འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ། ཀ༽

༄༅། །འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ་ཚིག་དོན་རབ་ཏུ་གསལ་བའི་ཉི་འོད་ཅེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི། འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ་ཚིག་དོན་རབ་ཏུ་གསལ་བའི་ཉི་འོད་ཅེས་བྱ་བ། བླ་མ་དང་གཉིས་སུ་མེད་པ་ཐུབ་དབང་ཆོས་ཀྱི་རྒྱལ་པོ་དང༌། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྐྱེན་རྟོགས་སློབ་མའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མཁྱེན་པའི་ཡེ་ཤེས་ཉིན་བྱེད་བྱེ་བའི་ཟེར་གྱིས་འགྲན་པར་མི་བཟོད་ཅིང༌། །མ་ལུས་བདག་མེད་རྟོགས་པའི་རྣམ་འབྱེད་རལ་གྲི་མཁའ་ལྟར་རབ་སྔོ་བས། །བདག་ཏུ་ལྟ་བའི་ལྗོན་ཚོགས་མ་ལུས་ཡོངས་སུ་གཅོད་པར་མཛད་པ་པོ། །ལྷག་པའི་ལྷ་མཆོག་གངས་རིའི་མདོག་ཅན་མི་ཟད་སྤོབས་པ་འབྱིན་མཛད་རྣམ་པ་ཀུན་ཏུ་རྒྱལ། །སྟོབས་བཅུའི་སྟོབས་ཀྱིས་བདུད་ཀྱི་སྟོབས་བཅོམ་མི་འཇིགས་པའི་སེང་གེའི་ཆོས་སྒྲ་སྒྲོག །མཁའ་ལྟར་མ་འདྲེས་ཡོན་ཏན་རྣམ་པར་རྒྱས་པ་མཁྱེན་བརྩེའི་ཚ་ཟེར་ཅན། །དམ་ཆོས་འཆི་མེད་རྔ་སྒྲ་འགྲོ་ལ་ཞི་བའི་གྲོང་ཁྱེར་ལམ་སྟོན་ཅིང༌། །འགྲོ་ལ་ཕན་བདེའི་དགའ་སྟོན་འགྱེད་མཛད་སྲིད་གསུམ་བླ་མར་གྱུར་པ་དེ་ལ་འདུད། །མཁྱེན་པའི་ཆུ་གཏེར་རིག་གནས་བརྒྱ་ཡི་འདབ་སྟོང་ཀུན་ནས་རབ་རྒྱས་ཏེ། །འདུལ་བ་མེ་ཏོག་ཕྲེང་རྒྱུད་བློ་གྲོས་སྤོབས་པས་སྔོན་མེད་སྤེལ་མཛད་ཅིང༌། །རྣམ་དག་ཚུལ་ཁྲིམས་ནོར་བུ་འབར་པའི་འོད་ཀྱིས་སྲིད་པའི་མུན་སེལ་བ། །ལེགས་གསུང་འདུལ་བའི་རྣམ་འགྲེལ་མཛད་པ་སྲིད་པའི་ཕ་རོལ་བརྒལ་བར་གྱུར་པ་དེ་ལ་འདུད། །རྣམ་དཔྱོད་ཉིན་བྱེད་ཟེར་གྱིས་སོ་ཐར་གངས་རི་ཡོངས་སུ་བཞུ་བའི་རྒྱུན། །རྣམ་འགྲེལ་ལུང་གི་ཆུ་ཀླུང་གཡོ་བས་བདག་བློ་འཛིན་མའི་ཁྱོན་ཡངས་སུ། །རྣམ་འབྱེད་སྟོབས་ཀྱིས་ལེགས་དྲངས་ལེགས་བཤད་དྲི་མེད་བདུད་རྩི་གཡོ་བའི་རྒྱུན། །སྲིད་པའི་གདུང་བ་ཀུན་སེལ་དྲི་མེད་ངག་གི་སྤྲིན་གྱིས་རྒྱས་པར་བྱ། །འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པའི་དབང་དུ་མཛད་ནས་རྩ་བའི་ལུང་སོ་སོར་ཐར་པའི་མདོ་དང༌། དེ་གསལ་བར་བཤད་པའི་ལུང་འདུལ་བ་གཞི་དང༌། རྣམ་འབྱེད་དང༌། གཞུང་དམ་པ་དང༌། འདུལ་བ་ཕྲན་ཚེགས་ཏེ། ལུང་སྡེ་བཞི་གསུངས་པ་རྣམས་ཀྱི་དོན་རྒྱ་མཚོ་ཆེན་པོ་ལ་ཆུ་ཀླུང་འདུ་བ་བཞིན་དུ་ཚིག་དོན་གྱི་གཙོ་བོ་རྣམས་འདུ་ཞིང་དོན་བདེ་བླག་ཏུ་རྟོགས་པར་མཛད་པའི་བསྟན་བཅོས་མེ་ཏོག་ཕྲེང་རྒྱུད་ཅེས་བྱ་བ་འདི་ནི། འདུལ་བ་མདོ་རྩ་བ་ལས་ཁྱད་ཆོས་ལྔས་ཁྱད་པར་དུ་འཕགས་ཏེ། རྩོམ་པ་པོ་དགྲ་བཅོམ་པ་ཡིན་ཞིང༌། གླེང་གཞི་རྩ་བས་ཟིན་པ་དང༌། ཚིག་ཉུང་ཞིང་དོན་རྒྱ་ཆེ་བ་དང༌། ཚིག་གི་སྡེབ་སྦྱོར་ལེགས་ཤིང་དོན་གོ་སླ་བའོ། །འདི་ལ་དོན་གཉིས་ཏེ། མཚན་བསྒྱུར་ཞིང་བཤད་པ་དང༌། གཞུང་གི་ཚིག་དོན་རྣམ་པར་འབྱེད་པའོ། །དང་པོ་ལ་བསྒྱུར་བ་ནི། རྒྱ་གར་སྐད་དུ། བཱི་ན་ཡ་ཞེས་པ་ནི། བོད་སྐད་དུ་འདུལ་བ་ཞེས་པའོ། །ཀཱ་རི་ཀཱ་ནི་ཚིག་ལེའུར་བྱས་པའོ། །བཤད་པ་ནི། རྣམ་སྨིན་འདུལ་ཞིང་མྱང་འདས་སུ་འཁྲིད་པས་ན་འདུལ་བའོ། །ཚིག་ལེའུར་བྱས་པ་ནི་ཚིག་རྐང་པ་མཉམ་པོར་བཅད་པའོ། །བམ་པོ་ནི་རྒྱ་གར་གྱི་ཡི་གེ་ཉེར་བརྒྱད་ལ་ཚིགས་བཅད་རེར་བྱས་པའི་ཚིགས་བཅད་སུམ་བརྒྱ་ལ་བམ་པོ་གཅིག་ཏུ་བྱས་པའོ། །གཞུང་འདི་ལ་བམ་པོ་དྲུག་ཡོད་པ་ལས་ཐོག་མར་བམ་པོ་དང་པོ་སྟོན་ནོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་ཞེས་པ་ནི་སྡེ་སྣོད་མཚོན་བྱེད་དུ་ལོ་པཎ་བཀའ་བཅད་ཀྱི་ཕྱག་གོ །ཕྱིས་ཀྱི་ལོ་ཙཱ་བ་དག་གི་ནི་དང་པོའི་བཀའ་བཅད་བཞིན་དུ་བྱས་པའི་ངེས་པ་མེད་པར་སྣ་ཚོགས་པར་སྣང་ངོ༌། །ཕྱག་གི་ངོ་བོ་ནི་འདུད་པར་བྱེད་པ་སྟེ། ལུས་ངག་ཡིད་གསུམ་གྱི་ཕྱག་གསུམ་མོ། །ལུས་ཀྱི་ཕྱག་ནི། ཇི་སྐད་དུ། བསྟན་ལ་དམ་པར་བྱ་བ་ཡི། །དགེ་སློང་ཕྱག་ནི་རྣམ་པ་གཉིས། །གཅིག་ནི་དཀྱིལ་འཁོར་ལྔ་པ་སྟེ། །གཞན་ནི་བྱིན་པ་ནས་འཁྱུད་ཡིན། །ཞེས་པ་ལྟར་རོ། །ཚིག་དང་ཡིད་ཀྱི་ཕྱག་ནི། ཇི་སྐད་དུ། མུན་ཁུང་དག་ཏུ་ས་ལ་མགོ །གཏུགས་ནས་བླ་མར་ཕྱག་མི་བྱ། །དེར་ནི་ཚིག་གིས་བྱ་བ་འམ། །ཡིད་ཀྱིས་ངེས་པར་ཕྱག་བྱ་འོ། །ཞེས་སོ། །གཉིས་པ་གཞུང་གི་ཚིག་དོན་རྣམ་པར་འབྱེད་པ་ལ་གསུམ་སྟེ། བསྟན་བཅོས་བཤད་པ་ལ་འཇུག་པ་དང༌། བཤད་བྱ་བསྟན་བཅོས་རྣམ་པར་དབྱེ་བ་དང༌། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བ་དང༌། དགོས་འགྲེལ་ལོ། །དང་པོ་ལ་གཉིས་ཏེ། དཀོན་མཆོག་གསུམ་ལ་བསྟོད་པ་དང༌། འདུལ་བ་ལ་བསྟོད་པའོ། །དང་པོ་ལ་སངས་རྒྱས་ལ་བསྟོད་པ་ནི། སྟོན་པ་དེ་ལ་ཕྱག་འཚལ་ལོ། །སྟོན་པ་ཇི་ལྟ་བུ་ཞེ་ན། རང་དོན་ཕུན་ཚོགས་ཀྱི་སྒོ་ནས་བསྟོད་པ་ནི། བྱང་ཆུབ་གསུམ་ལས་བྱང་ཆུབ་མཆོག་སངས་རྒྱས་བརྙེས་པའོ། །རྒྱུ་གང་ལས་ཤེ་ན། སྟོན་པ་གང་གིས་ཤིན་ཏུ་གཏང་བར་དཀའ་བ་ཉིད་ཀྱི་དབུ་ཡང་གཞན་ལ་བྱིན་ནོ། །དབུ་ཇི་ལྟ་བུ་ཞེ་ན། རིན་པོ་ཆེ་སྣ་ཚོགས་པའི་འོད་འཕྲོ་བ་ལྟ་བུ་སྟེ། དབུ་དེ་ལ་གཙུག་གི་ནོར་བུ་དང་རྣ་རྒྱན་རིན་པོ་ཆེ་དུ་མ་ཡོད་པས་རིན་ཆེན་འོད་འཕྲོ་ལྟ་བུ་ཞེས་གསུངས་སོ། །རྣམ་པར་ཕྱེ་སྟེ་སྨྲ་བའི་མདོ་ལས། སེམས་ཅན་ཀུན་ལ་སྨན་སླད་དུ། །སྤྱི་གཙུག་ནོར་བུ་ལྟ་བུའི་དབུ། །གང་ཚེ་ཁྱོད་ཀྱིས་སྔོན་བཏང་བ། །དེ་ཚེ་གཙོ་བོ་དེར་ཕྱག་བགྱི། །དབུ་ཇི་ལྟར་བྱིན་པའི་ཚུལ་ནི། སྟོན་པ་འདི་རྒྱལ་པོ་ཟླ་འོད་དུ་གྱུར་པ་ན། རྒྱལ་ཕྲན་བཱི་མ་ལ་སེ་ནས་བསྐུལ་བའི་བྲམ་ཟེ་ནེའུ་དེ་ཅུ་ལ་དབུ་སྟེར་བ་ན། བློན་པོ་ཟླ་བ་ཆེན་པོས་རིན་པོ་ཆེ་སྣ་བདུན་གྱི་མགོ་བོ་ལྔ་བརྒྱ་པ་ཕྲག་བདུན་བྱིན་ཀྱང་མ་ཉན་པས་བློན་པོ་དེ་སྙིང་བདུན་དུ་གས་ཏེ་ཤིའོ། །དབུ་ཤིང་ལ་བཏགས་ཏེ་བྲམ་ཟེས་རལ་གྲིས་བཅད་དེ་བྱིན་པས་སྙན་པས་ཕྱོགས་ཀུན་ཏུ་གྲགས་པ་ན། བཱི་མ་ལ་སེ་ན་ཕྲག་དོག་གིས་གས་ཏེ་ཤིའོ། །དེ་ཐོས་པས་བྲམ་ཟེ་དེ་ཡང་སྙིང་བདུན་དུ་གས་ཏེ་ཤིའོ་ཞེས་མཛངས་བླུན་ནས་གསུངས་པ་བཞིན་ནོ། །དབུ་སྦྱིན་པར་བཏང་བར་མ་ཟད་བཙུན་མོ་རྣམས་ཀྱང་བྱིན་ནོ། །བཙུན་མོ་ཇི་ལྟ་བུ་ཞེ་ན། རབ་རྒྱས་ཞེས་པ་ནི་དབྱིབས་མཛེས་པའོ། །པདྨ་དང་འདྲ་ཞེས་པས་ནི་དྲི་དང་ཁ་དོག་བཟང་བར་བསྟན་ཏོ། །གསེར་མདོག་དང་འདྲ་ཞེས་པས་ནི་ཁ་དོག་ཕུན་སུམ་ཚོགས་པ་དང་ལྡན་པར་བསྟན་ཏོ། །བྱིན་ཚུལ་ནི་ཡུལ་ཡ་པའི་རྒྱལ་པོ་དགེ་བའི་སྲས་དོན་གྲུབ་ཀྱིས་གླང་པོ་ཡུལ་ཏ་ཡ་བྱིན་པས་རི་བོ་དན་ཏིག་ལ་ལོ་བཅུ་གཉིས་བསྐྲད་པ་ན་ཡུལ་ཀཱེའུའི་བྲམ་ཟེ་ལ་སྲས་གཉིས་བྱིན་ཅིང༌། བརྒྱ་བྱིན་བྲམ་ཟེར་སྤྲུལ་པ་ལ་བཙུན་མོ་བྱིན་པ་ལྟ་བུའོ། །ཕྱིའི་དངོས་པོ་དང་ནང་གི་དངོས་པོ་མ་ལུས་པ་དོན་དུ་གཉེར་བ་རྣམས་ལ་སྦྱིན་པས་རབ་ཏུ་དགའ་བར་མཛད་ནས་བྱང་ཆུབ་ཆེན་པོ་བརྙེས་ཞེས་བྱའོ། །གཞན་དོན་གྱི་སྒོ་ནས་བསྟོད་པ་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་སྡུག་ཀུན་ཞི་བའི་མྱང་འདས་ཐོབ་པའི་དོན་དུ་སྟོན་པར་མཛད་པའོ། །ཆོས་ལ་བསྟོད་ཅིང་འདུད་པ་ནི། སངས་རྒྱས་སུ་མ་ཟད་བདེ་གཤེགས་ཀྱིས་བསྟན་པའི་དམ་ཆོས་དེ་ལ་ཡང་འདུད་དོ། །དམ་པའི་ཆོས་ཇི་ལྟ་བུ་ཞེ་ན། ཆོས་ནི་རྣམ་པ་གཉིས་ཏེ། རྟོགས་པའི་ཆོས་དང༌། ལུང་གི་ཆོས་སོ། །རྟོགས་པའི་ཆོས་ནི་ལམ་བདེན་གང་ཞིག ཐོབ་པས་ངན་འགྲོའི་སྡུག་བསྔལ་གྱི་འཇིགས་པ་རྣམས་ལས་ཐེ་ཚོམ་མེད་པར་ངེས་པར་སྒྲོལ་བར་འགྱུར་ཞིང༌། བདག་མེད་རྟོགས་པའི་བློས་སྲིད་པའི་འཆིང་བ་ཉོན་མོངས་པ་དང༌། རྩ་བ་བདག་འཛིན་དང་བཅས་པ་བཅད་ནས་མྱ་ངན་ལས་འདས་པ་སྡུག་བསྔལ་ཞི་བའི་འགོག་བདེན་འཐོབ་པར་འགྱུར་རོ། །ལུང་གི་ཆོས་ནི། རྒྱ་མཚོ་དང་ཆོས་མཚུངས་པས་འཁོར་བའི་རྒྱ་མཚོ་སྟེ། ཟབ་ཅིང་གཏིང་མཐའ་མེད་པ་ཀུན་ལས་སྒྲོལ་བ་ལ་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་གཟིངས་ལྟ་བུར་གྱུར་པ་ལ་ཟླ་མེད་པས་ན་གཅིག་པུ་བ་ནི་ལུང་གི་ཆོས་སོ། །ཇི་ལྟར་ན་རྒྱ་མཚོ་དང་མཚུངས་ཤེ་ན། གཏིང་མཐའ་མེད་པ་དང་ཉོན་མོངས་པའི་ཆུ་སྲིན་གནས་པ་སོགས་ཀྱིས་ཆོས་མཚུངས་པའོ། །མདོ་ལས། དོན་ཤེས་ནས་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བར་སྦོང་བར་བྱེད། །ཅེས་གསུངས་སོ། །དགེ་འདུན་ལ་བསྟོད་ཅིང་འདུད་པ་ནི། སངས་རྒྱས་དང་ཆོས་སུ་མ་ཟད་འཕགས་པའི་ཚོགས་རྣམས་ལའང་འདུད་དོ། །འཕགས་ཚོགས་གང་ཞེ་ན། བདེན་པ་མཐོང་བས་མཆོག་ཏུ་གྱུར་པའི་གང་ཟག་ཞུགས་གནས་གཉིས་གཉིས་ཏེ་བརྒྱད་པོ་དག་གོ །ཅིའི་ཕྱིར་འདི་དག་ཕྱག་གི་ཡུལ་དུ་འགོད་པར་མཛད་ཅེ་ན། དགེ་འདུན་གྱི་བདག་ཉིད་སྐྱེས་བུ་ཀུན་གྱི་ཕྱག་བྱ་བར་འོས་པའི་ཡུལ་དུ་བདེ་བར་གཤེགས་པས་རབ་ཏུ་བསྔགས་པའི་ཕྱིར་དང༌། གང་ཡང་དམ་པས་བསྔགས་པའི་ལེགས་སྤྱད་ཚུལ་ཁྲིམས་ཀྱིས་བརྒྱན་པ་ལ་སོགས་པའི་ཡོན་ཏན་ཀུན་དང་ལྡན་པའི་ཕྱིར་དང༌། གང་ཟག་གཞན་གྱི་ཡོན་གནས་དམ་པར་གྱུར་པས་ཡོན་ཅུང་ཟད་ཅིག་ཕུལ་ཡང་ཡོན་ཕུལ་བའི་འབྲས་བུ་ཚད་གཟུང་དུ་མེད་པ་རྒྱ་ཆེན་པོ་ཤིན་ཏུ་འཕེལ་བར་འགྱུར་བས་སོ། །དཔེར་ན་གྲོང་གསེར་ཅན་གྱི་རྒྱལ་པོ་གསེར་མདོག་གིས་རང་རྒྱལ་ཞིག་ལ་འབྲས་བྲེ་ཆུང་གང་ཕུལ་བས་དེ་གསོལ་མ་ཐག་ཏུ་འཛམ་བུའི་གླིང་དུ་འབྲས་ཆེན་དང་རིན་ཆེན་སྣ་བདུན་སོགས་ཀྱི་ཆར་ཞག་དུ་མར་བབས་པ་ལྟ་བུའོ། །དཀོན་མཆོག་གསུམ་ལ་བསྟོད་ཅིང་འདུད་པ་བསྟན་ཟིན་ཏོ། །གཉིས་པ་འདུལ་བ་ལ་བསྟོད་ཅིང་འདུད་པ་ལ་གཉིས་ཏེ། ཚིག་ལ་བསྟོད་པ་དང༌། དོན་ལ་བསྟོད་པའོ། །དང་པོ་ནི། སྒྲ་གང་གིས་འདུལ་བ་སྟོན་པ་དེ་ལ་ཕྱག་འཚལ་ལོ་ཞེས་སྦྱར་རོ། །ཅིའི་ཕྱིར་འདུལ་བ་ཞེས་བྱ་ཞེ་ན། ལུང་གཞི་ལས། དུག་གསུམ་འདུལ་བས་ན་འདུལ་བ་ཞེས་བཤད་དོ། །ལྔ་ཚན་ལས་ནི། ཀུན་ནས་དཀྲིས་པ་དང་རྣམ་སྨིན་གྱི་དྲི་མ་གཉིས་འདུལ་བས་འདུལ་བ་ཞེས་བཤད་དོ། །གཉིས་པ་དོན་ལ་བསྟོད་ཅིང་འདུད་པ་ལ་གཉིས་ལས། རང་དོན་ལ་རྒྱུ་ལམ་གྱི་དབང་དུ་བྱས་པ་ནི། ལམ་གང་གིས་སེམས་གང་ཞིག་འདུལ་བ་ཐོབ་པའོ། །འབྲས་བུའི་དབང་དུ་བྱས་པ་ནི། མ་དུལ་བའི་ཉོན་མོངས་པ་སྤངས་ནས་འདུལ་བས་སེམས་དབང་དུ་བྱས་པར་གྱུར་པའོ། །གཉིས་པ་གཞན་དོན་ནི། གཞན་དག་འདུལ་བ་ལ་ཡང་དག་པར་གནས་པར་བྱེད་པའོ། །ཡོན་ཏན་དེར་མ་ཟད་ཀྱི་བརྗོད་བྱ་དོན་གྱི་ཆོས་དང་འཕགས་པའི་ཚོགས་དང་བཅས་པ་རྣམས་ཀྱི་སྟོན་པའང་ཡིན་པ་སྟེ། བརྗོད་བྱ་དོན་གྱི་ཆོས་སྟོན་པར་བྱེད་པ་དང༌། འཕགས་པའི་གང་ཟག་རྣམས་ལ་བླང་དོར་སྟོན་པ་དེ་ལ་ཕྱག་འཚལ་ལོ། །རྣམ་འབྱེད་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་གྱུར་ཕྱག་བྱས་སངས་རྒྱས་ཆོས་གཅིག་གཞན། །ཞེས་སོ། །མཆོད་པར་བརྗོད་པ་བསྟན་ཟིན་ཏོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། ཅུང་ཟད་བརྗོད་པར་བྱའོ། །གང་ལས་བརྩམས་ཏེ་ཞེ་ན། འདུལ་བ་སྟོན་པ་ལས་བརྩམས་ཏེའོ། །དགོས་པ་གང་གི་དོན་དུ་ཞེ་ན། གདུལ་བྱ་རྣམས་ཀྱི་ཉོན་མོངས་པ་ནི་འདུལ་བར་བྱ་བའི་ཕྱིར་དུའོ། །དུས་གང་གི་ཚེ་ན། མཆོད་བརྗོད་ཀྱི་རྗེས་ཐོག་ནས་སོ། །འོ་ན་ལུང་ལས། མངོན་པ་དང་མདོ་སྡེ་ནི་ལྷ་དང་མི་གཉིས་ལ་བཞག་ལ། མདོ་སྡེ་ནི་ཀླུ་ལ་བཞག་གོ །འདུལ་བ་ནི་ཟབ་ཅིང་རྟོགས་པར་དཀའ་བའི་ཕྱིར་དེ་དག་ལ་མ་བཞག་ཅེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་འདུལ་བའི་གདུལ་བྱར་མ་གྱུར་པ་ལ་དགོངས་པས་སྐྱོན་མེད་དོ། །ཅིའི་ཕྱིར་འདུལ་བ་ལས་བརྩམས་ཏེ་བརྗོད་པར་མཛད་ཅེ་ན། འདུལ་བ་སྟོན་པ་ནི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཆོད་པ་ཡིན་ཏེ། འདུལ་བ་རྣམ་འབྱེད་ལས། དགེ་སློང་མ་འགགས་པ་འདི་དེ་བཞིན་གཤེགས་པ་ལ་སྐྱེས་དང་བཅས་ནས་འོངས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐྱེས་ནི་འདི་ལྟར་འདུལ་བ་ལས་གཞན་པ་དེ་ལྟ་བུ་ནི་མེད་དོ་ཞེས་སོ། །གསུམ་པ་དགོས་འབྲེལ་བཤད་པ་གཉིས་ཏེ། རྗོད་བྱེད་ཚིག་གི་དགོས་པ་དང༌། བརྗོད་བྱ་དོན་གྱི་དགོས་པའོ། །དང་པོ་ནི། གདུལ་བྱ་ལེ་ལོ་ཅན་དང་བློ་ཤེས་རབ་དམན་པ་མི་གསལ་བ་དག་ནི་ཐུབ་པས་ལེགས་པར་གསུངས་པ་འདུལ་བའི་རྒྱ་མཚོ་ལ་གནས་སྐབས་དང་མཐར་ཐུག་གི་ཡོན་ཏན་དུ་མ་དང་ལྡན་ཡང་འཇུག་པར་འདོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཞུང་ཚིག་མང་པོ་དག་གིས་འཇིགས་པས་སོ། །མི་བྱེད་པ་དེའི་ཕྱིར་འདུལ་བ་ཚིག་ལེའུར་བྱས་པའི་གཞུང་གིས་འདུལ་བའི་ལུང་གི་དོན་སྟོན་པར་བྱེད་དོ། །དགོས་པ་གང་གི་དོན་དུ་ཞེ་ན། གདུལ་བྱ་དེ་དག་གཞུང་མང་བས་འཇིགས་པའི་སྐྱོ་བ་མེད་པར་འདུལ་བའི་གཞུང་ལུགས་ཀྱི་རྒྱ་མཚོ་ལ་གཞུག་པའི་དོན་དུའོ། །འདི་ལས་ཇི་ལྟར་འདུལ་བ་ལ་འཇུག་པར་འགྱུར་ཞེ་ན། ཆུ་ཀླུང་གི་མུའི་འབབ་སྟེགས་ལས་ཆུ་ངོགས་སུ་འཇུག་པ་དེ་བཞིན་དུ་འདུལ་བའི་གཞུང་ལུགས་ལ་འཇུག་པའི་ཐེམ་སྐས་ལྟ་བུར་གྱུར་པ་ཉིད་ཀྱིས་སོ། །འདུལ་བ་ལ་ཞུགས་ནས་བསླབ་པ་ལ་དགོས་པ་ཅི་ཡོད་ཅེ་ན། རྟག་ཏུ་འགྲོ་བའི་ཆེ་བའི་ཡོན་ཏན་དང་ལྡན་པ་མྱང་འདས་ཀྱི་རྟེན་མཐོ་རིས་སུ་སྐྱེ་བར་འགྱུར་བའོ། །གཉིས་པ་བརྗོད་བྱ་དོན་གྱི་དགོས་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པ་དང༌། དོན་བསྡུའོ། །དང་པོ་ནི། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་རབ་ཏུ་བསྔགས་པར་བྱ་བའི་ཚུལ་ཁྲིམས་ནི་ཡོན་ཏན་གྱི་ནོར་ཕུན་སུམ་ཚོགས་ཤིང༌། གནས་སྐབས་སུ་ལྷ་དང་མིའི་ཁང་བཟང་དམ་པར་སྐྱེ་བའི་རྒྱུ་ཡིན་ཏེ། ལུང་ལས། ཀ་ཤི་ཀའི་ནགས་མཐུག་པོར་གོང་མ་སྲེག་གིས་རི་བོང་དང་སྤྲེའུ་དང་གླང་པོ་ཆེ་རྣམས་བསླབ་གཞི་ལྔ་ལ་བཀོད་པས་ཡུལ་འཁོར་རྒྱས་ཤིང་མི་རྣམས་ལྷར་སྐྱེས་པས་ལྷའི་འཁོར་ཡང་རྒྱས་པར་བཤད་པ་བཞིན་ནོ། །གཞན་ཡང་ཚུལ་ཁྲིམས་འདི་ནི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཆེན་པོ་དང་ལྡན་ཏེ། ཚུལ་ཁྲིམས་རྣམ་པར་དག་པས་ཏིང་ངེ་འཛིན་མྱུར་དུ་སྐྱེ་བ་དང༌། དེ་ལ་བརྟེན་ནས་འཁོར་བ་ལས་ངེས་པར་འབྱུང་བ་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སངས་རྒྱས་སྐར་འོད་མྱ་ངན་ལས་འདས་པ་ན་ཁྱེའུ་བརྩོན་འགྲུས་ཆེན་པོས་ངེས་པར་འབྱུང་བར་འདོད་ནས་སྟོན་པའི་སྐུ་གཟུགས་ལ་བལྟས་པས་ཏིང་ངེ་འཛིན་དང་མངོན་ཤེས་དང་ཚངས་པའི་གནས་བཞི་དང་ཡེ་ཤེས་ཐོབ་པར་གསུངས་པ་ལྟར་རོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དྲི་མ་དག་པར་བྱེད་པའི་ཡོན་ཏན་དང༌། བསྟན་པ་མཛེས་པར་བྱེད་པའི་ཡོན་ཏན་ནོ། །དང་པོ་ནི། ཚུལ་ཁྲིམས་ཀྱི་ཡོན་ཏན་བསྟན་པ་དེ་ལ་དྲི་མ་དག་པར་བྱེད་པའི་ཡོན་ཏན་ནི། འཇིག་རྟེན་འདིར་ནི་རྣམ་པ་ཀུན་ཏུ་འདུལ་བ་མིན་པས་ལུས་ངག་གི་དྲི་མ་དག་པ་མེད་དེ། ཇི་ལྟར་ན་ཆུ་མེད་པའི་འདག་ཆ་ལ་སྐམ་པོ་སོགས་ཀྱིས་གོས་དྲི་མ་ཅན་མཉེས་ཀྱང་དེས་གོས་ཀྱི་དྲི་མ་མི་འདག་པ་བཞིན་ནོ། །གཉིས་པ་བསྟན་པ་མཛེས་པར་བྱེད་པའི་ཡོན་ཏན་ནི། ཇི་ལྟར་མཁའ་ལ་ཟླ་བའི་འོད་གསལ་བ་མེད་པའི་མཚན་མོ་ནི་རྣམ་པར་མཛེས་པར་མི་འགྱུར་བ་དེ་བཞིན་དུ་ཚུལ་ཁྲིམས་རྒྱུད་ལ་མི་གནས་པའི་རབ་བྱུང་གིས་རྒྱལ་བའི་བསྟན་པ་མི་མཛེས་ལ། ཚུལ་ཁྲིམས་ལ་གནས་པ་ནི་དེ་ལས་བཟློག་སྟེ་བསྟན་པ་མཛེས་པར་བྱེད་དོ། །ཚུལ་ཁྲིམས་ལ་མི་གནས་པས་བསྟན་པ་མི་མཛེས་པ་ཡང་ཇི་སྐད་དུ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས། རབ་ཏུ་བྱུང་ཡང་དངོས་པོ་ཀུན་ལས་ངེས་མ་བྱུང༌། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །ལག་ཏུ་ལྷུང་བཟེད་གཏད་ཀྱང་ཡོན་ཏན་སྣོད་མ་གྱུར། །དགེ་སྦྱོང་དེ་ནི་དགེ་སྦྱོང་མ་ཡིན་ཁྱིམ་པའང་མིན། །ཞེས་སོ། །གསུམ་པ་ནི། ཚུལ་ཁྲིམས་ལ་གནས་པ་དང་མི་གནས་པ་ལ་སྐྱོན་ཡོན་དེ་ལྟ་བུ་ཡོད་པ་དེའི་ཕྱིར་སྙོམས་ལས་སྤངས་ཤིང་བརྩོན་པ་དང་བཅས་པས་བྱ་བ་བླང་བྱ་དང༌། བྱ་མིན་དོར་བྱ་དག་ཤེས་པར་ནུས་པའི་ཕྱིར་དང༌། རྒྱན་རྣམས་ཀྱི་མཆོག་ཚུལ་ཁྲིམས་ཀྱིས་ནི་བརྒྱན་པར་འདོད་པས་འདུལ་བ་ལ་འབད་པའི་སྒོ་ནས་གནས་ཤིང་འཇུག་པར་བྱའོ། །གཉིས་པ་བཤད་བྱ་བསྟན་བཅོས་རྣམ་པར་དབྱེ་བ་ལ་གསུམ་སྟེ། འདུལ་བ་འཛིན་པའི་བསྔགས་པ་བརྗོད་པ། ཡོངས་སུ་གཟུང་བར་བྱ་བའི་འདུལ་བ། འདུལ་བ་ལ་བསླབ་པར་གདམས་པའོ། །དང་པོ་ལ་དྲུག་ཏེ། ལྔ་ཚན་དང་པོ་དང༌། ལྔ་ཚན་གཉིས་པ་དང༌། ལྔ་ཚན་གསུམ་པ་དང༌། ལྔ་ཚན་བཞི་པ་དང༌། ལྔ་ཚན་ལྔ་པ་སོགས་མཚོན་པ་དང༌། འདུལ་བ་གཟུང་བར་གདམས་པའོ། །དང་པོ་ནི། རྩོད་གཞི་ལས། སྟོན་པས་ལྷ་དང་མི་ལ་འདུལ་བ་དང་མ་མོ་བཞག་ཅིང༌། ཀླུ་ལ་མདོ་སྡེ་བཞག་པ་ན་འདུལ་བ་འདོན་མཁན་མེད་པས་ན་བསྟན་པའི་ཡན་ལག་གང་ཉམས་པའི་བསྔགས་པ་ལྷག་པར་བརྗོད་པ་ཡིན་པས་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཚན་བདུན་གསུངས་པའི་དང་པོ་ནི། གང་གི་ཕྱིར་རང་ཉིད་འདུལ་བ་ཤེས་པར་གྱུར་ཅིང༌། འདུལ་བ་འདོན་པ་ལ་གུས་པར་བྱེད་པའི་དགེ་སློང་ནི་རང་ཉིད་ཡིད་ཆེས་པའི་གནས་སུ་གྱུར་པས་དགེ་སྦྱོང་དང་བྲམ་ཟེ་གཞན་རྣམས་ཀྱི་སྤྱི་བོ་ན་འདུག་པ་ཡིན་ཏེ་ལྔ་ཚན་དང་པོའི་ཡན་ལག་དང་པོའོ། །ཡོན་ཏན་མ་ཐོབ་པ་ཐོབ་པར་བྱེད་པས་གདམས་ངག་དང༌། ཐོབ་ཟིན་བསྲུང་པས་རྗེས་བསྟན་ནམ། བྱ་བ་མ་ཡིན་པ་ལས་བཟློག་པ་དང༌། བྱ་བ་ལ་སྦྱོར་བས་གདམས་ངག་དང༌། རྗེས་བསྟན་གཞན་ལ་རག་མ་ལས་པར་སྟོན་པར་བྱེད་པ་ཡིན་པ་ནི་ཡན་ལག་གཉིས་པའོ། །དགེ་སློང་དེ་ཡང་དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་ཏེ་འཁོར་རྣམ་པ་བཞི་པོ་ཡིས་ཤིན་ཏུ་གུས་པ་དང་བཅས་པས་མདུན་དུ་བདར་བ་ནི་ཡན་ལག་གསུམ་པའོ། །འདས་མ་བྱོན་ད་ལྟར་ཏེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གཅེས་པའི་མཛོད་དེ། ནང་གི་མཛོད་འཛིན་དེ་བསྲུང་བ་ནི་ཡན་ལག་བཞི་པའོ། །སྐྱེས་བུའི་ཚོགས་ཆེན་པོ་མཐའ་ཡས་པ་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དུ་ཡང་དམ་པའི་ཆོས་ལ་ལེགས་པར་གནས་པར་བྱ་བའི་ཕྱིར་དུ་བརྩོན་པ་ཡིན་པ་ནི་ཡན་ལག་ལྔ་པའོ། དེ་སྐད་དུ་ཡང༌། མདུན་དུ་བྱ་དང་གཞན་དང་སྤང༌། །ནང་དང་གཞན་རྣམས་དག་དང་ནི། །སེམས་ཅན་མང་པོར་ཕན་བྱ་བ། །ལྔ་ཚན་དག་ནི་དང་པོ་ཡིན། །ཞེས་སོ། །ལྔ་ཚན་གཉིས་པ་ནི། འདུལ་བ་འཛིན་པ་འདིའི་རྒྱུད་རང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ལེགས་པར་སྲུང་བ་ཡིན་པས་ཚུལ་ཁྲིམས་དང་ལྡན་པ་ཡིན། ལོ་བཅུ་བར་མ་ཆད་དུ་ལོན་པ་ཡིན་པས་ན་རྒྱུད་ཉམས་པ་མེད་པས་ལེགས་པར་སྦས་པ་ཡིན། ཆོས་བཤེས་ན་རེ། དྲན་ཤེས་བཞིན་གྱིས་བསྲུང་ཤིང་ཟག་མེད་ཀྱི་ལམ་སྦྱོང་བས་སྦས་ཞེས་སམ། དྲན་པས་ཉེས་པ་མ་སྐྱེ་པས་སྦས་ཤིང༌། ཤེས་བཞིན་གྱིས་སྐྱེས་པ་བསྲུང་སྟེ། རྣམ་བཤད་རིག་པར། དྲན་པས་མ་སྐྱེས་ཕྱིར་སྦས་ཏེ། །ཤེས་བཞིན་གྱིས་ནི་སྐྱེས་པ་བསྲུང༌། །ཞེས་སོ། །གཞན་གང་དག་ལྟུང་བ་བྱུང་བ་སོགས་ཐམས་ཅད་ནི་དེ་ལ་འགྱོད་པ་དང་བཅས་པས་འདུལ་བ་འཛིན་པ་དེའི་རྗེས་སུ་འབྲང་ལ། ཚིགས་བཅད་འོག་མ་ཡང་བླངས་ཏེ་ཆོས་དང་མཐུན་པ་དང་བཅས་པ་ཡིས་ཕ་རོལ་རྒོལ་བ་ཕམ་པར་བྱེད་དོ། །གཙུག་ལག་ཁང་དུའང་འཁོར་རྣམ་བཞིས་བསུ་བར་བྱེད་པས་གཞན་མི་འགྲན་ལ། དགེ་འདུན་གྱི་དབུས་ན་འཇིགས་པ་བག་ཚ་བ་མེད་དེ། འདུལ་བ་ལ་མཁས་པས་སོ། །དེ་ལྟར་ན། བདག་ཉིད་ཁྲིམས་ལྡན་མངོན་པར་བཅུ། །འགྱོད་པ་དང་ནི་བག་ཚ་མེད། །ཆོས་དང་མཐུན་པས་བྱེད་པ་སྟེ། །ལྔ་ཚན་གཉིས་པ་ཡིན་པར་བཤད། །ལྔ་ཚན་གསུམ་པ་ནི། འདུལ་བའི་དོན་རྣམས་ངེས་པ་དང༌། བརྗོད་བྱའི་སྡེ་ཚན་མ་འདྲེས་པར་སོ་སོར་འབྱེད་ནུས་པས་རྣམ་པར་ངེས་པ་དང༌། བསླབ་པའི་གཞི་མི་འདྲལ་པས་ཕུལ་དུ་ཕྱིན་པ་ཡང་ཡིན་ལ། བརྗོད་བྱའི་དོན་ལ་སྔར་བས་ལྷག་པར་མཁས་པ་ཐོབ་པ་ཡིན་ཞིང༌། རྗོད་བྱེད་ཀྱི་ཆོས་ཚིག་མ་ཉམས་པར་གསལ་བར་རིག་པའོ། །ཇི་སྐད་དུ། མ་འདྲེས་དོན་དང་ངེས་པ་དང༌། །བསླབ་པ་ཡི་ནི་གཞི་དག་དང༌། །སྣང་བ་དག་ནི་གཉིས་པོ་ཉིད། །ལྔ་ཚན་དག་ནི་གསུམ་པ་ཡིན། །ཞེས་སོ། །ལྔ་ཚན་བཞི་པ་ནི། དེས་ན་འདུལ་བ་འཛིན་པ་དེ་ནི་གང་ན་ཡོད་པའི་ཕྱོགས་རྣམས་ཀྱི་སྒྲོན་མེ་སྟེ་སྣང་བ་ཡིན་ཏེ། འོད་གསལ་ཞིང་གསལ་བྱེད་དང་རབ་ཏུ་སྣང་བ་འོད་སྐྱེད་པར་བྱེད་པ་དག་ཡིན་པས་སོ། །ས་ཕྱོགས་གང་ན་འདུལ་བ་མཁས་པ་གནས་པ་དེར་ནི་ཐུབ་པས་ཀྱང་ང་སྙིང་ལས་ཏེ་ཐུགས་ཁྲལ་ཆུང་ཞེས་མདོ་ལས་འབྱུང་སྟེ། སྟོན་པའི་བྱ་བ་དེས་བྱེད་པས་སོ། །དེ་ལྟར་ན། སྣང་བ་གསལ་བ་འོད་དང་ནི། །སེམས་ལས་ཆུང་དང་མི་གཏོང་བའོ། །ཞེས་སོ། །ལྔ་ཚན་ལྔ་པ་ནི། བྱུང་དང་དེ་ནས་བཅས་པ་དང༌། །རྗེས་སུ་བཅས་དང་དེ་བཞིན་དུ། །བཀག་དང་རྗེས་སུ་གནང་བ་ནི། །ལྔ་ཚན་ལྔ་པར་བྱས་པའོ། །ཞེས་སོ། །ལྔ་ཚན་དྲུག་པ་ནི། བར་ཆད་བར་ཆད་མ་ཡིན་དང༌། །གདམས་ངག་དང་ནི་རྗེས་བསྟན་དང༌། །སློབ་པའི་མཐུ་ནི་ཡོད་པ་སྟེ། །ལྔ་ཚན་དྲུག་པ་དག་ཏུ་བཤད། །ཞེས་སོ། །ལྔ་ཚན་བདུན་པ་ནི། ལྟུང་བ་དང་ནི་ལྟུང་མ་ཡིན། །ལྕི་དང་ཡང་དང་དེ་བཞིན་དུ། །སོ་སོ་ཐར་པ་རྒྱས་པར་ཡང༌། །འདོན་པ་ལྔ་ཚན་བདུན་པ་ཡིན། །ཞེས་སོ། །དེ་ལྟར་ན་ཡོན་ཏན་དཔག་ཏུ་མེད་པའི་རྣམ་པ་ཡིས་ཐུབ་པས་འདུལ་བ་དང་དེ་འཛིན་པའི་ཕན་ཡོན་སུམ་ཅུ་རྩ་ལྔ་གསུངས་སོ། །དྲུག་པ་འདུལ་བ་གཟུང་བར་གདམས་པ་ནི། ཡོན་ཏན་དེ་དག་ཡོད་པ་དེ་བས་ན་ཆོས་འདུལ་བ་གཟུང་བའི་ཕྱིར་དུ་གུས་པ་དང་བཅས་པས་བརྩོན་པར་བྱའོ། །འདུལ་བ་འཛིན་པའི་བསྔགས་པ་བརྗོད་ཟིན་ཏོ། །གཉིས་པ་ཡོངས་སུ་གཟུང་བར་བྱ་བའི་འདུལ་བ་ལ་གསུམ་སྟེ། མ་ཐོབ་པ་ཐོབ་བྱེད་ཀྱི་ཆོ་གས་མདོར་བསྟན། ཐོབ་པ་སྲུང་བའི་ཆོ་གས་རྒྱས་པར་བཤད། ཆོ་ག་ཐམས་ཅད་ཀྱི་དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། གང་གིས་གཟུང་བ་དང༌། གང་ཞིག་གཟུང་བ་དང༌། ཇི་ལྟར་གཟུང་བ་དང༌། བཟུང་ནས་ཇི་ལྟར་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། མཁན་སློབ་ཀྱི་མཚན་ཉིད་དང༌། གང་གིས་བསྟེན་པ་དང༌། བསྟེན་ནས་བསྙེན་བཀུར་བའོ། །དང་པོ་ནི། མཉན་ཡོད་དུ་ཉེ་སྡེས་རྫོགས་ནས་ལོ་བཅུ་མ་ལོན་པར་གཞན་གྱི་མཁན་པོ་བྱས་པས། སྟོན་པས་དེང་ཕྱིན་ཆད་མཁན་པོ་བྱེད་པ་ལ་བདག་ཉིད་ཡང་དག་པར་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའི་དགེ་སློང་ལུས་ངག་ཡིད་གསུམ་ཀུན་སྡོམ་པའི་བདག་ཉིད་ཅན་ཡིན་པ་ཞིག་དགོས་སོ་ཞེས་གསུངས་པས་ན། དེར་རྒན་ཞུགས་ཡིད་མི་གསལ་ཞིང་མི་མཁས་པས་མཁན་པོ་བྱས་པས། གསལ་ཞིང་མཁས་པ་དང་ཀུན་སྤྱོད་རིག་པ་ནི་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལས་གང་རུང་དང་ལྡན་པའོ། །ཆོས་དེ་དག་དང་ལྡན་པ་དེས་གཞན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པའི་མཁན་པོ་བྱའོ། །ལུང་དུ་མཁན་པོ་ནི་གཉིས། སློབ་དཔོན་ནི་ལྔ་གསུངས་ལ། མཁན་པོ་གཉིས་ནི་རབ་ཏུ་འབྱིན་པའི་མཁན་པོ། བསྙེན་པར་རྫོགས་བྱེད་ཀྱི་མཁན་པའོ། །སློབ་དཔོན་ལྔ་ནི། དགེ་ཚུལ་གྱི་དང༌། གསང་སྟོན་གྱི་དང༌། ལས་ཀྱི་དང༌། གནས་ཀྱི་སློབ་དཔོན་དང༌། ཀློག་པའི་སློབ་དཔོན་ནོ། །དེ་ལ་སྡོམ་ན། ལོ་བཅུ་འཛིན་དང་མཁས་པ་དང༌། །རིག་དང་གསལ་དང་འཛིན་འཇུག་དང༌། །སློབ་དང་སློབ་འཇུག་རྣམ་གཉིས་དང༌། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང༌། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་པ་སྟེ་སྡེ་ཚན་ཉེར་གཅིག་གོ །དེ་ལ་དང་པོ་ལོ་བཅུ་ནི། ནད་གཡོག་བྱེད་པ་དང༌། འགྱོད་པ་སེལ་བ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བ་དང༌། གནས་མངོན་པར་མི་དགའ་བ་འདོར་བ་སྟེ་བཞི་པོ་རང་གིས་བྱེད་པའམ་གཞན་བྱེད་དུ་འཇུག་ནུས་པ་སྟེ་བཞི་དང༌། རྫོགས་ནས་ལོ་བཅུ་ལོན་པ་ཉིད་བསྣན་པས་ལྔ་ཚན་དང་པོའོ། །ལྔ་ཚན་གཉིས་པ་འཛིན་པ་ནི། སྡེ་སྣོད་གསུམ་འཛིན་པ་གསུམ་དང༌། དེ་དག་གི་སྟེང་དུ་མང་དུ་ཐོས་པ་དང༌། ཚུལ་ཁྲིམས་དང་ལྡན་པ་བསྣན་པས་ལྔ་ཚན་གཉིས་པའོ། །སྡེ་ཚན་གསུམ་པ་མཁས་པ་ནི། སྡེ་སྣོད་གསུམ་ལ་མཁས་པ་གསུམ་ལ་མང་ཐོས་དང༌། ཚུལ་ལྡན་བསྣན་པས་ལྔ་ཚན་གསུམ་པའོ། །ལྔ་ཚན་བཞི་པ་རིག་པ་ནི། སྡེ་སྣོད་གསུམ་རང་གིས་རིག་པ་གསུམ་ལ་མང་ཐོས། ཚུལ་ལྡན་བསྣན་པས་ལྔ་ཚན་བཞི་པའོ། །སྡེ་ཚན་ལྔ་པ་གསལ་བ་ནི། སྡེ་སྣོད་གསུམ་པོ་གཞན་ལ་སྟོན་ནུས་པས་གསལ་བ་ལ་མང་ཐོས། ཚུལ་ལྡན་བསྣན་པས་ལྔ་པའོ། །ལྔ་ཚན་དྲུག་པ་འཛིན་འཇུག་ནི། སྡེ་སྣོད་གསུམ་པོ་རང་གིས་ཤེས་ནས་གཞན་ཡང་འཛིན་དུ་འཇུག་པ་གསུམ་ལ་མང་ཐོས། ཚུལ་ལྡན་བསྣན་པས་ལྔ་ཚན་དྲུག་པའོ། །སློབ་དང་སློབ་འཇུག་ནི་རྣམ་པ་གཉིས་གཉིས་ཏེ་བཞི་ལས། དང་པོ་གཉིས་ཀྱི་སློབ་པ་ནི། བསླབ་པ་གསུམ་ལ་སློབ་པ་ལ་མང་ཐོས། ཚུལ་ལྡན་བསྣན་པ་ནི་ལྔ་ཚན་བདུན་པའོ། །དེ་གསུམ་ལ་སློབ་ཏུ་འཇུག་པ་ལ་མང་ཐོས། ཚུལ་ལྡན་བསྣན་པ་ནི་ལྔ་ཚན་བརྒྱད་པའོ། །ཕྱི་མ་གཉིས་ཀྱི་སློབ་པ་ནི། ལྷག་པའི་སྤྱོད་པ་དང༌། འདུལ་བ་དང༌། སོ་སོར་ཐར་པ་ལ་སློབ་པ་ལ་མང་ཐོས། ཚུལ་ལྡན་བསྣན་པ་ནི་ལྔ་ཚན་དགུ་པའོ། །དེ་གསུམ་ལ་སློབ་ཏུ་འཇུག་པ་ལ་མང་ཐོས། ཚུལ་ལྡན་བསྣན་པ་ནི་ལྔ་ཚན་བཅུ་པའོ། །ཕུན་སུམ་ཚོགས་པའི་ལྔ་ཚན་ལ་གཉིས་ལས། དད་པ་དང༌། ཚུལ་ཁྲིམས་དང༌། ཐོས་པ་དང༌། གཏོང་བ་དང༌། ཤེས་རབ་ནི་ཕུན་སུམ་ཚོགས་པའི་ལྔ་ཚན་དང་པོའོ། །ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། དེ་ཤེས་པ་དང་མཐོང་བ་ནི་ཕུན་སུམ་ཚོགས་པའི་ལྔ་ཚན་གཉིས་པའོ། །འདི་གཉིས་ནི་རིམ་པ་ལྟར་ལྔ་ཚན་བཅུ་གཅིག་པ་དང༌། བཅུ་གཉིས་པའོ། །རྣམ་པ་གསུམ་ཞེས་པ་ནི། དྲན་པ་དང་ལྡན་པ་ལ་མང་ཐོས། ཚུལ་ལྡན་གཉིས་དང༌། བརྩོན་འགྲུས་རྩོམ་པ་དང༌། ཤེས་རབ་དང་ལྡན་པ་གཉིས་ཏེ་བཞི་བསྣན་པ་ནི་རྣམ་པ་གསུམ་གྱི་དང་པོའོ། །ནང་དུ་ཡང་དག་བཞག་པ་དང་ལྡན་པ་ལ་མང་ཐོས་ཚུལ་ལྡན་གཉིས་དང༌། བརྩོན་འགྲུས་དང༌། ཤེས་རབ་དང་ལྡན་པ་གཉིས་བསྣན་པ་ནི་རྣམ་པ་གསུམ་གྱི་གཉིས་པའོ། །མཉམ་པར་བཞག་པ་དང་ལྡན་པ་ལ་ཇི་སྐད་བརྗོད་པ་བཞི་བསྣན་པ་ནི་རྣམ་པ་གསུམ་དུ་བཤད་པའི་གསུམ་པ་སྟེ། འདི་གསུམ་རིམ་པ་ལྟར་ལྔ་ཚན་བཅུ་གསུམ་པ་དང༌། བཅུ་བཞི་པ་དང༌། བཅོ་ལྔ་པའོ། །སློབ་པའི་ཟག་མེད་ཕུང་པོ་ལྔ་ནི་ལྔ་ཚན་བཅུ་དྲུག་པ་དང༌། མི་སློབ་པའི་ཟག་མེད་ཀྱི་ཕུང་པོ་ལྔ་ནི་ལྔ་ཚན་བཅུ་བདུན་པའོ། །བྱུང་བ་ཤེས་པ་ཞེས་པ་ནི། བྱུང་བ་ཤེས་པ་དང༌། བཅས་པ་དང༌། རྗེས་སུ་བཅས་པ་དང༌། གནང་བ་དང༌། བཀག་པ་ཤེས་པ་སྟེ་ལྔ་ཚན་བཅོ་བརྒྱད་པའོ། །གནས་འཆར་འཇུག་པ་ནི། བར་དུ་གཅོད་པའི་ཆོས་དང༌། མི་གཅོད་པའི་ཆོས་ཤེས་པ་དང༌། གཉིས་པོ་དེ་དག་གཞན་ལ་སྨྲ་བ་ལ་མཁས་པ་དང༌། དེ་གཉིས་གཞན་ལ་རྗེས་སུ་སྟོན་པ་བྱེད་པ་དང༌། མཁན་པོ་ཡུལ་གཞན་དུ་འགྲོ་བ་ན་གནས་འཆར་འཇུག་ནུས་པ་སྟེ་ལྔ་ཚན་བཅུ་དགུ་པའོ། །རེ་ཞིག་གནས་འཆར་འཇུག་ནུས་པ་ནི་གོང་མ་བཞི་པོའི་སྟེང་དུ་མཁན་པོ་ཡུལ་གཞན་དུ་འགྲོ་བ་ན་རེ་ཞིག་གནས་འཆར་འཇུག་ནུས་པ་སྟེ་ལྔ་ཚན་ཉི་ཤུ་

པའོ། །ལྟུང་བ་དང༌། ལྟུང་བ་མ་ཡིན་པ་ཤེས་པ་དང༌། ཡང་བ་དང༌། ལྕི་བ་མངོན་པར་ཤེས་པ་དང༌། སོ་སོ་ཐར་པ་རྒྱས་པ་ཐོན་པ་ཉིད་དོ། །འདི་ནི་འདུལ་བ་མཐའ་དག་གི་ཚིག་དོན་ཁ་འདོན་དུ་ཐོན་པ་སྟེ་ལྔ་ཚན་ཉེར་གཅིག་པའོ། །མདོ་རྩ་བ་དང་རྒྱ་ཆེར་འགྲེལ་ལས་སོ་སོར་ཐར་པ་དང་རྒྱས་པ་ཞེས་སོ་སོ་ཕྱེ་ལ། འགྲེལ་ཆུང་དང་འགྲེལ་པ་བར་པ་གཉིས་ཀ་ན་དང་གི་སྒྲ་མེད་པ་ཉིད་ལེགས་ཏེ། དེ་ལྟ་མ་ཡིན་ན་དྲུག་མཚན་དུ་ཐལ་བར་འགྱུར་བས་སོ། །ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ཏུ་གསུངས་པ་ཡང་ཁ་བསྐོང་མང་པོ་བྱས་ནས་སྨྲས་པར་ཟད་ཀྱི། དོན་ལ་འདིར་བསྟན་པའི་འདུལ་བ་འཛིན་པའི་ཕན་ཡོན་ལྔ་ཚན་བདུན་དུ་གསུངས་པ་ལས་དགོས་པ་དོན་གཞན་མི་སྣང་ངོ༌། །ལོ་བཅུ་ལོན་པ་དང༌། འདུལ་བ་ཤེས་པ་ཉིད་གདོན་མི་ཟ་བར་དགོས་པ་ཡིན་ལ། གཞན་རྣམས་ནི་དེའི་ཡན་ལག་ཏུ་བསྟན་པ་ཙམ་ཡིན་ནོ། །མཁན་པོ་ལ་ཡོན་ཏན་དེ་དག་དགོས་པར་མ་ཟད་གནས་ཀྱི་སློབ་དཔོན་ལའང་རྩ་བའི་ལུང་སོ་སོ་ཐར་པ་དང༌། དེའི་བཤད་པའི་ལུང་གཞི་དང༌། རྣམ་འབྱེད་དང༌། ཕྲན་ཚེགས་དང༌། གཞུང་བླ་མ་སྟེ་བཞི་པོའི་དོན་ལ་མཁས་ཤིང༌། ལུས་ངག་དགེ་བ་སྤོང་བདུན་དང་ལྡན་པས་གནས་སྦྱིན་པར་བྱ་སྟེ། དེའང་བླང་དོར་ཚུལ་བཞིན་དུ་བྱེད་པ་དང་མཐུན་པར་སྨྲ་བས་གཞན་ལ་རྗེས་སུ་སྟོན་པའི་མཐུ་དང་ལྡན་ཞིང༌། རྫོགས་ནས་ལོ་བཅུ་ལོན་ཞིང་ལྔ་ཕྲུགས་དང་ལྡན་པ་ལ་གནས་ཞུ་ཞིང་གནས་བཅའ་བའི་འོས་སུ་གྱུར་པའོ། །གཉིས་པ་གང་གིས་བསྟེན་པ་བསྟན་པ་ནི། ཇི་སྐད་བརྗོད་པའི་མཚན་ཉིད་དང་ལྡན་པའི་མཁན་པོ་དང་སློབ་དཔོན་དེས་སུ་ལ་ཇི་ལྟར་བསྟན་པར་བྱ་ཞེ་ན། བྱིས་པ་ལ་སྟོན་ནོ། །གང་ནི་སྟོན་པའི་གསུང་ནིའོ། །ཇི་ལྟར་ན་ཚིག་དོན་མ་འཁྲུགས་པར་རོ། །ཅིའི་ཕྱིར་ན། ཚིག་དོན་རྣམ་པར་ཕྱེ་སྟེ་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཏེ། བྱིས་པས་མདོ་བཀླགས་པ་ཙམ་བྱས་པ་ཡིས་དོན་གསལ་བར་ཤེས་པ་མ་ཡིན་པས་སོ། །རྩ་བའི་ལུང་སོ་སོ་ཐར་པ་དང༌། བཤད་པའི་ལུང་རྣམ་འབྱེད་ལ་སོགས་པའི་ཚིག་དོན་གང་ལ་འདིར་ཤིན་ཏུ་མི་མཁས་པ་ནི་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལོན་ཡང་བྱིས་པ་སྟེ། དེ་ནི་རང་རྒྱ་མི་ཐུབ་པར་གནས་ཀྱི་སློབ་དཔོན་གཞན་ལ་བརྟེན་དགོས་པས་སོ། །གསུམ་པ་བསྟེན་ནས་བསྙེན་བཀུར་བྱ་བའི་ཚུལ་ནི། འོ་ན་གནས་ཀྱི་སློབ་དཔོན་ལས་རང་ཉིད་བསླབ་པ་རྒན་པར་གྱུར་ན་ཇི་ལྟར་བྱ་ཞེ་ན། གནས་ཀྱི་སློབ་དཔོན་ལས་གནས་པ་སློབ་མ་དེ་བསླབ་པ་རྒན་པར་གྱུར་ཡང་གནས་པ་གཞོན་ནུས་སློབ་དཔོན་རྒན་པོ་ལ་བརྟེན་པ་ཇི་ལྟ་བ་བཞིན་དུ་ངེས་པར་བརྟེན་དགོས་ཏེ། འདུལ་བའི་བླང་དོར་ཤེས་པ་དེ་ལ་རག་ལས་པའི་ཕྱིར་རོ། །འོ་ན་ཕྱག་ཀྱང་བྱ་འམ་ཞེ་ན། ཕྱག་མི་བྱ་སྟེ། རང་ལ་ལྟོས་ཏེ་དགེ་སློང་གསར་བུ་ཡིན་པའི་ཕྱིར། གནས་པ་རྒན་པ་དེས་ཕྱག་ནི་མི་བྱ་ཡི། བསྙེན་བཀུར་གཞན་ཐམས་ཅད་བྱིས་པས་སློབ་དཔོན་རྒན་པོ་ལ་བྱ་བ་བཞིན་དུ་བྱའོ། །མདོ་སྡེ་ལས་ནི་ཆོས་མཁས་ན་རྒན་པས་གཞོན་པ་ལ་ཡང་ཕྱག་བྱ་བར་གསུངས་ཏེ། མདོ་སྡེ་མྱང་འདས་ལས། དམ་པའི་ཆོས་ཤེས་ན་རྒན་ནམ་གཞོན་ཡང་རུང་སྟེ་ཕ་མ་འམ་བྲམ་ཟེ་ལྟ་བུར་མཆོད་ཅིང་བསྟི་སྟང་ཕྱག་བྱ་ཞེས་དང༌། ནོར་བཟངས་གསར་བུ་ལ་གྲ་བྱི་ལ་སྤྲིན་རྒན་པོས་ཕྱག་བྱས་པ་སོགས་གསུངས་སོ། །གང་གིས་གཟུང་བ་བསྟན་ཟིན་ཏོ། །གང་ཞིག་གཟུང་བ་ལ་གཉིས་ཏེ། སྤྱིར་བཏང་དང༌། དམིགས་བསལ་ལོ། །དང་པོ་ལ་གསུམ་སྟེ། བར་ཆད་ཀྱི་དབྱེ་བ་མཚོན་ཏེ་བསྟན་པ། བར་ཆད་ཀྱི་རིགས་བསྡུ་བ། བར་ཆད་དུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། རབ་བྱུང་དང་ནི་བསྙེན་རྫོགས་བྱ། །ཞེས་གསུངས་ན། རབ་བྱུང་དང་བསྙེན་རྫོགས་བྱ་བའི་བསྒྲུབ་བྱ་ཇི་ལྟ་བུ་ཡིན་ཞེ་ན། བར་ཆད་མེད་པ་ཞིག་དགོས་སོ། །བར་ཆད་གང་ཞེ་ན། ཕམ་པ་བཞི་གང་ཡང་རུང་བ་བྱུང་བ་རབ་ཏུ་དབྱུང་བར་མི་བྱའོ་ཞེས་སྦྱར་རོ། །འདི་ལ་གླེང་གཞི་མེད་དོ། །ཕམ་པ་བྱུང་བ་དང་སྤྲུལ་པ་ནི་སྡོམ་པ་སྐྱེ་བའི་བར་ཆད་ཅན་ཡིན་ལ། ཕྱི་མ་རྣམས་ནི་གནས་པའི་བར་ཆད་ལ་སོགས་པ་ཅི་རིགས་པའོ། །འདིར་བར་ཆད་ལ་འདུ་ཤེས་གཙོ་འམ་དངོས་པོ་གཙོ་ཞེ་ན། ལྟུང་བ་འབྱུང་བ་ལ་འདུ་ཤེས་གཙོ་ལ། བར་ཆད་ལ་དངོས་པོ་གཙོ་བོའོ། །བར་ཆད་ཀྱང་བསྡུ་ན་གསུམ་སྟེ། སྐྱེ་བའི་བར་ཆད་དང༌། གནས་པའི་བར་ཆད་དང༌། ཁྱད་པར་དུ་འགྱུར་བའི་བར་ཆད་དོ། །དང་པོ་ནི། བསམ་པ་དང་ལུས་རྟེན་རུང་མ་ཐོབ་པ་དང་རྣམ་སྨིན་དང་ལས་ཀྱི་བསྒྲིབ་པས་མི་སྐྱེ་བར་བསྟན་པའོ། །གཉིས་པ་ནི། གཞན་གྱི་དབང་དུ་གྱུར་པ་དང༌། ཡུལ་ཐོབ་པ་ལས་ཉམས་པའོ། །གསུམ་པ་ནི། སྐྱེ་ཡང་རབ་ཏུ་དབྱུང་བར་མི་འོས་པའོ། །བུ་ལོན་ཆགས་པ་ནི་མཉན་ཡོད་དུ་དགེ་སློང་རྣམས་ཀྱི་བུ་ལོན་ཅན་རབ་ཏུ་བྱུང་བས་བཅས་སོ། །གླེང་གཞི་ནི། ཡུལ་དང༌། གང་ཟག་དང༌། ཉོན་མོངས་པ་དང༌། ཉེས་པའི་གཞིའི་བྱེ་བྲག་གིས་བཞིར་བསྟན་ཏོ། །གླེང་གཞི་བཅའ་བའི་གང་ཟག་སོགས་གསལ་ཁ་མ་གཏོད་ཅིང༌། གསལ་པོར་མི་དྲན་པ་དག་ལ་ནི་ཡུལ་མཉན་ཡོད་སོགས་དང༌། སྦྱིན་བདག་མགོན་མེད་ཟས་སྦྱིན་སོགས་དང༌། རྒྱལ་པོ་གསལ་རྒྱལ་སོགས་དང༌། དགེ་སློང་ཉེར་དགའ་སོགས་དང༌། བུད་མེད་རྣམས་ལ་ས་ག་སོགས་གང་ཡང་རུང་བ་སྨོས་པས་བརྗོད་པར་བྱ་སྟེ། ཇི་སྐད་དུ། འདུལ་བ་ཡི། གླེང་གཞི་གསལ་བར་མི་དྲན་ན། །བཞུགས་པའི་གྲོང་ཁྱེར་རྣམས་ཀྱི་མིང༌། །གང་འདོད་དེ་སྨོས་བརྗོད་པར་བྱ། །མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎ་སཱི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། །ཁྱིམ་བདག་མགོན་མེད་ཟས་བྱིན་ཏེ། །ས་བདག་མི་དབང་གསལ་རྒྱལ་ལོ། །བུད་མེད་རྣམས་ལ་ས་ག་སྟེ། །བརྗེད་ངས་དག་ནི་སྨོས་པར་བྱ། །གྲོང་ཁྱེར་ཝ་རཱ་ཎ་སཱི་སྟེ། །ས་བདག་ཀྱང་ནི་ཚངས་བྱིན་ནོ། །ཞེས་སོ། །ནད་ཅན་ནི་རྒྱལ་པོའི་ཁབ་ཏུ་བྲམ་ཟེ་ནད་གསོ་བའི་ཕྱིར་རབ་ཏུ་བྱུང་བ་ལས་བཅས་སོ། །རྒྱལ་པོའི་ཁབ་ཅེས་པ་ནི། ཕྲན་ཚེགས་ཀྱི་འགྲེལ་པར། སྔོན་ཁང་པ་མི་མ་ཡིན་པས་བཤིག་པས་ཕྱིས་ཁང་པ་ཐམས་ཅད་ལ་རྒྱལ་པོའི་ཁབ་ཏུ་བཏགས་པས་བཤིག་མ་ནུས་པས་དེར་བཏགས་ཞེས་སོ། །དགེ་ལེགས་བཤེས་གཉེན་ན་རེ། རྒྱལ་པོ་བཞིས་བྱས་པས་ཞེས་སོ། །རབ་ཏུ་དབྱུང་བར་མི་བྱ་ཞེས་པ་ནི་འོག་མ་རྣམས་ལ་ཡང་སྦྱོར་རོ། །བྲན་ནི་སྔོན་མཉན་ཡོད་དུ་བྲན་རབ་ཏུ་དབྱུང་བ་ལ་བརྟེན་ནས་བཅས་སོ། །རྒྱལ་པོས་བཀྲབས་པ་ནི་རྒྱལ་པོའི་གཅེས་པ་ཆེན་པོ་སྟེ། ཉེ་དགས་གསལ་རྒྱལ་གྱི་ཆེན་པོ་རབ་ཏུ་བྱུང་བ་ལ་བརྟེན་ནས་བཅས་སོ། །ཡང་དེས་ཆོམ་རྐུན་པ་རབ་ཏུ་དབྱུང་བ་ལ་བརྟེན་ནས་བཅས་པ་སྟེ། ཆོམ་རྐུན་གྱི་རྒྱལ་མཚན་ཏེ་རྟགས་འཆང་བ་ཡང་རབ་ཏུ་དབྱུང་བར་བྱ་བ་མིན་ནོ། །སྨད་པའི་རིགས་ནི་རིགས་ངན་ནོ། །ཡན་ལག་མེད་པ་ནི་རྐང་རྡུམ་སྟེ། འདི་ཉེ་དགས་རབ་ཏུ་དབྱུང་བ་ལ་བརྟེན་ནས་བཅས་སོ། །སྒུར་པོ་ནི་འགྲེང་མི་ནུས་པའོ། །གྱོལ་པོ་ནི་རྐང་ཡོན་ནོ། །དེ་གཉིས་མཉན་ཡོད་དུའོ། །ལག་པའི་སོར་མོ་སྦྲུལ་གྱི་མགོ་བོ་དང་འདྲ་བ་ནི་ལག་སོར་སྦྲུལ་འདྲ་སྟེ། ཉེ་དགའ་ལའོ། །སྨད་འཁྱལ་ནི་བརླ་དང་རྐེད་པ་སོགས་ལ་རླུང་ཞུགས་པས་སྨད་ཞུམ་པ་སྟེ། འདི་ནི་མཉན་ཡོད་དུའོ། །ལག་རྡུམ་ནི་མཁྲིག་མ་ནས་ཆད་པ་སྟེ་ཉེ་དགའ་ལ་བཅས་སོ། །འཐེང་པོ་ནི་མཉན་ཡོད་དུ་དགེ་སློང་འགའ་ཞིག་ལའོ། །སྣ་ལེབ་དང་སྣ་རིང་གཉིས་ནི་འཇིག་རྟེན་གྲགས་པ་སྟེ། གཉིས་པོ་ཡང་རབ་ཏུ་དབྱུང་བར་བྱ་བ་མིན་ནོ། །གཞོན་ཆེས་པ་ནི་ཆོས་ཀྱི་བཤེས་གཉེན་གྱིས་ལོ་བདུན་མ་ལོན་པ་ཞེས་བཤད་དོ། །རྒན་ཆེས་ནི་ཡོན་ཏན་འོད་ཀྱིས་ལོ་བདུན་ཅུ་ཡན་ཆད་པ་ལ་བཤད་དོ། །ལུས་ཧ་ཅང་བོང་རིང་བ་དང༌། ཧ་ཅང་ཐུང་བ་གཉིས་ནི་མཛེས་པའི་བར་ཆད་ཅན་ཡིན་པས་རབ་ཏུ་དབྱུང་བར་བྱ་བ་མིན་ནོ། །ཡན་ལག་མི་མིན་གྱི་རྣམ་པ་ཅན་ནི་སྔོན་སྟོན་པས་ཆོ་འཕྲུལ་བསྟན་པའི་ཚེ་མི་མ་ཡིན་འཁོར་དུ་འདུས་པ་དེ་དག་གིས་བུད་མེད་ལ་ཞུགས་པས་དེ་དག་གི་བུ་རྣམས་རབ་ཏུ་དབྱུང་བ་ལ་བརྟེན་ནས་བཅས་སོ། །ཧ་ཅང་མགུལ་པ་རིང་བ་དང༌། ཧ་ཅང་མཇིང་པ་ནུབ་པ་ཡང་མཛེས་པའི་བར་ཆད་ཅན་ཡིན་པས་རབ་ཏུ་དབྱུང་བར་བྱ་བ་མིན་ནོ། །མཇིང་ནུབ་ནི་ཆོས་ཀྱི་བཤེས་གཉེན་གྱི་མགུལ་པ་མེད་པས་མགོ་བོ་ཐལ་གོང་ལ་འབྱར་བ་ཞེས་བཤད་དོ། །བུད་མེད་ཧ་ཅང་བསྟེན་པས་དུབ་པ་དང༌། ལམ་དུ་ཕྱིན་པས་དུབ་པ་དང༌། ཁུར་ཁུར་བ་ཉིད་ཀྱིས་དུབ་པ་ཡང་བསམ་པ་མི་གསལ་བས་རབ་ཏུ་དབྱུང་བར་བྱ་བ་མིན་ནོ། །མགོ་རིང་ཡང་རབ་ཏུ་དབྱུང་བར་བྱ་བ་མིན་ཏེ། འདི་ནི་སྟོན་པས་མུ་སྟེགས་ཀྱི་སྟོན་པ་དྲུག་འདུལ་བའི་ཕྱིར་དུ་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པའི་ཚེ་མི་མ་ཡིན་དུ་མ་འདུས་པ་བུད་མེད་ལ་ཞུགས་པ་ལས་བྱུང་བའི་བུ་མགོ་བོ་རིང་པོ་ཅན་དྲུག་སྡེས་རབ་ཏུ་དབྱུང་བ་ལ་བརྟེན་ནས་བཅས་སོ། །མགོ་ཐུང་ནི་ཧ་ཅང་མགོ་དམས་པར་གྱུར་པ་སྟེ། འདི་ནི་མདོ་རྩ་བ་ལས་ཕྲག་མིག་ཅེས་བཤད་པ་དང་དོན་གཅིག་གོ །མགོ་ཆུང་ནི་མགོ་བོའི་རྡོག་པོ་ཆུང་བའོ། །སོ་ཤིན་ཏུ་ཕྱིར་ལ་གྱེད་པ་དང༌། མིག་ཡོན་པོ་དང༌། །ལྟ་སྟངས་ཤིན་ཏུ་འཇིགས་པ་དང༌། མིག་ཧ་ཅང་དམར་ཆེས་པ་དང༌། །ཧ་ཅང་སེར་ཆེས་པ་དང༌། ཧ་ཅང་སྔོ་ཆེས་པ་དང༌། མིག་ཆུ་བུར་གྱི་རྣམ་པ་ལྟ་བུ་དང༌། དེ་ལ་སོགས་པ་མི་མཛེས་པ་དག་ནི་རབ་ཏུ་བྱུང་བ་སྟོན་པས་བཀག་སྟེ། སྤྲུལ་པ་ལ་སོགས་པ་དག་ཀྱང་དེ་བཞིན་དུ་རབ་ཏུ་འབྱུང་བ་བཀག་གོ །གཉིས་པ་བར་ཆད་ཀྱི་རིགས་བསྡུ་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རབ་ཏུ་དབྱུང་བ་ལ་སྤང་བར་བྱ་བ་ནི་མདོར་བསྡུ་ན་རྣམ་པ་གསུམ་དུ་འདུས་ཏེ། མདོག་ལ་སྐྱོན་ཆགས་པ་དང༌། དབྱིབས་ལ་སྐྱོན་ཆགས་པ་དང༌། མ་རུངས་པའི་རིགས་ཏེ་རིགས་སྐྱོན་ཅན་ནོ། །ཅིའི་ཕྱིར་འདི་དག་རབ་ཏུ་དབྱུང་བར་བྱ་བ་མ་ཡིན་ཞེ་ན། འདི་དག་དགེ་སློང་གི་འཁོར་དུ་འདུས་པར་གྱུར་ན་འཇིག་རྟེན་པས་ཀུན་ནས་སྨོད་པས་སོ། །གཉིས་པ་རྒྱས་པར་བཤད་ལ་གསུམ་སྟེ། མདོག་ལ་སྐྱོན་ཆགས་པ་དང༌། དབྱིབས་ལ་སྐྱོན་ཆགས་པ་དང༌། རིགས་ལ་སྐྱོན་ཆགས་པའོ། །དང་པོ་མདོག་སྐྱོན་ཅན་ནི། ཧ་ཅང་དམར་བ་དང༌། ཧ་ཅང་སྐྱ་བ་དང༌། ཧ་ཅང་སྔོ་བ་ལ་སོགས་པའོ། །གཉིས་པ་དབྱིབས་སྐྱོན་ཅན་ནི། བཞིན་རས་ངན་པ་ལ་སོགས་པ་ཡིན་ཏེ། རྣ་བ་དང་མགོ་བོ་བོང་བུ་དང་རྟ་ལ་སོགས་པའི་རྣ་བ་དང་མགོ་བོའི་དབྱིབས་ཅན་དང༌། རྣ་བ་དང་སྐྲ་གཏན་ནས་མེད་པ་ཉིད་ཀྱང་སྤང་ངོ༌། །སྣ་གླང་པོའི་སྣ་འདྲ་བ་དང༌། དེ་བཞིན་དུ་རྟ་དང་སྤྲེའུ་སྣ་འདྲ་བ་ཡང་སྤང་ངོ༌། །སྣ་གཏན་ནས་མེད་པ་དང༌། མིག་གཅིག་པ་དང༌། མིག་གཏན་ནས་མེད་པ་དང༌། སོ་བ་ལང་སོགས་ཀྱི་སོ་འདྲ་བ་དང༌། གང་ཡང་སོ་གཏན་ནས་མེད་པ་སྟེ། དེ་ལ་སོགས་པ་ནི་དབྱིབས་སྐྱོན་ཅན་ནོ། །གསུམ་པ་རིགས་སྐྱོན་ཅན་ནི། རྒྱལ་པོས་མི་གསོད་པར་བསྒོས་པའི་གཤེད་མ་དང༌། མདའ་བཟོ་བར་བྱེད་པའི་སྨྱིག་མ་མཁན་དང༌། གཡུང་པོ་ནི་སློབ་དཔོན་ཡོན་ཏན་འོད་དང་ཤེས་རབ་གོ་ཆས་སྨེ་ཤ་ཅན་ཏེ་སྦལ་ལྕོང་ཟ་བའོ་ཞེས་བཤད་པ་ལ་སོགས་པ་ལྷམ་མཁན་དང་གདོལ་པ་ལ་སོགས་པ་ཡང་རབ་ཏུ་དབྱུང་བ་བྱེད་པ་ལ་རྣམ་པར་སྤང་ངོ༌། །དེ་བཞིན་དུ་ཤིང་རྟ་བཟོ་བས་ཤིང་རྟ་མཁན་ལ་སོགས་པ་དང༌། དེ་བཞིན་དུ་མི་ཤིང་གི་རྩེ་མོ་ལ་བསྐྱོན་ནས་གསོད་པའི་ཐབས་གསལ་ཤིང་བཟོ་བའི་མཁན་པོ་སོགས་དང༌། ཆང་འཚོང་དང་རྫ་འཚོང་བ་ལ་སོགས་པ་གང་ཡིན་པ་རང་བཞིན་གྱིས་རིགས་དམན་པར་གྱུར་པ་དེ་དག་ལ་རྣམ་པ་ཀུན་ཏུ་སོ་ཐར་གྱི་བསླབ་པ་མི་སྦྱིན་ཏེ། མདོག་སྐྱོན་ཅན་ལ་སོགས་གང་དག་བསྟན་བཅོས་ལས་རབ་ཏུ་འབྱིན་པར་བཀག་པའི་ཕྱིར་རོ། །འདིར་བསྟན་བཅོས་ནི་བཀའ་ལ་གཟུང་བར་བྱ་སྟེ། མདོ་མཛད་པས་སངས་རྒྱས་ཀྱི་བསྟན་བཅོས་ཀྱི་གླེགས་བམ་ཞེས་གསུངས་པ་ལྟར་རོ། །གསུམ་པ་བར་ཆད་དུ་འདོགས་པའི་རྒྱུ་མཚན་ནི། སྐྱོན་ཅན་དེ་དག་ལ་དགེ་བའི་རྒྱུན་སྐྱེ་བ་མེད་པ་ཡང་མིན་ཞིང༌། ཐར་པའང་གཏན་ནས་མི་འདོད་པ་མ་ཡིན་མོད་ཀྱི། འོན་ཀྱང་རབ་ཏུ་དབྱུང་བ་བཀག་གོ །དེ་ཅིའི་ཕྱིར་ཞེ་ན། སྐྱོན་ཅན་འདི་དག་རབ་ཏུ་བྱུང་བ་མཐོང་ཞིང་ཐོས་ན་སྐྱེ་བོ་འཇིག་རྟེན་པ་ཡིས་གཅིག་ཏུ་བསྟན་པ་ལ་སྐྱོན་དུ་ལྟ་བའི་ཕྱིར་རོ། །སྤྱིར་བཏང་བསྟན་ཟིན་ནས། གཉིས་པ་དམིགས་བསལ་བསྟན་པ་ནི། མཁན་པོས་བསྒྲུབ་བྱ་ཕ་རོལ་པོའི་སྡོམ་པ་ལེན་དུས་ཀྱི་ངེས་འབྱུང་གི་བསམ་པ་ཡང་ཤེས་ཤིང༌། བསླབ་པ་བླངས་རྗེས་ཀྱི་ལྷག་པའི་བསམ་པ་དང༌། མ་འོངས་པ་ན་དགྲ་བཅོམ་དུ་འགྱུར་བ་སོགས་ཤེས་ཤིང༌། བསྒྲུབ་བྱ་རང་གིས་ཀྱང་ལུང་གི་ཆོས་འདོན་ཤེས་པ་དང༌། རྟོགས་པའི་མངོན་ཤེས་དང་ཡེ་ཤེས་ཐོབ་པ་ནི་རབ་ཏུ་འབྱིན་ན་ཉེས་པ་མེད་དེ། རྫུ་འཕྲུལ་ལ་སོགས་པའི་མཐུ་ཡིས་འཇིག་རྟེན་པ་ཚིམ་ཞིང་ཡིད་མགུ་བར་བྱེད་པའི་ཕྱིར་རོ། །དཔེར་ན་འཕགས་པ་བ་ལང་བདག་ཤཱ་རིའི་བུས་རབ་ཏུ་ཕྱུང་བ་བཞིན་ནོ། །སྤྱིར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ལེན་པ་ལ་འཇུག་པ་ནི་ངེས་པར་འབྱུང་བའི་བསམ་པ་བརྟན་པོས་ཟིན་པར་བྱ་དགོས་སོ། །མྱ་ངན་ལས་འདས་པའི་བསམ་པས་མ་ཟིན་པ་ལ་ནི་ལེགས་སྨོན་གྱི་ཚུལ་ཁྲིམས་ཙམ་དུ་འགྱུར་རོ། །གསུམ་པ་ཇི་ལྟར་གཟུང་བའི་ཆོ་ག་ལ་གཉིས་ཏེ། དགེ་ཚུལ་གྱི་ཆོ་ག་དང༌། དགེ་སློང་གི་ཆོ་གའོ། །དང་པོ་ལ་བཞི་སྟེ། རྒྱུད་བརྟག་པ་དང༌། བརྟགས་ནས་མྱུར་དུ་སྒྲུབ་པ་དང༌། སྒྲུབ་པའི་ཆོ་ག་དང༌། ཕན་ཡོན་ནོ། །དང་པོ་ནི། སྔོན་དགེ་སློང་ཞིག་མི་གཙང་བའི་ཁྲོད་དུ་ལྷུང་བ་མགོན་མེད་པ་ལ་བརྟེན་ནས་དེང་ཕྱིན་ཆད་གཅིག་གིས་གཅིག་བསྡུ་བར་བྱ་བའི་ཕྱིར་དང༌། ན་བ་རྣམས་ནད་གཡོག་དང་བཅས་པའི་ཕྱིར་མཁན་པོ་དང་བཅས། སློབ་དཔོན་དང་བཅས་པའི་བསྙེན་པར་རྫོགས་པ་ངས་གནང་ངོ་ཞེས་གསུངས་པས་ད་ལྟར་གྱི་ཆོ་ག་གནང་ངོ་ཞེས་པའི་དོན་ནོ། །སྔོན་གྱི་སློབ་དཔོན་དག་ད་ལྟར་གྱི་ཆོ་ག་ནི་བཅོམ་ལྡན་འདས་སངས་རྒྱས་ནས་ལོ་དྲུག་གམ་བཅུ་གཉིས་ནས་བྱུང་ངོ་ཞེས་གསུང་ཡང་དེའི་གོང་དུ་ཤཱ་རིའི་བུས་འཆར་ཀ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པར་བཤད་པས་དེ་ལས་སྔ་བར་བྱུང་བར་མངོན་ནོ། །ཅིའི་ཕྱིར་སྔོན་གྱི་ཆོ་ག་དང་ད་ལྟར་གྱི་ཆོ་ག་གཉིས་བསྟན་ཅེ་ན། སྔོན་གྱི་གང་ཟག་ཉོན་མོངས་པ་དང༌། རྣམ་པར་སྨིན་པ་དང༌། ལས་ཀྱི་སྒྲིབ་པ་གསུམ་ཤས་ཆུང་ཞིང༌། ཤེས་རབ་དང་རྒྱུད་དང་དབང་པོ་དང་དགེ་བའི་རྩ་བ་སྨིན་པ་རྣམས་ལ་སྔོན་གྱི་ཆོ་གས་བསྙེན་པར་རྫོགས་པར་འགྲུབ་ལ། ད་ལྟར་གྱི་གང་ཟག་རྣམས་ནི་སྒྲིབ་པ་གསུམ་ཤས་ཆེ་ཞིང༌། ཤེས་རབ་དང་རྒྱུད་དང་དབང་པོ་མ་སྨིན་པས་ད་ལྟར་གྱི་ཆོ་ག་དགོས་པར་དགོངས་པ་ཡིན་ནོ། །ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པ་ལ་རྒྱུད་ལེགས་པར་བརྟག་དགོས་པས་རྒྱུད་ཇི་ལྟར་བརྟག་པར་བྱ་ཞེ་ན། མཚན་གཉིས་ཡིན་མིན་སོགས་སྔར་ཇི་སྐད་བསྟན་པའི་སྐྱོན་མཚན་གཉིས་པ་ལ་སོགས་པ་རྣམས་དང་བྲལ་ཞིང༌། ཐར་པ་ཐོབ་པའི་དགེ་བ་དོན་དུ་གཉེར་བ་རྣམས་ལ་ལོ་བདུན་མ་ལོན་པ་སོགས་བར་ཆད་མཐའ་དག་བསྒྲུབ་བྱ་རང་ལ་ཡོད་མེད་དྲིས་ནས་ནི་མགོ་བོ་ནས་རྐང་པའི་བར་དུ་མཚན་གཉིས་པ་ཡིན་མིན་སོགས་ལེགས་པར་བརྟག་གོ །བར་ཆད་འདྲི་ཚུལ་ནི་ཆོ་ག་ལས་རྟོགས་པར་བྱའོ། །གལ་ཏེ་རབ་ཏུ་འབྱུང་བའི་ཕྱིར་དུ་ཐག་རིང་པོ་ནས་འོངས་པ་ཡིན་ན། ཕྱི་མཐའ་ཞག་བརྒྱད་དང༌། སྔ་མཐའ་ཞག་གཅིག་དང་གཉིས་ལ་སོགས་པར་བཟུང་ནས་ཀྱང་ཇི་སྲིད་རབ་ཏུ་འབྱིན་པའི་དུས་ཀྱི་བར་དུ་རབ་ཏུ་དབྱུང་དུ་རུང་མི་རུང་ལེགས་པར་བརྟག་གོ །གཉིས་པ་བརྟགས་ནས་མྱུར་དུ་སྒྲུབ་པ་ནི། བསྒྲུབ་བྱ་གང་ཞིག་རབ་ཏུ་འབྱིན་པའི་དུས་ཀྱི་སྔོན་དུ་ལེགས་པར་ཡོངས་སུ་བརྟགས་པ་སྔོན་དུ་བཏང་ཟིན་ནས་ཉི་མ་གཅིག་ཀྱང་གཞག་པར་མི་བྱ་བར་རབ་ཏུ་དབྱུང་ངོ༌། །གསུམ་པ་སྒྲུབ་པའི་ཆོ་ག་ལ་གཉིས་ཏེ། སྦྱོར་བ་དང༌། དངོས་གཞིའོ། །སྦྱོར་བ་ལ་དགེ་བསྙེན་དུ་སྒྲུབ་པ་དང༌། བར་མ་རབ་བྱུང་བྱ་བའོ། །དང་པོ་ནི། རབ་ཏུ་འབྱིན་པའི་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཆོ་ག་འབྱིན་ནས་ནི། དེ་ནས་དགེ་བསྙེན་གྱི་སྡོམ་པ་བྱིན་ནས་བསླབ་པའི་གཞི་ཤེས་པའི་དོན་དུ་བསླབ་པའི་གཞི་ལྔ་པོ་དག་ཀྱང་བརྗོད་པར་བྱའོ། །ལྔ་པོ་གང་ཞེ་ན། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་ལོག་དང༌། བརྫུན་དང༌། ཆང་སྤོང་བའོ། །སྤྱིར་དགེ་བསྙེན་ནི་བདུན་ཏེ། སྐྱབས་གསུམ་འཛིན་པ་དང༌། སྣ་གཅིག་སྤྱོད་པ་དང༌། སྣ་འགའ་སྤྱོད་པ་དང༌། ཕལ་ཆེར་སྤྱོད་པ་དང༌། ཡོངས་རྫོགས་དང༌། ཚངས་སྤྱོད་དང༌། གོ་མིའི་དགེ་བསྙེན་ནོ། །དང་པོ་རྣམས་ནི་མིང་ཆེན་གྱིས་ཞུས་པའི་མདོ་སོགས་ལས་འབྱུང་ཞིང༌། ཨུ་པ་ས་ཀ་ཞེས་པ་བསླབ་པ་ལྔ་སོགས་མནོས་ཏེ་དགྲ་བཅོམ་པའི་འབྲས་བུ་དང་ཉེ་བར་གནས་པས་དགེ་བསྙེན་ཞེས་བྱའོ། །དེ་དག་ལས་དང་པོ་ནི་སྐྱབས་སུ་འགྲོ་བ་ཙམ་བྱེད་ཀྱི་བསླབ་པ་དག་མི་བསྲུང་བ་དང༌། གཉིས་པ་ནི་སྲོག་གཅོད་སྤོང་གི་གཞན་རྣམས་མི་སྦོང་བ་དང༌། གསུམ་པ་ནི་སྲོག་གཅོད་དང་འདོད་ལོག་སྤོང་བ་ལྟ་བུ་དང༌། བཞི་པ་ནི་བརྫུན་ཡང་སྤོང་བ་ལྟ་བུ་དང༌། ལྔ་པ་ནི་ལྔ་ཆར་སྤོང་བ་དང༌། དྲུག་པ་ནི་འདོད་ལོག་ཏུ་མ་ཟད་མི་ཚངས་སྤྱོད་ཀྱང་སྤོང་བའོ། །གོ་མི་ནི་བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་རྒྱུན་མ་ཆད་པར་བསྲུང་བ་ཡིན་ནོ་ཞེས་གནས་བརྟན་པའི་མན་ངག་ལས་འབྱུང་ཞིང༌། སློབ་དཔོན་མཆེ་བའི་སྡེས་ཀྱང་འཆད་དོ། །བསྙེན་གནས་པ་ནི་ཡན་ལག་བརྒྱད་བསྲུངས་ཀྱང་ཇི་སྲིད་འཚོའི་བར་དུ་བསྲུང་བ་མ་ཡིན་པས་ཁྱད་པར་ཡོད་དོ། །གཉིས་པ་རབ་བྱུང་བར་མ་བྱ་བ་ནི། སྔོན་ཕྲུ་གུ་ཡི་གེ་སློབ་མ་ནུས་པ་བྲོས་པ་ཞིག་དགེ་ཚུལ་མེ་ཏོག་ཐུ་བས་ཁྲིད་དེ་མཁན་པོ་ཅན་སོང་སྟེ། གཞན་ལ་མ་ཞུས་པར་རབ་ཏུ་ཕྱུང་བས་ནམ་ཞིག་ན་མས་མཐོང་བས་ངའི་བུ་བརྐུས་སོ་ཟེར་བས་རབ་ཏུ་འབྱུང་བ་དགེ་འདུན་ལ་ཞུ་དགོས་བར་བཅས་སོ། །དེ་ཡང་ཇི་ལྟར་བྱ་ཞེ་ན། གྲོགས་བྱེད་པས་བསྒྲུབ་བྱ་དེ་ལ་གོས་དཀར་པོ་བསྐོན་པ་སོགས་བྱ་སྟེ། གོས་དཀར་པོ་འཛིན་བཞིན་ལ་ཚོགས་དགེ་འདུན་གྱི་ནང་དུ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ་ཞེས་སོགས་ཀྱིས་མཁྱེན་པར་ལན་གསུམ་གསོལ་བར་བྱའོ། །མདོ་རྩ་བ་ལས། དགེ་འདུན་ཐམས་ཅད་འདུས་པའམ་གནས་ཁང་སོ་སོ་ན་འཁོད་པ་ལ་རུང་ཞེས་གསུངས་པས་སོ། །ཞུ་བའི་ཡུལ་ལ་དགེ་འདུན་དུ་ལོངས་པ་ཞིག་དགོས་ཞེས་འགའ་ཞིག་འཆད་དེ། མདོ་རྩ་བ་ལས་དགེ་འདུན་ལའོ་ཞེས་པ་དང༌། འདིར་ཡང་ཚོགས་ཀྱི་ནང་དུ་ཞེས་གསུངས་པས་སོ་ཞེའོ། འགྲིལ་ཆུང་ལས་ནི་གང་ཟག་ལ་ཞུ་བར་གསུངས་སོ། །དོན་འདི་ཡིན་ཏེ། ཕུན་སུམ་ཚོགས་པའི་ཡན་ལག་ཏུ་དགེ་འདུན་དགོས་པར་བཤད་ཅིང༌། དགོས་པ་འདྲ་བའི་ཕྱིར་གང་ཟག་ལ་ཡང་ཞུའོ་ཞེས་པའི་དོན་ནོ། །ཞུ་བའི་ཚུལ་ནི། མདུན་དུ་འདུག་སྟེ་ལན་གསུམ་དུ་བརྗོད་དགོས་སོ། །གསོལ་བ་བྱས་པ་ན་དགེ་འདུན་རྣམས་ཐུགས་རྩེ་གཅིག་པས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་རྗེས་སུ་གནང་བའི་ཚེ་བར་མ་རབ་བྱུང་གི་ཆོ་ག་བྱའོ། །གལ་ཏེ་ཀརྨ་ཤ་ཏམ་དུ། དགེ་འདུན་རྣམས་ཀྱིས་ཡོངས་སུ་དག་ནའོ་ཞེས་མ་བརྗོད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བཤད་པས་གཞན་རྣམས་ཀྱིས་མཁན་པོ་ལ་ཡོངས་སུ་དག་གམ་ཞེས་བརྗོད་དགོས་སོ། །བར་མ་ནི་གསུམ་སྟེ། སྐྱབས་སུ་འགྲོ་བ་དང༌། ཁྱིམ་པའི་རྟགས་སྤོང་བ་དང༌། རབ་ཏུ་བྱུང་བའི་རྟགས་ལེན་པའོ། །གཉིས་པ་དངོས་གཞི་ནི། བར་མ་རབ་བྱུང་གི་ཆོ་ག་སྔོན་དུ་འགྲོ་བར་བྱས་ནས་སྲོག་གཅོད་སྤོང་པ་སོགས་ཡན་ལག་བཅུའི་སྡོམ་པ་འཛིན་པ་ནི་སློབ་དཔོན་ཆོ་ག་ལ་རྣམ་པར་མཁས་པས་སྦྱིན་པར་བྱའོ། །དགེ་ཚུལ་གྱི་སྡོམ་པ་ནི་གང་ཟག་ལས་ཀྱང་སྐྱེ་བས་ན་ཞུ་བའི་སྐབས་སུ་ཡང་གང་ཟག་ལ་ཞུ་བས་ཆོག་པར་མངོན་ནོ། །ཡན་ལག་བཅུ་ནི་སུམ་བརྒྱ་པ་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤོང༌། །ཞེས་པ་དག་གོ །བསྡུ་བར། ཅིའི་ཕྱིར་བསྙེན་གནས་ལ་གསེར་དངུལ་ལེན་པ་སྤོང་བ་ཡན་ལག་ཏུ་མ་བཞག་ལ་དགེ་ཚུལ་ལ་བཞག་ཅེ་ན། རབ་ཏུ་འབྱུང་བ་ལ་གསོག་འཇོག་གི་ལོངས་སྤྱོད་མི་མཛེས་པས་སོ། །འོ་ན་གསེར་དངུལ་མི་ལེན་པའི་གསོག་འཇོག་ཀྱང་ཡོད་དོ་ཞེ་ན། གསར་དངུལ་གསོག་འཇོག་གི་གཙོ་བོ་ཡིན་པས་དེ་དག་སྤངས་པས་གཞན་དག་ཀྱང་མཚོན་ནོ། །འོ་ན་དགེ་ཚུལ་ལ་གར་སོགས་ཕྲེང་སོགས་གཉིས་སུ་ཕྱེ་ལ། བསྙེན་གནས་པ་ལ་གཅིག་ཏུ་བཞག་པ་ཅི་ཞེ་ན། ཁྱིམ་པ་ལ་ནི་ཚུལ་དང་མི་མཐུན་པ་མ་ཡིན་ལ། རབ་ཏུ་བྱུང་བ་ལ་ནི་ཚུལ་དང་མི་མཐུན་པས་ཁྱིམ་པས་བཤགས་པ་གཅིག་གིས་འདག་ལ། རབ་ཏུ་བྱུང་བ་ལ་ནི་ལྕི་བས་དེ་དག་གིས་གོས་ན་ཉེས་པ་གཉིས་བཤགས་དགོས་པའི་ཕྱིར་གཉིས་སུ་མཛད་དེ་བཅས་ཞེས་སོ། །བཞི་པ་ཕན་ཡོན་ནི། དེ་ལྟར་དགེ་ཚུལ་བྱས་མ་ཐག་ཏུ་གང་ཟག་འདི་ལ་ཁྱིམ་པ་ཐམས་ཅད་ཀྱིས་ཕྱག་འཚལ་བར་བྱེད་པ་དང༌། སྨོན་པའི་གནས་སུ་གྱུར་པ་ཡིན་ཏེ། གང་གི་ཕྱིར་ན་ཁྱིམ་པའི་འཆིང་བ་ཀུན་ལས་གྲོལ་བའི་ཕྱིར། དེས་ན་ཕུལ་ཕྱིན་དགེ་ཚུལ་དེ་ནི་ཤིན་ཏུ་མཛེས་སོ། །གང་གིས་ན་ངུར་སྨྲིག་གོས་མཆོག་འཛིན་པ་ཡིས་སོ། །ཇི་ལྟར་ན་ཚུལ་ཁྲིམས་ངན་པའི་རབ་རིབ་ཀྱིས་མུན་པ་རྣམ་པར་བསལ་ནས་ལྷང་ངེར་རོ། །དཔེར་ན་སྒྲིབ་བྱེད་ཀྱི་སྤྲིན་ལས་གྲོལ་བའི་ཉི་མ་ཤར་བ་ལྟར་རོ། །དགེ་ཚུལ་གྱི་ཆོ་ག་བསྟན་ཟིན་ཏོ།།  །།གཉིས་པ་དགེ་སློང་གི་ཆོ་ག་ལ་གསུམ་སྟེ། ཆོ་གའི་དོན་དངོས་དང༌། འཆགས་མི་འཆགས་ཀྱི་རབ་དབྱེ་དང༌། ཆོ་གའི་སྤྲོས་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྡིག་པ་ཀུན་ལས་ལྡོག་པར་འགྱུར་བའི་དོན་དུ་དགེ་ཚུལ་འདི་ཡིས་བསྙེན་པར་རྫོགས་པར་བྱ་སྟེ། དཔེར་ན་རི་རབ་ཀྱི་སྟེང་ན་ལྷའི་གཙོ་བོ་སུམ་ཅུ་རྩ་གསུམ་ཡོད་པའི་གནས་ཀྱི་བྱང་ཤར་ན་ས་བརྟོལ་ཡོངས་འདུ་བྱ་བའི་ཤིང་གི་ལོ་འདབ་རྙིང་པ་རྣམས་ལྷ་རྣམས་ཀྱི་བསོད་ནམས་ལས་བྱུང་བའི་རླུང་གིས་འདོར་བར་བྱེད་པ་བཞིན་དུའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། བསྙེན་པར་རྫོགས་པའི་རྒྱུ། འབྲས་བུ་བསྙེན་རྫོགས་ཀྱི་རབ་དབྱེ། མཇུག་ཏུ་བརྗོད་པའི་ཆོ་གའོ། །དང་པོ་ལ་གསུམ་སྟེ། སྤྱིར་བཏང་བ་དང༌། དམིགས་ཀྱིས་བསལ་བ་དང༌། དོན་བསྡུ་བའོ། །དང་པོ་གསུམ་སྟེ། དགེ་འདུན་གྱི་གྲངས་དང༌། དབུས་དང་མཐའ་འཁོབ་ཀྱི་མཚམས་དང༌། དགེ་འདུན་གྱི་མཚན་ཉིད་དོ། །དང་པོ་ནི། དེ་ཡང་སྔོན་དགེ་སློང་མི་གཙང་བའི་ཁྲོད་དུ་ལྷུང་བ་མགོན་མེད་པ་ཞིག་མཁན་སློབ་ཀྱིས་འཛིན་མཁན་མེད་པ་ལ་བརྟེན་ནས། སྟོན་པས་དེང་ཕྱིན་ཆད་གཅིག་གིས་གཅིག་བསྡུ་བར་བྱ་བ་དང༌། ནད་པ་རྣམས་ནད་གཡོག་དང་བཅས་པའི་ཕྱིར་མཁན་པོ་དང་བཅས། སློབ་དཔོན་དང་བཅས་པའི་བསྙེན་པར་རྫོགས་པ་གནང་ངོ་ཞེས་གསུངས་པས། བསྙེན་པར་རྫོགས་པའི་ཆོ་ག་བསྒྲུབ་པའི་ཕྱིར་དུ། འདིར་བསྙེན་རྫོགས་ཀྱི་ཆོ་ག་རྒྱས་པར་བརྗོད་པར་བྱའོ། །ཞུ་བ་ལས། བསྒྲུབ་བྱ་དགེ་ཚུལ་ལ་མའི་ལས་ཀྱི་ཆོ་ག་དང༌། དགེ་སློབ་མ་ལ་ཕའི་ཆོ་གའི་ལས་ཀྱང་རུང་མོད་ཀྱི། རྫོགས་བྱེད་ལ་ཉེས་བྱས་སོ་ཞེས་འབྱུང་ངོ༌། །རྡོ་ཅན་གྱི་མཐའི་གྲོང་པ་སྟོབས་བདེའི་བུ་གྲོ་བཞིན་སྐྱེས་ཀྱིས་མཁན་པོ་ཀ་ཏྱཱ་ཡཱའི་འཕྲིན་ལྔ་སྟོན་པ་ལ་ཞུས་ཏེ། མཐའ་འཁོབ་ཏུ་ལྔས་སྐྱེས་པ་བསྙེན་པར་རྫོགས་པ་དང༌། རྟག་ཏུ་ཁྲུས་བྱ་བ་དང༌། ལྷྭམ་རིམ་པ་གཅིག་པ་དང༌། ཀོ་ལྤགས་བཅང་བ་དང༌། ཚུ་རོལ་ནས་སྤངས་ཤིང་ཕར་མ་ཕྱིན་པའི་གོས་ཀྱིས་སྤང་ལྟུང་མི་བསྐྱེད་པ་རྣམས་ཞུས་པས་གནང་བས་ན། བསྙེན་པར་རྫོགས་པ་ལ་ཡུལ་དབུས་སུ་ནི་དགེ་སློང་རྣམས་བཅུ་ལས་ཉུང་བས་བསྙེན་པར་རྫོགས་པ་རུང་བ་མ་ཡིན་ལ། མཐའ་འཁོབ་ཏུ་ནི་དགེ་སློང་ལྔ་ལ་སོགས་པས་ཀྱང་བསྙེན་པར་རྫོགས་པ་འགྲུབ་པར་འདོད་པ་ཡིན་ནོ། །མདོ་རྩ་བ་ལས་ཀྱང༌། མཐའ་འཁོབ་ཏུ་མེད་ན་འདུལ་བ་འཛིན་པ་དང་ལྔའོ་ཞེས་གསུངས་སོ། །འདི་ནི་ཡུལ་དབུས་དང་མཐའ་འཁོབ་དག་ཏུ་དགེ་སློང་གྲངས་མང་ཉུང་རྙེད་དཀའ་སླའི་ཁྱད་པར་ལས་བཞག་གོ །འདིའི་ལས་ནི་གསོལ་བཞིའི་ལས་སོ། །ཆོ་ག་གོ་བར་བྱེད་པ་ནི་གསོལ་བ་དང༌། བཅས་པ་ཚིག་ཏུ་བརྗོད་པ་ནི་བརྗོད་པའོ། །གཉིས་པ་དབུས་དང་མཐའ་འཁོབ་ཀྱི་མཚམས་ལ་གཉིས་ཏེ། ས་ཚིགས་ཀྱིས་བཅད་པ་དང༌། ཆོས་ཚིགས་ཀྱིས་བཅད་པའོ། །དང་པོ་ནི། དབུས་དང་མཐའ་འཁོབ་ཏུ་གང་གིས་འཇོག་ཅེ་ན། ཡུལ་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ཚང་ཚིང་ཅན་ལི་ཁ་ར་སྟེ། ཀ་ར་འཕེལ་བའི་ཤིང་ཡོད་པ་དེ་ནི་ཤར་ཕྱོགས་ཀྱི་མཚམས་སོ། །ཨུ་ཤི་ར་ཞེས་བརྗོད་པའི་རི་བོ་མུན་པ་ཅན་ནི་བྱང་གི་མཚམས་སོ། །བྲམ་ཟེ་ཀ་པ་དང་ཉེ་བའི་ཀ་པ་ཞེས་བྱ་བའི་སྤུན་གཉིས་ཀྱིས་བརྩིགས་པའི་གཙུག་ལག་ཁང་ཡོད་པའི་གྲོང་ཁྱེར་གནས་པ་ནི་ནུབ་ཀྱི་མཚམས་ཡིན་ནོ། །གྲོང་ཁྱེར་འདམ་བུ་ཅན་གྱི་དྲུང་ནས་འབབ་པའི་ཆུ་ཀླུང་ལྡམ་བུ་ཅན་ཞེས་བྱ་བ་ནི་ལྷོའི་མཚམས་ཡིན་ནོ། །ཕྱོགས་བཞི་པོ་འདི་དག་གི་བར་རྣམས་ཀྱི་ནང་ཁོངས་ལ་ནི་ཡུལ་དབུས་སུ་ཤེས་པར་བྱའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་སངས་རྒྱས་རྣམས་འབྱུང་བའི་གནས་རྡོ་རྗེའི་གདན་བཞུགས་པས་དབུས་ཞེས་བྱའོ་ཞེས་བཤད་དོ། །རྡོ་རྗེའི་གདན་ཞེས་པ་ནི་ཉན་ཐོས་པས་སྣ་ཚོགས་རྡོ་རྗེའི་རྣམ་པར་ཡོད་པར་འདོད། ཐེག་པ་ཆེན་པོ་པས་ནི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པའི་རྣམ་པར་ཡོད་ཅིང༌། དེའི་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས་པར་འདོད་དོ། །དབུས་ཀྱི་ནང་ཁོངས་ཀྱི་ཚད་ནི་ཁ་ཅིག་དཔག་ཚད་དྲུག་ཅུ་དང༌། ཁ་ཅིག་བཅུ་དྲུག་ཡོད་དོ་ཞེས་ཟེར་རོ། །སྔ་མ་ཉིད་ལེགས་ལ། ཕྱི་མ་ནི་དྲུག་དང་བཅུ་མགོ་མཇུག་བསྣོར་བས་འགྱུར་ཉེས་སོ། །གཉིས་པ་ཆོས་ཚིགས་ཀྱིས་ཕྱེ་བའི་དབུས་དང་མཐའ་འཁོབ་ཀྱི་ཁྱད་པར་ནི། སའི་དངོས་གཞི་དང༌། ཉན་ས་ལས། འཁོར་བཞི་པོ་དང༌། དམ་པ་ཡང་དག་པར་སོང་བ་དང༌། སྐྱེ་བུ་དམ་པ་རྣམས་རྒྱུ་བ་ནི་ཡུལ་དབུས་དང༌། མི་རྒྱུ་བ་ནི་མཐའ་འཁོབ་བོ་ཞེས་གསུངས་སོ། །ས་ཚིགས་ངོས་གཟུང་བ་བཞི་པོ་དེ་དག་གི་ཕྱི་རོལ་ནི་ས་ཚིགས་ཀྱིས་བཅད་པའི་མཐའ་འཁོབ་ཏུ་གསུངས་པ་ཡིན་ནོ། །གང་གིས་ན་ཤེས་བྱ་མཐའ་ཡས་པ་མཁྱེན་པ་སྟོན་པས་སོ། །གསུམ་པ་རྫོགས་བྱེད་དགེ་འདུན་གྱི་མཚན་ཉིད་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་དགེ་སློང་གི་ཚོགས་ཀྱིས་གཞན་དག་བསྙེན་པར་རྫོགས་པར་བྱ་བར་སྟོན་པས་གསུངས་ཀྱི། དུང་གི་སྒྲ་ཅན་བོང་བུ་ལྟ་བུར་ཀུན་ཏུ་སྤྱོད་པས་ནི་མིན་ལ། ཁོང་རུལ་བས་དམ་པའི་ཆོས་མི་སྐྱེ་བ་ཤིང་རུལ་པ་ལྟ་བུས་ཀྱང་མིན་ནོ། །སྲིན་བུས་འབྲས་ཀྱི་ནང་གི་སྙིང་པོ་ཟོས་པ་ལྟ་བུ་ཁ་ན་མ་ཐོ་བ་འཆབ་པས་ཁོང་མྱགས་པ་ལྟ་བུས་ཀྱང་མིན་ནོ། །གཞུང་དམ་པ་ལས་ཀྱང༌། འདི་ནི་ཚུལ་ཁྲིམས་ཉམས་པ། སྡིག་པའི་ཆོས་ཅན། ཁོང་རུལ་བ། ཟག་པ། གསོག་ཏུ་གྱུར་པ། དུང་སྒྲ་ལྟ་བུར་སྤྱོད་པ་ཞེས་གསུངས་སོ། །བསྡུ་བ་ལས། ཁོང་མྱགས་པ་ནི་ཕྱིའི་དགེ་སློང་གི་རྟགས་འཆང་བའི་ཕྱིར་དང༌། ནང་དགེ་སྦྱོང་དུ་བྱེད་པའི་ཆོས་མེད་པའི་ཕྱིར་ཏེ། དཔེར་ན་ཤིང་ཕྱི་རོལ་མདོག་བཟང་ལ་ནང་སྲིན་བུ་ལ་སོགས་པས་ཟོས་ཤིང་ཁོང་སྟོང་དུ་བྱས་པ་ལྟ་བུའོ་ཞེས་སོ། །སྤྱིར་བཏང་བསྟན་ཟིན་ཏོ། །གཉིས་པ་དམིགས་བསལ་ལ། མཐའ་འཁོབ་ཏུ་བསྙེན་པར་རྫོགས་པ་ལ་ངེས་པར་དགེ་སློང་ལྔ་དགོས་སམ་ཞེ་ན། དམིགས་བསལ་བསྟན་པ་ནི། གལ་ཏེ་དགེ་སློང་གི་གྲངས་བཞིར་ལོངས་པས་ན་ཚོགས་པ་ཚང་ལ། ལས་བརྗོད་པ་མཁས་ཤིང་བསྙེན་པར་རྫོགས་པར་བྱེད་པ་པོའི་དགེ་སློང་རྣམས་ཚུལ་ཁྲིམས་དང་ལྡན་པར་གྱུར་ཅིང༌། ཁ་སྐོང་བར་འོས་པར་གྱུར་ན་ནི་དེ་དག་གིས་བསྙེན་པར་རྫོགས་པར་བྱས་པ་དེ་གཞན་གྱིས་མ་སྨད་པའི་བསྙེན་རྫོགས་ཐོབ་པར་གྱུར་པས་ན་དགེ་འདུན་གྱི་མཚན་ཉིད་དང་ལྡན་པ་བཞིས་ཀྱང་འགྲུབ་བོ་ཞེས་པའི་དོན་ནོ། །ཚུལ་ཁྲིམས་དང་ལྡན་པའི་ཚད་ནི། རྣམ་འབྱེད་དང༌། ཞུ་བ་མང་ཤོས་ལས། ཇི་ལྟར་ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཕམ་པར་གྱུར་པ་བཞི་པོ་དག་ལས་ལྟུང་བ་གང་ཡང་མ་བྱུང་བ་སྟེ། འདི་ནི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ་ཞེས་སོ། །ཞུ་བ་ལས་ཀྱང༌། བཙུན་པ་མཐའ་འཁོབ་ཏུ་བཞིས་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་ན། བཅུ་མཆིས་བཞིན་དུ་འདུལ་བ་འཛིན་པ་དང་བཞིས་བསྙེན་པར་རྫོགས་པར་བགྱིས་ན་རྫོགས་པ་ཞེས་བགྱི་འམ། ཨུ་པ་ལི་རྫོགས་པ་ཞེས་བགྱི་སྟེ། འདས་པ་དང་བཅས་པའོ་ཞེས་སོ། །འདི་ནི་བསྙེན་པར་རྫོགས་པ་འགྲུབ་མོད་ཀྱི། མཁན་སློབ་ལ་ཉེས་བྱས་བསྐྱེད་དོ་ཞེས་པའི་དོན་ནོ། །བསྒྲུབ་བྱ་བར་ཆད་མེད་པར་ངེས་པ་ལ་ནི་བར་ཆད་འདྲི་བའི་དོན་དུ་གསང་སྟེ་སྟོན་པ་བསྐོ་མི་དགོས་པའི་དབང་དུ་བྱས་ཏེ། གལ་ཏེ་གསང་སྟེ་སྟོན་པ་བསྐོ་དགོས་ན་སྐོ་བ་པོའི་དགེ་སློང་གསུམ་ལས་མེད་པའི་ཕྱིར་ལས་མི་ཆགས་སོ། །བར་ཆད་མ་དྲིས་པ་ལ་ཡང་བསྙེན་པར་རྫོགས་པར་འགྲུབ་པར་བཤད་དེ། མདོ་རྩ་བ་ལས། བར་ཆད་མ་དྲིས་པ་ལ་ཡང་ངོ༌། །ཞེས་སོ། །གསུམ་པ་དོན་བསྡུ་བ་ནི། དབུས་སུ་དགེ་འདུན་མ་མཐའ་བཅུ་ཚང་བ་དང༌། མཐའ་འཁོབ་ཏུ་མ་མཐའ་དགེ་འདུན་བཞིའམ་ལྔ་ཚང་བ་དང༌། བསྒྲུབ་བྱ་མཚམས་ཀྱི་ཕྱི་རོལ་དུ་གནས་པ་མིན་པ་དང༌། ལས་ཀྱི་མཁན་པོ་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་དང༌། ལས་ཀྱི་ཆོ་ག་དག་པ་དང༌། བསྒྲུབ་བྱའི་རྒྱུད་ལ་བར་ཆད་མེད་པ་དང༌། ཐམས་ཅད་ཚོགས་པ་ནི་བསྒྲུབ་བྱ་བསྙེན་པར་རྫོགས་པ་འགྲུབ་པའི་རྒྱུ་ཡིན་ནོ། །ཞུ་བ་མང་ཤོས་ལས། ཨུ་པ་ལི་གཟུ་བོ་འདུལ་བ་འཛིན་པ་ཆོས་འདི་ལྔ་དང་ལྡན་ན་ལས་བྱེད་ནུས་ཏེ། གསོལ་བའི་ལས་ཤེས་པ་དང༌། གསོལ་པ་དང་གཉིས་ཀྱི་ལས་ཤེས་པ་དང༌། གསོལ་པ་དང་བཞིའི་ལས་ཤེས་པ་དང༌། བསྒོ་བའི་ལས་ཤེས་པ་དང༌། བྱིན་གྱིས་བརླབས་པའི་ལས་ཤེས་པ་དང༌། དེ་ལྔ་དང་མི་ལྡན་ན་ལས་བྱེད་མི་ནུས་ཞེས་སོ། །བསྙེན་རྫོགས་ཀྱི་རྒྱུ་བསྟན་ཟིན་ཏོ། །གཉིས་པ་འབྲས་བུ་བསྙེན་རྫོགས་ཀྱི་རབ་དབྱེ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། སྔ་རབས་པ་དག་གིས་སྔོན་གྱི་ཆོ་ག་བཅུ་ཡིན་ལ། དེ་ལ་རང་བྱུང་གི་བསྙེན་པར་རྫོགས་པ་ནི་སངས་རྒྱས་མ་བྱོན་པའི་སྔ་རོལ་དུའང་བྱུང་ཞིང༌། ཚུར་ཤོག་གི་བསྙེན་པར་རྫོགས་པ་ནི་སངས་རྒྱས་ནས་མྱ་ངན་ལས་འདའ་ཁའི་བར་དུ་བྱུང་ངོ༌། །འདི་ལ་ཉེས་དམིགས་འགའ་ཞིག་བྱུང་བ་ལ་བརྟེན་ནས་གསོལ་བཞིའི་ཆོ་ག་གནང་ལ། གཞན་རྣམས་ནི་སངས་རྒྱས་ནས་རིང་པོར་མ་ལོན་པར་ད་ལྟར་གྱི་ཆོ་ག་མ་བྱུང་བའི་བར་དུ་བྱུང་བས་སྔོན་གྱི་ཆོ་ག་ཞེས་བྱའོ། །ལུང་མ་མོར་སྟོན་པ་སངས་རྒྱས་དང་རང་སངས་རྒྱས་ནི་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང༌། ལྔ་སྡེ་བཟང་པོ་ཡེ་ཤེས་ཁོང་དུ་ཆུད་པ་དང༌། འོད་སྲུང་སྟོན་པར་ཁས་བླངས་པ་དང༌། ཚེ་དང་ལྡན་པ་འཆར་ལྡན་དྲིས་ནས་ལུང་བསྟན་པ་དང༌། དགེ་སློང་ཚུར་ཤོག་ཅེས་པ་དང༌། སྐྱབས་འགྲོའི་ཚིག་གསུམ་བརྗོད་པ་དང༌། མཐའ་འཁོབ་ཏུ་ལྔ་ཚོགས་དང༌། ཡུལ་དབུས་སུ་བཅུ་ཚོགས་དང༌། བླ་མའི་ཆོས་ཁས་བླངས་པ་དང༌། ཕོ་ཉས་བསྙེན་པར་རྫོགས་པ་དང༌། དགེ་འདུན་སྡེ་གཉིས་ལས་བསྙེན་པར་རྫོགས་པ་ཞེས་བཤད་དོ། །མཛོད་འགྲེལ་ལས་ནི། རང་བྱུང་གིས་ནི་སངས་རྒྱས་དང༌། རང་སངས་རྒྱས་གཉིས་སོ། །ངེས་པ་ལ་འཇུག་པས་ནི་ལྔ་སྡེ་བཟང་པོ་རྣམས་སོ། །དགེ་སློང་ཚུར་ཤོག་ཅེས་བྱ་བས་ནི་གྲགས་པ་ལ་སོགས་པ་རྣམས་སོ། །སྟོན་པར་ཁས་བླངས་པས་ནི་འོད་སྲུང་ཆེན་པོའོ། །དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ། །བླ་མའི་ཆོས་ཁས་བླངས་པས་ནི་སྐྱེ་དགུའི་བདག་མོ་ཆེན་མོའོ། །ཕོ་ཉས་ནི་མཆོད་སྦྱིན་ནོ། །འདུལ་བ་འཛིན་པར་གཏོགས་པ་ལྔས་ནི་མཐའ་འཁོབ་ཀྱི་མི་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་ནི་བཟང་སྡེ་དྲུག་ཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་རྣམས་སོ་ཞེས་གསུངས་སོ། །བསྙེན་པར་རྫོགས་པ་འདི་དག་གི་རྒྱུ་ནི་སྔོན་གྱི་ཆོ་ག་དང་ད་ལྟར་གྱི་ཆོ་ག་སོ་སོར་མ་ཕྱེ་བར་སྤྱིར་གསུངས་ལ། འཕྲིན་གྱི་ཆོ་ག་ཡིན་ན་ད་ལྟར་གྱི་ཆོ་ག་ཡིན་དགོས་པ་དང༌། ལྕི་བའི་ཆོས་ཁས་བླངས་པ་དང༌། ལྔ་ཚོགས་དང་བཅུ་ཚོགས་ལས་བསྙེན་པར་རྫོགས་པ་ནི་ད་ལྟར་གྱི་ཆོ་ག་གནང་བའི་རྗེས་སུ་བྱུང་བ་དང༌། རང་བྱུང་གི་བསྙེན་པར་རྫོགས་པ་གཉིས་དང་ཡེ་ཤེས་ཁོང་དུ་ཆུད་པ་ལས་བྱུང་བ་ལ་ནི་རིག་བྱེད་ཀྱང་མེད་པའི་ཕྱིར་ཆོ་གའི་དོན་མེད་པ་དང༌། ལུང་གཞི་དང་མདོ་འགྲེལ་རྣམས་ཀྱིས་གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཁོ་ན་ལ་སྔོན་གྱི་ཆོ་གར་བཤད་པའི་ཕྱིར་སྔ་རབས་བའི་བཞེད་པ་མི་འཐད་པར་མངོན་ནོ། །གལ་ཏེ་སྔོན་གྱི་ཆོ་ག་དང་ད་ལྟར་གྱི་ཆོ་ག་གཉིས་བཤད་པའི་དོན་ཅི་ཞེ་ན། སྔོན་གྱི་གང་ཟག་ཉོན་མོངས་པ་དང༌། རྣམ་པར་སྨིན་པ་དང༌། ལས་ཀྱི་སྒྲིབ་པ་གསུམ་ཆུང་ཞིང༌། ཤེས་རབ་དང༌། རྒྱུད་དང༌། དབང་པོ་དང༌། དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་དབང་དུ་མཛད་ནས་སྔོན་གྱི་ཆོ་ག་གསུངས་ལ། ཕྱིས་ཀྱི་གང་ཟག་རྣམས་ནི་དེ་ལྟར་མ་ཡིན་པས་དེའི་དབང་དུ་བྱས་ཏེ་ད་ལྟར་གྱི་ཆོ་ག་གསུངས་སོ། །གཉིས་པ་གཞུང་གི་དོན་ནི། ཇི་སྐད་བརྗོད་པའི་བཞིས་བསྙེན་པར་རྫོགས་པ་ལས་གཞན་ཡང་བསྙེན་པར་རྫོགས་པའི་རབ་དབྱེ་བྱེ་བྲག་སྨྲ་བས་བརྗོད་དོ། །བཞིས་བསྙེན་པར་རྫོགས་པ་ལས་གཞན་ཡང་ཡོད་དམ་ཞེ་ན། ཡོད་དེ། གང་གི་ཕྱིར་ན་སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་ལ་མ་བརྟེན་པར་ཆོས་ཇི་ལྟར་གནས་པའི་ཚུལ་མཁྱེན་པས་ན་འདྲེན་པར་རྫོགས་པའི་སངས་རྒྱས་དང༌། རང་རྒྱལ་གཉིས་ནི་རང་བྱུང་གི་བསྙེན་པར་རྫོགས་པའོ། །འདིར་འགའ་ཞིག་སྟོན་པས་མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་རང་ཉིད་ཀྱིས་བཅད་པའི་དུས་སུ་བསྙེན་པར་རྫོགས་པ་ཐོབ་བོ་ཞེས་སྨྲའོ། །དེ་མི་འཐད་དེ། དེའི་དུས་སུ་རབ་བྱུང་བར་མ་ཙམ་ཡིན་ལ། བསྙེན་པར་རྫོགས་པ་ནི་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་ཐོབ་སྟེ། རང་བྱུང་གིས་བསྙེན་པར་རྫོགས་པ་ཞེས་གསུངས་པའི་ཕྱིར་དང༌། གཞུང་འདིར་ཡང༌། ཇི་ལྟར་གནས་པ་མཁྱེན་པས་ན། །ཞེས་གསུངས་པས་སོ། །ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ན་མཐོང་ལམ་སྐྱེས་པས་ན་འཕགས་པ་སྟེ། ཀུན་ཤེས་ཀཽཎྜི་ནྱ་དང༌། སོགས་པ་རྟ་ཐུལ་དང༌། རླངས་པ་དང༌། མིང་ཆེན་དང༌། བཟང་ལྡན་ཏེ་ལྔ་སྡེ་བཟང་པོ་རྣམས་ནི་ངེས་པ་སྟེ་བདེན་པ་མཐོང་བ་ལས་བསྙེན་པར་རྫོགས་སོ། །གང་ཞིག་རས་བལ་ཅན་གྱི་ནགས་ཚང་ཚིང་དུ་སློབ་མ་བཟང་སྡེ་དྲུག་ཅུ་པོ་རྣམས་ཐམས་ཅད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་བསྙེན་པར་རྫོགས་པ་ཐོབ་བོ། །དགེ་བསྙེན་གྱི་སྡོམ་པ་ཐོབ་ཅེས་འཆད་པ་ནི་དོན་མ་ཡིན་ཏེ། འདི་དག་ནི་བསྙེན་པར་རྫོགས་པའི་རབ་ཏུ་དབྱེ་བ་ཡིན་པའི་ཕྱིར་རོ། །རྣམ་འབྱེད་ལས། དཀར་བ་སའི་ཚལ་དུ་ཞེས་འཆད། མཉན་ཡོད་དུ་ཁྱིམ་བདག་སྦྱིན་པའི་བུ་མོ་མཆོད་སྦྱིན་མ་ཕོ་ཉ་སྟེ་འཕྲིན་གྱིས་སོ། །འདིའི་འཕྲིན་ནི། ཨུཏྤ་ལའི་མདོག་གིས་བྱས་པར་ཕྲན་ཚེགས་ལས་བཤད་དོ། མཉན་ཡོད་ན་ཁྱིམ་བདག་སྦྱིན་པ་ཞེས་པ་ལ་བུ་མོ་མཆོད་སྦྱིན་མ་ཞེས་པ་ཡོད་པས། དེ་མ་སྐྱེས་གོང་ནས་ཁྱིམ་བདག་རི་དྭགས་དགྲའི་བུ་འབྱིན་ནོ། །མཆོད་སྦྱིན་མ་རབ་ཏུ་འབྱུང་འདོད་པས་ཕ་མ་ལ་ཞུས་པས་རི་དྭགས་དགྲའི་བུ་ལ་སྔར་བྱིན་པས་དེ་དབང་ངོ་ཞེས་མ་གནང་ནས། དེ་བརྩོན་བཞིན་དུ་ཁྱིམ་དུ་གནས་སོ། །ཁྱིམ་དེར་ཨུཏྤ་ལའི་མདོག་དུས་དུས་སུ་འོངས་པས་དོན་དེ་ཞུས་པ་ན་སྟོན་པ་ལ་ཞུའོ་ཞེས་ཀུན་དགའ་བོ་ལ་བསྙད་དེ། སྟོན་པ་ལ་ཞུས་པས་ཁྱིམ་དེར་ཨུཏྤ་ལའི་མདོག་འཕྲིན་པར་ཐོང་ལ་སྐྱབས་གསུམ་དང་བསླབ་གཞི་ཟུངས་ཤིག་ཅེས་ཏེ། དེ་ལྟར་བྱས་པས་མཆོད་སྦྱིན་མས་བདེན་པ་མཐོང་ངོ༌། །ཡང་དེ་འཕྲིན་པར་བཏང་སྟེ་ལོ་གཉིས་སུ་ཆོས་དྲུག་དང༌། ཉེ་བའི་ཆོས་དྲུག་གི་བསླབ་པ་བྱིན་ནོ། །དེ་ནས་སྦྱིན་པ་དང་རི་དྭགས་དགྲ་ཕན་ཚུན་བགྲོས་ནས་དེ་བག་མར་གཏོང་བའི་དུས་ལ་བབས་ཏེ་ཡུལ་མི་སོགས་སྐྱེ་བོ་མང་པོ་འདུས་པའི་ཚེ། སྟོན་པས་དེ་རྗེས་སུ་གཟུང་བར་དགོངས་ནས། དགེ་སློང་མ་རྣམས་ཀྱིས་ཨུཏྤ་ལའི་མདོག་འཕྲིན་པར་ཐོང་ལ་དེ་ལ་ཚངས་སྤྱོད་ཀྱི་སྡོམ་པ་བྱིན་ཅིག་ཅེས་གསུངས་ནས་བྱིན་ནོ། །སྟོན་པས་ཀུན་དགའ་བོ་ལ་ཨུཏྤ་ལའི་མདོག་འཕྲིན་པར་ཐོང་ལ་སྡེ་གཉིས་ཀྱིས་དེ་བསྙེན་པར་རྫོགས་པར་གྱིས་ཤིག་གསུངས་ནས་དེ་བཞིན་བྱས་སོ། །དེ་བྱས་མ་ཐག་ཏུ་མཆོད་སྦྱིན་མས་དགྲ་བཅོམ་མ་ཐོབ་བོ། །ཆོ་ག་འདི་ནི་ད་ལྟར་ཡང་ཡོད་པར་ཡོན་ཏན་འོད་འཆད་དེ། སྐལ་པ་དང་ལྡན་པའི་རང་བཞིན་ཅན་ལ་མངག་པ་འདྲ་བས་རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ་ཞེས་སོ། །འཕྲིན་ནི་ཡུལ་སྐྱེས་པ་ཡིན་ན་སྐྱེས་པ་ཁོ་ནས་བྱ་ལ། བུད་མེད་ཡིན་ན་སྐྱེས་པ་དང་བུད་མེད་གང་ཡང་རུང་བས་བྱའོ། །ཚུར་ཤོག་གི་བསྙེན་པར་རྫོགས་པ་ནི། ཆུ་བོ་ནེར་ཛྙ་ནའི་འགྲམ་དུ་ལྟེང་རྒྱས་འོད་སྲུང་རལ་པ་ཅན་འཁོར་ལྔ་བརྒྱ་དང་བཅས་པ་དང༌། མཐར་མྱ་ངན་ལས་འདའ་ཁར་ཀུན་ཏུ་རྒྱུ་རབ་བཟང་ལ་མཛད་དེ། འདི་དག་དང་ཤཱ་རིའི་བུ་ནི་དགེ་སློང་ཚུལ་ཤོག་ཅེས་བྱ་བས་ཀྱང་བསྙེན་པར་རྫོགས་སོ། །འདི་ལ་ནི་སྲིད་པ་ཐ་མ་པས་ཁྱབ་བོ་ཞེས་གསུང་ངོ༌། སྟོན་པར་ཁས་བླངས་པ་ལས་བསྙེན་པར་རྫོགས་པ་ནི། དགེ་སློང་འོད་སྲུང་ནི་མཚན་མོའི་ཐུན་ཐ་མ་ལ་རས་སྦྱར་མའི་སྣམ་སྦྱར་འབུམ་རི་བ་ཐོགས་ཏེ་དགྲ་བཅོམ་ཐོབ་པའི་ཕྱིར་དུ་རབ་ཏུ་བྱུང་ནས་བུ་མངས་ཀྱི་མཆོད་རྟེན་གྱི་དྲུང་དུ་སངས་རྒྱས་ལ། ཁོ་བོ་ནི་ཁྱེད་ཀྱི་ཉན་ཐོས་སོ། །ཁྱེད་ནི་བདག་གི་སྟོན་པའོ་ཞེས་སྟོན་པར་ཁས་བླངས་པ་ལས་བསྙེན་པར་རྫོགས་སོ། །འདི་ནི་མཐུ་ཆེ་བས་བདག་ཉིད་ཆེ་ཞེས་བྱའོ། །དྲི་བས་མཉེས་པར་བྱས་པ་ལས་བསྙེན་པར་རྫོགས་པ་ནི། སློབ་མ་ལེགས་བྱིན་ཞེས་བྱ་བ་སྟོན་པ་དྲི་བས་མཉེས་པར་བྱས་པ་ཉིད་ཀྱིས་སྔ་མ་དེ་བཞིན་དུ་བསྙེན་པར་རྫོགས་སོ། །འདིའི་དྲི་བ་དང་ལན་ནི། སྟོན་པས་ལེགས་བྱིན་ཞེས་བོས་ནས། གཅིག་ཏུ་གཅེས་པ་ནི་གང་ཡིན་དྲིས་པ་ན། ཐར་པའོ། །དེ་ལ་དགོས་པ་ནི་གང་ཡིན་ཞེས་དྲིས་པ་ན། དད་པའོ་ཞེས་ཞུས་པས། དྲི་བའི་ལན་གྱིས་སྟོན་པ་མཉེས་པར་བྱས་པས་དྲི་བས་མཉེས་པ་ཞེས་བྱའོ་ཞེས་པཎ་ཆེན་ཤཱཀྱ་ཤྲཱི་གསུངས་ལ། བལ་པོ་ཞི་བ་ན་རེ་སྙིགས་མ་ལྔའི་མདོ་ནས་འབྱུང་ཞེས་གསུང་ངོ༌། །ཡུལ་དབུས་སུ་སྐྱེས་པ་ཡང་དག་པར་བསྙེན་པར་རྫོགས་པ་ལ་མ་མཐའི་གྲངས་བཅུ་ཚོགས་ཀྱིས་བསྙེན་པར་རྫོགས་དགོས་སོ་ཞེས་པ་དང༌། མཐའ་འཁོབ་ཏུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་ལྔའི་ཚོགས་ཀྱིས་བསྙེན་པར་རྫོགས་དགོས་སོ་ཞེས་བསྟན་པ་ནི་བཅུ་ཚོགས་དང་ལྔ་ཚོགས་ཀྱིས་བསྙེན་པར་རྫོགས་པའོ། །འོ་ན་བཅུ་ཚོགས་དང་ལྔ་ཚོགས་ཁོ་ནས་བསྙེན་པར་རྫོགས་སམ་ཞེ་ན། དགེ་འདུན་གྱི་གྲངས་ཀྱི་ཉུང་མཐའ་བཟུང་བ་ཡིན་གྱི། དེ་ལས་ལྷག་པས་ཀྱང་ནི་བསྙེན་པར་རྫོགས་སུ་རུང་ངོ༌། ལྕི་བའི་ཆོས་བརྒྱད་སྤོང་བ་ལས་བསྙེན་པར་རྫོགས་པ་ནི། གྲོང་ན་དི་ཀ་གུ་ཇིའི་གནས་སུ་གོའུ་ཏ་མ་འཁོར་ལྔ་བརྒྱ་དང་བཅས་པ་ལྕི་ཆོས་བརྒྱད་སྤོང་བར་ཁས་བླངས་པའོ། །ལྕི་བའི་ཆོས་བརྒྱད་ནི་འོག་ཏུ་སྟོན་ནོ། །འདིར་བཅུའི་གྲངས་ནི་རང་བྱུང་གིས་བསྙེན་པར་རྫོགས་པ་གཉིས་གཅིག་ཏུ་བསྡུས་ཤིང༌། བཅུ་ཚོགས་དང་ལྔ་ཚོགས་གཉིས་སོ་སོར་བགྲངས་པས་བཅུར་འགྱུར་བར་མཛོད་འགྲེལ་ལས་བཤད་དོ། །ལུང་མ་མོ་ལས་རྫོགས་པའི་སངས་རྒྱས་རང་བྱུང་གི་དང༌། རང་རྒྱལ་མཁན་སློབ་མེད་པའི་དང༌། ལྔ་སྡེ་ཡེ་ཤེས་ཁོང་དུ་ཆུད་པའི་དང༌། འོད་སྲུང་སྟོན་པར་ཁས་བླངས་ཀྱི་དང༌། འཆར་ལྡན་དྲི་བས་ལན་ལྡོན་པའི་དང༌། བཟང་སྡེ་དྲུག་ཅུ་སྐྱབས་སུ་སོང་བའི་དང༌། གཽ་ཏ་མི་སོགས་ལྕི་བའི་ཆོས་བརྒྱད་སྤངས་བའི་དང༌། མཆོད་སྦྱིན་མ་འཕྲིན་གྱི་དང༌། ཤཱ་རིའི་བུ་ཚུར་ཤོག་གི་དང༌། མཐའ་འཁོབ་ཏུ་ལྔ་ཡན་ཆད་ཀྱི་དང༌། ཡུལ་དབུས་སུ་བཅུ་ཡན་ཆད་ཀྱི་དང༌། དགེ་འདུན་སྡེ་གཉིས་ལ་བསྙེན་པར་རྫོགས་བ་སྟེ་བཅུ་གཉིས་གསུངས་སོ། །གཞུང་འདིར་འོག་ནས་འབྱུང་བའི་གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་བགྲང་བར་བྱས་ནས་བཅུར་བྱེད་ན་ལྔ་ཚོགས་དང༌། བཅུ་ཚོགས་གཉིས་གཅིག་ཏུ་བསྡུ་དགོས་སོ། །སྔ་མའི་བསྙེན་པར་རྫོགས་ཚུལ་དེ་དག་ལས་གཞན་ཡང་བསྙེན་པར་རྫོགས་ཚུལ་ཅི་རིགས་པ་སྟེ། སྔོན་གྱི་ཆོ་ག་དང༌། ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་ཏེ། དེ་ལ་སྔོན་གྱི་ཆོ་ག་ནི། མདོ་རྩ་བ་ལས། དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་དུ་བྱས། རྒན་རིམ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར། ཙོག་ཙོག་པོར་འདུག་ཅིང་གསོལ་བ་གདབ་པར་གྱུར་པ་གསུམ་དང༌། གསོལ་པ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་ཉེ་བར་བསྒྲུབ་པར་གྱུར་པ་ལྟ་བུ་ནི་སྔོན་གྱི་ཆོ་གའོ་ཞེས་སོ། །ད་ལྟར་གྱི་ཆོ་ག་ནི། ཐོག་མར་དགེ་བསྙེན་དང༌། དེ་ནས་དགེ་ཚུལ་དང༌། དེ་ནས་མཁན་པོ་དང་སློབ་དཔོན་དང་བཅས་ཏེ་གསོལ་བཞིའི་ལས་ནི་སྔོན་དུ་འགྲོ་བས་བསྙེན་པར་རྫོགས་པར་བྱས་ཏེ། བསྙེན་པར་རྫོགས་པ་འདི་དག་ལ་སྔར་བཤད་པ་ཉིད་ཀྱི་རིགས་དང་མདོག་དང་དབྱིབས་ཀྱི་སྐྱོན་ལ་སོགས་པ་བར་ཆད་དུ་བགྲང་བའི་ཉེས་པར་གྲགས་པ་མེད་པ་ཞིག་དགོས་པ་ཡིན་ནོ། །ད་ལྟར་གྱི་ཆོ་ག་གནང་ཚུལ་ནི། སྔོན་རྫོགས་འདོད་ཐག་རིང་པོ་ནས་སྟོན་པ་ཅན་དུ་རྫོགས་པར་འོངས་པའི་ལམ་དུ་བར་ཆད་དུ་གྱུར་ནས། དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་ཤིང༌། ཇི་ལྟར་རབ་ཏུ་བྱུང་མ་ཤེས་པས་ཇི་ལྟར་རབ་ཏུ་འབྱིན་པའི་ཚུལ་གསུངས་སོ། །ཡང་མཁན་སློབ་མེད་པར་བྱས་པས་ན་བར་གྱུར་པས་ན་ནད་གཡོག་རྙེད་པས་མཁན་པོ་དང་བཅས་སློབ་དཔོན་དང་བཅས་ཏེ་བྱ་དགོས་པར་གསུངས་སོ། །འབྲས་བུ་བསྙེན་རྫོགས་ཀྱི་རབ་དབྱེ་བསྟན་ཟིན་ཏོ། །གསུམ་པ་མཇུག་ཏུ་བརྗོད་པའི་ཆོ་ག་ལ་གཉིས་ཏེ། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ནི། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་རྫོགས་པར་བྱ་བའི་དུས་གོ་བར་བྱ་བ་ལ་དུས་ནི་རྣམ་པ་དུ་མར་གསུངས་ཏེ། ཟླ་བ་བཅུ་གཉིས་ལ་རབ་འབྲིང་ཐ་ཆུང་རྣམས་ཤེས་པའི་ཕྱིར་དུ་དགུན་དང༌། དཔྱིད་དང༌། དབྱར་དང༌། སྟོན་ཞེས་དུས་ཚིགས་བཞིར་གསུངས་ལ། དུས་ཀྱི་དང་པོ་ནི་དགུན་ཡིན་ཏེ། རྒྱལ་སྲས་ཀྱིས། སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་ཡིན་ནོ། །གཉིས་པ་ནི་དཔྱིད་དོ། །གསུམ་པ་ནི་དབྱར་རོ་ཞེས་སོ། །འདིར་ཡང་དུས་ཚིགས་བརྗོད་པ་ན་དགུན་ཐོག་མར་སྨྲོས་སོ། །ཟླ་བ་ལ་མར་ངོ་སྔོན་འགྲོ་དང༌། ཡར་ངོ་སྔོན་འགྲོའི་སྲོལ་གཉིས་ལས། སངས་རྒྱས་པ་རྣམས་ཀྱི་ནི་མར་ངོ་སྔོན་འགྲོ་ཁས་བླང་བར་བྱ་སྟེ། ཟླ་བ་དེའི་ཉ་ལ་སྐར་མ་གང་ཤར་བ་དེ་ཡིས་ཟླ་བ་རྫོགས་པར་འཇོག་པའི་ཕྱིར་ཏེ། ཉི་མའི་སྙིང་པོར། ཟླ་བ་ཉ་ཚེས་ཟླ་རངས་འགྱུར། །ཞེས་པ་དང༌། རྒྱལ་སྲས་ཀྱིས། ཟླ་བ་རྣམས་ཀྱི་མར་གྱི་ངོ་སྔ་སྟེ་ཞེས་སོ། །ལོའི་མཇུག་ནི་འཇིག་རྟེན་པས་སྟོན་ཟླ་ཐ་ཆུང་ཞེས་ཐ་སྙད་བྱས་པའི་ཚེས་བཅོ་ལྔ་ལ་སྨིན་དྲུག་འཆར་བ་དེ་ཡིན་ཏེ། དེ་ལ་ཟླ་བ་གཅིག་གི་ཁོངས་སུ་སྨིན་དྲུག་དང༌། བྲ་ཉེ་ལན་གཉིས་སུ་རྒྱུའོ། །སྤྱིར་ཚེས་བཅོ་ལྔ་ལ་རྒྱུ་སྐར་གང་ཤར་བའི་ཟླ་བ་དེ་དང༌། དེའི་སྔོན་མ་ལ་ཟླ་བ་གཅིག་ལ་ལན་གཉིས་སུ་རྒྱུ་བ་ཆོས་ཉིད་དོ། །ཉི་མའི་སྙིང་པོ་ལས། བྲ་ཉེ་དང་ནི་སྨིན་དྲུག་གཉིས། །ལན་གཉིས་ཁོ་ནར་ཡོངས་སུ་རྒྱུ། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདི་ནི་རབ་ཏུ་བརྗོད་པ་ཡིན། །ཞེས་གསུངས་སོ། །སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་སྐར་མ་དབྱུག་པ་འཆར་བའི་ཚེས་བཅུ་དྲུག་ནས། སྟོན་ཟླ་ཐ་ཆུང་གི་ཉ་ལ་སྨིན་དྲུག་འཆར་བའི་བར་ནི་མར་ངོ་སྔོན་འགྲོ་ལྟར་ན་སྨིན་དྲུག་ཟླ་བ་ཞེས་ཐ་སྙད་བྱས་པའི་ཟླ་བ་ནས་བཟུང་སྟེ། མཆུའི་ཟླ་བའི་བར་ཟླ་བ་བཞི་ནི་དགུན་དུས་སོ། །དབོ་དང༌། ནག་པ་དང༌། ས་ག་དང༌། སྣྲོན་གྱི་ཟླ་བ་བཞི་ནི་སོ་ཀ་སྟེ་དཔྱིད་དོ། །ཆུ་སྟོད་གྱི་ཟླ་བ་ནི་དབྱར་རོ། །གྲོ་ཞུན་ཟླ་བའི་མར་ངོའི་ཚེས་གཅིག་ནི་དབྱར་ཐུང་ངུའོ། །དེ་བཞིན་དུ་ལྷག་མ་ཟླ་བ་གསུམ་ལ་ཞག་གཅིག་གིས་མཆོག་པ་ནི་དབྱར་རིང་པོའི་མིང་དུ་ཡང་ཤེས་པར་བྱ། དེ་ལྟར་ན་དབྱར་ལ་གསུམ་དང༌། དགུན་དང་དཔྱིད་དེ་ལྔ་པོ་འདི་དག་ནི་དུས་རྣམ་པ་ལྔའོ། །དེ་ལྟར་ལོ་དང༌། ཟླ་བ་དང༌། དུས་དང༌། ཚེས་གྲངས་དང༌། གྲིབ་ཚོད་རྣམས་བརྗོད་དོ། །གྲིབ་ཚོད་ནི་ཐུར་མ་སོར་བཞི་པས་གཞལ་ཏེ་དེའི་གྲིབ་མ་སོར་བཞི་ལ་སྐྱེས་བུ་ཞེས་ཐ་སྙད་བྱའོ། །བསྙེན་པར་རྫོགས་པའི་དུས་གོ་བར་བྱས་ནས་འཚོ་བ་རྣམ་དག་ལ་གདམས་པ་ནི། དེ་ལྟར་བསྙེན་པར་རྫོགས་ནས་ལྷུང་བཟེད་བཟུང་ནས་ཟས་བསོད་སྙོམས་པ་དང༌། སྨན་བཀུས་ཏེ་བོར་བ་དང༌། སྣམ་སྦྱར་སོགས་གོས་ཕྱག་དར་ཁྲོད་དང༌། དེ་བཞིན་དུ་གནས་མལ་ཤིང་དྲུང་ལ་སོགས་པ་བསྟེན་ནས་ཀྱང་དབྱར་ཚུལ་འཇུག་དག་བྱ་སྟེ། གང་གིས་རྟག་ཏུ་བདག་གིས་དྲན་པར་བྱ་བའི་དོན་ནི་སློབ་དཔོན་གྱིས་བརྗོད་ཅིང༌། སློབ་མས་ཀྱང་མཉན་པར་བྱ་སྟེ། གཞན་དུ་ན་གཉིས་ཀ་ལ་ཉེས་བྱས་སུ་འགྱུར་རོ། །འདིར་གདམས་ངག་རྣམས་རྒྱས་པར་བརྗོད་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་གདམས་ངག་ནི། དགེ་སློང་ཕའི་གདམས་ངག་རྣམས་ཀྱི་ནང་ནས་གནས་རྣམས་ལས་ཤིང་དྲུང་མི་བརྗོད་ཅིང༌། ཆོས་གོས་ནི་ལྔ་བརྗོད་དེ། ཆོས་གོས་གསུམ་པོའི་སྟེང་དུ་རྔུལ་གཟན་དང༌། ཤི་ངང་དཔུང་ཆད་དོ། །གཽ་ཏ་མའི་ལྕི་ཆོས་ཀྱི། །ཞེས་གསུངས་ན། ལྕི་ཆོས་གང་ཞེ་ན། དགེ་སློང་རྣམས་ལས་དགེ་སློང་མ་འདི་བསྙེན་པར་རྫོགས་པར་བྱེད་དགོས་པ་དང༌། དགེ་སློང་དེ་ལ་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་ཞུ་བའི་དོན་དུ་གསོལ་བ་སྟེ་ཞུ་བ་བྱེད་དགོས་པ་དང༌། དགེ་སློང་དང་བཅས་པའི་གནས་སུ་དབྱར་གནས་ནས་དགག་དབྱེ་བྱེད་པའི་ཚེ་དགེ་སློང་ཕ་མའི་ཚོགས་ཉིས་ཆར་དང་དགག་དབྱེ་བྱའོ། །དགེ་སློང་ལ་ཚུལ་ཁྲིམས་འཆལ་བ་ཞེས་དང༌། དགེ་སློང་མིན་ཞེས་སོགས་ཀྱི་སྒོ་ནས་མི་གླེང་བ་དང༌། དེ་ལ་ཁྲོ་བ་ཉིད་ཀྱང་མི་བྱའོ། །ལྕི་བའི་ཆོས་འདི་དག་ལས་འདས་ནས་ནི་ཟླ་བ་ཕྱེད་དུ་ཕ་མའི་ཚོགས་གཉིས་ཆར་ལ་མགུ་བ་སྤྱད་པར་བྱ་སྟེ། དགེ་སློང་བསྙེན་པར་རྫོགས་པ་གསར་བུ་ཡིན་ཡང་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་དགེ་སློང་གསར་བུ་དེ་ལ་ཕྱག་བྱའོ། །འདི་ནི་དགེ་སློང་མ་རྣམས་ཀྱི་དགེ་སློང་གསར་བུ་དང་བར་མ་དང་གཞོན་ནུ་དག་གིས་གཽ་ཏ་མ་ལ་ཕྱག་འཚལ་བར་རིགས་ཞེས་ཀུན་དགའ་བོ་ལ་ཞུས་སོ། །ཀུན་དགའ་བོས་སྟོན་པ་ལ་ཞུས་པ་ན། སྟོན་པས་ཀུན་དགའ་བོ་ཁྱོད་ཀྱིས་ཕྱིན་ཆད་དེ་འདྲ་མ་སྨྲ་ཞིག གལ་ཏེ་བུད་མེད་རབ་ཏུ་མ་ཕྱུང་ན་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དགེ་སློང་ལ་བསོད་སྙོམས་ཀྱིས་ལྷུང་བཟེད་བཀང་སྟེ་སྟེར་ཞིང༌། གོས་གསར་པ་ཁ་ཚར་རིང་པོ་སྲང་དུ་བཏིང་ནས་དགེ་སློང་རྣམས་སྟེང་ནས་གཤེགས་སུ་འཇུག་པ་དང༌། རང་གི་སྐྲ་བཏིང་ནས་གཤེགས་སུ་འཇུག་ཅིང༌། དགེ་སློང་གི་འོད་ཀྱིས་ཉི་ཟླ་ཡང་ཟིལ་གྱིས་གནོན་ནུས་ན་མུ་སྟེགས་ཅན་རྣམས་ལྟ་ཅི་སྨོས། བུད་མེད་རབ་ཏུ་མ་ཕྱུང་ན་ངའི་བསྟན་པ་ལོ་སྟོང་ཚང་བར་ཉེས་མེད་དུ་གནས་པར་འགྱུར་པ་ལས། དེ་ལྟར་མ་གྱུར་པ་དེ་ལྟ་བས་ན་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་ཀྱང་གཟོད་རྫོགས་པའི་དགོ་སློང་ལ་བསྟོད་པ་དང་ཐལ་མོ་སྦྱར་བ་དང་ཕྱག་སོགས་བྱའོ་ཞེས་སོ། །ལྕི་བའི་ཆོས་བརྒྱད་པོ་འདི་དག་ནི་དགེ་སློང་མ་རྣམས་ལ་སྟོན་པས་སྤང་བར་བྱ་བར་གསུངས་པ་ཡིན་ནོ། །དགེ་སློང་མའི་མཇུག་ཆོག་རྣམས་རྒྱས་པར་བསྙད་དོ། །དགེ་སློང་གི་ཆོ་གའི་དོན་དངོས་བསྟན་ཟིན་ཏོ། །གཉིས་པ་ལས་འཆགས་མི་འཆགས་ཀྱི་རབ་དབྱེ་བ་ལ་ལྔ་སྟེ། བར་ཆད་ཅན་ལ་སྐྱེ་བའི་ཁྱད་པར། ལོ་མ་ཚང་བ་ལ་སྐྱེ་མི་སྐྱེའི་ཁྱད་པར། འོན་པ་ལ་སྐྱེ་བའི་གནས་སྐབས། མཚན་གྱུར་བ་ལ་སྐྱེ་བའི་གནས་སྐབས། མཚམས་གཞན་ན་གནས་པ་ལ་མི་སྐྱེ་བའོ། །དང་པོ་ནི། ཡིན་པ་བུད་མེད་ཡིན་པ་ལ་རྣམ་པ་སྐྱེས་པའི་རྣམ་པ་འདྲ་བ་དང༌། ཡིན་པ་སྐྱེས་པ་ཡིན་པ་ལ་བུད་མེད་ཀྱི་རྣམ་པ་འདྲ་བ་དང༌། རྫོགས་བྱེད་མཁན་པོ་གཏན་ནས་མེད་པ་ལ་ཡང་སྐྱེ་བ་ཉིད་དོ། །མདོ་རྩ་བ་ལས། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ལ་ཡང་ངོ་ཞེས་གསུངས་སོ། །འགའ་ཞིག་མཁན་པོ་དམན་པ་ལ་དགག་པའི་སྒྲ་སྦྱར་བ་ཙམ་ཡིན་གྱི། མཁན་པོ་གཏན་ནས་མེད་པ་ལ་མི་སྐྱེའོ་ཞེས་འདོད་དོ། །མི་འཐད་དེ། གཞུང་འདི་དང་འགལ་བ་དང༌། མཁན་པོའི་བྱ་བ་རྣམས་མ་བྱས་ཀྱང་སྐྱེ་བར་བཤད་པའི་ཕྱིར་དང༌། མཁན་པོ་མ་གསོལ་བ་ལ་ཡང་སྐྱེ་ལ་ཉེས་བྱས་སུ་གསུངས་བའི་ཕྱིར་ཏེ། ཞུ་བ་ལས། མཁན་པོ་མ་མཆིས་པར་རྫོགས་ན་རྫོགས་ཞེས་བྱ་འམ། མ་རྫོགས་ཞེས་བྱ། རྫོགས་ཞེས་བྱ་སྟེ། རྫོགས་པར་བྱེད་པ་དག་ལ་འདས་པ་དང་བཅས་པར་འགྱུར་རོ་ཞེས་གསུངས་སོ། །གལ་ཏེ་མཁན་པོའི་མིང་མ་བརྗོད་ན་ཡང་མི་སྐྱེ་བར་བཤད་པ་མ་ཡིན་ནམ་ཞེ་ན། མཁན་པོ་ཡོད་བཞིན་དུ་མིང་མ་བརྗོད་ན་ཆོ་ག་མ་ཚང་བའི་བློ་སྐྱེ་བ་ལ་དགོངས་སོ། །མཁན་པོ་ཡོད་ཀྱང་ཁྱིམ་པའི་རྟགས་ཅན་དུ་གྱུར་པ་དང༌། སོགས་པ་ལྟ་བ་ངན་པ་ཅན་དུ་གྱུར་པ་ལ་སོགས་པ་ཉིད་དང༌། གང་ཡང་སྡོམ་པ་སྐྱེ་བའི་སྐལ་བ་དང་ལྡན་ཡང་རྐུན་པོ་དང་ཡན་ལག་བཅད་པ་སོགས་དང༌། ཁོང་ཆུད་སྟེ་གླེན་པ་དེ་དག་ལ་ཡང་བསྙེན་པར་རྫོགས་པ་སྐྱེ་བར་འགྱུར་མོད་ཀྱི། རྫོགས་བྱེད་ཀྱི་དགེ་སློང་འགལ་ཚབས་ཅན་ཏེ་ཉེས་བྱས་ཅན་དུ་འགྱུར་རོ། །འདིས་མཚོན་ནས་འགལ་ཚབས་ཞེས་པ་ཐམས་ཅད་ཉེས་བྱས་སུ་ཤེས་པར་བྱའོ། །གཉིས་པ་ལོ་མ་ཚང་བ་ལ་སྐྱེ་མི་སྐྱེའི་ཁྱད་པར་ལ་གསུམ་སྟེ། སྡོམ་པ་མི་ནོད་ན་མི་སྦྱིན་པ་དང༌། ནོད་པ་པོའི་ན་ཚོད་བརྟག་པ་དང༌། ལོ་མ་ཚང་བ་རྫོགས་པ་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། བསྒྲུབ་བྱ་དེ་རྫོགས་པར་མི་འདོད་བཞིན་དུ་ནན་གྱིས་བསྙེན་པར་རྫོགས་པར་མི་བྱ་སྟེ། ཆོ་ག་བྱས་ཀྱང་མི་སྐྱེ་བས་སོ། །གཉིས་པ་ནི། མོའུ་གལ་གྱི་བུའི་དགེ་ཚུལ་ལ་བཅས་པ་སྟེ། རྫོགས་པར་འདོད་པ་གང་གི་ལོ་ནི་ཚང་མ་ཚང་རྫོགས་བྱེད་རྣམས་ཀྱིས་མ་ཤེས་ན་དེའི་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་མ་སྐྱེས་སྒྱུ་ཐབས་ཀྱི་སྒོ་ནས་བརྟག་པར་བྱ་སྟེ། ཇི་ལྟར་རྟོག་ན། ཤིང་སོགས་ཀྱི་རྩེ་ནས་དངོས་པོ་འདི་ལོངས་ཤིག་ཅེས་པས་ལག་པ་རྐྱོང་དུ་བཅུག་པས་མཆན་ཁུང་ན་སྤུ་སྐྱེས་མ་སྐྱེས་བརྟགས་ཏེ། དེར་སྐྱེས་ན་མཚན་གྱི་ཉེ་འཁོར་དུ་འདི་སྐྱེས་པར་ཤེས་པར་བྱའོ། །བརྟག་པ་དེས་ནི་ན་ཚོད་མངོན་པར་གསལ་བར་འགྱུར་རོ། །སྤྱིར་རྫོགས་པར་འདོད་པ་རྣམས་མངལ་དུ་གནས་པ་ཟླ་གཤོལ་སོགས་བསྣན་ནས་ལོ་ཉི་ཤུ་ལོན་པ་ལ་རུང་གི གཞན་དུ་ནི་མ་ཡིན་ནོ། །གསུམ་པ་ནི། རྫོགས་པར་འདོད་པ་གང་འདི་སྐྱེས་ནས་ཉི་ཤུ་མ་རྫོགས་ཏེ་མ་ལོན་པའི་ལོ་ཡིས་ཏེ་མ་ལོན་ཡང་ལོན་པར་འདུ་ཤེས་ནས་དགེ་སློང་བྱས་ན་ནི་ལོ་གསུམ་གསུམ་ལ་ཟླ་གཤོལ་རེ་འདོར་བས་དེ་དག་ཀྱང་བསྣན་ནས་བགྲང་པར་བྱ་ཞིང༌། དེས་ཀྱང་མ་ཚང་ན་མངལ་དུ་ཟླ་བ་དགུ་འམ་བཅུ་གནས་པས་དེ་དག་རྣམས་ཀྱང་རྫོགས་བྱེད་མཁས་པས་བགྲངས་ནས་ལོའི་ཁ་དགང་བར་བྱའོ། །གལ་ཏེ་དེ་ལྟར་བགྲངས་ཀྱང་དགེ་སློང་བྱས་པ་ཡང་འདི་ནི་ཉི་ཤུ་མ་ཚང་ན་གང་ཟག་དེ་དགེ་ཚུལ་ཉིད་དུ་གནས་པར་འགྱུར་ཏེ། དེ་ནི་བསྙེན་པར་རྫོགས་པ་མ་ཡིན་པ་ཉིད་དོ། །གལ་ཏེ་བསྙེན་རྫོགས་བྱས་ནས་ལོ་གཅིག་གམ་ལོ་གཉིས་དག་ནས་དགེ་སློང་བྱེད་དུས་ན་ལོ་ཉི་ཤུ་མ་ལོན་པར་འདུག་སྙམ་དུ་གལ་ཏེ་དྲན་པ་རྙེད་པར་གྱུར་ན་དྲན་པ་རྙེད་དུས་དེ་ན་ཟླ་གཤོལ་དང་མངལ་ཟླ་རྣམས་བརྩིས་པས་ལོ་ཉི་ཤུ་ལོན་ན་རྫོགས་བྱེད་འདི་ཡི་ལོ་ནི་ཚང་བ་ཡིན་པས་ན་བསྙེན་པར་རྫོགས་པ་ཉིད་ཡིན་ནོ། །འདི་ནི་དང་པོར་བསྙེན་པར་རྫོགས་པའི་དུས་སུ་སྐྱེས་ནས་ལོ་ཉི་ཤུ་མ་ལོན་ཡང་ཟླ་གཤོལ་དང་མངལ་གྱི་ཟླ་བས་ཁ་བསྐངས་ནས་བསྙེན་པར་རྫོགས་སུ་རུང་ཞེས་པའི་དོན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དང་པོར་ལོ་མ་ལོན་པར་འདུ་ཤེས་པས་ཕྱིས་དྲན་པའི་དུས་སུ་འཇིག་མི་འཇིག་དཔྱད་པ་ཡིན་ནོ། །གསུམ་པ་ནི། སྦྱོར་བའི་དུས་སུ་མ་འོན་ན་དངོས་གཞིའི་དུས་ན་འོན་པ་ཡིན་ཀྱང་དགེ་སློང་གི་སྡོམ་པ་ལེན་པར་གོ་བར་འགྱུར་ན་དངོས་གཞིའི་དུས་སུ་ལས་བརྗོད་པ་ནི་མ་ཐོས་ཀྱང་རྫོགས་བྱེད་འདི་ལ་བསྙེན་པར་རྫོགས་པའི་སྡོམ་པ་ཡོད་པ་ཁོ་ན་སྟེ། ཚུལ་ཁྲིམས་དང་ལྡན་པ་མཁན་པོ་ལ་ཡང་ཉེས་པ་མེད་དེ། དེ་སྦྱོར་བའི་དུས་ན་མ་འོན་པས་སོ། །བཞི་པ་མཚན་གྱུར་པ་ལ་སྐྱེ་བའི་གནས་སྐབས་ལ་གསུམ་སྟེ། བསྒྲུབ་བྱ་མཚན་གྱུར་པ་དང༌། མཁན་པོ་མཚན་གྱུར་པ་དང༌། ལས་བྱེད་མཚན་གྱུར་པ་ལ་དཔྱད་པའོ། །དང་པོ་ནི། སྐྱེས་པ་བསྙེན་པར་རྫོགས་པར་བྱས་ནས་དགེ་སློང་དུ་གནས་པ་དེ་གལ་ཏེ་བུད་མེད་དུ་མཚན་གྱུར་པ་ན་ཡང་མཚན་གྱུར་པའི་དབང་གིས་བསྙེན་པར་རྫོགས་པ་འཇིག་པ་མ་ཡིན་གྱི། འདི་ལ་ནི་བསྙེན་རྫོགས་ཡོད་པ་ཁོ་ན་སྟེ། འདི་དགེ་སློང་མ་ཡིན་པས་དགེ་སློང་མའི་འཁོར་གྱི་ནང་དུ་གཞག་གོ །མཛོད་ལས། མཚན་ལས་མིང་ནི་འཕོ་ཕྱིར་རོ། །ཞེས་གསུངས་སོ། །མཚན་ལན་གཉིས་སུ་གྱུར་པ་ཙམ་ལ་ནི་སྔར་ཡོད་མི་འཇིག་ཅིང་ལེན་པ་ཉིད་ལ་ཡང་སྐྱེའོ། །མཚན་ལན་གསུམ་དུ་གྱུར་ན་ནི་སྔར་ཡོད་འཇིག་ཅིང་ལེན་པ་ལ་ཡང་མི་སྐྱེ་སྟེ། བསམ་པ་མི་བརྟན་པས་འཆལ་ཚུལ་གྱི་གཉེན་པོ་ལ་སྦྱོར་མི་བཟོད་པའི་ཕྱིར་རོ། །གཉིས་པ་མཁན་པོ་མཚན་གྱུར་པ་ལ་དཔྱད་པ་ནི། གལ་ཏེ་གསོལ་བཞིའི་ལས་ཀྱིས་གསོལ་བ་ཐོས་ནས་ནི་མཁན་པོ་མཚན་ནི་གྱུར་པ་ན་བསྒྲུབ་བྱ་དེ་ནི་བསྙེན་པར་རྫོགས་པ་ཁོ་ན་ཡིན་ལ། ལས་བྱེད་པ་གཞན་ལའང་ཉེས་པ་མེད་དོ། །གསུམ་པ་ལས་བྱེད་མཚན་གྱུར་པ་ལ་དཔྱད་པ་ནི། གལ་ཏེ་བསྒྲུབ་བྱས་ལས་བརྗོད་པ་གསུམ་པ་ཐོས་ནས་ལས་བྱེད་པའི་སློབ་དཔོན་མཚན་གྱུར་པ་ན་ཡང་འདིར་མཁན་པོ་ལ་ཉེས་བྱས་དང༌། ལས་བྱེད་པ་རྣམས་ལ་སྐྱོན་ཡོད་པ་མིན་ནོ། །འདི་དག་གིས་ཤུགས་ལ་གསོལ་བ་མ་ཐོས་པར་མཁན་པོ་མཚན་གྱུར་པ་དང༌། བརྗོད་པ་གསུམ་པ་མ་ཐོས་པར་ལས་བྱེད་པ་མཚན་གྱུར་ན་མི་སྐྱེ་ཞེས་བཤད་དོ། །ལྔ་པ་མཚམས་གཞན་ན་གནས་པ་ལ་མི་སྐྱེ་བ་ནི། ལས་བྱེད་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གནས་ཏེ་བསྒྲུབ་བྱ་ས་ལ་འདུག་པ་ལ་བསྙེན་པར་རྫོགས་པའི་ལས་བྱེད་པར་གྱུར་པ་ན། བསྒྲུབ་བྱ་ལ་བསྙེན་པར་རྫོགས་པའི་སྡོམ་པ་རྒྱང་རིང་ཞིང་མི་ཐོབ་སྟེ། དཔེར་ན་ཚུལ་ཁྲིམས་འཆལ་བས་མཐོ་རིས་མི་འཐོབ་པ་བཞིན་ནོ། །གསུམ་པ་ཆོ་གའི་སྤྲོས་པ་ལ་བཞི་སྟེ། དངོས་གཞིའི་ཆོ་གའི་སྤྲོས་པ་དང༌། རྗེས་ཀྱི་ཆོ་གའི་སྤྲོས་པ་དང༌། བར་ཆད་ཀྱི་ཆོ་གའི་སྤྲོས་པ་དང༌། ཕྱིར་བཅོས་ཀྱི་ཆོ་གའོ། །དང་པོ་ལ་གསུམ་སྟེ། སྦྱོར་བའི་དུས་སུ་ཇི་ལྟར་བྱ་བ་དང༌། ཡོ་བྱད་ཚང་བར་བྱ་བ་དང༌། བསམ་པ་བརྟག་པའོ། །དང་པོ་ལ་གཉིས་ཏེ། བསྙེན་པར་རྫོགས་པར་འདོད་པ་བསྲུང་བ་དང༌། ཞར་ལ་རབ་ཏུ་འབྱིན་པའི་དུས་སོ། །དང་པོ་ནི། བསྙེན་པར་རྫོགས་པར་འདོད་པའི་དགེ་ཚུལ་རྣམས་ཀྱང་བརྩེ་བས་བསྲུང་བར་བྱ་སྟེ། སྟོན་པའི་བསྟན་པ་དག་འཕེལ་བར་བྱ་བའི་ཕྱིར་དུའོ། །ཇི་ལྟར་ཏེ་དཔེར་ན་མིའི་བདག་པོ་འཁོར་ལོས་སྒྱུར་རྒྱལ་གྱི་གཞོན་ནུ་བུ་ཐུ་བོ་དེའི་རིགས་རྒྱུད་འཕེལ་བར་བྱ་བའི་ཕྱིར་དུ་བརྩེ་བས་བསྲུང་བ་དེ་བཞིན་དུའོ། །སྔོན་བསྙེན་པར་རྫོགས་པར་འདོད་པའི་དགེ་ཚུལ་ཞིག་མཉན་ཡོད་དུ་བླ་མ་ཉེ་དགའི་བཀའ་ཡིས་མེ་ཏོག་ཐུ་བའི་ཕྱིར་དུ་ཤིང་སྡོང་མཐོ་བ་ཞིག་ལ་འཛེགས་པ་ལས་ཤིང་ཆགས་ནས་ལྷུང་སྟེ་ལག་པ་ཆག་པའི་ཚེ་ན་དེ་ལ་བརྟེན་ནས་བསླབས་པ་འདི་དག་གསུངས་པ་ཡིན་ནོ། །དེས་ན་ཤིང་ལ་སོགས་ལ་འཛེག་ཏུ་མི་གཞུག་པར་གསུང་ངོ༌། དེ་བཞིན་དུ་བསྒྲུབ་བྱ་མཚམས་ཀྱི་ཕྱི་རོལ་དུ་མི་གཏོང་སྟེ། སྔོན་བསྒྲུབ་བྱ་མཚམས་ཀྱི་ཕྱི་རོལ་དུ་བཞག་པ་སྟག་གིས་བསད་པ་ལ་བརྟེན་ནས་སོ། །གཉིས་པ་ནི། མཉན་ཡོད་དུ་ཕ་བུ་གཉིས་རབ་བྱུང་བྱས་པའི་བུ་དེ་ལ་འཁུར་བ་མི་སྟེར་བ་ལ་ངུས་པས་དང་པོ་ལོ་བཅོ་ལྔ་མ་ལོན་པ་ལ་རབ་ཏུ་མི་དབྱུང་བར་བཅས་པ་ལས། ཕྱིས་མཉན་ཡོད་དུ་འཕགས་སྐྱེས་པོས་ཤཱཀྱ་པ་རྣམས་བསད་པས། ཀུན་དགའ་བོའི་ཚ་བོ་གཉིས་ཀྱི་ཕ་མ་གཉིས་ཀྱང་བསད་པས་དེ་གཉིས་བསྐྱང་དཀའ་བ་ལ་བརྟེན་ནས། བྱ་རོག་སྐྲོད་ནུས་ན་ཕྱུང་ཞེས་གནང་ནས། གང་གི་ཕྱིར་ན་ལོ་བདུན་ལོན་པ་འདི་ནི་བྱ་རོག་སྐྲོད་ནུས་པར་གྱུར་པ་དེ་ལྟ་ན་ཡང་བསྟན་པ་ལ་རབ་ཏུ་འབྱུང་བ་ཐུགས་རྗེའི་བདག་ཉིད་ཅན་གྱིས་རྗེས་སུ་གནང་ངོ༌། །གཉིས་པ་ཡོ་བྱད་ཚང་བར་བྱ་བ་ནི། ལྷུང་བཟེད་ཡོད་པ་ཅན་མིན་ན་རབ་བྱུང་དང་བསྙེན་རྫོགས་ལ་ཁ་མི་དྲང་སྟེ། སྔོན་ལྷུང་བཟེད་མེད་པ་ཞིག་བསོད་སྙོམས་ལ་རྒྱུ་བའི་ཚེ་བསོད་སྙོམས་བླངས་པ་ན་སྣོད་མེད་པར། གཞན་ལ་སྣོད་ཉིད་སློང་བ་དོན་དུ་གཉེར་བས། གཞན་དག་ལྷུང་བཟེད་མེད་པ་སུ་ཞིག་གིས་རབ་ཏུ་བྱུང་ཟེར་ནས་དེ་ལ་བརྟེན་ནས་བཅས་པ་ཐོབ་པར་བྱས་སོ། །ཡང་མཉན་ཡོད་དུ་གནས་བརྟན་ཉེ་དགས་རབ་ཏུ་བྱུང་བའི་དགེ་ཚུལ་ཞིག་གང་གི་ཚེ་བྲུབས་ཏེ་བཀྲེས་པས་ཉེན་ཏེ་ཟས་ཀྱི་དུས་ལ་བབ་པ་ན་ལྷུང་བཟེད་མེད་པར་ལྷུང་བཟེད་དོན་དུ་གཉེར་བ་ན། སྟོན་མོའི་དུས་དེའི་ཚེ་དགེ་སློང་རྣམས་ལྷུང་བཟེད་བཀྲུས་ནས་བཞག་ཅིང༌། གནས་གཞན་དུ་མཆོད་རྟེན་ལ་ཕྱག་བྱེད་དུ་སོང་བའི་བར་དུ་དགེ་ཚུལ་དེས་ལྷུང་བཟེད་འདི་ལ་བྱ་སྙམ་ནས་ཀུན་ཤེས་ཀོའུ་ཎྜི་ནྱའི་ལྷུང་བཟེད་ལེན་པར་བརྩམས་པ་ན་དེ་ལེན་དུ་མ་སྟེར་བས་ཀྱང་བཅས་པ་ཐོབ་པར་བྱས་སོ། །དམིགས་བསལ་ལ་ལྷུང་བཟེད་སོགས་རང་དབང་བ་མེད་ཀྱང་རབ་བྱུང་བྱར་རུང་སྟེ། སྔོན་ཕ་ལས་བྲོས་པའི་བུ་ཞིག་རབ་བྱུང་བྱེད་དུ་ཕྱིན་པ་ན་ཡོ་བྱད་དྲུག་མེད་ནས། ཉེ་དགས་ཡོ་བྱད་ཚོལ་དུ་བཏང་བ་ན་ཉེ་དུ་རྣམས་ཀྱིས་ཁོའི་ཆུང་མ་བླངས་ནས་ཁོ་དེ་དང་ལྷན་ཅིག་ཏུ་གྱུར་ཏོ། །ཁོ་བོས་ཡོ་བྱད་དྲུག་རྙེད་ཀྱི། ཚུར་ཤོག་རབ་ཏུ་དབྱུང་ངོ་ཞེས་སྨྲས་པ་ན། འཕགས་པ་བདག་གིས་ཀྱང་ཡོ་བྱད་དྲུག་རྙེད་དོ། །ཅི་འདྲ་བ་ཞིག་ཅེ་ན། མིག རྣ་བ། སྣ། ལྕེ། ལུས། ཡིད་དོ་ཞེའོ། །དེ་ཉིད་དེའི་རབ་བྱུང་གི་གེགས་སུ་གྱུར་ནས་དེ་ལ་བརྟེན་ནས་བརྙན་བོར་བླངས་ཏེ་བརྙས་ནས་ཀྱང་ལྷུང་བཟེད་དང༌། སོགས་པ་ཆོས་གོས་གསུམ་དང༌། གདིང་བ་ཆུ་ཚགས་རྣམས་བློ་བཟང་མཁན་པོས་བསྒྲུབ་བྱ་ལ་བྱིན་ནོ། །གསུམ་པ་བསམ་པ་བརྟག་པ་ནི། རབ་བྱུང་བྱེད་པ་དང་བསྙེན་རྫོགས་བྱེད་པ་དག་ཀྱང་རུང་སྟེ། བྲམ་ཟེ་རབ་ཏུ་བྱུང་བ་ཞིག་སླར་ཁྱིམ་པར་ལོག་པ་བཞིན་དུ་སླར་ལོག་པར་འགྲོ་ན་མི་རུང་བས་ཐོག་མར་བསམ་པ་བརྟག་དགོས་སོ། །རྒྱལ་པོའི་ཁབ་ཏུ་ནད་གསོ་བའི་ཕྱིར་དུ་རབ་ཏུ་བྱུང་བའི་བྲམ་ཟེ་ཞིག་ནད་སོས་པ་ན་སླར་བབས་པ་དེ་བཞིན་དུ་གྱུར་ན་མི་རུང་ངོ༌། །གཉིས་པ་རྗེས་ཀྱི་ཆོ་གའི་སྤྲོས་པ་ལ་གསུམ་སྟེ། གནས་བརྗོད་པའི་དུས་དང༌། བསྒྲུབ་བྱའི་གྲངས་ངེས་དང༌། རྒན་གཞོན་གྱི་རིམ་པའོ། །དང་པོ་ནི། བསྒྲུབ་བྱ་བསྙེན་པར་མ་རྫོགས་པའི་གོང་དུ་ནི་བསྒྲུབ་བྱ་ལ་ངེས་པར་དགེ་སློང་གིས་ཟས་བསོད་སྙོམས་སོགས་དང༌། གོས་ཕྱག་དར་ཁྲོད་ལ་བརྟེན་པ་སོགས་གནས་རྣམས་མི་བརྗོད་དེ། བརྗོད་ན་སྐྱོན་ཅི་ཡོད་ཅེ་ན། མཉན་ཡོད་ན་བྲམ་ཟེ་རབ་ཏུ་འབྱུང་བར་འདོད་པ་ཞིག་ལ། དགེ་སློང་གིས་དགེ་སློང་བྱེད་ན་ཟས་བསོད་སྙོམས་ལ་བརྟེན་དགོས་ཞེས་སོགས་གནས་བཞི་བརྗོད་པས། དེ་ཐོས་ནས་དགེ་སློང་གི་གནས་འདི་ནི་བྱ་དཀའ་བར་འདུག་ཅེས་བྲམ་ཟེ་རབ་ཏུ་འབྱུང་འདོད་དེ་སླར་རང་གི་ཁྱིམ་དུ་སོང་བས་སོ། །གཉིས་པ་བསྒྲུབ་བྱའི་གྲངས་ངེས་ནི། བསྒྲུབ་བྱ་བསྙེན་རྫོགས་བྱེད་པ་ན་ལས་གཅིག་གིས་གྲངས་དུ་ཞིག་བསྙེན་པར་རྫོགས་པར་བྱ་ཞེ་ན། དགེ་སློང་བསྙེན་པར་རྫོགས་བྱེད་རྣམས་ཀྱིས་ལས་གཅིག་གིས་བསྒྲུབ་བྱ་བཞི་མཚམས་ནང་གཅིག་ཏུ་དུས་གཅིག་ཏུ་བསྙེན་པར་རྫོགས་པར་མི་བྱ་སྟེ། བཞི་ནི་ཚོགས་སུ་ལོངས་པ་ཡིན་ལ། ཚོགས་སུ་ལོངས་པ་དག་ལ་ནི་ཚོགས་ཉིད་ཀྱི་ལས་ནི་གང་དུའང་ཅུང་ཟད་ཀྱང་གསུངས་པ་མེད་པས་སོ། །ཉེ་བ་འཁོར་གྱིས་བྲན་ཅན་དང༌། སྐྱོང་བ་གཉིས་དུས་གཅིག་ལ་རྫོགས་པར་བྱ་བའི་ཕྱིར། སྟོན་པ་ལ་གཉིས་དུས་གཅིག་ཏུ་རྫོགས་པར་རུང་ལགས་སམ་ཞེས་ཞུས་པས། གཉིས་སམ་གསུམ་པོ་དག་ཀྱང་རུང་ལ། བཞི་མི་རུང་སྟེ། ཚོགས་ཀྱིས་ཚོགས་ཀྱི་ལས་མི་བྱ་བ་དང༌། གཅིག་གིས་གཅིག་ལ་ཕྱག་མི་བྱ་བ་དང༌། རྙེད་པ་སྔར་འོངས་པས་བླང་ངོ་ཞེས་གསུངས་སོ། །མཚམས་ནང་གཅིག་མ་ཡིན་ན་ལས་གཅིག་གིས་བཞི་དུས་གཅིག་ཏུ་བསྙེན་པར་རྫོགས་པ་ཡོད་དེ། ལས་བྱེད་པ་མཚམས་སུ་གནས་ན་ཕ་རོལ་ངོས་སུ་བསྒྲུབ་བྱ་གཉིས་གཞག ཚུ་རོལ་ངོས་སུ་བསྒྲུབ་བྱ་གཉིས་གཞག་ནའོ་ཞེས་ཞུ་བར་རོ། །འདི་ལ་ནི་བར་དུ་ཐགས་པ་བཏང་ནས་སོ་སོར་གཅད་དགོས་སོ། །གསུམ་པ་རྒན་གཞོན་གྱི་རིམ་པ་ནི། གསོལ་བ་དང་བཞིའི་ལས་གཅིག་གིས་དུས་གཅིག་ལ་བསྙེན་པར་རྫོགས་ན། ན་ཚོད་ལ་རྒན་གཞོན་གྱི་བྱེ་བྲག་ཡོད་པར་གྱུར་ཀྱང་རྒན་པོ་དང་གསར་བུའི་ཁྱད་པར་གང་ཡང་མེད་ཅིང་ཕན་ཚུན་གཅིག་ལ་གཅིག་གིས་ཕྱག་ཀྱང་ཡོད་པ་མིན་ཏེ། གྲལ་མགྱོགས་གྲལ་དུ་བྱ་ཞིང་རྙེད་པ་འགོད་ཚེ་གྲལ་རིམ་བཞིན་དུ་བགོ་འོ། །གཞན་གྱིས་ལས་བཅོལ་ན་ཡང་སྐུལ་བྱེད་ཀྱི་དབང་གིས་གང་ལ་དང་པོར་བཅོལ་བ་དེས་དང་པོར་ལས་བྱ་ཞིང༌། ཡང་ན་གྲལ་གྱི་རིམ་པ་བཞིན་དུ་གང་ཕྱི་ནས་འོངས་བ་དེས་བྱའོ་ཞེས་ཕྲན་ཚེགས་ལས་བཤད་དོ། །གསུམ་པ་བར་ཆད་ཀྱི་སྦྱོར་བ་བཤད་པར་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བར་ཆད་ཀྱི་ངོ་བོ་བཤད་པ་དང༌། རྒྱུ་ལས་ལྡོག་ན་བླང་བར་བྱ་བའོ། །དང་པོ་ནི། མཚམས་མེད་ལྔ་བྱེད་པ་སྟེ། མཚམས་མེད་ལྔ་པོ་ནི་ཕ་མ་གསོད་པ་དང༌། དགྲ་བཅོམ་པ་གསོད་པ་དང༌། དགེ་འདུན་གྱི་དབྱེན་བྱས་པ་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །ཕྱི་མ་འདི་གཉིས་ལ་གླེང་གཞི་མེད་དོ། །རྐུ་ཐབས་སུ་གནས་པ་ནི་སྔོན་དགེ་སློང་གི་རྟགས་རང་གིས་བླངས་པ་ཞིག་དགེ་འདུན་གྱི་གྲལ་མགོ་མའི་འོག་མར་བསྡད་པ་རིམ་གྱིས་གྲལ་འོག་མ་འོག་མར་བསྐྲད་ཅིང༌། མཐར་དྲུག་སྡེས་བཅོས་པ་ལ་བརྟེན་ནས་གསུངས་པ་སྟེ། དེ་ནི་དགེ་སློང་མིན་པ་ལ་དགེ་སློང་གི་རྟགས་ཅན་ཞིག་གིས་དགེ་འདུན་དང་ལྷན་ཅིག་ཏུ་ལས་ལན་གཉིས་ཉམས་སུ་མྱོང་བར་བྱས་ན་འགྱུར་རོ། །སྤྲུལ་བ་ནི་སྔོན་མཉན་ཡོད་དུ་ཀླུ་མིར་སྤྲུལ་ནས་རབ་ཏུ་བྱུང་བ་ལ་བརྟེན་ནས་སོ། །མུ་སྟེགས་ཀྱི་ལྟ་བ་འཛིན་པ་ནི་མུ་སྟེགས་ཅན་ནོ། །མུ་སྟེགས་ཅན་གྱི་ལྟ་བ་འཛིན་པས་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བ་ནི་མུ་སྟེགས་ཅན་ཞུགས་པའོ། །ལས་ཀྱི་སྦྱོར་དངོས་ཐམས་ཅད་དུ་འོན་པ་དང་ལྐུགས་ཏེ་སྨྲ་མི་ཤེས་པ་དང༌། མྱ་ངན་སོགས་ཀྱིས་སེམས་འཁྲུགས་པ་དང༌། དེ་བཞིན་དུ་སྲོག་གཅོད་སོགས་ཕས་ཕམ་པ་འཆབ་བཅས་རྒྱུད་ལ་བྱུང་བ་དང༌། སྟོན་པ་ཀ་ཤི་ཀར་ལྗོང་རྒྱུ་བ་ན་བཅས་པ་དགེ་སློང་མ་མི་ཚངས་སྤྱོད་ཀྱིས་སུན་ཕྱུང་བ་དང༌། དེས་དགེ་སློང་སུན་ཕྱུང་བའང་མཚོན་ནོ། །མཉན་ཡོད་དུ་མ་ནིང་ཟླ་ཕྱེད་པ་ཞིག་རབ་ཏུ་བྱུང་སྟེ་ཟླ་སྟོད་དགེ་སློང་མ་རྣམས་བསླད་དེ་འཁྲིག་པ་བསྟེན། ཟླ་སྨད་དགེ་སློང་རྣམས་ལ་དེ་ལྟར་བྱས་པ་ལ་བརྟེན་ནས་བཅས་པ་མ་ནིང་ཞེས་ཏེ། དེ་ལ་སོགས་པ་བར་ཆད་ཅན་ནི་དང་པོར་རབ་ཏུ་དབྱུང་བར་མི་བྱ་ལ། གལ་ཏེ་དབྱུང་ན་ཡང་འཁོར་དུ་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་ཚུལ་ཁྲིམས་སྐྱེ་བའི་ས་བོན་མེད་པས་སོ། །དཔེར་ན་ཚ་སྒོ་ཅན་གྱི་ཞིང་ལ་མྱུ་གུ་མི་སྐྱེ་བ་ལྟར་རོ། །མཉན་ཡོད་དུ་དམར་སེར་ཅན་ལ་བཅས་པ་གཞན་ཡང་བག་མེད་པས་འཐབ་ཀྲོལ་སོགས་བྱེད་ཅིང་དེའི་ཉེས་དམིགས་མི་མཐོང་བས་ལོང་བ་ལྟ་བུར་གྱུར་པ་ལ། བསྡིགས་པ་ལ་སོགས་པའི་ལས་རྣམས་ཀྱིས་སྨད་དེ། རྒྱུ་ལས་བཟློག་པའི་ཆོ་ག་ཁས་མི་ལེན་པ་དེ་བཞིན་དུ་གནས་པར་མི་བྱའོ། །གཉིས་པ་རྒྱུ་ལས་ལྡོག་ན་བླང་བར་བྱ་བ་ནི། གལ་ཏེ་སེམས་དུལ་བར་གྱུར་ཏེ་ལྟུང་བ་མཐོང་ངོ་ཞེས་ཟེར་ཞིང་རྒྱུ་ལས་བཟློག་ན་སླར་བླང་བར་བྱ་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྡེ་སྣོད་འཛིན་པ་ལ་ནན་ཏུར་མི་བྱ་བ་དང༌། ནན་ཏུར་བྱས་པ་ལ་ཇི་ལྟར་བྱ་བ་དང༌། བར་ཆད་ཀྱི་དབྱེ་བ་བཤད་པའོ། །དང་པོ་ལ་གསུམ་སྟེ། དོན་དངོས་བསྟན་པ་དང༌། ནན་ཏུར་མི་བྱེད་པའི་རྒྱུ་མཚན་དང༌། བྱས་པའི་ཉེས་དམིགས་སོ། །དང་པོ་ནི། མདོ་སྡེ་དང་འདུལ་བ་དང་མངོན་པ་སྟེ་སྡེ་སྣོད་གསུམ་པོ་རྣམས་ལ་མཁས་ཤིང་གྲགས་པ་དང་ལྡན་པ་དང༌། ཕྱོགས་དང་འཁོར་མང་པོས་བསོད་ནམས་ཆེན་པོའི་སྒོ་ནས་གཙུག་ལག་ཁང་མཛེས་བྱེད་ལ་སོགས་པ་ནི་དགེ་འདུན་གྱི་ནང་ནས་བསྐྲད་བ་དང་བཀར་བར་འོས་པ་མིན་ནོ། །སྡེ་སྣོད་འཛིན་པའི་ཚད་གང་ཞེ་ན། སྡེ་སྣོད་གསུམ་གང་རུང་གི་ཤླཽ་ཀ་སྟོང་ཕྲག་བརྒྱ་འཛིན་པ་ཡིན་ནོ། །སྡེ་སྣོད་ཀྱི་ཚོད་ཇི་ཙམ་ཞེ་ན། རྣམ་འབྱེད་ལས་སྟོང་ཕྲག་བརྒྱའོ་ཞེས་བཤད་དོ། །གཉིས་པ་ནན་ཏུར་མི་བྱེད་པའི་རྒྱུ་མཚན་ནི། སྡེ་སྣོད་འཛིན་པ་དེ་དག་བསྐྲད་པར་མི་བྱ་བ་གང་གི་ཕྱིར་ན་སྡེ་སྣོད་འཛིན་པ་འདི་དག་ནི་མུ་སྟེགས་ཀྱི་རི་དྭགས་རྣམས་སྐྲག་པར་བྱེད་པ་སེང་གེའི་བུ་ཡིན་པས་སོ། །སྡེ་སྣོད་འཛིན་པ་འདི་དག་ཁྱིམ་པར་གྱུར་ན་ཡང་སྟོན་པ་དང་མཚུངས་པའི་བློ་ཡིས་རབ་ཏུ་དྭང་བ་བསྐྱེད་པར་བྱ་སྟེ་ཞེས་སོ། །སྡེ་སྣོད་འཛིན་པ་འདི་དག་རྣམས་ཀྱི་གཙུག་ལག་ཁང་མཛེས་པར་བྱེད་དེ། སྐྱེས་བུའི་ཁྱུ་མཆོག་འཁོར་གྱི་ནང་དུ་སྒྲ་སྒྲོགས་ཤིང་མཛེས་པར་བྱེད་པ་བཞིན་ནོ། །གསུམ་པ་ནན་ཏུར་བྱས་པའི་ཉེས་དམིགས་ནི། གཙུག་ལག་ཁང་མཛེས་པར་བྱེད་པ་དེ་བས་ན་སྡེ་སྣོད་འཛིན་པ་འདི་དག་ནན་ཏུར་སོགས་ཀྱིས་སྨད་ན་ནི་རང་གི་བསྟན་པ་སྨད་པ་ཡིན་ནོ། །སྨོད་བྱེད་དེ་ཀུན་ནས་ཉོན་མོངས་སྐྱེ་ནས་སྡེ་སྣོད་འཛིན་པ་དེ་སྨད་ན་སྨོད་བྱེད་དེ་མ་རུངས་པ་གདོན་གྱིས་རྣམ་པར་རྨོངས་པས་བྱ་བ་མིན་པ་ཁོ་ན་བྱེད་པ་སྟེ། འཇིག་རྟེན་པ་རྣམས་ཀྱིས་འདི་ལྟ་བུ་བྱེད་པ་ཞེས་སྨོད་པར་འགྱུར་རོ། །གཉིས་པ་ནན་ཏུར་བྱས་པ་ལ་ཇི་ལྟར་བྱ་བ་ལ་གཉིས་ཏེ། ཚར་གཅད་པ་དང༌། རྗེས་གཟུང་ངོ༌། །དང་པོ་ལ་གསུམ་སྟེ། བསྐྲོད་ཚུལ་དངོས་དང༌། དེའི་ཕྱོགས་ཀྱང་བསྐྲད་པ་དང༌། བསྐྲད་པ་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། འཐབ་ཀྲོལ་ཅན་དེ་ལ་དང་པོར་བསྡིགས་པ་ནན་ཏུར་བྱས་ནས། དེས་ཀྱང་མ་བཏུབ་ན་དེ་དང་ཁྱིམ་པ་སུན་འབྱིན་པ་སྟེ། ཁྱིམ་པ་མ་དད་པར་བྱེད་བ་དང༌། གསུམ་པ་ཚུལ་ཁྲིམས་འཆལ་བ་སྟེ་དེ་དག་བསྐྲད་པར་བྱའོ། །གལ་ཏེ་སྐྲོད་པའི་ལས་བྱེད་པ་ན་ཡང་བསྐྲད་པ་འདི་དག་འགྱུར་བ་བསྟེན་པར་བྱེད་དེ། ཀུ་ཅོ་སོགས་བྱེད་ན་རེ་ཞིག་མི་དབྱུང་བར་སྐྲོད་པ་ན་འབད་པས་ལས་ཀྱི་གཎྜི་བརྡུང་བ་སོགས་བྱས་ནས་དགེ་འདུན་གྱིས་བསྐྲད་པར་བྱའོ། །དེ་ལྟར་སྐྲོད་པ་ན་བསྐྲད་བྱ་དེ་ཀ་བ་དང་སྒོ་སྐྱེས་ལ་འཇུ་ན་ཀ་བ་སོགས་དེ་དག་གཅད་ཅིང་དབྱུང་བར་བྱའོ། །བསྐྲད་པ་སོགས་དེ་ཡང་ན་དགེ་འདུན་ཐམས་ཅད་ཀྱིས་སླར་ཡང་སེམས་གསོ་བའི་འདུ་བྱེད་བྱའོ། །ཡོན་ཏན་འོད་ཀྱིས། འཇུས་པ་གཅད་པར་བྱའོ། །དེ་རྡིབ་པའི་ཆོས་ཅན་མ་ཡིན་ན་དབྱུང་ངོ༌། །དགེ་འདུན་གྱིས་ཕྱིར་བཅོས་སོ། །བཅོལ་ཏེའོ། །མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་སོ་ཞེས་ཀ་བ་སོགས་སྒྲ་ཇི་བཞིན་པར་འཆད་དོ། །ཡང་ན་སྡེ་སྣོད་འཛིན་པ་ནི་ཀ་བ་སོགས་ཏེ། འོད་ལྡན་ལས་ཞུས་པའི་བྲམ་ཟེའི་བུ་མོ་བློ་རྣོ་བས་ཉེ་བར་འཁོར་ནི་བྲམ་ཟེའི་བུ་མོ་ལྟ་བུ་ལས། བཅོམ་ལྡན་འདས་གལ་ཏེ་དགེ་འདུན་གྱིས་ཀ་བ་འདྲ་བ་འམ། སྒོ་སྐྱེས་དང་འདྲ་བ་སྐྲོད་པར་བགྱིད་ལ། དེ་ཡང་སླར་འཆོས་པར་མི་བགྱིད་ན་དགེ་འདུན་ལ་བསོད་ནམས་མ་ལགས་པ་ཇི་སྙེད་ཅིག་བསྐྱེད་པར་འགྱུར་ལགས། གང་ནས་བཟུང་སྟེ་གང་ཟག་དེ་སླར་བཅོས་པར་འོས་པ་དེ་ནས་བཟུང་སྟེ་གཙུག་ལག་གི་རྙེད་པ་རིན་ཐང་བརྩི་བར་བྱའོ། །གལ་ཏེ་དངོས་པོ་མ་ཚང་ན་དགེ་འདུན་ལ་སྦོམ་པོར་འགྱུར་རོ། །དངོས་པོ་ཚང་ན་ཕམ་པར་འགྱུར་རོ་ཞེས་དང༌། མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ནི་ཀ་བ་དང་འདྲ་བའི་ཕྱིར་ཀ་བར་གྱུར་པ་ཞེས་བྱ་སྟེ་ཞེས་སོ། །གཉིས་པ་དེའི་ཕྱོགས་ཀྱང་བསྐྲད་པ་ནི། གང་ཡང་དགེ་འདུན་དེ་དག་གི་ནང་ནས་བསྐྲད་བྱའི་དཔུང་གི་ཡན་ལག་བྱེད་ན་དཔུང་བྱེད་མཁན་ཕྱོགས་དང་འཁོར་ཉུང་བ་དེ་འབྱིན་ཏེ་དབྱུང་བར་བྱའོ། །དཔུང་བྱེད་པ་ཕྱོགས་དང་འཁོར་མང་བ་ཡིན་ན་ཚུལ་འཆལ་དེ་འདྲ་དགེ་སློང་གི་རྟགས་བཟུང་ནས་བསྟེན་པ་སུན་འབྱིན་པ་ཡིན་པས་གཞག་པར་མི་རུང་བས་བསྐྲད་པར་བྱའོ། །ནན་ཏན་ཏེ་འབད་པས་ཀྱང་བསྐྲད་པར་བྱ་སྟེ། མ་བསྐྲད་ན་འཐབ་རྩོད་དུ་འགྱུར་བས་དེ་མེད་པར་བྱའོ། །གསུམ་པ་བསྐྲད་པ་ལ་ཇི་ལྟར་བྱ་བ་ནི། བསྐྲད་པ་དེ་ཡི་གནས་པ་ཅི་འདྲ་བ་གྱུར་ན་རོ་དང་འདྲ་བ་ཁོ་ནར་སྟོན་པས་གསུངས་སོ། །གཞན་ཡང་དགེ་སློང་ཤེས་པ་སྐྱོན་དང་དྲི་མ་ཅན་སྟོན་པའི་གསུང་ལ་ལྟ་བ་གཞན་དང་མི་མཐུན་པར་འཛིན་པས་དགེ་སློང་གི་ཚོགས་ཀྱི་ཆད་པ་ནན་གྱིས་བྱིན་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་གུས་པ་བསྟན་པའི་ཕྱིར་སྔོན་དུ་ལྡང་བར་བྱའི། ཕྱག་ནི་མི་བྱའོ། །ནན་ཏུར་ནི་བཅུ་གསུམ་སྟེ་འོག་ཏུ་འཆད་དོ། །དགེ་བསྙེན་གྱིས་གསོང་པོར་སྨྲ་བ་མཐོང་མ་ཐག་བྱོན་ནམ་ཞེས་སོགས་མི་བྱའོ། །དེ་ལ་ཁྱིམ་པ་རྣམས་ཀྱིས་བསོད་སྙོམས་ནི་སྦྱིན་པར་བྱའོ། །གཉིས་པ་རྗེས་སུ་གཟུང་ཚུལ་ནི། འཕགས་པའི་ཚོགས་དགེ་འདུན་རྣམས་མཉེས་ཏེ་བཟོད་པ་དང་མཐུན་པ་དང༌། མཐུན་པའི་གསོ་སྦྱོང་ཐོབ་པ་ན་དགེ་སློང་མས་ཕྱག་བྱ་བ་སོགས་བྱ་བ་ཐམས་ཅད་སྔོན་དགེ་སློང་རང་བཞིན་དུ་གནས་པ་བཞིན་དུ་བྱའོ། །གསུམ་པ་བར་ཆད་ཀྱི་དབྱེ་བ་བཤད་པ་ལ། མ་ནིང་སོགས་བཅུ་ཡོད་པ་ལས། དང་པོ་མ་ནིང་བཤད་པ་ལ་མདོར་བསྟན་པ་ནི། འཁྱུད་ཆགས་མ་ནིང་དང༌། ཕྲག་དོག་གི་དང༌། ནད་ཀྱི་དང༌། སྐྱེས་ནས་དང༌། ཟླ་ཕྱེད་སོགས་ཀྱི་མ་ནིང་དང་ལྔའོ། །གཉིས་པ་སོ་སོའི་མཚན་ཉིད་ནི། ལྔ་པོ་འདི་དག་རེ་རེའི་མཚན་ཉིད་དེ་རང་བཞིན་ནི་རྟོགས་པའི་དོན་དུ་གསལ་བར་བརྗོད་དེ་ངོས་གཟུང་བར་བྱ་བ་ལས། མ་ནིང་གང་ལ་གཞན་གྱིས་འཁྲིག་ཕྱིར་མནན་པའི་དུས་ཁོ་ནའི་ཚེ་སེམས་ལ་འདོད་ཆགས་རྣམས་རྒྱས་ཏེ་དབང་པོ་ལས་སུ་རུང་གི གཞན་གྱི་ཚེ་མིན་པ་དེ་ནི་བློ་ལྡན་མཁས་པ་འཁྱུད་ནས་ལྡང་བའི་མ་ནིང་ཡིན་པ་ལ་ཤེས་པར་བྱའོ། །ཞུ་བར་འདིར་ཆགས་པའི་མ་ནིང་ཞེས་འབྱུང་ངོ༌། །གཞན་གྱི་མཚན་མ་སོགས་མཐོང་བ་ན་རང་ལ་འདོད་ཆགས་སྐྱེ་བ་ནི་ཕྲག་དོག་གི་མ་ནིང་དུ་གྲགས་སོ། །མཚོན་དང་ནད་དང་མེ་དང་ཆུ་སོགས་ཀྱིས་རང་གི་རྟགས་ཏེ་མཚན་ཉམས་པ་དེ་ནི་ནད་ཀྱི་མ་ནིང་ཡིན་པར་བརྗོད་དེ། ས་ལྡེ་ལས། འདི་ལ་ཉམས་པ་མ་ནིང་ཞེས་སོ། །མདོ་རྩ་བར་ཡང་དེ་བཞིན་ནོ། །གང་རང་ཉིད་སྐྱེས་ཙམ་ཉིད་ནས་མཚན་མ་གཉིས་ཀ་མེད་པ་ནི་སྐྱེས་ནས་མ་ནིང་ཡིན། ཆོས་བཤེས་ནི། སྐྱེས་ཙམ་ཉིད་ནས་མཚན་མ་གཉིས་ཡོད་པ་སྐྱེས་ནས་མ་ནིང་ཞེས་སོ། །ཟླ་ཕྱེད་ནི་བུད་མེད་དུ་དང༌། ཟླ་ཕྱེད་ནི་སྐྱེས་པར་གྱུར་པ་ནི་ཟླ་ཕྱེད་པའི་མ་ནིང་ཞེས་བརྗོད་དོ། །མ་ནིང་གི་སྐབས་འདིར་ནི་ཟླ་ཕྱེད་ལ་སོགས་པའི་སྒྲ་མེད་ཀྱང་ཟླ་གཅིག་པ་ལ་སོགས་པའི་མ་ནིང་གྲུབ་པ་སྟེ་ཡོད་པ་ཡིན་ནོ། །ཁ་ཅིག་ལོའི་མ་ནིང་ཡང་ཡོད་ཟེར་རོ། །གཉིས་པ་ཟ་མ་ནི། གང་ཞིག་གྲོང་གི་ཆོས་འཁྲིག་པ་བསྟེན་པའི་ནུས་པ་མེད་པ་དེ་ནི་ཟ་མ་ཞེས་སོ། །གཞི་འགྲེལ་ལས་འབྲས་བུ་ཕྱུང་བའི་ཉེས་པས་མཐུ་ཉམས་པ་འམ་ས་བོན་མེད་པ་ལ་བཤད་ཅིང༌། དུལ་ལྷས་དབང་པོ་ལས་སུ་མི་རུང་བ་ཡིན་ཞེས་དང༌། ཆོས་བཤད་ན་རེ། མཚན་བཅད་པ་སྟེ་ཉམས་པ་མ་ནིང་དང་གཅིག་པར་བཤད་དོ། །གསུམ་པ་མཚན་གཉིས་པ་ནི། སྐྱེས་པ་བུད་མེད་གཉིས་ཀའི་མཚན་མ་དོད་པ་ནི་མཚན་གཉིས་པར་འདོད་པ་ཡིན་ནོ། །བཞི་པ་མུ་སྟེགས་ཅན་ནི། རྒན་ཞུགས་ལ་བཅས་པ་སྟེ་མུ་སྟེགས་ཀྱི་ལོག་ལྟས་སེམས་རྒྱུད་ལ་ལྟ་བ་ངན་པ་ཡོངས་སུ་བསྒོས་པའི་ཡིད་ཅན་དེ་ནི་མུ་སྟེགས་ཅན་དུ་འདོད་དོ། །ལྔ་པ་མུ་སྟེགས་ཅན་ཞུགས་པ་ནི། སྔོན་མུ་སྟེགས་ཅན་རབ་ཏུ་བྱུང་བ་ལ་ཞུགས་པ་ཞིག་མུ་སྟེགས་ཀྱི་གསོ་སྦྱོང་དང་ནང་པའི་གསོ་སྦྱོང་གཉིས་དུས་གཅིག་ཏུ་འདོམས་པས་ན་ནང་པའི་གསོ་སྦྱོང་ལ་མ་འོངས་པར་མུ་སྟེགས་ཅན་གྱི་ཆོས་ཀྱིས་ལོངས་སྤྱོད་ལ་དགའ་བས་མུ་སྟེགས་ཅན་གྱི་གསོ་སྦྱོང་ལ་སོང་བ་གང་ཡིན་པ་དེ་ལྟ་བུ་ནི་མུ་སྟེགས་ཅན་ཞུགས་པ་སྟེ། མཉན་ཡོད་དུ་དགེ་སློང་ཞིག་ལ་བཅས་སོ། །འདི་ནི་མདོ་རྩ་བ་ལས་ཁྱད་པར་དྲུག་ལྡན་ཞིག་ཏུ་བཤད་དེ། ནང་པའི་རབ་ཏུ་བྱུང་བ་བྱས་པ་དང༌། མུ་སྟེགས་ཀྱི་ལྟ་བ་འཛིན་པ་དང༌། ནང་པའི་རྟགས་བོར་བ་དང༌། མུ་སྟེགས་ཀྱི་རྟགས་བླངས་པ་དང༌། མུ་སྟེགས་ཀྱི་གནས་དེར་སྐྱ་རེངས་དང་པོ་ཤར་བའི་བར་དུ་བསྡད་པ་དང༌། ལས་གཉིས་ཉམས་སུ་མྱོང་བར་བྱས་ན་དེར་འགྱུར་བར་བཤད་དོ། །མུ་སྟེགས་ཅན་དང་མུ་སྟེགས་ཅན་ཞུགས་པའི་ཁྱད་པར་གང་ཞེ་ན། མུ་སྟེགས་ཅན་ནི་མུ་སྟེགས་ཀྱི་ལྟ་བ་སྤང་ན་སྡོམ་པ་སྐྱེ་རུང་ལ། མུ་སྟེགས་ཅན་ཞུགས་པ་ལ་ནི་སྡོམ་པ་སྐྱེ་མི་རུང་ངོ༌། །དྲུག་པ་རྐུ་ཐབས་སུ་གནས་པ་ནི། དགེ་ཚུལ་ལ་གང་ཡང་དགེ་སློང་མིན་བཞིན་དུ་བརྫུན་པ་ཡིས་དགེ་སློང་རང་གི་རྟགས་ནི་རབ་ཏུ་བཟུང་ནས་ཀྱང་དགེ་སློང་ཉིད་དུ་གཞན་ལ་རབ་ཏུ་ཤེས་པར་བྱེད་དེ། མ་གནང་བར་གསོ་སྦྱོང་གི་ལས་གཉིས་ཉམས་སུ་མྱོང་བར་བྱེད་པ་དེ་ནི་རྐུ་ཐབས་སུ་གནས་པ་དེར་འདོད་དོ། །འདི་ཡང་བསྙེན་པར་རྫོགས་པར་མི་རུང་ངོ༌། །བདུན་པ་ཐ་དད་དུ་གནས་པ་ནི། ཆོས་ཀྱི་ཕྱོགས་ལས་གཞན་ཆོས་མིན་གྱི་ཕྱོགས་དག་གི་ལྟ་བ་བཟུང་ནས་ཆོས་ལ་སྤྱོད་པ་ལས་ཐ་དད་པའི་ཚོགས་ལ་ཡང་དག་པར་བརྟེན་པའམ། ཡང་ན་ཚོགས་ཀྱིས་ཆད་པ་བྱིན་པ་བསྐྲད་པ་ཡིན་ཞེས་གཞུང་བླ་མའི་འགྲེལ་པ་དང༌། ཆོས་བཤེས་འཆད་དེ། དེ་ནི་ཐ་དད་དུ་གནས་པར་འདོད་དོ། །བརྒྱད་པ་སྡིག་ལྟ་འཛིན་པ་ནི། ཕས་ཕམ་དག་ལ་ཕམ་པ་མིན་ཞེས་ལོག་པར་ལྟ་བ་སོགས་སོ། །དགུ་པ་དགེ་སློང་མ་སུན་ཕྱུང་བ་ནི། མི་ཚངས་སྤྱོད་ཀྱི་སྒོ་ནས་དགེ་སློང་མའི་ཚོགས་སུན་འབྱིན་པའོ། །བཅུ་པ་དགེ་ཚུལ་བསྙིལ་བ་ནི། བདེན་པའི་སྔགས་པ་མིན་པ་སྒྲོགས་པ་བདེན་པ་ལ་ལོག་པར་ལྟ་བ་སྟེ། ཀུན་འབྱུང་གི་བདེན་པ་ལ་བཅོམ་ལྡན་འདས་ཀྱི་བར་དུ་གཅོད་པའི་ཆོས་སུ་གསུངས་ན། དེ་དག་གིས་བར་དུ་མི་གཅོད་ཅེས་སྨྲ་བ་སོགས་སོ། །དཀོན་མཆོག་གསུམ་གྱི་བསྔགས་པ་མིན་པ་སྟེ་དེ་དག་ལ་སྐྱོན་བརྗོད་པར་བྱེད་པའི་དགེ་ཚུལ་ཉིད་དོ། །མ་ནིང་ནས་བསྙིལ་བར་བྱ་བའི་དགེ་ཚུལ་གྱི་བར་སྐྱོན་ཅན་བཅུ་པོ་འདི་དག་ནི་ཆད་པའི་ལས་ཀྱིས་བཀར་བ་སྟེ་དབྱུང་བར་བྱའོ། །གསུམ་པ་དོན་བསྡུ་བ་ནི། བར་ཆད་ཅན་དེ་དག་གནས་ནས་ཕྱུང་ཟིན་ནས་ཉེས་པ་དང་མ་བྲལ་བ་དང༌། བཟོད་པར་མ་གསོལ་བར་སླར་ཡང་དགེ་འདུན་གྱི་ནང་དུ་མི་གཞུག་སྟེ། མ་ནིང་དང༌། མུ་སྟེགས་ཅན་ཞུགས་པ་དང༌། དགེ་སློང་མ་སུན་ཕྱུང་བ་དང༌། ཆོམ་རྐུན་པ་བསླབ་པ་མ་ཕུལ་བར་ཉམས་པ་དང༌། མཚམས་མེད་ལྔ་བྱེད་པ་རྣམས་ལ་སྡོམ་པ་མི་སྐྱེ་ལ་གཞན་རྣམས་ལ་ཆོ་ག་ཇི་ལྟ་བ་བཞིན་བཤགས་ཤིང་བཟོད་པར་གསོལ་ན་སྐལ་བ་བཞིན་གཟུང་ངོ༌། བཞི་པ་ཕྱིར་བཅོས་ཀྱི་ཆོ་ག་ལ་གསུམ་སྟེ། བསླབ་པ་ཇི་ལྟར་སྦྱིན་པའི་ཚུལ་དང༌། ཇི་ལྟར་དབུལ་བའི་ཚུལ་དང༌། གཉེན་པོ་གདམས་ངག་བརྗོད་པའོ། །དང་པོ་ནི། དགེ་སློང་དགའ་བ་ཅན་གྱིས་བསླབ་པ་མ་ཕུལ་བར་དུས་ཡུན་རིང་མོ་ཞིག་ལ་འདོད་པ་སྤྱད་དེ་འགྱོད་ནས་སྒྲོགས་པ་ན། སྟོན་པ་དང་མཇལ་ནས་འཆབ་སེམས་མ་སྐྱེས་པ་འདི་ལྟ་བུ་ལ་ཕམ་པ་བྱུང་ན་ད་དུང་བསླབ་པ་ལ་སློབ་པའི་སྐལ་བ་དང་ལྡན་པས་སླར་ཡང་བསྙེན་རྫོགས་བྱ་ཞིང་བསྙེན་པར་རྫོགས་པའི་དགའ་སྟོན་ཆེན་པོ་ཡང་བྱའོ། །གཞན་ཡང་འོག་ནས་འབྱུང་བའི་འབུལ་པའི་ཆོ་ག་བཞིན་དུ་བསླབ་པ་ཕུལ་བས་ཁྱིམ་པར་སོང་ནའང་ད་དུང་བསླབ་པ་ནོད་པའི་སྐལ་བ་དང་ལྡན་ཞེས་སྦྱར་རོ། །དེ་དགེ་སློང་མ་ལ་ནི་བསྐྱར་དུ་མི་རུང་སྟེ། ཨུ་པ་ལི་ལན་གཅིག་བཅབས་པའི་དགེ་སློང་མས་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བསྙེན་རྫོགས་བྱས་ནས་དགེ་སློང་མའི་དངོས་པོར་དབྱུང་དུ་མེད་ཅེས་ཕྲན་ཚེགས་ལས་གསུངས་སོ། །གཞི་འགྲེལ་ལས། སྐྱེས་པ་ལ་ནི་ལན་བདུན་གྱི་བར་དུ་རབ་ཏུ་དབྱུང་དུ་རུང་ཞེས་དང༌། བུད་མེད་ནི་རྟགས་བོར་ཕྱིན་ཆད་ལན་གཅིག་ཀྱང་མི་བསྐྱར་ཞེས་ཏེ། མ་བོར་ན་ལན་གཅིག་བསྐྱར་དུ་རུང་བར་གསལ་ཞེས་བླ་མ་དག་གསུང་ངོ༌། །ཡང་དགེ་སློང་མ་བསླབ་པ་ཕུལ་བ་རྟགས་བོར་པ་དེ་ལ་སྐྱེས་པའི་མཚན་བྱུང་ན་སླར་ཡང་སྐྱེའོ། །འཆབ་སེམས་སྐྱེས་ན་ལན་གཅིག་ཀྱང་མི་སྐྱེ་བར་གསལ་ཏེ། ཕྲན་ཚེགས་ལས། སྦོམ་དགའ་མོས་སྔར་རབ་ཏུ་བྱུང་བ་མོ་ཞིག་སླར་བབ་པ་ཡང་སྦོམ་དགའ་མོས་སླར་ཕྱུང་བ་ན་ཁྱིམ་བདག་དག་དགེ་སློང་མ་འདི་ངལ་གསོ་ཞིང་ཆོས་ལ་སྤྱོད་དོ་ཞེས་སྨོད་པ་ན། སྟོན་པས་གསུངས་པ་ལན་གཅིག་བཅབ་པའི་རྗེས་སུ་མཐུ་མེད་པས་དགེ་སློང་མ་རབ་ཏུ་མ་ཕྱུང་ཞིག་ཅེས་གསུངས་སོ། །གཉིས་པ་བསླབ་པ་འབུལ་པའི་ཚུལ་ནི། སྡོམ་པ་གཏོང་བར་འདོད་པ། བསམ་པ་རང་བཞིན་དུ་གནས་པ་ཡིས་བརྡ་སྤྲད་དེ། སྨྲ་ཤེས་ཤིང་དོན་གོ་བའི་མིའི་འགྲོ་བ་ཞིག་གི་དྲུང་དུ་འབུལ་ལོ་ཞེས་ཏེ། འབུལ་མཁན་དང་འབུལ་བར་བྱ་བའི་ཡུལ་གཉིས་ཆར་སྨྱོ་བ་མ་ཡིན་པ་ཞིག་དགོས་སོ། །འབུལ་བའི་ཚིག་ནི། བདག་གིས་སྔར་གང་བཟུང་བའི་བསླབ་པ་ནི་གཏོང་ངོ་ཞེས་སོགས་ཀྱི་ཚིག་རྣམས་སོ། །སྤྱིར་བསླབ་པ་ཕུལ་བ་དང༌། ཉམས་པ་ལ་མུ་བཞི་སྟེ། ཕུལ་ལ་ཉམས་པར་མ་བྱས་པ་ནི། འབུལ་ཆོག་བྱས་པ་བསླབ་པ་བསྲུང་དཀའ་བར་འདུག་ཅེས་མ་སྨྲས་པ་ལྟ་བུའོ། །ཉམས་ལ་མ་ཕུལ་བ་ནི། དེ་ལས་བཟློག་པ་བཞིན་ནོ། །ཕུལ་ལ་ཉམས་པ་ནི། འབུལ་ཆོག་ཀྱང་བྱས། བསྲུང་དཀའ་ཞེས་སོགས་ཀྱང་སྨྲས་པ་བཞིན་ནོ། །གཉིས་ཀ་མ་ཡིན་པ་ནི། དོ་གཉིས་ཀ་མ་ཡིན་པ་བཞིན་ནོ། །འབུལ་ཆོག་མ་བྱས་ན་ཕྱིས་སྡོམ་པ་མི་སྐྱེའོ། །ས་སྡེ་ལས། དེས་ཀྱང་བསླབ་པ་སླར་ཡང་བསྲུངས་ན་བསོད་ནམས་སྡོམ་ཅན་དང་མཉམ་པར་ཐོབ་ཅེས་སོ། །བསྡུ་བ་ལས་སྡོམ་པ་གཏོང་པའི་རྒྱུ་བཞི་གསུངས་ཏེ། ལེན་སེམས་དང་མི་འདྲ་བའི་སེམས་བསྐྱེད་པའམ། མི་བརྡ་འཕྲོད་པ་ལ་འབུལ་ཚིག་བརྗོད་པ་དང༌། ཕམ་པ་གང་ཡང་རུང་བའམ། ཕམ་པ་བཞི་ཆར་རམ། རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོས་ཉེས་པ་འབྱིན་ན་དེས་སྡོམ་པ་བཏང་བར་བརྗོད་དོ་ཞེས་སོ། །གསུམ་པ་གཉེན་པོ་གདམས་ངག་བརྗོད་པ་ནི། རྒན་ཞུགས་ཀྱིས་སྔོན་གྱི་ཆུང་མ་ལ་ལོག་པར་སྤྱད་པ་ལ་བརྟེན་ནས་བཅས་པ་སྟེ། བསྙེན་པར་རྫོགས་པའི་རྗེས་ཐོག་ཉིད་ལ་བསླབ་པའི་གཞི་ཕས་ཕམ་པ་ལ་སོགས་པ་རྣམས་ནི་གང་བསླབ་པར་བྱ་བའི་གཞི་རྟོགས་པའི་དོན་དུ་བརྗོད་པར་བྱ་སྟེ། བསླབ་པའི་གཞི་རྟོགས་པའི་བློ་དང་ལྡན་པ་དག་ནི་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པས་བསླབ་པར་བྱ་ཡི། ཡན་ལག་དེ་དག་ལས་འདའ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་ལྟུང་བ་བྱུང་ནའང་མི་འཆབ་པའི་སེམས་ཀྱིས་ཐ་ན་གང་ཟག་གཅིག་ལའང་མཐོལ་བར་བྱའོ། །གང་མཐོལ་བར་བྱ་བའི་ཡུལ་ནི་དགེ་སློང་ལྟུང་བ་རིགས་མཐུན་གྱིས་མ་གོས་པའམ། དགེ་ཚུལ་ལ་ཡང་རུང་མོད་ཀྱི། འོན་ཀྱང་གནས་ངན་ལེན་བསྟན་པའི་ཉེས་པ་ཅུང་ཟད་འབྱུང་ངོ༌། །མཐོལ་བའི་དགོས་པ་ནི། ཉེས་པ་ཆུང་དུ་ལའང་འཇིགས་པའི་ཕྱིར་གང་ཟག་དེ་ལ་ཕས་ཕམ་མི་འབྱུང་ངོ༌། །འདིར་འཆབ་སེམས་མ་སྐྱེས་ན་རྩ་བའི་ལྟུང་བ་བྱུང་ཡང་ཕས་ཕམ་ཞེས་མི་བརྗོད་ཅེས་པའི་དོན་ནོ། །བཞི་པ་བཟུང་ནས་ཇི་ལྟར་བསྒྲུབ་པ་ལ་བཞི་སྟེ། བྱ་བའི་རིམ་པ། གནས་ཀྱི་ཚུལ་ཁྲིམས། ཐུན་མོང་གི་ཚུལ་ཁྲིམས། བྱ་བ་ཞུ་བའི་དམིགས་བསལ་ལོ། །དང་པོ་ལ་གསུམ་སྟེ། དང་པོར་བྱ་བ་བཀུར་སྟིའི་རིམ་པ་དང༌། བར་དུ་བྱ་བ་བསམ་གཏན་དང་ཀློག་པ་དང༌། ཐུན་མཚམས་སུ་བླ་མའི་བྱ་བ་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྟོན་པ་དང་བླ་མ་ལ་བྱ་བ་དང༌། མཆོད་རྟེན་ལ་བྱ་བ་དང༌། རྒན་རབས་ལ་བྱ་བའོ། །དང་པོ་ནི། གནས་པ་བརྟུལ་ཞུགས་ཅན་གྱིས་བླ་མ་བས་སྔར་ཉིད་དུ་མལ་ནས་ལངས་ནས་ནི་སོ་དག་པར་བྱ་བའི་ཕྱིར་དུ་སོ་ཤིང་བཅས་ནས། དེའི་འོག་ཏུ་སྟོན་པ་སངས་རྒྱས་ལ་ཕྱག་བྱའོ། །ཚེ་དང་ལྡན་པ་དག་ལྡན་གྱིས་ཞུས་ནས་སྟོན་པ་ལ་ཕྱག་བྱས་པ་དེ་ནས་རབ་ཏུ་གུས་པ་བསྐྱེད་པ་ཡིས་བླ་མ་ལ་ནི་ཕྱག་བྱ་སྟེ། བླ་མ་དེ་ནི་གནས་པ་དེ་ལ་གདམས་ངག་དང་རྗེས་བསྟན་སོགས་ཆོ་ག་བཞིན་དུ་ཕན་འདོགས་པར་བྱེད་པ་ཡིན་པས་སོ། །སྟོན་པས་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་ལ་གསུངས་པ། གང་དག་རྒན་ནམ་གཞོན་ཡང་རུང༌། །གང་ལས་ཆོས་ནི་ཐོས་གྱུར་པ། །ཐོག་མར་དེ་ལ་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་བྲམ་ཟེ་བཞིན། །ཞེས་ལུང་དུ་གསུངས་པས་ཐོག་མར་བླ་མ་ལ་ཕྱག་བྱ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་གནས་ཁང་གཅིག་ན་གནས་པའི་དབང་དུ་བྱས་པ་ཡིན་ལ། འདི་ནི་གནས་ཁང་སོ་སོ་ན་གནས་པའི་དབང་དུ་བྱས་པས་སྐྱོན་མེད་དོ། །བླ་མ་དེ་ལ་ཁམས་བདེ་སོགས་དྲིའོ། །ཇི་ལྟར་ན། ཐུགས་དམ་གྱིས་བསྙེལ་བ་མ་ལགས་པ་གུང་ལ་སྐུ་ཁམས་བདེ་བར་བཞུགས་ལགས་སམ་ཞེས་བྱས་ནས། རབ་ཏུ་འབད་པའི་སྒོ་ནས་བླ་མ་དེའི་གནས་ཁང་ཡང་དག་པར་ཆག་ཆག་གདབ་ཅིང༌། ཉེར་སྤྱོད་བཤང་གཅིའི་ས་ཡང་སྦྱང་སྟེ་བྱི་དོར་བྱའོ། །སྟོན་པ་ལ་ནི་མཎྜལ་དབུལ་བར་བྱའོ། །གཉིས་པ་མཆོད་རྟེན་ལ་ཕྱག་བྱ་བ་ནི། དེ་ནས་མཆོད་རྟེན་ལ་བདག་གིས་གཞོག་གཡས་པ་བསྟན་ཏེ་བསྐོར་བ་བྱའོ། །ཤཱནྟི་པས་བརྗེད་པ་དང་བསྐོར་བ་དོན་གཅིག་ཅེས་འཆད་དོ། །གསུམ་པ་རྒན་རབ་ལ་ཕྱག་བྱ་བ་ནི། གནས་དེ་ན་གནས་པའི་བརྟུལ་ཞུགས་ཏེ་བསླབ་པ་རྒན་པ་རྣམས་ལ་ཕྱག་བྱས་ནས་ཀློག་པ་སོགས་ལ་འཇུག་གོ །གཉིས་པ་བར་དུ་བྱ་བ་བསམ་གཏན་དང་ཀློག་པའི་རིམ་པ་ནི། དེ་ནས་བརྟུལ་ཞུགས་ཅན་དེ་ཡིས་ནུས་པ་ཇི་ཙམ་ཡོད་པ་བཞིན་དུ་སྒྲུབ་པ་བསམ་གཏན་དང༌། ཀློག་པ་ཐོས་བསམ་གྱི་ལས་དག་གིས་དུས་འདས་ནས་ལུས་ལ་སྙིང་པོ་བླང་སྟེ་དོན་ཀློག་པར་བྱའོ། །ཀློག་པས་ནི་ཤེས་རབ་བསྐྱེད་དེ། རྣམ་འབྱེད་ལས། ཚེ་དང་ལྡན་པ་དག བཅོམ་ལྡན་འདས་ཀྱིས་མི་ཀློག་པ་ལ་ཤེས་རབ་མེད་དོ་ཞེས་གསུངས་སོ། །བསམ་གཏན་དང་ཀློག་པ་སོགས་མི་དགོས་ཀྱི། ངུར་སྨྲིག་གྱོན་པ་ཙམ་གྱིས་ཆོག་སྙམ་པའི་བསམ་པ་དུས་ནམ་ཡང་མི་བྱ་བར་དགེ་སྦྱོར་ལ་འབད་དོ། །གསུམ་པ་ཐུན་མཚམས་སུ་བླ་མའི་བྱ་བ་སྒྲུབ་པ་ནི། །བླ་མ་ལ་སོ་ཤིང་སོར་བརྒྱད་པ་ཡན་ཆད་ནས་བཅུ་གཉིས་པ་མན་ཆད་དང༌། དབྱར་དུས་ན་བསིལ་བ་དང༌། དགུན་དྲོ་བ་སྟེ། དུས་དང་མཐུན་པའི་ཆུ་དང་འདུག་པའི་སྟན་སོགས་ཀྱང་བསྟབ་པར་བྱའོ། །ནད་ལ་ཕན་པའི་སྨན་དང༌། ཤིན་ཏུ་རྙེད་པར་དཀའ་བའི་ཞིམ་པའི་ཟས་དང་འབྲས་བུ་ཤིང་ཐོག་དང་མེ་ཏོག་སོགས་ཀྱང་དེ་བཞིན་བསྟབ་བོ། །བླ་མའི་ལྷུང་བཟེད་བཀྲུ་བ་ལ་སོགས་པ་བྱས་པ་ཡིས་གུས་པས་བླ་མའི་ཉེ་གནས་བྱའོ། །གཉིས་པ་གནས་ཀྱི་ཚུལ་ཁྲིམས་ནི། བླ་མ་བློ་ཤིན་ཏུ་རྣམ་པར་མཛངས་པས་ཀྱང་ཐམས་ཅད་དུ་ཟས་ལ་སོགས་པ་ཚོད་རིག་པར་བླང་བར་བྱ་ཡི། བླངས་དྲག་པས་སློབ་མ་ལ་མི་གནོད་པར་བྱའོ། །གསུམ་པ་ཐུན་མོང་གི་ཚུལ་ཁྲིམས་ལ་གསུམ་སྟེ། ཕྱག་བྱེད་དུ་རུང་མི་རུང་དཔྱད་པ་དང༌། དད་རྫས་སྤྱད་དུ་རུང་མི་རུང་དཔྱད་པ་དང༌། གཙང་སྦྲ་བྱ་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། ཕྱག་མི་བྱ་བའི་ཡུལ་དང༌། ཕྱག་བྱ་བའི་ཡུལ་ལོ། །དང་པོ་ལ་གསུམ་སྟེ། སྤྱིར་བཏང་དང༌། དམིགས་ཀྱིས་བསལ་བ་དང༌། རིགས་ཅན་གཞན་ཡང་བསྡུ་བའོ། །དང་པོ་ནི། ཚུལ་ཁྲིམས་འཆལ་བ་ཕམ་པ་བྱུང་བ་ལ་ཞེ་སྡང་བར་མི་བྱ་ལ། ཕྱག་ཀྱང་ནམ་ཡང་མི་བྱ་སྟེ། ཚུལ་འཆལ་དེ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལ་སོགས་ཀྱང་ལྷན་ཅིག་ཏུ་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་འཆལ་འདི་ནི་རོ་བསྲེགས་པའི་མགལ་དུམ་བཞིན་དུ་གྱུར་པའི་ཕྱིར། ཁྱིམ་པ་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་ལ་གནས་ཀྱང་དེ་དག་ལ་དགེ་ཚུལ་གྱིས་ཀྱང་ནི་ཕྱག་མི་བྱ་ན། འདོད་པ་ཅན་ཁྱིམ་གྱི་ཆོས་འཁྲིག་པ་བསྟེན་པ་སོགས་ལ་གནས་པ་དེ་རྣམས་ལ་དགེ་སློང་གི་ཕྱག་མི་བྱ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་མི་བྱའོ། །དགེ་ཚུལ་སོགས་ཀྱིས་ཕྱག་མི་བྱ་ན། དགེ་སློང་གསར་བུ་ལ་དགེ་སློང་མ་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་ཕྱག་བྱ་བ་བཞིན་དུ་ཁྱིམ་པ་སྡོམ་ལྡན་སྐྱེས་པ་ལ་དགེ་སློང་མ་ལ་སོགས་པས་ཕྱག་བྱའམ་ཞེ་ན། དགེ་ཚུལ་སོགས་ཀྱིས་ཕྱག་མི་བྱ་བ་དེ་བཞིན་དུ་ཁྱིམ་པ་དེ་སྡོམ་པ་དང་ལྡན་ཡང་དེ་ལ་སྡོམ་བརྩོན་ཏེ་རབ་བྱུང་ཕ་མ་ཀུན་གྱིས་ཕྱག་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསླབ་པས་ཀུན་ནས་མ་བསྡམས་པ་ཁྱིམ་པ་དེ་དག་ལ་རབ་བྱུང་གི་ཕྱག་ལེན་པའི་དབང་ནི་ཡོད་པ་མ་ཡིན་པས་སོ། །གཉིས་པ་དམིགས་བསལ་ནི། ཁྱིམ་པ་ཡིན་ཡང་སྲིད་པ་ཐ་མ་པ་ཡིན་ན་ནི་དེ་ལ་རབ་ཏུ་བྱུང་བས་ཕྱག་བྱའམ་མི་བྱ་ཞེས་རིགས་པས་རྣམ་པར་དཔྱད་པ་མི་འཐད་དེ། ཕྱག་བྱ་དགོས་པས་སོ། །དེ་ལས་གཞན་པའི་ཁྱིམ་པ་ལ་ནི་མ་ཡིན་ཏེ། སྲིད་པ་ཐ་མ་པ་མ་ཡིན་པ་སྐྱེ་རྒ་ན་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པས་མི་བརྟན་པ་འཁོར་བར་འཁོར་བཞིན་པའི་སེམས་ཅན་ཁྱིམ་པ་རྣམས་ལ་སྔ་མ་བཞིན་དུ་རབ་བྱུང་གིས་ཕྱག་མི་བྱའོ། །འདིས་ནི་ཁྱིམ་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཅན་ཡིན་ཡང་སྲིད་པ་ཐ་མ་པ་མ་ཡིན་ན་རབ་བྱུང་གིས་ཕྱག་མི་བྱ་བར་གསལ་ལོ། །གསུམ་པ་རིགས་ཅན་གཞན་ཡང་བསྡུ་བ་ནི། དེ་ལས་གཞན་ཡང་དགེ་སློང་གིས་ཕྱག་བྱ་བ་མ་ཡིན་པའི་ཡུལ་ནི་མང་སྟེ། ལྷག་མ་འཆབ་ལྡན་བྱུང་བས་སྤོ་བ་དང་མགུ་སོགས་སྤྱོད་བཞིན་པ་དང་བསྐྲད་པ་ལ་སོགས་པའོ། །སོགས་པའི་སྒྲས་བསྡུས་པ་ལ་སྡོམ་ཚིག་ནི། ས་གཞན་གནས་པ་ཉེར་ལྔ་སྟེ། །བསྡིགས་སྨད་བསྐྲད་དང་ཕྱིར་འགྱེད་བཞི། །མ་མཐོང་འཐབ་ཀྲོལ་རྒྱུ་སྒྲུབ་དང༌། །འཐབ་ཀྲོལ་འབད་ལས་མ་ལྡོག་དང༌། །དགེ་སློང་མ་དང་འདྲེ་ཞིང་གནས། །སྡིག་ལྟ་འཛིན་དང་ལྟུང་བ་ནི། །རྣམ་པར་གཏན་ལ་འབེབས་པ་དང༌། །ཕྱིར་མི་འཆོས་དང་གནས་དབྱུང་བདུན། །སྤོ་བ་སྤྱོད་གསུམ་སྤོ་ལྡན་གསུམ། །མགུ་ལྡན་གསུམ་དང་ངོ་བོ་ཉིད། །ཚོལ་བ་བྱིན་དང་བསླབ་པ་བྱིན། །འགྱེད་ཕྱིར་རྩོད་པ་དག་དང་ནི། །ཉམས་པ་དང་ནི་བྲེལ་བ་དང༌། །སེམས་གཞན་གཡེང་དང་རྒྱབ་ཀྱིས་ཕྱོགས། །མི་མཐུན་པ་དང་ཁྱིམ་གཞན་འདུག །སོ་ཤིང་འཆའ་དང་བཟའ་བ་བཟའ། །མཚམས་མེད་ལྔ་བྱས་མུ་སྟེགས་ཅན། །མུ་སྟེགས་ཅན་ཞུགས་ཐ་དད་གནས། །སྔར་ཉེས་བྱུང་དང་སྔོན་འཁྲུགས་དང༌། །ཉེ་བར་ཕྱོགས་དང་བསླབ་པ་བྱིན། །བུད་མེད་རབ་ཏུ་བྱུང་རྣམས་དང༌། །རང་བས་གཞོན་དང་མི་སྣང་འདུག །མི་བདེ་བར་འདུག་ལུང་ནོད་ཞུགས། །ཡིད་ལ་བྱེད་དང་ཆོས་ཉན་ཞུགས། །ཡེངས་དང་ཟས་ཀྱི་གྲལ་ན་འདུག །འོག་གི་སྒོ་ནི་མི་གཙང་སོགས། །གཉིས་པ་ཕྱག་བྱ་བའི་ཡུལ་ནི། དགེ་སློང་གིས་རྟག་པར་ཕྱག་བྱ་བ་ནི་སངས་རྒྱས་དང་སྡོམ་པས་རྒན་པ་རྣམས་སོ། །གཉིས་པ་དད་རྫས་སྤྱད་དུ་རུང་མི་རུང་ནི། གཞན་གྱིས་དད་པས་བྱིན་པས་ནོར་རྫས་ལ་སྤྱད་པ་ལ་ནི་མི་སློབ་པ་ནི་བདག་པོ་ལྟ་བུར་སྤྱོད་དོ། །སློབ་པ་ནི་གཞན་གྱིས་བྱིན་ནས་སྤྱོད་པ་ལྟ་བུའོ། །སློབ་པ་ནི་མཐོང་སྒོམ་ལ་གནས་པ་རྣམས་སོ། །སོ་སྐྱེ་ཡིན་ཡང་ཚུལ་སྒྲུབ་པ་བསམ་གཏན་དང་ཀློག་པ་ཁ་དོན་དང་ལྡན་པ་ནི་དགེ་འདུན་དང་གང་ཟག་མི་སློབ་པ་མན་ཆད་དང་ལོངས་སྤྱོད་པར་རྗེས་སུ་གནང་བས་ན་སྤྱོད་ཀྱང་ཉེས་པ་མེད་དོ། །སློབ་པ་དང་མི་སློབ་པ་དང་བསམ་གཏན་དང་ཀློག་པ་དང་ལྡན་པའི་ལྷག་མ་གཞན་རྣམས་ནི་ཚུལ་ལྡན་ཡིན་ཡང་ལེ་ལོས་བཅོམ་པའི་བདག་ཉིད་ཅན་རྣམས་ནི་སྦྱིན་བདག་ལ་བུ་ལོན་བླངས་པའི་ཚུལ་གྱིས་སྤྱོད་པ་ཡིན་ཏེ། རྒྱ་ཆེར་འགྲེལ་དུ། དེ་དག་གིས་སྤྱད་པ་བུ་ལོན་དུ་འགྱུར་ཏེ། ཚེ་རབས་གཞན་ལ་སྦྱིན་བདག་དཔྱ་འཇལ་བའམ་དེའི་བྲན་གཡོག་དང་ཕྱུག་ལ་སོགས་པར་སྐྱེ་བར་འགྱུར་རོ་ཞེས་སོ། །ཚུལ་ཁྲིམས་འཆལ་བ་རྣམས་ནི་ནམ་དུ་ཡང་དད་རྫས་དང་དགེ་འདུན་གྱི་གཙུག་ལག་ཁང་སོགས་ལ་ཉེ་བར་སྤྱོད་པ་བཀག་གོ །གཞུང་དམ་པའི་ཞུ་བ་མང་ཤོས་ལས། ཚུལ་ཁྲིམས་ཉམས་པ་དག་ནི་དགེ་འདུན་གྱི་ཀུན་དགའ་ར་བ་ལ་རྐང་པའི་རྟིང་པ་གཅིག་ཙམ་ཡང་ཡོངས་སུ་སྤྱད་པར་མིག་གནང་ངོ་ཞེས་སོ། །གསུམ་པ་གཙང་སྦྲའི་རིམ་པ་ལ་གསུམ་སྟེ། གཞན་ལ་གནོད་པ་སྤང་བ་དང༌། བཤང་གཅིའི་གནས་བྱ་བ་དང༌། གཙང་སྦྲའི་བྱ་བ་དངོས་སོ། །དང་པོ་ནི། །དྲུག་སྡེ་ལ་བཅས་པ་སྟེ། དྲུག་སྡེ་སྣབས་ཕྱི་སའི་ཁང་པར་འདུག་ནས་གཞན་དག་བྱུང་ཚེ། ཚེ་དང་ལྡན་པ་དག་ཅུང་ཞིག་སྡོད་ཅིག་དང་རྒན་རིམ་དུ་བྱའོ་ཞེས་དེ་དག་གི་ཉེ་འཁོར་དུ་ཁ་ཏོན་དང་བཙོ་བླག་གི་ལས་བྱས་པས་དགེ་སློང་དག་ངོ་ཚ་ནས་བཤང་གཅི་བག་ཡངས་སུ་བྱར་མེད་པས་ནད་དུ་གྱུར་ནས་གསུངས་པ། བཤང་པའི་ཁང་པ་དང་ཉེ་བ་རུ་སྣ་ཚོགས་པའི་གཏམ་མི་བྱ་སྟེ། དེར་མ་ཟད་ཕྱོགས་དེར་ཀློག་པ་དང་ཁ་འདོན་ལ་སོགས་པ་དང་གོས་ཀྱི་ཁ་དོག་བསྒྱུར་བའི་ཚོན་གྱི་ལས་དག་ཁྱད་པར་དུ་མི་བྱའོ། །གཉིས་པ་ནི། བཤང་བའི་ཁང་པ་དང་གཅི་བའི་གནས་ནི་ཐ་དད་དུ་བྱ་བར་གསུངས་སྟེ། དགེ་སློང་གཅི་བ་བྱེད་པའི་ཚེ་བཤང་བ་བྲོ་ནས་མི་བདེ་བ་ལ་བརྟེན་ནས་སོ། །དབྱིབས་ནི། ཁང་བུ་ལྟ་བུའམ་བ་གམ་ལྟ་བུར་བྱའོ། །གཅི་ཁང་དེར་ཆུ་འདོར་དུ་འཇུག་པའི་ཚེ་ན་གཞན་ཡོད་མེད་བརྟག་པའི་ཕྱིར་དུ་ངག་སོགས་ཀྱི་སྒྲ་དང་སེ་གོལ་གྱི་བརྡ་བྱས་ཏེ་འཇུག་པར་བྱ་ཞིང༌། གཞན་དག་དེ་ན་ཆུ་འདོར་བར་གནས་ན་དེ་བྱུང་གི་བར་དུ་དེར་མི་འཇུག་གོ །ཡང་ཕྱི་རོལ་ནས་ཡོང་བའི་སྒྲ་སོགས་ཐོས་ན་ནང་ན་གནས་པས་ཀྱང་སྒྲ་སོགས་ཀྱིས་གོ་བར་བྱའོ། །གཅི་བ་འདོར་བ་དེའི་ཁང་པར་གྲོས་དང༌། སོགས་པ་བྱ་བ་ཁྱད་པར་ཅན་གཞན་ཡང་བྱ་བ་མིན་ནོ། །གསུམ་པ་གཙང་སྦྲའི་བྱ་བ་དངོས་ནི། འོག་རླུང་དང་བཤང་བ་དང་གཅི་བ་རྣམས་འདོར་བ་ན་དལ་བུ་དལ་བུའི་སྒོ་ནས་སྒྲ་མེད་པར་དོར་བ་སོགས་བྱས་ནས་འཇུག་པར་བྱ་ཡི། ནན་གྱིས་མི་བསྡོམ་མོ། །སྔོན་བྲམ་ཟེ་ཞིག་ཕྱི་པ་དང་ནང་པ་གཉིས་པོ་གང་གཙང་སྦྲ་ཆེ་བའི་བསྟན་པ་ལ་འཇུག་སྙམ་ནས། ཤཱ་རིའི་བུ་བཤང་བ་འདོར་བའི་རྗེས་སུ་འབྲངས་པ་ན། དེའི་སེམས་ཤཱ་རིའི་བུས་ཤེས་ནས་འདི་ལྟར་བྱས་ཏེ། བཤང་བ་འདོར་མ་ཐག་སྔོན་དུ་རྡོ་བ་སོགས་འཇམ་པ་གང་ཡང་རུང་བས་འོག་གི་སྒོ་ཕྱིས་ནས་ཀྱང༌། དེ་ནས་ལན་གཉིས་ལན་གསུམ་དུ་ས་ཡིས་འོག་སྒོ་དག་པར་བཀྲུ་བར་བྱའོ། །དེ་ནས་ལག་པ་གཡོན་པར་སྤྱད་པར་བྱ་བ་ཤིན་ཏུ་འཇམ་པའི་སའི་ཕུང་པོ་བདུན་བྱས་ནས་བདུན་པོ་ཉིད་ཀྱིས་བཀྲུའོ། །ཡང་ས་ཕུང་བདུན་སྤུངས་ནས་བདུན་པོ་ཉིད་ཀྱིས་ལག་པ་གཉིས་ཀ་བཀྲུའོ། །ཡང་ས་ཕུང་གཅིག་གིས་རིལ་པོ་བཀྲུའོ། །ལག་པ་གཉིས་བཀྲུ་བ་ལ་ས་ཕུང་བདུན་གཉིས་བཅུ་བཞི་པོ་དེ་དག་བཤང་བ་འདོར་བའི་སྔོན་དུ་སོ་སོར་ཐ་དད་དུ་གཞག་གོ །འདི་འདྲ་དེ་ནི་ཐོག་མར་ཤཱ་རིའི་བུ་ལ་བསླབ་པ་བཅས་ལ། བསླབ་བྱ་འདི་ལས་གཞན་དུ་བྱས་ན་ཉེས་བྱས་བསྐྱེད་པར་འགྱུར་རོ། །ས་ཁྲུས་བྱས་པ་དེ་ནས་ལག་པར་མ་ཟད་རྐང་པའང་འབད་པས་ནི་ཆུ་མང་པོས་ནི་རབ་ཏུ་བཀྲུ་བར་བྱའོ། །དེ་ནས་ལག་ངར་དང་བྱིན་པ་ལ་ཆུའི་ཟིལ་པ་ཆགས་པ་འཇམ་ས་དག་གིས་ཕྱིས་ནས་ནི་སླར་ཡང་ལག་པ་དག་ནི་བཀྲུའོ། །འདི་འདྲའི་ཁྲུས་དག་གི་ལུས་ཀྱི་ཕྱི་རོལ་ལག་པ་དང་རྐང་པ་དང་གདོང་སོགས་དག་པར་བྱ་བར་གསུངས་པ་ཡིན་ནོ། །ཕྱིའི་གཙང་སྦྲའི་བྱ་བ་བསྟན་ཟིན་ཏོ། །གཉིས་པ་ནང་གི་གཙང་སྦྲ་ལ། དོན་དངོས་བསྟན་པ་དང༌། ཕྱིའི་གཙང་སྦྲ་མེད་ཀྱང་རུང་བ་དང༌། དེ་ཡི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། རབ་བྱུང་རྣམས་ཀྱིས་ཕྱིའི་དྲིའི་བྱུག་པ་སྤངས་པའི་གཙང་སྦྲ་སེམས་སྦྱོང་བ་ཡིན་ཏེ། སུམ་བརྒྱ་པར། སེམས་ནི་དག་ན་གཙང་བ་ཡིན་བཤད་དེ། །དྲི་དང་གོས་པ་དག་དང་བྲལ་ཙམ་ན། །བཅོམ་ལྡན་ནང་གི་གཙང་སྦྲ་གསུངས་པ་ནི། །ལུས་ལ་སོགས་པ་སྡིག་སྤངས་གང་ཡིན་པའོ། །ཞེས་སོ། །གཉིས་པ་ནི། སེམས་ཀྱི་སྡིག་པ་སྦྱོང་བ་འདི་འདྲའི་བྱུག་པ་མཆོག་ཡོད་པ་ལ་ནི་ཕྱིའི་གཙང་སྦྲ་སྟོང་ཕྲག་ས་ཡིས་ལུས་བཀྲུ་བའི་འབད་པས་ཅི་ཞིག་བྱ། གསུམ་པ་ནི། རྫོགས་པའི་སངས་རྒྱས་ཀྱིས་ནང་སེམས་ཀྱི་ནི་གཙང་སྦྲ་དེ་ཉིད་དག་བྱེད་དོན་དམ་པར་གསུངས་པ་ཡིན་ཏེ། དེས་ལུས་དང་ངག་དང་ཡིད་ཀྱི་སྡིག་པ་སྤོངས་བར་གསུངས་པ་ཡིན་པས་སོ། །ཐུན་མོང་གི་ཚུལ་ཁྲིམས་བསྟན་ཟིན་ཏོ། །བཞི་པ་བྱ་བ་ཞུ་བའི་དམིགས་བསལ་ནི། སྤྱིར་བྱ་བ་ཐམས་ཅད་གནས་ཀྱི་བླ་མ་ལ་ཞུ་དགོས་ཀྱང༌། སོ་ཤིང་གི་བྱ་བ་བྱེད་པ་དང༌། བཤང་བ་འདོར་བ་དང༌། གཅི་བ་འདོར་བ་དང༌། ཆུ་འཐུང་བ་དང༌། མཚམས་ནང་དེའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཕྱག་འཚལ་བ་སོགས་བླ་མ་དག་ལ་ཞུ་མི་དགོས་སོ། །མཚམས་ནང་གང་ཞེ་ན། གང་དུ་སྐབས་དང་མཐུན་པ་སྟེ། རྭ་བ་དང་རྩིགས་པ་དང་རྟ་བབས་གང་གིས་བསྐོར་བའི་རྭ་བ་སོགས་ཏེ། དེ་ནས་འདོམ་བཞི་བཅུ་རྩ་དགུའི་བར་ནི་ནང་གི་མཚམས་སུ་ཤེས་པར་བྱའོ། །མ་ཐོབ་པ་ཐོབ་བྱེད་ཀྱི་ཆོ་ག་བསྟན་ཟིན་ཏོ། །གཉིས་པ་ཐོབ་པ་གསུང་པའི་ཆོ་ག་རྒྱས་པར་བཤད་པ་ལ་གཉིས་ཏེ། རྩ་བའི་ལུང་ལས་གསུངས་པ་དང༌། བཤད་པའི་ལུང་ལས་གསུངས་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་སྤྱིའི་དོན་ལ། དང་པོ་སྡོམ་ཚིག་ནི། མཚན་ཉིད་དབྱེ་བ་ངེས་ཚིགས་དང༌། །བསླབ་པ་བསྲུངས་པའི་ཕན་ཡོན་ནོ། །དང་པོ་ནི། ལུས་ངག་གི་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བ་སྟེ། ཤཱཀྱ་འོད་ཀྱིས། ལུས་ངག་གི་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བའོ་ཞེས་སོ། །འོ་ན་དགེ་སློང་མས་དགེ་སློང་མ་ཟླ་བོའི་ཕམ་པ་བཅབ་པ་ཆོས་ཅན། ལྟུང་བ་མ་ཡིན་པར་ཐལ། ལུས་ངག་གི་བཅས་པ་ལས་འདས་པ་མ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་ལུང་ལས། བཙུན་པ་ལུས་སུ་ཡང་མ་ཐོན། ངག་ཏུ་ཡང་མ་ཐོན་པར་དགེ་སློང་མར་མི་རུང་བར་མཆིས་སམ། ཡོད་དེ། དགེ་སློང་མ་ཟླ་བོའི་ཕམ་པ་འཆབ་ནའོ་ཞེས་སོ། །གསོ་སྦྱོང་གི་དུས་སུ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན། ལྟུང་བ་ཡོད་པར་ཤེས་བཞིན་དུ་འཆབ་པ་ཆོས་ཅན། ལྟུང་བ་མ་ཡིན་པར་ཐལ། ལུས་ངག་གི་བཅས་པ་ལས་འདས་པ་མ་ཡིན་པའི་ཕྱིར། ཡང་ལུང་དུ། སེམས་འབའ་ཞིག་ལ་ལྟུང་བར་འགྱུར་བ་མཆིས་སམ། ཡོད་དེ། གསོ་སྦྱོང་མི་བྱེད་པའོ་ཞེས་འབྱུང་བས་སོ་ཞེ་ན། མི་འཐད་དེ། འདོད་པའི་རིག་བྱེད་མ་ཡིན་པ་འགྲུབ་པ་ལ་རིག་བྱེད་ངེས་པར་དགོས་པའི་ཕྱིར་ཏེ། མཛོད་འགྲེལ་ལས། འདོད་པ་ན་སྤྱོད་པའི་རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་མེད་པ་ཅན་ཡང་མེད་པས་ཞེས་གསུངས་པ་ཡིན་ནོ། །སློབ་དཔོན་འདུལ་བཟང་གིས། ལུང་ལས་གསུངས་པའི་དོན་ནི་རྣམ་པར་རིག་བྱེད་ཅུང་ཟད་ཙམ་ལས་མེད་པ་ལ་དགོངས་ཀྱི། འདི་དག་ལ་གདོན་མི་ཟ་བར་ལུས་དང་ངག་གི་རྣམ་པར་འགྱུར་བ་ཡང་འབྱུང་ངོ་ཞེས་གསུངས་སོ། །དགེ་སློང་མ་ཟླ་བོའི་ཕམ་པ་འཆབ་པ་ལ་ཡང་ལུས་ཀྱི་རྣམ་པར་རིག་བྱེད་ཅུང་ཟད་ཡོད་ལ། གསོ་སྦྱོང་གི་དུས་སུ་ཉེས་པ་འཆབ་པ་ལ་ནི་བརྫུན་གྱི་ཀུན་སློང་ལས་བྱུང་བའི་ངག་གིས་བཅས་པ་ལས་འདས་པ་ཡོད་པའི་ཕྱིར་རིག་བྱེད་གཏན་ནས་མེད་པ་ཡིན་ནོ། །ཡིད་ཁོ་ན་ལ་ལྟུང་བ་རྣམ་པར་གཞག་ཏུ་མེད་དོ། །ཤཱཀྱ་འོད་ཀྱིས། ཡིད་ཀྱིས་སྡོམ་པ་ལ་སོ་སོར་ཐར་བའི་སྡོམ་པ་ཉིད་མེད་པའི་ཕྱིར་ཞེས་གསུངས་པ་དང༌། སོ་སོ་ཐར་བའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཡིན་ཏེ། ལུས་ཀྱི་རྣམ་པ་གསུམ། ངག་གི་རྣམ་པ་བཞི་ཞེས་བྱ་བར་ངེས་པའི་ཕྱིར་ཞེས་གསུངས་པ་ལྟར་རོ། །འོ་ན་དགེ་བསྙེན་གྱིས་སྲོག་གཅོད་པ་ལ་སོགས་པ་ལ་སྦྱོར་བ་ན་ལྟུང་བ་འབྱུང་བར་ཐལ། ལུས་ངག་གི་བཅས་པ་དང་འགལ་བའི་ཁ་ན་མ་ཐོ་བ་བྱུང་བའི་ཕྱིར་རོ་ཞེ་ན། རྒྱ་ཆེར་འགྲེལ་ལས། ཁྱིམ་པ་ལ་བཅས་པ་མེད་ཅེས་གསུངས་པས་བཅས་པ་ཐམས་ཅད་རབ་ཏུ་བྱུང་བ་ཁོ་ནའི་ཡིན་པས། དགེ་བསྙེན་ལ་བཅས་པ་དང་འགལ་བའི་ཉེས་པ་མི་འབྱུང་ངོ༌། །མཚན་ཉིད་ལ་ལོག་པར་རྟོག་པ་བསལ་ནས། གཉིས་པ་དབྱེ་བ་ལ་ལོག་པར་རྟོག་པ་བསལ་བ་ནི། དབྱེ་བ་གང་ཞེ་ན། སྡོམ་ཚིག་ནི། སྡེ་ཚན་གནས་སྐབས་རྒྱུ་དང་ནི། །ཕྱིར་བཅོས་དང་ནི་འབྱུང་བའི་སྒོ། །ངོ་བོ་དང་ནི་གཞི་དང་ནི། །བྱ་བྱེད་འདུ་ཤེས་དངོས་པོ་འོ། །དང་པོ་སྡེ་ཚན་ལས་ནི། ཕམ་པར་འགྱུར་བའི་སྡེ། དགེ་འདུན་ལྷག་མའི་སྡེ། ལྟུང་བྱེད་ཀྱི་སྡེ། སོ་སོར་བཤགས་པའི་སྡེ། བསླབ་པའི་སྡེ་སྟེ་ལྔའོ། །གཏན་ལ་དབབ་པ་བསྡུ་བ་ལས། ལྟུང་བ་སྡེ་ཚན་རྣམ་ལྔ་སྟེ། །ཞེས་གསུངས་པ་ལྟར་རོ། །འོ་ན་མ་ངེས་པ་གཉིས་པོ་གང་དུ་འདུ་ཞེ་ན། བློས་ལྟུང་བའི་རྭ་བ་མ་ཆོད་པས་མ་ངེས་པ་ཞེས་བརྗོད་ཀྱི། རྫས་ལ་སྡེ་ཚན་ལྔ་ལས་ལོགས་སུ་མེད་དོ། །འོ་ན་སྦོམ་པོ་སྡེ་ལྔ་གང་དུ་གཏོགས་ཤེ་ན། རྣམ་འབྱེད་ལས། ཉེས་པ་སྦོམ་པོ་ནི་གཉིས་ཏེ། ཕམ་པ་ལས་བྱུང་བ་དང༌། དགེ་འདུན་ལྷག་མ་ལས་བྱུང་བའོ་ཞེས་གསུངས་པས། ཕམ་པས་ཀུན་ནས་སློང་བ་ཕམ་པའི་སྡེ་ཚན་དང༌། ལྷག་མས་ཀུན་ནས་སློང་བ་ལྷག་མའི་སྡེ་ཚན་དུ་གཏོགས་སོ། །གནས་སྐབས་ཀྱིས་དབྱེ་བ་གང་ཞེ་ན། སྦྱོར་བའི་སྦྱོར་བ་དང༌། དངོས་གཞིའི་གནས་སྐབས་ཀྱི་དབྱེ་བས་གསུམ་མོ། །རྒྱུ་ལས་དབྱེ་བ་གང་ཞེ་ན། མི་ཤེས་པས་བྱས་པ་དང༌། བག་མེད་པས་བྱས་པ་དང༌། ཉོན་མོངས་མང་བས་བྱས་པ་དང༌། མ་གུས་པས་བྱས་པའོ། །ཕྱིར་བཅོས་ཀྱིས་དབྱེ་བ་གང་ཞེ་ན། ལྷག་མ་མེད་པ་ཕམ་པ་དང༌། དགེ་འདུན་ལས་གསོ་བར་བྱ་བ་དགེ་འདུན་ལྷག་མ་དང༌། གང་ཟག་ལས་གསོ་བར་བྱ་བ་གང་ཟག་ལྷག་མ་ཅན་ནོ། །འབྱུང་བའི་སྒོ་ནས་དབྱེ་བ་ནི། ལུས་ལས་བྱུང་བ་དང༌། ངག་ལས་བྱུང་བའོ། །དང་པོ་ནི། སྲོག་གཅོད་དང༌། མ་བྱིན་ལེན་དང༌། མི་ཚངས་སྤྱོད་ཕྱོགས་མཐུན་དང་བཅས་པའོ། །གཉིས་པ་ནི། བརྫུན་དང་ཕྲ་མ་སོགས་ཕྱོགས་མཐུན་དང་བཅས་པའོ། །ངོ་བོའི་སྒོ་ནས་དབྱེ་བ་གང་ཞེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཅས་པའི་ཁ་ན་མ་ཐོ་བའོ། །འདི་གཉིས་ཀྱི་ཁྱད་པར་ནི། བྱེ་བྲག་ཏུ་སྨྲ་བ་དང༌། འདུལ་བ་འཛིན་པ་རྣམས་རྐྱེན་དབང་གིས་ཀྱང་མ་གནང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། རྐྱེན་གྱི་དབང་གིས་གནང་བ་ནི་བཅས་པ་སྟེ། ཕྲན་ཚེགས་ལས། ཉེ་བར་འཁོར་གྱིས། བཙུན་པ་བཅོམ་ལྡན་འདས་དད་པའི་རིམ་གྲོ་བྱའོ་ཞེས་གསུངས་པ་གང་ལགས། དེ་ལ་ཡོ་བྱེད་ཇི་ལྟ་བུས་བགྱི། ཉེ་བར་འཁོར་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པ་གཞན་དག་གིས་སོ་ཞེས་གསུངས་པས་སོ་ཞེས་འདོད་དོ། །མངོན་པ་པ་ཁ་ཅིག་ནི། ངོ་བོ་ཉིད་ཀྱིས་སྡིག་ཏུ་འགྱུར་བར་རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཅས་པའི་དབང་གིས་ཉེས་པར་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བའོ་ཞེས་སོ། །འདུལ་བ་བསྡུས་པ་ལས་ནི། མི་དགེ་བའི་སེམས་ཡན་ལག་ཏུ་དགོས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། མི་དགོས་པ་བཅས་པའི་ཁ་ན་མ་ཐོ་བའོ་ཞེས་སོ། །དུལ་བ་ལྷས་ཀྱང་གཙོ་བོར་དེ་བཞིན་དུ་བཞེད་དོ། །དོན་ནི། རྐྱེན་གྱི་དབང་གིས་གནང་བ་ནི་བཅས་པ་ཡིན་ལ། རྐྱེན་གྱི་དབང་གིས་ཀྱང་མ་གནང་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བར་རིགས་སོ། །དམིགས་བསལ་ལ་ཆང་འཐུང་བ་ནི་རྐྱེན་གྱི་དབང་གིས་མ་གནང་ཡང་བཅས་པ་ཁོ་ན་སྟེ། མཛོད་འགྲེལ་ལས། ཇི་ལྟར་ན་མྱོས་པར་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་ཤེས་ཤེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་མེད་པའི་ཕྱིར་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་སེམས་ཉོན་མོངས་པ་ཅན་ཁོ་ནས་སྤྱོད་པ་ཡིན་ལ། ཆང་ནི་ཇི་སྲིད་མྱོས་པར་མི་འགྱུར་པར་གཉེན་པོའི་བློ་ཁོ་ནས་བཏུང་བར་ནུས་སོ། །གང་མྱོས་པར་འགྱུར་བ་ཡིན་པར་ཤེས་ནས་འཐུང་བའི་སེམས་དེ་ཉིད་ཉོན་མོངས་པ་ཅན་ཡིན་ནོ། །གང་མྱོས་པར་མི་འགྱུར་བར་ཚོད་རིག་ནས་འཐུང་བ་དེ་ནི་ཉོན་མོངས་པ་མ་ཡིན་ནོ་ཞེས་དང༌། རྣམ་འབྱེད་ཀྱི་འགྲེལ་པར། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉོན་མོངས་ཀྱི་སེམས་ལས་བྱུང་བ་སྟེ། ངོ་བོ་ཉིད་ཀྱིས་སྐྱོན་ཆགས་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉོན་མོངས་མ་ཡིན་ཡང་སྨད་པའི་དབང་གིས་བཀག་པའོ་ཞེས་སོ། །རང་བཞིན་དང་བཅས་པ་ངོ་བོ་གཅིག་གམ་ཐ་དད་ཅེ་ན། འགའ་ཞིག་ངོ་བོ་ཐ་དད་པ་ཡིན་ཏེ། སྡིག་པ་ནི་རྟེན་ཐུན་མོང་བ་ཡིན་ལ། ལྟུང་བ་ནི་རབ་ཏུ་བྱུང་བ་ཁོ་ནའི་རྟེན་ཅན་ཡིན་པའི་ཕྱིར་དང༌། སྐྱེད་བྱེད་ཀྱི་རྒྱུ་དང་ཕྱིར་བཅོས་ཀྱང་ཐ་དད་པའི་ཕྱིར་རོ་ཞེ་ན། །འོ་ན་རབ་ཏུ་བྱུང་བའི་རྟེན་ཅན་གྱིས་སྲོག་གཅོད་ལ་སྦྱོར་བ་ནི་སྡིག་ལྟུང་ངོ་བོ་གཅིག་ཏུ་བྱུང་བ་མ་ཡིན་པར་ཐལ། སྡིག་ལྟུང་རྫས་ཐ་དད་པའི་ཕྱིར་རོ། །གལ་ཏེ་ཁྱིམ་པ་ལ་མི་དགེ་བ་འབྱུང་ཡང་ལྟུང་བ་མི་འབྱུང་པས་སྡིག་ལྟུང་ཐ་དད་དོ་ཞེ་ན། གཟུགས་དང་མི་རྟག་པ་ཡང་ངོ་བོ་ཐ་དད་པར་ཐལ། རིག་པ་ལ་མི་རྟག་པ་ཡོད་ཀྱང་གཟུགས་མེད་པའི་ཕྱིར་རོ་ཞེས་བརྗོད་ན་ལན་ཅི་ཡོད། གཞིའི་སྒོ་ནས་དབྱེ་བ་གང་ཞེ་ན། གཞི་སེམས་ཅན་ལ་བརྟེན་ནས་འབྱུང་བ་དང༌། སེམས་ཅན་མ་ཡིན་པ་ལ་བརྟེན་ནས་འབྱུང་བའོ། །དང་པོ་ནི། སྲོག་གཅོད་དང་མི་ཚངས་སྤྱོད་ལྟ་བུ་ཡིན་ལ། གཉིས་པ་ནི། ཕྱི་རོལ་གྱི་དངོས་པོ་རྐུ་བ་དང༌། འགོག་བདེན་མ་ཐོབ་པ་ལ་ཐོབ་བོ་ཞེས་སྨྲ་བའི་བརྫུན་ལྟ་བུའོ། །བྱ་བ་ལས་ནི་བྱེད་དགོས་པ་མི་བྱེད་པ་དང༌། བྱ་མི་རུང་བ་བྱེད་པའོ། །དང་པོ་ནི། གསོ་སྦྱོང་མི་བྱེད་པ་ལྟ་བུ་ཡིན་ལ། གཉིས་པ་ནི། སྲོག་གཅོད་པ་སོགས་ལ་འཇུག་པར་བྱེད་པ་ལྟ་བུའོ། །བྱེད་ལས་ཀྱི་སྒོ་ནས་དབྱེ་བ་གང་ཞེ་ན། རང་ཁོ་ནས་རྫོགས་པར་བྱེད་དགོས་པ་དང༌། གཞན་ལ་བཅོལ་ཡང་རྫོགས་པའོ། །དང་པོ་ནི། མི་ཚངས་སྤྱོད་ལྟ་བུ་ཡིན་ལ། གཉིས་པ་ནི། སྲོག་གཅོད་པ་ལྟ་བུ་སྟེ། རེས་འགའ་རང་གིས་རྫོགས་པར་བྱེད་ལ། རེས་འགའ་ནི་གཞན་སྲོག་གཅོད་ལ་སྦྱོར་བ་བྱེད་པ་ལྟ་བུའོ། །ཡང་དངོས་པོ་དང༌། འདུ་ཤེས་གཙོ་བོ་གང་ཞེ་ན། འོད་ལྡན་ལས། བསླབ་པའི་གཞི་ནི་གཉིས་ཏེ། འདུ་ཤེས་གཙོ་བོར་བྱ་བ་དང༌། དངོས་པོ་གཙོ་བོར་བྱ་བའོ་ཞེས་གསུངས་པ་ལྟ་བུའོ། །དང་པོ་འདུ་ཤེས་གཙོ་བོ་ནི་བརྫུན་ལྟ་བུ་ཡིན་ལ། དངོས་པོ་གཙོ་བོ་ནི་སྲོག་གཅོད་པ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། འདུ་ཤེས་གཞན་དུ་མ་བསྒྱུར་ན་བརྫུན་གྱི་ཉེས་པ་མི་འབྱུང་བའི་ཕྱིར་དང༌། སྲོག་གཅོད་ཀྱི་ལས་ལམ་འབྱུང་བ་ལ་དངོས་པོ་ལ་གཞན་གྱི་སྲོག་ཆད་པ་གཙོ་བའི་ཕྱིར། གཉིས་པ་ངེས་ཚིག་ནི། འདིས་ངན་སོང་དུ་ལྟུང་བར་བྱེད་པས་ན་ལྟུང་བ་དང༌། སྡིག་པའི་མཚན་ཉིད་འཛིན་པའི་ཕྱིར་ཁ་ན་མ་ཐོ་པ་དང༌། བཅས་པ་དང༌། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་འཆལ་བའི་ཚུལ་ཁྲིམས་ཞེས་བྱའོ། །ཕམ་པ་ཞེས་བྱ་བ་ནི། སྤང་བྱས་གཉེན་པོ་ཕམ་པར་བྱས་པས་ན་ཕམ་པ་ཞེས་བྱའོ། །སྡོམ་པའི་ལྷག་མ་ལུས་ཤིང་དགེ་འདུན་ལས་གསོ་བར་བྱ་བས་ན་དགེ་འདུན་ལྷག་མའོ། །གནས་འོག་མར་ལྟུང་བར་བྱེད་པས་ན་ལྟུང་བྱེད་དོ། །བཤགས་པའི་ཚེ་སྤང་བྲལ་སྔོན་དུ་བཏང་དགོས་པས་སྤང་ལྟུང་ངོ༌། །སྤང་བྲལ་བྱས་པ་ལ་མི་ལྟོས་པར་ངོ་བོ་འབའ་ཞིག་བཤགས་པས་ཆོག་པས་ན་ལྟུང་བྱེད་འབའ་ཞིག་པའོ། །སྨྲེ་སྔགས་འདོན་པའི་ཚུལ་གྱིས་སོ་སོར་བཤགས་པར་བྱ་བས་ན་སོ་སོར་བཤགས་པའོ། །བཅས་པ་དང་འགལ་བས་ཉེས་བྱས་ཏེ། སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །བསླབ་པ་བསྲུང་བའི་ཕན་ཡོན་ནི་རྣམ་པ་བཅུ་སྟེ། མཆོག་ཏུ་དགའ་བའི་ཆོས་ཐོབ་པ་དང༌། འགྱོད་བ་མེད་པར་འཆི་བའི་དུས་བྱེད་པ་དང༌། ཕྱོགས་བཅུར་སྙན་པའི་གྲགས་པ་དང༌། བདེ་བར་གཉིད་ལོག་པ་དང༌། ལྷ་རྣམས་ཀྱིས་བསྲུང་བ་དང༌། གཞན་ལ་བག་ཚ་བ་སོགས་མེད་པ་དང༌། ལྷས་ཕན་འདོགས་པ་དང༌། མི་མ་ཡིན་གྱིས་བླགས་མ་རྙེད་པ་དང༌། ཆོས་ཚེགས་ཆུང་ངུས་ཐོབ་པ་དང༌། སྨོན་ལམ་ཡང་དག་པར་འགྲུབ་པར་འགྱུར་བའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི། སྡོམ་པ་ལྷག་མ་མེད་པར་གཏོང་པ་ཕམ་པ་དང༌། དགེ་འདུན་ལས་ལྡང་བ་དགེ་འདུན་ལྷག་མའི་ལྟུང་བ་དང༌། དེ་བཞིན་གང་ཟག་ལས་ལྡང་བ་ཅན་ལྟུང་བ་ལྷག་མ་རྣམས་སོ། །དེ་ལྟར་ལྟུང་བ་བསྡུ་ན་རྣམ་པ་གསུམ་དུ་གྲགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལྷག་མ་མེད་པའི་ལྟུང་བ་དང༌། ལྷག་མ་དང་བཅས་པའི་ཕྱིར་བཅོས་སོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་མཚམས་སྦྱར་བ་ནི། ལྟུང་བ་རྣམས་ཀྱི་དང་པོར་གསུངས་པ་ནི་ཕས་ཕམ་བཞི་ཡིན་ཏེ། ཤིན་ཏུ་ལྗི་བའི་ཕྱིར་རོ། །དངོས་ཀྱི་དོན་ནི། བཞི་པོ་འདི་དག་གང་རུང་ཞིག་བྱུང་བ་ཡིན་ན་ནི་འཆབ་སེམས་མ་སྐྱེས་ཀྱང་དགེ་སློང་རྣམ་པར་ཉམས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དགེ་སློང་གི་ཕམ་པ་དང༌། དགེ་སློང་མའི་ཕམ་པའོ། །དང་པོ་ལ་སྡོམ་ནི། མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་བ་དང༌། །བརྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་སོ། །འདི་དག་ནི་གླེང་གཞི་དང༌། བཅས་པ་གཉིས་ཀྱིས་གསུངས་ལ། གླེང་གཞི་ནི་ཡུལ་དང༌། གང་ཟག་དང༌། ཉོན་མོངས་པ་དང༌། ཉེས་པའི་གཞིའི་བྱེ་བྲག་གིས་སྟོན་ལ། བཅས་པ་ནི་འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བའི་མཚམས་རྣམ་པར་གཞག་པའོ། །དང་པོ་མི་ཚངས་སྤྱོད་ལ་གསུམ་སྟེ། གླེང་གཞི་དང༌། བཅས་པའི་རང་བཞིན་དང༌། དོན་བསྡུ་བའོ། །དང་པོ་ནི། སྟོན་པའི་བསྟན་པ་ནི་ལོ་བཅུ་གཉིས་སུ་སྟོན་ཀའི་དུས་ཀྱི་ཆུ་བཞིན་དུ་ལྟུང་བའི་དྲི་མ་མེད་པར་ལེགས་པར་གནས་ཏེ། ཉོན་མོངས་པ་སྤོང་བར་བྱེད་པ་ཡིན་ནོ། །དེ་ནས་ལོ་བཅུ་གསུམ་པ་ལ་སྟོན་པ་སྤོང་བྱེད་དུ་བཞུགས་པའི་ཚེ། སྤོང་བྱེད་ཀྱི་ཀ་ལན་ཏ་ཀའི་གྲོང་དུ་དགེ་སློང་བཟང་སྦྱིན་གྱིས་མའི་ཚིག་གིས་བུའི་ས་བོན་གཞག་པའི་ཕྱིར། བསླབ་པ་མ་ཕུལ་བར་ཆུང་མ་ལ་ནི་འཁྲིག་པ་སྤྱད་པ་ལ་བརྟེན་ནས་སྟོན་པས་ཕམ་པར་འགྱུར་བ་བཅས་སོ། །རྗེས་བཅས་ནི་དགེ་སློང་དགོན་པ་བ་ཡིས་ཀྱང་སྤྲ་མོ་ལ་ཞུགས་ཏེ་མི་ཚངས་པར་སྤྱོད་དོ། །དེ་ལ་ཀུན་མཁྱེན་གྱིས་འཁོར་གྱི་ནང་དུ་དགོན་པ་བ་ལ་འདི་སྐད་སྨད་པར་མཛད་དེ། འདོད་ཆགས་ལ་སོགས་པ་དུག་གསུམ་ཞི་བར་བྱ་བའི་ཕྱིར་ང་ཡིས་ཆོས་རྣམས་བསྟན་པ་ཡིན་པ་ལ། ཁྱེད་འདི་ལྟར་སྡིག་པའི་ལས་ལ་ཅིའི་ཕྱིར་ཆགས་ཞེས་སྨད་དོ། །དེ་ནས་བསླབ་པ་བཅས་པའི་ཕན་ཡོན་བཅུ་གཟིགས་ཤིང་རང་གི་སློབ་མ་རྣམས་ལའང་ཕན་པར་བཞེད་པས་ཐུགས་རྗེའི་བདག་ཉིད་ཅན་གྱི་སྟོན་པས་བསླབ་པའི་གཞི་བཅའ་བ་དག་མཛད་དོ། །ཕན་ཡོན་བཅུ་ལ་སྡོམ་ཚིག་ནི། དགེ་འདུན་བསྡུ་དང་ལེགས་བསྡུ་དང༌། །བདེར་གནས་གནོད་མི་བསྐུར་བ་དང༌། །ཚར་གཅད་ངོ་ཚ་ཤེས་དང་བདེ། །མ་དད་དེ་དང་དད་རྣམས་འཕེལ། །འདི་ཡི་ཟག་བསྡམས་ཕྱི་མའི་བཟློག །བསྟན་པ་ཡུན་རིང་གནས་པའོ། །འདིའི་དོན་ནི། རྣམ་པར་བཤད་པའི་སྒོ་བསྡུ་བ་ལས་དང་པོ་ནི་མདོར་བསྟན་ནོ། །གཉིས་པ་ནི་འདོད་པ་བསོད་ཉམས་ཀྱི་མཐའ་སྤང་བའོ། །གསུམ་པ་ནི་ངལ་ཞིང་དུབ་པའི་མཐའ་སྤང་བའོ། །བཞི་པ་ནི་ཚུལ་འཆལ་རྣམས་ནན་ཏུར་བྱ་བའི་ཕྱིར་རོ། །ལྔ་པ་ནི་ཚུལ་ལྡན་རྣམས་སྡིག་པའི་འགྱོད་པ་མེད་པའི་ཕྱིར་རོ། །དྲུག་པ་ནི་མ་ཞུགས་པ་རྣམས་གཞུག་པའི་ཕྱིར་རོ། །བདུན་པ་ནི་ཞུགས་པ་རྣམས་སྨིན་པའི་ཕྱིར་རོ། །བརྒྱད་པ་ནི་ཀུན་དཀྲིས་རྣམ་པར་གནོན་པ་དང་མཐུན་པའི་ཕྱིར་རོ། །དགུ་པ་ནི་ལེགས་སྨོན་གྱིས་ངས་སྤྱོད་རྣམས་བསལ་བའི་ཕྱིར་རོ། །བཅུ་པ་ནི་སྟོན་པ་རྒྱུན་མི་འཆད་པར་བྱ་བའི་ཕྱིར་རོ་ཞེས་བཤད་དོ། །གཉིས་པ་བཅས་པའི་རང་བཞིན་ལ་གསུམ་སྟེ། ལྟུང་བ་རྣམ་པར་གཞག་པ་དང༌། སྤང་བར་གདམས་པ་དང༌། ཞར་ལ་སྦོམ་པོའི་རབ་དབྱེའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་བཤད་དོ། །དང་པོ་ལ་སྤྱིའི་དོན་ནི། སྤྱིར་ལྟུང་བ་སོ་སོའི་རྒྱུ་ཚོགས་ནི་གཞུང་སོ་སོའི་གནས་སྐབས་སུ་འབྱུང་ལ། མདོར་བསྡུས་པ་ནི། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པའོ། །བཅས་པའི་དགག་བྱ་ནི་གཉིས་ཏེ། ཉེས་དམིགས་དངོས་དང༌། ཉེས་དམིགས་ཀྱི་དངོས་རྒྱུ་དང་བརྒྱུད་པའི་རྒྱུའོ། །བཅས་པ་ནི་གསུམ་སྟེ། དགག་བཅས་དང༌། སྒྲུབ་བཅས་དང༌། གནང་བ་བཅས་པའོ། །ལྟུང་བ་འགྲུབ་པའི་ཡན་ལག་ནི་གཞུང་གིས་སོ་སོར་སྟོན་ནོ། །གཉིས་པ་གཞུང་གི་དོན་ནི། མཆིལ་མའི་ལམ་ཁ་དང༌། གཅི་བའི་ལམ་མཚན་མ་དང༌། བཤང་བའི་ལམ་དང་གསུམ་དུ་ཆགས་ཅན་ཞུགས་ན་ནི་གསོ་བྱར་མི་རུང་བའི་གདུག་པའི་སྦྲུལ་གྱིས་ཟིན་པ་དང་འདྲ་བར་དགེ་སློང་ཕས་ཕམ་པས་ཟིན་ནོ། །ཇི་ཙམ་གྱིས་ཕས་ཕམ་དུ་འགྱུར་ཞེ་ན། བཤང་ལམ་གྱི་ཁ་ཤུན་དང༌། ཁའི་སོ་དང༌། གཅི་བའི་པགས་པའི་རིམ་པ་ལས་ནོར་བུ་འདས་ན་ཕས་ཕམ་སྟེ་ཕས་ཕམ་དུ་འགྱུར་བའི་ཚད་ནི་དེའོ། །ནང་དུ་མ་སོན་པར་ཕྱི་རོལ་ལུས་ཀྱི་ཆ་ནི་ཅི་རིགས་པར་ཏེ། ཁུ་བ་དབྱུང་འདོད་མེད་པར་ཕྱུང་ན་སྦོམ་པོ། །དབྱུང་འདོད་ཀྱིས་ཕྱུང་ན་དགེ་འདུན་ལྷག་མའོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག་སྟེ། ལྟུང་བ་དངོས་གཞི་དང༌། ན་སྨད་སེལ་བ་བ་དང༌། ངོ་བོ་མཚན་ཉིད་དང༌། སེལ་བའི་རབ་དབྱེ་དང༌། ལྟུང་བ་ཐམས་ཅད་ཀྱི་དབྱེ་བ་དང༌། སེལ་བ་གཞན་བསྟན་པའོ། །དང་པོ་ནི། གང་གི་ཕྱིར་བུད་མེད་ཀྱི་སྟོབས་ཀྱིས་དགེ་སློང་མནན་ནས་ཀྱང་བརྟུལ་ཞུགས་ཅན་གྱིས་གྲོང་ཆོས་འཁྲིག་པའི་བདེ་བ་བསྟེན་ན་དགེ་སློང་དེ་ཡང་ཕམ་པར་གསུངས་སོ། །མདོ་རྩ་བར། བུད་མེད་སྤྱོད་མི་འདོད་བཞིན་དུ་བསྟེན་ན་ཡང་ཕམ་པའོ་ཞེས་སོ། །གཉིས་པ་ན་སྨད་སེལ་བ་ནི། ཡན་ལག་ཅུང་ཟད་མ་ཚང་བས་དངོས་གཞི་ལས་སེལ་བས་ན་སེལ་བ་སྟེ། ལམ་གསུམ་ཉམས་པ་དང༌། ལམ་གསུམ་ལས་གཞན་པའི་རྨ་ཡི་སྒོར་ཆགས་ཅན་རབ་ཏུ་ཞུགས་ན་སྦོམ་པོར་ཤེས་པར་བྱ། སྤྱད་པ་མི་ཤེས་པ་དང་བྱིས་པ་ཆུང་ངུ་གང་བསྟེན་མི་བཟོད་དེ། ལག་པས་ལག་པ་དང༌། རྐང་པས་རྐང་པ་སྤྲད་དུ་མི་རུང་བ་ལ་སྤྱད་ནའང་སྦོམ་པོའོ། །གསུམ་པ་ངོ་བོ་མཚན་ཉིད་ནི། ཉམས་པ་དེ་གང་ཞེ་ན། ལམ་གསུམ་པོ་དེ་སྡིག་པ་ལ་སོགས་པས་ཅུང་ཟད་ཟིན་པ་དང༌། ཤས་ཆེར་ཟིན་པ་དང༌། སྐྲངས་པ་དང་རུལ་བ་སྟེ་ཉམས་པའོ། །མཚན་གང་ཞིག་ཕོ་དབང་མོ་དབང་གཉིས་ཀ་རྣལ་དུ་གནས་ཤིང་སྐྲངས་རུལ་ལ་སོགས་ཀྱི་སྐྱོན་མེད་པ་དེ་ནི་མ་ཉམས་པའོ། །བཞི་པ་སེལ་བའི་རབ་དབྱེ་ནི། ཐམས་ཅད་དུ་རྨའི་སྒོ་གསུམ་པོ་ཉམས་པ་ལ་ནི་གང་ཞིག་ནོར་བུ་དེ་ཞུགས་པ་དང་དུས་མཉམ་དུ་ཉམས་ན་སྦོམ་པོ་ཡིན་གྱི། མཐར་ཐུག་མ་ཡིན་ནོ། །མོ་དབང་གི་ནང་དུ་མ་ཆུད་པས་འཁྲིག་པ་བསྟེན་པ་དང༌། དགེ་སློང་ཞིག་གིས་ལས་སུ་མི་རུང་བ་བཅུག་ན་ཉེས་པར་མི་འགྱུར་རོ་སྙམ་སྟེ་བྱས་པས་དབང་པོ་ལས་སུ་མི་རུང་བས་ཀྱང་འཁྲིག་པ་སྤྱོད་པར་བྱེད་པ་ལ་ཡང་སྦོམ་པོ་ཉིད་དུ་གྲགས་པ་ཡིན་ནོ། །བུད་མེད་ཤི་བའི་ལུས་གཞུང་གཤགས་སུ་བྱས་ནས་ཡང་སྦྱར་བའི་མོ་མཚན་གྱི་མཚམས་འབྱོར་བར་མངོན་པ་དང༌། མཚམས་མ་འབྱོར་བ་ལ་བསྟེན་ནའང་སྦོམ་པོའོ། །ཤུགས་ལ་འབྱོར་བ་ལ་སྤྱོད་ན་དངོས་གཞིའོ་ཞེས་སོ། །མདོ་རྩ་བར། རྨ་གསུམ་ལས་གཞན་པའི་ལུས་ཉམས་པ་དང༌། མོ་མཚན་མཚམས་མ་འབྱོར་པ་ལ་ལྟུང་བར་བཤད་དེ། །བགྲོད་བར་བྱ་བ་ཕྱེད་བཅད་པ་ཉིད་ལ་ཡང་ན་སྨད་པ་མེད་དོ། །བསྟེན་པར་བྱ་བའི་དབུས་བྱེ་བའི་མཚམས་སྦྱོར་བ་མི་མངོན་པ་ཡང་ངོ་ཞེས་སོ། །སྔོན་ཀླུ་མོ་བུད་མེད་དུ་སྤྲུལ་པ་ལ་དགེ་སློང་གིས་སྤྱད་པས་དེས་བདེ་བ་མྱོང་པ་ན་རང་ལུས་སུ་བསྟན་པས་དགེ་སློང་སྐྲག་པར་གྱུར་པས་འཇིགས་པས་བུད་མེད་འདོར་ཞིང་སྤྱོད་པ་ལའང་སྦོམ་པོའོ། །ཡང་འོད་བཟང་མའི་རོ་ལ་དགེ་སློང་ཞིག་གིས་སྤྱད་སྙམ་ནས་དབང་པོ་མོ་མཚན་གྱི་ཁར་བཙུགས་པ་ན་དེ་ལངས་ཏེ་བྱུང་བས་དགེ་སློང་སྐྲག་པས་ཞེས་སོ། །ཡང་ན། སྔོན་དགེ་སློང་ཞིག་གིས་བུད་མེད་ལ་སྤྱད་པས་དེ་མར་ཤེས་ནས་ངོ་ཚ་བ་ཡིས་ཀྱང་བུད་མེད་འདོར་ཞིང་སྤྱོད་པ་ལའང་སྦོམ་པོའོ། །ཞུ་བ་ལས། དགེ་སློང་ཞིག་ཆགས་པས་ཉེན་པ་མ་ལ་སྤྱད་པས་སྔོན་ཡང་འདི་ནས་བྱུང་བས་འདི་ཉིད་དུ་ཞུགས་ཤིག་ཅེས་ནས། དེས་དབང་པོ་རྨ་ཁར་བཙུགས་པ་ན་ངོ་ཚ་ནས་ཞེས་སོ། །འདོར་བ་ནི་ཆགས་པ་མ་ཡིན་ནོ། །མི་འདོར་བར་གྱུར་ཀྱང་ལུས་ཉམས་ཏེ་རེག་པ་མི་ཚོར་བ་དང༌། ཡང་ན་བུད་མེད་ཀྱི་མཚན་མ་ཉམས་པ་སྟེ། སྔོན་དགེ་སློང་ཞིག་གིས་བུད་མེད་ཀྱི་རོ་ལ་འཁྲིག་པ་སྤྱད་སྙམ་ནས་དབང་པོ་རྨ་ཁར་བཙུགས་པ་དེའི་ནང་སྲིན་བུས་གང་བ་མཐོང་ནས་ཞེས་ཞུ་བ་ལས་སོ། །གང་ཡང་བྱིས་པ་ཆུང་བས་འདོད་པ་འཁྲིག་པའི་ལོངས་སྤྱོད་མི་ཤེས་པ་དང༌། ལུས་བསྟེན་དུ་མི་རུང་བ་རྣམས་ལ་དེ་ལྟར་འཁྲིག་པ་བསྟེན་པའང་ཐམས་ཅད་དུ་སྦོམ་པོའི་ཁ་ན་མ་ཐོ་བ་སྟེ་སྐྱོན་དང་བཅས་སོ། །ལྔ་པ་ལྟུང་བ་ཐམས་ཅད་ཀྱི་རབ་དབྱེ་ནི། སྤྱིར་འདུས་བྱས་ཐམས་ཅད་ཆུང་དང་འབྲིང་དང༌། སོགས་པ་ཆེན་པོའི་དབྱེ་བ་ཡིས་ཐ་དད་ལ། གསུམ་པོ་དེ་ཡིས་ལྟུང་བའི་དབྱེ་བ་ཡང་ངེས་པར་འགྲུབ་པར་ཐེ་ཚོམ་མེད་པས་ལྟུང་བ་ལ་ཡང་ཆུང་འབྲིང་ཆེ་གསུམ་དུ་ཡོད་དོ། །དྲུག་པ་སེལ་བ་གཞན་བསྟན་པ་ནི། ལམ་གསུམ་པོ་ལས་གཞན་པའི་སྣའི་བུ་ག་སོགས་དང༌། ལུས་ལ་གསར་དུ་བུ་ག་དྲལ་ནས་དེ་དག་ཏུ་རང་གི་ལུས་སྐྱེས་ཕོ་དབང་འཇུག་པར་བྱེད་ན་ཡང་སྡོམ་བརྩོན་ལ་སྦོམ་པོར་བརྗོད་དོ། །ཡང་བྱིས་པ་ཆུང་ངུ་ལམ་གསུམ་དུ་ནོར་བུ་མི་ཆུད་པ་ལ་ཞུགས་པ་ཡིས་ནི་དགེ་སློང་དེ་ཕམ་པར་ཡོངས་སུ་མི་བརྟག་གོ །དཔེར་ན་ནུ་མ་གཉིས་ཀྱི་བར་དང་མཆུ་དང་སོའི་བར་ནི་ཤ་མཚམས་དང་མགུལ་པ་ལ་སོགས་པར་འདོད་པ་བསྟེན་པ་བཞིན་ནོ། །འདི་དག་ལ་ཡང་ཉེས་སྤྱོད་རྒྱས་པར་མི་འགྱུར་བར་དངོས་གཞི་ལས་དམན་པ་སྦོམ་པོའོ། །ལྟུང་བའི་རྣམ་པར་གཞག་པ་བསྟན་ཟིན་ཏོ། །གཉིས་པ་སྤང་བར་གདམས་པ་ནི། མཆེ་བ་རྣོ་ཞིང་མང་བའི་སྦྲུལ་གདུག་པ་ཅན་གྱི་ཁར་ནི་ཆུད་པ་བླའི། རྨ་གསུམ་པོ་ལ་ནི་ལུས་བདེ་བ་བསྟེན་པའི་དོན་དུ་ལུས་སྐྱེས་འཇུག་པར་ཇི་ལྟར་རུང་སྟེ་མི་རུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། སྦྲུལ་གདུག་པ་ཅན་གྱི་མཆེ་བ་དག་གིས་རེག་པར་གྱུར་ཀྱང་ཚེ་འདིའི་སྐྱེ་བ་གཅིག་ཉིད་ལ་འཆི་བར་འགྱུར་གྱི། ཕྱི་མར་སྡུག་བསྔལ་མི་འབྱུང་ངོ༌། །ཚུལ་ཁྲིམས་འཆལ་བ་ནི་སྐྱེ་བ་བརྒྱུད་པ་དུ་མར་ནི་སྡུག་བསྔལ་མི་བཟད་པ་ལོ་སྟོང་ཕྲག་དུ་མར་འཐོབ་པའི་ཕྱིར་རོ། །མདོ་སྡེ་མྱང་འདས་ལས། ཉེས་བྱས་ཀྱིས་ཀྱང་ལོ་བརྒྱད་ཁྲིར་དམྱལ་བར་སྐྱེ་ཞེས་པ་དང༌། ལྟུང་བ་ལྗི་ཡང་བསྟན་པ་ལས། ལྟུང་བ་སྡེ་ལྔ་པོ་སྤྱོད་པས་ཉེས་བྱས་སོགས་ཀྱིས་རྒྱལ་ཆེན་བཞིའི་ཚེ་ཚད་སོགས་དང་སྦྱར་བའི་ཚེ་ཚད་དུ་དམྱལ་བར་གནས་ཞེས་སོ། །གསུམ་པ་ཞར་ལ་སྦོམ་པོའི་རབ་དབྱེ་བསྟན་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ། སྡོམ་ཚིག་ནི། མཚན་ཉིད་དང་ནི་སྒྲ་དོན་དང༌། །དབྱེ་བ་དང་ནི་རྣམ་གཞག་གོ །དང་པོ་ནི། ལྟུང་བ་སྡེ་ཚན་ལྔ་ལས། དང་པོ་གཉིས་ཀྱི་ཆར་གཏོགས་ཀྱི་ལྟུང་བ་གང་ཞིག་ལྟུང་བ་སྡེ་ཚན་གཞན་གསུམ་ལས་ལྗི་བར་གྱུར་པའོ། །སྒྲ་དོན་ནི། ཉེས་པ་ཆེ་བར་གྱུར་པས་ན་སྦོམ་པོ་ཞེས་བྱའོ། །དབྱེ་བ་ལ་གཉིས་སུ་དབྱེ་བ་ནི། འོད་ལྡན་ལས། མིང་དུ་ཆགས་པའི་སྒྲའི་སྦོམ་པོ་དང༌། ཡོན་ཏན་གྱི་སྒྲའི་སྦོམ་པོའོ། །དང་པོ་ནི་སྦོམ་པོ་དངོས་ཡིན་ལ། ཕྱི་མ་ནི་ཉེས་པ་དུ་མ་བསྡོམས་པ་ལ་ཐ་སྙད་གདགས་པར་གསུངས་སོ། །སྔོན་གྱི་མཁས་པ་དག་སྔ་མ་ནི་དགེ་སློང་ཕ་མ་ཁོ་ནའི་རྟེན་ལ་འབྱུང་ལ། ཕྱི་མ་ནི་རབ་ཏུ་བྱུང་བ་སྡེ་ལྔ་ཐམས་ཅད་ཀྱི་རྟེན་ཅན་དུ་འཆད་དོ། །བཞིར་དབྱེ་བ་ནི། འདུ་བྱེད་ལས། ཕམ་པར་གཏོགས་པའི་ལྗི་ཡང་གཉིས། ལྷག་མར་གཏོགས་པའི་ལྗི་ཡང་གཉིས་སུ་གསུངས་སོ། །བརྒྱད་དུ་དབྱེ་བ་ནི། ཕམ་པར་གཏོགས་པ་ལྗི་བ་དང༌། ཤིན་ཏུ་ལྗི་བ་དང༌། ཡང་བ་དང༌། ཤིན་ཏུ་ཡང་བ་སྟེ་བཞི་དང༌། ལྷག་མར་གཏོགས་པ་ལ་ཡང་དེ་བཞིན་དུ་དབྱེ་བས་བརྒྱད་དོ། །རྣམ་པར་གཞག་པ་ལ་རྒྱ་འདུལ་འཛིན་གྱིས་སྦོམ་པོ་མཚན་ཉིད་པ་གཉིས་ཁོ་ན་སྟེ། སྦྱོར་བའི་སྦོམ་པོ་དང༌། དངོས་གཞིའི་སྦོམ་པོའོ་ཞེས་གསུངས་སོ། །འོ་ན་སྦྱོར་བ་བརྩམས་ནས་མཐར་མ་ཕྱིན་པའི་སྦོམ་པོ་དེ་ཆོས་ཅན། སྦྱོར་སྦོམ་མ་ཡིན་པར་ཐལ། དངོས་གཞི་ལ་སྦྱོར་བ་མེད་པའི་ཕྱིར་དང༌། མཐར་ཐུག་པ་མེད་པའི་ཕྱིར་ཞེ་ན། ནེའུ་པཎྜི་ཏས། དངོས་གཞི་བསྐྱེད་ངེས་མེད་ཀྱང་སྦྱོར་བ་དངོས་ཡིན་པའི་ཕྱིར་དེའི་སྦོམ་པོ་སྦྱོར་སྦོམ་ཡིན་ནོ་ཞེས་གསུངས་པ་ནི་ལེགས་སོ། །སློབ་དཔོན་ཤ་མིས་སྦོམ་པོ་གསུམ་ཡིན་ཏེ། སྦྱོར་བའི་སྦོམ་པོ་དང༌། སྦྱོར་བའི་རྣམ་པའི་སྦོམ་པོ་དང༌། དངོས་གཞིའི་རྣམ་པའི་སྦོམ་པོའོ། །དང་པོ་ནི། དངོས་གཞི་བསྐྱེད་ངེས་ཀྱིས་སྦྱོར་བའི་སྦོམ་པོའོ། །གཉིས་པ་ནི། སྦྱོར་བ་བརྩམས་ནས་འདུན་པ་ལོག་པའི་གནས་སྐབས་ཀྱི་སྦོམ་པོའོ། །གསུམ་པ་ནི། སྦྱོར་བ་བརྩམས་པ་མཐར་ཐུག་ཅིང་དངོས་གཞི་ལས་དམན་པའི་སྦོམ་པོའི་ཞེས་བཞེད་དོ། །འོ་ན་མིའི་འགྲོ་བ་པའི་ལག་པ་གཅོད་པ་སྦོམ་པོ་གསུམ་པོ་ལས་གང་ཡིན་ཞེ་ན། དངོས་གཞིའི་ཀུན་སློང་གིས་ཀུན་ནས་མ་བསླངས་པའི་ཕྱིར་སྦོམ་པོ་བཏགས་པ་བ་ཡིན་ནོ་ཞེས་སོ། །བྱ་འདུལ་གྱིས་ནི་སྦོམ་པོ་མཚན་ཉིད་པ་བཞི་ཡིན་ཏེ། སྦྱོར་བ་དང༌། སྦྱོར་བའི་རྣམ་པའི་སྦོམ་པོ་དང༌། དངོས་གཞི་དང༌། དངོས་གཞིའི་རྣམ་པའི་སྦོམ་པོའོ། །དང་པོ་ནི། དངོས་གཞི་བསྐྱེད་པའི་རྒྱུ་ཚོགས་ཚང་ལ་མཐར་ཐུག་མ་ཚང་བའོ། །གཉིས་པ་ནི། སྦྱོར་བ་བརྩམས་ནས་སྦྱོར་བ་རྒྱུན་ཆད་པའོ། །གསུམ་པ་ནི། སྦྱོར་བ་མཐར་ཐུག་ཀྱང་ཡན་ལག་མ་ཚང་བས་དངོས་གཞི་ལས་དམན་པར་གྱུར་པའོ། །བཞི་པ་ནི། སྦྱོར་བ་མཐར་ཐུག་ཀྱང་ཡན་ལག་དུ་མ་མ་ཚང་བས་དེ་ལས་ཀྱང་དམན་པར་གྱུར་བའོ་ཞེས་བཞེད་དོ། །ནེ་པ་པཎྜི་ཏས་ནི། སྦྱོར་བ་ནི་གཉིས་ཏེ། མཐར་ཐུག་བསྐྱེད་པ་དང༌། མ་འབྲེལ་བའོ། །དངོས་ཀྱི་སྦོམ་པོ་ནི། དངོས་གཞི་བསྐྱེད་པའི་ཡན་ལག་གཞན་ཚང་ལ་གཞིའི་ཡན་ལག་གཅིག་མ་ཚང་བའོ། །བཏགས་པ་བ་ནི། ཡན་ལག་གཉིས་མ་ཚང་བ་ཕན་ཆད་ཀྱི་སྦོམ་པོ་ཡིན་པར་བཞེད་དོ། །འཐད་ལྡན་ནི། སྦོམ་པོ་ནི་གཉིས་ཏེ། སྦྱོར་བའི་སྦོམ་པོ་དང༌། གནས་སྐབས་གཞན་གྱི་སྦོམ་པོའོ། །དང་པོ་ནི། ཕམ་པ་དང་ལྷག་མ་བསྐྱེད་པའི་སྦྱོར་བར་གཏོགས་པའི་སྦོམ་པོའོ། །གཉིས་པ་ནི། སྐྲ་ཅན་འཚོང་བ་ནི་སྦོམ་པོའོ་ཞེས་པ་དང༌། མིའི་ཡན་ལག་གཅོད་པ་སོགས་ཀྱི་སྦོམ་པོའོ། །གལ་ཏེ་སྦྱོར་སྦོམ་ལ་ཡང་སྦྱོར་བའི་སྦོམ་པོ་དང༌། སྦྱོར་བའི་རྣམ་པའི་སྦོམ་པོའོ་ཞེས་གཉིས་སུ་བྱ་དགོས་སོ་ཞེ་ན། སྦྱོར་བའི་རྣམ་པ་ཞེས་པ་ནི་དངོས་གཞིའི་སྦྱོར་བའི་བྱེ་བྲག་ལ་བྱ་བ་ཡིན་ཏེ། སློབ་དཔོན་ཤེས་རབ་བྱེད་པས། རྣམ་པ་ཞེས་པ་ནི་རྩ་བའི་བརྩམས་པའོ་ཞེས་པ་དང༌། ཡང་འགྲེལ་པར། རྣམ་པ་ཞེས་བྱ་བ་ནི་འདྲ་བའི་དོན་ཉིད་དུ་བཤད་དེ། སྦྱོར་བ་བཞིན་ཏེ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་པའི་ཐ་ཚིག་གོ་ཞེས་སོ། །འདིས་ནི་ལྟུང་བའི་དངོས་གཞི་ལ་སྦྱོར་བ་ལ་ཉེས་པ་སྦོམ་པོ་ཐོབ་པ་བཞིན་ནོ་ཞེས་པའི་དོན་ནོ། །ཡང་དངོས་གཞིའི་རྣམ་པ་ཞེས་པ་ནི་དངོས་གཞིའི་སྦྱོར་བ་སྟེ་ཞེས་ཀྱང་གསུངས་སོ། །དེས་ན་དངོས་གཞིའི་རྣམ་པ་ཞེས་པ་ཡང་དངོས་གཞིའི་བརྩམས་པ་ལ་འཆད་དགོས་པས། ཕམ་ལྷག་གིས་སྐབས་སུ་གཏོགས་པའི་སྦོམ་པོ་ནི་སྦྱོར་བའི་སྦོམ་པོ་ཁོ་ནའོ། །གཉིས་པ་གཞུང་གི་དོན་ལ་མདོར་བསྟན་ནི། སྦོམ་པོ་ལྗི་བ་དང༌། ཤིན་ཏུ་ལྗི་བའི་སྦོམ་པོ་ཉིད་དང༌། ཡང་བ་དང༌། ཤི་ཏུ་ཡང་པའི་སྦོམ་པོ་སྟེ་ཕས་ཕམ་པས་བསླང་བའི་སྦོམ་པོ་ནི་རྣམ་པ་བཞི་ཡིན་ནོ། །དབྱེ་ན་ཕམ་ལྷག་གི་གནས་སྐབས་སུ་གཏོགས་པ་དང༌། དེ་ལས་གཞན་གྱི་གནས་སྐབས་སུ་གཏོགས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཕམ་པའི་གནས་སྐབས་སུ་གཏོགས་པ་བཞི་ནི། ཉེས་དམིགས་ལ་སྐྲག་པར་མི་བྱེད་པར་ལྟུང་བ་འབྱིན་པ་ནི་ལྗི་བ་སྟེ། གཞན་དག་གིས་བྱ་བ་མིན་པ་སྤྱོད་པ་དེ་ལ་འབད་པ་ཡིས་བཟློག་ཀྱང་མི་ཉན་པར་སྤྱོད་པ་ནི་རབ་ཏུ་ལྗི་བར་ཤེས་སོ། །གཞན་ལ་ཁྲེལ་ཡོད་བཞིན་དུ་སྤྱད་པ་ནི་ཡང་བ་སྟེ། རང་ཉིད་ངོ་ཚ་བས་འདི་ལྟ་བུ་མི་རུང་སྟེ་སྙམ་པས་སྤྱད་པ་ནི་ཤིན་ཏུ་ཡང་ངོ༌། །ལྕི་ཡང་དེ་དག་བསམ་པའི་དབྱེ་བས་འགྱུར་བ་ཡིན་ནོ། །དགེ་འདུན་ལྷག་མར་གཏོགས་པ་བཞི་ནི། ཕས་ཕམ་གྱིས་བསླང་བའི་སྦོམ་པོའི་འབྱེད་ཚུལ་དེ་བཞིན་དུ་དགེ་འདུན་ལྷག་མ་ཡིས་ཀུན་ནས་བསླང་པའི་སྦོམ་པོ་ཡང་ལྗི་བ་དང་ཡང་བ་སོགས་རྣམ་པ་བཞིའོ། །གསུམ་པ་དོན་བསྡུ་བ་ནི། ཉམས་པ་དང་མ་ཆགས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པས། རྟེན་དགེ་སློང་ཉིད་ཡིན་པ་དང༌། དེའི་ནོར་བུ་དེ་མ་ཉམས་པ་དང༌། ལམ་གསུམ་པོ་གང་རུང་དེ་མ་ཉམས་པ་དག་ཏུ་བཅུག་ཅིང་རེག་ལ་བདེ་བའི་རོ་མྱོང་བ་ན་ཕམ་པར་འགྱུར་ཞིང༌། ལུང་ལས། སྨྱོས་པ་ལ་ལྟུང་བ་མེད་པར་གསུངས་པས་དེ་ཡང་སེམས་རང་བཞིན་དུ་གནས་ཏེ་མ་འཁྲུལ་བ་ལ་འགྱུར་རོ། །གཉིས་པ་རྐུ་བ་ལ་གསུམ་སྟེ། གླེང་གཞི་དང༌། བཅས་པའི་རང་བཞིན་དང༌། དོན་བསྡུ་བའོ། །དང་པོ་ནི། རྒྱལ་པོའི་ཁབ་ཏུ་ནོར་ཅན་ལ་བཅས་པ་སྟེ། ནོར་ཅན་རང་གི་ཁང་པ་བརྩིག་པའི་ཕྱིར་དུ་རྒྱལ་པོ་མ་སྐྱེས་དགྲའི་ཤིང་དགེ་སློང་ནོར་ཅན་གྱིས་བརྐུས་ཏེ། དེ་ལ་བརྟེན་ནས་འདི་དག་ཀུན་ནས་བསླང་སྟེ་བཅས་སོ། །གཉིས་པ་བཅས་པའི་རང་བཞིན་ལ་ཡང་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་ཡན་ལག་བཞི་སྟེ། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་གོ །དང་པོ་གཞིའི་ཡན་ལག་ནི། ཡུལ་མིའི་འགྲོ་བ་པ། རང་ལས་རྫས་ཐ་དད་པས་ཡོངས་སུ་བཟུང་བ། དངོས་པོ་དུར་ཁྲོད་ཀྱི་རྫས་ལ་སོགས་པ་དམན་པ་མ་ཡིན་པ། རྐུ་བའི་གནས་དང་དུས་དེར་ཡུལ་དང་བྱེད་པ་པོ་ལ་ལྟོས་ཏེ་སྦྱོར་བ་གཅིག་ལ་རིན་ཐང་ཚང་བའོ། །སྦྱོར་བ་སོ་སོར་ལ་རིན་ཐང་མ་ཚང་ན་ཐམས་ཅད་བསྡོམས་པས་རིན་ཐང་ཚང་ཡང་ཕམ་པ་དངོས་གཞིར་མི་འགྱུར་བས། སྦྱོར་བ་གཅིག་ལ་རིན་ཐང་ཚང་དགོས་པར་བཤད་དོ། །བསམ་པ་ལ་འདུ་ཤེས་སྤྱི་དང་བྱེ་བྲག་ལས་མ་འཁྲུལ་བ། ཀུན་སློང་རང་འཚོ་བའི་ཆེད་དུ་རྐུ་སེམས་ཀྱིས་གཏན་དུ་དཔྲལ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་བསྐོས་པའི་ལུས་ངག་གི་རིག་བྱེད་དུ་གྲུབ་པ། མཐར་ཐུག་བརྐུ་བྱའི་རྫས་བདག་པོ་དང་ཕྲལ་ནས་བདག་གིར་བྱས་པའི་ཚུལ་གྱིས་ཐོབ་བློ་སྐྱེས་པའོ། །གནས་སྤོས་ཀྱིས་ཁྱད་པར་དུ་བྱས་པ་ཞེས་འདོད་པ་ནི་མི་འཐད་དེ། མཁར་ཞིང་བརྐུ་བ་མི་སྲིད་པར་ཐལ་བར་འགྱུར་བས་སོ། །དགག་བྱ་ནི། རང་གཞན་ལ་གནོད་དོ། །རྐུ་བ་ལ་ཞུ་བར་དྲུག་གསུངས་ཏེ། མི་སྟེར་བར་རྐུ་བ་དང༌། མཐུས་རྐུ་བ། ཕྱིར་སྦྱིན་པ་རྐུ་བ། གཏམས་པ་རྐུ་བ། ཡོངས་སུ་བཏགས་པས་རྐུ་བ། ཆོས་རྐུ་བའོ། །ཆོས་རྐུ་བ་མ་གཏོགས་པ་རྣམས་ཀྱིས་མཐར་འགྱུར་ཞེས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ལྟུང་བ་རྣམ་གཞག་དང༌། སེལ་བ་དང༌། བསླབ་བྱའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། བསམ་པ་མ་འཁྲུལ་བས་སྤོར་རུང་བ་དག་ནི་གནས་ནས་སྤོ་བར་བྱེད་ཅིང༌། སྤོ་མི་རུང་བ་དག་ནི་ཐབས་ཀྱིས་བདག་པོ་དང་ཕྲལ་ནས་ཐོབ་བློ་སྐྱེས་པས་མཐར་ཐུག་ཏུ་འགྱུར་ཏེ། རང་དང་རྫས་གཅིག་པ་ལ་བརྐུ་སེམས་ཞུགས་ཀྱང་ཕམ་པར་མི་འགྱུར་བས་གཞན་ཞེས་པ་དང༌། ཟས་ལ་དངོས་གཞི་མི་སྐྱེད་པས་ནོར་ཞེས་པ་དང༌། ཡན་ལག་གི་གཙོ་བོ་བརྐུ་སེམས་ཡིན་པས་བརྐུ་སེམས་ཞུགས་པ་དང༌། བརྐུ་བྱའི་རྫས་མིས་བདག་ཏུ་བཟུང་བ་དགོས་པས་མི་ལ་ཞེས་པ་དང༌། རིན་ཐང་ཚང་དགོས་པས་མ་ཤ་ཀ་ལྔ་ཚང་ཞེས་པ་དང༌། བརྐུ་བའི་ཚུལ་ནི་མཐུས་ཏེ་འཕྲོག་པའམ། འཇབ་བུས་ཏེ་མ་ཚོར་བར་བརྐུས་ན་དེ་ལ་མཐར་ཏེ་ཕམ་པར་འགྱུར་རོ། །མི་མ་ཡིན་པ་ལས་བརྐུས་ན་རིན་ཐང་ཚང་ཡང་སྦོམ་པོའོ། །འདིའི་སྟེང་དུ་དངོས་པོ་དམན་པ་མིན་པ་དང༌། སྦྱོར་བ་གཅིག་ལ་རིན་ཐང་ཚང་བའང་བསྟན་ཏེ། སུམ་བརྒྱ་པར། དུར་ཁྲོད་མི་དབང་བསོད་སྙོམས་མ་གཏོགས་པ། །བསམ་གང་དེ་ཉིད་སྦྱོར་བ་གཅིག་པུ་ཡིས། །ཞེས་སོ། །གཉིས་པ་ནི། སྔར་ཚད་མ་ཤ་ཀ་ལྔ་ཞེས་པའི་མ་ཤ་ཀ་དེ་ཇི་ཙམ་ཞེ་ན། མ་ཤ་ཀ་ནི་མ་ག་དྷཱ་ན་མགྲོན་བུ་བརྒྱད་ཅུའི་མིང་སྟེ། དེ་ཡང་མགྲོན་བུ་ཉི་ཤུ་ལ་ཀ་ཀ་ནིར་བྱེད་པའི་དབང་དུ་བྱས་ཀྱི་རེས་འགའ་ནི་མགྲོན་བུ་བརྒྱད་ཅུ་དེ་ལས་ལྷག་པ་ལ་མ་ཤ་ཀར་བྱེད་པ་དང༌། དེ་བས་ཉུང་བ་ཡང་དེར་བྱེད་པ་ཡང་ཡོད་དེ། རྒྱལ་བུ་ཟླ་བ་སེང་གེས་མགྲོན་བུ་བཅུ་དྲུག་ལ་ཀ་ཀ་ནིར་བྱས་ཤིང༌། རེས་འགའ་ནི་ཉི་ཤུ་ལས་མང་བ་ལ་བྱས་པ་ཡང་ཡོད་དོ། །མ་ཤ་ཀ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་ཡོད་དེ། མ་ཤ་ཀ་ལྔའམ་དྲུག་གིས་ཀརྵ་པ་ཎི་མི་ཁུགས་ནའོ། །ཡང་མ་ཤ་ཀ་གསུམ་གྱིས་ཀརྵ་པ་ཎི་ཁུགས་ན་དེ་ཉིད་རིན་ཐང་ཚང་བས་གསུམ་ལའང་མཐར་འགྱུར་ཞེས་ཞུ་བར་རོ། །བརྐུ་བྱའི་དངོས་པོ་བསྐྱོད་པ་ལ་སྦོམ་པོ་སྟེ། བསྐྱོད་པའི་སྔ་རོལ་གྱི་སྦྱོར་བ་ལ་ནི་ཉེས་བྱས་སོ། །ས་གཞི་འཇམ་ཞིང་མཉམ་པ་མཚམས་ཐ་དད་མི་མངོན་པ་ལ་ནི་དངོས་པོ་དེ་བསྐྱོད་ཀྱང་མཐར་མི་འགྱུར་ཏེ། ས་ཕྱོགས་གྲུམ་པ་དང་གས་པ་དང༌། ལ་སོགས་པ་བྲིས་པ་དང༌། ཁ་དོག་གཞན་དུ་གྱུར་པ་དང༌། བར་མཚམས་དང་བར་ཆད་དག་དང་མཐོ་དམན་ཅན་ལ་མཚམས་ལས་རབ་ཏུ་འདས་ན་ཕམ་པ་བསྐྱེད་པར་འགྱུར་རོ། །དངོས་པོ་དེ་གཞན་གྱི་ཡང་མ་གྱུར་བདག་གིར་ཡང་མ་གྱུར་ཅིག་སྙམ་པའི་སྒོ་ནས་ཞེ་སྡང་གིས་རྒྱ་དང་དོལ་ལ་སོགས་པ་ཆུད་གསོན་པར་བྱེད་པ་ལ་སྦོམ་པོ་ཡིན་ལ། རྒྱ་ལ་སོགས་ལ་ཟིན་པའི་སེམས་ཅན་རྣམས་དགྲོལ་བའི་དོན་དུ་བསོད་ནམས་འདོད་པས་སྲོག་ཆགས་བཏང་ན་ནི་བཤགས་བྱའི་ཉེས་བྱས་སོ། །སྙིང་རྗེས་རྫུ་འཕྲུལ་གྱིས་བཏབ་ན་ཉེས་པ་མེད་དོ། །རི་དྭགས་ཤི་ནས་ཤ་ཕྱིར་མ་གཏད་ན་རིན་ཐང་ཚང་ན་ཕམ་པར་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། རྐུ་བ་དེའི་ཡུལ་དང་དུས་དེ་ན་རིན་ཐང་ཚང་ན་ཕམ་པར་ཡང་འགྱུར་རོ། །རིན་ཐང་གང་གི་ཚད་ནི་མགྲོན་བུ་བརྒྱད་ཅུ་ལ་མ་ཤ་ཀར་བྱས་པའི་ཀརྵ་པ་ཎི་དེའི་བཞི་ཆ་གང་བརྐུས་ན་དགེ་སློང་ལ་ཕམ་པར་འགྱུར་རོ། །དེ་ཡང་སྟོན་པ་བཞུགས་པའི་ཚེ་ན་མགྲོན་བུ་བཞི་བརྒྱ་ལ་རིན་ཐང་གི་ཚད་དང༌། ཕྱིས་མགྲོན་བུ་སུམ་བརྒྱ་ཉི་ཤུ་ལ་བྱས་པའང་ཡོད་དོ། །གཉིས་པ་སོ་སོར་བཤད་པ་ལ་བདུན་ཏེ། ཤགས་ཀྱིས་རྐུ་བ་དང༌། སྔགས་ཀྱིས་རྐུ་བ་དང༌། ལོ་ཐོག་རྐུ་བ་དང༌། གཞན་ལ་གནོད་པ་སྤང་བ་དང༌། མཐུ་ཡིས་རྐུ་བ་དང༌། ཤོ་གམ་རྐུ་བ་དང༌། གྲུ་བ་ཙས་རྐུ་བའོ། །དང་པོ་ནི། ས་གཞི་རྩོད་པ་ཅན་ལ་ཁྱིམ་དང་བཅས་པ་དང༌། ས་གཞིའི་མཚམས་རྭ་བས་ཡོངས་སུ་བསྐོར་བ་རྣམ་པ་གཉིས་ལ་ཤགས་ཀྱིས་རྐུ་བ་རྣམ་པ་གཉིས་ཏེ་རིགས་ཏེ་འོག་གཟུ་དང༌། རྒྱལ་པོའི་རིགས་ཀྱིས་གཉིས་སུ་གྱུར་པ་ལས། དེ་དག་གི་དྲུང་དུ་དགེ་སློང་དང་ཁྱིམ་པ་ཤགས་འགྱེད་པ་ན་འོག་གཟུ་དང་རྒྱལ་པོ་གཉིས་ཀ་ལ་ཡང་དྲུང་དུ་དགེ་སློང་གིས་རྒྱལ་ན་ནི་ལྟུང་བ་སྦོམ་པོར་བརྗོད་དོ། །རྣམ་འབྱེད་ལས། བླའི་གྲལ་རྒྱལ་ན་ཕམ་པར་གསུངས་པ་ནི་རྒྱལ་པོ་ཚིག་བརྟན་པའི་དབང་དུ་བྱས་སོ། །རྒྱལ་པོའམ་འོག་གཟུའི་དྲུང་དུ་དགེ་སློང་ཤགས་རྒྱལ་བ་དེའི་འོག་ཏུ་ཁྱིམ་པས་གལ་ཏེ་ཤགས་འགྱེད་པའི་སྦྱོར་བ་བཏང་ན་ནི་འོག་གཟུ་དང་བླ་གཉིས་ཀར་གྱི་ཡང་ཤགས་རྒྱལ་བ་ཙམ་གྱིས་ཕས་ཕམ་པ་ཉིད་དོ། །ཕས་ཕམ་པས་ནི་སྡོམ་བརྩོན་དགེ་སློང་དེ་མེ་ཡིས་བསྲེགས་པ་ཡིས་འཚིག་ནས་ཐལ་བ་ལྟ་བུར་འགྱུར་བ་ཡིན་ནོ། །གཉིས་པ་སྔགས་ཀྱིས་རྐུ་བ་ནི། ནོར་བུ་དང་མུ་ཏིག་ལ་སོགས་པ་གཞན་གྱི་ནོར་ཐག་རིང་པོ་ན་གནས་པ་དགེ་སློང་གིས་སྔགས་ཀྱིས་བཀུག་ནས་བརྐུ་བ་ན་རྫས་དེ་དག་མཐོང་བ་ཙམ་གྱིས་དེ་ལ་འདིར་རིན་ཐང་ཚང་ན་ལྟུང་བའི་མཐའ་ཕམ་པར་འགྱུར་བ་ཡིན་ནོ། །སྔགས་འདྲེན་པ་པོ་ཐམས་ཅད་ཀྱིས་མཐོང་དགོས་པ་མ་ཡིན་གྱི། །དེར་གཏོགས་པ་གང་རུང་གིས་མཐོང་བ་ཙམ་གྱིས་མཐར་འགྱུར་རོ། །གསུམ་པ་ལོ་ཐོག་རྐུ་བ་ནི། བདག་གི་ལོ་ཐོག་ནི་ཕུན་སུམ་ཚོགས་པར་བྱ་ལ། གཞན་གྱི་ཞིང་ལ་དེ་ལྟར་མིན་པར་བྱ་ཞེས་སྲེད་དེ་འདོད་པ་ཡིས་ཆུ་དཀོན་ཞིང་ཞིང་ལ་ཕན་པ་ན་བདག་གི་ཞིང་སར་གཞན་གྱི་ཞིང་ལ་ཆུ་འབབ་པའི་ཆུ་དེ་འདྲེན་པར་བྱེད་ཅིང༌། ཡང་ཆུ་མོད་ཅིང་དེས་ཞིང་ལ་གནོད་པ་ན་རང་གི་ཞིང་ལ་འབབ་པའི་ཆུ་དེ་གཞན་གྱི་ཞིང་ལ་བཏང་ན་དེ་ཚན་གྱིས་འཇིག་པར་བྱེད་ཀྱང་རུང་སྟེ། དེའི་གཞིས་རང་གི་ལོ་ཐོག་ནི་ཕུན་སུམ་ཚོགས་ཤིང༌། གཞན་གྱི་ལོ་ཐོག་ཉམས་ཏེ་བྲི་བ་ན་ལོ་ཐོག་ཉམས་འཕེལ་དེ་དག་གི་རིན་ཐང་ནི་ཤེས་པར་བྱས་ནས། རིན་ཐང་མ་ཚང་ན་སྦོམ་པོ་དང༌། ཚང་ན་ཕམ་པར་བརྟག་གོ །བཞི་པ་གཞན་ལ་གནོད་པ་སྤང་བ་ནི། མཉན་ཡོད་དུ་དྲུག་སྡེ་ལ་བཅས་པ་སྟེ། དེ་དག་གིས་ཤོ་གམ་པ་ལ་ཤོ་གམ་འདྲལ་བའི་ཚོང་པ་རྣམས་ཀྱི་ནོར་ཕྲོགས་ཤིག་ཅེས་པའི་ཡི་གེ་ཨ་ནན་ཏ་ཚངས་བྱིན་གྱིས་བྱས་པ་འདི་ན་ཡོད་ཅེས་སྨྲས་པ་ལ་བརྟེན་ནས་གསུངས་པ་སྟེ། སྡིག་པ་ཀུན་ལས་ལྡོག་པའི་ཕྱིར་དང༌། སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་དུ་དུས་ནམ་ཡང་གཞན་ཤོ་གམ་དང་ཚོང་པ་ལ་སོགས་པའི་ནོར་རམ་འཚོ་བ་ནི་དགེ་སློང་གིས་དབྲོག་པ་སྟེ། དེ་ལ་གནོད་པར་མི་བྱའོ། །ལྔ་པ་མཐུ་ཡིས་རྐུ་བ་ནི། རྐུན་པོས་སློབ་མ་དང་གསེར་སོགས་ཕྲོགས་པ་ནི་རྐུན་པོས་མ་གནང་བར་དགེ་སློང་གིས་སྟོབས་ཏེ་མཐུ་ཡིས་ནི་མི་བླང་སྟེ། དང་པོ་བློས་བཏང་ནས་བླང་བའམ། འོག་ནས་ཆོས་བཤད་པའམ་ཞེས་པའི་གཞུང་ལུགས་ཇི་བཞིན་མ་བསྒྲུབས་ན་རིན་ཐང་ཚང་ན་མ་རུངས་པའི་ལྟུང་བ་ཕམ་པ་དང་བཅས་སོ། །ལེན་ན་ཡང་གཞན་ལ་ཆོས་བཤད་པའམ་ཕྱེད་རིན་ནམ་རིན་ཚང་བ་ཡིས་ཀྱང་རུང་སྟེ་ཐབས་གསུམ་པོ་གང་རུང་གིས་བླང་བར་བྱའོ། །གལ་ཏེ་རྐུན་པོ་གསད་སེམས་མེད་པར་རྒྱལ་པོ་ལ་ཕུལ་བ་ན་རྒྱལ་པོས་བསད་ཀྱང་སྦོམ་པོར་འགྱུར་གྱི། ཕམ་པར་མི་འགྱུར་ཏེ་གསད་སེམས་མེད་པའི་ཕྱིར་རོ། །མཁན་པོས་ནན་ཏུར་བྱས་པའི་དགེ་སློང་ཞིག་ཉེ་དགས་ཡོ་བྱད་དྲུག་བྱིན་ནས་བསྡུས་པར་གྱུར་པ་ཕྱིས་མཁན་པོས་བསྡུས་པ་ན་ཉེ་དགས་ཁོ་བོས་ཡོ་བྱད་ཐམས་ཅད་སྦྱར་བས་མི་གཏོང་ཟེར་བ་ལ་བརྟེན་ནས་བཅས་པ་སྟེ། བདག་གི་སློབ་མ་ཉིད་དུ་བྱ་བའི་ཕྱིར་དུ་མཐུན་པ་བཙལ་ནས་མཐུན་པར་བྱས་ནས་གཞན་གྱི་དགེ་ཚུལ་དགེ་སློང་གིས་ཕྲོགས་ན་འཁོར་དབྱེ་བར་བྱ་བ་ཡིས་ཀུན་ནས་བསླངས་པའི་ཕྱིར་ན་ལྟུང་བ་སྦོམ་པོ་ཐོབ་པའི་བློ་ཅན་ཡིན་པས་དགེ་སློང་དེ་ལ་སྦོམ་པོས་རེག་གོ །དྲུག་པ་ཤོ་གམ་རྐུ་བ་ནི། བསྟན་པ་མ་རྒྱས་པའི་དུས་སུ་དགེ་སློང་གི་ཟོང་རྣམས་ཚོང་བ་ལ་བཅོལ་ནས་ཤོ་གམ་འཇལ་བ་ལས་འདའ་བར་བྱེད་ཅིང༌། ཕྱིས་བསྟན་པ་རྒྱས་པའི་དུས་སུ་ཚོང་པ་རྣམས་ཀྱིས་དགེ་སློང་ལ་རྫས་བཅོལ་ཏེ་ཤོ་གམ་ལས་འདའ་བས་དགེ་སློང་གིས་ནི་ཤོ་གམ་དང་རྫས་ཀྱི་དངོས་པོ་སོགས་ཤོ་གམ་འཇལ་དགོས་པ་མ་གཞལ་ན། ཤོ་གམ་དང༌། སོགས་པ་རྫས་ཀྱི་དངོས་པོ་རང་ངམ་གཞན་གྱི་ལག་གིས་ཕྲོགས་པ་དང་འདྲ་བས་ན་རྫས་ཀྱི་དངོས་པོ་དེ་གང་ཟག་གང་གི་ཡིན་པར་བརྟག་པར་བྱ་བ་སྟེ། རང་དོན་དུ་བརྐུ་ན་རིན་ཐང་ཚང་བའི་ཚེ་དངོས་གཞིའི་ལྟུང་བར་ངེས་པར་བསྟེན་པར་འགྱུར་རོ། །གཞན་དོན་དུ་རྐུ་ན་རིན་ཐང་ཚང་ཡང་སྦོམ་པོའོ། །བདུན་པ་གྲུ་བཙས་རྐུ་བ་ནི། རྒྱལ་པོ་དང་ཡུལ་དཔོན་དབང་བའི་ཆུ་འགྲམ་གྱི་ཆུ་བཙས་མ་བྱིན་པར་ལམ་གང་ནས་དགེ་སློང་སོང་ན་དགེ་སློང་རང་ངམ་གཞན་གྱི་ལག་པ་ཉིད་ཀྱིས་འཕྲོག་ཏུ་བཅུག་པ་དེ་ནི་དགེ་སློང་དེ་ཡིས་ཕྲོགས་པ་དང་འདྲ་སྟེ། དེ་ལ་ལྟུང་བ་རྣམ་པར་དཔྱད་པར་བྱས་ན་མ་ཤ་ཀ་ལྔའི་རིན་ཐང་གིས་ནི་མཐའ་སྟེ་ཕམ་པར་འགྱུར་གྱི། གཞན་དུ་སྟེ་རིན་ཐང་མ་ཚང་ན་ནི་ཕམ་པ་མ་ཡིན་ནོ། །ལྟུང་བ་རྣམ་པར་གཞག་པ་བསྟན་ཟིན་ཏོ། །གཉིས་པ་སེལ་བ་ལ་བཞི་སྟེ། ལྟུང་མེད་བཤད་པ་དང༌། ལྟུང་བ་བཤད་པ་དང༌། ལྟུང་མེད་གཞན་བསྟན་པ་དང༌། ལྟུང་བ་གཞན་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱི་སྐུ་བཞེངས་པ་དང༌། ཆོས་དང་འཕགས་པའི་ཚོགས་སམ་ཕ་དང་མའི་ཕྱིར་དུ་གང་ལ་བསམ་པའི་ཡུལ་གྱི་བསྔགས་པ་གང་ཞིག་ཤོ་གམ་པ་དེ་ལ་བརྗོད་པས་གནང་དུ་གཞུག་པས་སམ་མ་གནང་ན་ཤོ་གམ་བྱིན་ནས་རྫས་ཀྱི་དངོས་པོ་བརྟུལ་ཞུགས་ཅན་གྱིས་བགྱིར་བར་བྱའོ། །ཡང་ཤོ་གམ་སྟེར་ཚུལ་ཇི་ལྟ་བུ་ཞེ་ན། དཀོན་མཆོག་གསུམ་གྱི་རྫས་ཤོ་གམ་འཇལ་དགོས་ལ་སོ་སོ་ནས་ཕྱུང་ནས་འཇལ་དགོས་པ་མ་ཡིན་གྱི། མང་པོ་རི་བའི་དངོས་པོ་གཅིག་གི་སྟེང་ནས་ཐུན་མོང་དུ་གཞལ་ཏེ། ལྷག་མ་རྣམས་རུང་བའི་ཆོས་གོས་ཁྱེར་བ་བཞིན་དུ་ཁྱེར་བར་བྱ་ཡི། དགེ་སློང་དེས་རྫས་དེ་སྦ་བར་མི་རུང་སྟེ། ངེས་པར་ལྟུང་བ་མེད་པར་འདོད་དོ། །ལྟུང་བ་མེད་པ་ནི་དོན་གསུམ་ལ་འཇུག་སྟེ། དངོས་གཞིའི་ལྟུང་བ་མེད་པ་དང༌། སྐབས་དེར་གཏོགས་ཀྱི་ལྟུང་བ་མེད་པ་དང༌། ལྟུང་བ་གཏན་ནས་མེད་པ་སྟེ་འདིར་ནི་ཐ་མའོ། །རི་བྲག་གི་ཁྱིམ་བདག་གིས་དགེ་སློང་དྲུག་ཅུ་ལ་གོས་ཕྲུགས་རེ་བསྐོན་པ་ན་འདི་དག་ལ་ཤོ་གམ་གཞལ་དགོས་སྙམ་ནས་མ་བླངས་པས་གཞན་ཡང་ཤོ་གམ་ས་ལས་འདའ་བར་བྱ་དགོས་པའི་དུས་སུ་སྔར་བླངས་པ་དེ་རུང་བའི་ཚོན་གསུམ་གྱིས་རུང་བར་བྱས་ཏེ་ཞེས་སོ། །ཡང་ན་ཁ་ཚར་བཅད་པ་དང་ཕུན་ཚར་བཅད་པ་ལ་སོགས་པས་རུང་བར་བྱས་སམ། ཡང་ན་བ་ལང་གི་ལྕི་བ་བཙིར་བའི་ཆུ་ཡིས་སྨྱུགས་ནས་ཀྱང་རུང་བར་བྱས་ན་ཉེས་པ་མེད་པར་ཁྱེར་དུ་རུང་བར་ཐུགས་རྗེའི་བདག་ཉིད་ཅན་གྱི་སྟོན་པས་གནང་ངོ༌། །ཁ་ཚར་ནི་བཏགས་ཟིན་པའི་མཐའ་ཡིན་ལ། ཕུན་ཚར་ནི་འཐག་པར་རྩོམ་པའི་མཐའོ། །གཉིས་པ་ལྟུང་བ་དང་བཅས་པ་བཤད་པ་ནི། དགེ་སློང་གང་གིས་ཆོས་གོས་ལ་སོགས་པ་གཞན་གྱིས་བདག་གིར་བྱས་པ་ལ་འདི་ལ་བདག་གི་དབང་ཆ་འདི་ཙམ་ཡོད་སྙམ་ནས་འདོད་པས་དང་དུ་ལེན་པ་ནི་ཕྱིས་འགྱོད་པས་བཏང་ན་ཡང་དགེ་སློང་དེ་ལ་ནི་ལྟུང་བ་སྦོམ་པོ་འབྱུང་བར་ཤེས་པར་བྱ། རིན་ཐང་ཚང་ཡང་ཕམ་པར་ནི་མི་འགྱུར་ཏེ་བརྐུ་སེམས་མེད་པས་སོ། །གསུམ་པ་ལྟུང་མེད་གཞན་བཤད་པ་ནི། རི་ལ་འཛེག་གམ་གྲུ་བརྒལ་བ་ལ་སོགས་པའི་ཚེ་ན་ལྷུང་བཟེད་ལ་སོགས་སྣོད་བསྐུར་ཏེ་ཕན་ཚུན་གཟུང་ངམ་གཏང་ཞེས་སོ་སོར་གོ་བར་བྱས་ནས་བག་ཡོད་རྟག་ཏུ་དྲན་པ་དང་ལྡན་པ་བསྐུར་མཁན་དེ་ཡིས་ལེན་པ་པོ་དེ་ལ་འདི་ནི་ཁྱོད་ཀྱིས་གཟུང་ངམ་ངས་གཏང་ངོ་ཞེས་སྨྲས་པ་ན་ལེན་པ་པོས་ཐོས་བཞིན་དུ་གལ་ཏེ་ལག་པ་སོགས་ཀྱིས་ཤོར་ནས་བརླག་པར་གྱུར་ན་རྫས་དེའི་རིན་ལེན་པ་པོ་དེས་ངེས་པར་སྦྱིན་པ་ལ་འདིར་ནི་རྣམ་པར་དཔྱད་མི་དགོས་ཏེ་སྦྱིན་ནོ། །བཞི་པ་ལྟུང་བ་གཞན་བསྟན་པ་ནི། ཅི་སྟེ་དགེ་སློང་གང་མགྲོན་དུ་མ་བོས་བཞིན་དུ་གཞན་གྱི་གནས་སུ་འོངས་ནས་ཟན་ཟ་ན་དགེ་སློང་དེ་ལ་ཉེས་བྱས་ཡིན་ཏེ་འདི་ནི་སྡེ་ལྡན་ལྷག་མ་ལའང་ཉེས་བྱས་སུ་འགྱུར་རོ། །སྡེ་ལྡན་ལྷག་མ་ནི་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་ཕ་མ་སྟེ་དེ་བཞི་པོ་ལའང་དེ་ཉིད་དུ་རབ་ཏུ་གསལ་ལོ། །སེལ་བ་བསྟན་ཟིན་ཏོ། །གསུམ་པ་བསླབ་བྱ་ལ་གསུམ་སྟེ། དགག་པའི་བསླབ་བྱ་དང༌། སྒྲུབ་པའི་བསླབ་བྱ་དང༌། དགག་སྒྲུབ་གཉིས་ཀའི་བསླབ་བྱའོ། །དང་པོ་ནི། རྒྱལ་པོས་བྱིན་པ་དང༌། རྐུན་པོས་བྱིན་པ་དང༌། ལས་བྱེད་དག་གིས་བྱིན་པ་ལ་བདག་པོ་ལ་མ་དྲིས་པར་བྱིན་ན་རྫས་དེ་བདག་པོ་གཞན་དང་འབྲེལ་བར་འདུ་ཤེས་བྱུང་ན་ནི་སྦྱིན་པ་པོ་དེ་དག་ལས་དགེ་སློང་གིས་མི་བླང་ངོ༌། །རྫས་བདག་པོ་གཞན་དང་འབྲེལ་པ་ཞིག་ཏུ་རྣམ་པར་ཤེས་པ་མི་ཕལ་པ་ཡིས་སྟེར་བར་བྱེད་ན་ནི་དེ་ལས་མི་བླང་སྟེ། འདོད་པ་མི་མཐུན་པའི་ཕྱིར་ཏེ། སྦྱིན་བདག་ལ་རེ་བ་དང་བཅས་པས་སོ། །གཞན་དང་འབྲེལ་བར་མི་ཤེས་ན་ནི་བླངས་ཀྱང་ཉེས་པ་མེད་དོ། །གཞན་དང་འབྲེལ་བར་ཡང་མི་ཤེས་ཤིང་འདོད་པ་མཐུན་པར་ཤེས་ན་ནི་བླང་དུ་རུང་བར་ཤུགས་ལ་བསྟན་ཏོ། །སྦྱིན་བདག་གིས་གཙོ་བོ་གང་ལ་བསྔོས་པར་ངེས་པར་རྣམ་པར་དཔྱད་པ་ན་གཞན་ལ་བསྔོས་པར་ཤེས་པ་དེའི་ཚེ། རང་ལས་གཞན་ལ་བསྔོས་པ་དེའི་ཕྱིར་རང་ཉིད་སྦྱིན་པར་བྱ་བའི་ཡུལ་གྱི་གཙོ་བོ་མ་ཡིན་པས་ན་སྦྱིན་བདག་དེ་ལས་རང་གིས་བླང་བར་མི་རིགས་ཏེ། སྦྱིན་བདག་དེ་ནི་བདག་ལ་སྦྱིན་པ་པོར་མི་འདོད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་སྒྲུབ་པའི་བསླབ་བྱ་ནི། གལ་ཏེ་དགེ་འདུན་དང་སངས་རྒྱས་ལ་བསྔོས་པ་སོགས་ཀྱི་ནོར་རང་གི་གཉེན་ནམ་གང་ཟག་གཞན་གྱིས་ཀྱང་རུང་ནད་པ་ལ་སྟེར་ན་ནོར་མེད་པའི་ནད་པ་ཡིས་བླང་དུ་རུང་ངོ༌། །བསམ་པ་གང་གིས་ཤེ་ན། ནོར་བྱུང་ན་སླར་ཡང་བསབ་པར་འདོད་པའི་བསམ་པས་སོ། །རང་ལ་ཡོ་བྱད་ཡོད་ན་མི་བླང་བར་ཤུགས་ལ་བསྟན་ཏོ། །སྟོན་པའི་ཞལ་ནས། ནད་པ་དང༌། ནད་གཡོག་པ་དང་དགེ་འདུན་ལ་དཀོར་མེད་ན་སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་གང་ཡང་རུང་བ་བླངས་ནས་ནད་པའི་སྨན་དང་རིམ་གྲོ་བྱའོ་ཞེས་སོ། །གལ་ཏེ་ནད་པ་ཤི་ན་མ་བསབ་ཀྱང་ཉེས་པ་མེད་དེ་བཅོམ་ལྡན་འདས་ཀྱིས་གནང་བའི་ཕྱིར་རོ། །གལ་ཏེ་གསོན་ན་གང་ཟག་གཞན་ལས་རྫས་གང་ཡང་རུང་བ་བླངས་ནས་ཀྱང་ནད་པ་དེ་ཡིས་ཅི་ནུས་ཀྱིས་དཀོན་མཆོག་གི་དཀོར་ནི་བསབ་པར་བྱ། བསབ་པའི་ནུས་པ་མེད་ན་མ་བསབས་ཀྱང་ཉེས་པ་མེད་པར་ཤུགས་ལ་བསྟན་ཏོ། །གསུམ་པ་དགག་སྒྲུབ་གཉིས་ཀའི་བསླབ་བྱ་ལ་ལྔ་སྟེ། བདག་པོ་དང་འབྲེལ་བའི་བསླབ་བྱ། བསྒོ་བ་དང་འབྲེལ་བའི་བསླབ་བྱ། ཁ་ཟས་དང་འབྲེལ་བའི་བསླབ་བྱ། བྱ་བ་དང་འབྲེལ་བའི་བསླབ་བྱ། ཡིད་གཅུགས་དང་འབྲེལ་བའི་བསླབ་བྱའོ། །དང་པོ་ལ་གསུམ་སྟེ། ལོངས་སྤྱོད་དང་འབྲེལ་བའི་གནང་བཀག ལོངས་སྤྱོད་མཆོག་གི་གནང་བཀག གཙུག་ལག་ཁང་སོགས་ཀྱི་གནང་བཀག་གོ །དང་པོ་ལ་མདོར་བསྟན་པ་ནི། གྲོང་འཕགས་རྒྱལ་གྱི་རྒྱལ་པོ་རབ་སྣང་གིས་ཀ་ཏའི་བུ་ལ་བརྟེན་ནས་འདི་དག་དགེ་འདུན་ལ་ཕུལ་ཏེ། བ་ལང་ལ་སོགས་པའི་ལོངས་སྤྱོད་མཆོག་དང་གྲོང་ལ་སོགས་པ་ལོངས་སྤྱོད་དགེ་འདུན་ལ་ནི་གནང་ལ། གང་ཟག་ལ་ནི་བཀག་གོ །རྒྱས་བཤད་ལ་ལོངས་སྤྱོད་ནི་ཞིང་དང་གྲོང་དང་རྟ་ལ་སོགས་པའོ། །བ་ལང་དང་མ་ཧེ་དང་ར་ལུག་རྣམས་ནི་འདུལ་བར་ལོངས་སྤྱོད་མཆོག་ཉིད་དུ་གསུངས་པ་ཡིན་ནོ། །གང་གིས་ན། དེ་ཁོ་ན་ཉིད་རིག་པ་སྟོན་པས་སོ། །གཉིས་པ་ལོངས་སྤྱོད་མཆོག་གི་གནང་བཀག་ལ་གཉིས་ཏེ། དགག་སྒྲུབ་ཀྱི་བྱ་བ་སྤྱིར་བསྟན་པ་དང༌། ཡོ་བྱད་བཞི་པོ་སོ་སོའི་མཚན་ཉིད་དོ། །དང་པོ་ནི། གཞུང་དམ་པ་ལས། གཙུག་ལག་ཁང་གི་དངོས་པོ་དང༌། གནས་ཁང་གི་དང༌། ཀུན་དགའ་ར་བའི་དང༌། དྲི་གཙང་ཁང་གི་དང༌། མལ་སྟན་གྱི་དང༌། མིའི་ཡོ་བྱད་ཀྱི་དངོས་པོ་སྟེ་དངོས་པོ་རྣམ་པ་ལྔ་ཞེས་གསུངས་པ་དག་ནི་ཤེས་རབ་ཅན་གྱིས་རང་དོན་དུ་མི་བཅང་ཞིང་དགེ་འདུན་ལས་གཞན་ལ་མི་བཙོང་མི་བགོ་སྟེ་བགོ་བར་མི་བྱ། ཐམས་ཅད་དུ་སུ་ལ་ཡང་སྦྱིན་དུ་མི་རུང་སྟེ། དེ་བཞིན་དུ་སྦྱིན་པར་ཁས་ཀྱང་མི་བླང་ངོ༌། །དངོས་པོ་ལྔ་གང་ཞེ་ན། སྐྱེད་མོས་ཚལ་དང༌། གཙུག་ལག་ཁང་དང༌། དེ་ཡི་དངོས་པོ་དང༌། མལ་སྟན་རྣམས་དང༌། མིའི་ཡོ་བྱད་དོ། །མིའི་ཡོ་བྱད་ནི་དགེ་འདུན་མཆོད་པའི་རྟེན་གྱི་ཡོ་བྱད་དོ། །བ་ལང་དང་མ་ཧེ་དང་ར་ལུག་རྣམས་ནི་ཡོ་བྱད་ཡིན་ལ། དེ་དག་ཀྱང་དགེ་འདུན་ནམ་མཆོད་རྟེན་གྱི་དོན་དུ་ཡིན་ན་མིའི་ཡོ་བྱད་དུ་འགྱུར་ཞེས་ཞུ་བ་ལས་སོ། །འདི་དག་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་སྦྱིན་བདག་བསོད་ནམས་སྤེལ་བར་བྱ་བའི་ཕྱིར་དུ་མི་ཉམས་པར་ཡོངས་སུ་བསྲུང་བར་བྱའོ། །གཉིས་པ་ཡོ་བྱད་བཞི་པོ་སོ་སོའི་མཚན་ཉིད་ནི། ལྷ་ཁང་དང༌། སྐྱེད་ཚལ་དང༌། ཀུན་དགའ་ར་བ་དང༌། གཙུག་ལག་ཁང་ནི་གཅིག་ཏུ་འདོད་དོ། །དེ་དག་གི་དངོས་པོ་ནི་གནས་ཁང་ཡིན་ནོ། །མལ་སྟན་དག་ནི་འཇིག་རྟེན་དུ་གྲགས་པར་ཟད་དོ། །འོན་ཀྱང་མལ་སྟན་ཆེན་པོ་ནི། གང་ཟག་ལ་བཀག་པ་ཡིན་ནོ། །གཉིས་པ་བསྒོ་བ་དང་འབྲེལ་བའི་བསླབ་བྱ་ལ་ལྔ་སྟེ། གཡོག་ལ་ཕན་གདགས་པ་དང༌། ཆོས་ལྡན་གྱི་ཆད་པ་བཅད་པ་དང༌། ཁྱིམ་པའི་རྫས་སྤྱད་དུ་རུང་མི་རུང་དང༌། ཉོ་ཚོང་གང་གི་བྱ་བ་དང༌། མི་རིགས་པའི་ཆད་པ་སྤོང་བའོ། །དང་པོ་ནི། རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོས་པི་ལེན་ཏའི་བུ་ལ་གཡོག་ལྔ་བརྒྱ་ཕུལ་བས། གཡོག་དེ་དག་གི་ཁང་པ་གང་དུ་བྱ་སྙམ་ན། གཙུག་ལག་ཁང་གི་སྟེང་ན་གནས་པའི་གང་ཟག་གིས་ལས་འདི་དང་འདི་གྱིས་ཤིག་ཅེས་བསྒོ་བ་གང་དུ་གསལ་བར་ཐོས་པའི་ས་དེར་བཀའ་བསྒོ་བ་བྱེད་པ་ཡིས་ས་ཚོད་དེ་ཙམ་དུ་ཁང་པ་བྱ་བ་དེ་ལ་ངེས་པར་འཇུག་པར་བྱའོ། །གཡོག་བྱེད་པ་དེ་དག་ལས་ཀྱི་བྱ་བ་བྱེད་པའི་ཚེ་ན་ཟས་དང་གོས་ཀྱིས་རྗེས་སུ་གཟུང་ངོ༌། །གང་ཟག་དེ་དག་ལས་ནད་པ་ལ་ནི་གཡོག་མི་བྱེད་ཀྱང་ཟས་གོས་རྗེས་སུ་གནང་ངོ༌། །གཡོག་འགའ་ཞིག་ལས་མི་ནུས་པ་ལ་ཡང་བརྡེག་པ་དང་འཚོག་པ་དང་སྦྱོར་བ་དག་རྣམ་པར་སྤོང་ངོ༌། །དེར་མ་ཟད་དུད་འགྲོ་ལ་ཡང་གསད་པ་དང་བཅིང་བ་དང་ཉོན་མོངས་པར་བྱེད་པ་རྣམ་པར་སྤོང་ངོ༌། །སུ་ཞིག་གིས་ན། འཕགས་པ་དགེ་སློང་གིས་སོ། །ཅིའི་ཕྱིར་ཞེ་ན། འཕགས་པའི་ཆོས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་འགལ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ཆོས་ལྡན་གྱི་ཆད་པ་བཅད་པ་ནི། གཡོག་གང་དག་བསྒོ་བ་བཞིན་མི་བྱེད་པ་ལ་ཇི་ལྟར་བྱ་ཞེ་ན། མཆོག་སྟོན་པ་དག་གིས་གསུངས་པའི་ཆད་པ་གཏམ་མི་འདྲི་པ་དང༌། གདམས་ངག་མི་སྦྱིན་པ་དང༌། དགེ་བའི་ཕྱོགས་བརྩམས་པ་གཅོད་པ་ལ་སོགས་པ་ཅི་རིགས་པར་བྱ་བ་དང༌། རྒྱལ་པོ་དང་ཁྱིམ་པའི་རིགས་ཀྱི་ཆོས་ལྡན་གྱིས་བསྟན་པའི་ཡུལ་ཆོས་ལྡན་པའི་ཆད་པ་གང་ཡིན་པ་དེ་ནི་དགེ་འདུན་གྱིས་དང་དུ་བླང་བར་བྱའོ། །གསུམ་པ་ཁྱིམ་པའི་རྫས་ལ་སྤྱད་དུ་རུང་མི་རུང་དཔྱད་པ་ནི། སྔོན་ཕ་ཞིག་ལ་བུ་ཁྱིམ་པ་གཉིས་དང་དགེ་སློང་གཅིག་སྟེ་གསུམ་ཡོད་པ་ལས། ཕ་དེ་འཆི་ཁར་ནོར་གྱི་སུམ་ཆ་བུ་དགེ་སློང་ལ་བསྔོས་པ་ལ་བརྟེན་ནས། རྒྱལ་པོ་དང༌། སོགས་པ་ནོར་དེའི་བདག་པོར་གྱུར་པ་གཞན་གྱིས་ཡོངས་སུ་བཏང་བའི་དགེ་སློང་རང་གི་སྐལ་པ་བསོད་ནམས་ཀྱིས་རྙེད་ན་དེ་དག་བླངས་ནས་ཡོངས་སུ་ལོངས་སྤྱོད་པ་ལ་ཉེས་པ་མེད་དེ། བཅང་བ་དང་འཚོང་བ་དང་འགོད་པ་ལ་སོགས་པ་དེ་དག་སྔར་བསྟན་པ་བཞིན་དུ་སྤྱོད་པ་ལ་ཉེས་པ་མེད་པར་གནས་སོ། །སྔར་ཇི་ལྟར་བསྟན་ཅེ་ན། བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་ཉོ་ཚོང་གི་བྱ་བ་ནི། འདྲེན་པ་སངས་རྒྱས་ཀྱིས་དངོས་པོ་ཐམས་ཅད་ཀྱི་ཉོ་ཚོང་གི་ཐ་སྙད་ནི་དགེ་སློང་རང་གིས་བྱ་བར་མ་གསུངས་ཏེ། འོ་ན་སུ་ཞིག་གིས་བྱ་ཞེ་ན། བསྙེན་པར་མ་རྫོགས་པ་དགེ་སློབ་མའམ། དགེ་ཚུལ་དག་དང༌། རིན་ཐང་གི་ཐ་སྙད་ངེས་པའི་ཞལ་ཏ་བ་ཡིས་སྐབས་བལྟས་ནས་བྱའོ། །ལྔ་པ་མི་རིགས་པའི་ཆད་པ་སྤང་བ་ནི། སྟོན་པས་གསུངས་པའི་དགེ་སྦྱོང་གི་ཆོས་བཞི་ལས་འདས་ནས་ནི། སྲེད་པ་དང་ལྡན་པའི་དགེ་སློང་གང་ཞིག་གཞན་ལ་མི་རིགས་པའི་ཆད་པས་གཅོད་ན་དགེ་སློང་དེ་ནི་བསླབ་པ་ཉམས་པ་སྟེ། དེས་བསྟན་པའི་ཆད་པ་ནི་ཡང་དག་པའི་དོན་ལ་བསྒྲིབ་ཅིང་གཡོགས་པར་བྱེད་པའི་མ་རིག་པ་ཉིད་ཀྱིས་བསྐྱེད་པའི་ཕྱིར། གསུམ་པ་ཁ་ཟས་དང་འབྲེལ་བའི་བསླབ་བྱ་ལ་གསུམ་སྟེ། ཡུལ་མཆོག་ལ་བླངས་ནས་དམན་པ་ལ་མི་སྦྱིན་པ་དང༌། ཚིམ་པ་ལས་ལྷག་ན་ཆུད་གསོན་པར་འགྱུར་བ་དང༌། དད་རྫས་གཞན་ལ་སྦྱིན་རུང་བ་དང་མི་རུང་བའི་ཁྱད་པར་རོ། །དང་པོ་ནི། ཡང་དག་པའི་ལྟ་བ་ཅན་ལ་ཕུལ་བ། གཉིས་པ་ནི། ཐོབ་པ་ཉིད་ཀྱི་རྫས་ལོག་ལྟ་ཅན་ལས་འབྲས་སོགས་མེད་པར་ལྟ་བ་དེ་ལ་ཁམ་ཅིག་བྱིན་ན་ཡང་དད་པས་བྱིན་པའི་འབྲས་བུ་མེད་པར་གཞུང་བླ་མ་ལས་བཤད་དོ། །གཞན་ཚུལ་ཁྲིམས་མེད་པ་དེ་ལ་རབ་ཏུ་བྱིན་ན་ནི་སྦྱིན་པའི་འབྲས་བུ་ཙམ་འབྱུང་གི དད་པས་བྱིན་པའི་འབྲས་བུ་མེད་དོ། །གཞན་ཚུལ་ཁྲིམས་ལྡན་པས་གང་ཡང་བརྟུལ་ཞུགས་ཅན་དག་གིས་ཀྱང་འཚོ་བའི་ཚད་ལྟོ་བ་ཁེངས་པ་ཙམ་ལས་ལྷག་པ་ཟ་བ་དང༌། ད་ལྟ་མི་ཟ་ཡང་སྟོན་མོ་དག་ལ་ལེན་པར་བྱེད་ན་བླངས་པ་དེས་ནི་རྣམ་པར་ཉམས་པར་བྱས་ཏེ་ཉེས་བྱས་སོ། །འོ་ན་སྟོན་མོའི་དུས་སུ་ཇི་ཙམ་ལེན་པར་བྱེད་ཅེ་ན། གང་གིས་ཆོག་པར་གྱུར་པ་ཇི་ཙམ་པ་དེ་ཙམ་ཞིག་སྟོན་མོའི་དུས་ལ་ནི་བླང་ངོ༌། །དེ་ལས་ལྷག་པ་ཁམ་གཅིག་ཙམ་ཞིག་ལེན་པར་བྱེད་ཀྱང་བསམ་བཞིན་དུ་བླངས་པ་ཡིན་ན་ནི་ཉམས་པ་སྟེ་ཉེས་བྱས་ཉིད་ཡིན་ནོ། །མུ་གེའི་དུས་སུ་ནི་ཁྱེར་ཡང་ཉེས་པ་མེད་དོ། །གསུམ་པ་དད་རྫས་གཞན་ལ་སྦྱིན་དུ་རུང་བ་དང་མི་རུང་བའི་ཁྱད་པར་ལ། ལྷག་མ་ཁྱེར་ཡང་ཉེས་པ་མེད་པ་ནི་ཕ་མའམ་ནད་པ་ལ་སོགས་པ་འཚོ་བས་ཉེན་པ་ལ་ཁྱེར་ནས་དེ་དག་ལ་སྦྱིན་པར་བྱེད་པ་ལ་ནི་བཀག་པ་མེད་དོ། །སྦྱིན་བདག་གིས་མ་དཔགས་པར་ཏེ་མ་གནང་བར་ནི་དུས་ནམ་དུ་ཡང་དགེ་སློང་གིས་གཞན་ལ་སྦྱིན་པར་མི་བྱའོ། །བཞི་པ་བྱ་བ་དང་འབྲེལ་བའི་བསླབ་བྱ་ལ་གཉིས་ཏེ། བོར་བ་རྙེད་པ་ལ་ཇི་ལྟར་བྱ་བ། ལས་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི། དགེ་སློང་གིས་དགེ་སློང་གཞན་གྱི་ལྷུང་བཟེད་རྙེད་ནས་གཏད་པ་ན་ཁྱོད་ཀྱིས་བརྐུས་སོ་ཞེས་ཟེར་བ་ལ་བརྟེན་ནས་གནས་གང་དུ་འཆག་པ་ལ་སོགས་པ་བྱེད་པའི་ཚེ་གྲི་ཁབ་ལ་སོགས་པ་རྙེད་པར་གྱུར་ན། དེས་དེ་གཙུག་ལག་ཁང་སྐྱོང་དག་ལ་གཏད་དོ། །ཁང་སྐྱོང་དེ་ཡིས་ཀྱང་ལུང་བཞིན་དགེ་འདུན་ལ་གོ་བར་བྱའོ། །ཇི་ལྟར་གོ་བར་བྱ་ཞེ་ན། དགེ་འདུན་གྱི་དབུས་སུ་ཁང་སྐྱོང་དེ་ཡིས་དངོས་པོ་དེ་དག་ཞག་གསུམ་གྱི་བར་དུ་བསྟན་པར་བྱའོ། །དེ་ལྟར་བསྟན་ཡང་སུ་ཡང་དེའི་ངོ་ལེན་མ་བྱུང་ན་ཅི་བདེ་བར་ཏེ་ཚོགས་ཀྱིས་གང་མཁོ་བའི་ཡོ་བྱད་ལ་དབུལ་ལོ། །གཉིས་པ་ལས་ཇི་ལྟར་བྱ་བའི་ཚུལ་ནི། ནོར་གྱི་བྱིན་གྱིས་ངའི་གྲོགས་བྱེད་པ་ཞིག་བྱུང་ན་ལྷུང་བཟེད་ཆུང་ངུ་སྟེར་ཞེས་མཚན་བཟང་གི་སར་སྨྲས་པ་ན། མཚན་བཟང་གིས་དེའི་དུས་སུ་གྲོགས་མ་བྱས་པར་ཕྱིས་རང་གི་ཞོར་ལ་ལས་གྲོགས་བྱས་ནས་ལྷུང་བཟེད་ཆུང་ངུ་རང་གི་སྣོད་དུ་བཅུག་པས། ནོར་གྱི་བྱིན་གྱིས་ངའི་ལྷུང་བཟེད་གར་སོང་ཞེས་དྲིས་པ་ན་བདག་པོས་ཉ་ར་བྱས་ཡོད་ཅེས་བྱས་པས། ངའི་ལྷུང་བཟེད་ཁྱོད་ཀྱིས་བརྐུས་སོ་ཞེས་ཟེར་བ་ལ་བརྟེན་ནས་གླ་རྔན་བྱིན་ནས་ལས་བྱེད་པ་ན་ཡང་དགོས་པའི་ཚེ་ན་ལས་རྣམས་བྱའོ་ཞེས་གསུངས་སོ། །ཡང་ན་བསོད་ནམས་ཐོབ་བོ་སྙམ་པའི་བསམ་པས་ལས་བྱ་ཡི། ལྷུང་བཟེད་སོགས་རྙེད་པའི་དོན་དུ་དགེ་སློང་གིས་ལས་ནི་དུས་ནམ་ཡང་མི་བྱའོ། །ལྔ་པ་ཡིད་གཅུགས་དང་འབྲེལ་བའི་བསླབ་བྱ་ལ་གསུམ་སྟེ། གྲོགས་པོའི་དོན་དུ་རྫས་བླང་དུ་རུང་མི་རུང་དཔྱད་པ་དང༌། ཡིད་གཅུགས་གང་ལ་ཡིད་བརྟན་ཇི་ལྟར་བྱ་བ་དང༌། ནད་པ་དང་འབྲེལ་བའི་ཡིད་གཅུགས་ཀྱི་ཁྱད་པར་དཔྱད་པའོ། །དང་པོ་ནི། དགེ་སློང་གྲོགས་པོ་ཡིན་པར་ཡིད་ཆེས་པར་གྱུར་པའི་རྫས་ལ་རང་གི་ཡིད་ཆེས་པའི་བློས་ཇི་སྲིད་དུ་ངེས་པ་དོན་རྟགས་དང་བཅས་པ་ཡིས་རང་སར་འཇོག་པ་ལ་ཉེས་པ་མེད་དེ། མ་ཚོར་བར་ལེན་པ་མ་ཡིན་པར་གྲོགས་པོའི་རྫས་ངས་བླངས་སོ་ཞེས་དཔང་པོ་གཞན་དང་གཞན་བཞག་ནས་སོ། །གཉིས་པ་ཡིད་གཅུགས་གང་ལ་ཡིད་བརྟན་ཇི་ལྟར་བྱ་བ་ནི། བག་རྫངས་ཅན་གྱིས་གདོལ་བའི་སྣམ་སྦྱར་རན་ན་བླང་ངོ་སྙམ་ནས་གྱོན་པའི་དུས་སུ་གདོལ་པ་བྱུང་ནས་བརྐུས་སོ་ཞེས་ཟེར་བ་ལ་བརྟེན་ནས་ཡིད་ཆེས་བཅའ་བ་གང་གི་ཕྱིར་དུ་གྲོགས་པོ་དམན་པ་དང་འབྲིང་དང་མཆོག་སྟེ་གྲོགས་པོ་རབ་འབྲིང་ཐ་མ་གསུམ་བློས་རྣམ་པར་དཔྱད་ནས་ཡིད་ཆེས་པའི་གནས་གང་ཟག་སེམས་བརྟན་པོ་ཉིད་ལ་འཆའ་ཡི། ངེས་པར་སེམས་ཉིད་མི་བརྟན་པ་ཉིད་ལ་འཆའ་བ་མིན་ནོ། །ཡིད་ཆེས་པའི་གྲོགས་པོ་རྣམ་པ་གསུམ་དུ་བཤད་པ་ལས་གྲོགས་པོ་ཤིན་ཏུ་མཆོག་ལ་དངོས་པོ་མཆོག་ཉིད་ཀྱི་ཡིད་གཅུགས་བྱ་བར་འདོད་དོ། །གྲོགས་པོ་འབྲིང་པོ་ལ་ཟས་གོས་སོགས་ཀྱི་དངོས་པོ་འབྲིང་པོ་ཙམ་གྱིས་ཡིད་གཅུགས་བྱ་བ་དང༌། གྲོགས་པོ་ཐ་མ་ཉིད་ལ་དངོས་པོའང་ཐ་མ་ཉིད་དང༌། གྲོགས་པོ་ཤིན་ཏུ་དམན་པ་ལ་དངོས་པོ་ཤིན་ཏུ་ཆུང་བ་ཐ་མ་ཟས་ཙམ་ཉིད་ཀྱིས་ཡིད་གཅུགས་བྱ་བར་འདོད་དོ། །གསུམ་པ་ནད་པ་དང་འབྲེལ་བའི་ཡིད་གཅུགས་ཀྱི་ཁྱད་པར་དཔྱད་པ་ནི། ནད་པ་ལ་རང་གི་སྦྱིན་བདག་ལ་སྨན་བླང་ངམ་ཞེས་དྲིས་ནས་གནང་བའི་ཚེ་སྨན་བླངས་ནས་ནད་པ་ལ་ཕན་པའི་ཆེད་དུ་སྨན་སྦྱིན་པར་བྱ་སྟེ། དེར་མ་ཟད་ནད་གཡོག་རང་གི་ཡིད་ཆེས་པ་ཉིད་ཀྱི་གནས་ལས་ཀྱང་བླང་དུ་རུང་ངོ༌། །དགེ་སློང་མ་རིམས་ན་བ་ལ་གཡོག་མོ་དགེ་སློང་མ་གཞོན་ནུས་རིམས་མ་བསྒོས་བཞིན་དུ་དགེ་སློང་མ་གཞོན་ནུས་ཏིལ་སྣོད་ཁྱེར་ནས། དེའི་སྦྱིན་བདག་སྤོས་འཚོང་གི་ཁྱེའུ་ལས་ཏིལ་མར་བླངས་པ་བཞིན་བྱ་བ་ནི་མིན་ནོ། །བཅས་བའི་རང་བཞིན་བསྟན་ཟིན་ཏོ། །གསུམ་པ་དོན་བསྡུ་བ་ནི། ནོར་བདག་མི་ཡིན་པ་དང༌། རང་ལས་རྒྱུད་གཞན་ཡིན་པ་དང༌། བརྐུ་བྱ་ཁ་ཟས་སོགས་མིན་པར་ནོར་ཡིན་པ་དང༌། བསམ་པ་བརྐུ་སེམས་ཀྱིས་བརྐུས་པ་དང༌། སྦྱོར་བ་གཅིག་ལ་རིན་ཐང་ཚང་ན་ནི་བདག་པོ་དང་དབྲལ་ནས་ཐོབ་བློ་སྐྱེས་པའི་དུས་སུ་བསླབ་པ་ཉམས་པ་སྟེ། མདོར་ན་མ་བྱིན་ལེན་གྱི་རྒྱུ་ཚོགས་མཐའ་དག་ཚང་བས་ཕས་ཕམ་པ་སྐྱེ་བའི་རྒྱུ་ཡིན་ནོ། །གསུམ་པ་སྲོག་གཅོད་ལ་གཉིས་ཏེ། གླེང་གཞི་དང༌། བཅས་བའོ། །དང་པོ་ནི། སྟོན་པ་སྤོང་བྱེད་དུ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་བཞུགས་པའི་ཚེ། སྟོན་པས་ལུས་མི་གཙང་བ་སྣ་ཚོགས་ཀྱི་སྣོད་དུ་བསྟན་པས་དགེ་སློང་རྣམས་ཀྱིས་ཀྱང་དེ་ལྟར་བསྒོམས་པས་དགེ་སློང་རང་ལུས་མི་གཙང་བར་མཐོང་ནས་ཡིད་བྱུང་བ་གང་རི་དྭགས་དབྱུག་ཐོགས་དགེ་སྦྱོང་སྦེད་ཅེས་པས་བསད་དེ། དེ་ནས་རལ་གྲི་ཁྲུར་ཕྱིན་པ་ན། བདུད་རིགས་མི་ཞིག་གིས་ལེགས་སོ། །དེ་དག་བསད་པས་བསོད་ནམས་ཆེས་ཕུལ་དུ་ཕྱིན་པ་ཐོབ་ལ། ལྷུང་བཟེད་དང་ཆོས་གོས་སོགས་ཀྱང་ཐོབ་བོ་ཞེས་བྱས་པས་དེ་དག་འདོད་པའི་དོན་དུ་བསད་པས་དེ་ལ་བརྟེན་ནས་བཀག་པའོ། །འདིར་ཁ་ཅིག་གསོད་པར་བྱེད་པ་པོ་དགེ་སྦྱོང་སྦེད་ལ་བཅས་པར་བཞེད་པ་ནི་མི་འཐད་དེ། ལུང་དང༌། སོ་ཐར་གྱི་འགྲེལ་པ་བམ་པོ་ལྔ་པ་དང༌། རྣམ་འབྱེད་ཀྱི་འགྲེལ་པར་དགེ་སྦྱོང་སྦེད་ཅེས་པ་ནི་ཁྱིམ་པ་ཞིག་གི་མིང་ཡིན་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་འདིར་དགེ་སློང་གིས་གང་ཟག་གཞན་བསྐུལ་ནས་གང་ཟག་གཞན་མི་གསོད་པ་ལ་སྦྱོར་བ་ཙམ་ལ་བཅས་པ་ཡིན་ནོ། །གཉིས་པ་བཅས་པ་ལ་དྲུག་སྟེ། ལྟུང་བ་རྣམ་གཞག ནད་པ་དང་འབྲེལ་བའི་བསླབ་བྱ། ཚོང་ལ་བརྟེན་པའི་ཉེས་བྱས། བསླབ་བྱ་གཞན་བསྟན་པ་དང༌། གནས་བསྐྱང་བའི་ཚུལ་དང༌། གྲོགས་བསྐྱང་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ལྟུང་བ་དངོས་གཞི་དང༌། སེལ་བ་བསྟན་པའོ། །དང་པོ་ནི། བསམ་པ་ཡང་དག་པ་མ་འཁྲུལ་བས་དགེ་སློང་རང་ངམ་གཞན་བསྐོས་པ་ཉིད་ཀྱིས་ཕ་རོལ་མིར་གཏོགས་པ་བསད་པས་མཐར་ཐུག་གྲུབ་པར་འགྱུར་རོ། །དེར་མ་ཟད་མི་ནད་པ་སོགས་ལ་འཆི་བའི་བསྔགས་པ་དག་བརྗོད་པ་ལ་བརྟེན་ནས་འཆི་བ་གྲུབ་པ་དེས་ཀྱང་མཐར་ཏེ་ཕམ་པར་འགྱུར་རོ། །འདི་ལ་ཡང་གཞི་ནི་མི་ཡིན་པ་དང༌། བསམ་པ་འདུ་ཤེས་སྤྱི་བྱེ་བྲག་མ་འཁྲུལ་པ་དང༌། ཀུན་སློང་གསོད་པར་འདོད་པ་རྒྱུན་མ་ཆད་པ་དང༌། སྦྱོར་བ་རང་ངམ་བསྐོས་པའི་ལུས་ངག་གང་རུང་གིས་དང༌། མཐར་ཐུག་སྲོག་དབང་འགགས་པ་ནའོ། །གལ་ཏེ་མི་མང་པོ་ཞིག་གིས་སྦྱོར་བ་དུས་གཅིག་ལ་བྱས་ཏེ་གསད་བྱ་གཅིག་ལ་རིམ་བཞིན་དུ་མཚོན་བསྣུན་པས་ཤི་བ་ན་ཐམས་ཅད་ལ་ཕམ་པ་བསྐྱེད་དམ། ཐ་མ་ཁོ་ན་ལ་ཕམ་པ་བསྐྱེད་ཅེ་ན། ཐམས་ཅད་ཀྱི་ནུས་པ་མཐུ་བསྡོམས་པས་ཤི་བ་དང༌། སྦྱོར་བ་མཐུན་པ་དང་འབྲས་བུ་གཅིག་པའི་ཕྱིར་ཐམས་ཅད་ལ་ཕམ་པར་འགྱུར་རོ། །འདུལ་བ་འོད་ལྡན་ལས། སྦྱོར་བ་མཐུན་པའི་ཕྱིར་དང༌། འབྲས་བུ་གཅིག་པའི་ཕྱིར་ཞེས་སོ། །མཐའི་སྐད་ཅིག་མ་གཅིག་ཁོ་ན་ལ་སྦྱོར་བ་བྱས་པས་ཕམ་པར་མི་འགྱུར་ཏེ། སྔ་མ་རྣམས་སུ་འཆི་ངེས་སུ་བྱས་ཟིན་པའི་ཕྱིར། འདུལ་བ་འོད་ལྡན་ལས། དབུགས་རྒྱུ་བ་ཐ་མར་གྱུར་པ་ནི་འཇིག་པའི་གནས་སྐབས་ཡིན་པའི་ཕྱིར། བྱེད་པ་དོན་མེད་པ་ཉིད་ཡིན་ཞེས་སོ། །དགག་བྱ་ནི་གཞན་གྱི་སྲོག་ལ་གནོད་ཅིང༌། རང་ཉིད་ལ་འདི་ཕྱི་གཉིས་སུ་སྡུག་བསྔལ་ཆེན་པོ་འབྱུང་ངོ༌། །གཉིས་པ་སེལ་བ་བསྟན་པ་ནི། མི་དེ་འཆི་བའི་ཐབས་ནི་ཚིག་གིས་བྱས་སམ། གཞན་གསོད་པའི་སྦྱོར་བ་རྣམས་ཀྱིས་ནི་སྦོམ་པོར་འགྱུར་རོ། །ཚིག་གིས་བྱས་པ་ནི་གཞན་ནད་པ་ལྟ་བུ་ལ་ཤི་ན་མཐོ་རིས་སུ་སྐྱེའོ་ཞེས་སོགས་འཆི་བ་ལ་མངོན་པར་བསྔགས་པ་བརྗོད་པ་ལྟ་བུའོ། །ཤི་ཞེས་པའི་སྒྲ་སྨོས་པ་ནི། སྦོམ་པོའི་ལྟུང་བ་འབྱུང་བ་སྡུད་པའི་ཚིག་གོ །གཞན་འཆི་བ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བ་བྱས་ན་ཡང་སྦོམ་པོའོ། །མཉན་ཡོད་དུ་དྲུག་སྡེ་ལ་བཅས་པ་དགེ་སློང་གཞན་རྣམས་ཀྱིས་བསམ་གཏན་དང་ཀློག་པ་བྱས་པ་ན། དྲུག་སྡེ་དག་གིས་ཕྱོགས་གསུམ་ནས་མེ་བཏང་སྟེ། དེ་དག་གི་བསམ་གཏན་དང་ཀློག་པ་ལ་གནོད་པ་བྱས་ཤིང་མི་དགའ་བར་བྱས་པ་ལ་བརྟེན་ནས་མེ་ཡིས་ནགས་བསྲེགས་ནའང་སྦོམ་པོའོ་ཞེས་པ་དང༌། ཉེར་དགས་ཀུན་ཏུ་རྒྱུ་རྣམས་ཀྱི་ལག་པ་གཅོད་དུ་བཅུག་པ་ལ་བརྟེན་ནས་བཅས་པ་མིའི་ཡན་ལག་གཅོད་པ་ནའང་སྦོམ་པོའོ། །ཝཱ་ར་ཎ་སཱིར་སྡེ་ཚན་གྱི་ཆུང་མས་དགེ་སློང་ནད་པ་ལ་མོ་རང་གི་བརླའི་ཤ་བྱིན་ནས་གསོས་ཏེ། དེས་ཀྱང་བརྩོན་པས་དགྲ་བཅོམ་ཐོབ་ཀྱང་མི་དེ་ཡི་ཤ་ནི་ཟ་ཡང་སྦོམ་པོར་བཅས་སོ། །ཡང་བདག་ཉིད་བསད་ནའང་སྦོམ་པོའོ། །གཉིས་པ་ནད་པ་དང་འབྲེལ་བའི་བསླབ་བྱ་ལ་གཉིས་ཏེ། ནད་པ་བསྐྱང་དགོས་པ་དང༌། བསྐྱང་དགོས་པའི་རྒྱུ་མཚན་ནོ། །དང་པོ་ལ་བཞི་སྟེ། ནད་གཡོག་བསྐོ་བ་དང༌། སྨན་སྦྱིན་པའི་ཚུལ་དང༌། ནད་པའི་ཁམས་དྲི་བ་དང༌། ཆོས་བཤད་པའི་ཚུལ་ལོ། །དང་པོ་ནི། དགེ་སློང་ཤི་རི་ཀའི་ནད་གཡོག་ལ་མཆུ་ཅན་གྱི་ཚ་བོ་བྱིས་པ་གཉིས་བཞག་པས་དགེ་སློང་དེ་ནད་ཀྱིས་ཉེན་པ་ན་བྱིས་པ་ལ་རང་ཉིད་འཆི་བའི་ཐབས་བསླབས་པས་དེ་གཉིས་ཀྱིས་དེ་ལྟར་བྱས་པ་ལ་བརྟེན་ནས་དགེ་སློང་དེ་ཤི་བ་ལ་བརྟེན་ནས། ཕན་གནོད་ཀྱི་ཁྱད་པར་མི་ཤེས་པའི་བྱིས་པ་ནད་པ་ལ་ནི་ཕན་པའི་ཕྱིར་དུ་ནད་གཡོག་དག་ཏུ་བཞག་ན་འཆི་བར་འགྱུར་བའི་འཆོག་ཆས་དྲུང་དུ་མི་བཞག་པ་སོགས་ལེགས་པར་བསྒོ་དགོས་སོ། །གཉིས་པ་སྨན་སྦྱིན་པའི་ཚུལ་ནི། མཉན་ཡོད་དུ་ཁྱིམ་བདག་གཉིས་རབ་ཏུ་བྱུང་ནས་གཅིག་ན་བ་དང༌། ནད་འདི་ལ་སྔོན་འདི་པ་ན་ཟེར་ནས་གཅིག་གིས་ལན་ཚའི་སྨན་རྩབས་བྱིན་པས་ཤི་ནས། མཁས་པའམ་གནས་བརྟན་དག་ལ་ཡང་སྨན་ནི་ཡོངས་སུ་དྲིས་ནས་སུ་དེས་ཕན་ཟེར་ན་ནད་པ་དག་ལ་ཕན་པའི་བློས་སྦྱིན་པར་བྱ་ཞིང༌། གཞན་དུ་ན་འགལ་ཚབས་ཅན་ཉེས་བྱས་སུ་འགྱུར་རོ། །ནད་པ་གང་གི་ནད་ལ་ཕན་པ་ཅི་འདྲ་བའི་ཡོ་བྱད་ནད་པ་དག་ལ་བཞག་ལ། གཞན་ལ་ཡོངས་སུ་བརྟགས་པ་སྟེ་བསྔོས་པའི་ཟ་བ་དང༌། ལ་སོགས་པ་བྱིན་ལེན་མ་བྱས་པ་དང༌། རུང་བར་མ་བྱས་པ་དང༌། དུས་མ་ཡིན་པའི་ཟས་ལ་སོགས་པ་དག་ཀྱང་ནད་པ་ལ་རྗེས་སུ་བརྩེ་བས་སྟེར་བ་ལ་ཉེས་པ་མེད་དོ། །གསུམ་པ་ནད་པའི་ཁམས་དྲི་བ་སོགས་ཀྱི་བསླབ་བྱ་ནི། སྔོན་ནད་པ་ཞིག་སུས་ཀྱང་མ་བལྟས་པས་ང་འཆི་སྙམ་པ་ལ་བརྟེན་ནས་བཅས་པ། དགེ་འདུན་ཀུན་གྱིས་ནད་པ་ལ་བལྟ་བའི་ཕྱིར་དུ་བརྩོན་པར་བྱ་བར་སྟོན་པས་བཀའ་སྩལ་ཏེ། ཡང་འདྲི་མཁན་མང་ནས་དུས་གཅིག་ལ་ནད་པས་ལན་འདེབས་མ་ནུས་ནས་དགེ་འདུན་ཐམས་ཅད་ཀྱིས་བལྟ་བའི་གནས་སྐབས་ཉིད་དུ་ནི་རིམ་པ་བཞིན་དུ་རེ་མོས་བྱས་ནས་བལྟའོ། །འགའ་ཞིག་འགྲེངས་ནས་ཁམས་དྲི་བ་སོགས་བྱས་པས་ས་ལ་འདུག་ནས་ཀྱང་ནི་བལྟ་བར་བྱའོ། །དགེ་འདུན་རྣམས་ཀྱིས་ནད་པ་བལྟ་བ་ན་ནད་པའི་ནད་གཡོག་དག་གིས་ཀྱང་བལྟ་མཁན་རྣམས་འདུག་པའི་དོན་དུ་གུས་པས་རྟག་ཏུ་སྟན་རྣམས་ནི་འབད་པས་ངེས་པར་ཉེ་བར་བསྟབ་པར་བྱའོ། །ཐམས་ཅད་ཀྱིས་བལྟས་པས་ནད་པས་ལན་འཇལ་མ་ནུས་པ་ལ་བརྟེན་ནས་བཅས་པ། གལ་ཏེ་ནད་པ་ཐམས་ཅད་ཀྱིས་ལན་སྨྲ་བའི་ནུས་པ་མེད་པས་ལན་འཇལ་བས་སྐྱོ་བར་གྱུར་པ་དེ་ལྟ་ན་ནད་པ་འདྲི་བའི་སྐབས་འདིར་ནི་ནད་པ་དེ་ལ་རེ་མོས་ཀྱིས་དྲི་བ་བྱེད་པར་ཡང་དག་པར་བསྒོ་བར་གང་འོས་བརྟག་པར་བྱ་བ་ཉིད་དོ། །བཞི་པ་ཆོས་བཤད་ཚུལ་གྱི་བསླབ་བྱ་ནི། ཚོང་དཔོན་གྱི་བུས་རང་གི་ཕ་ན་བ་ལ་ཤི་ཡང་བླའི། མཐོ་རིས་ནི་དར་དཀར་གྱིས་ཆོད་པ་ཙམ་ཞེས་སོགས་ཀྱི་ཆོས་བཤད་པས། ཕ་དེ་འདི་བས་ཤི་བ་སྐྱིད་སྙམ་ནས་བྲན་མོ་སྐྱོང་མ་ལ་ང་ལ་གདོན་གནོད་པས་ང་ཡི་ལུས་ཚིར་ཅིག་བྱས་ཏེ་གསོད་དུ་བཅུག་པས། ནད་པའི་མདུན་དུ་གང་ཞིག་གིས་ནད་པ་དེས་ཐོས་སམ་ཚོར་བར་ནད་པ་དེའི་སེམས་ལ་འཆི་བའི་འདུན་པ་སྐྱེ་བར་འགྱུར་བ་དེ་འདྲའི་ཆོས་བཤད་མི་བྱའོ། །ནད་པ་ལ་མི་བྱ་བའི་ཆོས་བཤད་དེ་གང་ཞེ་ན། ཀྱེ་མ་ཞེས་སྤྲོ་བ་བསྐྱེད་པའི་དོན་དུ་བོས་ནས། ཁྱོད་ཀྱིས་གཞན་ལ་སྦྱིན་པ་ཚུལ་བཞིན་དུ་བྱིན་ཞིང༌། དེར་མ་ཟད་ཚུལ་ཁྲིམས་ཀྱང་ནི་མ་ཉམས་པར་བསྲུངས་ལ། འཇིགས་པ་ལས་སྐྱོབ་པའི་དཀོན་མཆོག་གསུམ་ལ་ཤིན་ཏུ་གུས་པར་བྱས་ཏེ། རྒྱུ་དེ་དག་ལ་བརྟེན་ནས་འབྲས་བུ་ལྷག་བཅས་ཀྱི་མྱ་ངན་ལས་འདས་པ་མདུན་ན་གནས་པ་དང་འདྲ་བར་བདེ་བླག་ཏུ་ཐོབ་ཅིང༌། ཁྱོད་ནི་ལུས་དང་བྲལ་མ་ཐག་ཏུ་མཐོ་རིས་ཀྱི་གནས་ལྷའི་ཁང་བཟང་དུ་སྐྱེ་བའང་ཐག་མི་རིང་པར་མྱུར་དུ་ཐོབ་ཅིང༌། སྲོག་དང་བྲལ་ན་མྱུར་དུ་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ལག་ན་གནས་པ་དང་འདྲ་བར་ཐོབ་བོ་ཞེས་སྨྲས་ནས། གལ་ཏེ་ནད་པ་ཤི་བར་གྱུར་ན་ཆོས་བཤད་དེ་སྐད་གང་སྨྲ་བའི་དགེ་སློང་ནི་མི་བཟད་པའི་ལྟུང་བ་ཕམ་པ་དག་དང་བཅས་པར་འགྱུར་རོ། །འོ་ན་ཆོས་བཤད་ཇི་ལྟར་བྱ་ཞེ་ན། འཆི་བའི་འདུན་པ་སྐྱེ་བའི་ཆོས་བཤད་བྱར་མི་རུང་བ་དེ་བས་ན། འདི་ལྟར་བྱ་སྟེ། ཁྱོད་ནི་ནད་དང་བྲལ་ནས་ཆོས་སྤྱོད་པའི་དོན་དུ་ཡུན་རིང་དུ་འཚོ་བར་ཤོག་ཅིག །ཇི་སྲིད་གསོན་ན་ནི་དེ་སྲིད་དུ་བསོད་ནམས་ཀྱི་ཚོགས་ཆེན་པོ་ཐོབ་པའི་དོན་དུ་ཆོས་སྤྱོད་རྫོགས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །གཉིས་པ་ནད་པ་བསྐྱང་དགོས་པའི་རྒྱུ་མཚན་ནི། ནད་ཀྱིས་གདུངས་པའི་ནད་པ་ལ་སྨན་དག་སྦྱིན་པ་དང༌། མཁས་པས་གདམས་ངག་ཀྱང་སྦྱིན་པར་བྱ་ཞེས་གནས་དང་གནས་མིན་མཁྱེན་པ་སངས་རྒྱས་ཀྱིས་གསུངས་སོ། །གནས་ནི་རྒྱུ་ཡིན་ལ། གནས་མིན་ནི་རྒྱུ་མ་ཡིན་པ་སྟེ། སྦྱིན་སོགས་ནི་ལོངས་སྤྱོད་ཀྱི་རྒྱུ་ཡིན་ལ། སེར་སྣ་ནི་ལོངས་སྤྱོད་ཀྱི་རྒྱུ་མ་ཡིན་ཞེས་སོགས་ཀྱི་རྒྱུ་དང་རྒྱུ་མ་ཡིན་པའི་རབ་དབྱེ་མ་ལུས་པ་མཁྱེན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའོ། །ནད་པ་དང་འབྲེལ་བའི་བསླབ་བྱ་བསྟན་ཟིན་ཏོ། །གསུམ་པ་ཚོང་ལ་བརྟེན་པའི་ཉེས་པ་བསྟན་པ་ནི། ཕྲན་ཚེགས་ལས། ཤ་ཟའི་བུ་སྐྲ་ལྗང་གུ་ཅན་ཞིག་ཉེ་དགས་ཟློས་གར་མཁན་ལ་བཙོངས་པས་སྐྲ་ཅན་དགེ་སློང་གིས་བཙོང་བར་མི་བྱའོ་ཞེས་སོ། །ཡང་དེའི་སྐྲ་གར་མཁན་ལ་བཙོངས་པས་དགེ་སློང་གིས་སྐྲ་བཙོང་བར་མི་བྱའོ་ཞེས་དང༌། གལ་ཏེ་འཚོང་ན་སྦོམ་པོའོ། །མཉན་ཡོད་དུ་ལྷུང་བཟེད་རང་ལ་ཡོད་བཞིན་དུ་མི་བསྲེག་པར་གཞན་ན་བའི་ལྷུང་བཟེད་ལ། འདི་ཤི་ན་ང་ལ་འབྱུང་སྙམ་དུ་རེ་བས་ལྷུང་བཟེད་དང་སྣམ་སྦྱར་སོགས་ལ་ཆགས་པས་དགེ་སློང་གཞན་ན་བ་དག་ལ་གདོལ་པ་སྟེ་བཤན་པ་བཞིན་དུ་བརྩེ་བ་མེད་པར་དགེ་སློང་གང་ཞིག་ན་བ་དེ་འཆི་བའི་འདོད་སེམས་བསྐྱེད་པར་བྱེད་པ་དེ་ལ་ཉེས་བྱས་ཉིད་དུ་རིག་པར་བྱའོ། །བཞི་པ་བསླབ་བྱ་གཞན་བསྟན་པ་ནི། བཞད་གད་དང་དགོད་བག་གི་ཆེད་དུ་ཡང་ག་ག་ཚིལ་མི་བྱའོ། །ག་ག་ཚིལ་ནི་གཞན་གྱི་གཡའ་བསྒག་པའོ། །འདི་ནི་སྔོན་མཉན་ཡོད་ན་དགེ་སློང་རྒན་པ་ཞིག་དང་གཞོན་ནུ་བཅུ་བདུན་སྡེ་ལ་ལས་ཀྱི་རེ་མོས་བབ་པའི་དུས་སུ་དགེ་སློང་རྒན་པོའི་གྲོགས་མ་བྱས་པས་ཁྲོས་པ་ན། དགེ་སློང་ཁྲོས་པ་ཞི་བའི་དོན་དུ་གཞོན་ནུ་བཅུ་བདུན་སྡེས་གཡའ་བསྒགས་པས་རླུང་གྱེན་དུ་འཚུབས་ཏེ་ཤི་བ་ལ་བརྟེན་ནས་བཅས་སོ། །གཞན་ཡང་མཆོད་རྟེན་དང་ཁང་པ་བརྩིག་པ་སོགས་ཀྱི་ལས་བྱེད་པའི་ཚེ་ན། ཁང་པ་བརྩིག་པ་ལ་སོགས་པའི་ལས་བྱེད་པས་ཁྱིམ་པ་གྲོགས་སུ་མེད་པའི་ཚེ་ཤིན་ཏུ་ལྕི་བའི་ཁུར་པོ་རང་གིས་མི་ཁྱེར་ཞིང༌། དགེ་སློང་གཞན་ཡང་འཁུར་དུ་མི་གཞུག་གོ །སྔོན་ཁང་པའི་ལས་བྱེད་པ་ན་དགེ་སློང་གིས་ཤིང་བཏེག་པ་ལག་ནས་ཤོར་ནས་ཤིང་བཟོ་མཁན་གྱི་མགོ་བོར་ཕོག་ནས་ཤི་བ་ལ་བརྟེན་ནས་བཀག་གོ །སྟོན་པ་འབྲོག་གནས་ན་བཞུགས་པའི་ཚེ་བསྲོ་ཁང་རྩིག་པ་ན་ལག་གླ་བ་རྣམས་ཀྱིས་སོ་ཕག་སྟེང་དུ་རིམ་པས་འདྲེན་པ་ན་སོ་ཕག་ཅིག་ཆག་ནས་ཕྱེད་དགེ་སློང་ལ་ཕོག་སྟེ་ཤི་བས་བཅས་ཏེ། སོ་ཕག་གི་རྩིག་པ་བྱེད་པའི་དུས་སུ་སོ་ཕག་གས་པོ་ལ་སོགས་པ་གཞན་ལ་གཏོད་པའི་ཚེ་ན་གཞན་ལ་བརྡ་མ་སྤྲད་པར་སྦྱིན་པར་མི་བྱའོ། །ཡང་དགེ་སློང་རྣམས་ཀྱིས་ཉི་མ་རངས་པར་ལས་བྱས་པས་ཁྱིམ་པ་རྣམས་ཀྱིས་འཕྱ་བ་ན་ཉི་མ་ཟད་པར་དགེ་སློང་གིས་གླ་མི་བཞིན་དུ་ལས་མི་བྱའོ། །དགེ་སློང་གིས་བསྲོ་ཁང་ལ་སོགས་པའི་ལས་བྱེད་པ་ན་ཡང་སོ་ཀ་ནི་སྔ་དྲོ་ལས་བྱ་ཞིང༌། དགུན་ཁ་ནི་ཕྱི་དྲོ་ལས་བྱའོ་གསུང༌། ལས་བྱེད་པ་ཉིད་ཀྱི་ཞལ་ཏ་བ་བློ་ལྡན་གྱིས་ལས་བྱེད་པ་དེ་དག་ལ་ལས་བྱ་དགོས་པ་གོ་བར་བྱས་ནས། ལས་བྱེད་པ་དེ་རྣམས་ལས་ཀྱིས་དུབ་པ་སྤང་བའི་ཕྱིར་དུ་ཁྱེའུ་སུ་སོགས་བཟའ་བཏུང་གིས་ཚིམ་པར་བྱའོ། །ཁྱེའུ་སུས་ནི་སྔ་དྲོའི་དུས་ཀྱི་བྲོ་ཆུང་ལ་བྱའོ།                         རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*