ཚད་མ་རིགས་པའི་གཏེར་གྱི་རྣམ་བཤད། ཁ༽

ཆོས་ཉིད་ཆ་མེད་གཅིག་གིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པར་སྨྲ་བ་རྣམས་དོན་གཅིག་པས་ཕྱོགས་གཅིག་ཏུ་དགག་པར་བྱ་སྟེ། གསལ་བ་དང་རྫས་གཅིག་པའི་སྤྱི་དོན་དམ་པར་དངོས་པོར་གྲུབ་པ་གཅིག་མེད་པར་ཐལ། གསལ་བ་རྣམས་ཕན་ཚུན་རྫས་མི་གཅིག་ལ། གསལ་བ་ལས་ལོགས་ཤིག་ཏུ་སྤྱི་དོན་དམ་པར་དངོས་པོར་གྲུབ་པ་ཡང་མི་སྲིད་པའི་ཕྱིར་ཏེ། གསལ་བ་རྣམས་ནི་རྗེས་མི་འགྲོ། །ཞེས་སོགས་སོ། །ཡང་གསལ་བའི་རྫས་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་དུ་སྤྱི་དངོས་པོའི་རྫས་ཀྱང་དེ་སྙེད་དུ་ཡོད་དམ། སྤྱིའི་དངོས་པོར་རྫས་གཅིག་དུ་གནས། དང་པོ་ལྟར་ན། དངོས་པོ་ཆོས་ཅན། གསལ་བ་རྣམས་ཀྱི་ཐུན་མོང་གི་ཆོས་མ་ཡིན་པར་ཐལ། གསལ་བའི་རྫས་ཀྱི་གྲངས་ཇི་སྙེད་ཀྱི་རྫས་སིལ་བུར་གནས་པའི་ཕྱིར། གསལ་བ་རྣམས་ཀྱི་རྫས་བཞིན་ནོ། །འདོད་ན། གསལ་བ་རྣམས་ཀྱི་སྤྱི་མ་ཡིན་པར་ཐལ་ལོ། །གཉིས་པ་ལྟར་ན། རྫས་དུ་མར་ཐལ། ཡུལ་དུས་འགལ་བའི་གསལ་བ་སོ་སོ་བ་རྣམས་དང་དོན་དམ་པར་རྫས་གཅིག་ཏུ་གྱུར་པའི་ཕྱིར། ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར་ཞེས་སོགས་ཀྱི་རིགས་པའོ། །ཡང་དངོས་པོ་ཆོས་ཅན། ཤར་ཕྱོགས་ཀྱི་སྔར་མེད་གསར་སྐྱེས་ཀྱི་ཀ་བ་དང་རྫས་གཅིག་པ་མ་ཡིན་པར་ཐལ། ཤར་ཕྱོགས་ཀྱི་སྔར་མེད་གསར་སྐྱེས་ཀྱི་ཀ་བའི་རྫས་མ་སྐྱེས་པའི་སྔ་རོལ་ནས་ཁྱོད་ཀྱི་རྫས་གྲུབ་པའི་ཕྱིར་དང༌། ནུབ་ཕྱོགས་ཀྱི་ཀ་བའི་དུས་ན་ཁྱོད་ཀྱི་རྫས་གྲུབ་ཀྱང་དེ་ན་ཤར་ཕྱོགས་ཀྱི་ཀ་བའི་རྫས་མ་གྲུབ་པའི་ཕྱིར། གྲུབ་མ་གྲུབ་ཀྱི་རྫས་འགལ་བའི་ཆོས་ལ་རྫས་གཅིག་ཡིན་ཞེས་སུ་ཞིག་སྨྲ་བར་བྱེད་དེ། མ་ངེས་ན་ལྡོག་པ་གཅིག་ཡིན་ན། གཅིག་གི་ལྡོག་པ་གྲུབ་དུས་ན། ལྡོག་པ་གཅིག་པ་པོའི་ལྡོག་པ་ཡང་གྲུབ་པས་ཁྱབ་པ་མ་ཡིན་པར་ཐལ། རྫས་གཅིག་ཡིན་ན། གཅིག་རྫས་སུ་གྲུབ་པ་ལ་རྫས་གཅིག་པ་པོའི་རྫས་ཡོད་པར་མ་ངེས་པའི་ཕྱིར་རོ། །ཡང་དངོས་པོའི་རྫས་གྲུབ་པའི་གཞི་ལ། ཤར་ཕྱོགས་ཀྱི་ཀ་བའི་རྫས་ཡོད་པས་ཁྱབ་པར་ཐལ། དངོས་པོའི་རྫས་ཀྱི་ཆ་ཤས་གྲུབ་ལ། ཤར་ཕྱོགས་ཀྱི་ཀ་བའི་རྫས་མ་གྲུབ་པའི་རྫས་ཀྱི་ཆ་ཤས་གཉིས་བྱར་མེད་པའི་ཕྱིར། ཡོད་ན་རྫས་གཅིག་པར་འགལ་ལོ། །གཞན་ཡང༌། ཤར་ཕྱོགས་ཀྱི་ཀ་བ་དང་རྫས་གཅིག་མ་ཡིན་པར་ཐལ། དེའི་རྫས་དང་འགལ་བའི་རྫས་ཀྱི་ཆ་ཤས་དུ་མ་ཅན་ཡིན་པའི་ཕྱིར། ཡུལ་དུས་འགལ་བའི་རྫས་ཀྱི་ཆ་ཤས་མཐའ་ཡས་པ་ཞིག་རྫས་གཅིག་ལ་དབྱེར་མེད་དུ་འདྲེས་པ་སྲིད་པར་ཐལ། ཡུལ་དུས་འགལ་བའི་དངོས་པོའི་གསལ་བ་མཐའ་ཡས་པ་དངོས་པོ་དང་རྫས་གཅིག་ཏུ་གྱུར་པའི་ཕྱིར། ཇི་སྐད་དུ། ཐ་དད་ཡིན་ན་གཞན་དང་གཞན། །བཀག་པ་དང་ནི་སྒྲུབ་པ་དག །ཆོས་ཅན་གཅིག་ལ་འདུ་མི་འགྱུར། །ཞེས་གསུངས་པའི་དོན་ནོ། །ཡང༌། བུམ་སོགས་དང་དོན་དམ་པར་རྫས་གཅིག་མ་ཡིན་པར་ཐལ། དེ་དང་སྐྱེ་འགག་སོ་སོར་བྱེད་པའི་ཕྱིར། ཡང་བྱེ་བྲག་པས་གསལ་བ་མཐའ་ཡས་པ་ལ། ཉི་མའི་འོད་ཟེར་གྱིས་ཕྱོགས་བཅུའི་བུམ་པ་ལ་དུས་གཅིག་ཏུ་ཁྱབ་པ་བཞིན་དུ། སྤྱི་དངོས་པོ་བ་གཅིག་གིས་ཁྱབ་པར་འདོད་པ་འདི་འཐད་པར་ཐལ། གསལ་བ་གང་གི་ཡང་རྫས་མ་ཡིན་པའི་སྤྱི་དོན་དམ་པའི་དངོས་པོ་ཞིག་གིས་དངོས་པོའི་གསལ་བ་ཐམས་ཅད་སོ་སོ་ནས་རྫས་ཅིག་པའི་ཚུལ་གྱིས་ཁྱབ་པའི་ཕྱིར། ཤིང་གསལ་རྣམས་ཤིང་དུ་རིགས་གཅིག་ཞེས་འཇོག་པ་དེའི་ཚེ་གང་དུ་གཅིག་པའི་ཤིང་གི་རིགས་དོན་དམ་པར་དངོས་པོར་གྲུབ་པ་གཅིག་མེད་པར་ཐལ། ཤིང་གསལ་རྣམས་ཕན་ཚུན་འདྲེས་བ་མེད་པར་སོ་སོར་གནས་པའི་ཕྱིར། དམ་པའི་དོན་གྱི་དོན་རྣམས་ནི། །རང་གི་འདྲེས་དང་ཐ་དད་མེད། །ཅེས་གསུངས་པ་ལྟར་རོ། །ཡང་ཤིང་གསལ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་ཤིང་གི་རིགས་དོན་དམ་པར་གྲུབ་པ་མེད་པར་ཐལ། ཤིང་གསལ་རྣམས་ལས་མ་གཏོགས་པའི་ཤིང་གི་རིགས་དོན་གཞན་ཡང་མེད་ལ། ཤིང་གསལ་རྣམས་ཀྱང་ཕན་ཚུན་མ་འདྲེས་པའི་ཕྱིར་རོ། །ད་ནི་རང་ཕྱོགས་བཤད་པར་བྱ་སྟེ། བསྟན་བཅོས་འདིར་མ་དཔྱད་པ་དང༌། རིགས་པས་ཅུང་ཟད་དཔྱད་པ་དང༌། རིགས་པས་ཤིན་ཏུ་རྣམ་པར་དཔྱད་པ་དང༌། རྣམ་པར་གཞག་པའི་ཚུལ་གསུམ་གསུངས་པ་དང༌། ཡང་རིགས་པས་རྣམ་པར་ཕྱེ་བ་དང་མ་ཕྱེ་བའི་ཚུལ་གཉིས་ཀྱང་གསུངས་ཏེ། འཆད་ཚེ་རྣམ་པར་ཕྱེ་བས་མཁས། །འཇུག་ཚེ་གཅིག་ཏུ་འཁྲུལ་བས་ཐོབ། །ཅེས་གསུངས་པ་ལྟར་རོ། །དེ་ལ་རིགས་པས་མ་དཔྱད་པ་སྣང་བཏགས་གཅིག་ཏུ་འཁྲུལ་བའི་ངོར་བྱས་ཏེ། དངོས་པོ་དང༌། ཤེས་པ་དང༌། ཚད་མ་དང༌། གཟུགས་ལ་སོགས་པ་རྣམས་དངོས་པོར་འདོད་པ་ཡིན་ལ། སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་ཚེ་ན། རྟགས་སྦྱོར་དོན་གསུམ་དངོས་པོ་དང༌། རྟགས་ཀྱིས་རྟགས་འཛིན་སྐྱེད་པ་སོགས་ཀྱང་འདོད་པར་བྱའོ། །སྤྱི་གསལ་གཉིས་སུ་རྣམ་པར་འབྱེད་པ་དང༌། རྫས་ཐ་དད་དཔྱོད་པའི་རིགས་པས་བརྟགས་པའི་རིགས་ངོར་དེ་དག་རྫས་སུ་གྲུབ་པར་མི་འདོད་དེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་པ་ན་དེ་དག་རྫས་སུ་མི་རྙེད་པས་རིག་པས་དཔྱད་མི་བཟོད་པའི་ཕྱིར་ཏེ། ཀུན་རྫོབ་པ་ཡིན་པའི་ཕྱིར། དེས་ན་རིགས་པའི་རྣམ་དཔྱད་མེད་པར་འཇུག་པའི་ངོར་དངོས་པོར་ཁས་ལེན་ཅིང༌། རིགས་པས་ཤིན་ཏུ་རྣམ་པར་དཔྱད་ན་རྫས་སུ་གྲུབ་པར་མི་འདོད་པའི་ཕྱིར་ཁོ་བོའི་ཕྱོགས་ལ་ཇི་སྐད་བཤད་པའི་རིགས་པས་བརྟགས་ནས་སྐྱོན་བརྗོད་པའི་ཀླན་ཀ་མེད་དོ། །དཔྱད་ནས་ཁས་ལེན་པའི་ཚུལ་ཡང་འདི་ལྟ་སྟེ། སྒྲ་རྟག་པའམ་མི་རྟག་པར་དཔྱོད་པ་ན་མི་རྟག་པར་ཁས་ལེན་ཞིང༌། ཆོས་ཅན་གྱི་སྒྲ་དེ་ཉིད་ཀྱང་རྟོག་པ་ལ་སྣང་བའམ། མངོན་སུམ་གྱི་ངོའི་སྒྲ་གང་ཡིན་ཞེས་རྣམ་པར་དཔྱད་ན། ཆོས་ཅན་དུ་སོང་བ་དེ་ཉི་འཇུག་པ་པོའི་ངོར་དངོས་པོ་ཡིན་ཡང༌། རྣམ་པར་དཔྱོད་པའི་བློ་གཞན་གྱིས་དཔྱད་ན། དེ་ལ་སྣང་བ་དེ་སྒྲ་དོན་དང་དངོས་པོར་མ་གྲུབ་པ་ཞེས་བྱའོ། །བརྡའ་འཇུག་པའི་ངོར། རྟགས་སུ་སོང་བའི་བྱས་པ་དེ་ཡང་བློ་གཞན་གྱིས་དཔྱད་ན། སྤྱི་ཙམ་ཡིན་གྱི་དངོས་པོར་མ་གྲུབ་ཅེས་བྱ་སྟེ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱིའི་ངོ་བོ་ཉིད་དུ་རྟོག །ཅེས་པ་ལྟར་རོ། །ཅུང་ཟད་དཔྱད་པའི་ཚེ་རྗེས་སུ་འགྲོ་བའི་སྤྱི་ཡིན་པ་དང༌། དོན་བྱེད་ནུས་པར་མི་འགལ་བའི་རྣམ་བཞག་ཀྱང་ཡོད་དེ། རྟགས་ཀྱིས་རྟགས་འཛིན་སྐྱེད་ཀྱང༌། དཔེ་ལ་རྗེས་སུ་འགྲོ་བར་རྣམ་པར་འཇོག་པ་ལྟ་བུའོ། །རིགས་པས་ཤིན་ཏུ་དཔྱད་པའི་ཚེ་ན་འགལ་བ་ཁོ་ནའོ། །དོན་དམ་པར་དོན་བྱེད་ནུས་པ་གང་ཡིན་པ་དེ་ནི། གསལ་བ་དུ་མ་ལ་རྗེས་སུ་མི་འགྲོ་བས་ཁྱབ་སྟེ། རྗེས་སུ་འགྲོ་བའི་སྤྱི་ཡིན་ན། དོན་དམ་པར་འབྲས་བུ་སྐྱེད་དུ་མེད་པས་ཁྱབ་པའི་ཕྱིར། ཇི་སྐད་དུ། དོན་བྱེད་ནུས་པ་གང་ཡིན་པ། །དེ་ཉིད་དོན་དམ་ཡོད་པ་ཡིན། །དེ་ཡང་རྗེས་འགྲོ་མེད་གང་ཞིག །རྗེས་འགྲོ་དེ་ལས་འབྲས་མི་འབྱུང༌། །ཞེས་གསུངས་པ་ལྟར་རོ། །སྤྱི་དོན་དམ་པར་དོན་བྱེད་མི་ནུས་པའི་རིགས་པ་བརྗོད་ཟིན་ཏོ། །སྤྱི་ཡང་ཡིན་དོན་དམ་པར་དངོས་པོར་གྲུབ་པ་ཡང་འདོད་པས་ནི། གཞུང་འདི་རྣ་ལམ་དུ་ཡང་མ་གྲགས་པ་ཟད་དོ། །ཚད་མས་བུམ་སོགས་འཇལ་མི་འཇལ་དཔྱོད་པའི་ཚེ་ན་འཇལ་ལོ་ཞེས་བྱའོ། །བུམ་སོགས་དོན་དམ་པར་ཡོད་མེད་རིགས་པས་དཔྱོད་པའི་ཚེ། དོན་དམ་པར་མ་གྲུབ་པས་དོན་དམ་པར་མི་འཇལ་ཞེས་བྱའོ། །ཚད་མ་རང་ཉིད་དཔྱད་གཞིར་བཟུང་ནས། དོན་དམ་པར་ཡོད་མེད་དཔྱོད་པ་ན་དོན་དམ་པར་མ་གྲུབ་ཞེས་བྱའོ། །བུམ་སོགས་དོན་དམ་པར་ཡོད་མེད་དཔྱོད་པའི་ཚེ། བུམ་པ་ལ་དཔྱོད་པ་ཡིན་གྱི་ཚད་མའི་རང་ལྡོག་ལ་དཔྱོད་པ་མ་ཡིན་པས། ཚད་མ་ཁས་བླངས་ནས་དེས་འཇལ་བར་སྨྲའོ། །ཚད་མའི་ལྡོག་པ་དཔྱད་གཞིར་བཟུང་ནས་དེ་དོན་དམ་པར་ཡོད་མེད་དཔྱོད་པའི་ཚེ་ན། དོན་དམ་པར་མ་གྲུབ་པས་འཇལ་བྱེད་ཡིན་ཞེས་བརྗོད་དོ། །འོ་ན་བུམ་སོགས་ཆོས་ཅན། ཁྱོད་ཚད་མའི་གཞལ་བྱ་མ་ཡིན་པར་ཐལ། ཁྱོད་འཇལ་བྱེད་ཚད་མ་མེད་པའི་ཕྱིར་ཞེ་ན། ཚད་མ་ཡོད་པར་འདོད་པས་སྐྱོན་དེར་མི་འགྱུར་ལ། དོན་དམ་པར་ཚད་མ་མེད་པའི་ཕྱིར་ཞེས་སྨྲ་ན་ཡང༌། མ་གྲུབ་ཅིང༌། ཁྱབ་པ་ཡང་མ་ངེས་པ་སྲིད་དོ། །འོ་ན་སྤྱི་གང་ཡིན་དངོས་པོར་མ་གྲུབ་ཞེས་ཁས་བླངས་པ་དང་འགལ་ལོ་ཞེ་ན། དོན་དམ་པར་དངོས་པོར་མ་གྲུབ་ཞེས་སྨྲས་ཀྱི། སྤྱི་ལྡོག་ནས་སྨྲས་པ་ཡང་མ་ཡིན་ཅིང༌། ཚད་མ་དོན་དམ་པར་མ་གྲུབ་ཅེས་པ་དང༌། དོན་དམ་པར་ཚད་མ་མ་གྲུབ་ཅེས་པ་ལ་ཁྱད་པར་ཤིན་ཏུ་ཆེ་བས། བློ་རྩིང་དག་གིས་ཕྱོགས་སྔའི་ཞིབ་ཆ་མ་ཕྱེད་བར་དགག་པ་མ་བྱེད་ཅིག དོན་དམ་པར་གཞལ་བྱ་རང་མཚན་མེད་པར་ཐལ། དོན་དམ་པར་ཚད་མ་མེད་པའི་ཕྱིར་ཞེས་སྨྲ་ན། གཏན་ཚིགས་མ་གྲུབ་ཅེས་ལན་བརྗོད་ཟིན། ཚད་མ་དོན་དམ་པར་མ་གྲུབ་པའི་ཕྱིར་ཞེས་སྨྲ་ན་ཁྱབ་པ་མ་ངེས་སོ། །གལ་ཏེ་ཚད་མའི་གཞལ་བྱ་མ་ཡིན་པར་ཐལ། ཚད་མ་དངོས་པོར་མ་གྲུབ་པའི་ཕྱིར་ཞེས་བརྗོད་ན་གཏན་ཚིགས་མ་གྲུབ་བོ། །ཚད་མ་དོན་དམ་པར་དངོས་པོར་མ་གྲུབ་པའི་ཕྱིར་ཞེས་ཟེར་ན་ཁྱབ་པ་མ་ངེས་ཏེ། གཟུགས་སོགས་ཀྱང་ཆོས་ཅན། ཚད་མའི་གཞལ་བྱ་མིན་པར་ཐལ། ཚད་མ་དོན་དམ་པར་དངོས་པོར་མེད་པའི་ཕྱིར་ཏེ། སྤྱི་འགོག་བྱེད་ཀྱི་རིགས་པས་བསྟན་ཟིན་ཏོ། །དེས་ན་དོན་དམ་པར་མ་གྲུབ་པའི་གཞལ་བྱ་དང་ཚད་མ་གཉིས་ཀ་ཡོད་ཅིང༌། ཚད་མ་དང༌། གཞལ་བྱ་གཉིས་དོན་དམ་པར་གྲུབ་པ་མ་ཡིན་ཞེས་པའི་ཁྱད་པར་ལེགས་པར་ཕྱེ་བར་བྱའོ། །དེས་ན་རིགས་པས་མ་དཔྱད་པའི་ངོ་ན། དངོས་པོ་དང་ཤེས་པ་དང༌། ཚད་མ་སོགས་ཀྱང་དངོས་པོ་ཡིན་ལ། རིགས་པས་ཅུང་ཟད་དཔྱད་པའི་ཚེ་ན། ད་ལྟར་གྱི་མདུན་གྱི་ཀ་བ་ལྟ་བུ། རང་མཚན་གྱི་མཚན་གཞིར་བཟུང་ངོ༌། །ད་ལྟར་ཞེས་སྨོས་པ་ནི། གོང་མའི་སྤྱི་སེལ་བ་ཡིན་ལ། མདུན་གྱི་ཀ་བ་ཞེས་བྱེ་བྲག་དུ་ངོས་བཟུང་བས་ནི། ཐད་ཀའི་སྤྱི་སེལ་བ་ཡིན་ནོ། །གལ་ཏེ་མདུན་གྱི་ཀ་བ་འདི་ལ་ཡང་ཐད་ཀའི་བྱེ་བྲག་ཡོད་དེ། ཤར་ཕྱོགས་ཀྱི་མདུན་གྱི་ཀ་བ་དང༌། ནུབ་ཕྱོགས་ཀྱི་མདུན་གྱི་ཀ་བ་ཞེས་དབྱེ་བར་བྱར་ཡོད་པའི་ཕྱིར་རོ་ཞེ་ན། འོ་ན་ཤར་ཕྱོགས་དང༌། ནུབ་ཕྱོགས་ཀྱི་མདུན་གྱི་ཀ་བ་གཉིས་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན། རྫས་ལ་བྱེ་བྲག་དུ་མ་མེད་པར་གཅིག་ཏུ་འགྱུར་བས་ཁོ་བོའི་ཕྱོགས་སུ་གནས་ཤིང༌། འགལ་བ་ཡང་ཡིན་ཏེ། ཡུལ་སོ་སོར་གནས་པ་རྫས་གཅིག་དུ་ཇི་ལྟར་འགྱུར། གལ་ཏེ་རྫས་ཐ་དད་དོ་ཞེ་ན། འོ་ན་ཀ་བ་གཅིག་ལ་ཀ་བ་རྫས་ཐ་དད་པ་བཅུ་ཚད་མས་དམིགས་པར་ཐལ། ཕྱོགས་བཅུའི་དབྱེ་བས་ཀ་བ་རྫས་ཐ་དད་པ་བཅུ་ཕྲག་འདིའི་བྱེ་བྲག་དུ་གྲུབ་པའི་ཕྱིར། ཀ་བ་གཅིག་ལས་ཚད་མས་མ་དམིགས་པ་ལ། ཀ་བ་བཅུ་འདིའི་བྱེ་བྲག་ཏུ་ཁས་ལེན་པ་ནི་མུ་སྟེགས་རྒྱང་འཕེན་པ་ལྟར་མངོན་སུམ་ལ་སྙོན་པ་ཡིན་ནོ། །གཞན་ཡང༌། ད་ལྟར་གྱི་མདུན་གྱི་ཀ་བ་གཅིག་པོ་འདི་ལ་ཀ་བར་གྱུར་པའི་བྱེ་བྲག་དུ་མ་ཁས་ལེན་པར་བྱེད་ན། འོ་ན་བྱེ་བྲག་མེད་པའི་དངོས་པོ་རང་མཚན་པ་ཅིག་མི་སྲིད་པར་ཐལ་ལོ། །འདོད་ན་ཕྱོགས་ཀྱི་ཆ་མེད་དང༌། དུས་ཀྱི་ཆ་མེད་ཀྱི་དངོས་པོ་གཅིག་མི་སྲིད་པར་ཐལ་ལོ། །འདོད་ན། གཟུགས་ཅན་གྱི་ཆུང་མཐའ་དང༌། དུས་ཀྱི་ཐུང་མཐའ་མི་སྲིད་པར་ཐལ་ལོ། །འདོད་ན་རགས་པ་དང༌། རྒྱུན་རྩོམ་བྱེད་མེད་པར་ཐལ་ལོ། །གཞན་ཡང་དངོས་པོར་སྨྲ་བའི་སྐབས་འདིར། བདེན་པའི་གཅིག་གྲུབ་པ་མེད་པར་ཐལ། དངོས་པོ་ཡིན་ན་ཆ་ཤས་ཡོད་པས་ཁྱབ་པའི་ཕྱིར། འདོད་ན། བདེན་པའི་གཅིག་མེད་པས་བདེན་པའི་དུ་མ་ཡང་མེད་པའི་ཕྱིར་དངོས་པོར་སྨྲ་བའི་ངོར་བདེན་པའི་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་དངོས་པོ་བདེན་མེད་དུ་སྒྲུབ་པ་གྲུབ་ཟིན་སྒྲུབ་པའི་རྟགས་སྐྱོན་ཅན་དུ་ཐལ་བར་འགྱུར་རོ། །བསྟན་ཆོས་འདིར་ཡང༌། ཐད་ཀ་དང་ནི་གོང་མ་ཡི། །སྤྱི་དང་བྱེ་བྲག་གཉིས་གཉིས་ཡོད། །ཅེས་པའི་དོན་ལ་གོང་མའི་སྤྱི་ནི། དཔེར་ན། ཀ་བ་འདས་མ་འོངས་གསུམ་ཀའི་ཀ་བ་ལ་རྗེས་སུ་འགྲོ་བ་ལྟ་བུའོ། །ཐད་ཀའི་སྤྱི་ནི་ཙན་དན་དང༌། ཤུག་པ་ལ་སོགས་པ་ཕྱོགས་བཅུའི་ཀ་བ་ལ་རྗེས་སུ་འགྲོ་བ་ལྟ་བུའོ། །འདས་པ་དང་མ་འོངས་པའི་ཀ་བ་ཞེས་བརྗོད་པ་ཡང༌། རིགས་པས་མ་དཔྱད་པའི་རྣམ་གཞག་ཡིན་གྱི། རིགས་པས་དཔྱད་ན་མ་ཡིན་ནོ། །འགའ་ཞིག་ཀ་བའི་རྡུལ་རེ་རེ་ནས་ཀ་བའི་བྱེ་བྲག་ཏུ་འདོད་པ་སོགས་ནི། རྣལ་མ་རེ་རེ་ཡང་སྣམ་བུར་ཁས་ལེན་པ་དང་མཚུངས་པས་དགག་པར་སླའོ། །ས་ཕྱོགས་འདིའི་ཕྲ་རྡུལ་རེ་རེ་ལའང་བུམ་པའི་མཚན་ཉིད་ཚང་བར་ཐལ་ལོ། །རིགས་པས་ཤིན་ཏུ་རྣམ་པར་དཔྱད་པའི་ཚེ་ན། མདུན་གྱི་ད་ལྟར་བའི་བུམ་གཟུགས་ལྟ་བུ་ལ། རང་གི་མཚན་ཉིད་ཀྱི་ངོ་བོར་ངོས་གཟུང་བར་བྱའི། །བུམ་སོགས་ལ་མི་འཛིན་ཏེ། སྔར་བཤད་པ་ལྟར། བུམ་པའི་གཟུགས་དྲི་རོ་སོགས་ཀྱང་བུམ་པ་མ་ཡིན་ལ། དེ་ལས་ལོག་ཤིག་དུ་བུམ་པ་རྫས་སུ་གྲུབ་པ་མི་རྙེད་པའི་ཕྱིར་རོ། །གཟུགས་དྲི་སོགས་རེ་རེ་ཡང་བུམ་པར་ཁས་ལེན་ན། བུམ་པ་གཅིག་ལ་བུམ་རྫས་ཐ་དད་པ་དུ་མ་ཚད་མས་དམིགས་པར་ཐལ་ལོ། །གཞན་ཡང་བུམ་སོགས་ནི་སྐྱེ་མཆེད་རིགས་མི་མཐུན་དུ་མ་ཚོགས་པ་ཡིན་པས། རིགས་པའི་བློས་གཟུགས་སོགས་སོ་སོར་རྣམ་པར་བསལ་བ་ན་རྫས་སུ་གྲུབ་པ་ཁེགས་པའི་ཕྱིར། ད་ལྟར་གྱི་མདུན་གྱི་བུམ་གཟུགས་སོགས་ནི། རྫས་གཅིག་དང་རྫས་ཐ་དད་དུ་རྣམ་པར་དཔྱོད་པའི་རིགས་པས་བརྟགས་ནའང༌། རྫས་སུ་གྲུབ་པ་མི་ཁེགས་པའི་ཕྱིར་ཏེ། རིགས་པས་ཤིན་ཏུ་དཔྱད་ཀྱང༌། མངོན་སུམ་གྱི་ངོ་ན་རང་དབང་དུ་སྣང་བའི་ཕྱིར་དང༌། མངོན་སུམ་གྱིས་ཀྱང་དེ་རང་དབང་དུ་འཛིན་པའི་ཕྱིར་ཏེ། དེ་ལ་འཛིན་པ་རང་དབང་ཅན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན། བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་པའི་དོན་ཡང་རིགས་པས་ལེགས་པར་བཤད་དོ། །མང་ཐོས་ཆུ་འཛིན་སྟུག་པོ་ལས་མཐོན་པའི། །ཡང་དག་རིགས་པའི་རྡོ་རྗེའི་མེ་ཆར་གྱིས། །སྤྱི་དངོས་སྨྲ་བའི་མུ་སྟེགས་རྗེས་འཇུག་བཅས། །མ་ལུས་ཐལ་བ་བཞིན་དུ་བརླག་པར་བྱས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཡང་ཚད་མ་ཆོས་ཅན། དངོས་པོར་མེད་པར་ཐལ། སྤྱི་ཡིན་པའི་ཕྱིར་ཞེ་ན། ཅུང་ཟད་དཔྱད་པ་ན་ཁྱབ་པ་མ་ངེས་ལ། རང་མཚན་མིན་པར་ཐལ་ཟེར་ན་འདོད་པ་ཡིན་ནོ། །རང་མཚན་དང་སྤྱི་ནི་རྣམ་པ་ཀུན་ཏུ་འགལ་བ་ཡིན་ནོ། །ཅུང་ཟད་དཔྱད་པ་ལ། སེལ་ངོར་སྤྱི་དང་དངོས་པོ་འགལ་བར་མ་ངེས་ཏེ། ཀུན་རྫོབ་པའི་དངོས་པོ་འདོད་པར་བྱ་བ་ཡིན་པའི་ཕྱིར། ཀུན་རྫོབ་པའི་དངོས་རྣམས་ལ་ཞེས་གསུངས་པས། ཀུན་རྫོབ་པའི་དངོས་པོ་ཞལ་གྱིས་བཞེས་པའི་ཕྱིར་རོ། །ཡོད་པ་ལ་ཚད་མའི་གཞལ་བྱ་ཡིན་པར་མ་ངེས་པ་ནི་སྔར་བསྟན་ཟིན་ལ། གཞལ་བྱ་ཡིན་ན་ཡང་ཚད་མའི་གཞལ་བྱར་ཁྱབ་པར་འདོད་པ་ལ་སྐྱོན་ཡོད་དེ། གཟུགས་སོགས་ཆོས་ཅན། ཚད་མ་གཞལ་བྱ་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། འདོད་ན། དེ་ལྟར་མ་ཡིན་པར་ཐལ། ཚད་མའི་ཡུལ་མ་ཡིན་པའི་ཕྱིར་ཏེ། ཕྱི་རོལ་གྱི་གཟུགས་གང་ཞིག་ཚད་མ་ལ་ཁྱོད་ཀྱི་རྣམ་པ་མ་ཤར་བའི་ཕྱིར། གལ་ཏེ་ཤར་ན། དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པར་ཐལ། གཟུགས་གང་ཞིག་དེ་ལ་ཁྱོད་ཀྱི་རྣམ་པ་ཤར་བའི་ཕྱིར། གཞན་ཡང་ཚད་མ་ཆོས་ཅན། གཟུགས་འཛིན་གྱི་ཤེས་པ་ཡིན་པར་ཐལ། གཟུགས་འཛིན་གྱི་རྣམ་པ་དང་འབྲེལ་བའི་བློ་གང་ཞིག གཟུགས་འཇལ་བའི་ཚད་མ་ཡིན་པའི་ཕྱིར་རོ། །གཟུགས་སྒྲ་སོགས་སོ་སོར་འཇལ་བ་ལ་དབང་སོགས་དོན་མེད་པར་ཐལ། ཚད་མས་གཟུགས་སྒྲ་སོགས་ཕན་ཚུན་རྣམ་པ་མི་མཐུན་པ་ཐམས་ཅད་འཇལ་བའི་ཕྱིར་རོ། །གཞན་ཡང་ཚད་མ་ཆོས་ཅན། གཟུགས་སོགས་དང་སྣང་མུན་སོགས་དུ་མའི་རྣམ་པ་ཅན་དུ་སྐྱེ་བར་ཐལ། དེ་དག་ཕྱི་དོན་གང་ཞིག དེ་དག་ཐམས་ཅད་འཇལ་བྱེད་དུ་སྐྱེས་པའི་ཕྱིར། དོན་གྱི་རྣམ་པ་མ་ཤར་བར་དོན་འཇལ་བྱེད་དུ་སྐྱེ་ཞེས་པ་ནི་མི་རུང་ངོ༌། །སངས་རྒྱས་ཀྱི་ཡེ་ཤེས་ལ་མི་མཚུངས་ཏེ། ཡུལ་སོ་སོའི་རྣམ་པ་ཐ་དད་དུ་ཤར་བ་ལ་མ་ལྟོས་པར། ཐམས་ཅད་མཁྱེན་པའི་ཕྱིར་ཏེ། གཟུང་འཛིན་གཉིས་ཀྱི་རྣམ་པ་ཐ་དད་དུ་སྣང་བ་མེད་པར་ཐལ། ཤེས་བྱ་ཐམས་ཅད་མ་ལུས་པ་འཇལ་བའི་ཕྱིར། གཞན་ཡང༌། ཚད་མ་ཆོས་ཅན། ཤེས་བྱ་མ་ལུས་པ་རིག་པའི་བློ་ཡིན་པར་ཐལ། ཤེས་བྱ་མ་ལུས་པ་འཇལ་བའི་བློ་ཡིན་པའི་ཕྱིར། འདོད་ན་ཐམས་ཅད་མཁྱེན་པ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་གཞལ་བྱ་ཡིན་ན་ཡོད་ངེས་ཡིན་པས་མ་ཁྱབ་པར་ཐལ། ཚད་མས་གཞལ་བས་མ་ཁྱབ་པའི་ཕྱིར་ཞེ་ན། ལན་བརྗོད་ཀྱང་ཟིན་ལ། དེ་འཇལ་བྱེད་ཀྱི་ཚད་མ་ཡོད་པས་ཁྱབ་པའི་ཕྱིར་ཉེས་པ་མེད་དོ། །དེས་ན། དེ་ཚད་མའི་གཞལ་བྱ་མ་ཡིན་ཡང༌། དེ་འཇལ་བྱེད་ཀྱི་ཚད་མ་ཡོད་པས་གཞལ་བྱར་འཇོག་པ་ཡིན་ནོ། །གཞན་ཡང་ཤེས་བྱ་མཐའ་ཡས་པའི་རྣམ་པ་ཤེས་པ་གཅིག་གི་ངོར། གཅིག་པ་གཅིག་སྲིད་པར་ཐལ། ཚད་མ་གཅིག་ཉིད་ཤེས་བྱ་མཐའ་ཡས་པའི་རྣམ་པ་ཅན་དུ་སྐྱེ་སྲིད་པའི་ཕྱིར་དང༌། གང་ལ་ཤར་བའི་ཡུལ་གྱི་རྣམ་པ་དེ་ཉིད་ཡུལ་ཅན་དེའི་བདག་ཉིད་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ནི་ཚུལ་གཉིས་ཉིད། །ཅེས་པ་དང༌། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང༌། རང་རིག་ཕལ་ཆེར་གྲུབ་པ་ཡིན་ཅེས་པའི་དོན་གྱིས་ཤེས་སོ། །ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱི་སྒྲུབ་བྱེད་ཀྱང་འཇུག་གོ །ཚད་མའི་གཞལ་བྱ་ཡིན་པར་ཐལ། སྔོན་འཛིན་མངོན་སུམ་གྱི་གཞལ་བྱ་ཡིན་པའི་ཕྱིར་ཞེ་ན། སྔོན་པོ་ཆོས་ཅན། དབང་པོའི་མངོན་སུམ་གྱི་བཟུང་དོན་ཡིན་པར་ཐལ། སྔོན་འཛིན་དབང་པོའི་མངོན་སུམ་གྱི་བཟུང་དོན་ཡིན་པའི་ཕྱིར། འདོད་ན། དེའི་དངོས་རྒྱུར་ཐལ་བར་འགྱུར་བས་ཁྱབ་མཉམ་ཉིད་དུ་ཐལ་བར་འགྱུར་ཏེ། རྣམ་ངེས་ལས། འབྲས་བུ་དེ་ནི་རྒྱུ་ལ་ཁྱབ་པ་དང་ལྡོག་པ་མེད་པའི་ཕྱིར་ཞེས་ཁྱབ་མཉམ་དུ་གསུངས་སོ། །བུམ་པའི་ཉེར་ལེན་ཆོས་ཅན། དངོས་པོ་སྐྱེད་བྱེད་དུ་ཐལ། བུམ་པའི་དངོས་པོ་སྐྱེ་བྱེད་ཡིན་པའི་ཕྱིར་ཞེས་སོགས་རྒྱ་ཆེར་སྦྱར་རོ། །ཤེས་བྱ་མ་ལུས་པ་ལ་མི་བསླུ་བའི་ཚད་མ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ན་ཡིན་པའི་ཕྱིར། གཞལ་བྱ་ཡིན་ན་ཚད་མའི་གཞལ་བྱ་ཡིན་པས་ཁྱབ་ཅེས་སྨྲ་བ་ནི་ནོར་བ་ཁོ་ནའོ། །གལ་ཏེ་རྣམ་མཁྱེན་གྱི་ཡེ་ཤེས་ཀྱིས་ཤེས་བྱ་མ་ལུས་པ་འཇལ་བ་ཉིད་ཀྱིས་ན་ཐམས་ཅད་ཚད་མའི་གཞལ་བྱར་གྲུབ་པ་ཡིན་ནོ་ཞེ་ན། སྔོན་འཛིན་མངོན་སུམ་སྔོན་པོའི་རྣམ་པ་ཅན་ཉིད་དུ་སྐྱེས་པ་ཉིད་ཀྱིས་ཚད་མ་ཡང་སྔོན་པོའི་རྣམ་པ་ཅན་ཉིད་དུ་སྐྱེས་ཞེས་བྱ་བ་དང༌། དབང་མངོན་དོན་རིག་མངོན་སུམ་ཡིན་པས་ཚད་མ་ཡང་དོན་རིག་མངོན་སུམ་ཡིན་ཞེས་བྱ་བ་ཡང་མཚུངས་སོ། །ཚད་མ་ཆོས་ཅན། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ན་ཡང་དངོས་པོར་གྲུབ་པའི་ཚད་མ་ཡིན་པར་ཐལ། དོན་དམ་པར་གྲུབ་པའི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །འདོད་ན། དེ་མིན་པར་ཐལ། ཁྱོད་མངོན་སུམ་ཡང་མ་ཡིན། རྗེས་དཔག་ཀྱང་མ་ཡིན་པའི་ཕྱིར། ཡང་འགའ་ཞིག དངོས་པོ་བུམ་སོགས་ཀྱི་སྤྱི་དང༌། བུམ་སོགས་བྱེ་བྲག་ཏུ་དོན་ལ་གནས་པར་འདོད་པ་ཡང་མི་འཐད་པར་ཐལ། དངོས་པོ་དང༌། བུམ་སོགས་དོན་དམ་པར་ཐ་དད་དུ་མ་གྲུབ་པའི་ཕྱིར། གཞི་མཐུན་དོན་ལ་ཡོད་པར་འདོད་པ་ཡང་འདིས་དགག་པར་བྱའོ། །འོན་ཀྱང་གཞི་མཐུན་པ་པོ་དོན་ལ་མེད་པས་ཁྱབ་པར་སྨྲ་བ་ནི་མ་ཡིན་པར་ཁྱབ་པར་ཕྱེད་པ་གལ་ཆེའོ། །འགལ་བ་དང་འབྲེལ་བ་སོགས་ཀྱང་ཚུལ་དེ་བཞིན་ནོ། །ཡང་འགའ་ཞིག་མ་འོངས་པ་ན་འབྱུང་བར་འགྱུར་བའི་ལོ་ཐོག་ལྟ་བུ་ཡང་ད་ལྟར་གྱི་དངོས་པོ་ཡིན་ཏེ། སྐྱེས་ལ་མ་འགགས་པ་ཡིན་པའི་ཕྱིར། སྐྱེས་པ་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པའི་ཕྱིར་ཏེ། འདུས་བྱས་ཡིན་པའི་ཕྱིར། ཅི་སྟེ་འདུས་བྱས་སུ་མི་འདོད་ན། འདུས་མ་བྱས་སུ་ཐལ་བར་འགྱུར་བས། སྐྱེ་བ་རྒྱུ་རྐྱེན་ལ་མི་ལྟོས་པར་འགྱུར་རོ་ཞེ་ན། སོ་སོ་སྐྱེ་བོ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་རྣམ་མཁྱེན་ཀྱི་ཡེ་ཤེས་སོགས་ཐེག་ཆེན་གྱི་ལམ་ལྔ་སྐྱེད་པར་ཐལ། དེ་ཁྱོད་ཀྱི་རྒྱུད་ལ་འབྱུང་བའི་ཕྱིར། འདོད་ན། ལམ་ཞུགས་ཀྱི་གང་ཟག་ཉིད་དུ་ཐལ་བར་འགྱུར་བ་དང༌། ཇོ་མོ་ནང་པས། སོ་སྐྱེ་ཐ་མལ་པའི་རྒྱུད་ལ་སྟོབས་བཅུ་རང་ཆས་སུ་ཡོད་ཅེས་པ་དང་ཚུལ་མཚུངས་པས། མུན་པ་ལས་ཀྱང་ཆེས་མུན་པ། བླུན་པ་ལས་ཀྱང་ཆེས་བླུན་པའི་ཚིག་ཡིན་པས་སྨྲ་བ་པོ་བ་ལང་ལས་ཀྱང་ཆེས་བླུན་པར་ཤེས་པར་བྱའོ། །འདི་ནི་རྟོག་པས་འབྱུང་འགྱུར་གྱི་སྤྱི་བློ་ཡུལ་དུ་བྱས་ནས་དངོས་པོར་རློམ་པ་ཙམ་དུ་ཟད་ཀྱི་ད་ལྟར་དངོས་པོར་གྲུབ་པ་ནི་མིན་ནོ། །གལ་ཏེ་ད་ལྟར་སྐྱེས་པ་ཡིན་ན། ཁྱོད་ཀྱི་དངོས་རྒྱུ་དང་ཉེར་རྒྱུ་སོགས་ད་བཟོད་འབྱུང་བར་འགྱུར་བ་མ་ཡིན་པར་ཐལ། ཁྱོད་ད་ལྟར་སྐྱེས་ཟིན་པའི་ཕྱིར། འདོད་ན། ཁྱོད་བྱུང་བའི་ཕྱིར་དུ་ཞིང་ལས་སོགས་ད་བྱེད་དགོས་པ་མིན་པར་ཐལ་ལོ། སོ་སོ་སྐྱེ་བོ་ཐ་མལ་པ་ཆོས་ཅན། སངས་རྒྱས་པ་ཡིན་པར་ཐལ། སངས་རྒྱ་བར་འགྱུར་བའི་ཕྱིར། གཞན་ཡང་མ་འོངས་པ་ན་འབྱུང་བར་འགྱུར་བའི་ལོ་ཐོག་གནས་ཚུལ་ལ་རྒྱུ་རྐྱེན་ལས་སྐྱེས་པ་མིན་པར་ཐལ། འབྱུང་ལ་མ་བྱུང་བ་ཡིན་པའི་ཕྱིར་ཏེ། མ་འོངས་པ་ཡིན་པའི་ཕྱིར། ཁྱབ་པ་ཡང་རང་གི་ཁས་བླངས་ལ་མཚུངས་སོ། །གལ་ཏེ་དེ་རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་མ་འོངས་པ་མ་ཡིན་ནོ་ཞེ་ན། འོ་ན་མ་འོངས་པ་ཡང་ཡིན། འབྱུང་བར་འགྱུར་བའི་ཆོས་ཀྱང་ཡིན་པ་གཅིག་མི་སྲིད་པར་ཐལ་ལོ། །འདོད་ན། འབྱུང་ལ་མ་བྱུང་བ་མ་འོངས་པའི་མཚན་ཉིད་དུ་མི་རུང་བ་དང༌། སྐྱེས་ལ་མ་འགགས་པ་ད་ལྟར་བའི་མཚན་ཉིད་དུ་མི་རུང་བར་སོགས་རྒྱ་ཆེར་སྦྱར་རོ། །ཡང་སྐལ་བ་གྲངས་མེད་པའི་གོང་རོལ་དུ་བྱུང་བའི་བུམ་པ་ཡང༌། ད་ལྟར་བའི་དངོས་པོ་ཡིན་ཏེ །སྐྱེས་ལ་མ་འགགས་པ་ཡིན་པའི་ཕྱིར། །མ་འགགས་པ་ཡིན་པའི་ཕྱིར། དངོས་པོ་ཡིན་ཏེ། གལ་ཏེ་དེ་འགག་ན། ད་ལྟར་བའི་དངོས་པོ་རྒྱུ་མེད་དུ་ཐལ་བར་འགྱུར་རོ་ཞེས་ཟེར་རོ། །འོ་ན་སྐྱེས་ལ་འགགས་པ་འདས་པའི་མཚན་ཉིད་དུ་འཇོག་མི་རིགས་པར་ཐལ། སྐྱེས་ལ་འགགས་པ་གཅིག་མི་སྲིད་པའི་ཕྱིར། གལ་ཏེ་སྲིད་ན། བསྐལ་པ་གྲངས་མེད་པའི་གོང་རོལ་གྱི་བུམ་པ་ད་ལྟར་བའི་དངོས་པོ་ཡིན་པར་འགལ་ལོ། །གཞན་ཡང་འདས་པ་ཞེས་བྱ་བ་གཅིག་ངོས་ཟུངས་ཤིག ཁར་སང་གི་བུམ་པ་དེ་རིང་གི་དུས་སུ་འགགས་པ་ལྟ་བུ་ལ་ངོས་འཛིན་ནོ་ཞེ་ན། ཁར་སང་གི་བུམ་པ་དེ་རིང་གི་དུས་སུ་འགགས་པ་དེ་འདས་པའི་མཚན་གཞིར་ཁྱོད་ལ་མི་རུང་བར་ཐལ། དེ་རིང་གི་དུས་སུ་འདས་པས་འདས་པར་མི་འགྱུར་བའི་ཕྱིར། གལ་ཏེ། འགྱུར་ན། དེ་འདས་པར་ཐལ། དེ་རིང་གི་དུས་སུ་འདས་པའི་ཕྱིར་ཞེས་བརྗོད་པས་ལན་མེད་དོ། །མ་འོངས་པའི་མཚན་གཞི་ཡང་མི་རྙེད་པར་ཐལ། དེ་རིང་མ་འོངས་པས་མ་འོངས་པར་མི་འགྱུར་བའི་ཕྱིར་ཏེ། འགྱུར་ན་སྔ་མ་བཞིན་དུ་བརྗོད་པས་ཀྱང་ལན་མེད་དོ། །ཚེ་སྔ་མའི་ཕ་མའི་སྲོག་གི་དབང་པོ་ཡང༌། ད་ལྟར་བར་ཐལ། སྐྱེས་ལ་མ་འགགས་པ་ཡིན་པའི་ཕྱིར། འདོད་ན། མ་ཤི་བར་ཐལ། སྲོག་དབང་མ་འགགས་པའི་ཕྱིར། སྲོག་དབང་མ་འགགས་པར་ཤི་ཟིན་པར་འདོད་པ་ནི་བཞད་གད་ཀྱི་གནས་ཡིན་ལ། རྣམ་ངེས་ལས་ཀྱང༌། རྣམ་པར་ཤེས་པ་དང༌། དབང་པོ་དང༌། ཚེ་འགགས་པ་ནི་ཤི་བའི་མཚན་ཉིད་ཡིན་ནོ་ཞེས་གསུངས་སོ། །ཁྱོད་ཚེ་སྔ་མ་མ་ཤི་བར་ད་ལྟ་འདིར་སྐྱེས་པར་ཐལ། ཁྱོད་ཀྱི་ཚེ་སྔ་མའི་སྲོག་གི་དབང་པོ་མ་འགགས་པར་འདིར་སྐྱེས་པའི་ཕྱིར། སྔ་མ་དུད་འགྲོར་སྐྱེས། ད་ལྟ་མིར་སྐྱེས་པའི་གང་ཟག་དེ་ཆོས་ཅན། ཁྱོད་ལ་ལས་མི་འདྲ་བ་གཉིས་ཀྱི་རྣམ་པར་སྨིན་པ་མི་འདྲ་བ་གཉིས་དུས་གཅིག་དུ་ཚོགས་པ་སྲིད་པར་ཐལ། ཚེ་སྔ་མའི་ཕུང་པོ་མ་འགགས་པར་མིའི་ཕུང་པོ་བླངས་པའི་ཕྱིར། འཇིག་རྟེན་འདིར་དབུལ་པོ་རྒྱུན་ཆད་དུ་ཐལ། སྐྱེ་བ་དཔག་ཏུ་མེད་པའི་གོང་རོལ་གྱི་ཟས་དང་ལོངས་སྤྱོད་སྤྱད་ཟིན་པ་ཐམས་ཅད་ཀྱང་ད་ལྟ་མ་ཉམས་པར་ཡོད་པའི་ཕྱིར། འཇིག་རྟེན་ན་སྔར་གྱི་གྲོང་ཁྱེར་བརླགས་ཟིན་པ་དེ་དག་ཀྱང་ད་ལྟ་ཚད་མའི་ཡུལ་དུ་འགྱུར་བ་སྲིད་པར་ཐལ། ད་ལྟར་བའི་དངོས་པོར་ཡོད་པའི་ཕྱིར། ཙམ་པ་ལ་སོགས་པ་ཟོས་ཟིན་པའི་འབྲས་བུ་མི་གཙང་བའི་ཕུང་པོར་གྲུབ་ཟིན་པའི་རྩམ་པ་སོགས་ཀྱང་ད་ལྟར་བའི་དངོས་པོར་ཡོད་པར་འདོད་པ་ནི། སྨོན་ལམ་ལོག་པར་བཏབ་པའི་གང་ཟག་འགའ་ཞིག་ལྷ་རུ་བརྫུས་ནས་བསླབས་པའི་ཆོས་སྐད་གཅིག་ཡིན་པས་སྤང་བར་བྱའོ། །གཞན་ཡང་ཐེག་པ་གསུམ་རིམ་གྱིས་འགྲོད་པར་འགྱུར་བའི་རིགས་ཅན་གྱི་སོ་སྐྱེ་ཆོས་ཅན། ཐེག་པ་གསུམ་ཆར་གྱི་ལམ་ལྔ་རྒྱུད་ལ་སྐྱེས་པར་ཐལ། དེ་རྒྱུད་ལ་འབྱུང་བའི་ཕྱིར། འདོད་ན། ཐེག་པ་གསུམ་ཆར་གྱི་ལམ་ལྔ་ཁྱོད་ཀྱི་རྒྱུད་ལ་ད་ལྟ་གྲུབ་པར་ཐལ། དེ་སྐྱེས་ལ་མ་འགགས་པར་ཡོད་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་གང་ཟག་ཡིན་པར་ཐལ། ཉན་ཐོས་ཀྱི་ཐེག་པ་རྒྱུད་ལ་སྐྱེས་ནས་མ་འགགས་པར་ཡོད་པའི་གང་ཟག་ཡིན་པའི་ཕྱིར། རང་རྒྱལ་གྱི་དང༌། ཐེག་ཆེན་གྱི་གང་ཟག་ཡིན་པར་ཐལ། དེ་དང་དེའི་ཐེག་པ་རྒྱུད་ལ་སྐྱེས་ནས་མ་འགགས་པར་ཡོད་པའི་གང་ཟག་ཡིན་པའི་ཕྱིར། ལྷར་སྐྱེ་འགྱུར་གྱི་མིའི་གང་ཟག་ཡང་ཆོས་ཅན། ལྷའི་ཕུང་པོ་རྒྱུད་ལ་སྐྱེས་པར་ཐལ། དེ་རྒྱུད་ལ་འབྱུང་བའི་ཕྱིར། འདོད་ན། ལྷའི་གང་ཟག་དུ་ཐལ། ལྷའི་ཕུང་པོ་རྒྱུད་ལ་སྐྱེས་ཟིན་མ་འགགས་པར་ཡོད་པའི་ཕྱིར། འགྲོ་བ་གཞན་ལ་ཡང་སྦྱར་རོ། །མིའི་གང་ཟག་གི་རྒྱུད་ལ་ཆོས་ཅན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྒྱུ་རྐྱེན་ལས་སྐྱེས་པར་ཐལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འདུས་བྱས་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། འོ་ན་དེ་སྐྱེ་བ་རྒྱུ་རྐྱེན་ལ་མི་ལྟོས་པར་ཐལ། དེ་འདུས་མ་བྱས་ཡིན་པའི་ཕྱིར་ཞེས་བརྗོད་དོ། །དེས་ན་མ་འོངས་པ་ན་འབྱུང་བར་འགྱུར་བའི་ལོ་ཐོག་ནི། འབྱུང་འགྱུར་བློ་ཡུལ་དུ་བསམ་ནས་སྨྲ་བར་ཟད་ཀྱི། ད་ལྟར་གྲུབ་པ་མེད་པས། འདུས་བྱས་དང༌། འདུས་མ་བྱས་གང་དུའང་དོན་ལ་བཞག་དུ་མེད་དོ། །དུ་བ་དང་དུ་བས་སྐྱེད་བྱེད་ཀྱི་རྒྱུ་ཡང་ད་ལྟར་མཚུངས་པས་དུས་མཚུངས་སུ་གྲུབ་པར་ཐལ་བར་འགྱུར་རོ། །འགའ་ཞིག་ད་ལྟར་གྱི་རྒྱུ་མེ་ཡང་ད་ལྟར་གྱི་དངོས་པོར་ཡོད་དེ། སྐྱེས་ལ་མ་འགགས་པའི་ཕྱིར་ཏེ། འགགས་ན་དེ་ལ་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དུ་བའི་དུས་ན་འགགས་པས་རྒྱུ་འབྲས་དུས་མཉམ་དུ་ཐལ་བའི་ཉེས་པ་མེད་དོ་ཞེས་ཟེར་རོ། །ད་ལྟར་གྱི་དུ་བ་ཆོས་ཅན། ཁྱོད་ཀྱི་རྒྱུ་མེ་འགགས་པར་ཐལ། ཁྱོད་རང་རྒྱུ་མེ་ལས་རྫོགས་པར་སྐྱེས་པའི་ཕྱིར་རོ། ཁྱབ་པ་མ་ངེས་ན། རང་ཉིད་རྫོགས་པར་སྐྱེས་ཀྱང༌། དེའི་རྒྱུ་མ་འགགས་ན། རང་དུས་སུ་འགགས་པར་ཐལ་ལོ། །འདི་ཇི་ལྟར་འགལ་བའི་ཚུལ་ལ་ཐེ་ཚོམ་ཙམ་ཡང་མ་ཞུགས་པར་སྣང་ངོ༌། །འོ་ན་རྒྱུ་མེད་པར་ཐལ། རང་རྒྱུ་ལས་མ་སྐྱེས་པའི་ཕྱིར་ཞེ་ན། རྒྱུ་ལས་སྐྱེས་པར་ནི་འདོད་མོད་ཀྱི། དེ་ལས་སྐྱེས་པས་དེ་མ་འགགས་པར་མི་འགྱུར་ཏེ། འབྲས་བུ་སྐྱེས་ཟིན་པ་ཉིད་ཀྱིས་དེའི་རྒྱུ་འགག་དགོས་པའི་ཕྱིར་རོ། །རྒྱུ་ནི་འབྲས་བུའི་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། གཞན་དུ་ན་རྒྱུ་སྐད་ཅིག་གིས་སྐྱེ་འགག་བྱེད་པར་མི་འགྱུར་ཏེ། འབྲས་བུ་རྫོགས་པར་སྐྱེས་ཟིན་ཀྱང་རྒྱུའི་རྫས་མ་ཉམས་པར་འདོད་པའི་ཕྱིར། གཞན་ཡང་ཕ་མ་ཤི་ཟིན་པའི་གང་ཟག་དེ་ཆོས་ཅན། ཁྱོད་ཕ་མ་ལས་མ་སྐྱེས་པར་ཐལ། ཁྱོད་ཀྱི་ཕ་མ་འགགས་ཟིན་པའི་ཕྱིར་ཏེ། ཤི་ཟིན་པའི་ཕྱིར། སྐལ་པ་དུ་མའི་གོང་རོལ་དུ་སྐྱེས་པའི་དངོས་པོ་ཡང་ད་ལྟར་གྱི་དངོས་པོར་འདོད་པ་ཁྱོད་ལྟར་ན། དེའི་ཕ་མའི་སྲོག་གི་དབང་པོ་ཡང་མ་འགགས་པར་ཐལ་བ་སོགས་རྒྱ་ཆེར་སྦྱར་རོ། །དེ་ལྟར་ན། ཚེ་སྔ་མའི་ལས་འགགས་ཀྱང༌། ད་ལྟར་གྱི་རྣམ་སྨིན་གྱི་ཕུང་པོ་རྒྱུ་མེད་དུ་མི་འགྱུར་ཏེ། སྐྱེད་བྱེད་ཀྱི་རྒྱུ་སྔོན་དུ་སོང་བའི་ཕྱིར་རོ། །སྔར་གྱི་རྒྱུ་ཡང་སྔར་འབྲས་བུ་སྐྱེད་པའི་བྱ་བ་བྱས་པས་རྒྱུར་འཇོག་པ་ཡིན་གྱི། ད་ལྟར་འབྲས་བུ་སྐྱེད་བཞིན་པའི་བྱ་བ་བྱེད་པ་ནི་མིན་ནོ། །སྔར་གྱི་དུ་བ་ཆོས་ཅན། ད་ལྟར་གྱི་དངོས་པོར་ཐལ། སྐྱེས་ལ་མ་འགགས་པའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་པར་བརྗོད་ཟིན་ལ། ཁྱབ་པ་ཡང་མ་ངེས་ཏེ་དུ་བ་ཆོས་ཅན། ད་ལྟར་གྱི་དངོས་པོར་ཐལ། སྐྱེས་ལ་མ་འགགས་པ་ཡིན་པའི་ཕྱིར། འདོད་ན། འདས་མ་འོངས་གི་དངོས་པོ་ལ་རྗེས་སུ་མི་འགྲོ་བར་ཐལ། ད་ལྟར་གྱི་དུ་བ་ཡིན་པའི་ཕྱིར། རིགས་པ་འདིས་ནི། དངོས་པོ་དང༌། བེམ་པོ་དང༌། རིག་པ་སོགས་ཀྱང་ད་ལྟར་བའི་དངོས་པོར་མི་འགྲུབ་པའི་ཚུལ་རྟོགས་པར་བྱའོ། །དེས་ན་ད་ལྟར་བའི་དོན་ནི། རྫོགས་པར་སྐྱེས་ལ་མ་འགགས་པ་ཞེས་བྱའོ། །འོ་ན་སྔ་ཕྱི་ཆ་མེད་ཀྱི་ཤེས་པ་སྐད་ཅིག་མ་ཆོས་ཅན། ད་ལྟར་གྱི་དངོས་པོར་མི་འགྱུར་རོ་སྙམ་ན། མ་ཡིན་ཏེ། འདས་མ་འོངས་ཀྱི་ཤེས་པ་སྐད་ཅིག་མ་ལ་རྗེས་སུ་འགྲོ་བའི་ཕྱིར་རོ། །ད་ལྟར་གྱི་ཤེས་པ་སྐད་ཅིག་མ་གཅིག་ནི་རྫོགས་པར་སྐྱེས་པ་ཡིན་པས་ཀླན་ཀ་མེད་དོ། །མ་འོངས་པ་ན་འབྱུང་རུང་གི་མྱུ་གུ་ཡང་ད་ལྟར་དོན་ལ་མ་གྲུབ་པ་ཡིན་ཡང༌། མ་འོངས་པ་འབྱུང་འགྱུར་གྱི་བློ་ཡུལ་དུ་བསམ་ནས་མྱུ་གུ་ཞེས་སྙད་དེ། མངལ་དུ་འཇུག་པ་གསུམ་དག་ཏེ། །འཁོར་ལོས་སྒྱུར་དང་རང་འབྱུང་ངོ༌། །ཞེས་གསུངས་པ་ལྟར་རོ། །དོན་ལ་འཁོར་ལོ་བསྒྱུར་རྒྱལ་དུ་སྐྱེ་བ་དེ་ཉིད། ད་ལྟར་འཁོར་ལོ་བསྒྱུར་རྒྱལ་དུ་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་སྔོན་འཛིན་དབང་ཤེས་སྔ་མ་སྔོན་པོའི་རྣམ་ལྡན་དུ་དྲན་ཤེས་ཀྱིས་དྲན་པ་ཡང་མ་ཡིན་པར་ཐལ། དེ་ད་ལྟར་གྱི་དངོས་པོ་ཡིན་པའི་ཕྱིར། དྲན་པ་ནི་འདས་པའི་ཡུལ་ཅན་ཡིན། ད་ལྟར་བའི་དངོས་པོའི་ཡུལ་ཅན་ལ་དྲན་པ་ཞེས་ཇི་ལྟར་བརྗོད། རྣམ་ཤེས་དྲུག་པོ་གང་ཡང་རུང་བ་འགགས་པའི་རྣམ་ཤེས་དེ་ཡིད་ཀྱི་ཁམས་སུ་མི་འཐད་པར་ཐལ། རྣམ་ཤེས་ཡིན་ན་ད་ལྟ་བའི་དངོས་པོ་ཡིན་གྱི་འདས་པའི་རྣམ་ཤེས་མ་གྲུབ་པའི་ཕྱིར། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་སོ། །དམ་པའི་ཆོས་མངོན་པ་རྣ་ལམ་དུ་ཡང་མ་གྲགས་པའི་མཁས་པར་འདོད་པ་ནི་བཞད་གད་ཀྱི་གནས་སོ། །ཡང་སྤྱོད་འཇུག་ལས། མཛའ་དང་མི་མཛའ་དུ་མ་འདས། །དེ་ཀུན་དྲན་པའི་ཡུལ་དུ་གྱུར། །ཞེས་གསུངས་པ་ཡང༌། ཐ་མལ་པའི་ཚད་མས་ཀྱང་གྲུབ་པའི་དོན་བཤད་པ་མིན་པར་ཐལ། མཛའ་བ་དང་མི་མཛའ་བའི་གང་ཟག་འདས་པ་མི་སྲིད་པའི་ཕྱིར་ཏེ། དེ་དག་ད་ལྟར་གྱི་དངོས་པོ་ཁོ་ན་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རྒྱུད་ལའང༌། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་སོགས་ཀྱང་ད་ལྟར་རྫས་སུ་གྲུབ་པར་གནས་པར་ཐལ། སྐལ་པ་དཔག་ཏུ་མེད་པའི་གོང་རོལ་གྱི་ཉོན་མོངས་པ་རྣམས་ད་ལྟར་སྐྱེས་ལ་མ་འགགས་པར་ཡོད་པའི་ཕྱིར་དང༌། ཡང་ཤཱཀྱ་ཐུབ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སྔར་གྱི་ཉོན་མོངས་དང༌། ཚོགས་ལམ་ལ་སོགས་རྣམས་ཀྱང་ཡོད་པར་ཐལ། དེ་དག་སྔར་རྒྱུད་ལ་སྐྱེས་ཤིང་མ་འགགས་པར་ད་ལྟ་ཡོད་པའི་ཕྱིར། གལ་ཏེ་དེ་ད་ལྟར་མེད་ན། ད་ལྟར་གྱི་དངོས་པོར་འདོད་པ་དང་འགལ་ལོ། །དེ་ལྟར་ཡོད་པར་ནི་འདོད་མོད་ཀྱི། ཐུབ་པའི་རྒྱུད་ལ་ཡོད་པར་མི་འདོད་དོ་ཞེ་ན། འོ་ན་གང་ཟག་གཞན་གྱི་རྒྱུད་ལ་ཡོད་པར་ཐལ། གང་ཟག་གི་རྒྱུད་ལ་ད་ལྟར་གྱི་དངོས་པོར་ཡོད་པ་གང་ཞིག ཤཱཀྱ་ཐུབ་པའི་རྒྱུད་ལ་མེད་པའི་ཕྱིར། ཡང་ན་གང་ཟག་གི་རྒྱུད་ལ་མེད་པའི་ཉོན་མོངས་པ་དང༌། ཚོགས་ལམ་སོགས་ད་ལྟར་གྱི་དངོས་པོར་འདོད་པ་བཞད་གད་ཀྱི་གནས་སོ། །གཞན་ཡང་སོ་སྐྱེ་ཐ་མལ་པའི་རྒྱུད་ལ་འབྱུང་བར་འགྱུར་བའི་ཚོགས་ལམ་སོགས་ད་ལྟར་གྱི་དངོས་པོར་ཡོད་ན། དེ་ཉིད་ཀྱི་རྒྱུད་ལ་ཡོད་པའམ། གང་ཟག་གཞན་གྱི་རྒྱུད་ལ་ཡོད་བརྟགས་པ་ན། རྒྱུད་ཀྱིས་མ་བསྡུས་པའི་ལམ་ལྔ་འདོད་དགོས་པས། འདྲེ་ལྷ་རུ་བརྫུས་པས་བསླབས་པའི་ཆོས་སྐད་ཡིན་གྱི་གཞན་སུ་ཞིག་གིས་སྨྲ་བར་བྱེད། གཞན་ཡང་འདས་པའི་སྔོན་པོ་དྲན་པའི་དྲན་བློ་ལས་བློ་ཚུལ་གཉིས་པ་དང༌། རང་རིག་ཡོད་པར་སྒྲུབ་པ་མི་འཐད་པར་ཐལ། སྔོན་པོ་འདས་པ་མི་སྲིད་པའི་ཕྱིར་རམ། འདས་པའི་སྔོན་པོ་མི་སྲིད་པའི་ཕྱིར། འདས་པའི་དོན་ནི་འཛིན་པ་ན། ཚུལ་གཉིས་རང་རིག་གྲུབ་པ་ཡིན། །ཞེས་པའི་དོན་ལ་སོམས་ཅིག གཞན་ཡང་ཉོན་མོངས་པ་འབྱུང་འགྱུར་གཉིས་སྐྱེས་པའི་སྟོབས་ཀྱིས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ། ཉོན་མོངས་པ་བཅོམ་པར་འཇོག་པ་མི་འཐད་པར་ཐལ། འབྱུང་འགྱུར་ཡིན་ན་སྐྱེས་པས་ཁྱབ་ལ། རྒྱུ་ལས་རྫོགས་པར་སྐྱེས་པ་ནི། གཉེན་པོས་སྤངས་པ་མིན་པའི་ཕྱིར། །སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེ་སྐྱེས་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་སོགས་དང༌། གཞན་ཡང༌། ཡིད་ཀྱི་མངོན་སུམ་གྱིས་དེ་མ་ཐག་རྐྱེན་དབང་པོའི་མངོན་སུམ་གྱི་བཟུང་དོན་ཡོངས་སུ་འཛིན་པ་གཅིག་སྲིད་པར་ཐལ། དེའི་རིགས་འདྲ་སྐད་ཅིག་གཉིས་པ་འཛིན་པ་ནི་གང་ཞིག དེ་མ་ཐག་རྐྱེན་གྱི་བཟུང་དོན་དེ་ཡང་ད་ལྟ་མ་འགགས་པར་ཡོད་པའི་ཕྱིར་རོ། །འགའ་ཞིག་རྟོག་པས་རང་མཚན་དངོས་སུ་འཛིན་པར་འདོད་པ་ལའང༌། འདི་མཚུངས་ཏེ། ཡིད་ཀྱི་མངོན་སུམ་གྱིས་རང་གི་དེ་མ་ཐག་རྐྱེན་དབང་པོའི་མངོན་སུམ་གྱི་གཟུང་དོན་དངོས་སུ་འཛིན་ནམ་མི་འཛིན། འཛིན་ན་གཟུང་ཟིན་འཛིན་པས་ཚད་མར་མི་འགྱུར་ལ། །མི་འཛིན་ན། དེའི་རྒྱུ་མཚན་ཅི་ཞིག་ཡིན། །སྐད་ཅིག་ཉིད་ཕྱིར་འདས་པ་ཡི། །དོན་མཐོང་ཡོད་པ་མིན་བཞིན་གྱི། །ཞེས་གསུངས་པ་ལྟར་རང་གི་དེ་མ་ཐག་རྐྱེན་གྱི་དུས་ན་འགགས་ཟིན་པའི་ཕྱིར་རོ་ཞེ་ན། འོ་ན་སྒྲ་ལ་དངོས་སུ་རྟོག་པར་འདོད་པའི་རྟོགས་བློ་ཆོས་ཅན། སྒྲ་རང་མཚན་དངོས་སུ་འཛིན་པ་མིན་པར་ཐལ། དེ་རང་རྒྱུ་སྒྲ་འཛིན་མངོན་སུམ་གྱི་དུས་ན་འགགས་ཟིན་པའི་ཕྱིར། གཞན་ཡང་རང་མཚན་དངོས་སུ་མི་འཛིན་པར་ཐལ། སྒྲ་རང་མཚན་གྱི་དོན་སྤྱི་ནི་མངོན་སུམ་གྱིས་བཞག་པའི་བག་ཆགས་ཀྱི་མཐུ་ལས་སྣང་བ་ཡིན་ལ། རང་མཚན་དང་དེ་གཉིས་ཀྱི་བར་དུ་ཡུལ་གྱིས་གཏད་པའི་རྣམ་པ་དང༌། དེ་འཛིན་པའི་མངོན་སུམ་དང༌། མངོན་སུམ་གྱིས་བཞག་པའི་བག་ཆགས་དང༌། བག་ཆགས་ཀྱི་མཐུ་ལས་སྣང་བའི་དོན་སྤྱི་རྣམས་ཀྱིས་བར་དུ་ཆོད་པའི་ཕྱིར། རྣམ་ངེས་ལས། དེ་མཐོང་ཉིད་ན་མཐོང་རྣམས་ལ། །མྱོང་བའི་མཐུ་ལས་བྱུང་བ་ཡིན། །དྲན་ལས་མངོན་པར་འདོད་པ་ཡིན། །ཞེས་དང༌། འགྲེལ་པར། མྱོང་བ་ལ་དྲན་པའི་ས་བོན་འཇོག་པ་གང་ཡིན་པ་དེ་ནི་དངོས་པོའི་ཆོས་ཉིད་ཅེས་པ་དང༌། ཕྱི་རོལ་ནུས་པ་རྣམ་དཔྱོད་ལ། །རིག་པ་མེད་ཀྱང་སྒྲ་དེས་ནི། རྣམ་པར་རྟོག་པའི་གཟུགས་བརྙན་ནི། །དེ་ཡི་མཐར་ཐུག་རྣམས་དང་འབྲེལ། །ཅེས་པ་དང༌། ཤེས་ལ་དེའི་གཟུགས་སྙན་སྣང༌། གང་དེའང་དོན་གྱི་བདག་ཉིད་མིན། །དེ་འཁྲུལ་བག་ཆགས་ལས་བྱུང་ཡིན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་རང་མཚན་ཡུལ་དུས་སོ་སོར་ངེས་པ་བརྗོད་བྱེད་ཀྱི་སྒྲས་དངོས་སུ་བརྗོད་ནུས་པར་ཐལ། རྟོག་པས་རང་མཚན་དངོས་སུ་འཛིན་ནུས་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། རང་མཚན་ཡུལ་དུས་སོ་སོར་ངེས་པར་གནས་པ་ནི་མངོན་སུམ་གྱིས་མཐོང་ནས། རྗེས་སུ་བརྡ་སྦྱོར་འདོད་སྐྱེས་པའི་དུས་སུ་སྔར་མཐོང་བའི་རང་མཚན་འགགས་པའི་ཕྱིར་དང༌། ཐོག་མར་བརྡ་སྦྱར་ཡུལ་མཐོང་ནས། རྗེས་ཐོག་དུ་བརྡ་སྦྱར་འདོད་ཀྱི་བློ་མ་སྐྱེས་པར་བརྡའ་སྦྱོར་བ་མེད་པའི་ཕྱིར། རྣམ་ངེས་ལས། དེའི་རང་བཞིན་སྔོན་མ་མཐོང་བའི་ཕྱིར་དང༌། དེ་བརྗོད་པར་བཟོ་བ་ན་དེ་འགགས་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། །དོན་འདི་ལ་དགོངས་ནས། རྣམ་འགྲེལ་ལས། ཁྱད་པར་རྣམས་ལ་སྒྲ་དག་ནི། །འཇུག་པ་སྲིད་པ་ཡོད་མིན་ཏེ། །ཞེས་གསུངས་སོ། །འགའ་ཞིག་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་སྒྲ་དོན་དངོས་ཡུལ་དུ་བྱེད་ལོ། །དབང་པོའི་གཟུང་དོན། བརྗོད་བྱེད་ཀྱི་སྒྲས་དངོས་སུ་བརྗོད་དུ་མེད་པའི་རྟགས་ལས། ཡུལ་ཅན་དབང་མངོན་རྟོག་མེད་དུ་སྒྲུབ་པ་མི་འཐད་པར་ཐལ། སྒྲ་དོན་དངོས་ཡུལ་དུ་བྱེད་པའི་མངོན་སུམ་སྲིད་པའི་ཕྱིར། རྣམ་འགྲེལ་ངེས་གཉིས་ཀ་ལས། དེ་ནི་བརྗོད་མེད་རྟོགས་བྱེད་ཡིན། །ཞེས་སོགས་གསུངས་པ་རྟོགས་པར་བྱའོ། །ཡང་སྒྲ་ལ་རྟོགས་པའི་བློ་ཆོས་ཅན། ཁྱོད་དངོས་སུ་སྤྱི་ཁོ་ན་ཡུལ་དུ་བྱེད་པ་མ་ཡིན་པར་ཐལ། རང་མཚན་དངོས་སུ་འཛིན་པའི་ཕྱིར། རྣམ་འགྲེལ་ལས། དེ་ཡི་ངོ་བོ་ཀུན་ལས་ལོག །དེ་དེ་བཞིན་དུ་རྟོགས་བྱེད་པའི། །སྒྲ་ཡོད་མ་ཡིན་རྟོགས་པ་ཡང༌། །སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །ཞེས་གསུངས་སོ། །འདིར་ཉིད་ཅེས་པའི་སྒྲ་ནི་ཁོ་ནའི་དོན་ཏེ། བློ་ཞིབ་མོས་རྟོགས་པར་བྱ་དགོས་སོ། །གཞན་ཡང༌། ཐ་དད་པ་དག་གཏན་པ་ནི། །དཀའ་དང་མི་ནུས་འབྲས་མེད་ཕྱིར། །ཅེས་གསུངས་པ་དང༌། སྒྲ་འདི་དག་གིས་གང་བརྗོད་པ། །དེ་ལ་ངོ་བོ་ཅུང་ཟད་མེད། །ཅེས་སོགས་ཀྱི་རིགས་པ་ལ་བརྟེན་ནས་རྒྱ་ཆེར་དགག་པར་བྱའོ། །ཉེ་བར་བསྡུ་བའི་དོན་ནི། རིགས་པས་མ་དཔྱད་པའི་རྣམ་བཞག་ལ། དངོས་པོ་དང༌། ཚད་མ་དང༌། བུམ་སོགས་ཀྱང་དངོས་པོ་ཡིན་ཞིང༌། གཟུགས་ཞེས་སོགས་བརྗོད་པའི་སྒྲས་ཀྱང་གཟུགས་སོགས་བརྗོད་པའི་ཐ་སྙད་བྱེད་པ་ཙམ་ལ་འགལ་བ་མེད་ལ། རིགས་པས་ཅུང་ཟད་དཔྱད་པའི་ཚེ་ན་སྤྱི་དངོས་སུ་བརྗོད་ཀྱི། རང་མཚན་དངོས་སུ་བརྗོད་པ་མི་འཐད་དོ། །རིགས་པས་ཤིན་ཏུ་རྣམ་པར་དཔྱད་ན་ནི། དོན་སྤྱི་བརྗོད་པ་ཡང་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །བསྟན་བཅོས་འདིར། དམ་པའི་དོན་དུ་བརྗོད་བྱ་མེད། །ཅེས་གསུངས་སོ། །རིགས་པས་ཅུང་ཟད་དཔྱད་པའི་ཚེ་ན། མདུན་གྱི་ད་ལྟར་གྱི་བུམ་པ་དང་ཀ་བ་སོགས་ཀྱང་ཚད་མའི་འཇུག་ཡུལ་གྱི་དངོས་པོ་རང་མཚན་ཡིན་ལ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཤིན་ཏུ་རྣམ་པར་དཔྱད་པའི་ཚེ་ནི་ད་ལྟར་གྱི་མདུན་གྱི་བུམ་གཟུགས་བྱེ་བྲག་མེད་པ་ཉིད་ལ་དོན་དམ་པའི་དངོས་པོར་བཟུང་ངོ༌། །འདི་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ཀྱང༌། རྫས་སུ་གྲུབ་པ་མི་ཁེགས་ཏེ། རིགས་པས་བརྟགས་ཀྱང་ད་ལྟར་གྱི་དབང་པོའི་མངོན་སུམ་ཡུལ་དུས་སོ་སོར་ངེས་པ་ཞིག་གིས་རང་དབང་དུ་འཛིན་པའི་ཕྱིར་དང༌། དེའི་རྣམ་པ་ངོ་བོ་ཉིད་ཀྱིས་གཏོད་བྱེད་དུ་གནས་པའི་ཕྱིར། འདི་ལ་ནི་སེལ་བས་བྱེ་བྲག་དུ་མ་སྩལ་ཡང་མངོན་སུམ་གྱི་ངོ་ན་མེད་དོ། །དོན་དམ་པར་རང་གི་ངོ་བོ་རྙེད་ཀྱང་དོན་དམ་པར་འདི་ལ་བྱེ་བྲག་ཅུང་ཟད་ཀྱང་མི་རྙེད་པའི་ཕྱིར་ཏེ། དོན་དམ་པར་འདི་ལས་ཐ་དད་པ་དང༌། ཐ་མི་དད་གང་དུ་གནས་ཀྱང་འདིའི་བྱེ་བྲག་ཏུ་མི་རུང་བའི་ཕྱིར་རོ། །འགའ་ཞིག་ཆ་མེད་ཀྱང་དངོས་པོ་མི་སྲིད་དེ་ཞེས་བྱ་བ་ཡང༌། དབུ་མའི་རིགས་པ་དང་འདྲེས་པས། སྐབས་སུ་བབ་པའི་དོན་མ་ཡིན་ནོ། །རང་གཞུང་གི་སྐབས་ཀྱི་ཆ་མེད་ཀྱི་དངོས་པོ་རིགས་པས་སྒྲུབ་སྟེ། ཤེས་པ་སྐད་ཅིག་ཆ་མེད་གཅིག་ཡོད་དམ་མེད། ཡོད་ན་ཆ་མེད་ཀྱི་དངོས་པོ་གྲུབ་ལ། མེད་ན་དུས་ཀྱི་ཐུང་མཐའ་མེད་པར་འགྱུར་རོ། །གལ་ཏེ་ཡོད་ན་གང་ཡིན། ཤེས་པ་སྐད་ཅིག་མ་གཅིག་ལྟ་བུའོ་ཞེ་ན། འདི་ལ་དུས་ཀྱི་ཆ་ཡོད་དམ་མེད། ཡོད་ན་འདི་དུས་ཀྱི་ཐུང་མཐའ་མིན་པར་ཐལ། འདི་ལས་ཕྱེ་བའི་དུས་ཀྱི་ཆ་ཤས་དེ་འདི་ལས་ཐུང་བར་འདོད་དགོས་པའི་ཕྱིར། མེད་ན་དེ་ཉིད་ཀྱིས་ན་གྲུབ་བོ། །འདི་ལ་ཕྱོགས་ཀྱི་ཆ་ཤས་ནི་བརྟག་ཏུ་མེད་དེ། །ཐོག་བཅས་མ་ཡིན་པའི་ཕྱིར། རིགས་པས་དཔྱོད་ཚུལ་དང༌། རིགས་པས་དཔྱད་ན་མི་རྙེད་པའི་འཚམས་དང༌། ཇི་ཙམ་ལ་རིགས་པས་དཔྱོད་པ་ཞུགས་པའི་ཚད་དང༌། སྤྱི་ལྡོག་ནས་དཔྱད་པའི་ཚེ་ཇི་ལྟར་འགྱུར་བ་དང༌། རང་ལྡོག་ནས་དཔྱད་པའི་ཚེ་ཇི་ལྟར་འགྱུར་བའི་ཚུལ་ཞིབ་མོ་ནི་ངག་ལས་རྟོགས་སོ། །དབྱེ་བ་ལ་རང་གི་མཚན་ཉིད་ཀྱི་དངོས་པོ་ལ་གཞུང་ནས་དབྱེ་བ་མ་གསུང་པའི་དོན་ནི། གང་རང་གི་མཚན་ཉིད་དུ་གནས་པ་ལ་དབྱེ་བ་མེད་པར་དགོངས་པའོ། །གོང་དུ་གཞལ་བྱ་རང་མཚན་དང་སྤྱིའི་མཚན་ཉིད་གཉིས་སུ་རྣམ་པར་ཕྱེ་ནས། སྤྱི་ལ་རྒྱས་བཤད་གསུམ་དུ་གསུངས་ཏེ། དངོས་དང་དངོས་མེད་གཉིས་ཀ་ལ། །རྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། །ཞེས་སོ། །གཞུང་འདི་ལས་ནི་སྤྱིའི་དབྱེ་བ་གསུངས་ཀྱི། སྤྱི་མཚན་གྱི་དབྱེ་བ་ཞེས་པའི་ཐ་སྙད་གསུངས་པ་ནི་མི་སྣང་ངོ༌། །དེས་ན་སྤྱི་མཚོན་བྱར་བཟུང་ནས་དེའི་མཚན་ཉིད་རྣམ་པར་དཔྱོད་པར་མངོན་ཏེ། རྒྱས་བཤད་ཀྱི་སྐབས་སུ། སྤྱི་དཔྱད་གཞིར་བཟུང་ནས་དེ་ལ་དཔྱོད་པ་མཛད་པའི་ཕྱིར་དང༌། སྤྱིའི་མཚན་ཉིད་ཞེས་པའི་བརྡའ་སྦྱར་བ་འདི་སྐབས་འགའ་ཙམ་ལས་མི་སྣང་བའི་ཕྱིར་རོ། །དེས་ན་གཞུང་གི་ཐ་སྙད་ལ་མ་ཞུགས་པར་བྱིས་པ་ཆུང་ངུ་བཞིན་དུ་གང་དྲན་དྲན་གྱི་ལབ་ལོབ་བྱེད་པ་ལ་བློ་མི་གཏོད་དོ། །དེ་ལ་ཀུན་རྫོབ་པའི་དངོས་པོ་ནི་རྟོག་ངོར་དོན་བྱེད་ནུས་པ་ཡིན་ལ། དོན་དམ་པའི་དངོས་པོ་ནི་གནས་ཚུལ་ལ་དོན་བྱེད་ནུས་པ་ཡིན་ནོ། །གཞལ་བྱ་མངོན་གྱུར་དང༌། ལྐོག་གྱུར་གཉིས་ལས། མཚན་ཉིད་ནི། མངོན་སུམ་ཚད་མས་སྣང་བའི་འཛིན་སྟངས་ཀྱི་སྒོ་ནས་གཞལ་བར་བྱ་བ་དང༌། རྗེས་དཔག་གིས་རྟགས་ལ་བརྟེན་ནས་གཞལ་བར་བྱ་བའོ། །དེ་ཡང་རང་མཚན་གཅིག་ཉིད་ལ་རྟོགས་ཚུལ་གྱི་སྒོ་ནས་གཉིས་སུ་ཕྱེ་སྟེ། རྣམ་འགྲེལ་ལས། །དེ་ནི་རང་གཞན་ངོ་བོ་ཡིན། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། །ཅེས་གསུངས་སོ། །དོན་གཅིག་ལ་རྟོགས་ཚུལ་གྱིས་གཉིས་སུ་ཕྱེ་ཚུལ་ཡང༌། །མངོན་སུམ་གྱིས་རང་གི་ངོ་བོ་གཞན་དང་མ་འདྲེས་པར་དངོས་སུ་རྟོགས་པ་ལ་གཞལ་བྱ་རང་མཚན་དང༌། རྗེས་དཔག་གིས་སྤྱིའི་རྣམ་པས་ཞེན་ནས་འཇུག་པ་སྤྱི་ཞེས་བྱ་བའི་གཞལ་བྱར་བཞག་གོ །རྗེས་དཔག་གིས་ནི་རང་གི་མཚན་ཉིད་ཀྱི་སྒོ་ནས་རྟོགས་པར་མི་ནུས་ཏེ། དུ་བས་མེ་སྒྲུབ་པ་ལྟ་བུའི་ཚེ་ན། མེ་ལྕེའི་དབྱིབས་དང་ཁ་དོག་ལ་སོགས་པ་སོ་སོར་ངེས་པ་འཛིན་མི་ནུས་པའི་ཕྱིར་ཏེ། དེ་རྟགས་ཀྱིས་སྒྲུབ་མི་ནུས་པའི་ཕྱིར། དེས་ན་རང་མཚན་སོ་སོར་ངེས་པས་ཁྱད་པར་དུ་མ་བྱས་པའི་མེ་ཙམ་ཞིག་འཛིན་པས་སྤྱིའི་ཡུལ་ཅན་དུ་བཤད་དོ། །རྣམ་ངེས་ལས། དེ་མིན་རང་བཞིན་ལས་ལྟོས་པའི། །དངོས་པོ་ཙམ་ཞིག་རབ་སྒྲུབ་ཕྱིར། །རྟགས་སྤྱིའི་ཡུལ་ཅན་དུ་བཤད་དེ། །ཁྱད་པར་གནས་པ་མེད་ཕྱིར་རོ། །ཞེས་པ་དང༌། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་གནས། །དེས་ན་ལྐོག་གྱུར་དོན་ཐམས་ཅད། །ཁྱད་པར་དུ་ནི་རྟོགས་མི་འགྱུར། །ཞེས་པ་ལྟར་རོ། །དེས་ན་མེའི་དངོས་པོ་ཙམ་ཞིག་རྟོགས་པར་ནུས་ཀྱི། མེའི་རང་གི་མཚན་ཉིད་རྟོགས་པར་མི་ནུས་ཞེས་བཤད་པ་གཉིས་པོ་ཁྱད་པར་ཡོད་པར་ཤེས་སོ། །འདིར་སྒྲ་རྟག་པ་རྣམ་པར་བཅད་པའི་མེད་དགག་གི་གཞན་སེལ་རྟོགས་པ་དང༌། བློའི་གཞན་སེལ་རྟོགས་པ་དང༌། རང་མཚན་གྱི་རྟོགས་ཚུལ་གསུམ་སྟེ། དང་པོ་ནི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་ངོར་སྒྲ་རྟག་པ་དང་བྲལ་བར་སྣང་བ་དང༌། གཉིས་པ་ནི། སྒྲ་དང་མི་རྟག་པའི་དོན་སྤྱི་བག་ཆགས་ཀྱི་མཐུས་ཕྱི་རོལ་གྱི་སྒྲ་མི་རྟག་པར་སྣང་བ་དང༌། གསུམ་པ་ནི། དོན་སྤྱི་ལ་ཕྱི་རོལ་དངོས་པོར་ཞེན་པའོ། །རིགས་པས་མ་དཔྱད་པར་འཇུག་པ་པོའི་རྟོག་ངོ་ནས་ནི། ཕྱི་རོལ་གྱི་སྒྲ་མི་རྟག་པ་དངོས་སུ་རྟོགས་པར་འཇོག་པ་ཡིན་ནོ། །རིགས་པས་ཅུང་ཟད་དཔྱད་པའི་རྣམ་གཞག་ལ་ནི། དོན་སྤྱི་དངོས་སུ་རྟོགས་ནས་ལྡོག་པའི་གཞན་སེལ་ཤུགས་ལ་རྟོགས་པ་ཡིན་ཏེ། རྣམ་འགྲེལ་ལས། །དེ་དངོས་སྒྲོ་བཏགས་རྟོགས་པ་ཡིས། །གཞན་ལས་ལྡོག་པ་རྟོགས་ཕྱིར་ཡང༌། །ཞེས་གསུངས་པ་ལྟར་རོ། །ཡང་ཤུགས་ལས་རང་མཚན་རྟོགས་པ་ཡིན་ནོ། །རྟོག་པས་རང་མཚན་དངོས་སུ་འཛིན་ཞེས་པ་ནི་རྣམ་གཞག་རིམ་པ་གསུམ་ཡོད་པ་ལ་རྨོངས་པར་ཟད་དོ། །རིགས་པས་རྣམ་པར་དཔྱད་པའི་ཚེ་ནི་དེའི་དངོས་ཡུལ་གྱི་སྤྱི་ཡང་མེད་ཅིང༌། རང་མཚན་དངོས་སུ་འཛིན་པར་མི་ནུས་པས་རང་གི་ངོ་བོ་ལས་རྫས་ཐ་དད་པའི་དངོས་ཡུལ་མེད་དོ། །རང་གི་ངོ་བོ་ལ་ནི་མངོན་སུམ་ཡིན་ཏེ་རང་གི་ངོ་བོ་ལ་ནི་རྟོག་པ་མེད་ཅིང༌། རྟོག་མེད་འཁྲུལ་རྒྱུ་དང་བྲལ་བའི་ཕྱིར་དང༌། གསལ་བར་ཡང་སྣང་བའི་ཕྱིར། འདི་ལ་དགོངས་ནས། རང་གི་ངོ་བོ་སྒྲ་དོན་མིན། །དེ་ཕྱིར་དེ་ལ་ཀུན་མངོན་སུམ། །ཞེས་སོ། །འགའ་ཞིག་ཡུལ་གཅིག་ལ་མངོན་སུམ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་པར་སྨྲ་ན་ནི། འདི་ཉིད་ཀྱིས་བཅོམ་པ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སྒྲ་དོན་དངོས་ཡུལ་དུ་བྱེད་ཞེས་འདོད་ན། སྒྲ་དོན་འཛིན་པའི་ཤེས་པ་ཡིན་པར་ཐལ། སྒྲ་དོན་དངོས་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་སོ། །ཡང་སྒྲ་དོན་དངོས་སུ་འཛིན་པ་མ་ཡིན་པར་ཐལ། ཁྱོད་ཀྱི་ངོར་སྒྲ་དོན་མེད་པའི་ཕྱིར། འོ་ན་སྒྲ་དོན་ཤེས་བྱ་མིན་པར་ཐལ། དེའི་ངོར་མ་གྲུབ་པའི་ཕྱིར་ཞེ་ན། འོ་ན་གཞལ་བྱ་ལྐོག་གྱུར་ཤེས་བྱ་མ་ཡིན་པར་ཐལ། དེའི་ངོར་མ་གྲུབ་པའི་ཕྱིར། དེས་ན་དེའི་ངོར་མ་གྲུབ་པའི་ཕྱིར་དེས་མཁྱེན་པ་མི་འགལ་ཏེ། མ་རིག་པའི་མཐུ་ལས་སྣང་བའི་འཁྲུལ་སྣང་རྣམ་མཁྱེན་ཡང་དེའི་ངོར་གྲུབ་མི་དགོས་པའི་ཕྱིར། དེས་མཁྱེན་པས་དེའི་ངོར་གྲུབ་དགོས་ན། སྔར་རྒོལ་ཆོས་ཅན། ཁྱོད་ཀྱི་ངོར་སྒྲ་མི་རྟག་པ་བསྒྲུབ་བྱར་གྲུབ་པར་ཐལ། དེ་ཁྱོད་ཀྱིས་བསྒྲུབ་བྱར་ཤེས་པའི་ཕྱིར། བྱས་པ་དེ་ཁྱོད་ཀྱི་ངོར་ཕྱོགས་ཆོས་སུ་གྲུབ་པར་ཐལ། དེ་ཕྱོགས་ཆོས་སུ་ཤེས་པའི་ཕྱིར་དང༌། དེ་ཁྱོད་ཀྱི་ངོར་གཏན་ཚིགས་ཡང་དག་ཏུ་ཐལ། དེ་ཁྱོད་ཀྱིས་གཏན་ཚིགས་ཡང་དག་དུ་ཤེས་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། སྒྲ་མི་རྟག་པར་གྲུབ་ཟིན་མ་བརྗེད་པའི་ཕྱིར་དང༌། དེས་ཁྱོད་ཀྱི་རྒྱུད་ལ་དེ་ལྟར་རྟོགས་པའི་རྗེས་དཔག་མི་སྐྱེད་པའི་ཕྱིར། གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། མ་རིག་པའི་གཉིད་ཀྱི་མཐུ་ལས་སྣང་བའི་རྨི་ལམ་གྱི་སྣང་བ་ཁྱོད་ཀྱི་ངོར་གྲུབ་པར་ཐལ། དེ་ཁྱོད་ཀྱིས་མཁྱེན་པའི་ཕྱིར། རྨི་ལམ་གྱི་སྣང་ཆ་ཡང་ཤེས་པ་ཡིན་ཏེ། རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་སོ། །དེས་དེ་ལྟར་དུ་འདོད་པས་དེ་དེའི་ངོར་གྲུབ་ཡང་མི་དགོས་ཏེ། སེམས་ཙམ་པ་ཆོས་ཅན། ཁྱོད་ཀྱི་ངོར་ཕྱི་རོལ་གྱི་དོན་མེད་པར་འདོད་པའི་ཕྱིར། ཡང་གང་ཟག་དེའི་ལུགས་ལ་དེ་མིན་པར་འདོད་པས། དེའི་ངོར་དེ་མིན་ཡང་མི་དགོས་ཏེ། བདག་མེད་ཀྱི་གྲུབ་མཐའ་སྨྲ་བའི་ནང་པ་སངས་རྒྱས་པའི་ལམ་མ་ཞུགས་ཀྱི་སོ་སྐྱེ་ཆོས་ཅན། ཁྱོད་ཀྱི་ངོར་བདག་མེད་པར་ཐལ། ཁྱོད་བདག་མེད་པར་འདོད་པའི་ཕྱིར་ཏེ། འདོད་ན་དེ་མིན་པར་ཐལ། བདག་ཏུ་མངོན་པར་ཞེན་པ་མཐུག་པོ་རྒྱུད་ལ་ལྡན་བཞིན་པ་ཡིན་པའི་ཕྱིར། དེའི་རིགས་ཅན་གཞན་ལ་ཡང་རྒྱ་ཆེར་སྦྱར་རོ། །འདིར་སྤྱི་དང༌། གཞལ་བྱའི་སྤྱི་ལ་ཁྱད་པར་ཡོད་ཅིང༌། རྡུལ་དང་རྡུལ་ཕྲ་རབ་དང༌། སྐད་ཅིག་མ་ཡང་ཁྱད་པར་ཡོད་པར་ཤེས་པར་བྱས་ཏེ། སྐྲ་ཤད་ཀྱི་དོན་སྤྱི་སྤྱི་ཡིན་ཡང༌། གཞལ་བྱར་གྱུར་པའི་སྤྱི་མ་ཡིན་པའི་ཕྱིར་ཏེ། དེ་དོན་དུ་སྣང་ཡང༌། དེ་ལ་དོན་དུ་ཞེན་ནས་ཞུགས་པས། དེ་དང་རྗེས་སུ་མཐུན་པའི་དོན་ཐོབ་རྒྱུ་མེད་པའི་ཕྱིར་ཏེ། སྐྲ་ཤད་ལ་སོགས་དོན་མེད་དེ། །དོན་དུ་མོས་པ་མེད་ཕྱིར་རོ། །ཞེས་པ་ལྟར་རོ། །རི་རབ་ལྟ་བུ་རྡུལ་ཡིན་ཡང་རྡུལ་ཕྲ་རབ་མིན་ཏེ། ཕྱོགས་ཀྱི་ཆ་བཅས་ཡིན་པའི་ཕྱིར། རི་རབ་ཀྱང་རྡུལ་ཕྲ་རབ་ཡིན་ཞེས་སྨྲ་བ་ལྟར་ན་གཟུགས་ཅན་གྱི་ཆུང་མཐར་འགྱུར་བ་དང༌། སྐལ་པ་ཡང་སྐད་ཅིག་དུ་འགྱུར་བར་མཚུངས་སོ། །སྐད་ཅིག་ནི་དུས་ཀྱི་ཐུང་མཐའ་ཡིན་ལ། དེ་གང་ལ་ལྡན་པའི་དངོས་པོ་དེ་ལ་སྐད་ཅིག་མ་ཞེས་བརྗོད་དེ། དབྱུག་པ་ཅན་ལ་དབྱུག་པ་བ་ཞེས་བརྗོད་པ་བཞིན་ནོ་ཞེས་མཛོད་འགྲེལ་ལས་བཤད་དོ། །རྡུལ་དེ་ཡང་གཉིས་ཏེ། རྩོམ་བྱེད་ཀྱི་རྡུལ་དང༌། བསགས་རྡུལ་ལོ། །དང་པོ་ནི། ཕྱོགས་ཆ་མེད་པར་གནས་པའི་རྡུལ་ཕྲ་རབ་ཡིན་ལ། གཉིས་པ་ནི། དེ་དག་དུ་མ་ཕྱོགས་གཅིག་ཏུ་བསགས་པའི་གཟུགས་ཅན་ལ་བརྗོད་དོ། །འདིས་གཟུགས་ཅན་གྱི་དངོས་པོ་ཇི་ལྟར་རྩོམ་པར་བྱེད་ཅེ་ན། མུ་སྟེགས་བྱེ་བྲག་པས་ཕྲད་ནས་རྩོམ་པར་འདོད་དོ། །འོ་ན་ཕྱོགས་གཅིག་གིས་ཕྲད་དམ། ཕྱོགས་མཐའ་དག་གིས་ཕྲད། དང་པོ་ལྟར་ན། ཕྱོགས་ཀྱི་ཆ་བཅས་སུ་འགྱུར་ཏེ། ཕྱོགས་ཀྱི་རྡུལ་རྣམས་དང་ཕྲད་མ་ཕྲད་ཀྱི་ཆ་དུ་མ་དང་བཅས་པའི་ཕྱིར། གཉིས་པ་ལྟར་ན། གཅིག་གི་ནང་དུ་གཅིག་ཐིམ་པར་འགྱུར་ཏེ། ཕྱོགས་མཐའ་དག་གིས་ཕྲད་པའི་ཕྱིར་རོ། །མ་ངེས་པ་མིན་ཏེ། ཕྱི་ཕྲད་ཀྱང་ནང་མ་ཕྲད་ན་མཐའ་དག་གིས་ཕྲད་པར་མི་རུང་བའི་ཕྱིར་རོ། །བྱེ་བྲག་སྨྲ་བས་སྐྱོན་འདི་གཟིགས་ནས་མ་ཕྲད་པར་རྩོམ་པར་འདོད་དེ། གཟུགས་ཅན་རྩོམ་པའི་ཚེ་ན་སྐོར་བ་བར་བཅས་ཀྱིས་རྩོམ་པར་འདོད་དོ། །མ་ཕྲད་པར་རྩོམ་པ་ལ་སྐོར་བ་བར་བཅས་ལས་མི་འདའ་བའི་ཕྱིར་རོ། །འོ་ན་བུམ་སོགས་ཀྱི་སྣོད་རྣམས་ཀྱིས། ཆུ་ལ་སོགས་མི་ཐུབ་པར་འགྱུར་ཏེ། བར་སྟོང་དང་བཅས་པའི་ཕྱིར་སོ་སོར་གྱེས་པར་ཐལ་བར་འགྱུར་རོ་ཞེ་ན། རླུང་གིས་བསྡམ་པས་ཉེས་པ་མེད་དོ་ཞེས་ཟེར་རོ། །འོ་ན་རླུང་གིས་གཏོར་བར་ཡང་འགྱུར་ཏེ། བར་དུ་རླུང་ཞུགས་པའི་ཕྱིར་ཐལ་བ་གཏོར་བ་བཞིན་ཞེ་ན། རླུང་ནི་རྣམ་པ་གཉིས་ཏེ། འཛིན་བྱེད་ཀྱི་རླུང་དང༌། འཐོར་བྱེད་ཀྱི་རླུང་ངོ༌། །དང་པོ་ནི། བསྐལ་པ་ཆགས་ཚེའི་རླུང་ལྟ་བུ་ཡིན་ལ། གཉིས་པ་ནི། བསྐལ་པ་འཇིག་པའི་ཚེའི་རླུང་ལྟ་བུ་ཡིན་ནོ། །འདིར་ནི་འཛིན་བྱེད་ཀྱི་རླུང་དུ་འདོད་པས་ཉེས་པ་མེད་དོ་ཞེས་ཟེར་རོ། །འོ་ན་འཛིན་བྱེད་ཀྱི་རླུང་དེ་དང་ཕྲད་དམ་མ་ཕྲད། ཕྲད་ན་བྱེ་བྲག་པ་ལ་བརྗོད་པའི་སྐྱོན་གྱིས་རེག་ལ། མ་ཕྲད་ན་སྐོར་བ་བར་བཅས་ཀྱིས་རྩོམ་པས་གྱེས་པར་འགྱུར་བ་སོགས་ཀྱི་ཉེས་པ་ཡོད་ཅིང༌། འཛིན་བྱེད་ཀྱི་རླུང་དང༌། བསྡམས་བྱའི་རྡུལ་ཕྲན་ལ་ཡང་འཛིན་བྱེད་གཞན་འདོད་པར་བྱ་དགོས་པས་ཐུག་མེད་དུ་འགྱུར་རོ། །མདོ་སྡེ་པས་སྐྱོན་དེ་དག་འོང་བར་གཟིགས་ནས་བར་མེད་རེག་མེད་ཀྱི་ཚུལ་གྱིས་བརྩོམ་ཏེ། ཤོག་བུ་དུ་མ་ཕྱོགས་གཅིག་དུ་བསྡོམས་པ་བཞིན་ཞེས་ཟེར་རོ། །དེ་ལ་གཉིས་པ་བསགས་རྡུལ་ལའང་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་རིགས་མཐུན་གྱི་རྡུལ་དུ་མ་ཕྱོགས་གཅིག་ཏུ་གྱུར་ཏེ། རིགས་མཐུན་གྱི་ཟླ་མེད་པས་ནི་དབང་པོ་ལ་རྣམ་པ་གཏོད་པར་བྱེད་མི་ནུས་པའི་ཕྱིར། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་སོ། །སྤྱིར་ཟླ་མེད་ཀྱི་རྡུལ་མི་སྲིད་མོད། རིགས་མཐུན་གྱི་ཟླ་མེད་པའི་རྡུལ་ཕྲ་རབ་ཀྱི་དབང་དུ་བྱས་ནས་གསུངས་སོ། །འགའ་ཞིག་བསགས་རྡུལ་ཡང་རྡུལ་ཕྲ་རབ་ཡིན་ཏེ། རྡུལ་ཕྲ་རབ་དུ་མ་ཚོགས་པ་ཡིན་པའི་ཕྱིར། གཞན་དུ་ན་རིན་པོ་ཆེ་མང་པོ་རིན་པོ་ཆེ་མ་ཡིན་པར་ཐལ་བ་དང༌། འབྲས་མང་པོ་འབྲས་མ་ཡིན་པར་ཐལ་བ་སོགས་ཀྱི་སྐྱོན་ཡོད་དོ་ཞེས་ཟེར་རོ། །མི་མཚུངས་ཏེ་རིན་པོ་ཆེའི་ཕུང་པོ་ལ་རིན་པོ་ཆེར་བརྗོད་པ་ནི། འདུས་རྒྱུའི་རིན་པོ་ཆེ་རེ་རེ་ཡང་རིན་པོ་ཆེ་ཡིན་པར་འཇོག་ནུས་ལ། རྡུལ་ཕྲ་རབ་རེ་རེ་ནས་བསགས་རྡུལ་མ་ཡིན་པའི་ཕྱིར་རོ། །སློབ་དཔོན་ལྷ་དབང་བློས་ཀྱང༌། ཇི་ལྟར་སྣམ་བུའི་གནས་སྐབས་ཅན་གྱི་སྣལ་མ་རྣམས་ལ་སྣམ་བུ་ཞེས་མི་བརྗོད་ཅེས་པ་ལྟར་རོ། །འོ་ན་ཚད་མ་དག་གིས་འཇུག་ཡུལ་གྱི་དངོས་པོ་ཇི་ལྟར་ཐོབ་པར་བྱེད་ཅེ་ན། རིགས་པས་བརྟགས་ན། ཚད་མའི་གཞལ་བྱ་ཉིད་ཐོབ་པར་མི་ནུས་ཏེ། འཇུག་ཡུལ་ཐོབ་པའི་ཚེ། སྔར་གྱི་ཚད་མའི་གཞལ་བྱ་འགགས་པའི་ཕྱིར་དང༌། ཐོབ་པའི་འཇུག་ཡུལ་ནི་སྔར་གྱི་ཚད་མས་མ་གཞལ་བའི་ཕྱིར་རོ། །འོན་ཀྱང་རིགས་པས་བརྟགས་ན། སྔར་གྱི་གཞལ་བྱ་ཐོབ་པར་མི་འགྲུབ་ཀྱང༌། འཇུག་པ་པོའི་ངོས་ནས་འཇོག་སྟེ། འཇུག་པ་པོས་སྔར་མཐོང་བ་དེ་ཉིད་ཐོབ་པར་མངོན་པར་ཞེན་པའི་ཕྱིར་དང༌། དེ་ཙམ་གྱིས་འདོད་པའི་དོན་རྫོགས་པའི་ཕྱིར་རོ། །འདིར་འཇུག་པ་པོས་མངོན་པར་ཞེན་པའི་ཚུལ་གྱི་རྣམ་གཞག་དང༌། འཆད་ཚེ་རིགས་པས་རྣམ་པར་ཕྱེ་བའི་ཁྱད་པར་མ་ཤེས་པར། ཕན་ཚུན་འཆོལ་ནས་ཕྱོགས་སྔ་མ་ལོངས་པ་དང༌། གནོད་བྱེད་མི་འཇུག་པའི་ཚུལ། ཕྲ་མོ་མ་རིག་པར་དགག་པར་བྱེད་པ་ནི། གདོན་གྱིས་བྱིན་གྱིས་བརླབས་པའི་བབ་ཅོལ་ཡིན་ནོ། །དོན་སྤྱི་དང་ལྡོག་པའི་སེལ་བ་གཉིས་པོ་ནི་ཀུན་རྫོབ་སྟེ། གནས་ཚུལ་མ་འདྲེས་པའི་དོན་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད་དེ་དག་ཐ་དད་ཀྱང༌། །ཐ་དད་པ་ཉིད་སྒྲིབ་པ་ཡི། །ཞེས་གསུངས་པ་ལྟར་རོ། །དེ་ལ་གསལ་བ་ལ་རྗེས་སུ་འགྲོ་བའི་སྤྱི་ནི། མེད་དགག་གི་སེལ་བ་དང༌། བློའི་སེལ་བ་གཉིས་ལས་གཞན་མ་བཤད་ལ། གཉིས་པོ་གང་ཡིན་ཡང་དོན་དམ་པར་དངོས་པོར་གྲུབ་པ་ཅུང་ཟད་ཀྱང་བཤད་པ་མེད་དོ། །བོད་ཐམས་ཅད་བུམ་པ་བུམ་པའི་ལྡོག་པར་འདོད་པ་སོགས་ནི་མི་འཐད་དེ། བུམ་པ་ཆོས་ཅན། བུམ་པ་དེ་ཁྱོད་ལ་ལྟོས་ཏེ་ཁྱོད་ཀྱི་ལྡོག་ཆོས་དང༌། ཁྱོད་དེའི་ཆོས་ཅན་ཡིན་པར་ཐལ། དེ་ཁྱོད་ཀྱི་ལྡོག་པ་ཡིན་པའི་ཕྱིར། ཡང་བུམ་པ་ཆོས་དང་ཆོས་ཅན་གྱི་ཚུལ་དུ་གནས་པར་ཐལ། བུམ་པ་ཁྱོད་ཀྱི་ལྡོག་པར་གྲུབ་པའི་ཕྱིར། བུམ་པའི་སེལ་བ་ཡིན་པར་ཐལ། བུམ་པའི་ལྡོག་པ་ཡིན་པའི་ཕྱིར། དེའི་ལྡོག་པ་ཡིན་ན་དེ་དང་གཅིག་ཡིན་ན། བུམ་པའི་ལྡོག་པ་ཆོས་ཅན། བུམ་པ་དང་གཅིག་ཡིན་པར་ཐལ། བུམ་པའི་ལྡོག་པ་ཡིན་པའི་ཕྱིར། དེ་མ་ཡིན་ན། བུམ་མ་ཡིན་གྱི་ལྡོག་པ་ཡིན་པར་ཐལ། ལྡོག་པ་གྲུབ་ནས་བུམ་པའི་ལྡོག་པ་མ་ཡིན་པའི་ཕྱིར། གལ་ཏེ་ཤེས་བྱ་དང༌། དངོས་པོ་དང༌། རིག་པ་སོགས་ཀྱང་བུམ་པའི་ལྡོག་པ་ཡིན་པར་ཐལ། ལྡོག་པར་གྲུབ་ནས་བུམ་མ་ཡིན་གྱི་ལྡོག་པ་མིན་པའི་ཕྱིར་ཞེ་ན། དེ་དག་ནི་ལྡོག་པ་ཅན་ཡིན་གྱི། ལྡོག་པ་མ་ཡིན་པས་སྐྱོན་མ་ཡིན་ནོ། །དེས་ན་བུམ་པ་ལྟ་བུ་ནི་ཆོས་ཅན་ཡིན་ལ། སེལ་ངོར་བུམ་བུམ་པ་མ་ཡིན་དང་བྲལ་བའི་ཆ་ནི། །བུམ་པའི་ལྡོག་པ་ཡིན་ཏེ། བུམ་པའི་མེད་དགག་གི་སེལ་བ་ཡིན་པའི་ཕྱིར། བུམ་པའི་སྟེང་གི་ཤེས་བྱ་མ་ཡིན་པ་ལས་ལྡོག་པ་དང༌། གཞལ་བྱ་མ་ཡིན་པ་ལས་ལྡོག་པའི་ཆ་ཡང༌། བུམ་པའི་དེ་དང་དེའི་ལྡོག་པ་ཞེས་བརྗོད་དོ། །གལ་ཏེ་བུམ་པའི་ལྡོག་པ་ཡིན་ཏེ། བུམ་མིན་ལས་ལྡོག་པའི་ཕྱིར་སྙམ་ན། ཁྱོད་ལ་གསེར་བུམ་སོགས་ཀྱང་དེར་ཐལ་བར་འགྱུར་རོ། །ཡང་སེལ་ངོར་བུམ་པ་བུམ་མ་ཡིན་དང་བྲལ་བ་ཆོས་ཅན། བུམ་པའི་ལྡོག་པ་མ་ཡིན་པར་ཐལ། བུམ་པ་མ་ཡིན་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་ཁྱོད་ལྟར་ན་མཚན་ཉིད་དང་དགག་པ་ལ་སོགས་པ་རྣམས་ཀྱང༌། དེ་དང་དེའི་ལྡོག་པ་མ་ཡིན་པར་ཐལ། དེ་མ་ཡིན་པའི་ཕྱིར། འདོད་ན། དེ་དང་དེ་དེ་དང་དེའི་ལྡོག་པ་ཡིན་པར་འདོད་པ་འགལ་ལོ། །ཡང་བུམ་པའི་ལྡོག་པའི་བྱེ་བྲག་མེད་ཅེ་ན། འོ་ན་བུམ་པའི་མི་རྟག་པ་ཞེས་པའི་སྒྲ་ཆོས་ཅན། བུམ་པའི་ལྡོག་པ་དུ་མ་ཡོད་པའི་ནང་ནས་བུམ་པའི་སྟེང་གི་མི་རྟག་པ་གཅིག་པོ་དམིགས་ཀྱིས་དཀར་ནས་བརྗོད་པ་མ་ཡིན་པར་ཐལ། བུམ་པའི་ལྡོག་པའི་བྱེ་བྲག་མེད་པའི་ཕྱིར། འདོད་ན། དེ་བུམ་པ་ལ་ཁྱད་པར་གཞན་སྤོང་གི་ཚུལ་གྱིས་བརྗོད་པའི་སྒྲ་མ་ཡིན་པར་ཐལ་ལོ། །ཡང་བུམ་པ་ཆོས་ཅན། ལྡོག་པའི་བྱེ་བྲག་དུ་མ་དང་ལྡན་པའི་ཆ་ནས། ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཞེས་འཇོག་པ་མི་འཐད་པར་ཐལ། དེའི་ཕྱིར། འདོད་ན། རྣམ་ངེས་ལས། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཏེ་ཞེས་གསུངས་པ་མི་འཐད་པར་ཐལ་ལོ། །གཞན་ཡང༌། སེལ་ངོར་གསེར་བུམ་མིན་པ་ལས་ལྡོག་པ་དང༌། དངུལ་བུམ་མ་ཡིན་པ་ལས་ལྡོག་པ་སོགས་བུམ་པའི་ལྡོག་པའི་བྱེ་བྲག་མ་ཡིན་པར་ཐལ། བུམ་པའི་ལྡོག་པ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །གལ་ཏེ་དེ་དག་བུམ་པའི་ལྡོག་པ་མ་ཡིན་ཏེ། དེ་ལས་ཐ་དད་པའི་ཕྱིར་ཞེ་ན། སེལ་ངོར་བུམ་པ་བུམ་མིན་ལས་ལྡོག་པ་ཡང༌། བུམ་པའི་ལྡོག་པ་མ་ཡིན་པར་ཐལ། དེ་ལ་ཐ་དད་པའི་ཕྱིར། མདོར་ན་གང་དང་གང་ལས་ལྡོག་པ་ཡིན་ན། དེ་ལས་ཐ་དད་པས་ཁྱབ་སྟེ། བུམ་པའི་ལྡོག་པ་ཡིན་ན་བུམ་པའི་སེལ་བ་ཡིན་པས་ཁྱབ་པའི་ཕྱིར་དང༌། རང་ཉིད་རང་གི་སེལ་བ་ཡིན་པ་ཡང་མི་སྲིད་པའི་ཕྱིར་རོ། །གཉིས་པ་གཞུང་དོན་ལ། སྔ་རབས་པ་དག་རྫས་ཀྱི་མཚན་ཉིད། ལྡོག་པ་དུ་མ་འབྲལ་མི་ཤེས་པ་ལྡོག་པའི་མཚན་ཉིད། འདུས་པ་ཅན་གྱི་ཆོས་སོ་སོ་བ། དེ་ཡང་གཞི་གཅིག་ལ་རྫས་ཁྱབ་ཆེས་ཏེ། དཔེར་ན་བུམ་པ་ནི་རྫས་ཡིན་ལ། བུམ་པ་ལ་ལྡན་པའི་ཆོས་ཤེས་བྱ་གཞལ་བྱ་སོགས་ནི་ལྡོག་པའོ། །དེའི་ཚེ་བུམ་པས་བུམ་པ་ལ་ལྡན་པའི་ཆོས་རྣམས་ལ་ཁྱབ་པའི་ཕྱིར་བུམ་པ་ཁྱབ་ཆེའོ། །གཞི་གཞན་དུ་ལྡོག་པ་ཁྱབ་ཆེ་སྟེ་ཤེས་བྱ་གཞལ་བྱ་སོགས་ཀྱིས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཞེས་ཟེར་རོ། །འོ་ན་བུམ་པ་ལྟ་བུའི་རྫས་ཅིག་གིས་བྱས་མི་རྟག་སོགས་ཀྱི་ལྡོག་པ་ཐ་དད་པ་རྣམས་དངོས་པོར་གྲུབ་བམ་མ་གྲུབ། གལ་ཏེ་དངོས་པོར་གྲུབ་ན་དངོས་པོ་གཉིས་གཅིག་གམ་ཐ་དད་དུ་གྲུབ། གལ་ཏེ་དངོས་པོ་གཅིག་ཏུ་གྲུབ་བོ་ཞེ་ན། འོ་ན་བུམ་པ་ལྟ་བུ་རྫས་ཀྱང་གཅིག་ལ། དེའི་སྟེང་གི་ལྡོག་པ་རྣམས་ཀྱང་གཅིག་པས། བུམ་པ་དང་བུམ་པའི་ཆོས་རྣམས་ཐ་དད་གཏན་ནས་མེད་པར་ཐལ། རྫས་ཀྱང་གཅིག་ལ། དེའི་ལྡོག་པའི་ཆོས་རྣམས་ཀྱང་གཅིག་པའི་ཕྱིར། གལ་ཏེ། དངོས་པོ་ཐ་དད་དུ་གྲུབ་བོ་ཞེ་ན། སྒྲ་བྱས་མི་རྟག་པ་གསུམ་པོ་ཆོས་ཅན། རྫས་གཅིག་མིན་པར་ཐལ། དངོས་པོ་སོ་སོ་བ་ཡིན་པའི་ཕྱིར། གལ་ཏེ་དངོས་མེད་ཡིན་ནོ་ཞེ་ན། འོ་ན་ལྡོག་པ་དུ་མ་འབྲལ་མི་ཤེས་པ་རྫས་ཀྱི་མཚན་ཉིད་ཡིན་པར་འགལ་ལོ། །ཡང་བོད་རྣམས། རྫས་ཆོས་ཀྱི་མཚན་ཉིད། དངོས་འགལ་རྫས་གཅིག་ལ་མི་འདུ་བ། ལྡོག་ཆོས་ཀྱི་མཚན་ཉིད། དངོས་འགལ་ལྡོག་པ་གཅིག་ལ་མི་འདུ་བ་ཞེས་ཟེར་རོ། །ཀ་བའི་ལྡོག་པ་དང་ཀ་བ་མིན་པའི་ལྡོག་པ་ཆོས་ཅན། རྫས་ཆོས་སུ་ཐལ། དངོས་འགལ་རྫས་གཅིག་ལ་མི་འདུ་བ་ཡིན་པའི་ཕྱིར། ཡང་སྔོན་པོ་དང་སྔོ་མ་ཡིན་ཆོས་ཅན། ལྡོག་ཆོས་སུ་ཐལ། དངོས་འགལ་ལྡོག་པ་གཅིག་ལ་མི་འདུ་བ་ཡིན་པའི་ཕྱིར། གཞན་ཡང༌། སྒྲ་དང༌། མི་རྟག་པ་དང༌། བྱས་པའི་ལྡོག་པ་གསུམ་པོ་ཆོས་ཅན། རྫས་ཆོས་སུ་ཐལ། དངོས་འགལ་རྫས་གཅིག་དུ་མི་འདུ་བ་ཡིན་པའི་ཕྱིར། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་ལ་ཆོས་ཅན། རྫས་ཆོས་སྣང་བ་འཐད་པ་མ་ཡིན་པར་ཐལ། ཕྱི་རོལ་གྱི་དངོས་པོ་མི་སྣང་བའི་ཕྱིར། འདོད་ན། སྒྲ་བྱས་མི་རྟག་པ་གསུམ་གྱི་ལྡོག་པ་རྫས་ཆོས་ཡིན་པར་འགལ། སྒྲ་མ་ཡིན་ལས་ལྡོག་པ་དང༌། མི་རྟག་པ་མ་ཡིན་པ་ལས་ལྡོག་པ་གཉིས་ཆོས་ཅན། རྫས་ཆོས་སུ་ཐལ། རང་གི་དངོས་འགལ་རྫས་གཅིག་དུ་མི་འདུ་བ་ཡིན་པའི་ཕྱིར། འདོད་ན། རྗེས་དཔག་དེ་ལ་སྣང་བའི་ལྡོག་པ་གཉིས་པོ་ཆོས་ཅན། རྫས་ཆོས་སུ་འཐད་པ་མ་ཡིན་པར་ཐལ། རྗེས་དཔག་ལ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། རྗེས་དཔག་དངོས་པོ་མི་འཛིན་པས་སོ། །རྗེས་དཔག་ནི་ཆོས་ཅན། ལྡོག་པ་དངོས་ཡུལ་དུ་བྱེད་པའི་སྒོ་ནས་གཞལ་བྱ་སྒྲུབ་པར་བཞེད་དེ། སེལ་བའི་སྒོ་ནས་གཞལ་བྱ་འཇལ་བའི་ཕྱིར། རྗེས་སུ་དཔག་པས་རྫས་ཆོས་དངོས་ཡུལ་དུ་བྱེད་ན། འོ་ན་སྒྲ་དང༌། སྒྲ་བྱས་མི་རྟག་རྫས་གཅིག་གམ་རྫས་ཐ་དད། རྫས་གཅིག་གོ་ཞེ་ན། འོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དག་གིས་སྒྲའི་རྫས་དངོས་ཡུལ་དུ་བྱས་པ་ན། སྒྲ་བྱས་མི་རྟག་གཉིས་པོ་ཡང་དངོས་ཡུལ་དུ་བྱས་པར་ཐལ། རྗེས་དཔག་གིས་རྫས་ཆོས་འཛིན་པ་གང་ཞིག རྫས་ཐ་དད་མེད་པར་གཅིག་ཏུ་གནས་པའི་ཕྱིར་ཏེ། རྫས་ཀྱི་ཆ་ཤས་གཅིག་འཛིན་གཅིག་མི་འཛིན་པའི་བྱེ་བྲག་མེད་པའི་ཕྱིར། གཞུང་ལས་ཀྱང༌། དངོས་པོ་མཐོང་བ་ཉམས་པའི་ཕྱིར། ཞེས་པ་དང༌། རྫས་ལྡོག་འཆད་པའི་སྐབས་འདིར་ཆོས་ཅན། དེ་རྫས་ཆོས་སུ་འཐད་པ་མ་ཡིན་པར་ཐལ། རྗེས་དཔག་གིས་ཕྱིའི་དངོས་པོ་མི་འཛིན་པའི་ཕྱིར་རོ། །ཡང་རྗེས་དཔག་སེལ་བའི་སྒོ་ནས་འཇུག་སྟེ། རྟགས་ཡང་དག་གིས་ལྡོག་པ་དངོས་ཡུལ་དུ་བྱེད་པའི་སྒོ་ནས་བསྒྲུབ་བྱ་སྒྲུབ་པའི་ཕྱིར། རྗེས་དཔག་གིས་རྫས་ཆོས་འཛིན་ན། དངོས་པོ་དངོས་སུ་འཛིན་དགོས་ལ་དེ་ལྟ་ན་སྒྲའི་ཆོས་གཅིག་འཛིན་པ་ན་སྒྲའི་ཆོས་ཀུན་འཛིན་དགོས་ཏེ། སྒྲ་ལ་སྒྲུབ་པས་འཇུག་པའི་ཕྱིར། གཞུང་ལས་ཀྱང༌། དངོས་པོ་མཐོང་བ་ཉམས་པའི་ཕྱིར། །ཞེས་པ་དང༌། རྗེས་སུ་དཔག་པ་ལས་ཀྱང་དངོས། །འཛིན་ན་ཆོས་གཅིག་ངེས་གྱུར་པས། །ཆོས་ཀུན་འཛིན་ཏེ་ཞེས་སོ། །རང་ལུགས་ལ། རྫས་ཆོས་ཀྱི་མཚན་ཉིད་ནི། དོན་དམ་པར་ཡོངས་སྤྱོད་ཀྱི་ངོ་བོར་གནས་པ་གང་ཞིག ལྡོག་པའི་ཁྱད་པར་དུ་མའི་རྟེན་ཆོས་ཅན་ནོ། །ལྡོག་ཆོས་ཀྱི་མཚན་ཉིད། རྫས་ལ་རྟེན་པའི་དེ་མ་ཡིན་ལས་ལྡོག་པས་རབ་ཏུ་ཕྱེ་བའི་ཁྱད་པར་གྱི་ཆོས་སོ། །སྤྱིའི་མཚན་ཉིད་ནི། རིགས་མི་མཐུན་ལས་ལོག་ཅིང་རང་གི་གསལ་བ་ཐམས་ཅད་ལ་ཐུན་མོང་དུ་རྗེས་སུ་འགྲོ་བ། བྱེ་བྲག་གི་མཚན་ཉིད་ནི། རིགས་མི་མཐུན་དང་རིགས་མཐུན་ནང་ལས་ཀྱང་ལོག་པའི་ལྡོག་པ་གཉིས་ཚོགས་སོ། །དཔེར་ན། བུམ་པ་ལྟ་བུ་དངོས་པོ་མ་ཡིན་པ་ལས་ཀྱང་ལྡོག་ཅིང༌། བུམ་པའི་མཚན་ཉིད་དང་མི་ལྡན་པའི་དངོས་པོའི་ནང་ཚན་གཞན་ལས་ཀྱང་ལྡོག་པ་དངོས་པོའི་བྱེ་བྲག་ཏུ་བཞག་པ་བཞིན་ནོ། །རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་རྟེན་པ་ཅན། །ཞེས་གསུངས་པས་སོ། །སྤྱི་ལ་དབྱེ་ན་གཉིས་ཏེ་གོང་མའི་སྤྱི་དང༌། ཐད་ཀའི་སྤྱིའོ། །བྱེ་བྲག་ལ་ཡང་གཉིས་ཏེ་གོང་མའི་བྱེ་བྲག་དང༌། ཐད་ཀའི་བྱེ་བྲག་གོ །དེ་ལ་གོང་མའི་སྤྱི་ནི། སྐད་ཅིག་སྔ་མ་དང༌། བར་བ་དང༌། ཕྱི་མ་རྣམས་ལ་རྗེས་སུ་འགྲོ་བ་དུས་ཀྱིས་ཕྱེ་བའི་སྤྱི་ཡིན་ནོ། །གོང་མའི་བྱེ་བྲག་ནི། སྔོན་པོའི་སྐད་ཅིག་སྔ་མ་དང༌། བར་པ་དང༌། ཕྱི་མ་ལྟ་བུའོ། །དཔེར་ན། སྔོན་པོའི་སྐད་ཅིག་སྔ་མ་ཡང༌། །སྔོན་པོའི་སྐད་ཅིག་གི་བྱེ་བྲག་ཏུ་བཞེད་པ་ལྟ་བུའོ། །ཤིང་ནི་ཕྱོགས་ཐ་དད་ན་གནས་པའི་ཤྭ་བ་དང་ཙན་དན་ལ་སོགས་པ་རྣམས་ཀྱི་ཐད་ཀའི་སྤྱི་ཡིན་ལ། དེ་དག་ནི་ཐད་ཀའི་བྱེ་བྲག་གོ །ཡང་སྤྱི་དང་བྱེ་བྲག་གི་ཚུལ་ལ་གཉིས་ཏེ། སྤྱི་ཡིན་ལ་བྱེ་བྲག་མ་ཡིན་པའི་མུ་དང༌། བྱེ་བྲག་ཡིན་ལ་སྤྱི་མ་ཡིན་པའི་མུ་དང༌། གཉིས་ཀ་ཡིན་པ་དང༌། གཉིས་ཀ་མ་ཡིན་པའི་མུའོ། །དེ་ལ་ཤེས་བྱ་ལྟ་བུ་ནི་སྤྱི་ཁོ་ན་ཡིན་གྱི། བྱེ་བྲག་མ་ཡིན་ནོ། །དངོས་པོ་ནི། ཤེས་བྱ་ལ་ལྟོས་ཏེ། སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་ཏེ། སྤྱིར་ཤེས་བྱ་མ་ཡིན་པ་ལས་ཀྱང་ལྡོག བྱེ་བྲག་ཤེས་བྱའི་ནང་ཚན་འགའ་ཞིག་ལས་ལྡོག་པས་ཤེས་བྱའི་བྱེ་བྲག་ཡིན་ལ་བེམ་རིག་ལ་ལྟོས་ཏེ་སྤྱིར་བཞག་པས་སོ། །བྱེ་བྲག་ཁོ་ན་ཡིན་ལ། སྤྱི་མ་ཡིན་པ་ནི་བྱེ་བྲག་བཞག་ཏུ་མེད་པ་ཆ་ཤས་མེད་པའི་ད་ལྟར་གྱི་དངོས་པོ་སྐད་ཅིག་མ་གཅིག་ལྟ་བུའོ། །འགའ་ཞིག་ན་རེ། བྱེ་བྲག་མེད་པའི་ཆོས་མི་སྲིད་དེ། ཆོས་གང་ངོས་བཟུང་ཡང་དེ་ལ་བྱེ་བྲག་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན། གཞི་གྲུབ་ན་སྤྱི་ཡིན་པས་ཁྱབ་པར་ཐལ་ལོ། །འདོད་ན་རང་གི་མཚན་ཉིད་མི་སྲིད་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་གཞལ་བྱ་ལ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་གཉིས་སུ་འབྱེད་པ་ཡང་མི་འཐད་པར་ཐལ། གཞལ་བྱ་ཡིན་ན་སྤྱི་ཡིན་པས་ཁྱབ་པའི་ཕྱིར། ཐུན་མོང་མ་ཡིན་པའི་ཆོས་གཅིག་ཀྱང་མི་སྲིད་པར་ཐལ། གཞི་གྲུབ་ན་ཐུན་མོང་བའི་ཆོས་ཡིན་པས་ཁྱབ་པའི་ཕྱིར། གཞན་ཡང༌། དངོས་པོར་སྨྲ་བའི་གྲུབ་མཐའི་སྐབས་འདིར་ཆ་ཤས་མེད་པའི་དངོས་པོ་གཅིག་སྲིད་དམ་མི་སྲིད། གལ་ཏེ་སྲིད་དོ་ཞེ་ན། དེ་ཉིད་ངོས་ཟུང་ཞིག ཕ་རོལ་པོས་གང་ངོས་བཟུང་བ་དེ་ཉིད་ལ་རང་གིས་ཀྱང་བྱེ་བྲག་མེད་པའི་དངོས་པོ་དེ་ཉིད་ལ་ངོས་བཟུང་བས། ཕ་རོལ་པོས་ཐལ་འགྱུར་ཇི་ཙམ་འཕངས་པ་དེ་ཉིད་ལྡོག་པས་ལན་མེད་པ་ཉིད་དོ། །གལ་ཏེ་མི་སྲིད་དོ་ཞེ་ན། འོ་ན། རྣམ་ངེས་ལས། ནུས་པ་ནི་རྒྱུ་ཡིན་གྱི། མི་ནུས་པ་ནི་མ་ཡིན་ནོ། །ནུས་པ་ལ་ནི་གེགས་བྱ་བར་མི་ནུས་ཏེ། སྐད་ཅིག་མ་ལ་ཆ་ཤས་མེད་པའི་ཕྱིར་ཞེས་བྱ་བ་འདིའི་དོན་ངོས་ཟུང་ཞིག གང་ངོས་བཟུང་བ་དེ་ཉིད་ལ། རང་གིས་ཀྱང་བྱེ་བྲག་མེད་པའི་དངོས་པོར་ངོས་བཟུང་བས་རྣམ་པ་ཐམས་ཅད་དུ་མཚུངས་སོ། །ཡང་དབུ་མ་པས་དངོས་པོར་སྨྲ་བའི་ངོར། བདེན་པའི་གཅིག་དང་དུ་བྲལ་གྱི་རྟགས་ཀྱིས་སྣང་བ་བདེན་མེད་དུ་སྒྲུབ་པར་བྱེད་པའི་ཚེ། བདེན་པའི་གཅིག་དང་བྲལ་བའི་གཏན་ཚིགས་གང་བཀོད་པ་རྣམས། དངོས་པོར་སྨྲ་བའི་ངོར་གྲུབ་ཟིན་སྒྲུབ་པའི་རྟགས་སྐྱོན་ཅན་དུ་ཐལ། དངོས་པོར་སྨྲ་བའི་ལུགས་ལ་བདེན་པའི་གཅིག་དུ་ངེས་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་སྲིད་ན་ཆ་མེད་ཀྱི་དངོས་པོ་གཏན་མི་སྲིད་པར་འགལ་ལོ། །གཟུགས་དང་དངོས་པོ་སོགས་ཡོད་ཀྱང་དེ་གཉིས་དོན་དམ་པར་སྤྱི་དང་བྱེ་བྲག་དུ་མ་གྲུབ་ཏེ། དོན་དམ་པར་ཐ་དད་མེད་པའི་ཕྱིར། དོན་དམ་པར་ཐ་དད་ན་བདག་ཉིད་མི་གཅིག་པས་གཞི་མཐུན་མི་སྲིད་པའི་ཕྱིར་སྤྱི་དང་བྱེ་བྲག་དུ་འགལ་ལོ། །དེས་ན་སྤྱི་དང་བྱེ་བྲག་ཡིན་པ་དང༌། གཞི་མཐུན་ཡིན་པ་རྣམས་གཞན་སེལ་བའི་ངོར་འཇོག་གི དོན་དམ་པར་མི་སྲིད་དོ། །སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ནི། རི་བོ་གི་རྭ་ལྟ་བུའོ། །དེས་ན་ཐད་ཀའི་སྤྱི་དང་བྱེ་བྲག་གཉིས། གོང་མའི་སྤྱི་དང་བྱེ་བྲག་གཉིས་གཉིས་ཡོད་དོ། །ཐད་ཀའི་བྱེ་བྲག་ཙན་དན་དང་ཤྭ་བ་གཉིས་ནི་ཆོས་ཅན། རྫས་ཐ་དད་ཡིན་ཏེ། རང་རྒྱུ་ལས་རྫས་སོ་སོར་སྐྱེས་པའི་ཕྱིར། གོང་མའི་བྱེ་བྲག འདས་པའི་སྐད་ཅིག་མ་དང༌། མ་འོངས་པའི་སྐད་ཅིག་མ་གཉིས་ནི་ཅིག་པ་བཀག་པ་ཡིན་གྱི་ད་ལྟར་ཐ་དད་དུ་ཡོད་པ་མ་ཡིན་ཏེ། འདས་པ་འགགས་པའི་ཕྱིར་དང་མ་འོངས་པ་མ་སྐྱེས་པའི་ཕྱིར་རོ། །མུ་སྟེགས་བྱེ་བྲག་པ་ཁ་ཅིག་སྤྱི་དང་བྱེ་བྲག་རྫས་ཐ་དད་ཡིན་ནོ་ཞེས་ཟེར་རོ། འདི་ནི་སྤྱི་ཆོས་ཅན། གསལ་བ་ལས་རྫས་ཐ་དད་དུ་མེད་པར་ཐལ། རྫས་ཐ་དད་དུ་ཡོད་ན་ཚད་མ་ལ་སྣང་དུ་རུང་བ་ལས་སྣང་བ་མེད་པའི་ཕྱིར་ཞེས་པའི་རིགས་པས་ཁེགས་སོ། །ཡང་གྲངས་ཅན་པ་དག རྡུལ་མུན་པ་སྙིང་སྟོབས་གསུམ་ཆ་མཉམ་པའི་གཙོ་བོ་ཞེས་བྱ་བའི་སྤྱི་དང༌། གསལ་བ་བུམ་སོགས་རྣམས་ལ་མེ་དང་ཚ་བ་ལྟར་རྫས་གཅིག་དུ་ཡོད་ཞེས་པ་དང༌། བོད་རྣམས་ཤིང་ཙམ་དང༌། ཤིང་གི་གསལ་བ་ཤ་པ་སོགས་རྣམས་རྫས་གཅིག་ཅེས་པ་དང༌། སྔོན་པོ་ཙམ་དང༌། བྱེ་བྲག་བཻ་ཌཱུརྻའི་སྔོན་པོ་རྫས་གཅིག་ཞེས་ཟེར་བ་རྣམས་དོན་གཅིག་པས་ཕྱོགས་གཅིག་དུ་དགག་པ་ནི། འོ་ན་སྤྱི་དང་བྱེ་བྲག་རྫས་གཅིག་འདོད་ནའང་སྔ་མ་ལྟར་སྣང་རུང་མིན་པའི་རྟགས་ཀྱིས་ཁེགས་ཏེ། བཻ་ཌཱུརྻའི་སྔོན་པོ་སྣང་བ་ན། བཻ་ཌཱུརྻའི་སྔོན་པོ་མཐའ་དག་ལ་རྗེས་སུ་འགྲོ་བའི་སྔོན་པོ་ཡང་སྣང་བར་ཐལ། སྔོན་པོ་མཐའ་དག་ལ་རྗེས་སུ་འགྲོ་བའི་སྔོན་པོ་དང༌། བཻ་ཌཱུརྻའི་སྔོན་པོ་རྫས་དབྱེར་མེད་གཅིག་ཡིན་པའི་ཕྱིར། གལ་ཏེ་བཻ་ཌཱུརྻའི་སྔོན་པོ་སྣང་ཡང༌། རས་སྔོན་ལ་རྗེས་སུ་འགྲོ་བའི་སྔོན་པོ་དེ་མི་སྣང་ན། འོ་ན་སྣང་བའི་རྫས་དང་མི་སྣང་བའི་རྫས་གཉིས་སུ་འགྱུར་བས་རྫས་གཉིས་ལ་རྫས་གཅིག་ཞེས་སུ་ཞིག་བརྗོད་པར་བྱེད། །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ནས་དགག་ན། ཡུལ་ཕན་ཚུན་འགལ་བའི་ཤིང་གི་བྱེ་བྲག ཤར་ཕྱོགས་ཀྱི་ཙནྡན་དང་ནུབ་ཕྱོགས་ཀྱི་སེང་ལྡེང་གཉིས་དང༌། དུས་ཕན་ཚུན་འགལ་བའི་ཤིང་གི་བྱེ་བྲག སྐད་ཅིག་སྔ་མའི་ཤིང་དང་ཕྱི་མའི་ཤིང་གཉིས་དང༌། རྣམ་པ་ཕན་ཚུན་འགལ་བའི་ཤིང་གི་བྱེ་བྲག་ཤྭ་བ་དང་ཙནྡན་ལ་སོགས་པ་རྣམས་ཤིང་གསལ་ཐམས་ཅད་ལ་རྗེས་སུ་འགྲོ་བའི་སྤྱིའི་ཤིང་གཅིག་དང་རྫས་དབྱེར་མེད་གཅིག་དུ་གནས་པའི་ཚུལ་གྱིས་འབྲེལ་ན། ཤིང་དང་ཤིང་གི་གསལ་བ་ཤྭ་བ་ཙནྡན་སོགས་དང༌། སྐྱེ་འཇིག་ཅིག་ཅར་བྱེད་པར་འགྱུར་ཞིང༌། ཤིང་གསལ་སོ་སོ་བ་རྣམས་ཀྱང་ཕན་ཚུལ་ངོ་བོ་གཅིག་དུ་ཐལ་བར་འགྱུར་རོ། །གལ་ཏེ་སྐྱེ་འཇིག་གཅིག་ཆར་བྱེད་པ་མིན་པར་སོ་སོར་བྱེད་པ་དང༌། གསལ་བ་རྣམས་ཀྱང་ཕན་ཚུན་སོ་སོ་བ་ཡིན་ན། འོ་ན་ཙནྡན་འཇིག་པའི་ཚེ་ན། ཤིང་མི་འཇིག་པའི་རྫས་ཆ་གཉིས་འགལ་བར་ཐལ། ཙནྡན་དང་ཤིང་རྫས་ཆ་ཤས་མེད་པ་གཅིག་ཡིན་པའི་ཕྱིར། ཡང་ཤིང་སྐྱེས་པའི་ཡུལ་དུས་ཐམས་ཅད་དུ། ཤིང་སྐྱེས་ལ་ཙནྡན་མ་སྐྱེས་པའི་ཆ་གཉིས་འགལ་བར་ཐལ། དེ་གཉིས་རྫས་དབྱེར་མེད་གཅིག་ཡིན་པའི་ཕྱིར། གསལ་བ་རྣམས་ཀྱང་ཕན་ཚུན་རྣམ་པ་མི་འདྲ་བའི་ཆ་གཉིས་འགལ་བར་ཐལ། ཤིང་དང་རྫས་དབྱེར་མེད་གཅིག་ཡིན་པའི་ཕྱིར་རོ། །དེའི་དོན་ཅུང་ཟད་རྒྱས་པར་བཤད་ན། ཤར་ཕྱོགས་སུ་ཤིང་ཤྭ་བ་སྐྱེས་པ་ན་ཤིང་སྐྱེས་སམ་མ་སྐྱེས། གལ་ཏེ་སྐྱེས་ན། ནུབ་ཕྱོགས་ཀྱི་ཙན་དན་ཀྱང་ཤར་ཕྱོགས་ཀྱི་ཤྭ་བའི་ཡུལ་དུས་དེ་ན་སྐྱེས་པར་ཐལ། ཤར་ཕྱོགས་ཀྱི་ཤྭ་བའི་ཡུལ་དུ་ཤིང་སྐྱེས་པའི་ཕྱིར། གལ་ཏེ་ཤར་ཕྱོགས་ཀྱི་ཤྭ་བའི་ཡུལ་དེར་ཤིང་སྐྱེས་ཀྱང༌། ནུབ་ཕྱོགས་ཀྱི་ཙནྡན་ལ་མ་སྐྱེས་སོ་ཞེ་ན། ཤིང་ཤར་ཕྱོགས་སྐྱེས་པ་རྫས་སུ་གྲུབ་ལ། ནུབ་ཕྱོགས་ཀྱི་ཙན་དན་ཤར་ཕྱོགས་སུ་སྐྱེས་པའི་རྫས་སུ་མ་གྲུབ་པས་ཤར་ཕྱོགས་སུ་སྐྱེས་མ་སྐྱེས་ཀྱི་རྫས་གཉིས་སུ་གནས་པའི་ཕྱིར་རྫས་གཅིག་ཏུ་རིགས་པ་མིན་ནོ། །ཡང་ཤར་ཕྱོགས་སུ་ཤྭ་བ་སྐྱེས་པའི་དུས་སུ་ཤར་ཕྱོགས་སུ་ཤིང་སྐྱེས་ན། ནུབ་ཕྱོགས་ཀྱི་ཙན་དན་ཡང་དེའི་དུས་སུ་སྐྱེས་པར་ཐལ། ཤར་ཕྱོགས་ཀྱི་ཤྭ་བ་སྐྱེས་པའི་དུས་སུ་ཤིང་ཡང་སྐྱེས་པའི་ཕྱིར། གལ་ཏེ་ཤར་ཕྱོགས་ཀྱི་ཤྭ་བ་སྐྱེས་པའི་དུས་སུ་ཤིང་སྐྱེས་ཀྱང་ནུབ་ཕྱོགས་ཀྱི་ཙན་དན་སྐྱེ་བར་མ་ངེས་སོ་ཅེ་ན། འོ་ན་སྐྱེ་བའི་དུས་ཀྱང་སོ་སོ་ཡིན་པའི་ཕྱིར་རྫས་གཅིག་ཏུ་རིགས་པ་མ་ཡིན་ནོ། །གལ་ཏེ་ཤར་ཕྱོགས་ཀྱི་ཤྭ་བ་སྐྱེས་པའི་ཡུལ་དུས་སུ་ཤིང་མ་སྐྱེས་སོ་ཅེ་ན། དངོས་པོར་མ་སྐྱེས་པ་ཡིན་ནམ། དངོས་པོར་མ་གྲུབ་ནས་མ་སྐྱེས་པ་ཡིན། གལ་ཏེ་སྔ་མ་ལྟར་རོ་ཞེ་ན། འོ་ན་ཤྭ་བ་སྐྱེས་པའི་ཡུལ་དུས་སུ་མ་སྐྱེས་ན། ཙནྡན་སོགས་གསལ་བར་རེ་རེ་སྐྱེས་པའི་ཡུལ་དུས་སུ་ཡང་མ་སྐྱེས་པར་མཚུངས་པས་ཤིང་སྐྱེས་པའི་ཡུལ་དུས་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཕྱི་མ་ལྟར་ནའང་རྫས་སུ་མེད་པས་གསལ་བ་རྣམས་རྫས་གཅིག་པ་འགལ་ལོ། །རྣམ་ངེས་དང་རྣམ་འགྲེལ་གྱི་རང་འགྲེལ་གཉིས་ཀ་ལས། དེ་གྲུབ་ན་མ་གྲུབ་པའམ་རྒྱུ་ཐ་དད་པ་ནི། དེའི་རང་བཞིན་དུ་རིགས་པ་མ་ཡིན་ནོ། །དངོས་པོ་རྣམས་ཀྱི་ཐ་དད་པའམ་རྒྱུ་ཐ་དད་པ་ནི་འདི་ཁོ་ན་ཡིན་ཏེ། ཆོས་འགལ་བར་གནས་པའམ་རྒྱུ་ཐ་དད་པའོ། །དེས་ཀྱང་ཐ་དད་པར་མི་འགྲུབ་ན་ནི་འགའ་ཡང་གང་ལས་ཀྱང་ཐ་དད་པ་མེད་པས་རིལ་རྫས་གཅིག་ཏུ་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །ཡང་ཤིང་གི་གསལ་བ་རྣམས་ཀྱང་ཕན་ཚུན་རྫས་གཅིག་ཏུ་འགྱུར་ཏེ། ཤིང་གི་རྫས་གཅིག་དང་རྫས་དབྱེར་མེད་གཅིག་ཏུ་གནས་པའི་ཕྱིར། གཞན་ཡང༌། ཤིང་ཤྭ་བའི་ཉེར་ལེན་ལས། ཤིང་སྐྱེས་སམ་མ་སྐྱེས། སྐྱེས་ན་ཤིང་ཆོས་ཅན། ཤྭ་བའི་ཉེར་ལེན་ཁེགས་ན་ཁེགས་པར་ཐལ་ཤིང་ཤྭ་བའི་ཉེར་ལེན་གྱི་འབྲས་བུ་ཡིན་པའི་ཕྱིར། ཡང་ཤྭ་བ་ཤྭ་བའི་ཉེར་ལེན་གྱིས་ཉེར་ལེན་བྱས་པ་ལས་སྐྱེས་པ་བཞིན་དུ། །ཤ་པའི་ཉེར་ལེན་གྱིས་ཤིང་གི་ཉེར་ལེན་ཡང་བྱས་པར་ཐལ། ཤྭ་བ་དང་ཤིང་གཉིས་དོན་དམ་པར་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། ཤ་པའི་ཉེར་ལེན་ཁེགས་པ་ན་ཤིང་ཁེགས་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་ཤྭ་བའི་ཉེར་ལེན་ལས་ཤྭ་བ་སྐྱེས་ཀྱང་ཤིང་མ་སྐྱེས་སོ་ཅེ་ན། འོ་ན་ཤྭ་བ་དང་ཤིང་གཉིས་དོན་དམ་པར་རྫས་གཅིག་མ་ཡིན་པར་ཐལ། ཉེར་ལེན་སོ་སོ་ལས་སྐྱེས། དུས་ཀྱང་སོ་སོ། ཤྭ་བ་འཇིག་ཀྱང་ཤིང་མི་འཇིག་པའི་སྐྱེ་འཇིག་ཀྱང་སོ་སོ་བ་ཡིན་པའི་ཕྱིར། སྐྱེས་དུས་སོ་སོ། ཉེར་ལེན་སོ་སོ། སྐྱེ་འཇིག་སོ་སོ་བ་རྫས་གཅིག་ཏུ་སྨྲ་བ་ནི་མངོན་སུམ་དུ་སྙོན་པས་རི་བོང་གི་རྭ་ཡོད་ཅེས་སྨྲ་བ་དང་མཚུངས་སོ། །ཡང་ཤྭ་བ་དང་ཤིང་གཉིས་དོན་དམ་པར་གཅིག་གམ་ཐ་དད། གལ་ཏེ་དོན་དམ་པར་གཅིག་གོ་ཞེ་ན། འོ་ན་རིགས་པ་འདིས་སེང་ལྡེང་ལ་ཡང་དོན་དམ་པར་གཅིག་ཏུ་ཡོད་པར་འདོད་དགོས་ལ། ཤུག་པ་དང་ཡང་དོན་དམ་པར་གཅིག་ཏུ་འདོད་པར་བྱ་དགོས་པས། མཐར་ཤིང་ཐམས་ཅད་དོན་དམ་པར་གཅིག་ཏུ་ཐལ་བར་འགྱུར་ལོ། །འདོད་ན། དོན་དམ་པར་སྐྱེ་འཇིག་གཅིག་ཅར་དུ་བྱེད་པར་ཐལ་བར་འགྱུར་རོ། །གལ་ཏེ་དོན་དམ་པར་ཐ་དད་དོ་ཞེ་ན། འོ་ན་ཤིང་དང་ཤྭ་བ་གཉིས་པོ་བདག་ཉིད་གཅིག་མ་ཡིན་པར་ཐལ། དོན་དམ་པར་ཐ་དད་པའི་ཕྱིར། འདོད་ན། སྤྱི་དང་བྱེ་བྲག་བདག་ཉིད་གཅིག་ཏུ་འདོད་པ་འགལ་ལོ། །མདོར་ན་དོན་དམ་པར་ཐ་དད་པ་ཡིན་ན་རྫས་ཐ་དད་དུ་འདོད་པར་བྱ་དགོས་པས་སྤྱི་དང་བྱེ་བྲག་གི་དོན་ཉམས་སོ། །གལ་ཏེ་དོན་དམ་པར་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པར་འདོད་ན། དོན་དམ་པར་མ་གྲུབ་པར་ཐལ་བས་དོན་དམ་པར་རྫས་སུ་གྲུབ་པར་འདོད་པ་འགལ་ལོ། །གལ་ཏེ་རིགས་པ་འདིས་རྣམ་པར་དཔྱད་ན་ཁྱོད་ཀྱི་ཕྱོགས་ལ་ཡང་ཤིང་རྫས་སུ་མ་གྲུབ་པར་འགྱུར་རོ་ཞེ་ན། གལ་ཏེ་ཤིང་རྫས་སུ་མ་གྲུབ་པར་ཐལ། དོན་དམ་པར་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་ཕྱིར་ཞེ་ན། ཁྱབ་པ་མ་ངེས་ལ། དོན་དམ་པར་རྫས་སུ་མ་གྲུབ་པར་ཐལ་ཞེ་ན། འདོད་པ་ཁོ་ནའོ། །ཡང་རྫས་སུ་མ་གྲུབ་པར་ཐལ། རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དོ། །དེས་ན་འདིའི་གཞུང་གོང་འོག་ཐམས་ཅད་དུ་དགོངས་པ་གོང་དུ་བསྟན་པ་ལྟར་བཤད་དགོས་སོ། །ཚིག་རེ་རེ་ནས་དོན་དམ་པ་ཞེས་པའི་སྒྲ་མ་སྦྱར་ཡང་དོན་གྱིས་ཐོབ་པར་བྱའོ། །སྤྱི་དང་བྱེ་བྲག་དོན་དམ་པར་རྫས་གཅིག་ན་ཡན་ལག་ཅན་ཡང་རྫས་སུ་གྲུབ་པར་ཐལ་བར་མཚུངས་ལོ། །འདོད་ན། ཡན་ལག་རྣམས་ལ་ཐུན་མོང་དུ་ཡོད་པའི་ཡན་ལག་ཅན་གྱི་རྫས་གཅིག་ཡོད་པ་ཇི་ལྟར་དགག ཡང་ཤྭ་བའི་གཟུགས་དབང་པོ་ལ་སྣང་བ་ན་གསལ་བ་ལ་རྗེས་སུ་འགྲོ་བའི་ཤིང་གི་གཟུགས་ཀྱང་དབང་པོ་ལ་སྣང་བར་ཐལ། ཤྭ་བ་དང་གསལ་བ་ལ་རྗེས་སུ་འགྲོ་བའི་ཤིང་གཉིས་རྫས་གཅིག་ཡིན་ཅིང་རྫས་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པའི་ཕྱིར་རོ། །འདོད་ན། དབང་པོའང་རྟོག་བཅས་ཉིད་དུ་ཐལ་བར་འགྱུར་ཏེ། གསལ་བ་ལ་རྗེས་སུ་འགྲོ་བའི་ཤིང་སྤྱི་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། སྔོ་སེར་ལ་སོགས་པ་རྣམ་པ་ཐ་དད་པ་རྣམས་ཀྱང་རྫས་གཅིག་དུ་འགྱུར་ཞིང༌། སྣང་མུན་ལ་སོགས་པའི་འགལ་བ་ཀུན་ཀྱང་རྫས་གཅིག་དུ་ཐལ་བར་འགྱུར་རོ། །འདིར་འགའ་ཞིག་རིག་གཏེར་གྱི་འགྲེལ་པ་ལས། སྔོ་སེར་འགལ་བར་བཤད་ལ། རྩ་བ་ལས་འགལ་བ་ཡིན་ན་གནོད་བྱ་གནོད་བྱེད་ཡིན་ཞེས་པ་གཉིས་འགལ་ལོ་ཞེ་ན། །རིགས་གཏེར་གྱི་འགྲེལ་པ་ཅུང་ཟད་ཀྱང་མ་མཐོང་བའི་མུན་སྤྲུལ་གྱི་བཤད་པའོ། །གལ་ཏེ་བོད་འགའ་ཞིག གསལ་བ་དུ་མ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་སྤྱི་དངོས་པོར་གྲུབ་པ་མེད་ཀྱང༌། བྱེ་བྲག་རེ་རེ་དང་རྫས་གཅིག་ཏུ་འབྲེལ་བའི་སྤྱི་ཡང་གསལ་བ་བཞིན་དུ་དུ་མ་ཡོད་དོ་ཞེ་ན། འོ་ན་ཤིང་གི་སྤྱི་ཆོས་ཅན། ཤིང་གསལ་རྣམས་ཀྱི་ཐུ་མོང་གི་ཆོས་སུ་མ་གྲུབ་པར་ཐལ། ཤིང་གསལ་གི་གྲངས་བཞིན་དུ་སིལ་བུར་གནས་པ་ཡིན་པའི་ཕྱིར། འདོད་ན་སྤྱིའི་མཚན་ཉིད་ཅན་དུ་མ་གྲུབ་པར་ཐལ་ལོ། །གཞན་ཡང་ཤིང་དགག་པ་ན། ཤྭ་བ་བཀག་པའི་རྣམ་པར་བཞག་པའང་འཇིག་པར་འགྱུར་བ་དང༌། ཤིང་སྒྲུབ་པ་ན་ཤྭ་བའང་འགྲུབ་པའི་རྣམ་པར་བཞག་པ་འཇིག་པར་ཐལ་བར་འགྱུར་རོ། །འདི་ཇི་ལྟར་ཤེས་ཞེ་ན། ཤིང་སྤྱི་ཡིན་ཏེ་དེ་ཁེགས་པ་ན་ཤིང་གི་གསལ་བ་རྣམས་ཀྱང་ཁེགས་པར་འགྱུར་བ་ལས། བྱེ་བྲག་བཞིན་དུ་ཤིང་སྤྱི་སིལ་བུར་གནས་ན་ཤྭ་བ་དང་རྫས་གཅིག་པའི་ཤིང་སྤྱི་ཁེགས་ཀྱང༌། ཙནྡན་མི་ཁེགས་པས་སྤྱི་ཁེགས་ན་བྱེ་བྲག་ཁེགས་པའི་རྣམ་གཞག་མི་འགྲུབ་བོ། །ཙནྡན་གྲུབ་ཀྱང་ཤྭ་བ་དང་རྫས་གཅིག་པའི་ཤིང་སྤྱི་གྲུབ་པར་མ་ངེས་པས། བྱེ་བྲག་གྲུབ་པའི་གཞི་ལ་སྤྱི་གྲུབ་པའི་རྣམ་གཞག་ཀྱང་མི་འགྲུབ་བོ། །ཡང་འགའ་ཞིག་གིས་ཤིང་གསལ་སོ་སོ་ནས་ཡལ་ག་ལོ་འདབ་དང་ལྡན་པའི་མཚན་ཉིད་ཅན་དུ་མཚུངས་པའི་སྤྱི་གཅིག་དང་བྱེ་བྲག་རྫས་གཅིག་ཡིན་ནོ་ལོ། ཤིང་གསལ་དུ་མ་ཤིང་དུ་མཚུངས་པའི་མཚུངས་ཆོས་ཆོས་ཅན། དོན་དམ་པར་མེད་པར་ཐལ། རྟོག་པས་སྦྱར་བའི་བློ་ཆོས་ཡིན་པའི་ཕྱིར། འདི་ཇི་ལྟར་ཤེས་ཞེ་ན། འདི་དང་འདི་དག་མཚུངས་སོ་ཞེས་པ་ནི་རྟོག་པས་ཆོས་གཉིས་ཕན་ཚུན་འདྲ་བར་སྦྱར་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དོན་དམ་པར་མེད་ན་དོན་དམ་པར་གསལ་བ་རྣམས་དང་རྫས་གཅིག་པར་འགལ་ལོ། །འདྲ་བའི་ཆོས་དོན་དམ་པར་ཡོད་ན་ནི། སྔོན་མཐོང་བ་མེད་པའི་པད་མ་རཱ་ག་གསར་དུ་མཐོང་བ་ན། འདི་ནི་པད་མ་རཱ་ག་གཞན་དང་འདྲའོ་སྙམ་པའི་བློ་ཡུལ་གྱི་མཐུ་ལས་རང་དབང་དུ་སྐྱེ་བར་ཐལ། ཡུལ་གྱི་སྟེང་ན་འདྲ་བ་དོན་དམ་པར་ཡོད་པའི་ཕྱིར། གཞན་ཡང༌། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། །ཐམས་ཅད་འདྲ་བ་གང་ནའང་མེད། །ཅེས་པའི་རིགས་པས་ཀྱང༌། འདྲ་བ་དོན་དམ་པར་གྲུབ་པ་འགོག་གོ །རྣམ་འགྲེལ་ལས། མཐོང་དང་མཚུངས་པ་དེ་འཛིན་ཕྱིར། །ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། །ཞེས་པ་དང༌། མཐོང་བ་དག་ནི་འདྲ་འཛིན་ན། །དོན་ནི་སྔར་མཐོང་ཡོད་མིན་པས། །ཇི་ལྟར་དེ་ནི་མཐོང་བ་དང༌། །འདྲ་བ་ཡིན་པར་དེ་ངེས་འགྱུར། །ཞེས་གསུངས་སོ། །སྔར་མཐོང་བའི་དོན་དང་ཕྱིས་མཐོང་བའི་དོན་གཉིས་འདྲ་བར་འཛིན་པ་ཡིན་ན། རང་གི་མཚན་ཉིད་སོ་སོར་ངེས་པའི་ཡུལ་ཅན་མ་ཡིན་པར་ངེས་སོ། །སྔ་ཕྱི་གཉིས་ཀ་དུས་གཅིག་ཏུ་འཛིན་པའི་བློ་ཡིན་ན། སྤྱིའི་ཡུལ་ཅན་ཡིན་པས་ཁྱབ་པའི་ཕྱིར། སྔ་ཕྱི་འཛིན་པས་སྟོང་པའི་ཕྱིར་མིག་ཤེས་ལ་ནི་ཇི་ལྟར་འགྱུར་ཞེས་པའི་དོན་ནོ། །ཁ་ཅིག་མཚུངས་པའི་སྤྱི་དོན་དམ་པར་མེད་ཀྱང༌། རྟོག་པས་མཚུངས་པར་བཟུང་བ་ཉིད་སྤྱིའོ་སྙམ་ན། འོ་ན་རྟོག་པར་མཚུངས་པར་བཟུང་བ་ཙམ་ཆོས་ཅན། རྫས་སུ་ཡོད་པ་མིན་པར་ཐལ། དོན་ལ་མེད་པར་རྟོག་པས་བཟུང་བ་ཙམ་ཡིན་པའི་ཕྱིར། འདོད་ན། བྱེ་བྲག་དང་རྫས་གཅིག་པ་འགལ་ལོ། །གལ་ཏེ་སྤྱི་བྱེ་བྲག་རྫས་མི་གཅིག་ཀྱང༌། རྟོག་པས་མཚུངས་པར་བཟུང་བ་ཙམ་ལས་སྤྱི་གཅིག་ཏུ་བརྗོད་དོ་ཞེ་ན། མཚུངས་པ་ཞེས་བྱ་བ་ནི། ཆོས་གཉིས་ཕན་ཚུན་འདྲ་བ་ལ་བརྗོད་དགོས་པ་ཆོས་གཅིག་ཁོ་ན་ལ་མཚུངས་པའི་ཐ་སྙད་མི་སྲིད་དེ། རང་ཉིད་རང་དང་མཚུངས་པ་མི་སྲིད་པའི་ཕྱིར། གང་དག་ཐུན་མོང་བ་གཅིག་མིན་པ་མ་འདྲེས་པ་སོ་སོར་གནས་པ་ལ་ནི་སྤྱིའི་སྒྲ་བློ་འཇུག་པ་མེད་དོ། །བློ་ལ་ཐུན་མོང་བ་གཅིག་གི་རྣམ་པར་མ་ཤར་ཡང༌། མཚུངས་པར་བཟུང་བ་ཙམ་སྤྱི་ཡིན་ནོ་ཞེ་ན། ཆོས་གཉིས་བློས་མཚུངས་པར་རྟོག་པ་དག་ཀྱང་ཆོས་ཅན། གསལ་བ་རྣམས་ཀྱི་ཐུན་མོང་བའི་སྤྱིར་མི་རུང་བ་ཡིན་པར་ཐལ། སྤྱིར་འཛིན་གྱི་བློ་ལ་ཐུན་མོང་བའི་སྤྱི་གཅིག་གི་རྣམ་པར་མ་ཤར་བ་ཡིན་པའི་ཕྱིར། གཞན་ཡང་འདྲ་བ་ཙམ་ལ་སྤྱི་དངོས་པོ་བར་འདོད་ན། ཕྱོགས་རེ་འདྲ་བ་ཙམ་ལ་འཇོག་གམ། ཐམས་ཅད་ནས་འདྲ་དགོས། དང་པོ་ལྟར་ན། ཕྱོགས་རེ་འདྲ་བ་སེལ་ངོར་ཀུན་ལ་ཡོད་པའི་ཕྱིར་བུམ་པ་ཀ་བའི་སྤྱི་ཐལ་བ་དང༌། ཀ་བའང་བུམ་པའི་སྤྱིར་ཐལ་བ་ཉིད་དུ་འགྱུར་རོ། །དཀར་པོ་ཡང་ནག་པོ་དང་འདྲ་བར་ཐལ། ཕྱོགས་རེ་འདྲ་བའི་ཕྱིར། ཐམས་ཅད་ནས་འདྲ་དགོས་ན། འོ་ན་སྤྱི་མི་སྲིད་པར་ཐལ། ཐམས་ཅད་འདྲ་བ་གང་ནའང་མེད་པའི་ཕྱིར། གཞན་ཡང་རིགས་པའི་རྒྱལ་པོ་གཉིས་ཀྱིས་སྤྱི་དོན་དམ་པར་མ་གྲུབ་པར་གསུངས་པའི་རྣམ་གཞག་དང་ཡང་འགལ་བར་སྣང་ངོ༌། །རྣམ་འགྲེལ་ལས། རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས། སྤྱི་ཡི་དོན་ཡང་བཏགས་པ་ཡིན། །ཞེས་པ་དང༌། སྤྱི་ནི་དངོས་མེད་ངོ་བོ་ཉིད། །ཅེས་པ་དང༌། དེ་ཉིད་ཕྱིར་ན་དོན་དངོས་སུ་མེད་པའི་ཕྱིར་ངོ་བོ་ཅན་མ་ཡིན་ཞེས་སོ། །སྤྱི་དོན་དམ་པར་རྫས་སུ་གྲུབ་པ་ཡོད་ན། གཞན་ཡང་བ་ལང་གི་གསལ་བ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་བ་གླང་རྫས་སུ་གྲུབ་པ་གཅིག་ཡོད་ན། བ་ལང་གི་གསལ་བ་གང་ཡོད་པ་ན་ཡོད་ཀྱི་གཞན་ན་མེད་པའམ། ནམ་མཁའ་བཞིན་དུ་གསལ་བ་ཡོད་མེད་ཐམས་ཅད་ན་ཡོད། གལ་ཏེ་དང་པོ་ལྟར་ན། ཡུལ་གཅིག་ལ་བ་ལང་སྔར་མེད་གསར་དུ་བྱུང་བ་ན། དེ་དག་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་བ་ལང་དེ། གསལ་བ་དེ་ལ་ཡོད་དམ་མེད། གལ་ཏེ་ཡོད་ན། གསར་དུ་ཡོད་དམ། དང་པོ་གསལ་བ་མེད་པའི་དུས་ནས་ཡོད། གསར་དུ་ཡོད་དོ་ཞེ་ན། འོ་ན་བ་ལང་གི་གསལ་བ་སྔར་མེད་གསར་བྱུང་དེ་མ་སྐྱེས་གོང་གི་བ་ལང་གི་གསལ་བ་རྣམས་ལ་བ་ལང་གི་སྤྱི་དེ་མེད་པར་ཐལ། བ་ལང་གི་སྤྱི་དེ། བ་ལང་གི་གསལ་བ་སྔར་མེད་གསར་བྱུང་སྐྱེས་པའི་དུས་དེར་སྔར་མེད་གསར་བྱུང་གི་ཚུལ་གྱིས་སྐྱེས་པའི་ཕྱིར། གལ་ཏེ་བ་ལང་གི་གསལ་བ་སྔར་བྱུང་དེ་མེད་པའི་དུས་ནས་ཡོད་ན་རང་གི་གསལ་བ་གང་ན་ཡོད་པ་དེར་ཡོད་ཀྱི་དེ་མེད་པའི་ཡུལ་དུས་ན་མེད་པར་འགལ་ལོ། །གལ་ཏེ་གསལ་བ་སྔར་མེད་གསར་བྱུང་དེ་དག་ལ་བ་ལང་གི་སྤྱི་དེ་མེད་དོ་ཞེ་ན། འོ་ན་དེ་བ་ལང་གི་བྱེ་བྲག་མ་ཡིན་པར་ཐལ། བ་ལང་གི་སྤྱི་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །གལ་ཏེ་ནམ་མཁའ་བཞིན་དུ་གསལ་བ་ཡོད་མེད་ཐམས་ཅད་དུ་ཡོད་ན། འོ་ན་བ་ལང་གི་གསལ་བ་གང་ཡང་མེད་པའི་ཡུལ་དུས་དེར་བ་ལང་ཇི་ལྟར་ཡོད་པར་འགྱུར་སོམས་ཤིག བ་ལང་གི་གསལ་བ་མེད་པའི་ཡུལ་དུས་དེར་བ་ལང་གི་སྤྱི་ཆོས་ཅན། བ་ལང་གི་སྤྱི་མ་ཡིན་པར་ཐལ། བ་ལང་གི་གསལ་བ་རྣམས་ལ་རྗེས་སུ་མི་འགྲོ་བའི་ཕྱིར། ཆོས་ཅན་ཡང་རང་གི་ཁས་བླངས་སོ། །གཞན་ཡང༌། བ་ལང་གི་གསལ་བ་སྔ་མ་ལ་གནས་པའི་སྤྱི་དེ། གསལ་བ་ཕྱི་མ་སྔར་མེད་གསར་བྱུང་ལ་གནས་སམ་མི་གནས། ཕྱི་མ་ལྟར་ན། བ་ལང་གི་གསལ་བ་སྔར་མེད་གསར་བྱུང་དེ། བ་ལང་གི་གསལ་བ་མིན་པར་ཐལ་བར་འགྱུར་རོ། །གལ་ཏེ་གནས་ན་སྔ་ནས་ཡོད་དམ། གསར་བྱུང་གི་ཚུལ་དུ་ཡོད། སྔ་ནས་གནས་སོ་ཞེ་ན། རང་གི་གསལ་བ་མེད་པའི་སྔ་རོལ་ནས་བ་ལང་གི་སྤྱི་དེ་ཇི་ལྟར་ཡོད་སྨྲ་དགོས་སོ། །འོ་ན་རང་གི་གསལ་བ་སྔར་མེད་གསར་བྱུང་དེ་དང་རྫས་གཅིག་པར་ཡང་འགལ་ལོ། །གསར་བྱུང་གི་ཚུལ་དུ་ཡོད་པ་ལ་སྐྱོན་བརྗོད་ཟིན་ཏོ། །གལ་ཏེ་བ་ལང་གི་གསལ་བ་སྔ་མ་ལ་གནས་པའི་བ་ལང་དེ། གསལ་བ་ཕྱི་མ་ལ་འཕོ་འམ་མི་འཕོ། མི་འཕོ་ན། འོ་ན། ཕྱི་མ་དེ་བ་ལང་གི་གསལ་བ་མ་ཡིན་པར་ཐལ། བ་ལང་དེ་འགྲོ་འོང་གི་བྱ་བ་དང་ལྡན་པའི་གཟུགས་ཅན་གང་ཞིག བ་ལང་གི་གསལ་བ་སྔ་མ་རྣམས་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་བ་ལང་དེ། གསལ་བ་ཕྱི་མ་ལ་མི་འཕོ་བ་ཡིན་པའི་ཕྱིར། གལ་ཏེ་འཕོ་ན། བ་ལང་གི་སྤྱིའི་ཆ་ཤས་གཅིག་འཕོའམ། རིལ་གྱིས་འཕོ། དང་པོ་ལྟར་ན། འོ་ན་བ་ལང་གི་སྤྱི་དེ་ཆོས་ཅན། བ་ལང་གི་གསལ་བ་སྔ་ཕྱི་གཉིས་ཀའི་ཐུན་མོང་གི་ཆོས་མ་ཡིན་པར་ཐལ། སྔ་མ་ལ་གནས་པའི་ཆ་ཤས་དེ་ཕྱི་མ་ལ་མེད། ཕྱི་མ་ལ་གནས་པའི་ཆ་ཤས་དེ་སྔ་མ་ལ་མེད་ཅིང༌། དེ་གཉིས་ལས་མ་གཏོགས་པའི་གསལ་བ་ལ་རྗེས་སུ་འགྲོ་བའི་སྤྱི་དོན་གཞན་ཡང་མེད་པའི་ཕྱིར་རོ། །གཞན་ཡང་བ་ལང་གི་གསལ་བ་སྔ་མ་དང་དོན་དམ་པར་གཅིག་གམ་ཐ་དད། དོན་དམ་པར་སྔ་མ་དང་གཅིག་ན། འོ་ན་ཕྱི་མ་དང་རྫས་གཅིག་མ་ཡིན་པར་ཐལ། སྔ་མ་དང་དོན་དམ་པར་གཅིག་ཡིན་པའི་ཕྱིར། གལ་ཏེ་དོན་དམ་པར་ཐ་དད་ཡིན་ན། སྔ་མ་དང་རྫས་གཅིག་ཡིན་པར་འགལ་ལོ། །ཕྱི་མ་དང་ཡང་དོན་དམ་པར་གཅིག་གམ་ཐ་དད་བརྟགས་ནས་སྔ་མའི་རིགས་པས་འགོག་གོ །མདོར་ན། དོན་དམ་པར་གྲུབ་པའི་སྤྱི་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པར་ཐལ། གསལ་བ་སོ་སོ་བ་རྣམས་ཕན་ཚུན་གཅིག་ལ་གཅིག་རྗེས་སུ་མི་འགྲོ། གསལ་བ་ལས་རྫས་ཐ་དད་པའི་སྤྱི་དོན་གཞན་ཡང་མེད་པའི་ཕྱིར། རྣམ་འགྲེལ་ལས། གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་པ་ལྟར་རོ། །འོ་ན་ཁྱེད་ཀྱི་འདོད་པའི་སྤྱི་གང་ཡིན། དེ་ལ་དགག་སྒྲུབ་ཇི་ལྟར་བྱེད་ཅེ་ན། གསལ་བ་རྣམས་སོ་སོ་ནས་དེ་མ་ཡིན་ལས་ལྡོག་པར་མཚུངས་པའི་དོན་གྱིས་གསལ་བའི་དངོས་པོ་ཀུན་དེ་མ་ཡིན་ལས་ལྡོག་པ་སེལ་ངོར་ཐུན་མོང་དུ་གྲུབ་པ་དེ་སེལ་བའི་སྤྱི་ཡིན་ལ། དགག་སྒྲུབ་ནི་དེ་ལ་རང་མཚན་དུ་འཁྲུལ་ནས་ཤིང་ཙམ་བཀག་ན་བྱེ་བྲག་ཤྭ་བ་འགོག་པ་དང༌། བྱེ་བྲག་ཤྭ་བ་བསྒྲུབས་ནས་ཤིང་ཙམ་སྒྲུབ་པ་ལ་སོགས་པའི་རྣམ་གཞག་བྱེད་པ་ཡིན་ནོ། །རྣམ་འགྲེལ་ལས། འཁྲུལ་པས་དངོས་པོ་གཅིག་ལྟར་རྟོག །ཅེས་དང༌། དེ་ལ་ངོ་བོ་ཕྱི་རོལ་དང༌། །ཅིག་ལྟ་གཞན་ལས་ལོག་ལྟ་བུར། །སྣང་བ་གང་ཡིན་བརྟག་པ་ཡི། །ཡན་ལག་མེད་ཕྱིར་དེ་ཉིད་མིན། །ཞེས་སོ། །རྩོད་པ་སྤང་བ་ནི། གལ་ཏེ་དོན་ལ་སྤྱི་མེད་ན། གཞན་སེལ་གྱི་སྤྱི་ནི་ཐ་སྙད་དུ་གྲུབ་ཀྱང་སྒྲོ་བཏགས་ཡིན་པའི་ཕྱིར་དངོས་མེད་ཡིན་ལ་དེ་ལ་དགག་སྒྲུབ་བྱས་ཀྱང༌། དོན་རང་མཚན་དང་མ་འབྲེལ་བའི་ཕྱིར་བྱེ་བྲག་གྲུབ་པས་སྤྱི་གྲུབ་པ་རང་བཞིན་གྱི་རྟགས་དང༌། སྤྱི་ཁེགས་པས་བྱེ་བྲག་འགོག་པ་ཁྱབ་བྱེད་མ་དམིགས་པ་ལ་སོགས་པ་རྟོག་གེའི་རྣམ་གཞག་དང༌། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་འཇིག་ཅེ་ན། གཞན་སེལ་ཕྱིན་ཅི་མ་ལོག་པའི་རྟོག་པ་དོན་རང་མཚན་དང་སྣང་སེལ་ལ་གཅིག་ཏུ་འཁྲུལ་ནས་ཡུལ་ལ་འཇུག་པ་ན། འཇུག་ཡུལ་རང་མཚན་ཐོབ་པ་དེ་ཙམ་གྱིས་ཚད་མའི་བྱ་བ་གྲུབ་པ་ཡིན་པའི་ཕྱིར། རྟོག་གེ་དང་འཇིག་རྟེན་གྱི་ཐ་སྙད་ཀྱི་རྣམ་གཞག་འཐད་པ་ཡིན་ནོ། །ཐོབ་ཅེས་པའང་དགག་སྒྲུབ་ལ་ཇི་ལྟར་ཞུགས་པ་ན་དོན་ཡོད་པ་ལ་ཡོད་པ་ཉིད་དུ་ཤེས། མེད་པ་ལ་མེད་པ་ཉིད་དུ་ཤེས་ནས་བླང་དོར་ལ་ཞུགས་པས་འདོད་པའི་དོན་གྲུབ་པ་དེ་ཉིད་ཡིན་ནོ། །གལ་ཏེ་ཚད་མའི་འཇུག་ཡུལ་ཐོབ་པ་མི་འཐད་པར་ཐལ། སྔར་ཚད་མས་རྟོགས་ཟིན་པ་ཉིད་འགགས་པས་ཐོབ་པར་བྱར་མེད་ལ། ཕྱིས་ཐོབ་པ་ཉིད་སྔར་མ་དཔྱད་པའི་ཕྱིར་རོ་ཞེ་ན། འཇུག་པ་པོས་སྔར་མཐོང་བ་དེ་ཉིད་འདི་ཡིན་ནོ་སྙམ་དུ་མངོན་པར་ཞེན་པའི་ཕྱིར་འཇུག་པ་པོའི་ངོས་ནས་ཐོབ་པར་འཇོག་པ་ཡིན་གྱི། རིགས་པས་རྣམ་པར་དཔྱད་ནས་འཇོག་པ་མ་ཡིན་ནོ། །གཞན་སེལ་ཕྱིན་ཅི་ལོག་པའི་རྟོག་པས་གཞན་སེལ་ལ་དོན་རང་མཚན་དུ་འཁྲུལ་ནས་ཞུགས་པ་ན། འཇུག་ཡུལ་རང་མཚན་ཐོབ་པ་དེ་ཙམ་གྱིས་ཚད་མའི་བྱ་བ་གྲུབ་པ་ཡིན་པའི་ཕྱིར། སྒྲ་དོན་ལ་དགག་སྒྲུབ་དངོས་སུ་བྱས་པས་རང་མཚན་ཐོབ་པ་འཐད་དོ། །འུག་ཕྲུག་པས་ཏེ་བྱེ་བྲག་པ་ནི། གསལ་བ་ལས་རྫས་ཐ་དད་པའི་སྤྱི་འདོད་ལ། ཤེས་བྱ་ཉི་ཤུ་རྩ་ལྔར་གྲངས་ངེས་པར་འདོད་པའི་གྲངས་ཅན་པ་སྤྱི་དང་བྱེ་བྲག་རྫས་གཅིག་ཡིན་ཞེས་འདོད་ལ། དངོས་པོ་གཞིར་བྱས་ཀྱི་སྤྱི་བྱེ་བྲག་རྫས་གཅིག་ཏུ་འདོད་པའི་གངས་ཅན་པ་རྣམས་གྲངས་ཅན་དེའི་རྗེས་སུ་འབྲངས་བ་ཡིན་ལ། སྤྱི་དང་བྱེ་བྲག་རྫས་དེ་ཉིད་དང་གཞན་དུ་མེད་པ་གཞན་སེལ་བར་འདོད་པ་ནི། མཁས་པ་རིགས་པའི་དབང་ཕྱུག་གཉིས་ཀྱི་ལུགས་ཡིན་པས་འཐད་དོ། །ཚད་མ་རིགས་པའི་གཏེར་ལས་སྤྱི་དང་བྱེ་བྲག་བརྟག་པའི་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།།  ༈  །།སྣང་བ་དང་སེལ་བ་གཏན་ལ་དབབ་པ་ལ་གཉིས་ལས། བློའི་འཇུག་ཚུལ་སྤྱིར་བསྟན་པ་དང༌། སོ་སོའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། རྟོག་མེད་ཀྱི་ཤེས་པ་ཐམས་ཅད་སྣང་བའི་སྒོ་ནས་འཇུག་ལ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཐམས་ཅད་གཞན་སེལ་བའི་སྒོ་ནས་འཇུག་པ་ཡིན་ནོ། །སྣང་བ་དང་སེལ་བ་དེ་གཉིས་ལ། བྱེད་པ་པོའི་སྒོ་ནས་དབྱེ་ན། སྣང་བ་འཁྲུལ་བ་དང་མ་འཁྲུལ་བ་གཉིས། སེལ་བ་ཕྱིན་ཅི་ལོག་པ་དང་མ་ལོག་པ་གཉིས་སུ་དབྱེ་བས་གཉིས་གཉིས་ཏེ་རྣམ་པ་བཞིའོ། །གཉིས་པ་ལ་གཉིས་ཏེ། སྣང་བའི་རང་བཞིན་དང༌། སེལ་བའི་རང་བཞིན་ནོ། །དང་པོ་སྣང་བའི་མཚན་ཉིད་ནི། རྟོག་མེད་ཀྱི་ཤེས་པས་ཡུལ་མཐོང་ཚུལ་གྱི་འཛིན་སྟངས་ཀྱི་ཆ། སེལ་བའི་མཚན་ཉིད་ནི། རྟོག་པའི་ཤེས་པས་ཡུལ་འཛིན་ཚུལ་གྱི་འཛིན་སྟངས་ཀྱི་ཆའོ། །སྒྲ་རྟོག་ཡུལ་ལ་འཇུག་ཚུལ་གཅིག་པས་དེ་ཉིད་ཀྱི་སྒྲའི་འཇུག་ཚུལ་ཡང་གྲུབ་བོ། །རྟོགས་པར་བྱ་བའི་ཡུལ་གྱི་གནས་ཚུལ་བསྟན་པ་ལ་མངོན་སུམ་གྱི་ཡུལ་གྱི་གནས་ཚུལ་ནི། དོན་ལ་གནས་པའི་དངོས་པོ་རྫས་གཅིག་པ་རྣམས་ལ་མངོན་སུམ་གྱི་ངོ་ན་བཻ་ཌཱུརྻ་དང་དེའི་སྔོན་པོ་དང་བྱས་མི་རྟག་པ་ལ་སོགས་པ་རྣམས་རྫས་ཐ་དད་དུ་ལྟ་ཞོག ཐ་དད་ཙམ་དུའང་སྣང་བ་མི་སྲིད་ཅིང༌། བཻ་ཌཱུརྻའི་སྔོན་པོ་དང་ཨུཏྤལའི་སྔོན་པོ་ལ་སོགས་པ་རྫས་དུ་མ་རྣམས་མངོན་གསུམ་གྱི་ངོ་ན་གཉིས་ཀ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བའི་སྤྱི་ཡང་མི་སྣང་ཞིང་གཅིག་དུ་གནས་པའང་མི་སྲིད་ལ། མངོན་སུམ་གྱི་ངོ་ན་རྫས་གཅིག་པ་ལ་གསལ་མི་གསལ་གྱི་རྫས་ཆ་གཉིས་ཀྱང་མེད་དེ། རྣམ་འགྲེལ་ལས། དམ་པའི་དོན་གྱི་དོན་རྣམས་ནི། །རང་གིས་འདྲེ་དང་ཐ་དད་མེད། །དེ་ལ་ངོ་བོ་ཅིག་པ་དང༌། །དུ་མ་བློ་ཡིས་སླད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་བློའི་འཛིན་སྟངས་ནི། གཞན་ཡང༌། མངོན་སུམ་ཐམས་ཅད་ཆོས་ཅན། དོན་ཇི་ལྟར་གནས་པ་བཞིན་སྣང་སྟེ། ཡུལ་གྱི་གནས་ཚུལ་ཇི་ལྟར་གནས་པ་བཞིན་འཛིན་པའི་ཕྱིར། དོན་རྫས་གཅིག་ལ་ཐ་དད་དུ་སྣང་བ་མེད་དེ། རྟགས་སྔ་མ་བཞིན་ནོ། །རྫས་ཐ་དད་སྣང་བ་ཡང་མི་སྲིད་དེ། རྟགས་སྔ་མ་བཞིན་ནོ། །རང་ཡུལ་རེ་རེ་གསལ་བར་སྣང༌། རེ་མི་གསལ་བར་སྣང་བའི་རེ་འཇོག་ཀྱང་མེད་དེ། རང་ཡུལ་ལ་སྣང་བས་འཇུག་པའི་ཕྱིར། གསུམ་པ་བློ་དོན་མཐུན་པར་བསྟན་པ་ལ། གསུམ་སྟེ། ཇི་ལྟར་མཐུན་ཚུལ་དངོས། དེ་ཚད་མས་གྲུབ་པ། མངོན་སུམ་ལ་ངེས་པ་བཀག་པའོ། །དང་པོ་ནི། དབང་པོའི་མངོན་སུམ་གྱི་བློ་ཆོས་ཅན། དོན་གྱི་གནས་ཚུལ་དང་ཁྱོད་ལ་རྣམ་པ་སྣང་བ་ཕན་ཚུན་འཆོལ་བ་མེད་དེ། ཡུལ་ཇི་ལྟར་གནས་པའི་སྟོབས་ཀྱིས་ཡུལ་གྱི་གནས་ཚུལ་དང་མཐུན་པའི་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པའི་ཕྱིར། ཇི་ལྟར་ཡུལ་གྱི་སྟོབས་ཀྱིས་སྐྱེས་ཞེ་ན། ཡུལ་གྱི་མཐུ་ལས་བྱུང་ཞིང་ཡུལ་གྱི་ནུས་པ་མེད་ན་མི་འབྱུང་བར་ངེས་པའི་ཕྱིར། གཉིས་པ་ཡུལ་དང་མཐུན་པ་དེ་ཚད་མས་སྒྲུབ་པ་ནི། གལ་ཏེ་མངོན་སུམ་ལ་བུམ་གཟུགས་སྣང་བ་ན་དེའི་བྱས་མི་རྟག་སྣང་བར་གང་གིས་གྲུབ་ཅེ་ན། བུམ་གཟུགས་དང་དེའི་སྐད་ཅིག་མ་ཆོས་ཅན། རྟོག་མེད་ཀྱི་མངོན་སུམ་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པར་ཐལ། དོན་དམ་པར་རྫས་གཅིག་ཡིན་པའི་ཕྱིར། འོ་ན་བུམ་པའི་ཕྱི་ནང་དང་ཟླ་བའི་སྟེང་འོག་ཆོས་ཅན། སྣང་མི་སྣང་ཆ་གཉིས་མེད་པར་ཐལ། དོན་དམ་པར་རྫས་གཅིག་ཡིན་པའི་ཕྱིར་ཞེ་ན། དེ་གཉིས་ལ་དོན་དམ་པར་རྫས་གཅིག་ཏུ་ཚད་མས་ངེས་པ་མ་ཡིན་ཏེ། དེར་ཚད་མས་མ་བཟུང་བའི་ཕྱིར། འོ་ན་དུང་གི་དབྱིབས་དང་ཁ་དོག་ཆོས་ཅན། མངོན་སུམ་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པར་ཐལ། དོན་དམ་པར་རྫས་གཅིག་པའི་ཕྱིར་རོ། །འདོད་ན། མཚན་མོ་ལུས་ཤེས་ཀྱི་དུང་གི་དབྱིབས་བཟུང་བ་ན་དེའི་ཁ་དོག་ཀྱང་བཟུང་བར་འགྱུར་རོ་ཞེ་ན། དེའི་ཚེ་ལུས་ཀྱི་ཤེས་པས་རེག་བྱ་བཟུང་ནས་དབྱིབས་དཔོག་པ་ཙམ་ཡིན་གྱི། ལུས་ཤེས་ཀྱི་དབྱིབས་དངོས་སུ་གཟུང་བ་མིན་ནོ། །དབྱིབས་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་ལུས་ཀྱི་ཤེས་པ་ཇི་ལྟར་འཛིན་པར་འགྱུར། དབྱིབས་དོན་དམ་པར་རྫས་སུ་གྲུབ་པ་ཡང་མ་ཡིན་ཏེ། ཁ་དོག་ཀྱང་མིན་ལ་ཁ་དོག་ལས་གཞན་པ་ཡང་མ་ཡིན་ཏེ། ཁ་དོག་གི་རྡུལ་གྱི་བཀོད་པ་ཙམ་ཡིན་པའི་ཕྱིར། མདོ་སྡེ་པས་དབྱིབས་རྫས་ཡོད་དུ་མི་བཞེད་དོ། །འོ་ན་རྗེས་དཔག་དང་དེ་མྱོང་བའི་རང་རིག་ཆོས་ཅན། སྒྲ་དོན་སྣང་མི་སྣང་ཆ་གཉིས་མེད་པར་ཐལ། རྫས་གཅིག་པའི་ཕྱིར་ཞེ་ན། ཡུལ་རྫས་གཅིག་ལ་མངོན་སུམ་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པ་ཡིན་གྱི། ལྡོག་པ་གཅིག་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་ལ་སྣང་མི་སྣང་ཆ་གཉིས་ཡོད་པ་ནི་མི་འགལ་ཏེ། རྟོག་པའི་ཡུལ་རྟོག་མེད་ཀྱིས་མི་འཛིན་པའི་ཕྱིར་རོ། །དེ་གཉིས་བློ་རིགས་ཐ་དད་པའི་ཕྱིར་དང༌། རྗེས་དཔག་དང་དེ་མྱོང་གི་རང་རིག་ཁ་ཕྱིར་ལྟ་དང་ནང་ལྟའི་བྱེ་བྲག་གིས་ཡུལ་ཐ་དད་པའི་ཕྱིར་རོ། །གསུམ་པ་མངོན་སུམ་ལ་ངེས་པ་བཀག་པ་ནི། མངོན་སུམ་ཚད་མ་ཆོས་ཅན། ཁྱོད་ཀྱིས་རང་ཡུལ་ངེས་མི་དགོས་ཏེ། རྟོག་མེད་ཡིན་པའི་ཕྱིར་ཏེ། །རང་ཡུལ་ལ་སྣང་བས་འཇུག་པ་དེས་ནའོ། །གལ་ཏེ་མངོན་སུམ་གྱིས་རང་ཡུལ་ངེས་པ་མ་ཡིན་ན། ཇི་ལྟར་བླང་དོར་གྱི་ཐ་སྙད་ཀྱི་ཡན་ལག་ཏུ་འགྱུར་ཞེ་ན། མངོན་སུམ་ཆོས་ཅན། ཁྱོད་ཚད་མར་གྲུབ་པ་ཡིན་ཏེ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ན་མངོན་སུམ་ཚད་མར་འགྱུར་བ་ནི་རང་གིས་ཡུལ་ངེས་མི་དགོས་སོ། །བླང་དོར་གྱི་ཐ་སྙད་ནི་རང་ངམ་གཞན་གྱི་སྟོབས་ཀྱིས་དྲངས་པའི་ངེས་པའི་དབང་གིས་དོར་བྱ་དགག་པ་དང༌། བླང་བྱ་སྒྲུབ་པར་བྱེད་པའི་ཐ་སྙད་ཀྱི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །འདིར་འགྲེལ་པར། ཁྱད་པར་གང་ལ་རྟོག་པ་ཡིས། །རྐྱེན་ཡོད་དེ་ནི་རྟོག་པར་འགྱུར། །ཞེས་དྲངས་ནས་དེའི་དོན་ལྟར་བཤད་པས་ངེས་སོ། །དེ་ནས་བླང་དོར་གྱི་ཡན་ལག་དུ་འགྱུར་བ་ནི་ངེས་པ་འདྲེན་པ་ལ་ལྟོས་ལ་ཚད་མར་འགྱུར་བ་ནི་རྟོག་བྲལ་མ་འཁྲུལ་བ་ཉིད་ཀྱིས་གྲུབ་བོ། །དེས་ན་བླང་དོར་གྱི་ཐ་སྙད་ལ་འཇུག་པའི་ཡན་ལག་ཏུ་འགྱུར་བའི་ཚད་མ་དང་ཚད་མ་ཙམ་ཞེས་པ་གཉིས་སུ་འབྱེད་དོ། །གཞུང་འདིའི་དགོངས་པའང་འདི་མིན་ཏེ། སོ་སོ་སྐྱེ་བོའི་མངོན་སུམ་ནི། །ངེས་པ་ཉིད་ལ་འཇུག་ལྡོག་བྱེད། །ཅེས་གསུངས་སོ། །སྔོན་པོའི་ལྡོག་པ་ངེས་པའི་བློ་ནི་ཆོས་ཅན། གཞན་སེལ་བས་འཇུག་པ་ཡིན་ཏེ། རྟོག་པ་ཡིན་པའི་ཕྱིར། འོ་ན་རྟོག་པ་ནི་འཁྲུལ་བ་མ་ཡིན་ནམ། དེ་ལ་བརྟེན་ནས་འཇུག་ཡུལ་ཇི་ལྟར་ཐོབ་ཅེ་ན། སྣང་བཏགས་གཅིག་ཏུ་འཁྲུལ་ནས་ཞུགས་པས་འཇུག་ཡུལ་རང་མཚན་ཐོབ་པ་ཡིན་ནོ། །ཕྱིའི་གཟུང་རྣམ་ལ་འཁྲུལ་བ་ཡིན་གྱི་ནང་དུ་རང་གི་ངོ་བོ་མྱོང་བའི་ཆ་ལ་མ་འཁྲུལ་བར་འདོད་དོ། །རང་རིག་ཚད་མ་ཡིན་པའི་ཕྱིར། མདོ་ལས། རྟོག་པའང་རང་རིག་ཉིད་དུ་འདོད། །ཅེས་འབྱུང་བའི་ཕྱིར་རོ། སྒྲོ་འདོགས་ནི་མངོན་སུམ་གྱི་ངོ་བོས་དཔྱོད་པ་མ་ཡིན་གྱི། རྗེས་ཀྱི་ངེས་ཤེས་ཀྱིས་དཔྱོད་པ་ཡིན་ཏེ། ཤེས་པ་གང་རང་ཡུལ་ལ་ངེས་པའི་ཚུལ་གྱིས་འཇུག་པ་ཡོད་པ་དེས་ཡུལ་གྱི་ལྡོག་ཕྱོགས་འཛིན་པའི་སྒྲོ་འདོགས་གཅོད་པར་ཤེས་པར་བྱའོ། །ངེས་ཤེས་དང་སྒྲོ་འདོགས་ཀྱི་ཡིད་གཉིས་ཆོས་ཅན། མངོན་སུམ་མ་ཡིན་ཏེ། སེལ་བས་འཇུག་པའི་ཕྱིར། རྗེས་དཔག་བཞིན་ནོ་ཞེས་རིག་པ་མཁྱེན་པས་གསུངས་པ་ཡིན་ནོ། །ཡང་བུམ་གཟུགས་དང་བུམ་གཟུགས་ཀྱི་རྡུལ་ཕྲན་ཆོས་ཅན། མངོན་སུམ་གཅིག་ལ་སྣང་མི་སྣང་ཆ་གཉིས་མེད་པར་ཐལ། དོན་དམ་པར་རྫས་གཅིག་ཡིན་པའི་ཕྱིར། འདོད་ན། དབང་ཤེས་ལ་རྡུལ་ཕྲན་སྣང་བར་ཐལ་ལོ་ཞེ་ན། རྡུལ་ཕྲན་སྣང་ཡང་རྡུལ་ཕྲན་མི་སྣང་བར་བསགས་རྡུལ་དམིགས་ཡུལ་དུ་ཉེ་བ་ན་གཟུགས་ཀྱི་རྣམ་པར་སྐྱེ་བ་ཡིན། ཟླ་མེད་པའི་རྒྱུན་ཡན་གར་བ་དང་གཟུགས་རྫས་མི་ཅིག་ཅིང་དེས་སྣང་བ་ཡང་ཡིན་ནོ། །གལ་ཏེ་སྒྲ་དང་ངེས་པ་ཡང་སྣང་བའི་སྒོ་ནས་མི་འཇུག་པ་ཅི་ཞེ་ན། སྒྲུབ་པ་སྟེ་བུམ་པ་རྟོགས་པ་ན་དེའི་བྱས་མི་རྟག་ཀྱང་རྟོགས་པར་ཐལ། བུམ་པ་ལ་སྣང་བའི་སྒོ་ནས་རྟོགས་པའི་ཕྱིར། ཡང་བུམ་པ་ལ་རྟོག་པ་བཀག་པ་ངེས་པ་ན་བདེན་དངོས་བཀག་པ་ངེས་པར་ཐལ། བུམ་པ་སྣང་བའི་ཚུལ་གྱིས་རྟོགས་པའི་ཕྱིར། ཡང་ན། བུམ་འཛིན་རྟོག་པ་ཆོས་ཅན། བུམ་པའི་ཆོས་རིལ་པོར་གཟུང་བར་ཐལ། བུམ་པ་སྣང་བའི་སྒོ་ནས་རྟོགས་པའི་ཕྱིར། འདོད་ན། བུམ་པའི་བྱས་མི་རྟག་དང༌། བུམ་པའི་སྟེང་གི་རྟག་པ་བཀག་པ་དང༌། རྟག་དངོས་བཀག་པ་སོགས་རིལ་གྱིས་རྟོགས་པར་ཐལ། བུམ་པའི་ཆོས་མ་ལུས་པ་རྟོགས་པའི་ཕྱིར། གལ་ཏེ་བུམ་པ་ལ་སྣང་བའི་སྒོ་ནས་འཇུག་ཀྱང་དགག་སྒྲུབ་གཅིག་པར་ངེས་པའི་སྐྱོན་མེད་དེ། །དོན་གཅིག་ཀྱང་མིང་ཐ་དད་པའི་ཕྱིར་རོ་ཞེ་ན། དོན་གཅིག་ལ་མིང་ཐ་དད་པ་དུ་མར་བརྟགས་ནས་བརྗོད་ཀྱང་མིང་གི་རྣམ་གྲངས་སུ་འགྱུར་བ་ཡིན་གྱི། བརྗོད་བྱའི་དོན་ཐ་དད་པའི་ཐ་སྙད་ཐོབ་པ་མ་ཡིན་ནོ། །གལ་ཏེ་བྱས་མི་རྟག་ལྡོག་པ་ཐ་དད་པའི་སྒོ་ནས་ཐ་དད་དུ་འབྱེད་པའི་ཕྱིར་རིལ་གྱིས་བཟུང་བར་ཐལ་བའི་སྐྱོན་མེད་ཅེ་ན། ལྡོག་པས་འབྱེད་ན་སེལ་བ་ལ་དངོས་པོའི་མིང་གིས་བརྟགས་པར་ཟད་པས་ཡུལ་ཅན་སེལ་འཇུག་ཏུ་འགྱུར་གྱི། སྣང་བས་འཇུག་པར་ཇི་ལྟར་འགྱུར། ལྡོག་པ་དེ་ལ་སྣང་བ་དངོས་པོར་རློམ་པ་ནི་འཁྲུལ་པ་ཡིན་ཞིང༌། ལྡོག་པ་ལ་དངོས་པོར་མིང་འདོགས་པ་ནི་རྟོག་གེའི་ཐ་སྙད་མི་ཤེས་པར་ཟད་དོ། །གཞུང་ལས་ནི། མངོན་སུམ་གྱི་ཡུལ་ལ་སྣང་བ་དང་སྒྲུབ་པ་ཞེས་བརྗོད་ལ། རྟོག་པའི་ཡུལ་ལ་སེལ་བ་དང་ལྡོག་པ་ཞེས་བརྗོད་དོ། །གཉིས་པ་གཞན་སེལ་བའི་རང་བཞིན་བསྟན་པ་ལ། བློའི་འཇུག་ཚུལ། སེལ་བའི་རང་བཞིན་ངེས་པར་བྱ་བ། སེལ་འཇུག་ལ་རྩོད་པ་སྤང་བའོ། །དང་པོ་ནི། རང་གི་ཡུལ་གྱི་དངོས་འགལ་གཅོད་པའི་འཛིན་སྟངས་ཀྱིས་འཇུག་པ་ཞེས་པ་ནི་ཡུལ་ཅན་སེལ་འཇུག་གི་མཚན་ཉིད། བརྗོད་བྱེད་ཀྱི་སྒྲ་ཡང་བརྗོད་བྱའི་ལྡོག་ཕྱོགས་གཅོད་པའི་ཚུལ་གྱིས་འཇུག་པས་ན་སེལ་འཇུག་གོ །དེར་ཡང་ཟླ་བོ་རྣམ་གཅོད་པའི། །དོན་རྣམས་ལ་ནི་རྟོགས་འགྱུར་ཏེ། །ཅེས་པ་ལྟར་རོ། །འགའ་ཞིག་སྒྲ་ཡང་གཞན་སེལ་ཡིན་ཏེ། མཉན་པ་གཞན་སེལ་བྱེད་པར་བརྗོད་ཅེས་གསུངས་པས་སོ་ཞེས་ཟེར་རོ། །འདིས་ནི་སྒྲ་སེལ་འཇུག་ཡིན་པར་སྟོན་གྱི་སེལ་བའི་ངོ་བོར་སྟོན་པ་ནི་མིན་ཏེ། སྒྲ་ནི་དོན་རང་མཚན་གྱི་ངོ་བོར་གནས་པ་ཡིན་པའི་ཕྱིར་དང༌། དོན་དམ་པར་ཡོངས་དཔྱོད་དུ་གནས་པ་ཡིན་པའི་ཕྱིར་སེལ་བ་ཞེས་ཇི་ལྟར་བརྗོད། རྣམ་འགྲེལ་ལས་ཀྱང༌། སེལ་འཇུག་སྟོན་པ་ན། དེ་ནི་རྣམ་དཔྱོད་ཡུལ་ཅན་གྲུབ། །ཅེས་པ་དང༌། རྣམ་དཔྱོད་བརྗོད་པར་བྱེད་པར་གྲུབ། །ཅེས་གསུངས་སོ། །གཉིས་པ་སེལ་བའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། སེལ་བའི་རྣམ་གཞག་དང༌། སེལ་བའི་དབྱེ་བའོ། །གཉིས་པ་ནི། སེལ་བས་འཇུག་པའི་ཤེས་པ་ཆོས་ཅན། ཁྱོད་ཀྱི་དངོས་ཡུལ་དོན་དམ་པར་མེད་དེ། བཏགས་པ་ཙམ་དངོས་ཡུལ་དུ་བྱེད་པའི་ཕྱིར། ཐོབ་བྱའི་འཇུག་ཡུལ་གྱི་ངོ་བོར་གནས་པ་ཆོས་ཅན། རང་མཚན་ཡིན་ཏེ། སྣང་བཏགས་གཅིག་ཏུ་འཁྲུལ་བའི་བློས་འཇུག་པ་ན་ཐོབ་བྱའི་དོན་དམ་གྱི་དངོས་པོ་ཡིན་པའི་ཕྱིར། གལ་ཏེ་གནས་ཚུལ་ལ་བྱས་མི་རྟག་ཐ་དད་མེད་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་ལྟ་བུ་རྟགས་སུ་བཀོད་པའི་ཚེ་ན། དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་འགྱུར་རོ་ཞེ་ན། ལྡོག་པ་ཐ་དད་པ་ཡོད་པའི་ཕྱིར་ཉེས་པ་མེད་དོ། །མདོར་ན། དོན་ཐ་དད་མེད་ཀྱང་ལྡོག་པ་ཐ་དད་པའི་ཚུལ་ནི། རྟོག་པས་ཡུལ་འཛིན་ཚུལ་ལ་ལྟོས་ནས་བཞག་གོ །སེལ་བས་འཇུག་པའི་རྟོག་པའི་འཛིན་སྟངས་ལ་མུ་བཞི་སྲིད་དེ། དོན་རང་མཚན་གཅིག་ཏུ་གནས་པ་ལ་ཐ་དད་དུ་འཛིན་པ་དང༌། ཐ་དད་ལ་གཅིག་ཏུ་འཛིན་པ་དང༌། གཅིག་ལ་གཅིག་ཏུ་འཛིན་པ་དང༌། ཐ་དད་ལ་ཐ་དད་དུ་འཛིན་པའོ། །ཐ་དད་ལ་གཅིག་དུ་སྒྲོ་འདོགས་པའི་ཚུལ་ལ་གཉིས་ཏེ། སྒྲོ་འདོགས་པའི་ཚུལ། བཏགས་པ་ལྟར་དོན་ལ་མེད་པའི་ཚུལ། དང་པོ་ལ་གཉིས་ཏེ། སྒྲོ་འདོགས་པའི་རྒྱུ་མཚན། སྒྲོ་འདོགས་པའི་བློའི་རྣམ་པའོ། །དང་པོ་ནི། མེ་ཐམས་ཅད་བསྲེགས་པའི་བྱ་བ་བྱེད་པར་གཅིག་པ་དང༌། ཤིང་ཐམས་ཅད་ཡལ་ག་ལོ་འདབ་དང་ལྡན་པར་མཚན་ཉིད་གཅིག་པའི་རྒྱུ་མཚན་གྱིས་ཐམས་ཅད་ལ་མེའོ་ཞེས་པ་དང༌། ཤིང་ངོ་ཞེས་གཅིག་ཏུ་སྒྲོ་འདོགས་པ་ཡིན་ནོ། །དངོས་རྣམས་ངོ་བོ་འགའ་ཞིག་གིས། །ཐ་དད་མེད་པ་ལྟ་བུར་སྣང༌། །ཞེས་པའི་དོན་ནོ། །གཉིས་པ་ལ་གཉིས་ཏེ། ཐ་དད་ལ་གཅིག་ཏུ་འཁྲུལ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། བྱ་བ་དང་མཚན་ཉིད་གཅིག་པའི་རྒྱུ་མཚན་བཟུང་ནས་གཞན་སེལ་བའི་ཡུལ་ཅན་རྣམས་ཐོག་མ་མེད་པ་ནས་སྣང་བཏགས་གཅིག་ཏུ་འཁྲུལ་བའི་བག་ཆགས་ཀྱི་སྟོབས་ཀྱིས་འཁྲུལ་ནས་སྤྱི་གཅིག་ཏུ་འཛིན་པ་ཡིན་ནོ། །ཇི་སྐད་དུ། དོན་གྱི་འབྲས་ཡིན་མཐོང་གོམས་པས། །ཡུལ་དེའང་རྗེས་འགྲོ་མེད་པ་ཅན། །ཞེས་གསུངས་སོ། །གཉིས་པ་རྩོད་པ་སྤང་བ་ནི། མཚན་ཉིད་ཐ་དད་དུ་མཚུངས་པ་ལ། ཤྭ་བ་དང་སེང་ལྡན་ལ་སོགས་པ་རྣམས་ལ་འབྲས་བུ་རིགས་གཅིག་ཏུ་འཛིན་པའི་བློ་སྐྱེ་ལ། ཆུ་དང་མེ་ལ་སོགས་པ་ལ་རིགས་གཅིག་ཏུ་འཛིན་པའི་བློ་མི་སྐྱེ་བ་འགལ་ལོ་ཞེ་ན། ཤིང་མ་ཡིན་ལས་ལྡོག་པའི་གཞན་སེལ་གྱི་རིགས་ཉེ་མི་ཉེའི་བྱེ་བྲག་གིས་ཤིང་གི་སྒྲ་བློ་འཇུག་ལ་གཞན་ལ་མི་འཇུག་པ་ཡིན་ནོ། །དཔེར་ན། རྐྱེན་གསུམ་རྣམས་སྤྱི་དངོས་པོ་བ་མེད་པའི་ཐ་དད་ཡིན་ཡང༌། འབྲས་བུ་གཅིག་སྐྱེད་ཅིང༌། གླེ་མཁྲིས་དང་པར་པ་ཏ་ལ་སོགས་པ་སྨན་ཐ་དད་པར་མཚུངས་ཀྱང་རིམས་ལ་སོགས་པ་ཞི་བར་བྱེད་པ་བཞིན་ནོ། །ཇི་སྐད་དུ། ཐ་དད་མཚུངས་པ་ཡིན་ན་རིགས། །ཉེ་བ་གང་ཞིག་འགའ་ཞིག་ལ། །རབ་འཇུག་གཞན་ལ་མིན་དེ་ཉིད། །སྒྲ་དང་ཤེས་པའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་དང༌། ཅིག་རྟོག་དོན་ཤེས་ལ་སོགས་པ། །ཞེས་སོགས་དང༌། དཔེར་སྨན་ཁ་ཅིག་ཐ་དད་ཀྱང༌། །ཞེས་སོགས་ཀྱི་དོན་ནོ། །དགོངས་པ་ནི་ཡུལ་དུས་ཐ་དད་ཀྱི་ཤིང༌། ཤིང་གི་རྣམ་གྲངས་གཅིག་དུ་ཤར་ནས་ཕྱོགས་གཅིག་ཏུ་ཤིང་དུ་ཞེན་པ་ལས་ཐམས་ཅད་ཤིང་མིན་ལས་དགག་པ་དང༌། ཤིང་དུ་སྒྲུབ་པའི་བྱ་བ་ཕྱོགས་གཅིག་ཏུ་རྟོགས་པར་འགྱུར་བའི་དགོས་པ་ཡོད་དོ། །དེ་ཡི་ཁྱད་པར་གྱིས། །རྟོགས་འགྱུར་བ་དང་རབ་ཏུ་བྱེད་ཅེས་པའི་དོན་ནོ། །གཅིག་ལ་ཐ་དད་དུ་འཛིན་པ་ལ་ཡང་གསུམ་ལས། གཅིག་ལ་ཐ་དད་དུ་འབྱེད་པའི་རྒྱུ་མཚན་ནི། བྱས་མི་རྟག་དོན་ལ་ཐ་དད་མེད་མོད། གཞན་སེལ་པའི་སྤྱོད་ཡུལ་ལོག་པ་ཐ་དད་ལས་ལོག་པའི་སྒོ་ནས་དོན་གཅིག་ལའང་བློས་ལྡོག་པ་ཐ་དད་དུ་རྣམ་པར་འབྱེད་དུ་རུང་བ་ཡིན་ནོ། །གང་གིས་གོ་བར་འགྱུར་བ་དེ། །དེ་ལས་གཞན་གྱི་ནུས་མ་ཡིན། །དེས་ན་ཐ་དད་རྣམ་པར་གནས། །ཞེས་པ་དང༌། གང་དང་གང་ལས་ལོག་དེ་ལས། །ཐ་དད་བརྟགས་པའི་ཐ་དད་ཅན། །དེ་ནི་ལྡོག་པ་དུ་མ་ཉིད། །ཅེས་སོ། །གཉིས་པ་བློའི་རྣམ་པ་ནི། སེལ་ངོར་སྒྲས་ཐ་དད་དུ་བརྗོད་ཅིང༌། རྟོག་པ་འཇུག་ཚུལ་ཐ་དད་སྣང་བ་ལྟར་དོན་ལའང་ཐ་དད་ཉིད་དུ་སྒྲོ་བཏགས་ནས་ཞེན་པར་བྱེད་དེ། །དེ་ཉིད་ལས་གཞན་ལས་ལྡོག་པས། །ཆོས་ཀྱི་བྱེ་བྲག་རབ་ཏུ་བརྟགས། །ཞེས་སོ། །གསུམ་པ་དགོས་པའང༌། ངོ་བོ་གཅིག་ཡིན་པ་ལ་གཅིག་དུ་མ་རྟོགས་པ་དེ་རྟོགས་པར་བྱ་བའི་ཕྱིར་སྒྲ་མིན་དང༌། རྟག་པ་དང༌། མ་བྱས་པ་ལས་ལྡོག་པའི་ལྡོག་པ་ཐ་དད་དུ་ཕྱེ་སྟེ། དོན་ལ་གཅིག་དུ་སྒྲུབ་པས་སྒྲ་ཉིད་མི་རྟག་པར་གོ་བར་བྱ་བའི་ཕྱིར་ལྡོག་པ་ཐ་དད་དུ་རྣམ་པར་ཕྱེའོ། །བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་སོ། །དངོས་ལ་གནོད་བྱེད་ནི། སྤྱི་དོན་དམ་པར་འགོག་པ་ཉིད་ཡིན་ནོ། །གཉིས་པ་སེལ་བའི་དབྱེ་བ་ལ་གསུམ་སྟེ། དབྱེ་བ་དངོས། དོན་ལ་སེལ་བ་དགག སོ་སོའི་རང་བཞིན་ནོ། །དང་པོ་ལ་ནི། བསྒྲུབ་བྱ་སྒྲུབ་པ་དང་དགག་བྱ་འགོག་པའི་ཚུལ་གྱིས་ཡོད་པ་གཞན་སེལ་དང༌། མེད་པ་གཞན་སེལ་གཉིས། ཡོད་པ་གཞན་སེལ་དེ་ཡང་སྒྲ་དང་བློའི་དབྱེ་བ་ཡིས། །ཡོད་པ་སྒྲའི་གཞན་སེལ་དང་བློའི་གཞན་སེལ་གཉིས། མེད་པ་གཞན་སེལ་དེ་ཡང་སྒྲ་བློའི་དབྱེ་བ་ཡིས་མེད་པ་སྒྲའི་གཞན་སེལ་དང༌། མེད་པ་བློའི་གཞན་སེལ་གཉིས་ཏེ་བཞིར་འགྱུར་རོ། །དེ་ལ་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་ཚེ་ན། རྟགས་བསྒྲུབ་བྱ་ལ་འཇུག་ཚུལ་དང༌། རྗེས་དཔག་གིས་བསྒྲུབ་བྱ་རྟོགས་པའི་ཚེ་ན་ཡོད་པའི་གཞན་སེལ་གཉིས་དང༌། བྱས་པའི་རྟགས་ཀྱིས་སྒྲ་རྟག་པ་འགོག་པ་དང༌། རྗེས་དཔག་གིས་སྒྲ་རྟག་པ་དང་བྲལ་བར་རྟོགས་པའི་ཚུལ་ལས། མེད་པ་སྒྲ་བློའི་གཞན་སེལ་གཉིས་སུ་ཕྱེའོ། །དོན་ལ་གཞན་སེལ་དགག་པ་ལ་གཉིས་ཏེ། དོན་ལ་མི་འཐད་པའི་ཚུལ། དེའི་རྒྱུ་མཚན་འགོད་པའོ། །དང་པོ་ནི། བེམ་པོའི་དོན་ཆོས་ཅན། དོན་དམ་པར་གཞན་སེལ་དུ་གྲུབ་པ་མེད་དེ། དོན་དམ་པར་ཡོངས་དཔྱོད་ཀྱི་ངོ་བོར་གནས་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གཞན་སེལ་ནི་བློའི་འཇུག་ཚུལ་དེ་མིན་པར་བསལ་བ་ཙམ་ལས་བཞག་པའི་ཕྱིར། གཉིས་པ་ནི། འགའ་ཞིག་དོན་གྱི་སེལ་བ་ཞེས་པ་དོན་རང་མཚན་ལ་འཇོག་གོ་ཞེ་ན། གཞན་གྱིས་གཞན་སེལ་དུ་འདོད་པའི་ཕྱི་རོལ་གྱི་དོན་གྱི་ངོ་བོ་ནི་ཆོས་ཅན། ཁྱོད་གཞན་རིགས་མངོན་སུམ་གྱི་སྣང་ཡུལ་ཡིན་པར་ཐལ། དབང་པོའི་མངོན་སུམ་གྱི་གཟུང་དོན་དུ་གྱུར་པའི་རང་མཚན་ཡིན་པའི་ཕྱིར། འདོད་ན། སེལ་བ་ཡིན་པ་ཉམས་སོ། །གཞན་ཡང༌། ཕྱི་རོལ་གཟུགས་དེ་མིན་ལས་ལོག་པས་གཞན་སེལ་དུ་འདོད་ན། འོ་ན་ཕྱི་རོལ་གྱི་གཟུགས་སོགས་དབང་པོ་ལ་སྣང་བས། སྣང་བ་ཡིན་པར་ཐལ་ཞེས་པ་རིགས་པ་མཚུངས་སོ། །འདོད་ན། ལོང་བའི་དབང་པོའི་དྲུང་དུ་གཟུགས་བཞག་པ་ན། གཟུགས་སྣང་བར་ཐལ། གཟུགས་སྣང་བའི་ངོ་བོར་སྐྱེས་པའི་ཕྱིར། འདོད་ན་ལོང་བ་རྒྱུན་ཆད་དུ་ཐལ་ལོ། །དེས་ན་གཞན་སེལ་ནི་སྒྲ་རྟོག་གི་བྱེད་པ་ཕན་ཚུན་བསྲེ་བ་དང༌། འབྱེད་པར་བྱེད་པ་ཡིན་ལ། དོན་རྣམས་རང་གི་ངོ་བོ་ཡོད་པ་ལྟར་གནས་པས་སེལ་བའི་བརྡ་མེད་དོ། །གསུམ་པ་སོ་སོའི་རྣམ་གཞག་ལ་གཉིས་ལས། དང་པོ་ཡོད་པའི་གཞན་སེལ་ལ། མཚན་ཉིད། དབྱེ་བ་གཉིས་སོ། །དང་པོ་དངོས་པོའི་གཞན་སེལ་གྱི་མཚན་ཉིད། སེལ་འཇུག་གིས་དོན་བྱེད་མི་ནུས་པ་རྣམ་པར་གཅོད་པས་ཞུགས་པའི་འཛིན་སྟངས་ཀྱི་གཟུང་བྱའི་ཆ། གཉིས་པ་དབྱེ་བ་ལ། ཡུལ་གྱི་སྒོ་ནས་དབྱེ་ན། རང་མཚན་སྣང་བ་མངོན་གྱུར་གྱི་སྤྱིའི་གཞན་སེལ་དང༌། རང་མཚན་མི་སྣང་བ་ལྐོག་གྱུར་གྱི་སྤྱིའི་གཞན་སེལ་ལོ། །དང་པོ་ནི་མངོན་སུམ་ལ་རང་མཚན་སྣང་བའི་རྗེས་ཀྱི་ངེས་ཤེས་ཀྱིས་རྙེད་པས་ཡུལ་འཛིན་གྱི་ཡུལ་གྱི་ཆ་ཆོས་ཅན། སེལ་བའི་ཆར་གྱུར་པའི་ཡུལ་ཡིན་ཏེ། སྒྲ་རྟོག་གིས་ཕྱེ་བའི་བློ་ཆོས་ཅན་ཡིན་པས་སོ། །གཉིས་པ་ནི། རྟགས་ལ་ལྟོས་སམ་མ་ལྟོས་ཀྱང་རུང༌། རྟོག་པས་དེ་མ་ཡིན་གཅད་པའི་ཚུལ་གྱིས་ངེས་པའི་ཡུལ་དེ་ཡང་ཆོས་ཅན། གཞན་སེལ་ཡིན་ཏེ། སྒྲ་རྟོག་གི་དངོས་ཡུལ་ཡིན་པའི་ཕྱིར། བདེན་པ་ལ་འཇུག་པ་རྗེས་དཔག་གི་ཡུལ་གྱི་གཞན་སེལ་དང༌། རྫུན་པ་ལ་འཇུག་པ་ལོག་ཤེས་ཀྱི་ཡུལ་གྱི་གཞན་སེལ། མཐའ་གཉིས་པ་ཐེ་ཚོམ་གྱི་ཡུལ་གྱི་གཞན་སེལ་ཏེ། རྟོག་པའི་འཇུག་ཚུལ་གྱི་དབྱེ་བས་རྣམ་པ་གསུམ་མོ། །དེ་ཡང་དང་པོ་ནི། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་འཇལ་བ་ན། རྗེས་དཔག་གིས་སྒྲ་ལ་རྟག་པ་རྣམ་པར་གཅད་པའི་ཚུལ་གྱིས་འཇུག་པའི་འཛིན་སྟངས་ཀྱི་གཟུང་བྱ་ལ་བརྗོད་དོ། །རྗེས་དཔག་གིས་གཞན་སེལ་དངོས་སུ་བཟུང་བ་ལ་དོན་དུ་ཞེན་ནས་ཞུགས་པས་དོན་རང་མཚན་ཐོབ་པར་བྱེད་དོ། །ཇི་སྐད་དུ། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡི་ངོ་བོ་ཉིད་དུ་རྟོགས། །ཞེས་པ་དང༌། ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །རྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་སོ། །གཞན་དག་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་སྦྱོར་དོན་གསུམ། དོན་རང་གི་མཚན་ཉིད་ཡིན་ནོ་ལོ། འོ་ན་བྱས་པ་ཆོས་ཅན་གྱི་སྒྲ་དང་དོན་དམ་པར་གཅིག་གམ་དོན་དམ་པར་ཐ་དད། དོན་པར་ཐ་དད་ཅེ་ན། འོ་ན། སྒྲ་ཁྱོད་དང་བདག་ཉིད་གཅིག་པའི་ཚུལ་གྱིས་འབྲེལ་བ་མིན་པར་ཐལ། དོན་དམ་པར་ཐ་དད་དུ་གནས་པའི་ཕྱིར། གལ་ཏེ་དོན་དམ་པར་གཅིག་གོ་ཞེ་ན། འོ་ན་མཐུན་དཔེ་བུམ་པ་ལ་རྗེས་སུ་འགྲོ་བ་མིན་པར་ཐལ། དོན་དམ་པར་སྒྲ་དང་གཅིག་ཡིན་པའི་ཕྱིར། དོན་དམ་པར་བུམ་པ་དང་གཅིག་ན། སྒྲ་ལ་ཕྱོགས་ཆོས་མ་གྲུབ་པར་འགྱུར་བས་སོ། །ཇི་སྐད་དུ། དོན་དམ་པར་ནི་རྣམ་དཔྱད་ན། །དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཀུན་རྫོབ་པ་ཡི་དངོས་རྣམས་ལ། །དེ་ཉིད་གཞན་ནི་འགོག་པ་ཡིན། །ཞེས་སོ། །དུ་བས་ལ་ལ་མེ་སྒྲུབ་པ་ན་ཡང༌། རྒོལ་ཕྱིར་རྒོལ་གཉིས་ཀྱིས་འཇུག་པ་པོའི་ཞེན་ངོ་ནས་རྟགས་ཡང་དག་འཇོག་པ་ཡིན་གྱི། འཆད་ཚེ་རིགས་པས་རྣམ་པར་དཔྱད་པའི་ངོར་མ་ཡིན་པའི་ཚུལ་ནི། ཆོས་ཅན་ལ་ཡི་སྟེང་དུ་ལ་ཡི་མེ་སྒྲུབ་པའམ། མཐུན་དཔེའི་སྟེང་གི་མེ་སྒྲུབ་བམ། དེ་གཉིས་ལས་མ་གཏོགས་པའི་མེ་སྒྲུབ་པར་བྱེད། །གལ་ཏེ་ལའི་མེ་སྒྲུབ་ན། མཐུན་དཔེ་ལ་རྗེས་འགྲོ་མེད་ཅིང༌། མཐུན་དཔེའི་མེའང་ཤེས་འདོད་ཆོས་ཅན་ལ་མེད་དོ། །གསུམ་པ་ལྟར་ན། དུ་བའི་སྔ་རོལ་གྱི་འདས་པའི་མེ་སྒྲུབ་བམ། དུ་བ་དང་དུས་མཉམ་པའི་མེ་སྒྲུབ་བམ། དུ་བ་ལས་ཕྱིས་བྱུང་བའི་མ་འོངས་པའི་མེ་སྒྲུབ་པར་བྱེད། གལ་ཏེ་སྔར་གྱི་འདས་པའི་མེ་སྒྲུབ་པར་བྱེད་དོ་ཞེ་ན། འདས་པ་ནི་འགགས་ཟིན་པ་དེ་སྒྲུབ་པས་ལ་ལ་མེ་ཡོད་པར་ཇི་ལྟར་འགྱུར། །ད་ལྟར་བའི་མེ་སྒྲུབ་ན། དེ་དང་བདག་གཅིག་དང་དེ་བྱུང་གི་འབྲེལ་བ་གང་ཡང་མ་གྲུབ་པས་དེ་ལ་རྟགས་ཡང་དག་དུ་ཇི་ལྟར་འགྱུར། ཡང་མ་འོངས་པའི་མེ་ནི། ལ་ལ་འབྱུང་བར་མ་ངེས་པའི་ཕྱིར། དེ་ཡང་སྒྲུབ་པར་མ་ངེས་སོ། །རྣམ་ངེས་ལས། མ་འོངས་པ་རྣམས་ནི་མིན་ཏེ། འཁྲུལ་བའི་ཕྱིར་རོ། ཞེས་གསུང་སོ། །དེས་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་བརྟགས་ན། རིགས་པ་དེ་ཉིད་ཀྱི་ངོར་རྟགས་ཡང་དག་འཇིག་པས། རྟགས་ཀྱི་རྣམ་གཞག་ནི་ཀུན་རྫོབ་པའི་རྣམ་གཞག་ཡིན་པའི་ཕྱིར། རྟགས་ཀྱང་སེལ་འཇུག་ཡིན་ལ། རྗེས་དཔག་ཀྱང་སེལ་འཇུག་གོ །དེས་ན་དེ་གཉིས་ཀྱི་ཡུལ་སེལ་བ་ཡིན་པས་དོན་དམ་པར་དངོས་པོར་མ་གྲུབ་བོ། །འཆད་ཚེ་དང་འཇུག་ཚེའི་རྣམ་གཞག་སོ་སོར་མ་ཕྱེད་པར་ཕན་ཚུན་འཆོལ་བར་སྨྲ་བ་རྣམས་ནི། ཕྱོགས་གླང་ཆོས་གྲགས་ཀྱི་དགོངས་པ་ལས་རིང་དུ་གྱུར་པའི་བབ་ཅོལ་འབའ་ཞིག་གོ །དངོས་མེད་ཀྱི་གཞན་སེལ་ལ་མཚན་ཉིད་ནི། དོན་བྱེད་ནུས་པ་རྣམ་པར་གཅོད་པའི་ཚུལ་གྱིས་ཞུགས་པའི་ཡུལ་གྱི་ཆའོ། །དབྱེ་ན། དགག་བྱ་ཡོད་པ་བུམ་མེད་ཀྱི་ཆ་སེལ་བ་དང༌། དགག་བྱ་མེད་པ་རི་བོང་རྭ་མེད་ཀྱི་སེལ་བའི་སྒོ་ནས་སེལ་བ་རྣམ་པ་གཉིས་སོ། །དངོས་མེད་སྣང་ཡུལ་དུ་མི་འཐད་པ་ནི། དངོས་མེད་ཆོས་ཅན། སྣང་བའི་སྒོ་ནས་ཤེས་བྱ་མ་ཡིན་ཏེ། རང་གི་ངོ་བོ་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ་རང་གི་ངོ་བོ་མེད་པ་སྣང་བའི་སྒོ་ནས་བྱེད་མི་རུང་བའི་ཕྱིར་ཏེ། དངོས་མེད་ཡིན་པའི་ཕྱིར་རོ། །འདིར་སྣང་བའི་སྒོ་ནས་ཤེས་བྱ་མིན་ཞེས་བརྗོད་ཀྱི། སྤྱི་ལྡོག་ནས་ཤེས་བྱ་མིན་ཞེས་སྨྲ་བ་ནི་མིན་ནོ། །དེས་ན་དགག་བྱ་དངོས་པོ་སེལ་བ་ལ་དངོས་མེད་ཅེས་སྒྲས་བརྗོད་ཅིང༌། དེ་ཉིད་རྟོགས་པས་ཀྱང་ཡུལ་དུ་བྱེད་པས་སེལ་ངོར་ཤེས་བྱ་ཙམ་ཡིན་པས། སྒྲས་ཐ་སྙད་བཏགས་པའི་ཡུལ་དུ་ཟད་ཀྱི། སྣང་བ་མ་ཡིན་ནོ། །རྩོད་པ་སྤང་བ་ལ། དང་པོ་དངོས་པོ་དང་མཚུངས་པ་སྤང་བ་ནི། དངོས་མེད་ལ་དངོས་པོའི་ངོ་བོ་མེད་ཀྱང༌། རང་གི་ངོ་བོ་ཡོད་པས་ངོ་བོ་གཏན་མེད་མ་ཡིན་ལ། དེ་ལྟ་མ་ཡིན་ན། དངོས་པོ་ལའང་དངོས་མེད་ཀྱི་ངོ་བོ་མེད་པས་ངོ་བོ་མེད་པར་འགྱུར་ཞེ་ན། དངོས་པོ་ཆོས་ཅན། བློས་རྟོགས་པ་དངོས་མེད་བཀག་པ་ལ་ལྟོས་པས་ཁྱབ་མི་དགོས་ཏེ། རང་གི་རྒྱུ་ལས་གྲུབ་པའི་ཕྱིར། དངོས་མེད་ཆོས་ཅན། དངོས་པོ་བཀག་ནས་བློ་ངོར་གྲུབ་ཏེ་རང་ལ་ངོ་བོ་མ་གྲུབ་ཅིང༌། དགག་བྱ་དངོས་པོ་བཀག་ཙམ་ལ་དེའི་ཐ་སྙད་འདོགས་པའི་ཕྱིར། དེ་ཉིད་ཀྱང་རང་ལ་ངོ་བོ་མེད་པའི་རྒྱུ་མཚན་ཡང་རྒྱུ་རྐྱེན་གྱིས་མ་སྐྱེད་པའོ། །གལ་ཏེ་དངོས་མེད་དོན་ལ་མེད་ན། ཚད་མ་དང་འགལ་ཏེ། རི་བོང་གི་རྭ་སོགས་ལ་ངོ་བོ་མེད་མོད། །འདུས་མ་བྱས་ནམ་མཁའ་དང༌། རྟོག་པ་འཁྲུལ་བའི་ཡུལ་དོན་སྤྱི་དང༌། རྟོག་མེད་འཁྲུལ་བའི་ཡུལ་མེད་པ་གསལ་སྣང་གཉིས་དེར་འཛིན་གཉིས་མྱོང་བའི་སྟོབས་ལས་གྲུབ་པས་འཁྲུལ་ཤེས་དེ་གཉིས་ཀྱི་ཡུལ་གཉིས་དོན་ལ་ཡོད་པར་གྲུབ་ཅེ་ན། ནམ་མཁའ་དང༌། སོ་སོར་བརྟགས་འགོག་དང༌། བརྟགས་མིན་གྱི་འགོག་པ་སྟེ་འདུས་མ་བྱས་གསུམ་དང༌། འཁྲུལ་ཤེས་གཉིས་ཀྱི་ཡུལ་དོན་སྤྱི་དང༌། མེད་པ་གསལ་བ་གཉིས་ལ་སྣང་བའི་སྒོ་ནས་འཇལ་བའི་ཚད་མ་མེད་པར་ཐལ། འདུས་མ་བྱས་གསུམ་ནི་འདུས་བྱས་བཀག་པའི་སྒོ་ནས་ཡུལ་དུ་བྱེད་ཅིང༌། སྣང་བའི་སྒོ་ནས་ཡུལ་དུ་བྱེད་མི་ནུས། དོན་སྤྱི་དང་མེད་པ་གསལ་བ་གཉིས་འཁྲུལ་ཤེས་གཉིས་ལ་སྣང་བའི་རྣམ་པ་དེ་ཤེས་པ་ཡིན་ལ་ཕྱི་རོལ་དུ་རློམ་པའི་ཆ་ནི། སྒྲོ་བཏགས་ཡིན་པས་ཚད་མས་སྣང་བའི་སྒོ་ནས་གཞལ་མི་ནུས་པ་དེས་ནའོ། །གལ་ཏེ་ནམ་མཁའ་སྣང་བའི་སྒོ་ནས་གཞལ་བྱར་མེད་ན། འཇིག་རྟེན་ན་ནམ་མཁའ་སྣང་བར་བརྗོད་པ་དང༌། བསྟན་བཅོས་ལས་ནམ་མཁའ་དཔེར་བརྗོད་པ་གསུམ་དང་འགལ་བས་ནམ་མཁའ་རྫས་སུ་ཡང་ཡོད་དོ་ཞེ་ན། ནམ་མཁའ་རྫས་སུ་ཡོད་པར་འཇལ་བྱེད་ཀྱི་ཚད་མ་མེད་པར་ཐལ། ནམ་མཁའ་རྫས་སུ་འཇལ་བྱེད་ཀྱི་མངོན་སུམ་ཡང་མེད་ལ་རྗེས་དཔག་ཀྱང་མེད་པ་དེས་ནའོ། །ནམ་མཁའ་ཆོས་ཅན། རྫས་སུ་ཡོད་པར་འཇལ་བྱེད་ཀྱི་མངོན་སུམ་མེད་དེ། རང་མཚན་དུ་མེད་པའི་ཕྱིར། དེ་ཆོས་ཅན། རྫས་སུ་ཡོད་པར་འཇལ་བྱེད་ཀྱི་རྗེས་དཔག་མི་འགྲུབ་སྟེ། རྫས་སུ་ཡོད་པ་ལ་འབྲེལ་བའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་མེད་པའི་ཕྱིར། འོ་ན་ནམ་མཁའ་སྔོན་པོར་སྣང་བ་དང༌། ཁང་པ་ལ་སོགས་པའི་ནང་གི་བུ་ག་ནམ་མཁའ་སྣང་བ་འདི་དག་མངོན་སུམ་གྱིས་མཐོང་བ་ཇི་ལྟར་ཡིན་ཞེ་ན། མུ་སྟེགས་རྟག་སྨྲ་བ་བྱེ་བྲག་པ་དང༌། ཉན་ཐོས་རྟག་སྨྲ་བ་བྱེ་བྲག་དུ་སྨྲ་བ་གཉིས་པོ་ནམ་མཁའ་རྟག་པའི་རྫས་སུ་འདོད་མོད། ཆོས་ཀྱི་གྲགས་པ་ནི། ཆོས་གང་ཞིག་མི་རྟག་པ་ལས་ལོག་པ་ཙམ་རྟག་པའི་ཐ་སྙད་འདོགས་སོ། །འདིར་ནམ་མཁའ་རྫས་སུ་ཡོད་པ་འགོག་པ་ཡིན་གྱི། ཡོད་པ་ཙམ་འགོག་པ་ནི་གཞུང་གི་དགོངས་པ་མིན་ཏེ། འདིའི་འགྲེལ་པར། ཉན་ཐོས་འགའ་ཞིག་ཆོས་ཐམས་ཅད་རྫས་སུ་གྲུབ་པའི་ཕྱིར་ནམ་མཁའ་རྟག་པའི་རྫས་སུ་གྲུབ་པར་འདོད་དེ་ཞེས་ཕྱོགས་སྔར་བཀོད་པས་གསལ་ལོ། །དངོས་པོ་བཀག་པ་ལ་དངོས་མེད་ཞེས་བརྗོད་པ་ཡང་གཞུང་ལས་བསྟན་ཏེ། དེ་ཡི་ཅུང་ཟད་འགྱུར་མེད་དེ། །མེད་པར་གྱུར་པ་ཙམ་ཞིག་ཡིན། །ཞེས་གསུངས་སོ། །ངོ་བོས་གྲུབ་ན་རྫས་དེ་ཉིད་དང་གཞན་ཉིད་ལས་མ་འདས་ཏེ། རང་འགྲེལ་ལས། རང་གི་ངོ་བོས་རང་བཞིན་ལ་དེ་ཉིད་དང་གཞན་ཉིད་ཅེས་བྱ་བའི་རྣམ་པར་རྟོག་པ་གཉིས་ལས་འདས་པ་མ་ཡིན་པ་ལ་ཞེས་གསུངས་སོ། །ཡང་རང་གི་འགྲེལ་པ་ལས། དངོས་མེད་ཐམས་ཅད་ཀྱང་གཞན་སེལ་གྱི་སྒོ་ནས་ཤེས་བྱར་བྱེད་ཀྱི། སྣང་བའི་སྒོ་ནས་ཤེས་བྱར་བྱེད་མི་སྲིད་དོ། །ཞེས་སོ། །དབང་ཤེས་ཆོས་ཅན། མིག་ཅན་གྱི་ལྐུག་པ་དང་འདྲ་སྟེ། དོན་རང་མཚན་སྣང་ཡང་བརྡ་སྦྱོར་བར་མི་བྱེད་པའི་ཕྱིར། རྟོག་པ་ཆོས་ཅན། ལོང་བ་སྨྲ་མཁན་དང་འདྲ་སྟེ། དོན་རང་མཚན་མ་མཐོང་ཡང་སྦྱོར་བར་བྱེད་པའི་ཕྱིར། རང་རིག་ནི། ལོང་བ་དང་ལྐུག་པ་གཉིས་པོ་བརྡ་སྤྲོད་པར་བྱེད་པའི་དབང་པོ་ཚང་བའི་སྐྱེས་བུ་དང་མཚུངས་ཏེ། མངོན་སུམ་གྱིས་དོན་རང་མཚན་མཐོང་བ་དང༌། རྟོག་པས་སྤྱི་ལ་བརྡ་སྦྱོར་བར་བྱེད་པའི་ཚུལ་གཉིས་པོ་རིག་པར་བྱེད་པ་ཡིན་པའི་ཕྱིར། བསྡུ་བའི་ཚིགས་སུ་བཅད་པའོ། །རྩོད་པ་སྤང་བ་ནི། བྱེ་བྲག་པ་ན་རེ། སྤྱི་དངོས་པོར་མེད་པ་ལ་དེས་བཞག་པའི་སྤྱི་སྒྲ་མི་སྲིད་པའི་ཕྱིར་སྤྱིའི་ཐ་སྙད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ་ཞེས་སྨྲའོ། །སྤྱི་དངོས་པོ་བ་མེད་ན། སྤྱིའི་ཐ་སྙད་རྒྱུན་འཆད་མི་དགོས་པར་ཐལ། བརྗོད་བྱེད་ཀྱི་སྒྲ་རྣམས་བརྗོད་འདོད་ཀྱི་དབང་གིས་འཇུག་གི་ཡུལ་ལ་ལྟོས་པ་མེད་པའི་ཕྱིར་ཏེ། བརྗོད་བྱེད་ཀྱི་སྒྲ་རྣམས་ཡུལ་གྱི་མཐུའི་དབང་གིས་བཞག་པ་མ་ཡིན་གྱི། རྗོད་འདོད་ཀྱི་ཕར་སྦྱར་བ་ཡིན་པའི་ཕྱིར། གལ་ཏེ་རྗོད་བྱེད་ཀྱི་སྒྲ་རྣམས་དོན་གྱི་སྟོབས་ཀྱིས་འཇུག་པ་མ་ཡིན་པར་བརྗོད་འདོད་ཙམ་གྱིས་འཇུག་པར་འགྱུར་བ་དེ་ལྟ་ཡིན་ན། འོ་ན་དོན་གཉིས་ལ་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ཐ་དད་དུ་སྦྱར་བ་དོན་མེད་པར་འགྱུར་ཏེ། དོན་སོ་སོ་བ་ནི་ཕན་ཚུན་མ་འདྲེས་ཤིང༌། སྤྱི་དངོས་པོ་བ་ཡང་མེད་པའི་ཕྱིར་རོ་ཞེ་ན། དོན་བུམ་པའི་ངོ་བོ་གཅིག་ཉིད་ལ་བརྗོད་འདོད་ཀྱི་སྟོབས་ཀྱིས་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ཐ་དད་པ་གཉིས་སྦྱར་རོ། །དེ་ཇི་ལྟར་ཞེ་ན། དོན་བུམ་པ་གཅིག་ལྡོག་པ་དུ་མའི་རྟེན་དུ་གཟུང་བར་བྱ་བ་ཡིན་ལ། བུམ་པའི་སྟེང་གི་བྱས་མི་རྟག་དང༌། ཤེས་བྱ་གཞལ་བྱ་སོགས་ནི་བུམ་པའི་ཆོས་ཞེས་བརྗོད་དོ། །དེ་ལ་བུམ་པ་ཞེས་བརྗོད་པའི་སྒྲས་ནི། ཆོས་ཅན་བུམ་པ་སྤྱི་ལྡོག་ནས་བརྗོད་པ་ཡིན་ལ། བུམ་པའི་མི་རྟག་པ་ཞེས་བརྗོད་པའི་སྒྲས་ནི་བུམ་པའི་ཆོས་རྣམས་ཀྱི་ཕྱོགས་གཅིག་བརྗོད་པ་ཡིན་ཏེ། དཔེར་ན་བུམ་པ་དང་བུམ་པའི་མི་རྟག་པ་ཞེས་བརྗོད་པ་ལྟ་བུའོ། །ཁྱད་པར་གཞན་སྤོང་མི་སྤོང་གི་ཚུལ་ནི་བུམ་པ་ཞེས་བརྗོད་པའི་སྒྲས་ནི། བུམ་པའི་རྡུལ་རྫས་བརྒྱད་བརྗོད་བྱར་མི་སྤོང་བར། བུམ་པ་ཞེས་སྤྱི་ལྡོག་གཅིག་ནས་བརྗོད་པ་ཡིན་ལ། བུམ་པའི་གཟུགས་ཞེས་བྱ་བའི་སྒྲས་ནི། བུམ་པའི་རྡུལ་རྫས་གཞན་རྣམས་བརྗོད་བྱར་སྤངས་ནས་བུམ་པའི་གཟུགས་དམིགས་ཀྱིས་ཕྱེ་ནས་སྟོན་ནོ། །དེ་ཡང་བརྗོད་འདོད་ཀྱི་དབང་གིས་སྦྱར་བ་ཡིན་གྱི། བུམ་པ་དང་བུམ་པའི་གཟུགས་གཉིས་རྫས་ཐ་དད་པའི་དབང་གིས་འཇུག་པ་ནི་མ་ཡིན་ནོ། །རྟོགས་པ་ཕན་ཚུན་རྟེན་པར་ཐལ་བའི་རྩོད་པ་སྤང་བ་ལ། གལ་ཏེ་ཤིང་གི་དངོས་འགལ་ཤིང་མ་ཡིན་གཅོད་པའི་སྒོ་ནས་ཤིང་གི་གཞན་སེལ་ལ་སྒྲ་སྦྱོར་ན། ཤིང་དང་ཤིང་མ་ཡིན་དེ་ནི་རྟོགས་པ་ཕན་ཚུན་རྟེན་པའི་སྐྱོན་ཡོད་དེ། ཤིང་གོ་བ་ཤིང་མ་ཡིན་ལ་ལྟོས། ཤིང་མ་ཡིན་གོ་བ་ཤིང་ལ་ལྟོས་དགོས་པའི་ཕྱིར་ཏེ། འདོད་ན། དེའི་ཕྱིར། གང་རུང་གཅིག་འཛིན་པ་མི་སྲིད་ཅིང་གཅིག་མ་བཟུང་ན་མཐར་གཉིས་ཀ་འཛིན་པ་མེད་པས་ཐ་སྙད་རྒྱུན་ཆད་པའི་སྐྱོན་ཡོད་པ་དེས་ན་གཞན་སེལ་ལ་བརྡ་སྦྱོར་བ་མི་སྲིད་དོ་ཞེས་རྒྱལ་དཔོག་པ་ཟེར་ལོ། །དངོས་པོའི་རིགས་ཉིད་ལ་བརྡ་འདོགས་པ་ཁྱེད་ཀྱང་ཤིང་ཞེས་པའི་སྒྲ་དེས་ཤིང་མ་ཡིན་གཅོད་དམ་མི་གཅོད། གལ་ཏེ་དངོས་འགལ་ཤིང་མ་ཡིན་པ་མི་གཅོད་ན། ཤིང་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ལས་ཤིང་དེའི་ངོ་བོ་རྟོགས་མི་སྲིད་པར་ཐལ། ཤིང་མ་ཡིན་མི་གཅོད་པའི་ཕྱིར། དཔེར་ན་ཤིང་འོན་ཅིག་ཅེས་བརྗོད་པས། ཙནྡན་དང་ཤྭ་བ་ལ་སོགས་པ་ལ་འཇུག་པ་བཞིན་ནོ། །གཅོད་ན་བརྡའི་སྔོན་རོལ་དུ་ཤིང་གི་དོན་འཛིན་ན་ཤིང་གི་བརྡ་སྦྱར་མི་དགོས་པར་འགྱུར་ལ། མི་འཛིན་ན། འགལ་ཟླ་ཤིང་མིན་མི་རྟོགས་པར་ཐལ། ཤིང་མིན་གོ་བ་ཤིང་ལ་ལྟོས་པའི་ཕྱིར། དེ་ལྟར་ན་ཤིང་གི་བླང་དོར་གྱི་ཐ་སྙད་ཐམས་ཅད་ཁྱེད་ལའང་རྒྱུན་འཆད་པར་འགྱུར་རོ། །གལ་ཏེ་ཁོ་བོ་ནི་དངོས་འགལ་བསལ་ནས་དངོས་པོ་མི་སྒྲུབ་ཀྱི། འོན་ཀྱང་སྒྲུབ་པ་རྐྱང་པ་འདོད་པས་ཡལ་ག་ལོ་འདབ་དང་ལྡན་པའི་ཤིང་གཅིག་མཐོང་ནས་དེ་ལ་འདི་ཤིང་ཡིན་ནོ་ཞེས་སྒྲུབ་པའི་སྒོ་ནས་བརྡ་བྱེད་ལ། ཕྱིས་ཐ་སྙད་འདོགས་པའི་ཚེ་ནའང་ཡལ་ག་ལོ་འདབ་དང་ལྡན་པ་དེ་ཉིད་ཤིང་དུ་རྟོགས་པས་ཐ་སྙད་རྒྱུན་འཆད་པའི་ཉེས་པ་མེད་ཅེ་ན། འོ་ན་ལོ་འདབ་ཅན་ལ་ཤིང་གི་བརྡ་སྦྱར་བ་ན། འདི་ཁོ་ན་ཡིན་ཞེས་གཞན་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་བརྡ་སྦྱོར་རམ། །འདི་ཡང་ཤིང་ཡིན་ལ་གཞན་ཡང་ཡིན་ཞེས་མི་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་སྦྱོར། གལ་ཏེ་མི་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་སྦྱོར་རོ་ཞེ་ན། འོ་ན་ཤིང་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཐ་སྙད་ཀྱི་དུས་སུ་ལོ་འདབ་ཅན་ཁོ་ན་ཤིང་དུ་གོ་བར་མི་འགྱུར་བར་ཐལ། བརྡ་དུས་སུ་གཞན་ཤིང་ཡིན་པ་མ་བཀག་པའི་ཕྱིར། གལ་ཏེ་གཞན་ཤིང་ཡིན་པ་བཀག་ནས་གཞན་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་བརྡ་སྦྱོར་རོ་ཞེ་ན། དེ་ལྟ་ན་ནི་ཐ་སྙད་ཀྱི་དུས་སུ་འགྲུབ་མོད། འོན་ཀྱང་དེ་ནི་གཞན་སེལ་གྱི་སྒོ་ནས་བརྡ་སྦྱོར་བ་ལས་མ་འདས་པ་ཡིན་ནོ། །རང་ལུགས་བཞག་པ་ནི། ཁོ་བོ་ཅག་བརྡ་བྱེད་པ་ན་བརྡའི་སྔ་རོལ་དུ་ཡལ་ག་ལོ་འདབ་དང་ལྡན་མི་ལྡན་གྱི་མཚན་ཉིད་སོ་སོར་ཕྱེ་ནས་ཡལ་ག་ལོ་འདབ་དང་ལྡན་པར་མཐོང་ནས། དེ་དང་ལྡན་པ་རྣམས་ལ་རྟོག་བཅས་ཀྱི་བློས་རིགས་གཅིག་ཏུ་ཞེན་ཅིང༌། ཤིང་མ་ཡིན་ལས་ཐ་དད་དུ་ཤེས་ཏེ། གཞན་སེལ་གྱི་སྒོ་ནས་ཡལ་ག་ལོ་འདབ་དང་ལྡན་པ་དེ་ལ་ཤིང་གི་བརྡ་བྱེད་ལ། དེ་བཞིན་དུ་ཡལ་ག་ལོ་འདབ་དང་མི་ལྡན་པ་ལ་རིགས་ཐ་དད་དུ་ཞེན་ཅིང༌། ལས་ཐ་དད་དུ་ཤེས་ནས། ཤིང་མ་ཡིན་གྱི་བརྡ་བཏགས་ལ། འཆད་པ་ན་བརྡ་དེ་རིགས་གཅིག་པ་ལ་སྦྱོར་བར་བྱེད་ལ། རིགས་ནི་གཞན་སེལ་ལས་གཞན་མ་ཡིན་ནོ། །དེས་ན་བརྡ་དེ་དག་རང་མཚན་ལ་མ་སྦྱར་ཡང༌། རྟོག་པ་ངོ་བོ་ཉིད་ཀྱིས་འཁྲུལ་པས་རང་ལ་སྣང་བ་དེ་ཉིད་ཕྱི་རོལ་གྱི་དངོས་པོར་ཞེན་ནས་བརྡ་སྦྱོར་ལ། ཕྱིས་ཐ་སྙད་ལ་འཇུག་པའི་ཚེ་ན་སྣང་བཏགས་གཅིག་ཏུ་འཁྲུལ་བས་དོན་རང་མཚན་དེ་ཉིད་ལ་འཇུག་གོ །འོ་ན་སྒྲ་ཐམས་ཅད་གཞན་སེལ་ཁོ་ན་བསྟན་ན། གཞན་ལྡན་རྣམ་གཅོད་ཀྱི་ངེས་བཟུང་དངོས་སུ་སྦྱར་བའི་སྒོ་ནས་བརྡ་སྦྱོར་དགོས་སམ་ཞེ་ན། བརྗོད་བྱའི་དོན་སྟོན་པའི་ཚིག་ཀུན་ཆོས་ཅན། ངེས་བཟུང་མ་སྦྱར་ཡང༌། ངེས་བཟུང་གི་སྙིང་པོ་ཅན་ཡིན་ཏེ། བློ་ཡུལ་གཞན་ལས་ལོག་ནས་ཡུལ་དེ་ལ་འཇུག་པར་བྱེད་པའི་སྒྲ་ཡིན་པའི་ཕྱིར། གལ་ཏེ་ཤེས་བྱ་དང་ཐམས་ཅད་ལ་སོགས་པའི་རྗོད་བྱེད་ཀྱི་སྒྲ་ཆོས་ཅན། རྣམ་གཅད་སེལ་བའི་སྒོ་ནས་འཇུག་པ་འགལ་བར་ཐལ། གཅད་བྱ་དེ་མིན་མེད་པའི་ཕྱིར་རོ་ཞེ་ན། སྒྲ་དེ་ལ་གཅད་བྱའི་ངོ་བོ་གཞན་མེད་ནའང༌། རྟོག་པས་བཏགས་པའི་འགལ་ཟླ་རྣམ་པར་གཅོད་པའི་སྒོ་ནས་འཇུག་པའི་ཕྱིར་རྣམ་གཅད་ཡོད་དོ། །དེས་ན་ཤེས་བྱ་ལ་སོགས་ཚིག །ཐ་སྙད་དུ་ནི་འཇོག་རྣམས་ལ། །རྣམ་པར་གཅོད་པ་འགའ་ཞིག་ཡོད། །ཅེས་གསུངས་པ་ལྟར་རོ། །དོན་ནི། སྔར་བློས་མ་ཤེས་པའི་དོན་བློས་གསར་དུ་ཤེས་པ་ན། སྔར་མ་ཤེས་སོ་སྙམ་པའི་རྟོག་བློས་བཏགས་པ་ཉིད་གཅོད་པས་ན་རྣམ་གཅད་ཡོད་དོ་ཞེས་པའོ། །བརྟགས་ན་མི་འཐད་པ་སྤང་བ་ནི། གལ་ཏེ་ཁྱོད་ཀྱི་འདོད་པའི་ལྡོག་པ་དེ། དོན་དམ་པར་དངོས་པོ་མ་ཡིན་ན། སྤྱི་དངོས་པོར་འདོད་པ་ལ་བརྗོད་པའི་སྐྱོན་མཚུངས་ལ། དངོས་མེད་ཡིན་ན། དགོས་པ་སྒྲུབ་ནུས་སུ་མེད་པས་དེ་ལ་བརྡ་སྦྱར་བ་ལ་དགོས་པ་མེད་པ་དེས་ན། བརྡ་སྦྱར་བ་ལ་ལྡོག་པ་མི་དགོས་ལོ། འདིའི་ལན་ལ་བོད་ཁ་བ་ཅན་གྱི་རྟོག་གེ་པར་རློམ་པ་ཕལ་ཆེ་བ་རྣམས་དངོས་པོའི་ལྡོག་པ་དངོས་པོ་ཡིན་ཏེ། དངོས་པོ་དང་ངོ་བོ་དབྱེར་མེད་ཡིན་པའི་ཕྱིར་རོ་ཞེས་འདོད་དོ། །ལྡོག་པ་དངོས་པོར་འདོད་པ་དེ་ལྟ་ཡིན་ན། སྤྱི་དངོས་པོར་འདོད་པ་ལ་གསལ་བ་ལས་རྫས་གཅིག་དང༌། ཐ་དད་དུ་བརྟགས་ནས་སྐྱོན་བརྗོད་པ་འདི་གདོན་པར་དཀའོ། །ཇི་ལྟར་དཀའ་ཞེ་ན། ཤིང་མ་ཡིན་ལས་ལྡོག་པའི་ཤིང་གི་ལྡོག་པ་དེ་དོན་དམ་པར་དངོས་པོ་ཡིན་ན། རང་གི་གསལ་བ་ཤྭ་བ་དང་དོན་གཅིག་གམ་ཐ་དད། ཤྭ་བ་དང་གཅིག་པ་ཡིན་ནོ་ཞེ་ན། གཞན་ཙནྡན་ལ་རྗེས་སུ་འགྲོ་བ་མ་ཡིན་པར་ཐལ། དོན་དམ་པར་ཤྭ་བ་དང་གཅིག་ཡིན་པའི་ཕྱིར། འདོད་ན། ཙནྡན་ཤིང་མིན་པ་ཉིད་དུ་ཐལ་བར་འགྱུར་རོ། །ཤིང་མིན་ལས་ལྡོག་པ་མིན་པའི་ཕྱིར། གལ་ཏེ་ཤིང་མིན་ལྡོག་ན། ཤིང་གི་ལྡོག་པ་རྗེས་སུ་མ་འགྲོ་བར་འགལ། གལ་ཏེ་གཞན་ཙནྡན་དང་དོན་དམ་པར་གཅིག་ཏུ་འདོད་པ་ཡིན་ན། ཤིང་མ་ཡིན་པ་ལས་ལྡོག་པ་ཆོས་ཅན། ཤྭ་བ་ལ་རྗེས་སུ་མི་འགྲོ་བར་ཐལ། ཙནྡན་དང་རང་བཞིན་གཞན་མིན་པར་ཙནྡན་དང་དོན་དམ་པར་གཅིག་ཡིན་པའི་ཕྱིར། གལ་ཏེ་དོན་དམ་པར་ཙནྡན་དང་མི་གཅིག་ལ་ཤྭ་བ་དང་ཡང་མི་གཅིག་གོ་ཞེ་ན། འོ་ན་དོན་དམ་པར་གྲུབ་པ་མིན་པར་ཐལ། དོན་དམ་པར་ཙནྡན་དང་གཅིག་ཀྱང་མིན། ཐ་དད་ཀྱང་མིན་པའི་ཕྱིར། འདོད་ན། ད་ལྟ་རྫས་སུ་གྲུབ་པར་འགལ། དོན་དམ་པར་ཐ་དད་ན་ཙནྡན་དང་གཞི་མཐུན་པ་མིན་པར་ཐལ་ལོ། །དེས་ན་སྤྱི་རྫས་དང་ཐ་དད་དུ་འགོག་པའི་རིགས་པས་བརྟགས་ནས་ཀྱང་སྤྱི་དངོས་པོར་གྲུབ་པ་ཁས་ལེན་པ་དེ་ནི་ཆོས་ཀྱི་གྲགས་པས་གང་བཀག་པ་དེ་སྙིང་གནད་ཀྱིས་ཁས་བླངས་པ་ཡིན་ནོ། །ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས། བདག་ཉིད་ཆེན་པོའི་རིགས་པ་འགོག་པ་ནི། ནགས་ལ་གནས་པའི་སྤྲེའུ་ཡིས་ལྗོན་པའི་ཤིང་ལ་མི་གཙང་འཐོར་བ་དང་མཚུངས་སོ། །གཉིས་པ་རང་གི་ལན་ནི་ལྡོག་པ་དངོས་པོར་མ་གྲུབ་པས་གསལ་བ་དང་རྫས་གཅིག་དང་ཐ་དད་དུ་རྟགས་པའི་སྐྱོན་འདི་གཞན་སེལ་སྨྲ་བ་ལ་མེད་དེ། ལྡོག་པ་དངོས་པོར་མ་གྲུབ་པའི་ཕྱིར། འོན་ཀྱང་རྟོག་བློའི་འཇུག་ཚུལ་དཔྱད་པ་ན་རིགས་མི་མཐུན་ལས་ལྡོག་པ་དེ། སེལ་ངོར་གསལ་བ་ཀུན་ལ་ཁྱབ་པར་ཡོད་པའི་ཕྱིར་སྤྱི་མེད་པར་ཐལ་བའི་ཉེས་པ་ཡང་མེད་དོ། །གནས་དང་མི་གནས་རྟོག་པ་མིན། །སྤྱི་ཡི་བློ་ཡང་སླད་པ་ཡིན། །དེ་ཕྱིར་སུན་དབྱུང་པ་ཡང་མེད། །ཅེས་དང༌། ལྡོག་པ་ཀུན་ལ་ཡོད་པའི་ཕྱིར། །ཐལ་འགྱུར་ཉེས་པ་དེ་དག་མེད། ཅེས་སོ། །ཤིང་ཞེས་པའི་སྒྲ་གཅིག་བརྗོད་པ་ན། ངེས་བཟུང་དངོས་སུ་མ་སྦྱར་ཡང༌། ཤིང་མིན་དགག་པ་དང་ཤིང་སྒྲུབ་པའི་ནུས་པ་གཉིས་ཀ་ཡོད་དེ། བརྗོད་བྱེད་ཀྱི་སྒྲ་རྣམས་ནི། རང་གི་བརྗོད་བྱའི་འགལ་ཟླ་རྣམ་པར་དཔྱད་པའི་སྒོ་ནས་འཇུག་པ་དེས་ནའོ། །འོ་ན་ལྡོག་པ་སྟོན་པ་དང་དོན་གྱི་ངོ་བོ་སྟོན་པའི་སྒྲ་གཉིས་སོ་སོར་སྦྱར་དགོས་སོ་ཞེ་ན། མི་དགོས་ཏེ། ལྡོག་པ་བློ་ཆོས་དང་མཐོང་བ་དང་དོན་ཆོས་གཉིས་རྟོག་པས་གཅིག་ཏུ་འཁྲུལ་ནས་སྒྲས་བརྗོད་པས་ལོག་པའི་དངོས་པོ་དོན་རང་མཚན་གྲུབ་ཅིང་གོ་བར་བྱེད་པའི་ཕྱིར། སྣང་བཏགས་གཅིག་དུ་འཁྲུལ་ནས་ལྡོག་པ་སྒྲས་བརྗོད་པས་རང་མཚན་གོ་བ་ཡིན་ཏེ། སེལ་བ་ལ་བརྡ་སྦྱར་བས་དོན་རང་མཚན་ལ་བརྡ་སྦྱར་བར་གོ་བའི་ཕྱིར། ཤིང་ལ་བརྡ་སྦྱར་བས་ཤིང་མིན་གཅོད་པ་ཡང་འགྲུབ་སྟེ། དངོས་འགལ་གྱི་ཆོས་གཉིས་གཅིག་པ་མི་སྲིད་ཅིང༌། དངོས་འགལ་གྱི་ཆོས་གཅིག་རྣམ་དཔྱད་དུ་ཁེགས་པ་ན་གཅིག་ཤོས་ཡོངས་དཔྱོད་དུ་འགྲུབ་པའི་ཕྱིར། ལྡོག་པ་ཐོབ་བྱ་མིན་ཏེ་དོན་ལ་མ་གྲུབ་པས་སོ། །གལ་ཏེ་གསལ་བ་ཐ་དད་པ་རྣམས་ལ་མཐུན་མོང་བའི་སྤྱི་དངོས་པོ་བ་ཞིག་མེད་ན། ཨུཏྤལ་སྔོན་པོ་ལ་སོགས་པའི་གཞི་མཐུན་མེད་པར་འགྱུར་རོ། །ཆོས་ཐ་དད་པ་རྣམས་ནི་ཆོས་ཅན་གཅིག་ལ་མི་འདུ་ལ་ཐུན་མོང་བའི་ཆོས་ཀྱང་མེད་པས་སོ་ཞེ་ན། སྤྱི་དངོས་པོ་བ་མེད་པས་གཞི་མཐུན་མེད་པར་ཐལ་བའི་སྐྱོན་མེད་དེ། སྔོན་པོ་ལས་ཨུཏྤལ་རྫས་གཞན་དུ་གྲུབ་པ་མིན་ཡང༌། སེལ་ངོར་རྫས་སམ་ལྡོག་པ་ཐ་དད་གཉིས་སུ་ཕྱེ་ནས། སྔོན་པོ་དང་ཨུཏྤལ་གཞི་མེ་ཏོག་གཅིག་ཏུ་བསྡུས་ནས་ཨུཏྤལ་སྔོན་པོ་དེ་ལྡོག་པ་གཉིས་དང་ལྡན་པའི་ཆོས་གཅིག་སྣང་བའི་རྟོག་ངོར་གཞི་མཐུན་ཉིད་དུ་འགྱུར་བའི་ཕྱིར། དབང་པོའི་མངོན་སུམ་ཆོས་ཅན། གཞི་མཐུན་གྱི་དངོས་ཀྱི་སྤྱོད་ཡུལ་ཅན་མིན་ཏེ། དོན་རང་མཚན་ལ་དངོས་སུ་འཇུག་པའི་ཕྱིར། ཕྱོགས་ཀྱི་གླང་པོས། སྤྱི་དང་ཁྱད་པར་རྣམ་གྲངས་སྒྲ། །གཞན་ཉིད་ཡིན་ཡང་སེལ་མི་བྱེད། །ཅེས་སོ། །ཇི་ལྟར་ན་གཞི་མཐུན་དོན་དམ་པར་མེད་ཅེ་ན། མཐུན་པ་པོ་གཉིས་དོན་དམ་པར་ཐ་དད་ན་གཞི་མཐུན་དུ་མི་འགྱུར་ལ། ཐ་དད་མེད་ན་ཡང་གཞི་མཐུན་གྱི་དོན་མེད་པས་སོ། །དོན་དམ་པར་གཞི་མཐུན་འགོག་པ་ཡིན་གྱི། ཐ་སྙད་དུ་མེད་པར་སྨྲ་བ་ནི་མ་ཡིན་ནོ། །སྒྲུབ་པ་དང་གཞན་སེལ་གྱི་གནས་ཚུལ་རྣམ་པར་དག་པ་ཤེས་པའི་མིག་དང་བློ་གྲོས་གསལ་བ་དང་ལྡན་པའི་རྟོག་གེ་བ་དེ་ཤེས་བྱའི་དེ་ཁོ་ན་ཉིད་ལྟ་བ་ལ་ཀུན་མཁྱེན་དང་འདྲ་ཞེས་བྱའོ། །འདིར་སྣང་བ་ལ་སྒྲུབ་པའི་སྒྲས་བསྟན་པས་སེལ་བ་དགག་པ་ཡིན་པར་དོན་གྱིས་འགྲུབ་པའི་ཕྱིར། རང་མཚན་ཡང་ཡིན། སེལ་བ་ཡང་ཡིན་པའི་གཞི་མཐུན་འདོད་པ་ནི་རྟོག་གེའི་བརྡ་ཆད་ལ་བློ་ཁ་མ་ཕྱོགས་པར་ཟད་དོ། །ཡོད་ལ་རྣམ་རྟོག་འདིར་འགྱུར་ཏེ། །སྒྲུབ་པ་དངོས་ལ་འབྲེལ་ཕྱིར་རོ། །ཞེས་གསུངས་པས་དངོས་པོ་ལ་སྒྲུབ་པའི་སྒྲས་བསྟན་པའི་དོན་གྱིས་ཀྱང༌། ལྡོག་པ་དང་སེལ་བ་དགག་པ་ཡིན་པར་འཕངས་པས། རང་མཚན་སེལ་བ་ཡིན་པར་འདོད་པ་ནི་ཕྱོགས་གླང་ཆོས་གྲགས་ཀྱི་དགོངས་པ་མིན་ནོ། །གཞུང་གི་དོན་ལ་མ་ཞུགས་པའི་ཚིག་ཙམ་ལ་རྟེན་པ་ནི་མཁས་པའི་ལུགས་ལས་འདས་སོ། །གཞན་སེལ་བརྟག་པའི་རབ་ཏུ་བྱེད་པ་བཞི་པའི་རྣམ་བཤད་དོ།།  ༈  །།བརྗོད་བྱ་བརྗོད་བྱེད་བརྟག་པའི་རབ་ཏུ་བྱེད་པ་ལ་གཉིས་ཏེ། སྤྱིའི་དོན་དང་གཞུང་གི་དོན་གཉིས། དང་པོ་ལ། བརྗོད་བྱ་བརྗོད་བྱེད་ངོས་བཟུང༌། བརྗོད་བྱ་ཇི་ལྟར་བརྗོད་པའི་ཚུལ། དེ་ལས་དོན་གོ་བའི་ཚུལ་ལོ། །དང་པོ་ནི། བརྗོད་བྱ་ལ་འཆད་དུས་ཀྱི་དབང་དུ་བྱས་པ་ནི། རང་མཚན་སྒྲའི་བརྗོད་བྱ་མིན་ཏེ། བརྗོད་པར་མི་ནུས་པའི་ཕྱིར་དང༌། དགོས་པ་མེད་པའི་ཕྱིར་རོ། །ཇི་ལྟར་མི་ནུས་སྙམ་ན། རང་མཚན་རྣམས་ནི་ཕན་ཚུན་རྗེས་སུ་འགྲོ་བ་མེད་ནས་གཅིག་ལ་བརྡ་སྦྱར་བས་གཞན་གོ་བར་མི་འགྱུར་བའི་ཕྱིར། སོ་སོ་ལ་བརྡ་སྦྱར་དགོས་ན། དེ་ནི་མི་ནུས་ཏེ་མཐའ་ཡས་པའི་ཕྱིར་རོ། །གལ་ཏེ་ཡུལ་འདིའི་ཤྭ་བ་ལ་བརྡ་སྦྱར་ཡང་གཞན་གྱི་ཤྭ་བ་རྟོགས་པར་མི་འགྱུར་ཏེ། རྫས་ཀྱི་རང་གི་མཚན་ཉིད་ལ་འདྲ་བ་མེད་པའི་ཕྱིར། བུམ་པའི་སྒྲ་ལས་སྣམ་བུ་མི་གོ་བ་བཞིན་ནོ། །གལ་ཏེ་གཉིས་པོ་རིགས་གཅིག་པས་གཅིག་བརྗོད་པས་གཞན་ཡང་གོ་བར་འགྱུར་རོ་སྙམ་ན། འོ་ན་རིགས་ལ་བརྡ་སྦྱར་བས་གོ་བར་འགྱུར་གྱི། རྫས་ལ་བརྡ་སྦྱར་ཀྱང་གོ་བ་མ་ཡིན་པས་འབྲེལ་བ་ཅི་ཞིག་ཡོད། གཞན་ཡང་བརྡ་སྦྱོར་བའི་ཚུལ་ནི། ཐོག་མར་དོན་མཐོང་ནས་བརྡ་སྦྱོར་དགོས་ཏེ། བརྡའི་ཡུལ་མ་མཐོང་བར་བརྡ་སྦྱོར་བ་མེད་པའི་ཕྱིར་རོ། །དོན་མཐོང་ནས་མིང་སྦྱོར་བར་བཟོ་བ་ན། གང་ལ་བརྡ་སྦྱོར་བར་འདོད་པའི་ཡུལ་འགགས་ཟིན་པའི་ཕྱིར་རང་མཚན་ལ་བརྡ་སྦྱོར་མི་ནུས་སོ། །བརྡ་འདོགས་པ་རྣམས་ཀྱི་ཚུལ་ནི། དང་པོ་དོན་མཐོང་ནས་མིང་བློ་ཡུལ་དུ་རྩོམ་པར་བྱེད་ལ། དོན་མཐོང་ནས་མིང་སྦྱོར་བར་བྱེད་པ་ནི་བརྡ་འདོགས་པ་རྣམས་ཀྱི་ཚུལ་ཡིན་ན། དེའི་ཚེ་དང་པོའི་དོན་འགགས་ཟིན་པའི་ཕྱིར། གལ་ཏེ་བརྡ་དང་དུས་མཉམ་པའི་དོན་ལ་བརྡའ་སྦྱོར་བས་ཉེས་པ་མེད་སྙམ་ན། འོ་ན་བརྡ་ལོག་པ་ཉིད་དུ་ཐལ་བར་འགྱུར་ཏེ། བརྡའ་སྦྱོར་བར་འདོད་པའི་ཡུལ་ལ་མ་སྦྱར་བར་སྦྱར་འདོད་མེད་པ་གཞན་ལ་སྦྱར་བའི་ཕྱིར་རོ། །སྦྱར་བར་འདོད་པའི་ཡུལ་དང་རིགས་གཅིག་པས་ཉེས་པ་མེད་ཅེ་ན། འོ་ན་རིགས་ལ་སྦྱར་བ་ཡིན་གྱི་རྫས་ལ་སྦྱར་བར་གྱུར་པ་མ་ཡིན་ནོ། །ཤེས་པའི་རྣམ་པ་ཡང་མ་ཡིན་ཏེ། དེ་བརྗོད་པས་དོན་ལ་འཇུག་པར་མི་འགྱུར་བའི་ཕྱིར་དང༌། རྣམ་པ་ལ་རྟོག་པ་མི་བསྐྱེད་པའི་ཕྱིར་རོ། །རང་མཚན་བརྗོད་པ་ལ་དགོས་པ་ཡང་མེད་དེ། བརྡའ་སྦྱར་བའི་དགོས་པ་བརྡ་དུས་སུ་མཐོང་བ་ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བ་མེད་པའི་ཕྱིར། དེས་ན་རྟོག་པ་ལ་སྣང་བའི་གཟུགས་བརྙན་ཁོ་ན་བརྗོད་པར་བྱ་སྟེ། དེ་ཁོ་ན་ཉིད་སེམས་པའི་མཁས་པ་རྣམས་ནི། རྟོག་པ་ལ་སྣང་བའི་སྒྲོ་བཏགས་འབའ་ཞིག་བརྗོད་པར་ཁས་ལེན་པའི་ཕྱིར་རོ། །གཉིས་པ་འཇུག་དུས་ཀྱི་དབང་དུ་བྱས་པའི་བརྗོད་བྱ་ནི། སྤྱི་བརྗོད་བྱར་བྱེད་པ་མིན་ཏེ། དེ་བརྗོད་པས་ཕྱི་རོལ་གྱི་དོན་ལ་རྟོགས་པ་མི་སྐྱེ་བའི་ཕྱིར་ཏེ། ཕྱི་རོལ་གྱི་དོན་དང་འབྲེལ་བ་མེད་པའི་ཕྱིར། འབྲེལ་བ་མེད་ཀྱང་རྟོགས་ན་བུམ་པའི་སྒྲ་ལས་སྣམ་བུ་གོ་བ་སོགས་ཧ་ཅང་ཐལ་བ་ཉིད་དུ་འགྱུར་རོ། །དེས་ན་རྟོག་པ་ལ་སྣང་བ་ལ་ཕྱི་རོལ་གྱི་རང་མཚན་དུ་འཁྲུལ་བ་ཉིད་བརྗོད་བྱ་ཡིན་ཏེ། སྒྲ་ལས་བླང་དོར་གྱི་ཐ་སྙད་ལ་འཇུག་པ་རྣམས་སྣང་བ་ཕྱི་རོལ་དུ་སྒྲོ་བཏགས་ནས། ཕྱི་རོལ་གྱི་རང་གི་མཚན་ཉིད་ལ་འཇུག་པའི་ཕྱིར་རོ། །བརྗོད་བྱ་དངོས་ནི་སྒྲ་དོན་ཉིད་ཡིན་གྱི་རང་མཚན་མ་ཡིན་ཏེ། བརྡ་འབྲེལ་བྱེད་པའི་རྟོག་པ་ལ་མི་སྣང་བའི་ཕྱིར་རོ། །གཉིས་པ་འཇུག་དུས་ཀྱི་དབང་དུ་བྱས་པ་ནི། དོན་རང་མཚན་ཡིན་ཏེ། བརྡ་དུས་སུའང་དེ་ལ་བརྡ་སྦྱོར་བར་ཞེན་པའི་ཕྱིར་དང༌། ཐ་སྙད་ཀྱི་དུས་སུའང་དང་པོའི་ཞེན་ཚུལ་གོ་བར་བྱེད་པའི་ཕྱིར། གཉིས་པ་བརྗོད་བྱེད་ལའང་འཆད་པ་དང་འཇུག་པའི་བྱེ་བྲག་གིས་གཉིས་སུ་འགྱུར་ཏེ། དང་པོ་ནི་རྟོག་པ་ལ་སྣང་བའི་སྒྲ་སྤྱི་ཡིན་གྱི། སྒྲ་རང་མཚན་མིན་ཏེ། བརྡ་འབྲེལ་བྱེད་པའི་རྟོག་པ་ལ་མི་སྣང་བའི་ཕྱིར། གཉིས་པ་ནི་བརྗོད་བྱེད་ཀྱི་སྒྲ་རང་མཚན་ཏེ། བརྗོད་བྱེད་ཀྱི་སྒྲ་རང་མཚན་གྱིས་བརྗོད་བྱར་ཞེན་པའི་ཕྱིར། རྗོད་བྱེད་དེ་དག་ཀྱང་ཡི་གེ་དང་མིང་དང་ཚིགས་གསུམ་གྱིས་ཡོངས་སུ་བསྡུས་པ་ཡིན་ཏེ། མིང་ཚིག་གཉིས་ཀྱིས་དོན་བརྗོད་པར་བྱེད་ལ། ཡི་གེ་ནི་དེ་གཉིས་ཀྱི་གཞི་ཡིན་པའི་ཕྱིར། དེ་ལ་ཡི་གེ་ནི་རེ་རེའི་དོན་མི་སྟོན་ཡང་དུ་མ་ཕན་ཚུན་དུ་སྦྱར་བ་ལས་དོན་སྟོན་པར་བྱེད་པའི་རྗོད་བྱེད་ཀྱི་སྒྲའི་གཞིར་གྱུར་པའོ། །དེ་ལ་གཉིས་ཏེ། དབྱངས་དང་གསལ་བྱེད་དོ། །དང་པོ་ནི། དབྱངས་ཡིག་བཅུ་བཞི་ཡིན་ལ། གཉིས་པ་ནི་གསལ་བྱེད་སུམ་བཅུ་སོ་བདུན་ནོ། །སྡེབ་སྦྱོར་རིན་ཆེན་འབྱུང་ལྡན་ལས། འདིར་ནི་དབྱངས་ཡིག་བཅུ་བཞི་སྟེ། །གསལ་བྱེད་རྣམས་ནི་སུམ་བཅུ་བདུན། །ཞེས་པ་ལྟར་རོ། །ཡི་གེ་འདི་དག་སྒྲའི་རང་གི་མཚན་ཉིད་ཡིན་གྱི། སྒྲའི་རྒྱུན་ལ་རྣམ་པར་གདགས་ཅེ་ན། ངོ་བོ་ནི་ཀ་ཁ་ལ་སོགས་པའི་སྐད་གདངས་ཀྱི་ངོ་བོ་ཡིན་ལ། དེ་ཡང་རྒྱུན་ལ་རྣམ་པར་འཇོག་གི་སྒྲའི་ཆ་ཤས་རེ་རེ་པ་ནི་མིན་ཏེ། དོན་དམ་པར་སྒྲའི་རང་གི་མཚན་ཉིད་དུ་འདོད་པ་མི་རིགས་ཏེ། སྐད་ཅིག་དང་དུ་མ་གང་དུ་ཡང་མི་རུང་བའི་ཕྱིར་རོ། །སྐད་ཅིག་རེ་རེ་བ་ནི་མིན་ཏེ། ཡི་གེ་ལ་རིང་ཐུང་མེད་པར་ཐལ་བའི་ཕྱིར་ཏེ། སྐད་ཅིག་ལ་རིང་ཐུང་དུ་བཞག་ཏུ་མེད་པའི་ཕྱིར། སྐད་ཅིག་མ་ཡང་མིན་ཏེ། ཡི་གེ་སྐད་ཅིག་སྔ་ཕྱི་དུ་མ་ཡོངས་སུ་རྫོགས་པས་འགྲུབ་པར་བྱ་དགོས་ལ། སྐད་ཅིག་སྔ་ཕྱི་དུ་མ་ལྷན་ཅིག་དུ་འདུས་པ་མི་སྲིད་པའི་ཕྱིར་རོ། །འགའ་ཞིག་ཡི་གེ་རེ་རེ་ཡང་སྐད་མ་ཅིག་དུ་མ་ཡིན་ཞིང༌། ཡི་གེ་ཨ་ཐུང་ལ་ཡོད་པའི་སྒྲའི་ཆ་ཤས་རེ་རེ་ཡི་གེ་འོ་ཞེས་ཟེར་རོ། །ཡི་གེ་ཨ་ཐུང་ལ་ཡོད་པའི་སྒྲའི་སྐད་ཅིག་དང་པོ་ཆོས་ཅན། མིག་འཛུམས་ཚད་དུ་གནས་པར་ཐལ། ཡི་གེ་ཡིན་པའི་ཕྱིར། ཡི་གེའི་བདག་ཉིད་ཀུན་མཐའ་ཡས། །མིག་འཛུམས་ཚད་དུ་གནས་པ་ཡིན། །ཞེས་པ་ལྟར་རོ། །ཨ་ཐུང་གི་སྲོག་ཡིག་ཆོས་ཅན། མིག་འཛུམས་ཚད་དུ་གནས་པར་ཐལ། ཡི་གེ་ཡིན་པའི་ཕྱིར་ཞེ་ན། འདོད་པ་ཁོ་ན་སྟེ། ཡི་གེ་ཐུང་ངུ་ཡང༌། སྐད་ཅིག་མ་དུ་མས་ཡོངས་སུ་རྫོགས་པར་བྱ་དགོས་པའི་ཕྱིར། དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་དང་འབྲེལ་བས་རྫོགས། །ཞེས་པ་ལྟར་རོ། །འོ་ན་ཡིག་གེ་ཉན་ཤེས་ཀྱིས་ཐོས་པར་མི་ནུས་ཏེ། སྐད་ཅིག་རེ་རེ་ཡི་གེ་མིན་ལ། དུ་མ་འདུས་པ་མི་སྲིད་པའི་ཕྱིར་རོ། །ཀུན་སློང་ཤེས་པ་ལས་རིམ་ཅན་དུ་སྐྱེ་བ་ཡང་མི་འཐད་པར་ཐལ། དངོས་པོར་མེད་པའི་ཕྱིར་ཞེ་ན། མི་འཐད་དེ། ཨ་ཐུང་ལ་ཡོད་པའི་སྒྲའི་ཆ་ཤས་དང་པོ་ཐོས་པའི་དུས་སུ་ཡི་གེ་ཐོས་པ་མིན་ལ། བར་པ་དང་ཐ་མ་ཐོས་པའི་དུས་སུ་ཡང་མིན་པའི་ཕྱིར་ཏེ། སྐད་ཅིག་དང་པོ་ཐོས་པས་ཡི་གེ་ཐོས་པར་མི་འགྱུར་བའི་ཕྱིར་ཏེ། སྐད་ཅིག་དང་པོ་ཡི་གེར་མི་རུང་བའི་ཕྱིར་རོ། །ཐ་མའི་དུས་སུ་ཐོས་ཞེ་ན། མི་འཐད་དེ། སྐད་ཅིག་ཐ་མ་ཡི་གེ་མིན་ལ། དང་པོ་གཉིས་འགགས་ཟིན་པའི་ཕྱིར། དེས་ན་རིགས་པས་དཔྱད་པ་ན་ཡི་གེ་ཉན་ཤེས་ཀྱིས་ཐོས་པ་དང་དངོས་པོར་གྲུབ་པ་མི་རུང་ངོ༌། །འོ་ན། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་བ་ཤེས་པས་སྒྲ་སྐྱེ་འོ། །ཞེས་པ་དང༌། དེ་ཐོས་མྱུར་མིན་ཐོས་པ་ཅན། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ཡི་གེ་རྩོམ་བྱེད་ཀྱི་སྒྲའི་ཆ་ཤས་ཀུན་སློང་རིམ་ཅན་ལས་རིམ་ཅན་དུ་སྐྱེ་བ་དང༌། དེ་ཉན་ཤེས་ཀྱི་ཐོས་པ་ལ་ཐོས་པར་བཞག་པ་ཡིན་པས་ཉེས་པ་མེད་དོ། །རིགས་པ་འདིས་ནི་མིང་ཚིག་གཉིས་ཀྱང་དོན་དམ་པར་དངོས་པོར་མེད་པར་གྲུབ་སྟེ། མིང་ཚིག་གཉིས་ནི་ཡི་གེའི་གནས་སྐབས་ལ་འདོགས་པར་ཟད་ལ་གནས་སྐབས་ཅན་གྱི་ཡི་གེ་དངོས་པོར་མི་རུང་བའི་ཕྱིར་རོ། །མངོན་པ་བ་དག་གིས་ནི། ཡི་གེ་ཨ་ཡོད་པའི་སྒྲའི་ཆ་ཤས་ཉན་ཤེས་ཀྱི་ཐོས་པ་ན། ཉན་ཤེས་ཀྱི་རྗེས་ཀྱི་རྟོག་པའི་ངོ་ན་ཡོད་པའི་དོན་སྤྱི་ལ་ཡི་གེར་བརྗོད་ལ། དེ་ཡང་ལྡན་པ་མིན་པའི་འདུ་བྱེད་གདགས་གཞིའི་སྒྲ་ལས་དེ་ཉིད་དང་གཞན་དུ་རྗོད་དུ་མེད་པར་འདོད་དོ། །དེ་བཞིན་དུ་མིང་ཚིག་གཉིས་ཀྱང་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་བཞེད་པས་སྒྲའི་ངོ་བོར་མི་རུང་ངོ༌། །གཞན་དུ་ན་གཟུགས་ཕུང་གིས་བསྡུས་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོར་རྣམ་པར་གཞག་པར་ཇི་ལྟར་འགྱུར། རྒྱས་པར་མངོན་པ་ཀུན་ལས་བཏུས་ཀྱི་རྣམ་བཤད་དུ་བལྟ་བར་བྱའོ། །གཉིས་པ་མིང་ལ་ཡང་མཚན་ཉིད་ནི། ཁྱད་པར་དང་མ་སྦྱར་བར་དོན་གྱི་ངོ་བོ་ཙམ་སྟོན་པར་བྱེད་པའི་བརྗོད་བྱེད་དོ། །མིང་རེ་རེ་ལ་ཡང་ཡི་གེའི་ཆ་མང་བ་དང་ཉུང་བ་ཅི་རིགས་པར་འགྱུར་ཏེ། རེ་འགའ་ནི་མིང་མང་པོ་སྦྱར་བ་ལས་དོན་གཅིག་གི་མིང་དུ་འགྱུར་བ་ཡོད་དེ། ཕྱོགས་ཀྱི་གླང་པོ་དང༌། ཆོས་ཀྱི་གྲགས་པ་ཞེས་པའི་མིང་ལྟ་བུའོ། །འགའ་ཞིག་དུ་ཡི་གེ་ཉུང་ངུར་ཡང་འགྱུར་བ་ཡིན་ཏེ། ཤིང་ཞེས་པ་བཞིན་ནོ། །དབྱེ་ན་དངོས་མིང་དང་བཏགས་མིང་གཉིས། མིང་གི་སྒྲ་དང་རིགས་ཀྱི་སྒྲ་གཉིས། འདོད་རྒྱལ་མིང་གི་དང༌། བཤད་པ་རྒྱུ་མཚན་ཅན་གྱི་མིང་ལ་སོགས་པའི་དབྱེ་བས་དུ་མར་འགྱུར་རོ། །དངོས་མིང་ནི་འདོད་རྒྱལ་ཐོག་མར་བརྡ་སྦྱར་བའི་མིང་ཡིན་ལ། བཏགས་མིང་དངོས་མིང་དུ་འཇུག་པའི་དོན་དང༌། བརྡ་འབྲེལ་ཅི་རིགས་པ་རྒྱུ་མཚན་དུ་བྱས་ནས་ཕྱིས་བརྡ་སྦྱར་བའི་མིང༌། ཚེ་འདི་ལ་རྗེས་གྲུབ་ཀྱི་མིང་ཞེས་ཀྱང་གསུང་ངོ༌། །འདི་ལ་ཡང་འབྲེལ་བ་རྒྱུ་མཚན་དུ་བྱས་པ་དང༌། འདྲ་བ་རྒྱུ་མཚན་དུ་བྱས་པ་གཉིས་ལས། དང་པོ་ནི་ཉི་མའི་འོད་ཟེར་ལ་ཉི་མ་ཞེས་བརྗོད་པ་ལྟ་བུ་ཡིན་ལ། གཉིས་པ་ནི་སྨན་བྱ་རོག་རྐང་ཞེས་པ་ལྟ་བུའོ། །མིང་གི་སྒྲ་ནི་ལྷ་སྦྱིན་ཞེས་པ་ལྟ་བུ་ཡིན་ལ། རིགས་ཀྱི་སྒྲ་ནི་བྱེ་བྲག་ཡོད་པའི་སྒྲ་སྟེ་ཤིང་ཞེས་པ་ལྟ་བུའོ། །འདོད་རྒྱལ་བ་དང༌། རྒྱུ་མཚན་ཅན་གྱི་སྒྲ་ནི། རྒྱུ་མཚན་ལ་མི་ལྟོས་པའི་བྱེ་བྲག་ལས་བཏགས་པ་ཡིན་ནོ། །དང་པོ་ནི། རྒྱུ་མཚན་ལ་ལྟོས་མེད་དུ་བཏགས་པའི་ཕྱིར་དང༌། གཉིས་པ་ནི་རྒྱུ་མཚན་ཡོད་པའི་གཞི་ལ་དངོས་མིང་དུ་འཇུག་པའི་ཕྱིར་རོ། །གཉིས་པ་བརྗོད་བྱེད་ཀྱི་ཚིག་ནི། དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པར་བྱེད་པའོ། །འདི་ལ་བརྗོད་བྱའི་སྒོ་ནས་དབྱེ་བ་དང༌། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་ཚོགས་བརྗོད་ཀྱི་སྒྲ་དང༌། རིགས་བརྗོད་ཀྱི་སྒྲ་གཉིས་ལས། རིགས་བརྗོད་ནི། གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་རིགས་བརྗོད་པར་བྱེད་པའི་སྒྲ་སྟེ། ཤིང་མི་རྟག་ཞེས་པའི་སྒྲ་ལྟ་བུའོ། །ཚོགས་བརྗོད་ནི། རྡུལ་དུ་མ་འདུས་པའི་ཚོགས་པ་བརྗོད་པའི་སྒྲ་སྟེ། རྡུལ་ཕྲ་རབ་དུ་མ་འདུས་པ་ནི་གཟུགས་སོ་ཞེས་བྱ་བ་ལྟ་བུའོ། །གཉིས་པ་བརྗོད་ཚུལ་ལ་ཡང༌། ཡོངས་དཔྱོད་ཀྱི་བརྗོད་ཚུལ་དང༌། རྣམ་གཅོད་ཀྱི་བརྗོད་ཚུལ་ལོ། །དང་པོ་ལ་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་གཉིས་སོ། །ལྡོག་པ་གཅིག་ལས་རྣམ་པར་ཕྱེ་བའི་ཆོས་དང་ཆོས་ཅན་གྱི་སྒྲ་དང༌། ལྡོག་པ་དུ་མ་ལས་རྣམ་པར་ཕྱེ་བའི་ཆོས་དང་ཆོས་ཅན་བརྗོད་པའི་སྒྲའོ། །དེ་ལ་ཆོས་བརྗོད་པ་ནི། ཁྱད་པར་གཞན་སྤོང་གི་སྒྲ་སྟེ། བ་ལང་ཉིད་ཅེས་པ་ལྟ་བུའོ། །ཇི་ལྟར་ན་འདིས་ཁྱད་པར་གཞན་སྤོང་བར་འགྱུར་ཞེ་ན། བ་ལང་ལ་ལྡོག་པ་དུ་མ་ཡོད་པ་ལས་བ་ལང་གི་ལྡོག་པ་གཅིག་པུ་ལ་བསྟན་འདོད་དང་ཤེས་འདོད་ཞུགས་པའི་ཚེ། ལྡོག་པ་དུ་མ་ཡོད་པ་ལས་ཉིད་ཅེས་པའི་སྒྲས་ལྡོག་པ་གཞན་རྣམས་བརྗོད་པར་མི་བྱེད་དེ། བ་ལང་གི་ལྡོག་པ་གཅིག་པུ་དམིགས་ཀྱི་བཀར་ནས་རྗོད་པའི་ཕྱིར་རོ། །འདི་ལ་ཆོས་བརྗོད་པ་ཞེས་བྱ་སྟེ། ཆོས་ཅན་བ་ལང་དང་དེའི་ལྡོག་པ་གཉིས་ཀ་སྦྱར་ནས་བརྗོད་ཀྱང༌། ཆོས་ཅན་བ་ལང་གི་སྟེང་གི་ལྡོག་པའི་ཆོས་ལ་བསྟན་འདོད་དང༌། ཤེས་འདོད་ཞུགས་པའི་ཕྱིར། བ་ལང་ཞེས་བརྗོད་པའི་སྒྲ་ནི་ཆོས་ཅན་བརྗོད་པའི་སྒྲ་སྟེ། ཁྱད་པར་གཞན་སྤངས་པ་མིན་ཏེ། ལྡོག་པ་དུ་མ་ཡོད་པ་ལས། བ་ལང་གི་ལྡོག་པ་ཙམ་བརྗོད་ཀྱི་ལྡོག་པ་གཞན་བརྗོད་བྱར་སྤངས་པའི་ཚུལ་གྱིས་བརྗོད་པ་མེད་པའི་ཕྱིར་རོ། །ཆོས་ཅན་བརྗོད་པའི་སྒྲ་ཞེས་ཀྱང་བརྗོད་དེ། ལྡོག་པ་དུ་མའི་རྟེན་དུ་གྱུར་པའི་ཆོས་ཅན་ཉིད་ལ་བསྟན་འདོད་དང༌། ཤེས་འདོད་ཞུགས་པའི་སྒོ་ནས་བསྟན་པའི་ཕྱིར། གཉིས་པ་ལ། ཆོས་བརྗོད་པའི་སྒྲ་ནི། བུམ་པའི་མི་རྟག་པ་ཞེས་པ་བརྗོད་པ་ལྟ་བུ་སྟེ། བུམ་པ་ལ་བྱས་པ་དང་མི་རྟག་པ་དང་བདག་མེད་ལ་སོགས་པའི་ལྡོག་པ་དུ་མ་ཡོད་པ་ལས་དྲུག་པའི་སྒྲས་ལྡོག་པ་གཞན་རྣམས་བརྗོད་བྱར་གཅོད། མི་རྟག་པའི་ལྡོག་པ་གཅིག་པུ་དམིགས་ཀྱི་བཀར་ཏེ་ཆོས་ཅན་དང་སྦྱར་ནས་བསྟན་པའི་ཕྱིར་ཁྱད་པར་གཞན་སྤངས་པ་ཞེས་བྱ་ལ། ཆོས་ཅན་བུམ་པ་བརྗོད་ཀྱང་དེའི་སྟེང་གི་ཆོས་མི་རྟག་པ་ལ་བསྟན་འདོད་དང་ཤེས་འདོད་ཞུགས་པའི་སྒོ་ནས་བསྟན་པའི་ཕྱིར། ཆོས་བརྗོད་ནི་བུམ་པ་མི་རྟག་པ་ཞེས་བརྗོད་པ་ལྟ་བུ་སྟེ། འདི་ནི་ཁྱད་པར་གཞན་སྤངས་པའི་སྒྲ་ཡིན་ཏེ། ལྡོག་པ་དུ་མ་ཡོད་པ་ལས་ཆོས་ཅན་མི་རྟག་པའི་ལྡོག་པ་དང་འབྲེལ་བའི་སྒོ་ནས་བསྟན་གྱི། གཞན་རྣམས་བཅད་པའི་ཚུལ་གྱིས་བརྗོད་པ་མེད་པའི་ཕྱིར། ཆོས་ཅན་བརྗོད་པ་ཞེས་ཀྱང་བྱ་སྟེ། དེའི་ཚེ་ཆོས་མི་རྟག་པ་བརྗོད་པ་གཙོ་བོར་བསྟན་འདོད་དང༌། ཤེས་འདོད་ཆོས་ཅན་བུམ་པ་ལ་ཞུགས་པའི་ཕྱིར། གཉིས་ཀ་ཡང་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་བརྗོད་ཚུལ་ཐ་དད་པའི་སྒོ་ནས་རྣམ་པར་ཕྱེ་ཡི། བརྗོད་བྱའི་དོན་ཐ་དད་པ་ནི་མིན་ཏེ། གཉིས་ཀ་ཡང་བུམ་པ་མི་རྟག་པར་སྟོན་པ་ལ་བྱེ་བྲག་མེད་པའི་ཕྱིར། གཉིས་ཀས་ཆོས་དང་ཆོས་ཅན་བརྗོད་པར་འདྲ་ཡང་གཙོ་བོར་བསྟན་འདོད་དང་ཤེས་འདོད་གང་ཞུགས་པའི་རྣམ་པར་དབྱེ་བས་ཕྱེ་བ་ཡིན་ཏེ། དཔེར་ན་བུམ་པ་མི་རྟག་ཅེས་བརྗོད་པའི་ཚེ་ན། འཆད་པ་པོའི་བསྟན་འདོད་དང༌། ཉན་པ་པོའི་ཤེས་འདོད་བུམ་པ་ལ་ཞུགས་པ་ཡིན་ཏེ། བུམ་པ་འདི་རྟག་པའམ་མི་རྟག་པ་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་ན། བུམ་པ་འདི་མི་རྟག་པ་ཡིན་ནོ་ཞེས་པའི་ཚུལ་གྱིས་སྟོན་པར་བྱེད་པའི་ཕྱིར། བུམ་པའི་མི་རྟག་པ་ཞེས་བརྗོད་པའི་ཚེ་ན། བུམ་པ་བརྗོད་ཀྱང་བུམ་པ་ལ་བསྟན་འདོད་དང༌། ཤེས་འདོད་ཞུགས་པ་མ་ཡིན་གྱི། དེའི་སྟེང་གི་ལྡོག་པའི་ཆོས་ལ་བསྟན་འདོད་དང་ཤེས་འདོད་ཞུགས་པའི་ཕྱིར་རོ། །འོ་ན་སྒྲ་རྣམ་གྲངས་པར་འགྱུར་ཏེ། བརྗོད་བྱ་ཐ་དད་མེད་པའི་ཕྱིར་རོ་ཞེ་ན། དོན་ཐ་མི་དད་པ་ཡིན་གྱི། ལྡོག་པ་ཐ་དད་པ་ལ་བརྟེན་པའི་ཕྱིར་ཉེས་པ་མེད་དོ། །རྣམ་གཅོད་ཀྱི་བརྗོད་ཚུལ་ལ། མི་ལྡན་རྣམ་གཅོད་དང༌། གཞན་ལྡན་རྣམ་གཅོད་དང༌། མི་སྲིད་རྣམ་གཅོད་ཀྱི་ཚུལ་གྱིས་བརྗོད་པའོ། །དང་པོ་ནི་ཁྱད་གཞི་ལ་ཁྱད་ཆོས་མི་ལྡན་པ་རྣམ་པར་གཅོད་པའི་སྒོ་ནས་སྟོན་པ་སྟེ། དཔེར་ན་སྒྲ་བྱས་པ་ཁོ་ན་ཡིན་ཞེས་པ་ལྟ་བུའོ། །གཉིས་པ་ནི་ཁྱད་གཞི་ལ་ཁྱད་ཆོས་གཞན་ལ་ལྡན་པ་རྣམ་པར་གཅོད་པའི་ཚུལ་གྱིས་སྟོན་པར་བྱེད་པ་སྟེ། དཔེར་ན་སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་བྱ་བ་ལྟ་བུའོ། །གསུམ་པ་ནི། ཁྱད་གཞི་ལ་ཁྱད་ཆོས་མཐའ་ཅན་གྱི་ཚུལ་གྱིས་སྟོན་པ་སྟེ། དཔེར་ན་མཚོ་སྐྱེས་ལ་སྔོན་པོ་ཉིད་ཅེས་བརྗོད་པ་ལྟ་བུའོ། །ངེས་བཟུང་སྦྱར་ཚུལ་གྱིས་གསུམ་དུ་འགྱུར་ཏེ། ཁྱད་པར་གྱི་འཇུག་ཐོགས་སུ་ངེས་བཟུང་ལྷན་ཅིག་ཏུ་སྦྱར་ནས་ཁྱད་གཞི་ལ་ཁྱད་ཆོས་ལྡན་པ་ནི་མི་ལྡན་པ་རྣམ་གཅོད་ཀྱི་ངེས་བཟུང་ཡིན་ལ། གཞན་ལྡན་རྣམ་གཅོད་ཀྱི་ངེས་བཟུང་ནི། ཁྱད་པར་དང་ངེས་བཟུང་ལྷན་ཅིག་ཏུ་སྦྱར་ནས་ཁྱད་གཞི་ལ་ཁྱད་ཆོས་ལྡན་པར་སྟོན་པའོ། །མི་སྲིད་རྣམ་གཅོད་ཀྱི་ངེས་བཟུང་ནི། །སྲིད་མཐའ་ཅན་གྱི་ཁྱད་པར་གྱི་ཆོས་དང་ངེས་བཟུང་ལྷན་ཅིག་དུ་སྦྱར་ནས་ཁྱད་གཞི་ལ་ཁྱད་ཆོས་ལྡན་པར་སྟོན་པ་སྟེ། དེ་ལ་རྣམ་གཅོད་དང་པོས་ནི་ཁྱད་གཞི་ལ་ཁྱད་ཆོས་དངོས་སུ་ལྡན་པར་སྟོན་པ་ཡིན་ལ། གཉིས་པ་ནི་དངོས་སུ་གཞན་ལ་ལྡན་པ་གཅད་ནས་ཤུགས་ལ་ལྡན་པར་སྟོན་པ་ཡིན་ནོ། །གསུམ་པ་ནི་ལྡན་པ་སྲིད་པ་ཙམ་དུ་སྟོན་ནོ། །གསུམ་ཀ་ཡང་ཆོས་གཅིག་ལ་ལྡན་དུ་རུང་བ་ཡིན་ཏེ། རྟགས་ཀྱི་མཚན་གཞི་གཅིག་མཐུན་ཕྱོགས་ཁོ་ན་ལ་རྗེས་སུ་འགྲོ་བ་དང༌། མི་མཐུན་ཕྱོགས་ལ་མེད་པ་དང༌། ཆོས་ཅན་ལ་ཡོད་པའི་རྣམ་གཅོད་གསུམ་ལྡན་པའི་ཕྱིར་དང༌། མཚན་ཉིད་གཅིག་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་རྣམ་གཅོད་ལྡན་པའི་ཕྱིར་དེ་དག་ཀྱང་ཆོས་ཅན་ལ་ལྡན་པ་ཡིན་གྱི། གསུམ་པོ་དོན་གཅིག་དུ་འདུ་བ་ནི་མིན་ཏེ། ཚུལ་གསུམ་བཞིན་ནོ། །བརྗོད་བྱ་ལོག་པར་སྟོན་པའི་སྒྲ་ལ་རྣམ་གཅོད་གསུམ་པོ་སྲིད་དམ་མི་སྲིད། དང་པོ་ལྟར་ན་བརྗོད་བྱའི་འགལ་ཟླ་རྣམ་པར་གཅོད་པར་འགྱུར་བས་དོན་མཐུན་གྱི་བརྗོད་བྱ་སེལ་བར་འགྱུར། མི་གཅོད་ན་སྒྲ་རྣམས་བརྗོད་བྱའི་དོན་ལ་གཞན་སེལ་གྱིས་འཇུག་པར་མི་འགྱུར་རོ་ཞེ་ན། དོན་ལ་རྣམ་པར་གཅོད་པའི་སྒོ་ནས་ཕྱེ་བ་མ་ཡིན་གྱི། བརྗོད་ཚུལ་གྱི་སྒོ་ནས་རྣམ་པར་ཕྱེ་བ་ཡིན་པས་ཉེས་པ་མེད་དོ། །གཉིས་པ་བརྗོད་བྱ་ཇི་ལྟར་བརྗོད་པའི་ཚུལ་ནི། གཞན་སེལ་བའི་ཚུལ་གྱིས་བརྗོད་པར་བྱེད་དེ། བརྡའི་དུས་ན་ཡང་རིགས་མི་མཐུན་རྣམ་པར་གཅད་ནས་བརྡ་བྱེད་པའི་ཕྱིར་དང༌། ཐ་སྙད་ཀྱི་དུས་ན་ཡང་གཞན་སྤངས་ནས་འཇུག་པ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་སྒྲ་དེ་ལས་གཞན་ལ་བདེ་བླག་ཏུ་འཇུག་པར་མི་འགྱུར་ཏེ། གཞན་ལ་འཇུག་པ་མ་བཀག་པའི་ཕྱིར། ཐོག་མར་བརྡ་སྦྱོར་བའི་ཚུལ་ཡང་ལོ་འདབ་དང་ལྡན་མི་ལྡན་གྱི་རིགས་རྣམ་པར་ཕྱེ་ནས་ལོ་འདབ་ཅན་ལ་ཤིང་མིན་རྣམ་པར་གཅད་པའི་ཚུལ་གྱིས་བརྡ་སྦྱོར་བར་བྱེད་ལ། ཐ་སྙད་ཀྱི་དུས་ན་ཡང་བརྡ་སྦྱོར་བ་དང་མཐུན་པར་དོན་གོ་བར་བྱེད་པ་ཡིན་ནོ། །འོ་ན་བརྡ་སྦྱོར་ན་ངེས་བཟུང་གི་ཚིག་དངོས་སུ་སྦྱོར་དགོས་སོ་སྙམ་ན། མི་དགོས་ཏེ། དེ་མིན་ལ་འཇུག་པ་སྤངས་ནས་དེ་ལ་བདེ་བླག་ཏུ་འཇུག་པའི་ཕྱིར། ངེས་བཟུང་གི་ཚིག་ཁོང་ན་ཡོད་པའི་ཕྱིར་རོ། །གལ་ཏེ་མིང་ཚིག་ཡི་གེའི་ཚོགས་དོན་དམ་དུ་དངོས་པོར་མེད་ན་བསྟན་བཅོས་བརྩམས་པ་དང་འཆད་པ་འཐད་པར་མི་འགྱུར་རོ་ཞེ་ན། དོན་ལ་དངོས་པོར་མེད་པའི་དབང་དུ་བྱས་ཀྱི་ཐ་སྙད་ཀྱི་ཞེན་ངོ་ལ་དངོས་པོར་ཡོད་པའི་ཕྱིར་དང༌།                                                                                             རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*