྱའོ། །གཉིས་པ་ནི། སྔོན་བྱུང་བའི་གཏམ་བརྗེད་ན་གྲོང་ཁྱེར་ནི་བཱ་རཱ་ཎ་སཱི་སྨོས་ལ། ས་བདག་ཀྱང་ནི་རྒྱལ་པོ་ཚངས་སྦྱིན་ནོ། །བསྙེན་གནས་བསྒྲུབ་པར་བྱ་བའི་ཡུལ་སྐྱེས་བའམ་དེ་བཞིན་དུ་བུད་མེད་ལ་བསྙེན་གནས་ཀྱི་སྡོམ་པ་སྟེར་བར་བྱེད་པ་ན་དང་པོའི་གཏམ་གྱི་སྦྱོར་བ་གླེང་གཞི་གང་ཡིན་ལ་ཀློག་པ་དྲན་པ་མི་གསལ་ན་བསླབ་པ་བཅའ་བའི་གླེང་གཞི་མཐར་ཐུག་པ་ཡུལ་གང་ལ་བཅའ་བ་མཛད་པ་དང་གང་ཟག་གང་ལ་བཅའ་བ་མཛད་པ་མདོར་བསྡུས་པ་འདི་ནི་ཐུབ་པས་ཕྲན་ཚེགས་ལས་གསུངས་པ་ཡིན་ནོ། །དོན་ནི་མཉན་ཡོད་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བསྙེན་གནས་སྦྱིན་པ་དང༌། ས་ག་མ་ལ་བསྙེན་གནས་སྦྱིན་པ་བཞིན་དུ་འདིར་ཡང་སྐྱེས་པ་འདི་དང་བུད་མེད་འདི་ལ་བསྙེན་གནས་སྦྱིན་པར་བྱེད་ཅེས་པའི་དོན་ནོ། །ཡང་ན་མཉན་ཡོད་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་གནས་ཀྱི་སྡོམ་པ་ནོད་པའི་དུས་སུ་སྲོག་གཅོད་པ་ལས་བཟློག་པ་དེ་བཞིན་དུ་སྐྱེས་པ་འདི་ཡང་སྲོག་གཅོད་པ་ལས་བཟློག་ཅེས་པ་དང༌། ས་ག་མས་སྲོག་གཅོད་པ་ལས་བཟློག་པ་དེ་བཞིན་དུ་བུད་མེད་འདི་སྲོག་གཅོད་པ་ལས་བཟློག་ཅེས་པའི་དོན་ནོ། །ཐོབ་པ་བསྲུང་བའི་ཆོ་ག་རྒྱས་པར་བཤད་པ་བསྟན་ཟིན་ཏོ། །གསུམ་པ་ཆོ་ག་ཐམས་ཅད་ཀྱི་དོན་བསྡུས་ཏེ་བསྟན་པ་ལ་གསུམ། དང་པོར་གསུངས་ཚུལ་བསྡུ་བ། བར་གྱི་མཛད་པ་བསྡུ་བ། མཇུག་ཏུ་བཀའ་བསྡུ་བྱས་པའི་ཚུལ་ལོ། །དང་པོ་ལ་གཉིས། མདོ་སྡེ་གསུངས་ཚུལ། འདུལ་བ་གསུངས་ཚུལ་ལོ། །དང་པོ་ལ་གསུམ། ཐོག་མར་གསུངས་པ་དང༌། བར་དུ་གསུངས་པ་དང༌། ཐ་མར་གསུངས་པའོ། །དང་པོ་ནི། སྟོན་པས་ཐོག་མར་ཝཱ་རཱ་ཎ་སཱིའི་གཞིར་ཀུན་ཤེས་ཀོའུ་ཎྜི་ནྱ་སོགས་ལྔ་སྡེ་བཟང་པོ་དང་ཉེ་བའི་ལྔ་སྡེ་རྣམས་ལ་ཕན་པར་བཞེད་པས་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་མདོ་སྡེ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་ཀོའུ་ཎྜི་ནྱ་དང་ལྷ་བརྒྱད་ཁྲིས་བདེན་པ་མཐོང་ངོ༌། །ལྔ་སྡེ་བཟང་པོ་ནི། ཀུན་ཤེས་ཀོའུ་ཎྜི་ནྱ་དང༌། རྟ་ཐུལ་དང༌། བཟང་ལྡན་དང༌། རླངས་པ་དང༌། མིང་ཆེན་ནོ། །ཉེ་བའི་ལྔ་སྡེ་ནི། གང་པོ་དང༌། གྲགས་པ་དང༌། དྲི་མེད་དང༌། བ་ལང་བདག་དང༌། ལག་བཟངས་སོ། །མདོ་སྡེའི་ཆོས་འཁོར་གཉིས་པ་ནི། འདིར་མདོ་སྡེའི་ཆོས་ཀྱི་འཁོར་ལོ་གཉིས་པའང་སྟོན་པ་གང་གིས་གནས་དེར་འཁོར་དེ་དག་ཀུན་ལ། དགེ་སློང་དག་འདི་ནི་འཕགས་པའི་བདེན་པ་བཞི་སྟེ་ཞེས་པ་ནས། ལམ་གྱི་བདེན་པ་འཕགས་ལམ་ཡན་ལག་བརྒྱད་ཀྱི་བར་གསུངས་པས་ཀུན་ཤེས་ཀོའུ་ཎྜི་ནྱས་དགྲ་བཅོམ་ཐོབ་ཅིང༌། རྟ་ཐུལ་ལ་སོགས་པ་བཞིས་བདེན་པ་མཐོང་ངོ༌། །མདོ་སྡེའི་ཆོས་འཁོར་གསུམ་པ་ནི། སྟོན་པ་གང་གིས་འཁོར་ལྔ་སྡེ་ཀུན་ལ། དགེ་སློང་དག་གཟུགས་ནི་བདག་མ་ཡིན། ཚོར་བ་ནི་བདག་མ་ཡིན་ནོ་ཞེས་པ་ལ་སོགས་པ་གསུངས་པ་ན་གཟུགས་ལ་སོགས་པའི་ཕུང་པོར་བཅས་པ་ལ་བདག་ཏུ་འཛིན་པའི་ཞགས་པ་འཆིང་བྱེད་གཅིག་པུ་བར་གྱུར་པའི་འཆིང་བ་མཐའ་དག་གྲོལ་བར་མཛད་པས་རྟ་ཐུལ་ལ་སོགས་པ་གཞན་བཞིས་ཀྱང་དགྲ་བཅོམ་ཐོབ་བོ། །ཞུ་བ་མང་ཤོས་ལས། སྟོན་པ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་རྣམས་ལ་སྟོན་པ་དང་པོ་འཁྲུངས་པ་དང༌། སངས་རྒྱས་པ་དང༌། ཆོས་འཁོར་བསྐོར་བ་དང༌། མྱ་ངན་ལས་འདས་པ་བསྟན་པར་བྱ་བའོ། །འདི་ལ་བརྟེན་ནས་ཐམས་ཅད་བདེ་འགྲོར་སྐྱེ་ཞེས་འབྱུང་ངོ༌། །གཉིས་པ་འདུལ་བ་གསུངས་ཚུལ་ལ་གསུམ། བསླབ་པའི་གཞི་དང་པོ་གསུངས་པ་དང༌། བསླབ་པའི་གཞི་གཉིས་པ་གསུངས་པ་དང༌། བསླབ་པའི་གཞི་གསུམ་པ་གསུངས་པའི་ཚུལ་ལོ། །དང་པོ་ནི། བཱ་རཱ་ཎ་སཱིར་ལྔ་སྡེ་བཟང་པོ་རྣམས་ཀྱི་ཕྱིར་དུ་ཤམ་ཐབས་ཀྱི་གོས་དག་ལེགས་པར་བགོ་ཚུལ་དང༌། རིང་ཐུང་འཚམ་པ་དང༌། ཚུལ་མཛེས་པ་དང༌། ཟླུམ་པོར་བགོ་བ་ལ་སོགས་པའི་ཐ་སྙད་ཀྱིས་བསླབ་པའི་གཞི་ཡང་དག་པར་གསུངས་པ་ཡིན་ནོ། །བསླབ་པའི་གཞི་གཉིས་ཀ་གསུང་ཚུལ་ནི། ཡང་བཱ་རཱ་ཎ་སཱིར་ཐུབ་པས་དགེ་སློང་རྣམས་ལ་སྟོད་གཡོགས་ཀྱི་ཆོས་གོས་ཟླུམ་པོར་རབ་ཏུ་བགོ་བར་གསུངས་པ་ཡིན་ཏེ། དཔེ་ཇི་ལྟར་ན་གནས་གཙང་མའི་ལྷ་དག་བག་ཡོད་པར་གོས་ཟླུམ་པོར་ཡོངས་སུ་གྱོན་པར་བྱེད་པ་དེ་བཞིན་དུ་བགོ་བར་གསུངས་སོ། །བསླབ་པའི་གཞི་གསུམ་པ་གསུངས་ཚུལ་ལ་གཉིས། ལྷག་མ་མེད་པའི་ཉེས་པ་སྤང་བའི་བསླབ་གཞི་བཅའ་བ་དང༌། ལྷག་མ་དང་བཅས་པའི་ཉེས་པ་སྤང་བའི་བསླབ་གཞི་བཅའ་བའོ། །དང་པོ་ནི། ཐུབ་པས་ཡུལ་གང་དང་གང་ཟག་གང་ལ་བསླབ་པ་བཅའ་བའི་རིམ་པ་འདི་ཡིས་ནི་ཀ་ལན་ཀའི་གྲོང་ལ་སོགས་པར་བཟང་སྦྱིན་དང་ནོར་ཅན་ལ་སོགས་པ་མཐོ་རིས་དང་ཐར་པ་ཐོབ་པར་འདོད་པ་དེ་དག་མཐོ་རིས་དང་ཐར་པའི་ལམ་ལ་འགོད་པའི་དོན་དུ་བསླབ་པའི་གཞི་ཡང་བཅའ་བར་མཛད་དོ། །སྔ་འགྱུར་ལས། ཐུབ་པས་རིམ་པ་འདི་ཡིས་ནི། །ཞེས་གསུངས་པ་ལྟར་ལེགས་སོ། །གཉིས་པ་ནི། སོས་ཀ་ཚ་བས་ཉེན་པའི་དུས་ན་མཐའ་མེད་པའི་རྒྱ་མཚོར་ཤིན་ཏུ་སྤྲོ་བས་ཁྲུས་ལ་འཇུག་པ་ཇི་ལྟ་བ་བཞིན་དུ་ཉན་ཐོས་གང་གིས་དང་པོར་འདུལ་བ་ལ་སྤྲོ་བཞིན་དུ་གདུང་བ་ལས་སྐྱོབ་པའི་ཚུལ་ཁྲིམས་དྲི་མ་སྦྱོང་བར་མཛད་པའི་བསླབ་པའི་གཞི་བཅའ་བ་ལ་སྐུལ་བྱེད་བདག་ཉིད་ཆེན་པོ་དྲུག་སྡེ་རྣམས་སོ། །འདི་དག་ནི་བསླབ་པ་འཆའ་བ་ལ་སྐུལ་བྱེད་ཀྱི་ངོ་མཚར་བཅས་པའི་སྤོབས་པ་ཅན་བསླབ་པའི་གཞི་སྣ་ཚོགས་ཀྱི་གླེང་སློང་བྱེད་ཡིན་པས་འདི་དང་འདིས་བསྐུལ་ལོ་ཞེས་སྐུལ་བྱེད་མཚོན་པ་མེད་ཀྱང་བསླབ་པའི་གཞི་འཆའ་བའི་སྐུལ་བྱེད་དུ་གྲུབ་པ་སྟེ། དེ་དག་ཉེས་ལྟུང་གི་དྲི་མས་མ་གོས་པས་བཟང་པོ་དང་གཡོ་སྒྱུ་དང་བྲལ་བས་དྲང་སྲོང་ཆེན་པོ་ཞེས་བྱའོ། །དྲུག་སྡེ་གང་ཞེ་ན། དགའ་བོ་དང༌། ཉེ་དགའ་དང༌། འགྲོ་མགྱོགས་དང༌། འཆར་ཀ་དང༌། འདུན་པ་དང༌། ནབས་སོ་སྟེ་འདི་དག་འདུལ་བ་ལ་མཁས་པས་མཁས་པ་དཔའ་བོ་དྲུག་སྡེར་གྲགས། སངས་རྒྱས་ཀྱི་བསྟན་པ་མི་ཉམས་པར་བསྲུང་བར་མཛད་ཅིང་བསླབ་པ་བཅས་པའི་རྗེས་སུ་འདའ་བར་མི་བྱེད་པས་སླར་ཡང་དེ་དག་ཤིན་ཏུ་བཟང་ངོ༌། །སྟོན་པས་ཀྱང་རབ་ཏུ་བསྔགས་ཤིང༌། འདུལ་བའི་བླང་དོར་ལ་རྨོངས་བའི་མུན་པ་ཡང་འཇོམས་པར་བྱེད་པ་ཡིན་པས་མཁས་པ་དྲུག་སྡེ་རྣམས་ཀྱིས་གང་ལྟར་ཡང་འདུལ་བའི་བསླབ་པ་ལས་ནི་འདའ་བར་མི་བྱེད་དོ། །དྲུག་སྡེ་གང་སངས་རྒྱས་ཀྱི་གསུང་གི་སྲས་སུ་གྱུར་པ་དེ་དག་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། གང་འདིར་སྟོན་པས་ཉེ་བར་བསྟན་པའི་བསླབ་པ་སྟོན་པར་བྱེད་པའི་བཤེས་གཉེན་མཆོག་ཏུ་གྱུར་ཏོ། །གཉིས་པ་བར་གྱི་མཛད་པ་བསྡུ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བདག་ཉིད་ཆེན་པོ་སངས་རྒྱས་སྟོང་གི་མཛད་པ་ནི་གདོན་མི་ཟ་བར་རྣམ་པ་བཅུ་ཡིན་ནོ། །ཡུན་རིང་པོ་ནས་བསགས་པའི་སྡིག་པ་དང་མི་ཤེས་པ་མ་རིག་པའི་རྒྱུས་འགྲོ་བ་གཉིད་ཀྱིས་ལོག་པ་འདི་གང་གིས་དམ་པའི་ཆོས་རྨད་དུ་བྱུང་བ་བསྟན་པའི་ལག་པས་བསྐུལ་ཏེ་མི་ཤེས་པའི་གཉིད་ལས་སད་པར་མཛད་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། ཡུན་རིང་སྟེ་གྲངས་མེད་གསུམ་ནས་ཡང་དག་པའི་དོན་ལེགས་པར་གོམས་པའི་མི་ཤེས་རྣམས་བསྐྱེད་པར་མཛད་པའི་མཁྱེན་པ་དང༌། མཐའ་ཡས་པའི་སེམས་ཅན་ཀུན་ལ་ཕན་པའི་ཐུགས་རྗེས་ཐུགས་བརླན་པར་མཛད་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། རྣམ་འབྱེད་དུ། བཅོམ་ལྡན་འདས་གསོན་ཞིང་བཞུགས་ཏེ་འཚོ་ཞིང་བཞེས་པ་རྣམས་ལ་ཆོས་ཉིད་ཀྱིས་གདོན་མི་ཟ་བར་བགྱི་བ་བཅུ་མངའ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྲིད་བྱང་ཆུབ་ཏུ་ལུང་མ་བསྟན་པ་དང༌། ཇི་སྲིད་དུ་སེམས་ཅན་གཞན་གྱིས་བླ་མེད་བྱང་ཆུབ་ཏུ་ཕྱིར་མི་ལྡོག་པར་སེམས་མ་བསྐྱེད་པ་དང༌། ཇི་སྲིད་དུ་སངས་རྒྱས་ཀྱིས་གདུལ་བར་བྱ་བ་ཐམས་ཅད་མ་བཏུལ་བ་དང༌། ཇི་སྲིད་དུ་སྐུ་ཚེའི་ལྔ་ཆ་མ་ལུས་པ་དང༌། ཇི་སྲིད་དུ་མཚམས་གཅད་པ་མ་མཛད་པ་དང༌། ཇི་སྲིད་དུ་ཉན་ཐོས་ཟུང་གཅིག་མཆོག་ཏུ་ལུང་མ་བསྟན་པ་དང༌། ཇི་སྲིད་དུ་གྲོང་ཁྱེར་ཀུན་འོད་དུ་ལྷ་ལས་བབས་པ་མ་བསྟན་པ་དང༌། ཇི་སྲིད་དུ་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་མ་བསྟན་པ་དང༌། ཇི་སྲིད་དུ་མཚོ་མ་དྲོས་པར་ཉན་ཐོས་རྣམས་དང་ཐབས་གཅིག་ཏུ་སྔོན་གྱི་ལས་ཀྱི་རྒྱུ་བ་ལུང་མ་བསྟན་པ་དང༌། ཇི་སྲིད་དུ་ཡབ་ཡུམ་གཉིས་བདེན་པ་དག་ལ་མ་བཀོད་པ་དེ་སྲིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡིན་ནོ་ཞེས་པའི་དོན་བཤད་པ་ནི། གཞན་སྐལ་བ་དང་ལྡན་པ་དག་བྱང་ཆུབ་ཏུ་ལུང་བསྟན་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་བརྟན་པ་ཕྱིར་མི་ལྡོག་པ་ལ་འགོད་པ་དང༌། སྐུ་ཚེའི་ལྔ་ཆ་འདོར་བ་སྟེ་ལྔ་ཆ་གཅིག་གིས་ཐུང་བར་མཛད་པ་ནི་ཚེ་ལོ་བརྒྱ་པའི་དུས་ན་བརྒྱད་ཅུར་བཞུགས་པ་བཞིན་ནོ། །ཤེས་རབ་ཅན་དང་རྫུ་འཕྲུལ་ཅན་གྱི་མཆོག་གཉིས་རབ་ཏུ་བྱུང་བ་དང༌། སངས་རྒྱས་ཀྱི་སྐུ་དངོས་ཀྱི་གདུལ་བྱ་འདུལ་བ་དང༌། ལས་བྱ་བའི་དོན་དུ་མཚམས་ཆེན་པོ་གཅད་པ་བསྒྲུབ་པ་དང༌། མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་དང༌། གྲོང་ཁྱེར་གསལ་བར་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་གཤེགས་པ་སྟེ། སྐས་གསུམ་ལས་དབུས་བཻ་ཌཱུརྻའི་སྐས་ནས་སྟོན་པ་བྱོན་ནས་མར་བབས་པའི་དུས་སུ་གཡས་གསེར་གྱི་སྐས་ལས་ཚངས་པ་འཁོར་དང་བཅས་པ་དང༌། གཡོན་དངུལ་གྱི་སྐས་ནས་བརྒྱ་བྱིན་འཁོར་བཅས་བབས་པར་བཤད་དོ། །མཚོ་མ་དྲོས་པར་ཉན་ཐོས་རྣམས་དང་ལྷན་ཅིག་སྔོན་གྱི་ལས་ཀྱི་རྒྱུ་བ་ལུང་བསྟན་པ་དང༌། ཇི་སྲིད་ཡབ་ཡུམ་བདེན་པ་མཐོང་བ་ལ་མ་བཀོད་པ་དེ་སྲིད་ཀྱི་བར་དུ་མྱ་ངན་ལས་འདའ་བར་མི་མཛད་དེ། མཛད་པ་དེ་དག་ཡོངས་སུ་རྫོགས་ནས་གྲོང་ཁྱེར་རྩ་ཅན་དུ་བྱོན་ཏེ་མཚན་མོའི་གུང་ཐུན་ལ་མྱ་ངན་ལས་འདས་པའི་ཚུལ་ནི་ཕྲན་ཚེགས་ལས་ཇི་ལྟ་བ་བཞིན་དུ་བཤད་དོ། །གསུམ་པ་མཇུག་ཏུ་བཀའ་བསྡུ་བྱས་པའི་ཚུལ་ལ་ལྔ་སྟེ། གང་གིས་བསྡུས་པ་དང༌། བསྡུས་པའི་དཔང་པོ་དང༌། སྡུད་པའི་འཁོར་དང༌། ཡུལ་གང་དུ་བསྡུས་པ་དང༌། བསྡུ་བའི་དགོས་པའོ། །དང་པོ་ལ་བསྟེན། བཤད། བསྡུ་གསུམ་གྱི། དང་པོ་ནི། སངས་རྒྱས་འདས་པའི་ཕྱིར་དེ་དབྱར་ནྱ་གྲོ་དྷའི་ཕུག་ཏུ་མ་སྐྱེས་དགྲས་སྦྱིན་བདག་བྱས་ནས་འོད་སྲུང་ཆེན་པོས་ཀུན་དགའ་བོ་ལ་སྦྱོར་བ་བརྒྱད་ཀྱིས་སྤྲོས་ཏེ་བསྐྲད་ནས་དགྲ་བཅོམ་པར་གྱུར་ཏེ། དགྲ་བཅོམ་པ་ལྔ་བརྒྱར་ཚང་ནས་ཀུན་དགའ་བོ་ལ་སོགས་པ་གང་གིས་ཐུབ་པའི་བསྟན་པ་འདི་ལེགས་པར་བསྡུས་པས་སྡུད་བ་པོ་ཀུན་དགའ་བོ་ལ་སོགས་པ་རྣམས་ལ་ཕྱག་འཚལ་ལོ། །ཐུབ་པའི་བསྟན་པ་ཇི་ལྟ་བུ་ཞེ་ན། འཇིག་རྟེན་གྱི་མུན་པ་སེལ་བས་བླང་དོར་སྣང་བར་མཛད་པའི་རིན་པོ་ཆེ་དང་རྒྱ་མཚོ་ལས་སྒྲོལ་བའི་གྲུ་ལྟ་བུའོ། །གཉིས་པ་བཤད་པ་ལ་གསུམ་སྟེ། མདོ་སྡེ་བསྡུ་བའི་ཚུལ་དང༌། འདུལ་བ་བསྡུ་བའི་ཚུལ་དང༌། མ་མོ་བསྡུ་བ་ལ་བསྔགས་པའོ། །དང་པོ་ནི། སེང་གེའི་ཁྲི་ལ་དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་གྱི་སྟེང་ན་ཀུན་དགའ་བོ་བཞག་ནས་འོད་སྲུང་གིས། སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་གིས་གང་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་སྡུས། །ཞེས་གསོལ་བ་བཏབ་ཅིང༌། ལྷ་རྣམས་ཀྱིས་ཀྱང༌། གང་ལ་ཆོས་རྣམས་རབ་གནས་པ། །འཇིག་རྟེན་གསུམ་པོས་རྟག་ཏུ་མཆོད། །ཅེས་པ་ལ་སོགས་པས་བསྟོད་དོ། །ཀུན་དགའ་བོས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བཞག་ནས་མངོན་སུམ་དུ་ཐོས་པ་དང་བརྒྱུད་ནས་ཐོས་པ་རྣམས་མདོ་སྡེ་དང་པོ་གསུངས་ཚུལ་ལ་སོགས་པ་བཞིན་དུ་བསྡུས་པས་ན་གང་ཞིག་ཀུན་དགའ་བོ་ལའང་ཕྱག་འཚལ་ལོ། །ཀུན་དགའ་བོ་ཇི་ལྟ་བུ་ཞེ་ན། གསུང་རབ་མང་དུ་ཐོས་པའི་མཐུ་ཡིས་སྐྱེ་བའི་ལྕགས་སྒྲོག་རྣམས་ལས་གྲོལ་བ་དང༌། མང་དུ་ཐོས་པ་འཛིན་པ་དང༌། མདོ་སྡེའི་སྡེ་སྣོད་སྣ་ཚོགས་ཀྱི་སྡུད་པ་པོའོ། །གཉིས་པ་འདུལ་བ་བསྡུ་བའི་ཚུལ་ནི། སྔར་བཞིན་གསོལ་བ་བཏབ་པས། ཉེ་བར་འཁོར་གང་གིས་འདུལ་བ་བསྡུས་པས་ན་གང་སྡུད་བ་པོ་མཁས་པ་ཉེ་བར་འཁོར་ལ་ཡང་ཕྱག་འཚལ་ལོ། །དེ་ཇི་ལྟ་བུ་ཞེ་ན། ངན་སོང་གི་སྦྲུལ་གདུག་པ་ཅན་གྱི་ནད་འདུལ་བའི་ལེགས་བཤད་དྲི་མ་མེད་པའི་སྔགས་ཀྱིས་གསོ་བར་མཛད་པའོ། །གསུམ་པ་མ་མོ་བསྡུ་བ་ལ་བསྔགས་པ་ནི། མདོ་སྡེ་དང་འདུལ་བའི་དོན་བསྲུང་བའི་ཆེད་དུ་མ་མོ་བསྡུས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་གང་གིས་ཀུན་ནས་མ་མོའི་སྡེ་སྣོད་ཀྱི་ཚིག་དོན་བསྡུས་ཏེ་རབ་ཏུ་བསྟན་པ་ཡིས་སྒྲོན་མེ་བཞིན་དུ་མདོ་སྡེ་དང་འདུལ་བ་རབ་ཏུ་གསལ་བར་མཛད་པ་བློ་ལྡན་འཕགས་པ་འོད་སྲུང་ལའང་ཕྱག་འཚལ་ལོ། །འོད་སྲུང་གིས་བསྡུ་བ་བྱས་པའི་བསྔོ་བ་ཡང་གསུངས་ཏེ། ཀྱེ་མ་སྟོབས་བཅུ་མངའ་བའི་གསུང་ནི་ཚད་མེད་པ། །འགྲོ་ལ་ཕན་ཕྱིར་ཆོས་ཀྱི་བསྟན་བཅོས་འདི་བསྡུས་པས། །གང་ན་འཇིག་རྟེན་བློ་ངན་མུན་བྱེད་ཆུད་ཟོས་པ། །བློ་གྲོས་རབ་རིབ་བསལ་བས་སྒྲོན་མར་ཡང་དག་ལྡན། །ཞེས་པ་ལ་སོགས་པ་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། འོད་སྲུང་འདིས་རྒྱལ་པོའི་ཁབ་ཏུ་སྡེ་སྣོད་གསུམ་པོ་ཐམས་ཅད་ལེགས་པར་བསྡུས་པ་ཡིན་པས་འོད་སྲུང་འདི་ནི་ལྷར་བཅས་མི་ཡི་འཇིག་རྟེན་དུ་དམ་ཆོས་ཀྱི་སྣང་བ་ཆེས་ཆེར་མཛད་པ་པོ་ཡིན་ནོ། །གཉིས་པ་བསྡུས་པའི་དཔང་པོ་ནི། གང་དུ་མང་དུ་ཐོས་པ་དང་ལྡན་པའི་ཀུན་དགའ་བོ་སོགས་གསུམ་པོ་འདི་དག་དང༌། སྡིག་པ་རིང་དུ་སྤང་པའི་དགྲ་བཅོམ་པ་ལྔ་བརྒྱ་པོ་ནི་ཕན་ཚུན་དཔང་པོར་གྱུར་པའི་ཕྱིར་དམ་པའི་ཆོས་ཡང་དག་པར་བསྡུས་པའི་དཔང་པོར་གྲགས་སོ། །གསུམ་པ་སྡུད་པའི་འཁོར་ནི། བརྒྱ་བྱིན་གྱིས་ཐོག་མར་བྱས་པའི་ལྷ་རྣམས་དམ་པའི་ཆོས་ལ་གུས་པ་ཡི་གནས་གང་དུ་འཁོར་འདུས་པ་ཆེན་པོས་ནམ་མཁའི་ངོས་འདི་རྒྱན་འགྲམ་པ་བཞིན་དུ་མཛེས་པར་བྱས་སོ། །བཞི་པ་ཡུལ་གང་དུ་བསྡུས་པ་ནི། གང་དུ་རྒྱལ་པོའི་ཁབ་ཀྱི་གནས་སུ་གྲགས་པ་དེར་བསྡུས་སོ། །རྒྱལ་པོའི་ཁབ་ཇི་ལྟ་བུ་ཞེ་ན། དེ་ནི་གནས་ཀྱི་མཐར་ཡང་ནི་ས་གཞི་ལྷ་རྣམས་ཀྱིས་མེ་ཏོག་ལག་ནས་ཀུན་ཏུ་འཐོར་བ་ཡིས་ཡུན་རིང་དུ་མཛེས་པར་གྱུར་པ་ཆོད་པར་འོས་པའོ། །ལྔ་པ་བསྡུས་པའི་དགོས་པ་ནི། སྟོན་པ་མཆོག་ཟུང་གཅིག་དང་བཅས་པ་མྱ་ངན་ལས་འདས་པ་གང་གི་ཚེ། དམ་པའི་ཆོས་དགོས་འདོད་འབྱུང་བ་རིན་པོ་ཆེ་མཆོག་ཏུ་གྱུར་པ་ལྟ་བུ་འདམ་དུ་བྱིང་བ་བཞིན་དུ་ལྷ་དང་མི་རྣམས་ཀྱིས་ནུབ་ཅིང་ཉམས་སུ་དོགས་པའི་འཇིགས་པས་སྡེ་སྣོད་གསུམ་ལེགས་པར་བསྡུས་པས་སླར་ཡང་ཡིད་སོས་པར་མཛད་པའོ། །འོད་སྲུང་གིས་སྟོན་པའི་བཀའ་བཞིན་བྱ་བ་བྱས་ནས་ཀུན་དགའ་བོ་ལ་ཤེས་པར་གྱིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་བསྟན་པ་གཏད་དེ་མྱ་ངན་ལས་འདས་སོ། །ཀུན་དགའ་བོས་ཀྱང་ཤ་ནའི་གོས་ཅན་དང་དགྲ་བཅོམ་པ་ཉི་མ་གོང་པ་ལ་གཏད་དོ། །ཤ་ནའི་གོས་ཅན་གྱིས་ཉེར་སྦས་ལ། དེས་དྷི་ཏི་ཀ་ལ་དང༌། དེས་ནག་པོ་པ་ལ་དང༌། དེས་ལེགས་མཐོང་ལ་གཏད་དོ། །དེ་དག་ནི་སངས་རྒྱས་ཀྱི་བསྟན་པའི་གཏད་རབས་བདུན་ནམ་བརྒྱད་དེ། བསྡུ་བ་དང་པོའོ། །བཀའ་བསྡུ་བ་གཉིས་པ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་ཅུ་ལོན་པ་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་གསེར་གྱི་རུང་བ་བྱ་བ་སོགས་མི་རུང་བའི་གཞི་དུ་མ་བྱས་པ་ལོག་རྟོག་བསལ་བའི་དོན་དུ་ཀུན་དགའ་བོའི་སློབ་མ་དགྲ་བཅོམ་པ་ཐམས་ཅད་འདོད་དང་ལྷན་ཅིག་ཏུ་གནས་པ་གྲགས་པས་ཐོས་ནས་སུན་དབྱུང་བའི་ཕྱིར་ཡངས་པ་ཅན་དུ་དགྲ་བཅོམ་པ་བདུན་བརྒྱ་འདུས་ཏེ་དགྲ་བཅོམ་པ་གྲགས་པས་དེ་དག་རུང་རམ་ཞེས་བརྗོད་ཅིང༌། གཞན་རྣམས་ཀྱིས་མི་རུང་ངོ་ཞེས་སྨྲས་ཏེ་སུན་ཕྱུང་ནས་དག་པའི་བཅའ་བ་བྱས་ཏེ་སྡེ་སྣོད་ལྷག་མ་རྣམས་ཀྱང་བསྡུས་ཏེ། དེའི་སྦྱིན་བདག་རྒྱལ་པོ་མྱ་ངན་མེད་ཡིན་ནོ་ཞེས་ཕྲན་ཚེགས་དང་གཞི་ལས་འབྱུང་ངོ༌། །བསྡུ་བ་གསུམ་པ་ནི། སངས་རྒྱས་འདས་ནས་ལོ་སུམ་བརྒྱ་ན་ཕལ་ཆེན་པ་དང༌། ཐམས་ཅད་ཡོད་སྨྲ་དང༌། གནས་བརྟན་པ་དང༌། མང་པོས་བཀུར་བ་སྟེ་རྩ་བའི་སྡེ་བཞི་ལས་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ནི་སློབ་དཔོན་དུལ་པའི་ལྷས་སྡེ་པ་ཐ་དད་བསྟན་པ་བསྡུས་པ་ལས། ཤར་དང་ནུབ་དང་གང་རི་དང༌། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་སྨྲ་བའི་སྡེ་པ་དང༌། །ལྔ་ཚན་དགེ་འདུན་ཕལ་ཆེན་ཏེ། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིག་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རིས་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམས་པ་གསུམ། །ཞེས་འབྱུང་སྟེ་དེ་རྣམས་ལྟ་སྤྱོད་ཅུང་ཟད་མི་མཐུན་ཀྱང་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་བསྒྲུབ་པའི་ཕྱིར་ཁ་ཆེའི་དགོན་པ་ཛཱ་ལནྡྷ་རར་རྒྱལ་པོ་ཀ་ནི་ཀས་སྦྱིན་བདག་བྱས་ནས་སུརྣི་ཀ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་དང༌། བ་སུ་མི་དྲ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང༌། སོ་སོ་སྐྱེ་བོའི་པཎྜི་ཏ་ལྔ་བརྒྱས་མཛད་པར་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་སྤྲེ་ཁྱེར་ན་ཡོད་དོ་ཞེས་གཏམ་རྙིང་པ་ལས་གྲགས་སོ། །དེས་གཟུང་པའི་འདུལ་བ་བཤད་ཟིན་ནས། གསུམ་པ་འདུལ་པའི་དོན་ལ་བརྩོན་པར་གདམས་པ་ལ་གཉིས་ཏེ། རྒྱུ་བསྟན་པ་དང༌། འབྲས་བུ་ལ་ལོངས་སྤྱད་པའོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས་ཀྱི། མདོར་བསྟན་པ་ནི། ཕྱིན་དྲུག་གི་སྤྱད་པ་སྤྱད་པར་མཛད་དོ། །གང་གིས་ན་ཐུབ་པས་སོ། །གདན་དམ་པའི་ཆོས་འདི་ནིའོ། །གང་གི་ཕྱིར་ན་སྐྱོབ་པའི་དཔུང་དང་བྲལ་བ་སྐྱེ་རྒུ་རྣམས་ཀྱི་ངན་སོང་གི་སྡུག་བསྔལ་གྱི་སྐད་སེལ་བར་བྱེད་ཅིང༌། ལམ་གྱི་རྟེན་མངོན་མཐོ་ལ་བཀོད་ནས་སྡུག་བསྔལ་མ་ལུས་པ་ཉེ་བར་ཞི་བའི་ཐར་པའི་དོན་བསྒྲུབ་པའི་ཕྱིར་དུའོ། །ཚུལ་ནི་བརྩོན་འགྲུས་བསྐྱེད་པས་སོ། །གནས་འཁོར་བར་རོ། །དུས་ཡུན་རིང་པོ་བསྐལ་པ་དུ་མར་རོ། །གཉིས་པ་བཤད་པ་ནི། ཕར་ཕྱིན་དྲུག་གི་སྤྱོད་པ་ཇི་ལྟར་མཛད་ཅེ་ན། སྦྱིན་པ་ནི་རྒྱལ་པོ་ཟླ་འོད་དུ་སྐྱེས་པའི་ཚེ་ན་འོད་འབར་བའི་རིན་པོ་ཆེས་མཛེས་པའི་དབུ་མགུལ་པ་དང་བཅས་པ་སྦྱིན་པར་བཏང་བ་དང༌། གོས་ནི་དབུ་ལ་ཐོད་དུ་བཅིངས་པ་བཏང་བའམ། ཡང་ན་གོས་ནི་པགས་པ་སྟེ་ཡུལ་བཱ་རཱ་ཎ་སཱིའི་རི་ལ་གནས་པའི་གཅན་གཟན་ཀུན་ཏས་རྒྱལ་པོ་ཚངས་སྦྱིན་གྱིས་བསྐུལ་བའི་རྔོན་པས་བཏང་བའི་མི་ལ་པགས་པ་བྱིན་ནས་ལུས་སྲིན་བུ་སྟོང་ཕྲག་བརྒྱད་ཅུར་ཟར་བཅུག་པའོ། །རང་གི་ཤ་བྱིན་པ་ནི། བརྒྱ་བྱིན་ཁྲར་སྤྲུལ་པ་ལ་ཤ་བྱིན་པ་ལྟ་བུའོ། །རུས་དུམ་བྱིན་པ་ནི། གླང་པོ་ཆེ་མཆེ་བ་དྲུག་པས་རྒྱལ་པོ་ཚངས་བྱིན་གྱིས་བཙུན་མོས་བསྐུལ་བའི་རྔོན་པ་ལ་མཆེ་བ་བྱིན་པའོ། །ཁྲག་རྒྱུན་བཏང་བ་ནི། རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ལྔ་ལ་ཁྲག་བྱིན་པའོ། །སྲས་ཀྱང་ཟླ་བ་ཚེས་པའི་ཆ་དང་འདྲ་བ་དང་ཡིད་དུ་འོང་བའི་བཙུན་མོ་མཆོག་བྱིན་པ་ནི་མཆོད་བརྗོད་དུ་བཤད་ཟིན་ཏོ། །སེམས་ཅན་གང་གི་དོན་གྱི་ཕྱིར་དུ་མཛད་པ་རླབས་ཆེན་དཔག་ཏུ་མེད་པ་མཛད་དོ། །འདི་དག་གིས་ཕྱིན་དྲུག་གི་དང་པོ་སྦྱིན་པའི་ཕར་ཕྱིན་བསྟན་པས་གཞན་རྣམས་ཀྱང་མཚོན་ནས་བསྟན་ཏོ། །གཉིས་པ་འབྲས་བུ་ལ་ལོངས་སྤྱོད་པ་བསྟན་པ་ནི། ཚོགས་གཉིས་ཀྱི་དཔལ་རབ་ཏུ་རྒྱས་པ་བདེ་བར་གཤེགས་པ་ཡི་གོ་འཕང་བརྙེས་ནས་ཞི་བ་མྱ་ངན་ལས་འདས་པའི་ལམ་གྱི་ཆོས་བསྟན་པ་འདི་དོན་མེད་པའི་སྙོམ་ལས་དང་ལྟུང་བ་རྣམས་སྒོ་རྣམ་པ་ཀུན་ནས་སྤངས་ཏེ་ཇི་སྲིད་དམ་པའི་ཆོས་མ་ནུབ་ཀྱི་བར་དུ་ཞི་བ་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་ཡང་དག་བརྩོན་པར་བྱའོ། །འོ་ན་བསྟན་པ་ཇི་སྲིད་དུ་མི་ནུབ་པར་གནས་ཤེ་ན། བསྐལ་བཟང་དང༌། ལས་བརྒྱ་པ་དང༌། ཕྲན་ཚེགས་ལས་བསྟན་པ་ལོ་སྟོང་དང༌། པདྨ་དཀར་པོ་དང༌། ཟླ་བ་སྙིང་པོ་ལས་ཉིས་སྟོང་དང༌། སློབ་དཔོན་པདྨའི་ངང་ཚུལ་གྱིས་རྡོ་རྗེ་གཅོད་པའི་འགྲེལ་པར་ཉིས་སྟོང་ལྔ་བརྒྱ་དང༌། སློབ་དཔོན་དབྱིག་གཉེན་དང༌། འཇམ་དཔལ་གྲགས་པ་དང༌། འཇིགས་མེད་འབྱུང་གནས་ལ་སོགས་པའི་གཞུང་ལས་ལྔ་སྟོང་དུ་གནས་པར་གསུངས་ལ། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆ་དང༌། བདག་ཉིད་ཆེན་པོ་བློ་ལྡན་ཤེས་རབ་ཀྱི་བཞེད་པས་ཆུ་མོ་བྱ་ལོ་ཕན་ཆད་ལ་སུམ་སྟོང་བཞི་བརྒྱ་དང་དྲུག་ཅུ་རྩ་བརྒྱད་འདས་ཤིང༌། ད་སྟེ་ལོ་སྟོང་དང་ལྔ་བརྒྱ་སུམ་ཅུ་རྩ་གཉིས་ནས་ནུབ་པར་འགྱུར་བར་འདོད་ལ། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོའི་རྗེས་སུ་འབྲང་ནས་རྗེ་བཙུན་གྲགས་པ་རྒྱ་མཚན་དང༌། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་ཀྱང་ལེགས་པར་གཏན་ལ་ཕབ་པའོ། །བཤད་པ་ཉིད་ཉེ་བར་དགོད་པ་བསྟན་ཟིན་ཏོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ་གསུམ། གང་ཞིག་བཤད་པ་དང༌། བཟོད་པར་གསོལ་བ་དང༌། བཤད་པའི་དགེ་བ་བསྔོ་བའོ། །དང་པོ་ནི། བདེ་བར་གཤེགས་པའི་བཀའ་རྩ་བའི་ལུང་དང༌། བཤད་པའི་ལུང་ནི་ཚིག་ཕུན་སུམ་ཚོགས་པ་དང་ལྡན་ཏེ། ལུང་གི་ཆོས་གང་ཅུང་ཟད་སྤྲོས་ཀྱང་སྙན་ངག་མཆོག་ཏུ་འགྱུར་བའི་ཕྱིར་ཏེ་ངག་ཚིག་དྲི་མ་མེད་པས་མི་རྣམས་ཀྱི་ཚིག་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དོན་ཕུན་སུམ་ཚོགས་པ་དང་ལྡན་ཏེ། འདི་ལས་བསྟན་པའི་དོན་ཐོས་པ་དང་བསམ་པའི་ཐབས་ཀྱིས་བསྒྲུབ་པས་འབྲས་བུ་ཁ་ན་མ་ཐོ་བ་མེད་པ་མྱང་འདས་ཐོབ་པའི་ཕྱིར། རྩ་བའི་ལུང་དང་དེ་ལས་གཞན་བཤད་པའི་ལུང་གཉིས་པོའི་དོན་འགྲེལ་འདི་དགྲ་བཅོམ་པ་བེ་ཤ་ཀས་བྱས་སོ། །གཉིས་པ་ནི། སླར་ཡང་བེ་ཤ་ཀས་ཀྱང་དོན་འགྲེལ་བྱས་པ་ལ་གང་ཞིག་དོན་ཆད་པས་མ་ཚང་བ་དང་ལྷག་པར་བྱས་པར་དག་གམ། ལུང་གི་དགོངས་པ་ལས་གཞན་དུ་བྱས་པ་དང༌། སྔར་བཤད་པའི་རྩ་བའི་ལུང་དང༌། བཤད་པའི་ལུང་རྣམས་ལས་གོ་རིམ་འཆོལ་བར་བཤད་ཀྱང་རུང༌། དེ་ཀུན་རང་བཞིན་ཞི་བ་དགེ་བའི་བསམ་པས་བྱས་པས་བཟོད་པར་མཛོད་ཅིག ཉེས་པ་ཡོད་པ་སྲིད་དམ་ཞེ་ན། ཉེས་པ་ཡོད་པ་སྲིད་དེ། ཉམ་ང་བ་བགྲོད་དཀའ་བའི་ལམ་དུ་ལོང་བ་བརྡེག་འཆོས་པ་སྲིད་པ་མིན་ནམ་ཅི་སྟེ་སྲིད་པ་ལྟར་རོ། །གསུམ་པ་བཤད་པའི་དགེ་བ་བསྔོ་བ་ལ་གསུམ་སྟེ། རྟེན་ཕུན་སུམ་ཚོགས་པར་སྨོན་པ། གཞུང་དར་བར་སྨོན་པ། བསྟན་པ་གནས་པར་སྨོན་པའོ། །དང་པོ་ནི། གནས་སྐབས་དད་པ་དང་ཐོས་པ་ལ་སོགས་པའི་ཡོན་ཏན་ཀུན་གྱིས་བརྒྱན་ཅིང༌། མྱ་ངན་ལས་འདས་པ་ཐོབ་པར་མ་གྱུར་གྱི་བར་དུ་ཚེ་རབས་གཞན་དུའང་བསྙེན་པར་རྫོགས་པར་བྱེད་པ་དང༌། མཐར་ཐུག་འཁོར་བའི་ལུས་ཅན་རྣམས་དང་བདག་ཉིད་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལ་མངོན་པར་ཞེན་པའི་འདམ་ལས་རྣམ་པར་བརྒལ་ནས་མྱ་འདས་ཐོབ་པར་ཤོག་ཅེས་པའོ། །རྒྱུ་གང་གིས་ན་དགེ་སློང་གི་བསླབ་བྱའི་ཆོས་རྫོགས་པར་སྟོན་པ་འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་གི་ཕྲེང་བའི་རྒྱུད་ལྟར་མཛེས་པ་ལེགས་པར་བརྒྱུས་པ་ལས་གང་ཐོབ་པའི་བསོད་ནམས་དེ་ཡིས་སོ། །གཉིས་པ་ནི། གང་ཟག་གང་དག་གནས་སྐབས་སུ་ཚུལ་ཁྲིམས་དྲི་མ་མེད་པ་ལ་གནས་པར་འདོད་ཅིང༌། མཐར་ཐུག་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པ་རྣམས་ཀྱིས་རྟག་ཏུ་ཚིག་ལེའུར་བྱས་པ་འདི་ཉིད་ཀྱི་ཚིག་ཀློག་པ་དང་འདོན་པ་དང་དོན་འདི་སེམས་པ་ཉིད་དུ་འགྱུར་པར་ཤོག གསུམ་པ་ནི། ཇི་སྲིད་འཇིག་རྟེན་ན་གནས་པའི་འགྲོ་བ་ཀུན་དུས་ཇི་སྲིད་འདོད་ཆགས་མེ་ཡིས་དགའ་མགུར་བསྲེག་པ་དང༌། དེ་ཡི་རྣམ་སྨིན་རྒ་བ་དང་ན་བ་དང་འཆི་བའི་གདུང་བས་གདུང་བ་དེ་སྲིད་དུ་སེམས་ཀྱི་དྲི་མའི་རྒྱུན་ངན་པ་རབ་ཏུ་འཁྲུད་པའི་བདེ་གཤེགས་ཀྱི་བཀའ་རྟགས་ཏེ་གསུང་རབ་གངྒཱའི་ཆུ་རྒྱུན་ལྟར་དྲི་མ་ཞི་བའི་སླད་དུ་གནས་པར་གྱུར་ཅིག་ཅེས་པའོ། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་བཞེད་ཚུལ་གྱི་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད་ཅེས་བྱ་བ་རྩ་བའི་ལུང་དང་བཤད་པའི་ལུང་མཐའ་དག་གི་ཚིག་དོན་མ་ལུས་པའི་འདུལ་བ་འཛིན་པ་ཆེན་པོ་འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ་དགྲ་བཅོམ་པ་དཔལ་འཕགས་པ་ས་གའི་ལྷས་མཛད་པའི་ཚིག་དོན་རྒྱ་ཆེར་བཤད་པ་རྫོགས་སོ། །འཕགས་པ་གཞི་ཐམས་ཅད་ཅེས་བའི་དོན་ནི། འོད་ལྡན་ལས། སྔོན་ནི་ཐམས་ཅད་ཡོད་པར་སྨྲ་བ་འདི་གཅིག་པུར་གནས་པ་ལས། སྟོན་པ་ཡོངས་སུ་མྱ་ངན་ལས་འདས་པ་ན་དེ་ལ་བརྟེན་ནས་སྡེ་བ་གཞན་དག་བྱུང་བས་དེ་དག་གི་གཞིར་གྱུར་པའི་ཕྱིར་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་གསུངས་སོ། །ལོ་པཎ་གང་གིས་བསྒྱུར་བ་ནི། འཕགས་པའི་ཕོ་བྲང་བྱང་ཕྱོགས་སུ། །ལྷ་རྒྱལ་བླ་མ་ཞི་བ་འོད། །དམ་ཆོས་སྐྱོང་མཛད་སྐུ་དྲིན་ལ། །ཆོས་དབྱིངས་གཙུག་ལག་ཁང་ཆེན་དུ། །མཁས་པ་ཛ་ཡཱ་ཨ་ཀ་ར། །སྙེགས་ཚུལ་པྲ་ཛྙཱ་ཀཱིརྟི་ཡིས། །གསོལ་བ་བཏབ་ནས་བདག་གིས་བསྒྱུར། །དགེ་དེས་ཐུབ་བསྟན་རྒྱས་པར་ཤོག །རྒྱ་གར་གྱི་མཁན་པོ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་པཎྜི་ཏ་ཛ་ཡཱ་ཨ་ཀ་ར་གུཔ་ཏའི་ཞལ་སྔ་ནས་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་བསྙེལ་འོར་པྲ་ཛྙཱ་ཀཱིརྟིས་བསྒྱུར། སླར་ཡང་བལ་པོའི་པཎྜི་ཏ་ཛ་ཡཱ་ཨ་ཀ་ར་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་པྲ་ཛྙཱ་ཀཱིརྟིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།  །།མེ་ཏོག་ཕྲེང་བརྒྱུད་ཚིག་དོན་ཇི་བཞིན་དུ། །ལེགས་བཤད་འོད་ཀྱིས་ཚུལ་བཞིན་གསལ་བྱས་པའི། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ། །དགྲ་བཅོམ་མཆོག་གི་གོ་འཕང་མྱུར་ཐོབ་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །ལྷ་དང་མི་ཡི་སྐྱེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པའི་ཐབས་མཆོག་ཀུན། །འབད་མེད་ལྷུན་གྱིས་གྲུབ་པ་ཉིད་གྱུར་ཅིག །བདག་གིས་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། །སྡོམ་གསུམ་མིག་འབྲས་བཞིན་དུ་གཅེས་པར་བསྲུངས། །སྒོ་གསུམ་བྱ་བས་ཐུབ་བསྟན་རྒྱས་པར་བྱས། །དུས་གསུམ་རྒྱལ་བ་སྲས་བཅས་དགྱེས་པར་མཛོད། །ཀྱེ་མ་གང་དག་གངས་རིའི་ཁྲོད་འདི་ན། །རབ་ཏུ་བྱུང་ནས་མཁས་པར་ཁས་འཆེ་ཞིང༌། །དམ་ཆོས་འདུལ་བའི་ཚིག་ལའང་མ་སྦྱངས་པར། །བླང་དོར་གནས་ལ་རྨོངས་པས་གང་མཐོང་ནས། །བདག་གི་ལྷག་བསམ་ཉིན་མོར་བྱེད་པ་ཡིས། །དམ་ཆོས་འདུལ་བའི་པད་ཚལ་གསལ་བར་བྱས། །ཐར་འདོད་བློ་གསལ་རྐང་དྲུག་ལྡན་པ་རྣམས། །དེང་ནས་ལེགས་བཤད་དར་དིར་སྒྲོགས་པར་གྱིས། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། བསླབ་གསུམ་ནོར་བུའི་རྒྱན་དང་མི་འབྲལ་ཞིང༌། །གསུང་རབ་རིན་ཆེན་མཛོད་ལ་དབང་འབྱོར་ནས། །ལུས་ཅན་ཀུན་གྱི་རེ་བ་སྐོང་བར་ཤོག །སོ་སོ་ཐར་པའི་རྩ་བ་རབ་བརྟན་ཅིང༌། །བཤད་ལུང་བཞི་ཡི་ཡལ་འདབ་རབ་ཏུ་རྒྱས། །དགོངས་འགྲེལ་བཞི་བཅུའི་མེ་ཏོག་རྣམ་པར་བཀྲ། །ཞུགས་གནས་འབྲས་བུའི་ཁུར་གྱིས་གཡུར་ཟ་བའི། །དམ་ཆོས་འདུལ་བ་དཔག་བསམ་ལྗོན་པའི་ཚལ། །འགྲོ་བློའི་འཛིན་མ་ཀུན་ལ་རྒྱས་གྱུར་ཅིག།  །།འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ་ཚིག་དོན་རབ་ཏུ་གསལ་བའི་ཉི་འོད་ཅེས་བྱ་བ་འདི་ནི། གཞུང་འདི་ལ་རྒྱ་གར་བའི་འགྲེལ་པ་མི་སྣང་ཡང་གཞུང་འདི་གང་ལ་བརྟེན་ནས་བརྩམས་པའི་གཞི། རྩ་བའི་ལུང་སོ་སོ་ཐར་པ་དང༌། བཤད་པའི་ལུང་སྡེ་བཞི་དང༌། དཔའ་བོས་མཛད་པའི་སོ་ཐར་གྱི་འགྲེལ་བ་བམ་པོ་ཉི་ཤུ་རྩ་བདུན་པ་དང༌། ཁྱད་པར་བཤེས་གཉེན་གྱིས་མཛད་པའི་སོ་ཐར་གྱི་འགྲེལ་པ་འདུལ་བ་བསྡུས་པ་བམ་པོ་བཅོ་ལྔ་པ་དང༌། བི་མ་ལ་མི་ཏྲས་མཛད་པའི་སོ་ཐར་གྱི་རྒྱ་ཆེར་འགྲེལ་པ་བམ་པོ་ལྔ་བཅུ་པ་དང༌། དཱ་ན་ཤཱི་ལ་ཆེན་པོས་མཛད་པའི་སོ་ཐར་གྱི་འགྲེལ་པ་ཚིག་གི་བརྗེད་བྱང་བམ་གཉིས་མ་དང༌། དགེ་ལེགས་བཤེས་གཉེན་གྱིས་མཛད་པའི་གཞི་འགྲེལ་བསྒྱུར་འཕྲོ་བམ་པོ་བཅུ་གཅིག་པ་དང༌། དུལ་བ་ལྷས་མཛད་པའི་རྣམ་འབྱེད་ཀྱི་འགྲེལ་བ་བམ་པོ་བཅོ་ལྔ་པ་དང༌། གཞུང་བླ་མའི་ནང་ཚན་ལུང་ཞུ་བའི་འགྲེལ་པ་མདོ་སྡེ་འཛིན་པ་དགེ་བའི་བཤེས་གཉེན་གྱིས་མཛད་པ་བསྒྱུར་འཕྲོ་དང༌། ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་ཕྲན་ཚེགས་ཀྱི་འགྲེལ་པ་བམ་བཅུ་མ་དང༌། ཡོན་ཏན་འོད་ཀྱིས་མཛད་པའི་ཀརྨ་ཤ་ཏམ་བམ་པོ་བཅུ་གཉིས་པ་དང༌། མདོ་རྩ་བམ་པོ་དགུ་པ་དང༌། དེའི་རང་འགྲེལ་དང༌། ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་བམ་པོ་བདུན་ཅུ་པ་དང༌། ཤཱཀྱ་འོད་ཀྱིས་མཛད་པའི་ཀཱ་རི་ཀཱ་སུམ་བརྒྱ་པ་དང༌། དེའི་རང་འགྲེལ་འོད་ལྡན་བམ་བརྒྱད་མ་དང༌། དགེ་འདུན་བཟང་པོས་མཛད་པའི་ཀཱ་རི་ཀཱ་ལྔ་བཅུ་པ་དང༌། དེའི་འགྲེལ་པ་ཀ་མ་ལ་ཤཱི་ལས་མཛད་པ་དང༌། དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས་མཛད་པའི་འདུལ་བའི་བསྟོད་པ་དང༌། དེའི་འགྲེལ་པ་དུལ་བ་ལྷས་མཛད་པ་དང༌། འདུལ་བའི་ལེགས་བཤད་གཞན་རྣམས་ལ་ཡང་བརྟེན་ནས་མཁས་པའི་མཁས་པ་ཆེན་པོ་མཁན་ཆེན་བློ་གསལ་བ་དང༌། འདུལ་མངོན་རྒྱ་མཚོའི་ཕ་མཐར་སོན་པ་དམར་སྟོན་ཆོས་རྗེའི་གསུང་གི་བདུད་རྩིས་བློ་གྲོས་ཀྱི་དབང་པོ་རབ་ཏུ་རྒྱས་པའི་དགེ་སློང་སྡེ་སྣོད་གསུམ་པ་རོང་སྟོན་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས་མཁས་པའི་འབྱུང་གནས་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་སྡེ་ཆེན་པོར་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་སྒོ་ཐམས་ཅད་ནས་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག།  །།འདི་བསྒྲུབ་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན། །དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་གྱུར་ཅིང༌། །སྤྲུལ་པའི་གདུང་བརྒྱུད་རྒྱུན་ཆད་མེད་པ་དང༌། །ཀུན་ཀྱང་ཕྲིན་ལས་ནམ་མཁར་མཉམ་པར་ཤོག །དགེའོ། །དགེའོ། །དགེའོ།།  །། ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*