འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ། ཁ༽

།འདི་འདྲའི་ཟས་ནི་མུ་གེའི་ཚེ་ལྟོ་འགྲངས་པ་མ་རྙེད་དེ་ལྟོགས་ནས་ཉལ་ན་གནང་ངོ༌། །གཙུག་ལག་ཁང་ནི་བསྲུང་བའི་ཕྱིར་དུ་མེལ་ཙེ་ལ་བརྩོན་པར་ཡང་ནི་རྫེས་སུ་གནང་ངོ༌། །མེལ་ཙེ་བ་རྒན་ཞུགས་ཀྱིས་ཆོམ་རྐུན་པའི་མགོར་གཎྜི་བསྣུན་ནས་ཤི་བ་ལ་བརྟེན་ནས་བཅས་ཏེ་སེམས་ཅན་དག་ལ་ལྟོས་པ་མེད་པར་མ་བསམས་པར་རྡོ་བ་དང་དབྱུག་པ་སོགས་མི་འཕང་ངོ༌། །ཡང་ཁྲུ་བཅུའི་ནང་རོལ་གྱི་སྤྱོད་ཡུལ་དུ་མིག་མཐོང་གི་སར་རྡོ་བ་ལ་སོགས་བརྟགས་ནས་དོར་བར་རུང་སྟེ། སྔར་བསླབ་པ་བླངས་པ་རྗེས་སུ་དྲན་པ་བསྐྱེད་པ་ཡིས་ཚུལ་དེ་ལྟར་བྱས་ཀྱང་ནང་གི་བདག་ཉིད་ཀྱི་སྡོམ་པ་ཉམས་པར་མི་འགྱུར་རོ། །ལྔ་པ་གནས་བསྐྱང་བའི་ཚུལ་ནི། རི་བྲག་གི་གཙུག་ལག་ཁང་དུ་དགེ་སློང་དྲུག་ཅུ་གསོ་སྦྱོང་བྱས་ནས་ཆོས་སྒྲོགས་པའི་ཚེ་ཆོམ་རྐུན་པས་བཅོམ་པ་ལ་བརྟེན་ནས། མཚན་མོ་དམ་པའི་ཆོས་སྒྲོགས་པ་ལ་སོགས་པའི་གནས་དག་ཏུ་སྒོ་ལ་སོགས་པ་བསྡམ་པར་བྱས་སམ་ཞེས་དྲི་བར་བྱའོ། །སུ་ཞིག་གིས་ན། དགེ་འདུན་གྱི་གནས་བརྟན་གྱིས་སོ། །སུ་ཞིག་ལ་དྲི་ཞེ་ན། གཙུག་ལག་ཁང་གི་ལས་བྱེད་པ་ལ་དྲི་བ་བྱའོ། །གཙུག་ལག་ཁང་གང་ལ་དགོས་པར་བརྟག་པར་བྱ་བ་བཅིང་བ་ཞེས་བརྗོད་པར་བྱ་བ་ཡིས་གཙུག་ལག་ཁང་ནི་བསྲུང་བར་བྱའོ། །དགོས་པ་ནི། གཙུག་ལག་ཁང་རྐུན་པོ་ལ་སོགས་པས་འཇོམས་པ་བཟློག་པའི་ཕྱིར་དུའོ། །གཙུག་ལག་ཁང་དུ་གནས་པ་དེ་དག་ལ་གཙུག་ལག་ཁང་དུ་དགོས་པའི་བཅིང་བ་ནི་ཅི་རིགས་པ་སྟེ། གང་ལ་གང་འོས་སྦྱིན་ནོ། །སུ་ཡིས་ན། ཞལ་ཏ་བ་ཡིས་སོ། །བཅིང་བ་ནི་རྣམ་པ་ལྔ་སྟེ། འཕྲུལ་རྟེན་ནི་ཡུ་བ་ནས་བཟུང་ནས་བསྐོར་བར་བྱའོ། །སྟེང་གཟེར་ནི་སྟེང་ནས་འཇུག་པའི་གཟེར་རོ། །འོག་འཇུག་ནི་གཡག་ཤིང་དང༌། སྒོ་ལྕགས་དང༌། ལྡེ་མིག་ཀྱོག་པོ་ཡང་བཅིང་བ་ཞེས་བརྗོད་དོ། །བཅིང་བ་གཅིག་གིས་ཐུབ་ན་གཅིག་དང༌། གཉིས་དགོས་ན་གཉིས་དང༌། གསུམ་དགོས་ན་གསུམ་ལ་སོགས་པ་བྱིན་པ་ཉིད་ཀྱིས་བསྲུང་བར་བྱའོ། །དེ་ཡང་བཅིང་བ་ཐ་དད་པ་སྟེ་སོ་སོར་གཞུག་པར་བྱས་ཏེ་བསྲུང་ངོ༌། །གལ་ཏེ་བཅིང་བ་ཐམས་ཅད་གཞུག་པར་འོས་ན་ཡང་རྟོག་པ་པོའི་ལས་བྱེད་པ་དེ་ཡིས་ཐམས་ཅད་གཞུག་གོ །སྒོ་བསྡམ་པ་ནི་ལྔ་སྟེ། རྒྱབ་གཏན་དང༌། སྒོ་གཏན་དང༌། འཁོར་ལོ་དང༌། སྒོ་ལྕགས་དང༌། ལྡེ་མིག་ཀྱོག་པོ་དག་གོ་ཞེས་གསུངས་སོ། །དྲུག་པ་གྲོགས་བསྐྱང་པ་ནི། སྟོན་པའི་བསྟན་པ་ལ་གུས་པའི་དགེ་སློང་གིས་ལམ་དུ་འགྲོ་བ་ན་དགེ་སློང་ལུས་དུབ་ཅིང་ཐང་ཆད་པ་དག་ལ་སྔོན་ཕ་ལ་བུས་བྱས་པ་བཞིན་དུ་སྒྲུབ་པར་མི་བྱའོ། །བུས་སྔོན་ཕ་ལ་ཇི་ལྟར་བྱས་ཤེ་ན། སྔོན་བྱུང་གི་དུས་ན་ཕ་རྒན་པོ་བུ་དང་འགྲོགས་ནས་དལ་བར་འགྲོ་བ་ལ་ཟས་ཀྱི་དུས་ཡོལ་དུ་དོགས་པར་གྱུར་པའི་འཇིགས་པ་ཡིས་ཕ་དེ་བུ་དེ་ཡིས་རྒྱབ་ནས་འཕུལ་བས་ཅུང་ཟད་མགྱོགས་སུ་སོང་བས་ཐབས་ཡོད་དོ་སྙམ་ནས་ཡང་དང་ཡང་དུ་འཕུལ་བས་ལམ་དུ་ཁ་སྦུབ་ནས་ས་ཞིབ་མོ་ཁར་འཚོངས་ཏེ་འཆི་བའི་དུས་བྱས་སོ། །འདི་ལ་བརྟེན་ནས་བཅས་པ་མཛད་དོ། །བཞི་པ་བརྫུན་སྨྲ་ལ་གཉིས་ཏེ། གླེང་གཞི་དང༌། བཅས་པའོ། །དང་པོ་ནི། སྟོན་པ་ཁྱིམ་དང་འབྱོར་པ་སྦངས་པ་ཡངས་པ་ཅན་སྤྲེའུའི་རྫིང་གི་འགྲམ་ན་བཞུགས་པའི་ཚེ་མུ་གེའི་དུས་ཤིག་ན། སྔོན་ཉ་པར་གྱུར་པ་ཕྱིས་དགེ་སློང་བྱས་པ་རྣམས་ཀྱིས་རང་ལ་མི་སྲིད་པའི་བླ་མའི་ཡོན་ཏན་གྱི་ཆོས་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་ཡོད་པར་བསྒྲགས་ཏེ་ཁྱིམ་པ་རྣམས་ལ་གོ་བར་བྱས་ཤིང༌། གྲོང་ཡུལ་དུ་རྒྱུས་ནས་འཚོ་བ་བཅོལ་བར་བྱས་པ་དེའི་ཚེ་དེ་ལ་བརྟེན་ནས་སྟོན་པས་བཀག་པ་མཛད་དོ། །འདི་ལ་གཞི་ནི་སྲ་བར་བྱ་བའི་ཡུལ་སྨྲ་ཤེས་ཤིང་དོན་གོ་བའོ། །བསམ་པ་ནི་བརྫུན་སྨྲ་བར་འདོད་ཅིང་འདུ་ཤེས་གཞན་དུ་བསྒྱུར་བའོ། །སྦྱོར་བ་ནི་ངག་སྨྲ་བར་བརྩམས་པའོ། །བརྗོད་བྱ་ནི་མིའི་ཆོས་བླ་མའོ། །མཐར་ཐུག་གཞན་གྱིས་དོན་གོ་བ་ནའོ། །དགག་བྱ་ནི་འདིར་ཚིག་མི་བཙུན་ཞིང་ཕྱི་མར་དམྱལ་བར་སྐྱེ་བའོ། །གཉིས་པ་བཅས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གཞན་ལས་ཁྱད་པར་དུ་གྱུར་པའི་རྟོགས་པ་མིའི་ཆོས་བླ་མའི་ཡོན་ཏན་རྣམས་མ་ཐོབ་པར་ནི་ཐོབ་བོ་ཞེས་མངོན་པའི་ང་རྒྱལ་མེད་པར་སྨྲ་ན་སྨྲ་བ་པོའི་སྡོམ་བརྩོན་མཐའི་ལྟུང་བ་ཕམ་པ་འཐོབ་པའོ། །དོན་ལ་མ་འཐོབ་ཀྱང་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་ཡོད་ན་དངོས་གཞིར་མི་འགྱུར་ཏེ། སྔོན་བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་ཞིག་དགྲ་བཅོམ་མ་ཐོབ་ཀྱང་ཐོབ་པར་རློན་པ་བཞིན་ནོ། །མིའི་ཆོས་བླ་མ་ནི། གཞི་འགྲེལ་ལས། འདོད་པ་ལ་འདུན་པ་སོགས་སྒྲིབ་པ་ལྔ་ནི་མིའི་ཆོས་ཡིན་ལ། བླ་མ་ནི་དེ་དག་སྤངས་བའོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། དངོས་གཞིའི་དོན་བསྟན་པ་དང༌། ན་སྨད་སེལ་བ་བསྟན་པ་དང༌། དངོས་གཞི་གཞན་བསྟན་པ་དང༌། སེལ་བ་གཞན་བསྟན་པའོ། །དང་པོ་ནི། འདིར་མིའི་ཆོས་བླ་མའི་ཡོན་ཏན་ཞེས་པ་ནི། ཡན་ལག་གིས་འོག་ས་ལས་འདའ་བ་བསམ་གཏན་རྣམས་དང༌། དམིགས་པའི་སྒོ་ནས་འོག་ས་ལས་འདའ་བ་གཟུགས་མེད་ཀྱི་སྙོམས་འཇུག་དང་སོགས་པའི་སྒྲས་བསྡུས་པ་ཚད་མེད་བཞི་དང༌། བདེན་པ་མཐོང་བ་དང༌། ཟག་པ་ཟད་པའི་ཕུལ་དུ་ཕྱིན་པ་མྱ་ངན་ལས་འདས་པ་རྣམས་འཕགས་པའི་ལམ་ཟག་མེད་ཀྱི་ཡེ་ཤེས་ཀྱིས་ཐོབ་པར་སྨྲ་བ་ན་མཐར་འགྱུར་རོ་ཞེས་པ་མཐའི་ཚིག་རེ་རེ་ལ་སྦྱར་རོ། །ཁྱད་པར་དུ་འཕགས་པའི་དོན་རྟོགས་པར་མཁས་པ་རྣམས་ཀྱིས་གང་གསུངས་པའི་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་བཞི་པོ་མ་ཐོབ་པ་ཐོབ་པར་སྨྲ་ན་ཡང་མཐར་འགྱུར་རོ་ཞེས་སྦྱར་རོ། །ཤེས་པར་བྱ་བའི་ཡུལ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་ཤེས་པ་དང་མཐོང་ངོ་ཞེས་སྨྲ་བ་ཡང་མཐར་འགྱུར་རོ། །བསམ་གཏན་ཞེས་བརྗོད་པའི་ཏིང་ངེ་འཛིན་བཞི་པོ་ཡི་བདེ་བ་ལ་རེག་པས་གནས་པར་སྨྲ་བ་དང༌། རྗེས་ཀྱི་ཤེས་པས་སྡུག་བསྔལ་ལ་སོགས་པ་བདག་གིས་ཤེས་སོ་ཞེས་སྨྲ་བ་དང༌། ལྷ་ལ་སོགས་པ་བདག་གིས་མཐོང་བ་དང༌། བདག་གིས་ལྷ་དེ་དག་དང་གཏམ་ཡང་བྱས། དེ་དག་ཀྱང་བདག་ལ་ཚུར་སྨྲའོ་ཞེས་སྨྲ་བ་དང༌། དེ་བཞིན་དུ་ཀླུ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་བདག་གིས་མཐོང་ངོ༌། །བདག་གིས་གཏམ་ཡང་བྱས་སོ། །དེ་དག་ཀྱང་བདག་ལ་ཚུར་སྨྲའོ་ཞེས་རྫུན་དུ་སྨྲ་ན་དགེ་སློང་ལ་མཐར་ཏེ་ཕམ་པར་འགྱུར་རོ། །འདི་ལྷ་ནི། འགྲེལ་ཆུང་ལས། རྫུ་འཕྲུལ་དང་ལྡན་པ་དང༌། རྫུ་འཕྲུལ་མེད་ཀྱང་ས་ལ་གནས་པ་ཞེས་སོ། །གནོད་སྦྱིན་ནི། གཞི་འགྲེལ་ལས། ལྷ་རྟེན་གྱི་གཏོར་མ་ལེན་པ་ཞེས་སོ། །དྲི་ཟ་ནི། ལྷ་ལ་རོལ་མོ་བྱེད་པ་ཞེས་བཤད་དོ། །ཡང་ལྷའི་སྐད་ནི་བདག་གིས་ཐོས་སོ། །བདག་གི་སྐད་ཀྱང་དེ་དག་གིས་ཐོས་སོ། །ལྷ་དེ་དག་ནི་མཚན་མོ་བདག་གི་དྲུང་དུ་འོང་ངོ་ཞེས་པ་དང༌། དེ་བཞིན་དུ་གནོད་སྦྱིན་དང་ཀླུ་ལ་སོགས་པའི་སྐད་ཀྱང་བདག་གིས་ཐོས། དེ་དག་མཚན་མོ་བདག་གི་དྲུང་དུ་འོང་ངོ་ཞེས་སོགས་ཏེ། དགེ་སློང་རྫུན་དུ་སྨྲ་ན་རང་བཞིན་གྱིས་ཕམ་པར་འདོད་དོ། །གཉིས་པ་ན་སྨད་སེལ་བ་བསྟན་པ་ནི། ཕན་ཚུན་མཐོང་ངོ་ཞེས་པ་དང༌། སྒྲ་ཐོས་སོ་ཞེས་པ་དང༌། འགྲོའོ་ཞེས་སོགས་དེ་དག་ཀུན་སྨྲས་པ་ལ་སྦོམ་པོར་འགྱུར་བར་ཤེས་པར་བྱ་བ་ནི། བདག་གིས་རྡུལ་ཁྲོད་ཀྱི་ཤ་ཟ་མཐོང༌། དེ་དག་དང་གཏམ་ཡང་བྱས་སོ། །བདག་གིས་དེ་དག་གི་སྒྲ་ཡང་ཐོས་ཞེས་སོགས་རྫུན་དུ་སྨྲ་བ་སྟེ། རྡུལ་ཁྲོད་ཀྱི་ཤ་ཟ་ནི། འགྲེལ་ཆུང་ལས། ཕྱག་དར་ཁུང་ན་གནས་ཤིང་འཚུབས་མར་བརྫུ་ནུས་པ་ཞེས་སོ། །བདག་ཅེས་པའི་སྒྲ་མི་སྦྱར་བར་འདི་ན་གང་ཞིག་ལྷ་དང་ཀླུ་ལ་སོགས་པ་དག་མཐོང་བ་ཡོད་ཅེས་སྨྲ་ན་ཡང་སྦོམ་པོའོ། །འདི་ནི་འདུལ་བ་གཞིའི་དོན་ནོ། །རྣམ་འབྱེད་ལས་ནི། བདག་གིས་ཤ་ཟ་མཐོང་བ་སོགས་ཀྱི་རྫུན་དུ་སྨྲ་བ་ཡང་ཕམ་པར་བཤད་དོ། །གལ་ཏེ་ལྷ་དང་ཀླུ་ལ་སོགས་པ་མཐོང་བ་ལ་ཕམ་པར་བཞག་ལ། རྡུལ་ཁྲོད་ཀྱི་ཤ་ཟ་སོགས་མཐོང་བ་ལ་སྦོམ་པོར་བཞག་པའི་ཁྱད་པར་ཅི་ཞེ་ན། རྣམ་འབྱེད་གྱི་འགྲེལ་པར། ཕལ་ཆེར་ཐ་མལ་པའི་ཤེས་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར་དེ་དག་མཐོང་བ་ལ་སོགས་པར་སྨྲ་བ་ནི་སྦྱོར་བར་གྱུར་པ་ཡིན་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་ཞེས་སོ། །གསུམ་པ་དངོས་གཞི་གཞན་བསྟན་པ་ནི། བསམ་གཏན་གྱི་དངོས་གཞིས་བསྡུས་པའི་འདུ་ཤེས་ལུས་ལ་དམིགས་ནས་རྣམ་པར་གནག་པར་འདུ་ཤེས་པ་དང༌། མི་རྟག་པར་འདུ་ཤེས་པ་དང༌། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་སོགས་ཀྱིས་བསམ་གཏན་གྱི་འབྲས་བུ་མངོན་ཤེས་ཐོབ་པར་རབ་ཏུ་སྟོན་ན་དགེ་སློང་དེ་མི་འདོད་ན་ཡང་མཐའི་ཕས་ཕམ་གྱི་ལྟུང་བའི་མཚོན་ཆས་མགོ་གཅད་པ་འཐོབ་པར་འགྱུར་རོ། །དགེ་སློང་ཞེས་སྨོས་པས་ནི་རྫས་དང་སྔགས་སོགས་ཀྱིས་རང་ལུས་གཞན་དུ་བསྒྱུར་ནས་སྨྲས་ན་སེལ་བའོ་ཞེས་སོ། །བཞི་པ་སེལ་བ་གཞན་བསྟན་པ་ནི། དགེ་སློང་གང་ཞིག་གང་བདག་གིས་མཐོང་ངོ་ཞེས་དེ་སྐད་དུ་སྨྲ་བར་མི་བྱེད་ཀྱང་སྤྱིར་འདི་ན་རྡུལ་ཁྲོད་ཀྱི་ཤ་ཟ་མཐོང་བ་ཡོད་ཅེས་དེ་སྐད་བརྗོད་ན་ཉེས་བྱས་སོ། །དགེ་སློང་གི་རྩ་བའི་ལྟུང་བ་བསྟན་ཟིན་ཏོ། །དགེ་སློང་མའི་རྩ་བའི་ལྟུང་བ་ལ་གསུམ་སྟེ། དོན་དངོས་བསྟན་པ་དང༌། ཐུན་མོང་གི་བསླབ་བྱ་དང༌། ཞར་ལ་གླེང་གཞི་བསྟན་པའོ། །དང་པོ་ནི། དགེ་སློང་མའི་རྩ་བའི་ལྟུང་བ་ནི། རྒྱལ་པོའི་ཁབ་ཏུ་མཛའ་ཅན་མ་ལ་བཅས་པ་དགེ་སློང་མ་གཞན་གྱི་རྩ་བའི་ལྟུང་བ་བརྒྱད་པོ་གང་རུང་ཉིན་ཞག་གཅིག་ཡུལ་ཡོད་བཞིན་དུ་འཆབ་པ་དང༌། སྦོམ་དགའ་མོ་ལ་བཅས་པ་རེག་པའི་ལྟུང་བ་དང༌། ལུས་བཀན་གྱི་ལྟུང་བ་གཉིས་ལས། དང་པོ་ནི། ཕོའི་ལུས་ལ་རེག་པར་འདོད་པའི་ཀུན་སློང་གིས་མིག་ནས་པུས་མོའི་བར་གྱིས་སྐྱེས་པ་ལ་རེག་པ་དང་དུ་ལེན་པ་དང༌། ལུས་བཀན་ནི་བདག་ལ་འདོད་པ་བསྟེན་པར་འདོད་པའི་སྐྱེས་པའི་ལག་གིས་སླེབ་པར་ཕན་ཚུན་ཆགས་པར་ཤེས་བཞིན་དུ་ཉལ་བས་ལུས་བཀན་པ་དང༌། བཅུ་གཉིས་སྡེ་ལ་བཅས་པ་དགེ་སློང་གནས་དབྱུང་བྱས་པ་དགེ་འདུན་ལ་བཟོད་པར་གསོལ་བར་ངེས་པ་ཞིག་ཤེས་བཞིན་དུ་བཟོད་པ་གསོལ་བ་དེ་ལས་བཟློག་པའི་དགེ་སློང་མ་ལ་དགེ་སློང་མའི་དགེ་འདུན་གྱིས་གསོལ་བཞིས་བཟློག་ཀྱང་མི་གཏོང་ན་བག་མེད་པའི་ཕྱོགས་བྱེད་པ་ཉིད་བཟློག་པའི་ཕམ་པ་སྟེ། དགེ་སློང་མའི་རྩ་ལྟུང་བཞི་དང༌། དེ་བཞིན་དུ་དགེ་སློང་ལ་བཤད་པའི་ཕས་ཕམ་པ་བཞིས་ཀྱང་དགེ་སློང་མའི་རྩ་བའི་སྡོམ་པ་འཇིག་གོ །གཉིས་པ་ལ་མི་ཚངས་སྤྱོད་ནི་རྒྱལ་པོའི་ཁབ་ཏུ་སེར་སྐྱ་བཟང་མོ་ལ་བཅས་ཤིང༌། ལྷག་མ་གསུམ་ནི་དགེ་སློང་གི་བཞིན་ནོ། །ལྟུང་བ་འཆབ་པ་སོགས་བཞི་པོ་དེ་དག་དགེ་སློང་ལ་ནི་རིམ་པ་བཞིན་དུ། འཆབ་པའི་ལྟུང་བྱེད་དང༌། རེག་པའི་ལྷག་མ་དང༌། མི་ཚངས་སྤྱོད་ཀྱི་སྦོམ་པོ་དང༌། སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་རྣམས་སུ་འགྱུར་ཞེས་སློབ་དཔོན་ཤེས་རབ་བྱེད་པས་བཤད་དོ། །གསུམ་པ་ནི། མོའུ་གལ་གྱི་བུས་ཡངས་པ་ཅན་པ་དང༌། རྒྱལ་པོའི་ཁབ་པ་གཉིས་འཐབ་པའི་དུས་སུ་ཡངས་པ་ཅན་པ་རྒྱལ་བར་ལུང་བསྟན་པ་ན། དང་པོ་ཅུང་ཟད་རྒྱལ་ཡང་ཕྱིས་རྒྱལ་པོའི་ཁབ་ཀྱི་མི་མ་ཡིན་པ་དག་གིས་ཡངས་པ་ཅན་གྱི་མི་མ་ཡིན་པ་ཕམ་པར་བྱས་པ་ལ་བརྟེན་ནས་རྒྱལ་བ་དང་ཕམ་པ་སོགས་ལུང་བསྟན་པ་ལ་དགོངས་སུ་གསོལ་བ་སྔོན་དུ་བཏང་ནས་བརྗོད་པར་བྱ་སྟེ། དགོངས་པ་སྔོན་དུ་བཏང་བ་ལས་གཞན་དུ་སྔོན་དུ་མ་བཏང་བར་ལུང་སྟོན་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཡང་མུ་སྟེགས་པས་ལོ་བཅུ་གཉིས་སུ་ཆར་མི་འབབ་པར་ལུང་བསྟན་པ་ན། མོའུ་གལ་གྱི་བུས་ཞག་བདུན་ན་ཆར་འབབ་པར་ལུང་བསྟན་པས་ཅུང་ཟད་བབས་ནས་ཆད་པས་ཆར་འབབ་པའང་དེ་བཞིན་དུ་བསམས་ཏེ་བརྗོད་དོ། །སྤྱིར་ཆར་འབབ་པ་མི་རྟོགས་པའི་རྒྱུ་ལྔ་གསུངས་ཏེ། ས་ཆེན་པོ་འདི་ལ་མེའི་ཁམས་འཁྲུགས་ཏེ་དེས་ཆར་བར་མ་དོར་སྐེམས་པ་དང༌། ནམ་མཁའ་ལ་རླུང་ལྡང་ཞིང་དེས་ཆར་དེ་ཀ་ལིང་ཀའི་དགོན་པ་སོགས་སུ་འབེབས་པ་དང༌། ལྷའི་བུ་ཆར་གྱི་ཤུགས་ཅན་མྱོས་ཤིང་བག་མེད་ནས་དུས་དུས་སུ་ཆར་གྱི་རྒྱུན་འབབས་སུ་མི་སྟེར་བ་དང༌། མི་རྣམས་ཆོས་མ་ཡིན་པ་འདོད་ཆགས་དང་དགའ་བས་ཟིལ་གྱིས་ནོན་ཅིང་ཆོས་ལོག་གིས་དཀྲིས་པས་དེ་དག་ལ་ལྷས་དུས་སུ་ཆར་འབེབས་སུ་མི་སྟེར་བ་དང༌། ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་རྒྱ་མཚོ་ནས་འཕགས་ཏེ་ལག་པ་གཉིས་ཀྱིས་ཆར་འབབ་པ་རྒྱ་མཚོར་ཕོ་བའོ། །ཡང་གཅེར་བུ་པ་ལ་ཁྱིམ་བདག་གིས་རང་གི་ཆུང་མའི་མངལ་གྱི་སེམས་ཅན་བུ་མོར་འབྱུང་ངམ་བུར་འབྱུང་ཞེས་དྲིས་པ་ན། བུ་མོར་འབྱུང་བར་ལུང་བསྟན། མོའུ་གལ་ལ་བུར་ཡོད་དམ་བུ་མོར་ཡོད་ཅེས་དྲིས་པ་ན་བུར་ཡོད་པར་ལུང་བསྟན་པའི་ཚེ་སྔོན་གྱི་ལས་ཀྱིས་བུར་ཡོད་པ་མཚན་གྱུར་ནས་བུ་མོར་བྱུང་བ་དང༌། སོགས་པ་རྒྱལ་པོའི་ཁབ་ཏུ་སྦྱིན་བདག་གཅིག་གིས་དགེ་སློང་རྣམས་ལ་སྣུམ་ཅན་གྱི་ཟས་བྱིན་པས་ལྷུང་བཟེད་ཆུ་དྲོན་ལ་འཁྲུད་པ་ན། ཉེ་དགས་ཆུ་འདི་གང་ནས་འབབ་ཅེས་མོའུ་གལ་ལ་དྲིས་པའི་དུས་སུ་མཚོ་མ་དྲོས་པ་ནས་འབབ་བོ་ཞེས་གསུངས་པ་ན། མ་དྲོས་པའི་ཆུ་ནི་ཡན་ལག་བརྒྱད་ལྡན་ཡིན་པས་འདི་ལ་ཡན་ལག་དང་པོ་བསིལ་བ་མ་ཚང་ངོ་ཞེས་བརྒལ་ལོ། །ཡང་མཉན་ཡོད་དུ་མོའུ་གལ་གྱིས་ཅི་ཡང་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་ཆུ་ཀླུང་དལ་འབབ་ཀྱི་འགྲམ་ན་ཡོད་པའི་གླང་པོ་ཆེའི་སྒྲ་ཐོས་སོ་ཞེས་སྨྲས་པ་ན་ཉེ་དགས་གཟུགས་མེད་ཀྱི་ཏིང་ངེ་འཛིན་ནི་སྒྲའི་འདུ་ཤེས་དང་བྲལ་ལོ་ཞེས་བརྒལ་ལོ། །འདིར་མོའུ་གལ་ལ་རྫུན་སྨྲའི་ཉེས་པ་ཡོད་པ་མིན་ཏེ། སྔར་བུར་ཡོད་པ་ལས་ཀྱི་དབང་གིས་མཚན་གྱུར་པ་དང༌། ཆར་གྱི་རྒྱུ་ཡོད་པར་མཐོང་ཡང་ཕྱིས་ཆར་བབ་པ་རྒྱ་མཚོར་བྱོ་བ་དང༌། ཡན་ལག་བརྒྱད་ལྡན་གྱི་ཆུར་ཡོད་ཀྱང་ཉི་ཚེ་བའི་དམྱལ་བ་ལྔ་བརྒྱའི་སྟེང་ནས་འོངས་པས་དྲོས་པ་དང༌། རྗེས་ཐོབ་ཏུ་སྒྲ་ཐོས་པ་སོགས་ལ་དགོངས་པས་དོན་ལ་ཉེས་པ་མེད་དོ། །འོན་ཀྱང་སྔོན་དང་ཕྱི་མཐའ་མ་བརྟགས་པར་ལུང་བསྟན་པས་ན་ལུང་སྟོན་པའི་གནས་སྐབས་ཀུན་ཏུ་དགོངས་སུ་གསོལ་བ་བྱ་དགོས་ཞེས་བརྗོད་པར་བྱ་སྟེ། དགོངས་པ་སྔོན་དུ་བཏང་བ་ལས་གཞན་དུ་མ་བཏང་ན་འགལ་ཚབས་ཅན་དུ་འགྱུར་རོ། །བརྫུན་གྱི་གླེང་གཞི་ནི། རི་བྲག་གི་སེར་སྐྱ་ཞི་བའི་བུ་སེར་སྐྱ་ཞེས་པས་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ཞིང་དགེ་སློང་བྱས་པ་ཞིག་གིས་རང་གི་མའི་ཚིག་གིས་བསྐུལ་བ་ལ་བརྟེན་ནས་རང་གི་སློབ་མ་སློབ་པ་དང་མི་སློབ་པ་དག་ལ་ཁྱོད་གླང་པོའི་མགོ་བོ་ཅན་ནོ་ཞེས་སོགས་རྫུན་གྱི་ངག་ཚིག་རྩུབ་པོ་སྨྲས་པས་ཆུ་སྲིན་ཉའི་རིགས་ཅན་དང༌། གླང་པོ་དང་རྟ་དང་བོང་བུ་དང་བ་ལང་དང་སྤྲེའུ་དང་སྟག་དང་སེང་གེ་དང་དོམ་དང་དྲེད་དང་གུང་དང་བྱི་བ་དང་རྔ་མོང་དང་ར་ལུག་དང་ཁྱི་དང་ཕག་དང་མ་ཧེ་དང་རི་དྭགས་ཀྱི་གདོང་དང་གདོང་བཅོ་བརྒྱད་པར་སྐྱེས་པ་ལས་བཅས་སོ། །རྩ་བའི་ལྟུང་བ་རྒྱས་པར་བཤད་པ་བསྟན་ཟིན་ཏོ། །གསུམ་པ་སྒྲ་དོན་གྱིས་དོན་བསྡུ་བ་ནི། ཅིའི་ཕྱིར་ཕམ་པ་ཞེས་བྱ་ཞེ་ན། དགེ་སློང་གིས་ཉོན་མོངས་པའི་དགྲ་ཕམ་པར་བྱེད་པར་ཁས་བླངས་ནས་ཉོན་མོངས་པའི་དགྲ་ཡིས་ཚུར་ཕམ་པར་བྱས་པ་དེའི་ཕྱིར་ཕས་ཕམ་པར་གྱུར་པ་སྟེ། འདི་དག་གང་རུང་ཞིག་བྱུང་ན་ཚུལ་ཁྲིམས་དང་བྲལ་བ་ཡིན་ནོ་ཞེས་རྣམ་འབྱེད་ལས་བརྗོད་པ་ངེས་པར་བྱའོ། །འདིར་བྱེ་བྲག་སྨྲ་བ་ཁ་ཅིག་ནི་ཕམ་པ་གཅིག་བྱུང་བས་ཚུལ་ཁྲིམས་མེད་པར་མི་འགྱུར་བར་བཞེད་དེ། གཞི་འགྲེལ་ལས། ཇི་ལྟར་ཕྱོགས་གཅིག་བླངས་གྱུར་པས། །མཐའ་དག་བླངས་པར་མི་འགྱུར་ལྟར། །དེ་བཞིན་ཕྱོགས་གཅིག་འཁྲུགས་པ་ལས། །མཐའ་དག་འཁྲུགས་པར་ཇི་ལྟར་འགྱུར། །ཞེས་སོ། །མཛོད་དུ་ཡང༌། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་ཅན་གཉིས་སུ་འདོད། །ཅེས་སོ། །འདིའི་དོན་ནི་འགའ་ཞིག་གིས་རྩ་བའི་ལྟུང་བ་གང་བྱུང་བ་དེ་ཉིད་ལ་འཆབ་སེམས་མ་སྐྱེས་པའི་དབང་དུ་བྱས་ལ། འཆབ་སེམས་སྐྱེས་ན་རྩ་བ་གཞན་རྣམས་ཀྱང་ནུས་མེད་དུ་བྱས་སོ་ཞེས་བཞེད་དོ། །དེ་ལ་ཡང་རྩ་བའི་ལྟུང་བ་གང་བྱུང་བ་དེ་ཉིད་ཀྱི་རིགས་ལ་ཕྱིས་སྦྱོར་ན་ཉེས་བྱས་དང༌། ཟླ་བོ་གཞན་གྱི་རིགས་ལ་སྦྱོར་ན་གང་སྦྱོར་བ་དེ་ལ་ཕམ་པར་འགྱུར་ཞེས་བཞེད་དོ། །འདི་ལྟར་ན་གང་ཟག་གཅིག་ལ་ཕམ་པ་དུ་མ་རིམ་ཅན་དུ་འབྱུང་བ་སྲིད་པར་ཁས་བླང་དགོས་སོ། །གཞུང་འདི་ལྟར་ན་རྩ་བའི་ལྟུང་པ་གང་ཡང་རུང་བ་ཞིག་བྱུང་ན་ཡང་ཟླ་བོ་གཞན་རྣམས་ཀྱང་ཉམས་པར་བཞེད་དེ། གཞན་ལ་ཕྱིར་བཅོས་གསུངས་ལ་ཕམ་པ་ལ་ཕྱིར་བཅོས་མ་གསུངས་པའི་ཕྱིར། སློབ་དཔོན་ཡོན་ཏན་འོད་ནི་འཆབ་སེམས་མ་སྐྱེས་པ་ལ་ཇི་སྲིད་མ་ཤིའི་བར་ལ་ཆད་པ་ལས་ཀྱི་བསླབ་པ་བྱིན་ནས་གལ་ཏེ་དགྲ་བཅོམ་ཐོབ་ན་དང་པོའི་བསླབ་གྲལ་ཐོབ་པར་བཤད་དོ། །འདིས་ཆད་པའི་ལས་ལ་སློབ་པ་ཉིད་ཚུལ་ཁྲིམས་དག་བྱེད་ཀྱི་རྒྱུ་ཡིན་ལ། སླར་སྡོམ་པ་ལེན་ཡང་མི་དགོས་པར་འདོད་དོ། །འགའ་ཞིག་གིས་གཅིག་ཉམས་ན་ཟླ་བོ་གཞན་རྣམས་ཀྱང་ཉམས་པར་བཤད་པ་ནི་དྲང་དོན་ཡིན་ཏེ། དགོས་པ་ལྷག་མ་གཞན་ཐམས་ཅད་ལ་བསྲུང་སེམས་ཆེར་བསྐྱེད་པའི་ཐབས་སོ། །ངེས་པའི་དོན་ནི་རྩ་བའི་ལྟུང་བ་གང་རུང་བྱུང་ཡང་ཕྱིས་ཀྱང་སྔ་མ་ལྟར་སྲུང་བར་བྱེད་ན་ཚུལ་ཁྲིམས་དང་ལྡན་པ་དང་བསོད་ནམས་མཉམ་པར་ས་སྡེ་ལས་བཤད་པ་དང༌། མདོ་སྡེ་མྱ་ངན་ལས་འདས་པ་ལས། སངས་རྒྱས་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པར་ཤེས་ན་ནི་ཤིང་ཏ་ལ་མགོ་བཅད་པ་བཞིན་དུ་ཕམ་པ་མེད་དོ་ཞེས་པ་དང༌། མདོ་ཆོས་ཀྱི་རྒྱལ་པོ་ལས་ཀྱང༌། ཕམ་པ་བཅུ་དང་ལྟུང་བ་བཞི་བཅུ་རྩ་བརྒྱད་བྱུང་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དྲུང་དུ་ཞག་བདུན་མཐོལ་ཚངས་བྱས་ནས་ལྟས་བཟང་པོ་མཐོང་ན་ཚུལ་ཁྲིམས་འཐོབ་བོ་ཞེས་གསུངས་སོ། །སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། དཔེར་ན་སྤོས་བསྲེགས་ཏེ་སྤོས་ཉིད་འཚིག་སྟེ་མེད་པར་སོང་ཡང་དྲི་བསུང་བྲོ་བར་བྱེད་དོ། །དེ་བཞིན་དུ་དེ་ཡང་མཐོ་རིས་དང་མྱང་འདས་ཀྱི་དྲི་བསུང་བྲོ་བར་བྱེད་དོ། །དེ་ཚུལ་ཁྲིས་ཉམས་ཀྱང་དེའི་ཆ་ལུགས་འཕགས་པ་དང་མཐུན་པས་དེ་མཐོང་བ་ཙམ་གྱིས་སེམས་ཅན་ཚད་མེད་པའི་དགེ་བའི་རྩ་བ་སྣ་ཚོགས་རྣམ་པར་འཕེལ་བར་འགྱུར་རོ་ཞེས་པ་དང༌། མདོ་དྲན་པ་ཉེར་གཞག་ལས། གར་མཁན་དག་ཀྱང་གོས་ངུར་སྨྲིག་བགོས་པ་ཙམ་གྱིས་ལྷའི་བྱ་ཤིན་ཏུ་མཁས་པར་སྐྱེས་ཞེས་གསུངས་སོ་ཞེས་འཆད་དོ། །ལྷག་མ་མེད་པའི་སྡེ་བསྟན་ཟིན་ཏོ། །གཉིས་པ་ལྷག་མ་དང་བཅས་པའི་ཕྱིར་བཅོས་ལ་གཉིས་ཏེ། ལྟུང་བ་ཕྱིར་བཅོས་དང༌། རྩོད་པ་ཕྱིར་བཅོས་སོ། །དང་པོ་ལ་གསུམ་སྟེ། དགེ་འདུན་ལྷག་མ་ཕྱིར་བཅོས་དང༌། མ་ངེས་པ་ཕྱིར་བཅོས་དང༌། གང་ཟག་ལྷག་མ་ཕྱིར་བཅོས་སོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། སྟོན་པས་ཕས་ཕམ་པའི་ཆོས་དག་ཏུ་གང་གསུངས་པ་མ་ལུས་པ་བརྗོད་ཟིན་ནས་ནི། དགེ་འདུན་གྱི་ལྷག་མ་རྣམས་ནི་ལྕི་བའི་རིམ་པ་ནས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ། སྡོམ་ནི། ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་དང༌། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །དང་པོ་ཁུ་བ་འབྱིན་པ་ལ་གཉིས་ཏེ། ལྟུང་བ་རྣམ་གཞག་དང༌། ཕྱིར་བཅོས་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལྟུང་བའི་དོན་དངོས་བསྟན་པ་དང༌། དགེ་ཚུལ་ལ་སྦྱོར་བའོ། །དང་པོ་ལ་གཉིས་ཏེ། ལྟུང་བ་དངོས་གཞི་དང༌། ན་སྨད་སེལ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྨའི་སྒོ་ཁ་དང་བཤང་ལམ་དང་ཟག་བྱེད་གསུམ་མ་གཏོགས་པར་ལུས་ལ་ཤེས་པ་དང་ལུས་རང་བཞིན་དུ་གནས་པའི་ཕོའི་དབང་པོའི་ཡན་ལག་དག་གིས་བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་ནི་དགེ་འདུན་གྱི་ལྷག་མའི་ལྟུང་བས་རེག་གོ །འདི་ལ་གཞི་ནི་སེམས་ཅན་དུ་བགྲང་བའོ། །བསམ་པ་ནི་དབྱུང་བར་འདོད་པའོ། །སྦྱོར་བ་ནི་ཡན་ལག་གི་རྣམ་པས་རེག་ཅིང་རྩོལ་བའོ། །མཐར་ཐུག་ཁུ་བ་གནས་ནས་འཕོས་པའོ། །དགག་བྱ་ནི་ཆགས་སེམས་འཕེལ་བ་དང༌། ཕྱི་མ་ངན་སོང་དུ་སྐྱེ་བ་སོགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དབྱེ་བ་དང༌། མཚན་ཉིད་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ་ཁུ་བ་རིགས་རྣམ་པ་ལྔར་བསྟན་པ་ནི། ཁུ་བ་སླ་བ་དང༌། སྐ་བ་ཉིད་དང༌། དམར་དང༌། སེར་པོ་དང༌། སྔོན་པོ་སྟེ་འདིར་མས་རིམ་གྱིས་ངོས་གཟུང་སྟེ། ཕྱི་མ་སྔོན་པོ་ནི་འཁོར་ལོས་སྒྱུར་རྒྱལ་གྱི་ཁུ་བ་སྟེ། དེར་མ་ཟད་དེའི་བུ་ཐུ་བོ་ཡང་ནི་སྔོན་པོའོ། །ཐུ་བོ་དེའི་འོག་ཏུ་བྱུང་བའི་འཁོར་ལོས་སྒྱུར་རྒྱལ་གྱི་བུ་ཡི་ནི་སེར་པོ་ཡིན་ནོ། །འཁོར་ལོས་སྒྱུར་རྒྱལ་དེའི་བློན་པོ་ཡི་ནི་དམར་པོའོ། །སྐ་བ་ནི་དབང་པོ་སྨིན་པ་ཉིད་ཀྱིའོ། །བུད་མེད་ཀྱིས་དུབ་པ་དང་དབང་པོ་མ་སྨིན་པ་དག་གི་ནི་སླ་བར་ཤེས་སོ། །དབང་པོ་སྨིན་མ་སྨིན་ནི་ན་ཚོད་སྨིན་མ་སྨིན་ནོ། །གཉིས་པ་ནི། ཐམས་ཅད་དུ་ཡང་ཇི་སྐད་བརྗོད་པའི་ཁུ་བ་གང་ཡང་རུང་བ་ཕྱུང་ན་དགེ་འདུན་ལ་བརྟེན་ནས་ལྟུང་བ་ལས་ལྡང་དགོས་པ་ཉིད་ཀྱིས་དགེ་འདུན་གྱིས་དག་པར་བྱ་བའི་ལྷག་མའི་ལྟུང་བ་ཉིད་དོ། །གཉིས་པ་ན་སྨད་སེལ་བ་བསྟན་པ་ལ་དོན་གསུམ་སྟེ། སྦོམ་པོར་འགྱུར་བ་དང༌། ཉེས་བྱས་སུ་འགྱུར་བ་དང༌། ཉེས་མེད་དུ་འགྱུར་བའོ། །དང་པོ་ནི། དགེ་སློང་གིས་ཤེས་བཞིན་དུ་རྩིག་ཁུང་དང་བུམ་པའི་སྦུབས་དང༌། སོགས་པ་བུ་ག་གཞན་དུ་ཁུ་བ་འབྱིན་པ་ནི་ལྟུང་བ་སྦོམ་པོ་ཡིས་ནི་བཅོམ་པ་སྟེ། དཔེར་ན་ཕ་བོང་སྦོམ་པོས་བསྣད་པ་བཞིན་ནོ། །གཞུང་དམ་པ་ལས། ཅིའི་ཕྱིར་ཉེས་པ་སྦོམ་པོ་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ན་ཉེས་པ་སྦོམ་པོ་ཞེས་བྱ་སྟེ། ཉེས་པ་སྦོམ་པོ་ཡིན་པས་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་དང༌། རང་བཞིན་གྱིས་ཉེས་པ་སྦོམ་པོ་ཡིན་པས་ན་ཉེས་པ་སྦོམ་པོའོ་ཞེས་སོ། །ཁུ་བ་འབྱིན་པར་བརྩམས་ཏེ་མཐའ་མ་ཕྱིན་ནམ། ཆགས་པའི་སེམས་ཀྱིས་རང་གི་དབང་པོ་འཇལ་བར་བྱེད་དམ། གར་བསྒྱུར་བ་དང་མཁའ་ལ་སྐེད་པ་བསྐྱོད་པས་སམ། མཉེ་བཤུད་ཀྱིས་ཕྱུང་ན་ཡང་ཐམས་ཅད་ལ་སྦོམ་པོའོ། །དབང་པོ་རྫི་ཕྱོགས་ལས་བཟློག་པ་ལ་གཏོད་པ་དང༌། ཆུ་རྒྱུན་གྱི་བཟློག་ཕྱོགས་སུ་གཏོང་བ་ལ་ཡང་ཕྱུང་ན་དེ་བཞིན་དུ་སྦོམ་པོར་འདོད་དོ། །གཉིས་པ་ཉེས་བྱས་སུ་འགྱུར་བ་ནི། དབང་པོ་རྩི་ཕྱོགས་དང་རྒྱུན་ཕྱོགས་དང་མཐུན་པར་གཏོད་པས་བྱུང་བ་ལ་ནི་ཉེས་བྱས་སུ་འགྱུར་བར་གསུངས་པ་ཡིན་ནོ། །བུད་མེད་ཆུ་བསྟི་བ་སྟེ་གཏོང་བ་དང་བུད་མེད་གཅེར་བུས་ཆུ་འདྲེན་པ་མཐོང་བ་སོགས་ལ་ཆགས་པའི་སེམས་སྐྱེས་པ་དང་ལྡན་པ་ལ་ཡང་ཉེས་བྱས་སོ། །འདི་ནི་བུད་མེད་གཅེར་བུ་ཞིག་དགེ་སློང་དང་རེ་སྡེས་ཆོད་པ་ན་ཟོ་ཆུ་འདྲེན་པ་མཐོང་བ་ལ་དགེ་སློང་དེ་ཆགས་པ་ལ་བརྟེན་ནས་བཅས་སོ། །ཆགས་པས་ནི་མངོན་མཐོ་དང་ངེས་ལེགས་ཀྱི་དོན་ལས་ཉམས་པར་བྱེད་པའི་རྩ་བ་སྟེ། དེ་བས་ན་དགེ་སློང་གིས་རྟག་ཏུ་ཆགས་པ་སྤང་བར་བྱའོ། །གསུམ་པ་ཉེས་མེད་དུ་འགྱུར་བ་ནི། དབྱུང་འདོད་མེད་པར་ཛེ་ཏིའི་ཤིང་སོགས་ལ་རེག་པས་སམ། བརླ་དང་གོས་ལ་སོགས་པ་དག་ལ་བཤུད་པ་ལས་གནས་སྐབས་དེར་ནི་ཁུ་བ་བྱུང་ཡང་ཉེས་པ་མེད་དོ་ཞེས་ཡར་དྲང་ངོ༌། །ཡང་དགེ་སློང་ཞིག་ལ་རྨི་ལམ་དུ་ཁུ་བ་བྱུང་ནས་འགྱོད་པ་ལ་བརྟེན་ནས་རྨི་ལམ་ན་ནི་བྱུང་ཡང་ཉེས་པ་མེད་པའི་ཆའོ། །གཉིས་པ་དགེ་ཚུལ་ལ་སྦྱར་བ་ནི། དགེ་ཚུལ་གྱིས་ཁུ་བ་ཕྱུང་བ་སོགས་བྱས་པ་ལ་ཅིར་འགྱུར་ཞེ་ན། དགེ་སློང་གི་ཚོགས་ལ་བསླབ་པར་བྱ་བའི་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱིས་ལྷག་པར་རྒྱས་པར་ཡང་དག་པར་བཤད་པ་རྣམས་ལས་གནང་བ་བཅུ་གསུམ་དང༌། དོན་གྱིས་ཐོབ་པ་དང་བཅས་པ་མ་གཏོགས་པ་རྩ་བའི་ལྟུང་བ་སོགས་གང་སྤྱོད་ཀྱང་དགེ་ཚུལ་ལ་ཐམས་ཅད་དུ་ཉེས་བྱས་སུ་ངེས་པར་འགྱུར་བར་ཤེས་པར་བྱའོ། །ཅིའི་ཕྱིར་ཐམས་ཅད་དུ་དགེ་ཚུལ་ལ་ཉེས་བྱས་སུ་འགྱུར་ཞེ་ན། འཕགས་པ་ཉེར་སྦས་ཀྱི་ཞལ་ནས། བསྙེན་པར་རྫོགས་པ་དང་མ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཞེས་དང༌། འཕགས་པ་ཟླ་བའི་ནོར་བུའི་ཞལ་ནས། ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པའི་ཕྱིར་ཞེས་གསུངས་པས་ཉེས་བྱས་སུ་བཞག་གོ །གནང་བ་གང་ཞེ་ན། ཆོས་ཀྱི་བཤེས་གཉེན་གྱིས། དགེ་སློབ་མ་ལ་གནང་བ་ནི་བརྒྱད་ཅེས་གསུངས་ཏེ། སྡོམ་ཚིག་ནི། འཆང་དང་འབྲལ་དང་མེ་རེག་དང༌། །སྤངས་པ་ཟ་དང་ས་བོན་འཇིག །མི་གཙང་འདོར་དང་ཤིང་ལ་འཛེག །བླངས་པ་འདོར་གཏོགས་བླ་མའི་མིན། །ཞེས་སོ། །འཆང་བ་ལ་གཉིས་ཏེ། གོས་འཆང་བ་དང༌། ལྷུང་བཟེད་འཆང་བའོ། །དགེ་ཚུལ་ཕ་མ་ལ་གནང་བ་ཡང་སྔར་སྨོས་པ་རྣམས་དང༌། དགེ་ཚུལ་གཉིས་ཀྱིས་རིན་ཆེན་རེག །གསོག་འཇོག་བྱས་པ་བཟའ་བ་དང༌། །བྱིན་ལེན་མ་བྱས་ས་རྐོ་དང༌། །སྐྱེ་བ་འཇིག་དང་བཅས་པ་མིན། །ཞེས་གསུངས་པ་ལྔ་བསྣན་པས་བཅུ་གསུམ་དང༌། དོན་གྱིས་ཐོབ་པའི་གནང་བ་ནི། འཇོག་དང་འབྲལ་དང་གསོག་འཇོག་དང༌། །མ་སྨྲས་འགྲོ་དང་ཉལ་བ་དང༌། དགེ་ཚུལ་མ་ལ། གོས་སོགས་ཉི་མ་དང་པོ་ལ། །བྱིན་གྱིས་མི་བརླབ་ཟླ་ཕྱེད་ནང༌། །ཞེས་པའོ། །ལྟུང་བ་རྣམ་གཞག་བསྟན་ཟིན་ཏོ། །གཉིས་པ་ཕྱིར་བཅོས་ལ་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། མཐོལ་བ་དང༌། བཤགས་པའོ། །དང་པོ་ལ་སྡོམ་ནི། ཡུལ་དང་རྟེན་དང་དངོས་པོ་དང༌། །ཆོ་ག་དང་ནི་དགོས་པ་འོ། །དང་པོ་ཡུལ་ནི། མཚམས་ནང་གི་དགེ་སློང་ལྟ་བ་དང་མཚན་མཐུན་པ་དག་གོ །གཉིས་པ་རྟེན་ནི། རབ་ཏུ་བྱུང་བ་སྡེ་ལྔའི་ལྟུང་བ་གསོ་རུང་ཡན་ཆད་དང་ལྡན་པའོ། །གསུམ་པ་བཤགས་པར་བྱ་བའི་དངོས་པོ་ལ། གཞུང་འདིར་ནི་རྩ་བའི་ལྟུང་བ་ལ་ཕྱིར་བཅོས་མ་བཤད་པས་ལྷག་མ་དང་བཤགས་བྱའི་ཉེས་བྱས་ཀྱི་བར་གྱི་ལྟུང་བ་རྣམས་སོ། །བཞི་པ་ཆོ་ག་ནི། སྤྱོད་ལམ་བསྟུན་པ་དང་ཐུགས་གཏད་པར་ཞུ་བ་སྔོན་དུ་བཏང་ནས་ལྟུང་བའི་མིང་རིགས་སྨོས་པའི་སྒོ་ནས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་བྱུང་བས། དེ་དག་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་ན་མི་འགྱུར་རོ། །ཞེས་ལན་གསུམ་བཟླས་པའོ། །ལྔ་པ་དགོས་པ་ནི། འཆབ་པའི་ཉེས་པ་དག་པའོ། །གཉིས་པ་བཤགས་པ་ལ་གཉིས་ཏེ། ལྟུང་བ་སྤྱིའི་བཤགས་པ་དང༌། ཞག་གི་ཆད་ལས་དང་འབྲེལ་བའི་བཤགས་པའོ། །དང་པོ་ལ་ཡང་དོན་དྲུག་ལས་གང་ལ་བཤགས་པར་བྱ་བའི་ཡུལ་དང༌། བཤགས་པ་བྱེད་པ་པོའི་རྟེན་གྱི་གང་ཟག་ནི་སྔ་མ་ལྟར་ཡིན་ལ། བཤགས་བྱའི་དངོས་པོ་ནི་གཞུང་འདི་ལྟར་ན་དགེ་འདུན་ལྷག་མ་ནས་བཤགས་བྱའི་ཉེས་བྱས་ཀྱི་བར་རོ། །མདོ་རྩ་བ་ལྟར་ན་ཕམ་པ་འཆབ་མེད་ཀྱི་ལྟུང་བ་དག་ཀྱང་བཤགས་པར་བྱ་བའི་ཁོངས་སུ་གཏོགས་སོ། །ཇི་ལྟར་བཤགས་པའི་ཚུལ་ནི། འཆབ་པའི་ཉེས་པ་དང་འབྲེལ་ན་ཐོག་མར་འཆབ་པའི་ཉེས་པ་ཕྱིར་བཅོས་ནས་ཕྱིས་ལྟུང་བ་ཕྱིར་བཅོས་པར་བྱ་སྟེ། རྒྱ་ཆེར་འགྲེལ་ལས། སྔར་བཅབས་པའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་ཕྱིས་ལྟུང་བ་ཕྱིར་བཅོས་པར་བྱ་བར་ཤེས་པར་བྱའོ་ཞེས་པ་ལྟར་རོ། །བཅབས་པ་ལ་ཡང་དགེ་འདུན་ལྷག་མའི་ལྟུང་བ་བཅབས་པ་ནི་སྤོ་བས་དག་པར་བྱེད་དགོས་ལ། ལྟུང་བ་གཞན་རྣམས་ཀྱི་བཅབས་པ་ནི་མཐོལ་བ་དང་བཤགས་པས་འདག་གོ །ཇི་སྐད་དུ་སོ་ཐར་གྱི་འགྲེལ་པ་བམ་པོ་ལྔ་པར། འཆབ་པའི་ཉེས་པ་ཕྱིར་བཅོས་པ་ནི་ལྟུང་བ་མིང་དང་རིགས་གང་བྱུང་བ་དང༌། ཇི་སྲིད་བཅབས་པ་དེ་དག་ཐོག་མར་མཐོལ་བར་བྱའོ། །དགེ་འདུན་ལྷག་མ་ལ་ནི་བཅབས་པའི་ཉེས་པ་ཡོད་ན་སྤོ་བ་ཞེས་བྱ་བའི་ལས་ཀྱིས་དེ་མེད་པར་བྱ་དགོས་སོ་ཞེས་སོ། །ལྟུང་བའི་ངོ་བོ་ཕྱིར་བཅོས་པ་ནི། མདོ་རྩ་བ་ལྟར་ན་རྩ་ལྟུང་འཆབ་མེད་ནི་ཆད་པ་ལས་ཀྱི་བསླབ་པ་བྱིན་ནས་ཇི་སྲིད་འཚོའི་བར་དུ་སྤྱད་པས་ཕྱིར་བཅོས་པར་བྱེད་ལ། ཅིའི་ཕྱིར་ཆད་པ་ལས་ཀྱི་བསླབ་པ་ཞེས་བྱ་ཞེ་ན། སྔར་གྱི་སྤྱོད་པ་ཁྱད་པར་བ་ལས་སྨད་དེ་དམན་པའི་སྤྱོད་པ་དང་དུ་བླངས་ནས་དགེ་འདུན་མགུ་བ་ལ་བསླབ་པའི་ཕྱིར་དེ་སྐད་ཅེས་བྱའོ། །དགེ་འདུན་ལྷག་མའི་ཕྱིར་བཅོས་ནི་འོག་ཏུ་འཆད་དོ། །སྤང་ལྟུང་ལ་སོགས་པ་གཞན་རྣམས་ཀྱི་ཕྱིར་བཅོས་ལ། སྤང་ལྟུང་ལ་སྤང་བྲལ་སྔོན་དུ་བཏང་བའི་བཤགས་པ་བྱས་པས་བཅོས་སོ། །གཞན་རྣམས་ནི་ལྟུང་བའི་ངོ་བོ་བཤགས་པ་ཙམ་གྱིས་འགྲུབ་བོ། །ཆོ་ག་ནི་མཐོལ་བའི་གནས་སུ་བཤགས་པ་སྦྱར་ནས་གཞན་མཐོལ་བའི་སྐབས་སུ་བཤད་པ་བཞིན་བྱའོ། །ལྟུང་བ་དག་ཚུལ་གྱི་ཁྱད་པར་དཔྱད་པ་ནི། འགའ་ཞིག་བཤགས་པས་ལྟུང་བ་འཕེལ་བ་རྒྱུན་གཅོད་པ་ཡིན་གྱི། ལྟུང་བའི་ངོ་བོ་མི་འདག་པས་ལྟུང་བ་བྱུང་བ་ན་ངན་སོང་དུ་ལྟུང་བར་འགྱུར་རོ་ཞེས་སོ། །ལྟུང་བ་འཕེལ་ཡང་རྣམ་སྨིན་ངན་སོང་དུ་ལྟུང་བ་ལས་གཞན་མེད་ལ། བཤགས་པ་བྱས་ཀྱང་ལྟུང་བའི་ངོ་བོ་མི་འདགས་པས་ངན་སོང་དུ་ལྟུང་བར་འགྱུར་བས་ན་བཤགས་པའི་དགོས་པ་ཅི་ཞིག་ཡིན་སྨྲ་དགོས་སོ། །བཤགས་པས་མི་འདག་པ་ཡང་མ་ཡིན་ཏེ། བཤགས་པ་ནི་ལྟུང་བའི་གཉེན་པོ་སྟོབས་ལྡན་ཡིན་པའི་ཕྱིར་དང༌། མདོ་སྡེ་ལས་ཀྱང་བཤགས་པས་འདག་པར་གསུངས་པའི་ཕྱིར་བཤགས་པས་ལྟུང་བའི་ངོ་བོ་ཐོབ་པ་ཐག་པ་ཆད་པའི་ཚུལ་གྱིས་བྲལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ཞག་གི་ཆད་ལས་དང་འབྲེལ་བའི་བཤགས་པ་ནི། དགེ་འདུན་ལྷག་མ་དང་སྤང་ལྟུང་གི་བཤགས་པ་སྟེ་གཉིས་ཀ་ཡང་ཞག་གི་ཆད་ལས་དང་འབྲེལ་བའི་སྒོ་ནས་བཤགས་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ཕྱིར་བཅོས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྦོམ་པོའི་ཕྱིར་བཅོས་དང༌། དགེ་འདུན་ལྷག་མའི་ཕྱིར་བཅོས་སོ། །དང་པོ་ནི། མཐའ་སྟེ་ཕམ་པ་ལས་བྱུང་བའི་སྦོམ་པོ་ཉོན་མོངས་པ་ངན་པས་ཀུན་ནས་བསླང་བ་ལ་ངེས་པར་བཤགས་པར་བྱ་སྟེ། འདི་ལ་སྦོམ་པོ་ལྕི་ཡང་གཉིས་ལས། སྦོམ་པོ་ལྕི་བ་ནི་མཚམས་ནང་ན་གནས་པའི་དགེ་སློང་ཚོགས་པ་ཇི་སྙེད་ཡོད་པ་ལ་བཤགས་པར་བྱའོ། །ཡང་བའི་མིང་ཅན་གྱི་སྦོམ་པོ་ནི་དགེ་སློང་བཞི་ལ་བཤགས་པར་བརྗོད་དོ། །དགེ་འདུན་ལྷག་མ་ལས་བྱུང་བའི་སྦོམ་པོ་ལྕི་བ་ནི་མཚམས་ནང་གི་དགེ་སློང་ཚོགས་པ་ལྔ་དང༌། ཡང་བ་ནི་དགེ་སློང་བཞིས་བཤགས་ཡུལ་བྱས་པས་འདག་གོ །དགེ་འདུན་ལྷག་མ་དངོས་ནི་མཚམས་ནང་གི་ཚོགས་པ་རྣམས་ལ་སོ་སོར་མ་བཅད་པར་ཐམས་ཅད་ལ་སྤོ་བ་དང་མགུ་བ་སྤྱོད་པས་འདག་པ་ཡིན་ཏེ་ཞེས་བྱའོ། །ལྷག་མ་ལྟུང་བྱེད་མན་ཆད་ནི་དགེ་འདུན་ཚོགས་པར་མ་ཟད་གང་ཟག་གཅིག་ལའང་བཤགས་པས་འདག་པར་རུང་ངོ༌། །མདོ་རྩ་ལས། བཤགས་པར་བྱ་བའི་གནས་དེ་ཚོགས་པ་ལའོ་ཞེས་སོ། །གང་ལ་བཤགས་པར་བྱ་བའི་ཡུལ་དེ་ཇི་ལྟ་བུ་དགོས་ཤེ་ན། དགེ་སློང་སྔར་ལྟུང་བ་བྱུང་བ་ཡིས་ལྟུང་བ་བཤགས་པར་བྱ་བའི་ཡུལ་ནི་ལྟུང་བ་མཐུན་པར་སྣང་བ་དག་ལ་མི་འདོད་དེ། དུས་དང་གནས་སྐབས་གང་དུ་ཡང་དྲི་མས་དྲི་མ་རྣམ་པར་དག་པ་ནི་རུང་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བཤགས་ཡུལ་ལྟུང་བ་དང་བཅས་པ་ལ་བཤགས་པར་བྱེད་ན་ཡང་བཤགས་པར་བྱ་བའི་ཡུལ་དང་བཤགས་པ་པོའི་ལྟུང་བ་མིང་དང་རིགས་མཐུན་པར་སྣང་བ་ལ་མ་ཡིན་ཏེ། མེ་རེག་གི་ལྟུང་བ་དང་བཅས་པ་ལ་མེ་རེག་གི་ལྟུང་བ་བཤགས་ཀྱང་མི་འདག་པ་བཞིན་ནོ། །མི་མཐུན་པའི་ཚད་ནི་སྡེ་ཚན་ལས་མི་མཐུན་པ་དང༌། ལྟུང་བའི་རིགས་ཀྱི་ངོ་བོ་ལས་མི་མཐུན་པའོ། །གལ་ཏེ་བཤགས་ཡུལ་རྙེད་ན་ཇི་ལྟར་བྱ་ཞེ་ན། རང་ཁོ་ནས་བཤགས་པས་འདག་པའང་ཡོད་དེ། མདོ་རྩ་བ་ལས། མཐར་དེ་ལ་བཙལ་བ་རྐྱེན་མ་འབྱོར་བ་ཉིད་ན་ལས་བྱས་པ་དང༌། འདྲའོ་ཞེས་བཤད་པས་སོ། །གཉིས་པ་ལྷག་མའི་ཕྱིར་བཅོས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། སྤོ་བ་སྤྱོད་པའི་ཚུལ་ལོ། །མགུ་བ་སྤྱོད་པའི་ཚུལ་ལོ། །དང་པོ་ལ་ཡང་གཉིས་ཏེ། ཐོག་མར་ནོད་པའི་ཚུལ་དང༌། ཐ་མར་སྤྱད་པའི་ཚུལ་ལོ། །དང་པོ་ལ་གང་ལ་ནོད་པའི་ཡུལ་ནི་མཚམས་ནང་གི་དགེ་འདུན་ལས་ནོད་དོ། །གང་གིས་ནོད་པའི་གང་ཟག་ནི་དགེ་སློང་གང་ལ་ནོད་པའི་ཡུལ་དང་ལྟ་བ་དང་མཚན་མཐུན་པའོ། །དུས་ཇི་སྲིད་ཀྱི་བར་དུ་ནོད་ཅེ་ན། ཇི་སྲིད་ལྷག་མ་བཅབས་པའི་ཉེས་པ་དག་པར་འགྱུར་བའི་དུས་དེ་སྲིད་དུ་ནོད་དོ། །གཉིས་པ་ཐ་མར་སྤོ་བ་སྤྱད་པ་དངོས་ལ། ཡུལ་ནི་མཚམས་ནང་གི་དགེ་འདུན་ཇི་སྙེད་པའོ། །གང་གིས་སྤྱོད་པའི་རྟེན་ནི་ཐོག་མར་སྤོ་བ་ནོད་པའི་གང་ཟག་དེ་ཉིད་དོ། །གནས་ནི་གང་དུ་ནོད་པའི་གནས་དེ་ཉིད་དོ། །ཡུན་ནི་ཇི་སྲིད་བཅབས་པ་དེ་སྲིད་དུའོ། །ཇི་ལྟར་སྤྱོད་པའི་ཚུལ་ནི་ཁྱད་པར་ཅན་དང་མཉམ་པའི་སྤྱོད་པ་སྤངས་ནས་དམན་པའི་སྤྱོད་པ་དང་དུ་ལེན་པའི་ཚུལ་གྱིས་སོ། །དགོས་པ་ནི་དགེ་འདུན་ལྷག་མའི་ཉེས་པ་བཅབས་པ་དག་པའི་དོན་ནོ། །གཞི་སྤོ་དང་གཞི་ནས་སློང་བའི་སྤོ་བ་གཉིས་ནི་སྤོ་བ་སྤྱོད་པའི་དུས་སུ་དགེ་འདུན་ལྷག་མའི་རིགས་འདྲ་གཉིས་པས་གོས་པ་བཅབས་ན་དེ་དག་པའི་དོན་དང༌། ཡང་རིགས་འདྲ་གསུམ་པས་གོས་པ་བཅབས་པ་ན་དེ་དག་པའི་དོན་ནོ། །གཉིས་པ་མགུ་བ་ལ་ཡང་གཉིས་ཏེ། ཐོག་མར་ནོད་པ་དང༌། ཐ་མར་ཡོངས་སུ་སྤྱད་པའི་ཚུལ་ལོ། །དང་པོ་ལ་ཡུལ་གང་ལས་ནོད་པ་ནི་སྤོ་བའི་སྐབས་སུ་བཤད་པ་བཞིན་ནོ། །རྟེན་གྱི་གང་ཟག་ནི་འཆབ་ཉེས་དང་མ་འབྲེལ་བའི་ལྷག་མ་དང་ལྡན་པའོ། །ཡུན་ཇི་སྲིད་དུ་ནོད་པ་ནི་ཞག་དྲུག་གམ་ཟླ་བ་ཕྱེད་ཀྱི་བར་དུ་ནོད་དོ། །གཉིས་པ་ཐ་མར་མགུ་བ་སྤྱད་པའི་ཚུལ་དངོས་ལ་གང་ལ་སྤྱད་པའི་ཡུལ་ནི་སྤོ་བ་བཞིན་ནོ། །རྟེན་ནི་ཐོག་མར་ནོད་པའི་རྟེན་དེ་ཉིད་དོ། །གནས་ནི་ཐོག་མར་གང་དུ་ནོད་པའི་གནས་སོ། །སྤྱོད་པའི་ཡུན་ཚད་ནི། དང་པོར་དུས་ཇི་ཙམ་ནོད་པ་དེ་སྲིད་དུའོ། །མགུ་བ་སྤྱོད་པའི་ངོ་བོ་ནི་བཀུར་སྟིའི་སྒོ་ནས་དགེ་འདུན་ཐུགས་མཉེས་པར་བྱེད་པ་སྟེ། སྒྲ་དོན་ཡང་དེ་ཉིད་དོ། །དགོས་པ་ནི་དབྱུང་བ་འཆགས་པའོ། །ལྟུང་བ་ཕྱིར་མ་འཆོས་པ་ལ་ནན་ཏུར་བྱེད་པའི་ཚུལ་ནི་འོག་ནས་སྟོན་ནོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ཕྱིར་བཅོས་དངོས་དང༌། དེའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། སྤོ་བ་སྤྱོད་པའི་ཚུལ་དང༌། མགུ་བ་སྤྱོད་པའི་ཚུལ་དང༌། དབྱུང་བ་བྱེད་པའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། འཆབ་བཅས་ཀྱི་ལྷག་མ་དང་པོ་ལ་སྤོ་བ་དང༌། གཉིས་པ་ལ་གཞི་སྤོ་དང༌། གསུམ་པ་ལ་གཞི་ནས་སློང་བའི་སྤོ་བ་དང༌། བཞི་པ་ཕན་ཆད་ལ་ནན་ཏུར་དུ་བྱ་བའོ། །དང་པོ་ལ་གཉིས་ཏེ། དོན་དངོས་གཏན་ལ་དབབ་པ་དང༌། ལྟུང་བའི་འཆབ་པ་བསྟན་པའོ། །དང་པོ་ནི། དགེ་སློང་འགའ་ཞིག་ལ་ལྷག་མའི་ལྟུང་བ་བྱུང་བས་འགྱོད་ནས་བབས་པ་དང༌། དེས་གཞན་གྱི་རབ་བྱུང་སྦྱིན་པ་བཀག་པ་ལ་བརྟེན་ནས་དགེ་འདུན་ལྷག་མའི་ལྟུང་བ་དག་པའི་དོན་དུ་སྤོ་མགུ་གསུངས་ཏེ། དགེ་སློང་གང་ལ་དགེ་འདུན་ལྷག་མས་གོས་པ་ཇི་སྲིད་ངེས་པར་འཆབ་པར་བྱེད་པ་ཇི་ཙམ་བཅབས་པའི་ཡུན་དེ་སྲིད་དུ་འཆབ་པ་དེ་ནི་དག་པར་བྱ་བའི་ཕྱིར་དུ་སྤོ་བ་དག་ལ་ངེས་པར་བཞག་གོ །འདི་ནི་འཆར་ཀས་དགེ་འདུན་ལྷག་མས་གོས་བཞིན་དུ་བཅབས་པ་ལ་བཅས་སོ། །ཡང་དྲུག་སྡེས་སྤོ་བ་དང་མགུ་བ་སྤྱོད་བཞིན་པ་ལ་དགེ་སློང་རང་བཞིན་དུ་གནས་པའི་ཕྱག་སོགས་བདག་གིར་བྱས་པ་ལ་བརྟེན་ནས་གང་ལ་དགེ་འདུན་ལྷག་མ་བྱུང་བ་ནས་ཇི་སྲིད་དབྱུང་བར་མ་བྱས་པ་དེ་སྲིད་དུ་ལྷག་མ་ཅན་དེ་ནི་དག་པའི་སར་རྗེས་སུ་གཟུང་བར་བྱ་བ་མིན་པས་རང་བཞིན་དུ་གནས་པའི་ཕྱག་བདག་གིར་མི་བྱའོ། །འོ་ན་དེ་ལ་ཅི་བྱ་ཞེ་ན། ལྷག་མའི་ལྟུང་བ་དང་ལྡན་པ་དེ་ལ་ལྷག་མའི་འཆབ་ཉེས་མ་དག་པ་དེ་སྲིད་དུ་དེ་ཡོངས་སུ་དག་པར་བྱ་བའི་ཕྱིར་དུ་སྤོ་བའི་ཆོ་ག་བྱའོ། །གཉིས་པ་ལྟུང་བའི་འཆབ་པ་བསྟན་པ་ནི། སེམས་ཀྱིས་ལྟུང་བ་འཆབ་པ་ཡང་ནི་རྣམ་པ་གཉིས་ཏེ། མཚན་མོའི་མཐའི་སྐད་ཅིག་མ་ལ་ལྟོས་པ་དང༌། མི་ལྟོས་པ་དོན་དེ་ལ་སྦྱོར་བ་ཙམ་ལས་འགྲུབ་པའོ། །དང་པོ་ནི་ཡོན་ཏན་འོད་ཀྱིས་ཉིན་མཚན་གྱི་ཐ་མའི་ཆ་མིན་པ་ལ་འཆབ་པ་མི་འབྱུང་ཞེས་སོ། །མི་ལྟོས་པ་ནི་བསྒོ་གྱུར་དང་ཕམ་པའི་འཆབ་པ་སོགས་སོ། །འཆབ་པའི་ངོ་བོ་ནི་ལྟུང་བ་བྱུང་བ་ཤིན་ཏུ་བསྒྲག་ཏུ་མི་རུང་སྙམ་དུ་སེམས་པའི་སེམས་ཀྱིས་ཉེས་པ་འཁྱུད་པ་ནི་འདིར་འཆབ་པའི་མིང་དུ་ཤེས་པར་བྱ། གཉིས་པ་ལྷག་མ་གཉིས་པ་ལ་གཞི་སྤོ་སྦྱིན་པ་ནི། ལྟུང་བ་འཆོས་པའི་སྐབས་འདིར་ནི་སྤོ་བ་ལ་གནས་བཞིན་དུ་གལ་ཏེ་ཉོན་མོངས་ཀྱི་སྟོབས་ཀྱིས་ལྷག་མའི་འཆབ་ཉེས་དག་བྱེད་ཀྱི་སྤྱོད་པ་ཕམ་པར་བྱས་པས་སླར་ཡང་རྨོངས་པས་དགེ་འདུན་ལྷག་མའི་ལྟུང་བ་རིགས་འདྲ་གཉིས་པ་སྤྱོད་ན་སླར་ཡང་གཞན་དངོས་གཞིའི་སྤོ་བ་དག་ཀྱང་སྦྱིན་པར་བྱའོ། །ཡང་འབྱིན་པའི་ལྷག་མ་སྤྱད་པ་ལ་འབྱིན་པའི་སྤོ་བ་སྤྱོད་འཕྲོ་ལ་སྔར་འཁྲིག་ཚིག་གི་དགེ་འདུན་ལྷག་མ་ལྟ་བུ་བྱས་པ་དྲན་ན། སྔ་མ་དང་སོ་སོར་ནོད་ལ་དངོས་གཞི་ལྷན་ཅིག་ཏུ་སྤྱད་པས་འདག་གོ །ཡང་གཞི་སྤོ་སོགས་ཀྱི་སྐབས་སུ་ཡང་སྔར་གྱི་ལྟུང་བ་དྲན་པ་ལ་ཡང་ཕྱིར་བཅོས་དེ་བཞིན་ནོ། །ལྷག་མ་གསུམ་པས་གོས་པ་ལ་གཞི་ནས་སློང་བའི་སྤོ་བ་སྦྱིན་པ་ནི། གཞི་སྤོ་སྤྱོད་འཕྲོ་ལ་ལྷག་མ་རིགས་འདྲ་གསུམ་པས་གོས་པ་བཅབས་ན་འདུལ་བ་ནས་གསུངས་པའི་ལྷག་མའི་ཕྱིར་བཅོས་ཀྱི་ཆོ་ག་ལེགས་པར་ཤེས་པའི་གང་ཟག་དག་གིས་གང་ཟག་དེ་ལ་སྤོ་བ་ལན་གསུམ་གྱི་བར་དུ་སྦྱིན་པར་བྱ་བ་ཡིན་པས་གསུམ་པ་གཞི་ནས་སློང་བའི་སྤོ་བ་སྦྱིན་ནོ། །སྦྱིན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཉོན་མོངས་པའི་དབང་གིས་ལྟུང་བ་ལ་འཇུག་པར་ཤེས་པས་ལྟུང་བ་ཡང་ཡང་སྤྱོད་པས་སྙིང་རྗེའི་ཞིང་དུ་གྱུར་པ་དེ་འདྲ་ལ་སྤོ་བ་ལན་གསུམ་བར་དུ་བྱིན་པས་ངོ་ཚའི་ཁུར་ཆེན་པོ་བསྐུར་བ་ཡིས་ན་བརྒྱ་ལམ་ཞིག་ན་དགེ་འདུན་ལ་འདུད་དེ་ཉེས་པ་ལས་ལྡོག་པར་འགྱུར་རོ། །བཞི་པ་ཕན་ཆད་ལ་ནན་ཏུར་བྱ་བ་ནི། ཡང་དགེ་སློང་འགའ་ཞིག་ཡང་ཡང་ལྷག་མའི་ལྟུང་བ་སྤྱོད་པ་ལ་བརྟེན་ནས་སྤོ་མགུ་དང་དབྱུང་བའི་བྱ་བ་མང་བས་དགེ་སློང་རྣམས་ཀྱི་བསམ་གཏན་དང་ཀློག་པ་ཆག་པས་བཅས་པ་སྟེ། སྤོ་བ་ལན་གསུམ་བྱིན་པ་དེ་ལྟ་ན་ཡང་གལ་ཏེ་ལྷག་མའི་ལྟུང་བའི་མི་དགེ་བ་ལས་མི་ལྡོག་པ་ཉིད་ཡིན་ན་དེ་ནི་མདོ་ནས་བཤད་པ་བཞིན་དུ་སྨད་པ་ནན་ཏུར་སོགས་ཀྱིས་དོར་བར་བྱ་སྟེ། ཡུན་ཇི་ཙམ་གྱི་བར་དུ་ཞེ་ན། ཇི་སྲིད་ཡིད་སྐྱོ་བར་གྱུར་ནས་བཟོད་པར་གསོལ་གྱི་བར་དུའོ། །ནན་ཏུར་བཅུ་གསུམ་དུ་གསུངས་པ་ལས། སྡོམ་ནི། བསྡིགས་སྨད་བསྐྲད་དང་ཕྱིར་འགྱེད་བཞི། །ས་གཞན་གནས་པ་གནས་དབྱུང་བདུན། །གསོ་སྦྱོང་དགག་དབྱེ་བཞག་པ་གཉིས། །ནན་ཏུར་བྱས་པའི་གང་ཟག་གི་སྤྱོད་པ་ནི་སྤོ་བ་སྤྱོད་པ་བཞིན་དུ་བྱའོ། །སྤོ་བའི་ཕྱིར་བཅོས་བསྟན་ཟིན་ཏོ། །གཉིས་པ་མགུ་བ་སྤྱད་པ་ནི། སྤོ་བ་སྤྱད་པས་ཡིད་ཡང་དག་པར་སྐྱོ་བར་གྱུར་ཅིང་བསམ་པ་མ་བཅོས་པ་དྲང་པོས་ཕྱིར་བཅོས་མགུ་བ་དོན་དུ་གཉེར་བ་ན་དགེ་འདུན་ཚོགས་པ་རྣམས་ཀྱིས་དབྱུང་བར་འདོད་པའི་བསམ་པ་ཡིས་དབྱུང་བ་ལ་འགོད་པའི་ཐབས་སུ་སྔོན་ལ་གང་ཟག་དེ་ལ་མགུ་བ་སྤྱོད་པ་སྦྱིན་ནོ། །མགུ་བའི་དོན་ནི་དམན་པའི་སྤྱོད་པ་བླངས་ནས་བཀུར་སྟིའི་སྤྱོད་པ་ཁྱད་པར་ཅན་གྱིས་དགེ་འདུན་རྣམས་སེམས་མགུ་བར་བྱེད་པའོ། །གལ་ཏེ་མགུ་བ་སྤྱོད་འཕྲོ་ལ་ལྟུང་བའི་རིགས་འདྲ་གཉིས་པས་གོས་ན་གཞི་མགུ་དང༌། ཡང་རིགས་འདྲ་གསུམ་པས་གོས་ན་གཞི་ནས་སློང་བའི་མགུ་བ་སྦྱིན་ནོ། །འདི་དག་གི་སྤྱོད་པ་ཡང་སྤོ་བ་ལ་གནས་པའི་སྤྱོད་པ་བཞིན་ནོ། །མགུ་བ་བསྟན་ཟིན་ཏོ། །གསུམ་པ་དབྱུང་བ་ནི། དགེ་སློང་དེ་མགུ་བའི་ཆུ་ཡིས་ཉེས་པ་རྣམ་པར་བཀྲུས་ནས་དྲི་མ་ལྷག་མ་ཅུང་ཟད་ཡོད་པ་དག་པར་བྱ་བའི་ཕྱིར་དུ་འབྱུང་བར་བྱའོ། །དབྱུང་བ་བྱེད་པ་དེ་ལ་ནི་མཚམས་ནང་གང་དུ་གནས་པའི་དགེ་སློང་ཉི་ཤུ་ཡིས་གསོལ་བ་དང་བཞིའི་ལས་ཀྱིས་དེ་ནི་ངེས་པར་དབྱུང་བར་བྱའོ། །ཉི་ཤུ་ནི་གྲངས་ཀྱི་མ་མཐའ་བཟུང་བ་སྟེ་མཐའ་འཁོབ་ཀྱི་དབང་དུ་བྱས་སོ། །དབྱུང་བ་དེ་ལ་དགེ་འདུན་གཙོ་བོ་ཡིན་ནོ་ཞེས་བྱ་སྟེ། དགེ་འདུན་ཇི་ལྟ་བུ་ཞེ་ན། མགུ་བ་བྱས་ནས་དབྱུང་བའི་དུས་ལ་བབ་པའི་གདུལ་བྱའི་བསམ་པ་མཁྱེན་པའི་དགེ་འདུན་ཡིན་ནོ། །དབྱུང་བ་བྱས་པའི་གང་ཟག་ནི་དགེ་འདུན་གྱིས་རྗེས་སུ་གནང་ན་དགེ་འདུན་གྱི་ལས་ཀྱི་བྱ་བ་གསོལ་བ་དང་བཞིའི་ལས་ཀྱི་ཆོ་ག་གཞན་ལ་བྱེད་པར་རུང་ངོ༌། །ཅིའི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱ་ཞེ་ན། དགེ་འདུན་ཚོགས་པའི་ནང་དུ་དགེ་འདུན་ལྷག་མ་ཅན་དེའི་ཆད་ལས་བྱ་བའི་ཕྱིར་དུ་དགེ་འདུན་ཚོགས་པ་དེའི་རིགས་པ་སྟེ་ཆོ་ག་ཡིས་དགེ་འདུན་ལྷག་མའི་ལྟུང་བ་ལས་ལྡང་དགོས་པ་དེའི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱ་བར་བརྗོད་དོ། །དགེ་འདུན་ལྷག་མའི་ཕྱིར་བཅོས་བསྟན་ཟིན་ཏོ། །གཉིས་པ་དེའི་ཕན་ཡོན་བསྟན་པ་ནི། མགུ་བ་སྤྱད་ཟིན་ནས་གནས་པའི་ཚེ་ན་གལ་ཏེ་དབྱུང་བ་མ་བྱས་པར་དེའི་གོང་དུ་ཤི་བར་གྱུར་ན་ཡང་ལྷག་མའི་ལྟུང་བ་འཆོས་པའི་ཐབས་མགུ་བའི་བྱིན་རླབས་བྱས་པའི་སྟོབས་ཀྱིས་ཀྱང་ངེས་པར་མཐོ་རིས་དག་ཏུ་སྐྱེའོ། །འོ་ན་དབྱུང་བ་དོན་མེད་དོ་ཞེ་ན། མགུ་བ་སྤྱད་ཟིན་པ་དེ་རང་གི་ལས་ཀྱི་ཉེས་པས་ཅོ་དྲིས་པ་དེའི་སྤྱོན་གྱིས་ངན་འགྲོ་དག་ཏུ་མི་སྐྱེ་མོད། འོན་ཀྱང་སྙིང་རྗེའི་བདག་ཉིད་ཅན་གྱི་དགེ་འདུན་རྣམས་ཀྱིས་མགུ་བ་སྤྱད་ཟིན་དེ་ལ་བཏང་སྙོམས་མི་བྱ་བར་དབྱུང་བའི་ཆོ་གས་དག་པའི་སར་རྗེས་སུ་གཟུང་བར་བྱའོ། །འོ་ན་ལྷག་མའི་ལྟུང་བ་དང་ལྡན་པ་ཀུན་གྱིས་སྤོ་མགུ་སོགས་ངེས་པར་སྤྱད་དགོས་སམ་ཞེ་ན། དམིགས་བསལ་བསྟན་པ་ནི། དགེ་སློང་གང་ཞིག་སྙན་པའི་མིང་ནི་གྲགས་པ་ཆེན་པོ་དང་ལྡན་པ་དང༌། མདོ་སྡེ་དང་འདུལ་བ་ལ་སོགས་པ་མང་དུ་ཐོས་པ་དེ་དག་གིས་ནི་དགེ་སློང་གཅིག་གི་མདུན་དུ་ཡང་སྟོབས་བཞི་ཚང་བའི་བཤགས་པས་དག་པར་ངེས་པར་རུང་ངོ༌། །བསམ་པ་ཡང་ནི་ཆེ་བ་དེ་བཞིན་ངོ་ཚ་བས་བཅབས་པ་དག་ལ་ཡང་གཅིག་གི་མདུན་དུ་བཤགས་པ་དེའི་སྒོ་ནས་དགེ་འདུན་ལྷག་མ་དེའི་སྤོ་བ་དང་མགུ་བ་དང་དབྱུང་བར་ཡོངས་སུ་བརྟག་པར་བྱ་བའི་ཆོ་ག་ཇི་ལྟ་བ་བཞིན་འགྲུབ་སྟེ། དཔེར་ན་སྡེ་སྣོད་གསུམ་འཛིན་པས་གཅིག་གི་མདུན་དུ་བཤགས་པས་སྤོ་མགུ་སོགས་ཀྱི་ཆོ་གའི་དོན་འགྲུབ་པ་བཞིན་ནོ། །ཆོ་ག་དེ་ནི་སྔོན་དུ་མཐོལ་བ་ལན་གསུམ་བྱས་པས་འགྲུབ་པ་ཡིན་ནོ། །སྐབས་སུ་གཏོགས་པའི་སྦོམ་པོ་ནི་ནད་ཀྱིས་ནོར་བུ་ཆད་པ་ཉིད་དང་ནོར་བུ་གོས་ཀྱིས་དཀྲིས་པ་དང་ལམ་གསུམ་ཉམས་པའི་སྒོར་བྱེད་ན་ལྟུང་བ་ཆེན་པོ་ལྷག་མར་གྱུར་པ་སྤངས་ནས་སྦོམ་པོའི་ལྟུང་བས་རྣམ་པར་འཇོམས་པར་འགྱུར་རོ། །གཉིས་པ་རེག་པའི་ལྷག་མ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འཆར་ཀ་ལ་བཅས་པ་སྟེ། རང་གི་རྐང་པ་ནས་སྤྱི་བོའི་བར་གྱིས་ཆགས་པ་དང་བཅས་པའི་སྒོ་ནས་བུད་མེད་ཀྱི་ཡན་ལག་གོས་ཀྱིས་མཆོད་པ་ལ་རེག་ཅིང་དོན་དུ་གཉེར་བས་རེག་ན་ལྷག་མའི་ལྟུང་བའོ། །གོས་ཀྱིས་ཆོད་པ་ལ་རེག་ཅིང་རེག་པ་དེ་མྱོང་ན་སྦོམ་པོ་ཉིད་དོ། །འདི་ལ་ཡང་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པ་བཞི་ལས། གཞི་ནི་ལུས་བསྟེན་རུང་གི་བུད་མེད་དོ། །བསམ་པ་ནི་ཆགས་སེམས་ཀྱིས་རེག་པར་འདོད་པའོ། །སྦྱོར་བ་ནི་བུད་མེད་ཀྱི་ལུས་ལ་རེག་པར་རྩོམ་པའོ། །མཐར་ཐུག་རེག་པའི་བདེ་བ་ཉམས་སུ་མྱོང་བ་ནའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྦྱོར་བས་རབ་ཏུ་དབྱེ་བ་དང༌། བསམ་པས་རབ་ཏུ་གཞག་པ་དང༌། ཡུལ་གྱིས་རབ་ཏུ་གཞག་པའོ། །དང་པོ་ནི། ཤིང་རྟ་གཅིག་དང་གྲུ་གཅིག་ཏུ་འཇུག་པ་སོགས་ལ་བུད་མེད་ལ་ཕར་འཕུལ་བ་དང་ཚུར་འཐེན་པ་ལ་ཡང་རེག་པའི་བདེ་བ་བདག་ཏུ་བྱེད་པའི་སྒོ་ནས་བར་དང་བཅས་པ་ལ་རེག་ན་སྦོམ་པོ་དང༌། བར་མེད་པ་ལ་རེག་ན་སྔར་བཞིན་དུ་འདིར་ཡང་ལྷག་མ་དངོས་གཞིར་ངེས་སོ། །ཡང་རང་གིས་ཕར་ལ་རེག་པར་མ་བྱས་ཀྱང་བུད་མེད་ཀྱིས་ཚུར་དགེ་སློང་ལ་རེག་ཅིང་དེ་ལ་ཆགས་པའི་སེམས་ཀྱིས་རེག་པ་དེ་བདག་གིར་བྱེད་ན་འདི་ལ་ཡང་སྔར་བསྟན་པ་བཞིན་ཐམས་ཅད་དུ་བར་གྱིས་ཆོད་པ་ལ་སྦོམ་པོ་དང༌། བར་མ་ཆོད་པ་ལ་དངོས་གཞིའོ། །ལག་པས་བུད་མེད་འདྲེན་པ་ལ་སོགས་པ་བྱེད་ཀྱང་སྔར་བཞིན་དུ་བར་ཆོད་མ་ཆོད་ཀྱི་བྱེ་བྲག་གིས་སྦོམ་པོ་དང་དངོས་གཞིའོ། །གཉིས་པ་བསམ་པས་རབ་ཏུ་གཞག་པ་ནི། སྔར་བསྟན་པའི་རྣམ་གཞག་དེ་དག་འཁྲིག་སེམས་མེད་པ་ལ་ཡིན་གྱི། འཁྲིག་པ་སྤྱད་པའི་བསམ་པས་འདི་དག་ལ་གཉེན་པོ་སྟོབས་ཆུང་གི་སྒོ་ནས་རེག་པར་བྱེད་ན་ནི་དགེ་སློང་དེ་ལ་ཕས་ཕམ་གྱིས་ཀུན་ནས་བསླང་བའི་སྦོམ་པོ་ཡི་ནི་ལྟུང་བར་འགྱུར་རོ། །གསུམ་པ་ཡུལ་གྱིས་རབ་ཏུ་གཞག་པ་ནི། རེག་པ་ལས་ལྷག་མ་བསྐྱེད་པ་འདི་དག་ནི་ཡུལ་བུད་མེད་ལུས་བསྟེན་བཟོད་རྐང་པ་སོགས་རང་སར་སྤྲད་དུ་རུང་བ་ལས་གཞན་དུ་སྟེ་སྤྲད་མི་བཟོད་པ་དག་ལ་རེག་པ་སྦོམ་པོའི་མིང་ཅན་ཡིན་ནོ། །སྐྱེས་པའམ་མ་ནིང་དང་ཟ་མ་ལ་སོགས་པ་རེག་པས་སམ། དུད་འགྲོ་མོ་ལ་རེག་པའི་བདེ་བ་དོན་གཉེར་གྱིས་རེག་ན་ཉེས་བྱས་ཡིན་ནོ། །མདོ་རྩ་བར་སྐྱེས་པ་ལ་རེག་པ་དང༌། འཁྲིག་ཚིག བསྙེན་བཀུར་བསྔགས་པ་གསུམ་ལ་སྦོམ་པོར་བཤད་ཅིང༌། འགྲེལ་པ་འགའ་ཞིག་ལས། མ་ནིང་མོ་དབང་ཤས་ཆེ་བ་ལ་དངོས་གཞིའོ་ཞེས་སོ། །མདོ་རྩ་བར་བུད་མེད་ལ་ཕར་རེག་པ་དགུ་དང༌། ཚུར་རེག་པ་དགུ་ཡང་གསུངས་སོ། །གསུམ་པ་འཁྲིག་ཚིག་ལ་གཉིས་ཏེ། དངོས་གཞི་དང༌། ན་སྨད་སེལ་བའོ། །དང་པོ་ནི། དགེ་སློང་གང་ཞིག་དོན་གོ་བའི་བུད་མེད་ལ་རྩེ་བའི་ཕྱིར་དུ་འཁྲིག་ཚིག་དངོས་སུ་སྨྲ་ན་ལྟུང་བ་དངོས་གཞིར་འགྱུར་བར་མ་ཟད་སྨད་ཚིག་སྨྲ་ན་ཡང་སྨྲ་བ་པོ་དགེ་སློང་གི་གཟུགས་བརྙན་ཉིད་དུ་གྱུར་པ་ཡིན་ཏེ། ཚིག་དེ་ཡང་དགེ་འདུན་ལྷག་མ་སྐྱེད་བྱེད་དུ་གྱུར་བ་ཡིན་ནོ། །ཡང་གི་སྒྲས་ནི་གོང་མ་རྣམས་སྡུད་དོ། །ཡང་དགེ་སློང་འགའ་ཞིག་བུད་མེད་ལ་ཁྱོད་ཀྱི་རྨའི་སྒོ་གསུམ་པོ་ལེགས་པར་དོད་ལ་ཤིན་ཏུ་འཇམ་ཞེས་པ་དང༌། ཡང་ན་སྒོ་གསུམ་པོ་དེ་དག་ལེགས་པར་མ་དོད་པས་དགའ་བ་མི་སྐྱེད་པའི་གནས་སུ་འདུག་གོ་ཞེས་པ་དང༌། འཁྲིག་མིང་དངོས་སུ་སྨྲས་ནས་འདི་དང་འདི་ནི་ཁྱོད་ལ་སྦྱིན་ནམ་ཞེས་པ་དང༌། གང་ཁྱོད་ཀྱི་ཁྱོད་ནི་ནོར་ཏེ་རྙེད་པ་དང་ལྡན་ཏེ། གང་འདིར་ཁྱོད་དང་ལྷན་ཅིག་ཏུ་འཁྲིག་པའི་བདེ་བ་མྱོང་བ་དེ་ནི་རྙེད་པ་ཆེའོ་ཞེས་པ་དང༌། དེ་ལ་སོགས་པའི་འཁྲིག་ཚིག་དག་གང་བརྗོད་པ་དེ་ནི་དགེ་འདུན་ལྷག་མའོ། །རྒྱ་ཆེར་འགྲེལ་དུ་ནི་འདི་དག་སྦོམ་པོར་བཤད་དོ། །གཉིས་པ་ན་སྨད་སེལ་བ་ལ་གཉིས་ཏེ། སྦོམ་པོ་དང༌། ཉེས་མེད་དོ། །དང་པོ་ནི། འཁྲིག་ཚིག་གང་ལ་དབང་པོ་གཉིས་སྦྱོར་དུ་གྲགས་པ་དེའི་སྒྲ་ནི་དངོས་སུ་མི་བརྗོད་ཅིང༌། འཁྲིག་པ་གོ་བར་འདོད་ནས་དེ་དང་ཕྱོགས་མཐུན་བརྗོད་ན་སྦོམ་པོ་ཡི་ནི་ལྟུང་བར་སྟོན་པས་གསུངས་སོ། །བུད་མེད་ངོ་ཚ་ལས་འདས་པའི་ཚིག་དགེ་སློང་ལ་ཚུར་སྨྲ་བ་ལའང་བདག་གིར་བྱེད་ན་དེ་ལ་ཡང་ཅི་རིགས་པ་ཉིད་དེ་འཁྲིག་ཚིག་གསལ་བ་ལས་སྦོམ་པོ་དང༌། མི་གསལ་བ་ལས་ཉེས་བྱས་སོ། སྐྱོན་དེས་ན་གང་ཞིག་འཁྲིག་པའི་ཚིག་ཏུ་གྱུར་པ་དེ་ནི་དགེ་སློང་གིས་སྨྲ་བར་མི་བྱའོ། །ཉེས་མེད་ནི་འཁྲིག་ཚིག་ལ་སྨྲ་བར་བྱ་བའི་ཡུལ་སེམས་སྨྱོས་པ་དང༌། མྱ་ངན་གྱིས་སེམས་འཁྲུགས་པ་དང༌། བུ་མོ་ཆུང་ཆུང་སྨྲ་མི་ཤེས་པ་དང༌། ནད་ཀྱི་ཚོར་བས་རྒྱུད་ཡོངས་སུ་གཟིར་བ་ལ་འཁྲིག་ཚིག་བརྗོད་པ་དང༌། སྨྲ་བ་པོ་ལས་དང་པོ་པས་བརྗོད་ན་ཡང་བརྗོད་ངན་གྱི་དངོས་གཞིའི་ལྟུང་བ་ལྷག་མ་དག་ནི་མི་འབྱུང་ངོ༌། །ལས་དང་པོ་པ་ནི་བཅས་པ་མ་བྱས་པའི་གོང་གི་ཕྱིས་ཀྱི་བཅས་རིགས་ལས་འདས་པའོ། །ཞུ་བ་མང་ཤོས་ལས། དགེ་སློང་དག་ལ་བསླབ་པའི་གནས་མ་བཅས་པ་ན་འདས་པ་དང་བཅས་པ་ཐམས་ཅད་ནི་ལས་དང་པོ་པ་སྟེ་ཞེས་སོ། །ཡང་ན་མྱོས་པ་དང་སེམས་འཁྲུགས་པ་དང་ལས་དང་པོ་པ་གསུམ་ནི་སྨྲ་བ་པོ་ལ་སྦྱར་ལ། སྨྲ་མི་ཤེས་པ་དང་ནད་ཀྱིས་གཟིར་བ་གཉིས་ནི་སྨྲ་བའི་ཡུལ་ལ་སྦྱར་རོ། །འདི་ལ་ཡང་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་བཞི་ལས། གཞི་ནི་བརྡ་འཕྲོད་པའི་བུད་མེད་བསྟེན་རུང་ངོ༌། །བསམ་པ་ནི་འཁྲིག་ཚིག་སྨྲ་བར་འདོད་པ་དང་འདུ་ཤེས་མ་འཁྲུལ་བའོ། །སྦྱོར་བ་ནི་སྨྲ་བར་རྩོམ་པ་ལ་ཞུགས་པའོ། །མཐར་ཐུག་དོན་གོ་བའོ། །བཞི་པ་བསྙེན་བཀུར་བསྔགས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དགེ་སློང་རང་ཉིད་ལ་འཁྲིག་པས་བསྙེན་བཀུར་ན་ལེགས་ཞེས་བསྔགས་པའི་བྱེ་བྲག་དག་འཁྲིག་པ་དོན་དུ་གཉེར་བས་དགེ་སློང་བུད་མེད་ལུས་བསྟེན་རུང་སོགས་ཀྱི་མདུན་དུ་རང་ཉིད་ཀྱིས་བསྔགས་པ་ནི་ལྷག་མའོ། །དགེ་འདུན་ལ་སྤོ་མགུ་སྤྱད་པ་ཉིད་ཀྱིས་ཟད་པར་བྱེད་དགོས་པས་དགེ་འདུན་ལྷག་མའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། དངོས་ཀྱི་དོན་དང༌། ན་སྨད་སེལ་བ་དང༌། ཀུན་སློང་གི་མཚན་ཉིད། ཡུལ་གྱི་མཚན་ཉིད་དོ། །དང་པོ་ལ་མདོར་བསྟན་པ་ནི། བདག་ལ་འཁྲིག་པའི་བསྙེན་བཀུར་བྱས་ན་མཆོག་ཅེས་སྨྲས་པའི་ངག་སྟེ། བསྙེན་བཀུར་བྱ་བའི་ཡུལ་དགེ་སློང་མཆོག་དང་ཕུལ་དུ་ཕྱིན་པ་སོགས་སུ་ངེས་པར་བསྟན་པའི་སྒོ་ནས་དེ་ལ་འཁྲིག་པའི་ལོངས་སྤྱོད་ཀྱི་བསྙེན་བཀུར་འདི་ཡིས་ཉེ་བར་གནས་ན་སྲིང་མོ་ཞེས་བོས་ནས་བསྙེན་བཀུར་ཀུན་གྱི་མཆོག་གོ་ཞེས་ཚིག་ཏུ་སྨྲ་བའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཡུལ་དགེ་སློང་ལ་བསྔགས་པ་དང༌། གང་གིས་ལྟུང་བར་འགྱུར་བའི་ཚུལ། ཡུལ་གྱི་བསྔགས་པ་བརྗོད་ཚུལ་ལོ། །དང་པོ་ནི། བསླབ་པ་གསུམ་དང་ལྡན་པའི་དགེ་སློང་གསོལ་བ་དང༌། སོགས་པ་བརྗོད་པ་ལ་སོགས་པའི་ལས་ཀྱིས་བསྙེན་པར་རྫོགས་པས་ཚུལ་ཁྲིམས་དང་ལྡན་པར་གང་བཤད་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོར་བརྗོད་པའི་བསླབ་པ་དང་ཡང་དག་པར་ལྡན་ལ། བསམ་གཏན་དང་གཟུགས་མེད་དགེ་བ་དག་པ་བའམ་ཟག་མེད་གང་རུང་གི་ཆོས་ཉིད་ཅན་ཡིན་པས་ན་ཏིང་ངེ་འཛིན་གྱི་ཕུང་པོར་བརྗོད་པ་དང་ཡང་དག་པར་ལྡན་ནོ། །ཚངས་པར་སྤྱོད་པ་མྱང་འདས་ཀྱི་རྒྱུར་ངེས་པར་བརྗོད་པའི་དོན་རིག་པའི་ཤེས་རབ་ཀྱི་ཕུང་པོར་བརྗོད་པའི་ཡོན་ཏན་དང་ཡང་དག་པར་ལྡན་ནོ། །འོད་ལྡན་ལས་ནི། དེ་ལ་ལྷག་པའི་ཚུལ་ཁྲིམས་ནི་འདུལ་བའོ། ༴ །ལྷག་པའི་ཤེས་རབ་ནི་ཟག་པ་མེད་པའི་ཤེས་རབ་ཀྱི་རང་བཞིན་ཆོས་མངོན་པའོ་ཞེས་སོ། །གཉིས་པ་གང་གིས་ལྟུང་བར་འགྱུར་བའི་ཚུལ་ནི། འདིར་འཁྲིག་པའི་ཚིག་ཅེས་བྱ་བ་ནི་ཡུལ་གང་ན་ཕོ་མོ་གཉིས་ཀྱི་དབང་པོ་གཉིས་ཕྲད་ཅིང་སྦྱོར་བའི་མིང་འཁྲིག་ཚིག་བརྗོད་པ་དག་ཡིན་ནོ། །སྡོམ་བརྩོན་ཆགས་པའི་སེམས་ཀྱིས་སྔར་བསྟན་པའི་འཁྲིག་ཚིག་འདི་དག་གི་ནང་ནས་ཚིག་གཅིག་ཀྱང་བརྡ་འཕྲོད་པའི་བུད་མེད་ལ་དངོས་སུ་སྨྲ་ན་ལྷག་མའི་ལྟུང་བ་ཡིན་པ་ལ་དཔྱད་མི་དགོས་སོ། །གསུམ་པ་ཡུལ་གྱི་བསྔགས་པ་བརྗོད་ཚུལ་ནི། འཁྲིག་པ་གང་ལ་གསལ་བར་བྱེད་པའི་ཚིག་གལ་ཏེ་བུད་མེད་ཀྱང་ནི་དགེ་སློང་ལ་སྨྲའོ། །ཇི་ལྟར་ཞེ་ན། གང་འདིར་ཚངས་པར་སྤྱོད་པ་རྣམས་ལ་འཁྲིག་པས་བསྙེན་བཀུར་ན་དེ་ཉིད་ལོངས་སྤྱོད་མཆོག་ཡིན་ནོ་ཞེས་དང༌། ཁྱེད་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པ་ནི་རྟག་ཏུ་དགེ་བའི་ཆོས་ཅན་ཡིན་ལ། ཡོན་གནས་ཁྱད་པར་དུ་འཕགས་པ་ཁྱེད་ལྟ་བུ་དག་ནི་རྩོད་པའི་དུས་ན་ཤིན་ཏུ་རྙེད་པར་དཀའ་ཞེས་སོ། །སྤྱིར་དུས་བཞི་ནི། དགེ་བཅུ་རྫོགས་པར་ཡོད་ཅིང་མི་དགེ་བ་བཅུ་མེད་པ་ནི་རྫོགས་ལྡན་དང༌། ལུས་ཀྱི་མི་དགེ་བ་གསུམ་སྤོང་བ་ནི་གསུམ་ལྡན་དང༌། གསོད་རྐུ་གཉིས་སྤོང་བ་ནི་གཉིས་ལྡན་དང༌། མི་དགེ་བ་བཅུ་ཆར་སྤྱོད་པ་ནི་རྩོད་ལྡན་ནོ། །དེ་ལ་སོགས་པའི་འཁྲིག་ཚིག་བུད་མེད་ཀྱིས་བརྗོད་པ་ན་དགེ་སློང་གང་ཚིག་དེ་དགའ་བས་དང་དུ་ལེན་པར་བྱེད་ཅིང་ལན་གྱི་ཚིག་ཀྱང་སྨྲ་བར་བྱེད་ན་དགེ་འདུན་ལྷག་མར་སྟོན་པས་གསུངས་པ་ཡིན་ནོ། །ལན་གྱི་ཚིག་གང་ཞེ་ན། དགེ་སློང་ང་ལྟ་བུ་དང་འཁྲིག་པ་སྤྱད་ན་བུད་མེད་རྣམས་ཀྱང་འབྲས་བུ་ཆེའོ་ཞེས་སོ། །གཉིས་པ་ན་སྨད་སེལ་བ་ལ་གཉིས་ཏེ། སྦོམ་པོར་འགྱུར་ཚུལ་དང༌། ཉེས་བྱས་སུ་འགྱུར་ཚུལ་ལོ། །དང་པོ་ནི། འཁྲིག་པའི་མིང་དངོས་ནི་མི་བརྗོད་ཀྱང་དེའི་རིགས་འདྲ་བརྗོད་པ་གང་དེ་ནི་སྦོམ་པོའི་མིང་ཅན་ཡིན་ནོ། །དེ་བཞིན་དུ་འཁྲིག་པའི་ཆོས་ཀྱི་ཚིག་གིས་ནི་དགེ་སློང་ཞེས་སོགས་སྔ་མ་བཞིན་ཏེ་འཁྲིག་པས་བསྙེན་བཀུར་ན་འབྲས་བུ་ཆེ་ཞེས་སོགས་སོ། །ང་ལྟ་བུ་ལ་བསྙེན་བཀུར་ན་ཞེས་མི་བརྗོད་ན་ཡང་འདི་ཡང་སྦོམ་པོ་ཉིད་དུ་གསུངས་སོ། །ཡང་བུད་མེད་ཀྱིས་ཀྱང་དགེ་སློང་གིས་བརྗོད་པ་དེ་བཞིན་དུ་འཁྲིག་པའི་ཚིག་དངོས་དོར་ནས་ཀྱང་བདག་ཉིད་ལ་བསྔགས་པ་དང་བདག་འཁྲིག་པ་ལ་བསམས་ཏེ། ཁྱེད་ལྟ་བུ་དང་འཁྲིག་པ་སྤྱད་ན་ཞེས་མི་བརྗོད་ཀྱང་སྔ་མ་དེ་བཞིན་དུ་བསྔགས་ཚུལ་གཉིས་ཀར་ཡང་ནི་སྦོམ་པོ་ཡིན་ནོ། །གཉིས་པ་ཉེས་བྱས་སུ་འགྱུར་ཚུལ་ནི། འཁྲིག་པ་དེའི་དོན་མི་ཤེས་པ་ལ་འཁྲིག་ཚིག་དངོས་དགེ་སློང་གིས་བརྗོད་ན་སྦོམ་པོ་ལས་དམན་པ་ཉེས་བྱས་སོ། །འཁྲིག་པ་དེ་ལྟ་བུ་ཞེས་བྱ་བའི་སྒྲ་སྦྱར་བ་མེད་པར་དགེ་སློང་ལ་བསྙེན་བཀུར་ན་ཞེས་བརྗོད་ཀྱང་དེ་ལ་ཡང་ཉེས་བྱས་སུ་འདོད་དོ། །གསུམ་པ་ཀུན་སློང་གི་མཚན་ཉིད་ནི། དེ་ལྟར་བརྗོད་ན་ཐམས་ཅད་དུ་ཡང་སྡོམ་བརྩོན་ནི་ཆགས་ཅན་ལ་ནི་ལྟུང་བར་དངོས་སུ་འགྱུར་རོ། །འདིར་ཆགས་ཅན་ཞེས་གང་གསུངས་པའི་དོན་ནི་སེམས་ཆགས་པ་དང་འབྲེལ་བ་ཉིད་དོ། །བཞི་པ་ཡུལ་གྱི་མཚན་ཉིད་ནི། བུད་མེད་གང་ལུས་བསྟེན་བཟོད་ལ་འཁྲིག་ཚིག་དངོས་སུ་སྨྲ་ན་ལྟུང་བ་དངོས་ཡིན་ལ། བསྟེན་མི་བཟོད་པའི་བུད་མེད་ལ་སྨྲས་ན་སྦོམ་པོ་ཡིན་ནོ། །སྐྱེས་པ་དང་མ་ནིང་ལ་སོགས་དང་དུད་འགྲོ་མོ་ལ་དེ་ལྟར་སྨྲས་ན་ཉེས་བྱས་ཉིད་དོ། །ལྔ་པ་སྨྱན་བྱེད་པ་ནི་དྲུག་སྡེ་ལ་བཅས་པ་སྟེ། འདི་ལ་གཉིས་ཏེ། སྨྱན་གྱི་ལྟུང་བ་དངོས་གཞི་དང༌། ན་སྨད་སེལ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་སྤྱིའི་དོན་ནི། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པ་རྣམས་ལས། གཞི་ནི་སྤྲད་བྱ་སྐྱེས་པ་དང་བུད་མེད་དོ། །བསམ་པ་ནི་འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་འཕྲད་པར་འདོད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པ་གཞན་གྱིས་འཕྲིན་བྱེད་པ་ལ་ཞུགས་པའོ། །མཐར་ཐུག་ཕྲད་པ་ནའོ། །འདི་དག་ནི་འཕྲིན་རེ་རེའི་ཚེ་ན་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སོ། །ངག་ཏུ་མ་སྨྲས་ཀྱང་ཡི་གེ་དང་ལག་ཡིག་གིས་ཀྱང་འགྲུབ་བོ། །གཉིས་པ་ཚིག་གི་དོན་ནི། སྨྱན་གྱི་འཕྲིན་དང་པོར་ནོད་པ་དང་དེ་ནས་ཕྱིར་སྐྱེལ་བ་རྣམས་རང་ངམ་གཞན་བྱེད་དུ་འཇུག་ཀྱང་རུང་སྟེ་འཕྲིན་སྐྱེལ་བྱས་པའི་རྒྱུ་ལས་བུད་མེད་དང་སྐྱེས་པ་ཕྲད་ན་ནི་འཕྲིན་སྐྱེལ་ནོད་བྱེད་པའི་དགེ་སློང་དགེ་འདུན་ལྷག་མའི་ལྟུང་བའི་རལ་གྲི་ཡིས་འཕྲིན་སྐྱེལ་ནོད་བྱེད་པ་རང་གི་མགོ་ནི་གཅོད་པར་བྱེད་དོ། །ཆུང་མ་ནི་མདོར་བསྡུ་ན་ཆུ་ཚིག་གིས་བྱིན་པ་སོགས་རྣམ་པ་བདུན་དུ་བརྗོད་ཅིང༌། མཛའ་ན་མོ་ནི་བཅུའོ། །དེ་དག་གི་སོ་སོའི་མཚན་ཉིད་ནི་འོག་ནས་ཡང་དག་པར་བཤད་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཆུང་མའི་དབྱེ་བ་མཚན་ཉིད་དང་བཅས་པ་དང༌། ཆུང་མ་དང་པོ་གསུམ་གྱི་འཐབ་ཚིག་ལ་བརྟེན་པའི་ལྟུང་བ། མཛའ་ན་མོ་བཅུར་དབྱེ་བ་དང༌། ལྷག་མ་བཞི་མཛའ་ན་མོ་དང་བཅས་པ་ལ་བརྟེན་པའི་ལྟུང་བའོ། །དང་པོ་ལ་ཆུ་ཚིག་གིས་བྱིན་པ་ནི། རིན་མ་བླངས་པར་བུ་མོ་དེའི་ལག་པ་ཆུ་ཡིས་བཀྲུས་ནས་རབ་ཏུ་བྱིན་པ་ཡི་དོན་ལ་དེའི་མིང་རབ་ཏུ་བཏགས་པའོ། །ནོར་གྱིས་ཉོས་པ་ནི། བུད་མེད་གང་ཞིག་རིན་ཆས་ཀྱིས་ཉོས་པ་ཞེས་བྱ་བ་དེ་ལ་རིག་པར་བྱའོ། །བཙན་འཕྲོག་ནི། རྒྱལ་པོའི་རྒྱལ་མཚན་དང་རང་གི་མགོ་སྟེ་སྟོབས་ཀྱིས་འཕྲོག་པ་ནི་བཙན་འཕྲོག་ཅེས་སུ་བརྗོད་དོ། །དང་སམ་འདུས་པ་ནི། བུད་མེད་དེ་ཡིས་ངས་ཁྱོད་ཀྱི་ཉེ་གནས་ཏེ་བཙུན་མོ་བྱའོ་ཞེས་ཟེར་བ་ལྟ་བུ་ཡིན་ནོ། །གོས་ཟས་ཀྱིས་འཚོ་བ་ནི། བུད་མེད་རང་འོངས་ཏེ་ཟས་གོས་ཙམ་བྱིན་ཅིག་ཅེས་ཟེར་བ་ནི་ཟས་དང་གོས་ཀྱི་རྒྱུ་མཚན་གྱིས་ཞུགས་པས་གོས་ཟས་ཀྱིས་འཚོ་བ་ཞེས་བྱ་བ་ཡིན་ནོ། །ཁ་དུམ་པ་ཞེས་བྱ་བ་ནི། བུད་མེད་རང་འོངས་ཏེ་གང་ཁྱོད་ཀྱི་ནོར་དང་ངའི་ནོར་དེ་ཡིས་མཉམ་དུ་སྲོག་འཚོ་བར་བྱའོ་ཞེས་དེ་སྐད་བརྗོད་ནས་ཞུགས་པ་གང་ཡིན་པ་ནི་ཁ་དུམ་པ་ཞེས་བྱ་བའོ། །ཐང་འགའ་འཕྲད་པ་ཞེས་བྱ་བ་ནི། སྐད་ཅིག་སྟེ་ལན་འགའ་ཙམ་ཞིག་འཕྲད་ཀྱི་རྟག་ཏུ་མིན་པ་དེ་ལ་ཐང་འགའ་འཕྲད་པ་ཞེས་བྱའོ། །རྣམ་པ་བདུན་པོ་འདི་དག་ནི་སླར་ཡང་སོ་སོའི་མཚན་ཉིད་དང་དབྱེ་བར་འདོད་དོ། །གཉིས་པ་ལ་འཐབ་ཚིག་ནི་བདུན་ཏེ། སྐྱེས་པ་དང་བུད་མེད་འཐབས་པའི་མོད་དང༌། འཐབས་པའི་འོག་རེ་ཞིག་པ་དང༌། ཤིང་དང་རྩྭའི་དུམ་པ་བཅད་པ་འདི་མི་འབྱར་བ་ལྟར་མི་འཕྲད་ཟེར་བ་སྟེ་རྣམ་པ་གསུམ་དང༌། ཡང་རྡེའུ་གསུམ་ནི་ཕྱོགས་སུ་གཏོར་ནས་འདི་ལྟར་མི་འཕྲད་ཟེར་བ་བཞི་པ་དང༌། སྐྱེས་པས་ཆུང་མ་མ་ཡིན་པར་བསྒྲགས་པ་ལྔ་པ་དང༌། བུད་མེད་ཀྱིས་ཁྱིམ་གྱི་ཆོ་ག་རབ་ཏུ་བཏང་བ་དྲུག་པ་དང༌། དེ་བཞིན་དུ་བུད་མེད་ཀྱིས་ལྷ་རྟེན་གྱི་དྲུང་དུ་ལུས་ཕུལ་ལོ་ཞེས་སྨྲས་ནས་དྲིལ་བུའི་སྒྲ་བསྒྲགས་པ་བདུན་པའོ། །ཆུ་ཚིག་གིས་བྱིན་པ་སོགས་ཆུང་མ་དང་པོ་རྣམ་པ་གསུམ་པོ་ལ་སྐྱེས་པ་དང་བུད་མེད་བྱེ་བ་ཉེ་བར་བསྡུམ་པར་བྱེད་ན་འཐབ་ཚིག་དང་པོ་འཐབས་པའི་མོད་ཀྱི་གཅིག་དང༌། གཉིས་པ་འཐབས་པའི་འོག་དང༌། གསུམ་པ་དུམ་པ་བཅད་པ་གསུམ་ལ་རིམ་པ་བཞིན་དུ་བསྡུམ་པར་བྱེད་ན་རེ་རེ་ལ་ཡང་ཉེས་བྱས་གསོག་པར་འགྱུར་བ་ཡིན་ནོ། །ཆུང་མ་དང་པོ་གསུམ་གྱི་འཐབ་ཚིག་བཞི་པ་དང་ལྔ་པ་གཉིས་དང་འཐབ་ཚིག་དྲུག་པ་སྟེ་གསུམ་པོའི་གནས་སྐབས་ལ་བསྡུམ་པར་བྱེད་ན་སྦོམ་པོ་ཡིན་ནོ། །འཐབ་ཚིག་བདུན་པའི་སྐབས་སུ་བསྡུམ་པར་བྱས་ན་བརྟུལ་ཞུགས་ཅན་གྱི་དགེ་སློང་གིས་འདུན་གྱི་ལྷག་མའི་ལྟུང་བ་འཐོབ་བོ། །གསུམ་པ་སྨྱན་གྱི་ལྟུང་བ་རྣམ་གཞག་གི་སྐབས་འདི་རུ་མཛའ་ན་མོར་འདོད་པ་བཅུ་ནི། ཁྱོ་ནི་ཤིའམ་ཡུལ་གཞན་དུ་སོང་བའི་ཚེ་འདི་ལ་གཞན་གྱིས་འདོད་པ་སྤྱོད་པར་མ་གྱུར་ཅིག་ཅེས་མ་ཡིས་འབད་པས་བསྲུངས་བ་ནི་མ་ཡིས་བསྲུང་ཞེས་བརྗོད་པ་ཡིན་ཏེ་དང་པོའོ། །དེ་བཞིན་དུ་གཞན་གྱིས་འདོད་པ་སྤྱོད་པར་མ་གྱུར་ཅིག ཅེས་སྦྱར་ཏེ་ཕས་བསྲུངས་པ་ནི་གཉིས་པའོ། །གྱོས་པོས་བསྲུངས་པ་ནི་གསུམ་པའོ། །སྒྱུག་མོས་བསྲུངས་པ་ནི་བཞི་པའོ། །ཕའི་རང་རིགས་ལས་སྐྱེས་པ་རུས་གཅིག་པ་དང་མའི་རིགས་ཏེ་བདུན་བརྒྱུད་ཚུན་ཆད་དེས་བསྲུངས་པ་དེ་ནི་སླར་ཡང་ཉེ་དུས་བསྲུངས་ཞེས་བརྗོད་པ་ཡིན་ཏེ་ལྔ་པའོ། །ཕ་དང་ཁྱོ་ནི་མེད་པ་ན་མིང་པོས་ཡོངས་སུ་བསྲུངས་པ་ནི་དྲུག་པའོ། །ཕུ་མོ་དང་ནུ་མོ་ཡིས་ཀྱང་བསྲུངས་པའང་སྤུན་ཟླས་བསྲུངས་ཞེས་བརྗོད་པ་ཡིན་ཏེ་བདུན་པའོ། །བྲམ་ཟེ་མོ་བྲམ་ཟེ་དང་རིགས་གཅིག་པའམ་རྗེ་རིགས་མོ་རྗེ་རིགས་དང་རིགས་གཅིག་པས་བསྲུངས་པ་ནི་རིགས་ཀྱིས་བསྲུངས་པ་ཡིན་ཏེ་བརྒྱད་པའོ། །པད་ས་ལ་ཀོའུ་ཏ་མའམ་ཀོ་ས་ལའི་རྒྱུད་དུ་གཅིག་པ་ཉིད་ཀྱིས་བསྲུངས་པ་ནི་རུས་ཆགས་ཀྱིས་བསྲུངས་པ་སྟེ་དགུ་པའོ། །རིགས་དང་རུས་ཀྱི་ཁྱད་པར་ནི་རིགས་སྤྱི་ཡིན་ལ། རུས་བྱེ་བྲག་ཡིན་པར་བཤད་དོ། །བསླབ་པའི་ཆོས་ལ་སྤྱོད་པའི་བརྟུལ་ཞུགས་ཅན་དགེ་སློང་མ་དག་ནི་འཁྲུག་མེད་མར་ནི་ཤེས་པར་བྱ་སྟེ་འདི་ནི་བསླབ་པའི་ཆོས་ཀྱིས་བསྲུངས་པའོ། །རྣམ་པ་བཅུ་པོ་འདི་དག་ནི་མཛའ་ན་མོ་ཞེས་བྱ་བར་ཤེས་པར་བྱའོ། །བཞི་པ་ལྷག་མ་བཞི་མཛའ་ན་མོ་དང་བཅས་པའི་ལྟུང་བ་ནི། སྨྱན་གྱི་སྐབས་འདིར་གང་མཛའ་ན་མོར་གསུངས་པ་བཅུ་དང༌། ཆུང་མ་དང་པོ་གསུམ་པོ་མ་གཏོགས་ཆུང་མ་བཞི་པ་དང་སམ་འདུས་པ་ལས་ལྷག་མ་རྣམས་ལ་འཐབ་ཚིག་བདུན་པོ་ཐམས་ཅད་དུ་བདུན་ཆར་ལ་ཡང་བསྡུམ་པར་བྱེད་པ་ན་དགེ་འདུན་ལྷག་མའི་ལྟུང་བར་ངེས་པར་བསྟན་ཏོ། །བམ་པོ་ལྔ་པ་ལས། ཆུང་མ་ཐ་མ་བཞིའི་འཐབ་པའི་ཚིག་བདུན་ཆར་གྱི་དངོས་གཞི་ལ་ན་སྨད་པ་མེད་དོ་ཞེས་སོ། །གཉིས་པ་ན་སྨད་སེལ་བ་ནི། ཁྱེའུའམ་བུ་མོ་འདི་དག་ཅིའི་ཕྱིར་ན་ཁྱིམ་མི་བྱེད་ཅེས་བྱ་བ་ལ་སོགས་པ་དེ་སྐད་སྨྲ་བའི་དགེ་སློང་གིས་ནི་ཉེས་བྱས་འཐོབ་བོ། །དྲུག་པ་དང་བདུན་པ་ཀོའུ་ཤཱམྦིར་དྲུག་སྡེ་ལ་བཅས་པ། ཐུན་མོང་པ་ཁང་པའི་གནང་བཀག ཐུན་མོང་མིན་པ་ཁང་ཆེན་གྱི་གནང་བཀག་གོ །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། ཡན་ལག་རྣམ་པར་གཞག་པ་དང༌། ལྟུང་བའི་རྣམ་གཞག་དང༌། ལྟུང་མེད་ཀྱི་རྣམ་གཞག་གོ །དང་པོ་ལའང་བཞི་སྟེ། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་གོ །གཞི་ནི་གང་བརྩིག་པར་བྱ་བའི་ཁང་པའོ། །བསམ་པ་ནི་ཁང་པ་བརྩིག་པར་འདོད་པའོ། །སྦྱོར་བ་ནི་རང་ངམ་གཞན་བསྐོས་པས་རྩིག་པའི་བྱ་བ་ལ་ཞུགས་པའོ། །མཐར་ཐུག་ཀུན་ནས་བསྐོར་ཞིང་ཐོག་ཕུབ་པའོ། །གཉིས་པ་ལྟུང་བ་རྣམ་གཞག་ནི། མིའི་འགྲོ་བ་ལས་ས་གཞི་ཡོངས་སུ་བཙལ་བ་དང༌། དགེ་འདུན་ལ་གནང་བ་མ་གསོལ་ཞིང་མ་བསྟན་པ་དང༌། གཞི་མི་རུང་བ་དང༌། བརྩམ་དུ་མི་རུང་བ་དང༌། རྩོད་པ་དང་བཅས་པ་དང༌། ཚད་ལས་ལྷག་པ་རྣམས་ཚང་བས་རང་གི་དོན་དུ་ཁང་པ་རྩིག་ན་དགེ་འདུན་ལྷག་མར་འགྱུར་ལ། ཚད་ལས་ལྷག་པ་མ་གཏོགས་པ་ལྷག་མ་རྣམས་ཚང་ན་སྦོམ་པོའོ། །གཉིས་པོ་མ་གཏོགས་པའི་ཡན་ལག་ལྷག་མ་གཞན་གྱི་སྐྱོན་ཞུགས་པ་ལ་ནི་ཉེས་བྱས་སུ་མངོན་ནོ། །ཁང་པ་དང་ཁང་ཆེན་གྱི་ཁྱད་པར་ནི་གང་ཟག་གི་དོན་དུ་བརྩིག་པ་དང༌། ཚོགས་ཀྱི་དོན་དུ་བརྩིག་པ་ལ་འཆད་ཅིང༌། ནོར་གྱིས་ཕྱེ་བ་ནི་ཚིག་དོན་གྱིས་སྟོན་ཅིང༌། མདོ་རྩ་བ་ལས་ནི་རང་གཅིག་པུའི་དོན་དུ་བརྩིག་པ་ནི་ཁང་པ་དང༌། ཚོགས་དང་དུ་མའི་དོན་དུ་བརྩིག་པ་ནི་ཁང་ཆེན་ཞེས་འཆད་དོ། །གསུམ་པ་ལྟུང་མེད་ནི། ས་གཞི་བསྔགས་པ་དང༌། ལས་དང་པོ་དང༌། སྨྱོ་བ་དང༌། འཁྲུག་པ་དང༌། ནད་ཀྱིས་གདུངས་པ་རྣམས་ཀྱིས་བྱེད་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་སོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དགེ་སློང་རང་གི་དོན་དུ་ཁང་པ་བརྩིག་པ་ན་དགེ་འདུན་ལ་ཐོག་མར་གསོལ་བ་ལ་སོགས་པའི་ལས་ཀྱིས་གནང་བ་ཐོབ་ནས་བསྟན་པར་བྱ་སྟེ། འདིའི་ལས་ནི་གསོལ་གཉིས་ཀྱི་ལས་སོ། །གཞན་ཡང་ཚད་དང་གཞི་རུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་བྱའོ། །གཞན་དུ་ན་བྱེད་པོའི་དགེ་སློང་ལ་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དངོས་ཀྱི་དོན་དང༌། ན་སྨད་སེལ་བ་དང༌། ལྟུང་མེད་དོ། །དང་པོ་ལ་གསུམ་སྟེ། གནས་ཀྱི་མཚན་ཉིད། ཚད་ཀྱི་ཁྱད་པར། གཞིའི་ཁྱད་པར་རོ། །དང་པོ་ནི། གནས་གང་དུ་སྤྱོད་ལམ་རྣམ་པ་བཞི་གསུངས་པའི་སྤྱོད་པ་རུང་བ་ནི་ཉམ་ང་མེད་པར་ཤོང་བའོ། །སྤྱོད་ལམ་བཞི་གང་ཞེ་ན། འདུག་པ་དང༌། འཆག་པ་དང༌། ཉལ་བར་གྲགས་པ་དང༌། བཞི་པ་ནི་ལངས་པ་ཉིད་ཡིན་ནོ། །འདིས་ནི་སྤྱོད་ལམ་རྣམ་བཞི་མི་ཤོང་བ་ལ་ཁང་པའི་ཐ་སྙད་མེད་པར་བསྟན་ཏོ། །གཉིས་པ་ཚད་ཀྱི་ཁྱད་པར་ནི། ཁང་པའི་ཟུར་ནི་བདེ་བར་གཤེགས་པའི་མཐོ་བཅུ་དང་གཉིས་ཀྱི་ཚད་ཡིན་ནོ། །ཞེང་དུ་ནི་བདེ་བར་གཤེགས་པའི་མཐོ་དེ་ཉིད་བདུན་ཡིན་ཏེ། དེ་དག་ཁང་པ་དེའི་ཚད་དུ་གསུངས་སོ། །འདི་ནི་ཚད་དེ་དག་ལས་ལྷག་པར་མི་བྱ་བའི་དོན་ནོ། །སྟོན་པའི་མཐོ་ཚད་གང་ཞེ་ན། བདེ་བར་གཤེགས་པའི་མཐོའི་ཚད་ཅེས་གང་གསུངས་པ་ནི་མི་འབྲིང་པོའི་ཁྲུ་ཚད་དག་ཕྱེད་དང་གཉིས་ནི་ཡོད་པ་ཡིན་པར་མཁས་པས་ཤེས་པར་བྱའོ། །དེས་ཆུར་ནི་མི་འབྲིང་གི་སྐྱེས་བུའི་ཁྲུ་ཚད་བཅོ་བརྒྱད་ཡོད་པ་ཡིན་ནོ། །ཞེང་དུ་ནི་ཁྲུ་ཕྱེད་དང་བཅུ་གཅིག་སྟེ་འདི་ནི་ཁང་པའི་ཚད་དུ་གསུངས་པ་ཡིན་ནོ། །གསུམ་པ་གཞིའི་ཁྱད་པར་ལ་གསུམ་སྟེ། གཞི་མི་རུང་བ་དང༌། རྩོད་པ་དང་བཅས་པ་དང༌། བརྩམ་དུ་མི་རུང་པའོ། །དང་པོ་ནི། སྦྲུལ་དང་སྡིག་པ་དང་ཏྱམ་པུ་ཀ་དང་ཏྲེ་ལ་ཏ་སོགས་མང་བས་གནོད་པའི་ས་ཕྱོགས་ཉིད་ཀྱི་ས་ན་གཞི་མི་རུང་བའོ། །གཉིས་པ་རྩོད་བཅས་ནི། ལམ་དང་ཤིང་དྲུང་དང༌། མུ་སྟེགས་ཀྱི་ལྷ་རྟེན་དང་རྒྱལ་པོའི་ཕོ་བྲང་ལ་སོགས་པའི་མཐའ་ནི་རྩོད་བཅས་སོ། །གསུམ་པ་བརྩམ་དུ་མི་རུང་བ་ནི། ཆུ་དང་གཡང་ས་དང་ཁྲོན་པ་ལ་སོགས་པའི་དྲུང་སྟེ། དེ་དག་གི་འདོམ་གང་ཚུན་ཆད་ན་ཡོད་པ་ནི་བརྩམ་དུ་རུང་པ་མ་ཡིན་ནོ། །དེས་ན་སྐྱོན་འདི་དག་ནི་མེད་པ་རུ་རིག་པ་ཡིས་ནི་ཁང་པ་བྱའོ། །གཉིས་པ་ན་སྨད་སེལ་བ་ནི། ཁང་པ་གང་དུ་བརྩིག་པའི་གཞི་ས་གཞིའི་བདག་པོ་རྒྱལ་པོ་དང༌། དགེ་འདུན་གྱི་བཀའ་ཡིས་མ་གནང་བ་དག་དང༌། གཞི་མི་རུང་བ་དང༌། བརྩམ་དུ་མི་རུང་བ་དང༌། དགེ་འདུན་ལ་གནང་བ་མ་གསོལ་བས་ཁང་པའི་གཞི་དགེ་འདུན་ལ་མ་བསྟན་པ་དང༌། གཞན་དང་རྩོད་པ་དང་བཅས་པ་རྣམས་སུ་ཁང་པ་བྱེད་ན་དགེ་སློང་གིས་སྦོམ་ལྟུང་འཐོབ་བོ། །ཇི་སྐད་སྨོས་པའི་ཡན་ལག་ལྔ་པོ་ལྔ་ཆར་ཚང་ན་སྦོམ་པོར་འགྱུར་ཞེས་པའི་དོན་ཡིན་གྱི། ལྔ་པོ་རེ་རེ་ལ་ཡང་ལྟུང་བར་འགྱུར་བ་མ་ཡིན་ནོ། །ཁང་པ་བརྩིག་པ་ལ་སྐྱོན་དུ་བཤད་པ་ཀུན་གྱིས་རབ་ཏུ་སྨད་པར་ཁང་པ་བྱེད་ན་དགེ་འདུན་ལྷག་མར་གྱུར་པ་སྟེ་ཞེས་བཤད་དོ། །སྐྱོན་རེ་རེ་བྲལ་བ་ཙམ་གྱིས་མ་ཡིན་གྱི། སྐྱོན་རྣམས་ཀུན་དང་བྲལ་བའི་ས་གཞིར་ཁང་པ་བྱ་བར་རྗེས་སུ་བསྔགས་པ་ཉིད་དོ། །གསུམ་པ་ལྟུང་མེད་ནི། བཅས་པ་མ་མཛད་པའི་སྔ་རོལ་གྱི་ལས་དང་པོ་པ་ལ་ཁང་པ་བྱེད་ཀྱང་ཁང་པ་བྱེད་པ་འདི་ལས་བྱུང་བའི་ལྟུང་བ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྨྱོས་པ་དང༌། མྱ་ངན་གྱིས་སེམས་འཁྲུགས་པ་དང༌། ནད་ཀྱིས་གདུངས་པ་ཡིས་ཁང་པ་བྱེད་ཀྱང་ལྟུང་བ་ཡོད་པ་མ་ཡིན་ནོ། །གཉིས་པ་ཁང་ཆེན་གྱི་གནང་བཀག་བསྟན་པ་ནི། ཚོགས་ཀྱི་དོན་དུ་བརྩིག་པའི་གཙུག་ལག་ཁང་བརྩིག་པ་ལའང་བདག་པོ་དང་བཅས་པའི་ཁང་པའི་ཚད་དང་ཆོ་ག་འདི་ཉིད་ཕལ་ཆེར་མཚུངས་པ་ཉིད་དེ། ཁང་པ་དང་ཁང་ཆེན་གཉིས་པོའི་ཁྱད་པར་ནི། འདིར་ཁང་ཆེན་ནི་དགེ་འདུན་སྤྱིའི་ནོར་མང་པོ་འཇོག་པ་ཉིད་ཀྱིས་ཆེན་པོ་ཉིད་ཀྱི་ཚད་དུ་ཤེས་པར་བྱའོ། །ཁང་པ་ནི་གང་ཟག་གི་ནོར་ཉུང་ངུ་འཇོག་པ་ཡིན་ནོ་ཞེས་སོ། །བརྒྱད་པ་དང་དགུ་པ་གཞི་མེད་དང་བག་ཙམ་གྱི་སྐུར་འདེབས་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་བཅས་པ་སྟེ་འདི་ལ་གསུམ་སྟེ། ལྟུང་བ་རྣམ་གཞག་སྤྱིར་བསྟན་པ། སྐུར་འདེབས་གཉིས་པོའི་ཁྱད་པར། བག་ཙམ་གྱི་སྐུར་འདེབས་དཔེས་བསྟན་པའོ། །དང་པོ་ལ་ཡན་ལག་བཞི་སྟེ། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་གོ །དང་པོ་ནི། ཡུལ་དགེ་སློང་རྣམ་དག་གོ །བསམ་པ་ནི་འདུ་ཤེས་མ་འཁྲུལ་པ་དང༌། གཞན་ལ་སྐུར་པ་འདེབས་པར་འདོད་པའོ། །སྦྱོར་བ་ནི་སྐུར་འདེབས་ཀྱི་ངག་སྨྲ་བ་ལ་ཞུགས་པའོ། །མཐར་ཐུག་ཕ་རོལ་པོས་དོན་གོ་བའོ། །སྐུར་འདེབས་ཀྱི་གཞི་མེད་པའམ་ཐ་སྙད་བག་ཙམ་གྱིས་སྡོམ་བརྩོན་ཡོངས་སུ་དག་པ་ཉམས་པར་འདོད་པའི་ཕྱིར་ནི་ཕས་ཕམ་གྱི་ལྟུང་བས་མ་གོས་པ་ལ་ཕས་ཕམ་པ་ཡིས་གོས་པར་བརྗོད་ནས་སྨད་ན་ནི་གཞི་མེད་དང་བག་ཙམ་གཉིས་ཀ་ལ་དགེ་འདུན་ལྷག་མར་འགྱུར་བར་ཤེས་སོ། །ཡུལ་དགེ་སློང་དག་པར་ཤེས་བཞིན་དུ་རྫུན་གྱི་སྒོ་ནས་ཕྱི་པ་ལ་ནང་པས་སྨྲས་སོགས་དང༌། དགེ་སློང་མ་ལ་དགེ་སློང་གིས་སྨྲས་སོགས་ལའང་འགྱུར་ལ། དེས་མི་ཚངས་སྤྱོད་བྱས་པར་ཐོས་ནས་མ་མཐོང་བཞིན་དུ་མཐོང་བར་སྨྲ་བ་དང༌། ཐེ་ཚོམ་ཟ་བ་སོགས་ཀྱི་སྒོ་ནས་སྨྲས་ནའང་དངོས་གཞིར་འགྱུར་རོ། །གཉིས་པ་སྐུར་འདེབས་གཉིས་ཀྱི་ཁྱད་པར་ནི། དགེ་སློང་གང་ཞིག་ཚིག་དེའི་སྙད་ཀ་ཅུང་ཟད་བདེན་པར་སྨྲ་བ་འདི་ནི་བག་ཙམ་དུ་ལུང་ལས་ཡང་དག་པར་གྲགས་སོ། །ཚིག་དེ་ལ་རྒྱུ་མཚན་མེད་པ་སྟེ་སྙད་ཀ་ཅུང་ཟད་ཀྱང་མེད་བཞིན་དུ་སྨྲ་བ་ནི་གཞི་མེད་ཡིན་ནོ། །གསུམ་པ་བག་ཙམ་གྱི་སྐུར་འདེབས་དཔེས་བསྟན་པ་ནི། བག་ཙམ་ཉིད་རབ་ཏུ་གསལ་བར་བསྟན་པ་ནི། རྒྱལ་པོའི་ཁབ་ཏུ་ཡིད་རབ་ཏུ་དང་ཞིང་ཚངས་སྤྱོད་དག་ལ་བློ་སྟེ་ཤེས་རབ་དང་ལྡན་པ་དགེ་སློང་མ་ཨུཏྤ་ལའི་མདོག་ཅན་ཞེས་བྱ་བ་བྱུང་ལ། རྫིང་བུ་རབ་ཞིའམ་རྡོ་བརྩིགས་ཅན་ཞེས་པའི་འགྲམ་དུ་གྱད་བུ་ནོར་ཞེས་བྱ་བའི་དགེ་སློང་ཞིག་ཡོད་པ་ཅན་གྱི་གནས་སུ་དགེ་སློང་མ་དེས་ཉེ་བར་འོངས་སོ། །དེ་དང་ཧ་ཅང་དང་མི་རིང་བར་དགེ་སློང་ས་ལས་སྐྱེས་དང་མཛའ་བོ་གཉིས་གནས་སོ། །རྫིང་བུ་དེར་ནི་རི་དྭགས་ཕོ་མོ་གཉིས་ཆུ་འཐུང་དུ་འོངས་བ་རི་དྭགས་མོ་ལ་འཁྲིག་པ་སྤྱོད་པ་མཛའ་བོ་དང་ས་ལས་སྐྱེས་ཀྱིས་མཐོང་ངོ༌། །དེ་མཐོང་བ་ན་ས་ལས་སྐྱེས་ཀྱིས་རང་གི་མཛའ་བཤེས་མཛའ་བོ་ལ་དྲིས་པ། ཁྱེད་ཀྱིས་སྲོག་ཆགས་མི་ཚངས་སྤྱོད་བྱེད་པ་དང༌། དགེ་སློང་དང་དགེ་སློང་མ་ཨུཏྤ་ལའི་མདོག་ཅན་ཡང་མཐོང་ངམ་ཅི་ཞེས་དྲིས་པས། མཛའ་བོ་དེ་ཡིས་མཐོང་ངོ་ཞེས་སྨྲས་ཏེ། སྙད་བག་ཙམ་འདི་ཙམ་ལས་བྱུང་བ་འདི་ཡིས་གྱད་བུ་ནོར་འདི་བདག་ཅག་གིས་ཕམ་པའི་སྒོ་ནས་བརླག་པར་བྱའོ་ཞེས་ས་ལས་སྐྱེས་དེ་ཡིས་ཁྲོས་ནས་གྱད་བུ་ནོར་གྱིས་ཨུཏྤ་ལའི་མདོག་ལ་ཕམ་པ་དང་པོ་སྤྱད་དོ་ཞེས་སྨྲས་པར་ཟད་དོ། །མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་ཡང་ཡང་སྐུར་པ་འདེབས་པ་ནི་ཚེ་རབས་དུ་མ་ནས་ཞེ་འགྲས་པའི་དོན་གྱིས་ཡིན་ནོ། །ཀུན་སློང་ཁོང་ཁྲོ་དང་སྐུར་པ་འདེབས་པའི་བསམ་པ་དེ་ལ་སོགས་པས་ཀུན་ནས་བསླང་བའི་བག་ཙམ་གྱི་བྱེ་བྲག་དུ་མ་ཡོད་པ་དག་ཡིད་གཅུགས་དམན་པ་ཕྲག་དོག་གི་བློ་ཅན་དག་གིས་ལྟུང་བ་དང་སྐྱོན་ཅན་དུ་དྲན་པར་བྱས་ནས་སྤང་བྱར་ཤེས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ནོ། །བཅུ་པ་རྒྱལ་པོའི་ཁབ་ཏུ་ལྷས་སྦྱིན་ལ་བཅས་པ་དགེ་འདུན་གྱི་དབྱེན་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། བཞམས་ཏེ་བསྒོ་བ་དང༌། གསོལ་བ་དང་བརྗོད་པ་སོགས་ཀྱི་ཆོ་ག་ཡིས་ལན་གསུམ་གྱི་བར་དུ་བཟློག་ན་ཡང་མི་ཉན་པར་མཚམས་ནང་གི་དགེ་འདུན་མཐུན་པ་རྣམས་འབྱེད་པའི་ལས་བྱེད་ན་དགེ་འདུན་གྱི་ལྷག་མའི་ལྟུང་བ་འཐོབ་བོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ཡན་ལག་དང༌། དགེ་འདུན་གྱི་དབྱེན་གཏན་ལ་དབབ་པའོ། །དང་པོ་ལ་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་བཞི་ལས། གཞི་ནི་མཚམས་ནང་གི་ཕྱོགས་གཉིས་ཀྱི་དགེ་འདུན་ཡོངས་སུ་ཚང་བའོ། །བསམ་པ་ནི་ཕྱོགས་གཉིས་སུ་འབྱེད་པར་འདོད་པའོ། །སྦྱོར་བ་ནི་ཕྱོགས་གཉིས་སུ་འབྱེད་པའི་ལས་རྩོམ་པའོ། །མཐར་ཐུག་ཟློག་བྱེད་ཀྱི་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ནའོ། །གཉིས་པ་དགེ་འདུན་གྱི་དབྱེན་གཏན་དབབ་པ་ལ་གཉིས་ཏེ། དགེ་འདུན་གྱི་དབྱེན་དང༌། འཁོར་ལོའི་དབྱེན་ནོ། །དང་པོ་ལ་ངོ་བོ་ནི་དགེ་འདུན་ཕྱོགས་གཉིས་སུ་བློ་མི་མཐུན་པར་གྱུར་པས་གྱེས་པ་ལྡན་མིན་འདུ་བྱེད་དོ། །དགེ་མི་དགེ་ལུང་མ་བསྟན་གསུམ་ལས་གང་དུ་གཏོགས་ཤེ་ན། མ་བསྒྲིབས་ལུང་མ་བསྟན་ཏེ། མཛོད་ལས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །ཞེས་སོ། །དགེ་འདུན་གྱི་དབྱེན་བྱེད་པའི་ལས་ནི་རྫུན་གྱི་ངག་གི་ལས་ཏེ་མི་དགེ་བར་གཏོགས་པ་ནི་དེ་ཉིད་དོ། །འདིར་དགེ་འདུན་གྱི་དབྱེན་དང༌། དབྱེན་བྱེད་པའི་ལས་གཉིས་སོ་སོར་ཤེས་པར་བྱའོ། །བྱེ་བའི་ཚད་ནི་གཞན་ལ་སྟོན་པར་གཟུང་བ་དང་དེས་བསྟན་པའི་ལམ་ལ་ལམ་དུ་གཟུང་བ་སྟེ། མཛོད་ལས། སྟོན་དང་ལམ་གཞན་ལ་བཟོད་པ། །བྱེ་བའོ། །ཞེས་སོ། །གཉིས་པ་འཁོར་ལོའི་དབྱེན་ནི། སྟོན་པ་བཞུགས་པའི་དུས་སུ་འབྱུང་གི་ཕྱིས་མི་འབྱུང་སྟེ། འགྲན་ཟླར་གྱུར་པའི་སྟོན་པ་མྱ་ངན་ལས་འདས་པའི་ཕྱིར་རོ། །ལས་ཀྱི་དབྱེན་ནི་བསྟན་པ་གང་ན་ཡོད་པའི་གནས་སུ་འབྱུང་བར་བཤད་དོ། །རྒྱས་པར་མཛོད་ཀྱི་རྣམ་བཤད་དུ་བསྟན་ཟིན་ཏོ། །གཉིས་པ་ཚིག་དོན་ལ་གཉིས་ཏེ། རྫོགས་པར་བྱེད་པའི་རྐྱེན། གཞིའི་རབ་དབྱེ་བསྟན་པའོ། །དང་པོ་ལ་བཞམས་སྒོ་ངོས་གཟུང་བ་ནི། གསོལ་བ་མ་གཏོགས་པའི་སྔ་རོལ་གྱི་དགེ་འདུན་གྱི་དབྱེན་བྱེད་པ་བཟློག་པའི་ཚིག་ཐམས་ཅད་བཞམས་ཏེ་བསྒོ་བ་ཞེས་བྱ་སྟེ། གཞན་དབྱེན་བྱེད་པ་པོ་ལ་གྲོས་ཀྱིས་ལྐོག་ཏུ་དབྱེན་བྱེད་པ་བཟློག་པའི་ངག་གིས་བསྒོ་བའོ། །བཞམས་བསྒོའི་ཚིག་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་འདིར་མཆོག་སྟོན་པ་གཅིག་པ་དང་འབྲས་བུ་གཅིག་པ་ལ་སོ་སོར་འབྱེད་པ་འདི་མ་བྱེད་ཅེས་ལྐོག་ཏུ་རྒྱས་པར་བསྙད་པའི་ངག་གི་ཚིག་ནི་བཞམས་ཏེ་བསྒོ་བའི་ཚིག་གོ །གལ་ཏེ་བཞམས་ཏེ་བསྒོ་བས་ཀྱང་དགེ་འདུན་གྱི་དབྱེན་བྱེད་པ་མི་གཏོང་ན་དེ་ལ་གསོལ་བཞིའི་ལས་ཀྱིས་དགེ་འདུན་གྱི་དབྱེན་བྱེད་པ་གཏོང་བའི་ཐབས་ཀྱི་བཀའ་བསྒོ་བྱའོ། །བྱ་བའི་ལས་དེ་ནི་གསོལ་བ་དང་བཞིའི་ལས་སོ། །བྱིས་པ་གང་དགེ་འདུན་གྱི་དབྱེན་བྱེད་པ་དེ་ཡི་གྲོགས་བྱེད་པ་གང་ཡིན་པ་དེ་ཡང་ཐོག་མར་བཞམས་བསྒོ་དང་དེ་ནས་གསོལ་བ་སོགས་ཀྱི་ལས་ཀྱིས་བཟློག་གོ །གཉིས་པ་གཞིའི་རབ་དབྱེ་བསྟན་པ་ལ་གསུམ་སྟེ། གཉིས་སུ་དབྱེ་བ་དང༌། བཅུ་བཞིར་དབྱེ་བ་དང༌། བཞིར་དབྱེ་བའོ། །དང་པོ་ནི། དབྱེན་གྱི་དབྱེ་བ་རྣམ་པ་གཉིས་སུ་གནས་ཏེ། མཆོག་འབྲས་བུ་གཅིག་པ་ལས་སོ་སོར་འབྱེད་པ་འཁོར་ལོའི་དབྱེན་དང༌། གསོ་སྦྱོང་སོགས་ལས་ཀྱི་འདོན་པ་གཅིག་པ་ལས་སོ་སོར་བྱེ་བའི་དབྱེ་བས་སོ། །དགེ་འདུན་གྱི་དབྱེན་ལ་ཕྱོགས་གཉིས་སུ་འབྱེད་པར་བྱ་བ་དགེ་འདུན་བཞི་བཞི་ཚང་བ་དང༌། འབྱེད་པ་པོ་དང་དགུས་འགྲུབ་བོ། །ལས་ཀྱི་དབྱེན་ནི་ཕྱོགས་གཉིས་ཀྱི་དགེ་འདུན་གྲངས་ཚང་སྟེ་བརྒྱད་ཀྱིས་འགྲུབ་པར་བཤད་དོ། །མཆོག་དང་འདོན་པ་གཅིག་པའི་དོན་ནི། རྣམ་འབྱེད་ཀྱི་འགྲེལ་པ་ལས། མཆོག་གཅིག་ཅེས་བྱ་བ་ནི་འབྲས་བུ་གཅིག་པ་སྟེ། མྱང་འདས་ཀྱི་འབྲས་བུ་མཆོག་དང་ལྡན་པས་སོ། །འདོན་པ་གཅིག་པ་ཞེས་བྱ་བ་ནི་གསོ་སྦྱོང་གཅིག་པའོ་ཞེས་སོ། །གཉིས་པ་བཅུ་བཞིར་དབྱེ་བ་ནི། དབྱེན་གྱི་དབྱེ་བ་སྟོན་པའི་སྐབས་འདིར་སྔ་མའི་དབྱེ་ཚུལ་ལས་ཡང་ཐ་དད་པའི་དབྱེ་བ་རྣམ་པ་བཅུ་བཞི་དག་ཏུ་བཞེད་དོ། །མའི་རྣམ་འབྱེད་ལས། དབྱེན་བྱེད་པའི་དབྱེ་བ་བཅུ་བཞི་སྟེ། ཆོས་ལ་ཆོས་མ་ཡིན་པར་བརྗོད་པ་དང༌། ཆོས་མིན་ལའང་ཆོས་སུ་བརྗོད་པ་དང༌། འདུལ་བ་ལ་འདུལ་མིན་དུ་བརྗོད་པ་དང༌། འདུལ་མིན་ལ་འདུལ་བ་ཉིད་དུ་བརྗོད་པ་བཞི་དང༌། དེ་ལ་སོགས་པ་བཅུ་བཞིར་བརྗོད་དོ། །སོགས་པའི་སྒྲས་བསྡུས་པ་ནི། ལྟུང་བ་ཡིན་མིན་གཉིས་དང༌། ལྷག་མ་ཡིན་མིན་གཉིས་དང༌། ལྕི་ཡང་གཉིས་དང༌། བཤགས་བྱ་དང་བསྡམ་བྱ་གཉིས་དང༌། འདུལ་བ་དང་འགལ་བ་དང༌། ཉེས་པར་བཤད་པར་འགྱུར་བ་སྟེ་ཞེས་སོ། །འདུལ་བ་དང་འགལ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའོ། །གསུམ་པ་བཞི་དབྱེ་བ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། རྩོད་པ་ཞི་བ་འདི་ལ་དབང་བྱེད་པའི་འདུལ་བ་མཁས་པ་ཡིས་རྩོད་པ་རྣམ་པ་བཞིར་ཤེས་པར་བྱའོ། །བཞི་གང་ཞེ་ན། འགྱེད་ཕྱིར་གྱི་རྩོད་པ་དང༌། མི་གདམས་པའི་ཕྱིར་གྱི་རྩོད་པ་དང༌། ལྟུང་བའི་ཕྱིར་གྱི་རྩོད་པ་དང༌། བྱ་བའི་ཕྱིར་གྱི་རྩོད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། འགྱེད་པའི་ཕྱིར་གྱི་རྩོད་པ་དང༌། མི་གདམས་པའི་ཕྱིར་གྱི་རྩོད་པ་དང༌། ལྟུང་བའི་ཕྱིར་གྱི་རྩོད་པ་དང༌། བྱ་བའི་ཕྱིར་གྱི་རྩོད་པའོ། །དང་པོ་ནི། ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་སྣ་ཚོགས་ལ་རྩོད་པ་དང༌། ཚོགས་པ་སྟེ་ལྟུང་བ་སྡེ་ལྔའི་གནས་ལུགས་ལ་མཐུན་པ་མེད་དོ་ཞེས་རྩོད་པ་དང༌། དགེ་འདུན་ཚོགས་པ་མཐུན་པ་མེད་པས་རྩོད་པ་དང༌། གཞན་ཡང་དགེ་འདུན་རྣམས་བསམ་པ་ཐ་དད་པའི་རྐྱེན་གྱིས་སྒྲ་རྟག་མི་རྟག་པའི་དངོས་པོ་རྣམ་པར་དཔྱོད་པ་ལ་སོགས་པས་འབྱུང་བ་སྟེ། འདི་དག་ཐམས་ཅད་འགྱེད་ཕྱིར་གྱི་རྩོད་པའི་དབང་དུ་བྱས་ནས་བརྗོད་དོ། །གཉིས་པ་མི་གདམས་པའི་ཕྱིར་གྱི་རྩོད་པ་ནི། དགེ་སློང་དག་ཀུན་ནས་ཉོན་མོངས་པས་ལྟུང་བ་འབྱིན་པ་ན་ལྟུང་བ་བཤགས་པ་ལ་འཇུག་པའི་དོན་དུ་གླེང་དྲན་བྱེད་པར་བརྩམས་པ་ན་སྐབས་མི་འབྱེད་ན་གསོ་སྦྱོང་འཇོག་པ་སོགས་ཀྱིས་ཕན་ཚུན་དུ་གདམས་ངག་མི་གདམས་པ་དེ་ནི་མི་གདམས་པའི་རྩོད་པ་ལས་བྱུང་བ་ཞེས་བྱ་བར་གྲགས་སོ། །གསུམ་པ་ལྟུང་ཕྱིར་གྱི་རྩོད་པ་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། ལུས་དང་ངག་དང་ཡིད་ཀྱིས་ཕྱེ་བ་དེ་ལྟར་རྟེན་ཐ་དད་ཀྱིས་ཕྱེ་བའི་སྒོ་ནས་དེ་ལྟར་ལྟུང་བ་ཐ་དད་པ་དུ་མར་ཕྱེ་སྟེ། ལུས་ངག་ཡིད་གསུམ་ལས་གང་རུང་གཅིག་པ་ཅན་དང༌། རྣམ་པ་གཉིས་པ་ཅན་དང༌། རྣམ་པ་གསུམ་པ་ཅན་ཏེ་འདི་ནི་ལྟུང་བའི་དབྱེ་བ་ཕྱོགས་ཙམ་བརྗོད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། གཞིའི་སྒོ་ནས་རབ་ཏུ་དབྱེ་བ་དང༌། ལྟུང་བར་འཇོག་པའི་རྒྱུ་མཚན་དང༌། ཀུན་སློང་གིས་དུ་མར་འགྱུར་ཚུལ་ལོ། །དང་པོ་ལ་བཞི་སྟེ། ལུས་ངག་ཡིད་གསུམ་རེ་རེས་ཕྱེ་བ་དང༌། ལུས་དང་ཡིད་གཉིས་ཀྱིས་ཕྱེ་བ་དང༌། ངག་དང་ཡིད་གཉིས་ཀྱིས་ཕྱེ་བ་དང༌། སྒོ་གསུམ་ཚོགས་པས་ཕྱེ་བའོ། །དང་པོ་ནི། གལ་ཏེ་གནས་དེ་ན་བུད་མེད་ཡོད་པར་མི་ཤེས་པར་མུན་ནག་གི་གནས་སྐབས་སུ་དགེ་སློང་གང་ཁྱིམ་གཅིག་ཏུ་བུད་མེད་དང་ལྷན་ཅིག་ཉལ་བ་དང༌། མ་བསམས་པར་ནུབ་གསུམ་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་སྐྱ་རེངས་ཤར་གྱི་བར་དུ་ཉལ་བ་འདི་ནི་ལུས་ཁོ་ན་ལ་བརྟེན་པ་ཉིད་ཀྱི་ལྟུང་བའོ། །ཚིག་གི་གྲངས་ལ་མ་བསམས་པར་བརྡ་ཕྲད་པའི་བུད་མེད་དག་ལ་ཕུང་པོ་ལྔ་སྟོན་པ་ལས་བརྩམས་ཏེ་ཚིག་རྐང་པ་ལྔས་ཆོས་སྟོན་པར་འདོད་པ་ན་ཚིག་རྐང་པ་དྲུག་གིས་ཆོས་སྟོན་པའམ། ཡུལ་གྱི་སྐྱེ་མཆེད་དྲུག་ལྟ་བུ་ལས་བརྩམས་ཏེ་ཚིག་རྐང་པ་དྲུག་གིས་ཆོས་སྟོན་པ་ན་རྐང་པ་དྲུག་ལས་ལྷག་པའི་ཚིག་སྨྲས་པ་ལ་ནི་ངག་གི་ལྟུང་བར་བརྗོད་དོ། །ཡིད་རྐྱང་པ་ལས་བྱུང་བ་ནི་གསོ་སྦྱོང་གི་དུས་ཀྱི་ཚེ་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན་ཡང་ལྟུང་བ་ཡོད་པར་ཤེས་བཞིན་དུ་སྐྱོན་ཡོད་པར་སྨྲ་བར་མི་བྱེད་ན་དེ་ལ་ཉེས་བྱས་ཉིད་དུ་གཏོགས་པའི་ཡིད་ཁོ་ན་ལ་བརྟེན་པ་ཉིད་ཀྱི་ལྟུང་བར་མཁས་པས་རྟོགས་སོ། །གཉིས་པ་ལུས་དང་ཡིད་གཉིས་ལ་བརྟེན་པ་ནི། ལུས་དང་ཡིད་གཉིས་དང་འབྲེལ་བའི་ལྟུང་བ་ངོས་གཟུང་བ་ནི་ཡང་དག་པར་བསམས་ནས་སྲོག་གཅོད་པ་ལ་འཇུག་པ་ལྟ་བུ་དང༌། ཡང་དག་པར་བསམས་ནས་མ་བྱིན་ལེན་ལ་འཇུག་པ་ལྟ་བུ་དང༌། ཡང་དག་པར་བསམས་ནས་ཆང་འཐུང་བ་སོགས་ལ་བསྟེན་པ་ཉིད་ལའང་ལྟུང་བ་བདག་ཏུ་འདོད་པ་ཡིན་ནོ། །གསུམ་པ་ངག་དང་ཡིད་གཉིས་ལ་བརྟེན་པ་ནི། གསུམ་པ་ངག་དང་ཡིད་ལས་གྱུར་པའི་ལྟུང་བ་དེ་ནི། ཡང་དག་པར་བསམས་ནས་ཁྲིམས་གྲོགས་མེད་པར་བུད་མེད་དག་ལ་ཚིག་ལྔ་དང་དྲུག་ཙམ་སྨྲས་པ་ལས་ལྷག་པར་བརྗོད་པའོ། །ཡང་བསམས་བཞིན་དུ་བརྫུན་དུ་སྨྲ་བ་ལ་སོགས་པ་ལའང་འདོད་པ་ཡིན་ནོ། །བཞི་པ་ནི། ཡིད་ཀྱིས་ཀུན་ནས་བསམས་ནས་ངག་ཏུ་བརྡེག་ཅེས་བརྗོད་དེ་ལུས་ཀྱིས་ལུས་ཅན་ཕ་རོལ་པོ་ལ་བརྡེགས་ན་འདི་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམ་པ་གསུམ་པ་ཅན་གྱི་ལྟུང་བའོ། །གཉིས་པ་ལྟུང་བར་འཇོག་པའི་རྒྱུ་མཚན་ནི། དགེ་སློང་ལ་ནི་མི་དགེ་བས་ཀུན་ནས་བསླངས་པ་ལ་ལྟུང་བ་ལྕི་བར་འགྱུར་གྱི། སེམས་དགེ་བས་ཀུན་ནས་བསླངས་ན་ལྕི་བ་མ་ཡིན་ནོ། །གསུམ་པ་ཀུན་སློང་གིས་དུ་མར་འགྱུར་ཚུལ་ལ་གསུམ་སྟེ། ཡང་བར་འགྱུར་ཚུལ་དང༌། ལུང་མ་བསྟན་དུ་འགྱུར་ཚུལ་དང༌། མི་དགེ་བར་འགྱུར་ཚུལ་ལོ། །དང་པོ་ནི། སེམས་དགེ་བས་བྱེད་ན་དེ་ལ་ལྟུང་བ་ཙམ་དུ་གཏོགས་པ་ཡིན་གྱི་ལྕི་བ་མིན་པ་ཡོད་དེ། མཆོད་རྟེན་ལས་སྐྱེས་པའི་རྩ་སྔོན་གཅོད་པར་བྱེད་པ་བཞིན་དང༌། ཇི་ལྟར་སྟོན་པ་ལ་ནི་དགེ་བའི་སེམས་ཀྱིས་ནི་མཆོད་པར་འདོད་པས་མེ་ཏོག་གི་ཕྲེང་བ་སྤེལ་བའི་ཕྱིར་དུ་མེ་ཏོག་སོགས་འཐོག་པ་བཞིན་ནོ། །གཉིས་པ་ལུང་མ་བསྟན་དུ་འགྱུར་ཚུལ་ནི། མ་བསམས་པར་ཐུབ་པས་བཅས་པའི་བསླབ་པ་དྲལ་བའམ་དགེ་འདུན་རྣམས་ཀྱིས་བཅས་པའི་ནང་ཁྲིམས་དྲལ་བར་གྱུར་ན་ལུང་དུ་མ་བསྟན་པར་གསུངས་པ་སྟེ། ལྟུང་མེད་མིན་ལ་དགེ་བ་ནམ་ཡང་མིན་ནོ། །གསུམ་པ་མི་དགེ་བར་འགྱུར་ཚུལ་ནི། ཡང་དག་པར་བསམས་ནས་ཐུབ་པའི་བསླབ་པ་ལས་འདས་པའམ་དགེ་འདུན་གྱི་ནང་ཁྲིམས་ལས་འདས་ན་ནི་མི་དགེ་བ་ཉིད་ཁོ་ནར་འགྱུར་རོ། །ཞུ་བར། བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལ་བསམས་བཞིན་དུ་འདས་ན་མི་དགེ་བ་ཞེས་བྱ་ལ། མ་བསམས་པར་འདས་ན་ལུང་མ་བསྟན་ཞེས་བྱའོ་ཞེས་སོ། །ཉེས་པ་རྣམས་སྒོམ་སྤང་ངོ༌། །ཞེས་ཀྱང་ངོ༌། །དབྱེ་བ་འདི་ནི་རྗེས་སུ་མ་གནང་བ་སྟེ་ལུང་ལས་དངོས་སུ་མ་གསུངས་ན་ཡང་དབྱེན་གྱི་སྐབས་ལས་ཞར་ལ་འོངས་པ་བརྗོད་པ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། གོང་དུ་བསྟན་པ་དེ་ལྟར་ལྟུང་བར་འགྱུར་ཚུལ་རྣམ་པ་དུ་མ་ཡོད་པ་ཡིས་ནི་གང་ཟག་གང་ལ་ལྟུང་བ་གང་བྱུང་བ་གླེང་བའི་དུས་སུ་ལྟུང་བ་སོ་སོའི་སྒོ་ནས་རྩོད་པས་ན་འདིར་ལྟུང་ཕྱིར་གྱི་རྩོད་པའི་དབང་དུ་བྱས་པའི་ལྟུང་བ་འདི་ནི་ཤེས་བྱ་མ་ལུས་པ་ལ་མཁས་པས་གསུངས་སོ། །བཞི་པ་བྱ་ཕྱིར་གྱི་རྩོད་པ་ནི། གསོལ་བ་དང་བརྗོད་པ་ལ་སོགས་པའི་ལས་བྱེད་པ་ན་འདི་དག་ནི་རུང་བ་མིན་ཞེས་འདུན་པ་ཕྱིར་བཟློག་གི་སྒོ་ནས་སྨྲ་བ་མཐུན་པ་མི་སྦྱིན་པ་རྣམས་ནི་བྱ་བའི་རྒྱུ་ལས་རྩོད་པ་དང༌། འཐབ་མོའི་ཡང་རྒྱུ་རུ་འདོད་དོ། །འདིའི་ཞི་བྱེད་ལ་ཞི་བྱེད་བདུན་ཆར་འཇུག་སྟེ། བྱ་བ་ཐམས་ཅད་ནི་ཞི་བའི་ཕྱིར་འཇུག་གོ་ཞེས་སོ། །དགེ་འདུན་གྱི་དབྱེན་རྒྱས་པར་བསྟན་ཟིན་ཏོ། །གསུམ་པ་དོན་བསྡུ་བ་ནི། མདོར་ན་དགེ་འདུན་འབྱེད་པར་གང་བརྩོན་པའི་བློ་ཆུང་གིས་ནི་བཞམས་ཏེ་བསྒོ་བའི་སྔ་རོལ་དུ་ཉེས་བྱས་འཐོབ་བོ། །ཡང་དེ་ལ་བཞམས་ཏེ་བསྒོ་བའི་ཚིག་གིས་བཟློག་ཀྱང་མི་གཏོང་ན་ཉེས་བྱས་ཉིད་དུ་རྣམ་པར་གཞག་གོ །སྦོམ་པོར་བཤད་པ་ནི་མ་དག་པར་མངོན་ཏེ། གསོལ་བའི་མཐའ་ལ་མི་གཏོང་བ་དང་ཉེས་པ་ཆེ་ཆུང་མེད་པར་ཐལ་བའི་ཕྱིར་རོ། །གསོལ་བ་དང་བརྗོད་པ་དང་པོ་གཉིས་ཀྱི་མཐའ་ལ་མི་གཏོང་བའི་སྦོམ་པོ་ལ་ཡང་བྱེ་བྲག་ཡོད་དེ། གསོལ་བའི་མཐའ་ལ་མི་གཏོང་བ་ལ་སྦོམ་པོ་ཡང་བ་དང༌། བརྗོད་པ་དང་པོ་དང་གཉིས་པའི་མཐའ་ལ་མི་གཏོང་བ་ལ་ཡང་སྦོམ་པོ་ལྕི་བ་དང་ཤིན་ཏུ་ལྕི་བའི་བྱེ་བྲག་ཡོད་པས་སོ། །གལ་ཏེ་དེ་དག་ལ་ཉེས་པ་ཆེ་ཆུང་གི་བྱེ་བྲག་མེད་ན་བརྗོད་པ་ཐ་མའི་མཐའ་ལ་ཡང་དགེ་འདུན་ལྷག་མར་མི་འགྱུར་རོ། །གསོལ་བ་དང་བཞིའི་ལས་ལས་དང་པོ་ཟློག་བྱེད་ཉིད་དུ་གསོལ་བའི་ལས་བརྗོད་པའི་ཚེ་མཐའ་ལ་མི་གཏོང་ན་སྦོམ་པོ་ཉིད་དོ། །བརྗོད་པ་དང་པོའི་མཐའ་ལ་མི་གཏོང་ན་ནི་སྦོམ་པོའོ། །བརྗོད་པ་གཉིས་པའི་མཐའ་ལའང་མི་གཏོང་ན་སྦོམ་པོ་དེ་ཉིད་ཡིན་ནོ། །དེ་རྗེས་བརྗོད་པ་གསུམ་པ་ལ་མི་གཏོང་བ་དེ་ལ་ནི་དགེ་འདུན་ལྷག་མ་ཉིད་དུ་འགྱུར་རོ། །མདོར་ན་ཉེས་བྱས་གཉིས་དང༌། སྦོམ་པོ་གསུམ་དང༌། ལྷག་མ་གཅིག་ཏུ་བཤད་དོ། །དེ་ལྟར་བསྒོ་བ་ལས་གྱུར་བའི་སྐབས་སུ་ལྟུང་བ་འབྱུང་ཚུལ་འདི་ནི་ལེགས་པར་བརྟགས་པ་སྟེ་ལེགས་པར་ཤེས་པར་གྱིས་ཤིག་ཅེས་པའོ། །བཅུ་གཅིག་པ་དགེ་འདུན་གྱི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པའི་ལྟུང་བ་ནི། རྒྱལ་པོའི་ཁབ་ཏུ་ཀོ་ཀ་ལི་ཀ་ལ་སོགས་པ་ལ་བཅས་པ་སྟེ། གང་ཡང་དགེ་འདུན་གྱི་དབྱེན་བྱེད་པ་ལྷས་བྱིན་དེའི་རྗེས་སུ་འབྲང་བའི་དགེ་སློང་སྡིག་ཏོ་ཅན་ཀོ་ཀ་ལི་ཀ་ལ་སོགས་པ་རྣམས་ཀྱང་བཞམས་ཏེ་བསྒོ་བ་དང༌། སོགས་པ་གསོལ་བ་དང་བརྗོད་པའི་ཆོ་ག་ཡིས་བཟློག་ཀྱང་མི་གཏོང་ན་འདི་དག་ཀུན་ལའང་སྔར་བཞིན་དུ་བཞམས་བསྒོའི་དུས་སུ་ཉེས་བྱས་དང༌། གསོལ་བ་དང་བརྗོད་པ་དང་པོ་གཉིས་ཀྱི་མཐའ་ལ་སྦོམ་པོ་དང༌། གསུམ་པའི་མཐའ་ལ་ལྷག་མ་ཉིད་དུ་འགྱུར་རོ། །བཅུ་གཉིས་པ་ཁྱིམ་སུན་འབྱིན་པ་ནི། །ནབས་སོ་དང་འགྲོ་མགྱོགས་དང་དམར་སེར་ཅན་ལ་སོགས་པ་ལ་བཅས་པ་སྟེ། འདི་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། ཁྱིམ་སུན་འབྱིན་པའི་ལྟུང་བ་འདི་ནི་གཞན་ཁྱིམ་པ་སུན་འབྱིན་པ་ཡིས་ནི་གཞག་སྟེ། གཞན་སུན་འབྱིན་པའི་ཚུལ་ནི་རྣམ་པ་གཉིས་སུ་གསུངས་སོ། །སུན་འབྱིན་པ་གཅིག་ནི་འགྲོགས་པས་གཞན་སུན་འབྱིན་པ་ཡིན་ཏེ་དང་པོའོ། །སུན་འབྱིན་པ་གཉིས་པ་ཡང་ནི་ལོངས་སྤྱོད་ལྷན་གཅིག་ཏུ་བྱེད་པ་ཉིད་ཀྱིས་སུན་འབྱིན་པའོ། །གཉིས་པ་རྒྱས་པ་བཤད་པ་ལ་གསུམ་སྟེ། འགྲོགས་པས་སུན་འབྱིན་པ། ལོངས་སྤྱོད་ཚུལ་གྱིས་སུན་འབྱིན་པ། ལུང་གི་དོན་བཤད་པའོ། །དང་པོ་འགྲོགས་པས་སུན་འབྱིན་པ་ནི། བུད་མེད་དང་ལྷན་ཅིག་ཏུ་རྩེ་འཇོ་དང་འཕྱར་གཡེང་ལ་སོགས་པར་བརྟེན་པས་ཁྱིམ་པ་མ་དད་པར་བྱེད་པའོ། །འཕྱར་གཡེང་ནི་གཞི་འགྲེལ་ལས་འཁྱུད་པ་དང་འོ་བྱེད་པ་སོགས་སུ་བཤད་ལ། ཕྲན་ཚེགས་ཀྱི་འགྲེལ་པར། འཁྱུད་པ་སོགས་རེས་འགའ་བྱེད་པ་ནི་འཕྱར་བ་དང༌། ཡང་ཡང་བྱེད་པ་ནི་གཡེང་བའོ་ཞེས་སོ། །གཉིས་པ་ལོངས་སྤྱོད་ཚུལ་གྱིས་སུན་འབྱིན་པ་ནི། བུད་མེད་དང་ལྷག་ཅིག་ཏུ་མེ་ཏོག་དང་འབྲས་བུ་འཐོག་པ་དང༌། བཟའ་བཏུང་ལ་སོགས་པ་ལྷན་ཅིག་བྱེད་པས་ཁྱིམ་པ་མ་དད་པར་བྱེད་པའོ། །གསུམ་པ་ལུང་གི་དོན་བཤད་པ་ནི། ཁྱིམ་སུན་འབྱིན་པ་ནི་མཐོང་བ་ལ་སོགས་རྣམ་པ་གསུམ་དུ་འདོད་དོ། །གསུམ་ནི་མིག་གིས་ཤེས་པས་མཐོང་བ་ནི་མཐོང་བ་དང༌། སོགས་པ་རྣ་བའི་ཤེས་པས་ཐོས་པས་ནི་ཐོས་པ་དང༌། ཡིད་དང་སོགས་པ་སྣ་ལྕེ་ལུས་གསུམ་གྱིས་ཤེས་པ་ནི་ཤེས་པ་ཞེས་བྱའོ། །མཛོད་དུ། སྣ་ལྕེ་ལུས་གསུམ་གྱིས་ཤེས་པ་ནི་རྟོགས་པ། ཡིད་ཀྱིས་ཤེས་པ་ནི་ཤེས་པ་ཞེས་ཏེ། མིག་རྣ་ཡིད་ཀྱི་རྣམ་ཤེས་དང༌། །གསུམ་གྱིས་ཉམས་སུ་མྱོང་གང་ཡིན། །མཐོང་ཐོས་རྣམ་པར་ཤེས་པ་དང༌། །རྟོགས་པ་ཡིན་ཏེ་རིམ་བཞིན་བཤད། །ཅེས་སོ། །གསུམ་པ་དོན་བསྡུ་བ་ནི། ཁྱིམ་སུན་འབྱིན་པ་བསྐྲད་པ་ན། སྐྲོད་བྱེད་དགེ་འདུན་ལ་སྐུར་པ་འདེབས་པ་ལ་བཞམས་བསྒོ་དང་གསོལ་བ་དང་བརྗོད་པ་ལ་སོགས་རིམ་པ་བཞིན་བྱས་ཀྱང་མི་གཏོང་ན་ཉེས་བྱས་དང༌། སོགས་པ་སྦོམ་པོ་དང་ལྷག་མ་སྔར་བསྟན་པ་བཞིན་དུ་བལྟའོ། །བཅུ་གསུམ་པ་བཀའ་བློ་མི་བདེ་བ་ནི་ཀོའུ་ཤཱམྦིར་འདུན་པ་ལ་བཅས་པ་སྟེ། འདི་ལ་གསུམ་སྟེ། ངོ་བོ་ངོས་གཟུང་བ་དང༌། བསླབ་བའི་གཞི་དང༌། རྫོགས་བྱེད་ཀྱི་རྐྱེན་ནོ། །དང་པོ་ནི། བཀའ་བློ་མི་བདེ་བས་ཀྱང་ནི་བཞམས་བསྒོ་སོགས་ཀྱིས་མི་གཏོང་ན་དགེ་འདུན་ལྷག་མའི་ལྟུང་བ་འབྱུང་བར་བསྟན་ཏོ། །ཀྱང་ནི་སྔ་མ་རྣམས་སྡུད་ཚིག་གོ །བཀའ་བློ་མི་བདེ་བ་ནི་དགེ་སློང་རྣམས་ཀྱིས་སོ་སོ་ཐར་པ་ལ་སོགས་པ་བསླབ་པའི་གཞི་རྣམས་དང༌། མདོར་གཏོགས་པའི་ཆོས་དང༌། འདུལ་བ་དང་མཐུན་པར་སློབས་ཤིག་ཅེས་བསྐུལ་བ་ན་སྐུལ་བར་བྱེད་པའི་ཕན་པར་སྨྲ་བ་རྣམས་ལ་འདི་སྐད་བརྗོད་དུ་རུང་བ་མ་ཡིན་ཞེས་བཟློག་ཚིག་སྨྲ་བའོ། །འདི་ལ་སྨྲ་བར་བྱ་བའི་གཞི་ནི་དགེ་སློང་ལྟུང་བ་གླེང་བ་ལ་ཕྱིན་ཅི་མ་ལོག་ཏུ་ཞུགས་པའོ། །བདག་ཉིད་ནི་གཞན་གྱིས་གླེང་དྲན་དང་བཞམས་བསྒོ་བྱས་པའོ། །ཀུན་སློང་ནི་གཞན་གྱིས་ལྟུང་བ་གླེང་བའི་གོ་སྐབས་མི་འབྱེད་པའི་བསམ་པའོ། །སྦྱོར་བ་ནི་བདག་ལ་དགེ་སློང་སུས་ཀྱང་ལྟུང་བ་མ་གླེང་ཞེས་གོ་བར་བྱེད་པའོ། །མཐར་ཐུག་བརྗོད་པ་གསུམ་པ་རྫོགས་པ་ནའོ། །གཉིས་པ་ནི། བསླབ་གཞི་དང་མདོར་གཏོགས་པ་གང་ཞེ་ན། ཕས་ཕམ་དང་ལྷག་མ་ལ་སོགས་པ་ལྟུང་བ་སྡེ་ལྔ་དང་མ་ངེས་པའི་ཆོས་གཉིས་ཏེ། གང་ཞིག་སྟོན་པས་སོ་སོ་ཐར་པར་གསུངས་པའི་བསླབ་པ་དེ་ནི་བསླབ་པའི་གཞི་ཞེས་བྱའོ། །སྟོན་པས་ཉེ་བར་བསྟན་པ་བཤད་ལུང་འདུལ་བ་སྡེ་བཞིར་གང་གསུངས་པ་ནི་མདོར་གཏོགས་པའོ། །གསུམ་པ་རྫོགས་བྱེད་ཀྱི་རྐྱེན་ནི། ཕན་པར་སྨྲ་བ་འགོག་པ་འདི་ལ་དགེ་སློང་ཆོས་ལྡན་རྣམས་ཀྱིས་ངེས་པར་བསྒོའོ། །གང་གི་སྒོ་ནས་ན། གང་ཞིག་སྟོན་པའི་བཀའ་ལ་གཏོགས་པའི་ཆོས་རྣམས་དང་མཐུན་པར་སློབ་ཅེས་པའི་ཚུལ་གྱིས་སོ། །གལ་ཏེ་བཞམས་ཏེ་བསྒོ་བས་མི་གཏོང་ན་སྔར་བཞིན་དུ་ཉེས་བྱས་སོ། །ལ་སོགས་པ་གསོལ་བ་དང་བརྗོད་པ་དང་པོ་གཉིས་ཏེ་གསུམ་པོ་རེ་རེའི་མཐའ་ལ་མི་གཏོང་ན་སྦོམ་པོ་གསུམ་དུ་འགྱུར་རོ། །བརྗོད་པ་ཐ་མ་ལ་མི་གཏོང་ན་སྔར་བཞིན་དུ་ལྷག་མར་འགྱུར་རོ། །དགེ་འདུན་གྱིས་བསྒོ་བའི་མཐར་ལ་མི་གཏོང་ན་ལྷག་མར་འགྱུར་བ་ཡིན་གྱི། གང་ཟག་གིས་གླེང་བ་ལ་མི་གཏོང་བ་ལ་ནི་དངོས་གཞི་མི་བསྐྱེད་དོ་ཞེས་གསུངས་སོ། །གསུམ་པ་དོན་བསྡུ་བ་ནི། ལྷག་མ་བཅུ་གསུམ་པོ་འདི་དག་ནི་དགེ་འདུན་ལས་སྤོ་མགུ་སྤྱད་པ་ལས་ལྟུང་བ་ལས་ལྡང་བའི་ཕྱིར་དགེ་འདུན་ལྷག་མའོ། །ལྷག་མ་བཅུ་གསུམ་ལས་ཕྱི་མ་དབྱེན་ལ་སོགས་པ་བཞི་ནི་བརྗོད་པ་གསུམ་གྱིས་བཟློག་པའི་མཐའ་ལ་མི་གཏོང་ན་ལྷག་མའི་ལྟུང་བར་འགྱུར་ལ། ལྷག་མ་སྔ་མ་དགུ་ནི་བཞམས་བསྒོ་སོགས་ཀྱིས་རིམ་པ་བཞིན་དུ་བཟློག་པ་ལ་མི་ལྟོས་པར་དགེ་འདུན་ལྷག་མའི་ལྟུང་བར་ངེས་པར་བསྟན་ནོ། །ཕྱི་མ་བསྒོ་གྱུར་གྱི་ལྟུང་བ་བཞི་ལ་སྦྱར་བ་ནི་མཚོན་པ་ཙམ་དུ་སྦྱར་བ་ཡིན་ནོ། །སྤྱིར་བསྒོ་གྱུར་ནི་བཅུ་སྟེ། སྡོམ་ནི། དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །བཀའ་བློ་མི་བདེ་ཁྱིམ་སུན་འབྱིན། །སྡིག་ལྟ་མི་གཏོང་བཟློག་ཕམ་དང༌། །དཀོན་མཆོག་གཏོང་དང་སྡེ་ཞིང་གནས། །གནས་པ་བྱེད་འཇུག་འཐབ་ཀྲོལ་ལོ། །ལྷག་མ་བཅུ་གསུམ་བསྟན་ཟིན་ཏོ། །གཉིས་པ་མ་ངེས་པ་ཕྱིར་བཅོས་ལ་གཉིས་ཏེ། མ་ངེས་པ་དངོས་དང༌། དེའི་ཕྱིར་བཅོས་སོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང༌། སོ་སོའི་མཚན་ཉིད་དང༌། ཐུན་མོང་གི་མཚན་ཉིད་དོ། །དང་པོ་ནི། ཕམ་ལྷག་ལྟུང་བྱེད་གསུམ་དུ་མ་ངེས་པ་དང༌། ལྷག་མ་དང་ལྟུང་བྱེད་གཉིས་སུ་མ་ངེས་པ་སྟེ་མ་ངེས་པའི་ཆོས་གཉིས་ནི་བསླབ་པའི་གཞི་འདུལ་བ་ལས་གསུངས་པ་རབ་ཏུ་བརྗོད་དོ། །གཉིས་པ་སོ་སོའི་མཚན་ཉིད་ལ་མ་ངེས་པ་དང་པོ་ནི། མཉན་ཡོད་དུ་དགེ་སློང་འཆར་ཀས་སྦེད་མ་དང་ལྷན་ཅིག་ཏུ་ཉེ་བར་གནས་ནས་རེག་སྟེ། འཆར་ཀའི་པུས་མོ་ལ་སྦེད་མའི་པུས་མོ་གཏད་དེ་ཆོས་མཉན་པ་ལས། མགོན་པོ་སངས་རྒྱས་ཀྱིས་དགེ་འདུན་གྱི་ཚོགས་ཀྱི་དབུས་སུ་མ་ངེས་པའི་ཆོས་དང་པོ་ཕམ་པ་དང་ལྷག་མ་དང་ལྟུང་བྱེད་གསུམ་དུ་མ་ངེས་པའི་བཅས་པ་མཛད་དོ། །མ་ངེས་པ་གཉིས་པ་ནི། རྒྱལ་པོའི་ཁབ་ཏུ་ཤི་རི་ཀས་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་དང་ལྷན་ཅིག་མ་རེག་པ་ལ་འདུག་པ་ལ་བརྟེན་ནས་དབེན་པའི་གནས་སུ་དགེ་སློང་གཅིག་པུ་ཞིག་བུད་མེད་གཅིག་དང་ལྷན་ཅིག་ཏུ་འདུག་པར་བྱེད་ན་བུད་མེད་གང་འདོད་པ་བསྟེན་དུ་རུང་ངམ་མི་རུང་ཡང་མ་ངེས་པ་གཉིས་པའི་ཆོས་ལྷག་མ་དང་ལྟུང་བྱེད་གཉིས་སུ་མ་ངེས་པའི་ཆོས་སུ་བརྗོད་དོ། །འདིས་འདོད་པ་བསྟེན་ན་ཕམ་པར་མི་འགྱུར་རམ་ཞེ་ན། འདིར་དངོས་པོ་མི་གཙོ་ཡི་བསམ་པས་མ་ངེས་པས་མ་ངེས་པ་ཞེས་བརྗོད་དོ། །གསུམ་པ་ཐུན་མོང་གི་མཚན་ཉིད་ནི། དབེན་པ་ཞེས་གསུངས་པ་ནི་གནས་གང་དུ་ཁྲིམས་གྲོགས་གཞན་མེད་པ་འདི་ནི་དབེན་པ་ཡིན་ལ། ལུང་ལས་སྐྱབས་ཡོད་ཀྱི་རྣམ་པ་ཞེས་གསུངས་པ་ནི། སྒྲིབ་བྱེད་རྩིག་པ་དང༌། རིབ་མ་ཤིང་ཐགས་ཏེ་སྒྲིབ་ནུས་པའི་ཤིང་གི་དྲྭ་བའོ། །མུན་པ་དང་ཡོལ་བ་དང་ནགས་ཐིབས་པ་ཞེས་བྱ་བ་སྟེ་སྒྲིབ་བྱེད་ལྔའོ། །སྒྲིབ་བྱེད་ལྔ་ཡོད་པའི་གནས་སུ་འགྲོ་བ་དང་འདུག་པའམ་ཉལ་བ་དང་འགྲེང་བ་ལ་སོགས་སྤྱོད་ལམ་བཞི་པོ་གང་བྱས་ཀྱང་ལྷག་མ་དང་ལྟུང་བྱེད་གང་དུ་ཡང་བློས་མ་ངེས་པའི་ཆོས་འདིར་འགྱུར་རོ། །མ་ངེས་པ་དངོས་བསྟན་ཟིན་ཏོ། །གཉིས་པ་དེ་ཡི་ཕྱིར་བཅོས་ལ་གཉིས་ཏེ། དཔང་པོའི་ཚིག་གིས་ཕྱིར་བཅོས་པ་དང༌། ལྟུང་བ་ཁས་མི་ལེན་པ་ལ་ཇི་ལྟར་བྱའོ། །དང་པོ་ནི། བུད་མེད་དང་ལྷན་ཅིག་ཏུ་འདུག་པ་སོགས་བྱས་ཀྱང་ཉེས་པ་འདི་བྱུང་ཞེས་ཁས་མི་ལེན་ན་དད་པ་ཅན་སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་ཉིད་ཀྱི་ཚིག་གིས་ཇི་ལྟར་ཤགས་ཕྱེ་བ་ལྟར་ཕྱིར་བཅོས་པའི་སྒོ་ནས་དགེ་སློང་དེ་ནི་ལྟུང་བ་ལས་ལྡང་བར་འོས་སོ། །གཉིས་པ་ལྟུང་བ་ཁས་མི་ལེན་པ་ལ་ཇི་ལྟར་བྱ་བ་ལ་གསུམ་སྟེ། ངོ་བོ་ཉིད་ཚོལ་ནས་མཐུན་པ་སྦྱིན་པ་དང༌། སྦྱིན་པའི་ཡུལ་གྱིས་བསླབ་པར་བྱ་བ་དང༌། བསླབ་པ་སྤྱད་དུས་སྒྲ་དོན་དང་བཅས་པའོ། །དང་པོ་ནི། སྔ་མ་ལས་ཡང་ན་དགེ་སློང་འཆར་ཀ་སོགས་དེ་དག་དཔང་པོའི་ཚིག་བཞིན་མི་བྱེད་པར་བུད་མེད་དང་ལྷན་ཅིག་འགྲོ་བ་དང་འདུག་པ་ལ་སོགས་པ་བྱས་པ་ན་ལྟུང་བ་གང་བྱུང་གི་ངོ་བོ་ཅུང་ཟད་ཙམ་ཡང་མ་རྟོགས་ན་ལྟུང་བ་གང་བྱུང་དེའི་ངོ་བོ་ཤེས་པར་བྱ་བའི་ཕྱིར་དུ་གསོལ་བ་དང་བརྗོད་པའི་ཆོ་ག་སྔོན་དུ་འགྲོ་བས་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་ནོ། །གཞུང་འདིར་འདི་ནན་ཏུར་དུ་བཤད་ལ། ཡོན་ཏན་འོད་ཀྱིས་སྦྱིན་པའི་ལས་སུ་འཆད་དོ། །འོན་ཀྱང་གཞན་མི་འདོད་བཞིན་དུ་བྱེད་པས་ནན་ཏུར་དུ་རིགས་སོ། །གཉིས་པ་གང་སྦྱིན་པར་བྱ་བའི་ཡུལ་གྱི་བསླབ་པར་བྱ་བ་ནི། ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པའི་གང་ཟག་དེ་ཡིས་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་པ་དག་གཞན་ལ་ནམ་ཡང་ནི་སྦྱིན་པར་བྱ་བ་མིན་ནོ། །དེར་མ་ཟད་གཞན་གྱིས་གནས་བཅའ་བ་བྱུང་ན་གཞན་ལ་གནས་བཅའ་བའང་མི་སྦྱིན་ཏེ། དགེ་སློང་རང་བཞིན་དུ་གནས་པ་གཞན་དག་དང་ལྷན་ཅིག་ཏུ་འཆག་པའང་མིན་ནོ། །ཡང་དགེ་སློང་རང་བཞིན་དུ་གནས་པ་དང་འདུག་སྟན་དང་ཟ་མ་བཟའ་བ་ལ་སོགས་ལྷན་ཅིག་ཏུ་མི་བྱའོ། །སོགས་པའི་སྒྲས་དགེ་སློང་མ་ལ་ཆོས་བསྟན་པ་སོགས་ཀྱང་མི་བྱ། འོན་ཀྱང་འདིས་སོ་ཐར་འདོན་དུ་རུང་ངོ་ཞེས་གསུང་ངོ༌། །གསུམ་པ་བསླབ་པ་སྤྱད་དུས་སྒྲ་དོན་དང་བཅས་པ་ནི། དགེ་སློང་དེ་ལ་ལྟུང་བ་ཁས་མི་ལེན་གྱི་བར་ལ་ཆད་པ་འདི་མ་ཤིའི་བར་ལ་སྤྱད་དགོས་སོ། །ཅིའི་ཕྱིར་མ་ངེས་པའི་ཆོས་ཞེས་བྱ་ཞེ་ན། མ་ངེས་པར་བཤད་པའི་ཆོས་གཉིས་པོ་འདི་དག་ལ་ལྟུང་བའི་ངོ་བོ་གང་བྱུང་ཡོངས་སུ་མ་ཆོད་པའི་ཕྱིར་མ་ངེས་པའི་ཆོས་ཞེས་བརྗོད་དོ། །མ་ངེས་པའི་ཆོས་བསྟན་ཟིན་ཏོ། །གསུམ་པ་གང་ཟག་ལྷག་མ་ཕྱིར་བཅོས་ལ་གཉིས་ཏེ། གོ་རིམ་གྱིས་མདོར་བསྟན། རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་མ་ངེས་པའི་ཆོས་གཉིས་སུ་གསུངས་ཟིན་ནས་གང་ཟག་ལྷག་མ་དེ་ལས་ཇི་ལྟར་ལྡང་བའི་ཕྱིར་བཅོས་དང༌། གང་ཟག་ལྷག་མ་ཅན་ལྟུང་བྱེད་དང༌། སོ་སོར་བཤགས་པ་དང༌། ཉེས་བྱས་རྣམས་དང་རྩོད་པའི་ཆོས་ལ་སོགས་པ་མང་པོ་ཡོད་པའི་ནང་ནས་སྔོན་དུ་རབ་ཏུ་གནས་པ་སྟེ་ཡོད་པ་བཤད་པར་བྱའོ། གང་ཟག་ལྷག་མ་གསུངས་སོ། །གང་ལས་ན་སོ་ཐར་ལས་སོ། །འདིར། སྔོན་དུ་རབ་གནས་མཆོག་གིས་སོ། །ཞེས་འགྱུར་བྱས་ན་ལེགས་སོ། །གང་གིས་ན་སྨྲ་བའི་མཆོག་སྟོན་པ་དག་གིས་སོ། །གཉིས་པ་ལ་གསུམ་སྟེ། ལྟུང་བྱེད་དང༌། སོར་བཤགས་དང༌། ཉེས་བྱས་སོ། །དང་པོ་ལ་གསུམ་སྟེ། སྦད་པའི་ལྟུང་བྱེད་དང༌། ལྟུང་བྱེད་འབའ་ཞིག་པ་དང༌། ཐུན་མོང་གི་སྒྲ་དོན་ནོ། །དང་པོ་ལ་གཉིས་ཏེ། ལྟུང་བ་རྣམ་གཞག་དང༌། ཕྱིར་བཅོས་སོ། །དང་པོ་ལ་བཅུ་ཚན་གསུམ་ཡོད་པ་ལས། བཅུ་ཚན་དང་པོ་ལ། སྡོམ་ནི། འཆང་བ་འབྲལ་བ་འཇོག་པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སློང་བར་རིགས་པ་དང༌། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་སོ། །དང་པོ་ལ་བཞི་སྟེ། ལྟུང་བ་རྣམ་གཞག ཕྱིར་བཅོས་དང༌། གཞན་ལ་སྦྱར་བ་དང༌། སྒྲ་དོན་གྱིས་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། ཆོས་གོས་གསུམ་ལས་ལྷག་པ་ཞག་གཅིག་ཏུ་འཆང་ན་སྤང་ལྟུང་དུ་བཅས་པ་ལས། རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་གཅིག་གིས་རས་ཡུག་འོད་སྲུང་ཆེན་པོའི་དགོན་པའི་སྤྱིལ་པོ་ན་འདུག་པ་ལ་ཀུན་དགའ་བོ་ལ་བསྐུར་བ་བླངས་པས་ཞག་བཅུའི་བར་དུ་གནང་བའི་ཕྱིར། ཞག་བཅུ་འདས་པར་དགེ་སློང་གིས་ཆོས་གོས་མ་བརྟགས་ཏེ་བྱིན་གྱིས་མ་བརླབས་པར་འཆང་ན་ནི་སྤང་བའི་ལྟུང་བྱེད་ཀྱི་རྡུལ་གྱིས་རང་གི་མགོ་བོ་གཡོག་པར་བྱེད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ཡན་ལག་རྣམ་པར་གཞག་པ་དང༌། ཤན་གྱི་ཁྱད་པར་གཞག་པའོ། །དང་པོ་ལ་བཞི་སྟེ། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་གོ །གཞི་ནི་བྱིན་གྱིས་བརླབས་པ་དང་མ་འབྲེལ་བའི་ཆོས་གོས་ལྷག་པོའོ། །བསམ་པ་ནི་འཆང་བར་འདོད་པའོ། །སྦྱོར་བ་ནི་ཞག་བཅུ་ལས་ལྷག་པར་འཆང་བའི་བྱ་བ་ལ་ཞུགས་པའོ། །མཐར་ཐུག་ནི་ཞག་བཅུ་འདས་ནས་ཕྱི་མའི་སྐྱ་རེངས་དང་པོ་ཤར་བའོ། །གཉིས་པ་ཤན་གྱི་ཁྱད་པར་རྣམ་པར་གཞག་པ་ལ་གསུམ་སྟེ། ཤན་འབྱུང་བའི་གཞི། ཤན་གྱི་དབྱེ་བ། ཤན་བརྡེག་པའི་ཚུལ་ལོ། །དང་པོ་ནི། གོས་ཀྱི་ཁྱད་པར་དང་ལྷུང་བཟེད་དང་སྨན་གྱི་ཁྱད་པར་རོ། །གཉིས་པ་ལ་གཞིའི་སྒོ་ནས་གཉིས་ཏེ། ཞག་བཅུ་པ་དང་འབྲེལ་བ་དང༌། ཟླ་བར་གཏོགས་པ་དང་འབྲེལ་བའོ། །ངོ་བོའི་སྒོ་ནས་གཉིས་ཏེ། ཞག་ཤན་དང༌། ལྟུང་ཤན་ནོ། །གསུམ་པ་ཤན་བརྡེག་པའི་ཚུལ་ལ་གཉིས་ཏེ། ཞག་ཤན་འབྱུང་ཚུལ་དང༌། ལྟུང་ཤན་འབྱུང་ཚུལ་ལོ། །དང་པོ་ནི། ཚེས་གཅིག་ལ་ཆོས་གོས་གཅིག་རྙེད་པ་བྱིན་གྱིས་མ་བརླབས་པར་བདག་གིར་འཛིན་པ་རྗེས་སུ་ཞུགས་ཤིང༌། ཞག་ལྔའི་ཚེ་ན་ཆོས་གོས་གཞན་ཞིག་རྙེད་པ་ན་དེ་ཉིད་ཀྱི་ཉིན་པར་ཞག་ཤན་འབྱུང་སྟེ། སྔ་མ་ཞག་ལྔ་པ་ལོན་པའི་སྟོབས་ཀྱིས་ཕྱི་མ་ཡང་ཞག་ལྔ་ལོན་པར་གྱུར་བའི་ཕྱིར་རོ། །ཡང་ཆོས་གོས་དང་པོ་ཞག་བཅུ་པ་འདས་ནས་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བ་བསྐྱེད་དོ། །དེའི་ཤན་གྱི་སྟོབས་ཀྱིས་ཕྱི་མར་རྙེད་པས་ཀྱང་སྤང་ལྟུང་བསྐྱེད་པར་འགྱུར་རོ། །གལ་ཏེ་སྔ་མ་ཞག་བཅུ་འདས་ནས་སྤང་བའི་ལྟུང་བ་བསྐྱེད་པའི་དུས་སུ་ཕྱི་མས་ཀྱང་གོས་ཞག་བཅུ་འཆང་སྤང་གི་ལྟུང་བ་བསྐྱེད་པ་མི་འཐད་པར་ཐལ། ཕྱི་མ་རྙེད་ནས་ཞག་བཅུ་མ་ལོན་པའི་ཕྱིར་རོ་ཞེ་ན། རང་སྟོབས་ཀྱིས་ཞག་བཅུ་ལོན་པ་མེད་ཀྱང་ཤན་སྟོབས་ཀྱིས་ཞག་བཅུ་ལོན་པར་གྱུར་པའི་ཕྱིར་སྔ་མ་ཞག་བཅུ་འདས་པ་ན་ལྟུང་བ་བསྐྱེད་པའི་དུས་སུ་ཕྱི་མས་ཀྱང་ངེས་པར་བསྐྱེད་པ་ཡིན་ནོ། །རྒྱ་ཆེར་འགྲེལ་ལས། ཆོས་གོས་སྔར་རྙེད་པ་ལ་རང་གི་ཉིད་ཀྱི་རྗེས་སུ་ཞུགས་པ་ཉིད་དེ། ཡོད་ན་ཆོས་གོས་ཕྱིས་རྙེད་པ་ལ་ཡང་རང་གི་རྗེས་སུ་ཞུགས་པ་དེ་ཉིད་འབྱུང་བ་ཉིད་དུ་རིག་པར་བྱའོ་ཞེས་སོ། །འདི་ནི་བྱིན་གྱིས་མ་བརླབས་པས་བྱིན་གྱིས་མ་བརླབས་པ་ལ་ཤན་བརྡེག་པ་ཡིན་ནོ། །གལ་ཏེ་སྔ་མ་ཚེས་གཅིག་ལ་རྙེད་པ་ལྟ་བུ་བྱིན་གྱིས་བརླབས་ལ་ཕྱི་མ་བྱིན་གྱིས་མ་བརླབས་ན་ཅིར་འགྱུར་ཞེ་ན། སྔ་མ་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་ཕྱི་མ་ལ་ཤན་མི་འབྱུང་བས་ཕྱི་མས་ལྟུང་བ་བསྐྱེད་པ་ལ་རང་སྟོབས་ཀྱིས་ཞག་བཅུ་འདས་དགོས་སོ། །གཉིས་པ་ནི། གལ་ཏེ་སྔ་མ་བྱིན་གྱིས་མ་བརླབས་ལ་ཕྱི་མ་བྱིན་གྱིས་བརླབས་ན་ཅིར་འགྱུར་ཞེ་ན། ཕྱི་མ་བྱིན་གྱིས་བརླབས་ཀྱང་སྔ་མའི་ཤན་སྟོབས་ཀྱིས་སྔ་མ་ཞག་བཅུ་འདས་ནས་ལྟུང་བ་བསྐྱེད་པ་ན་ཕྱི་མས་ཀྱང་སྔ་མའི་ཤན་སྟོབས་ཀྱིས་ལྟུང་བ་བསྐྱེད་པར་འགྱུར་ཏེ། ཕྱི་མའི་བྱིན་བརླབས་ཀྱིས་སྔ་མའི་ལྟུང་བ་ལས་སྐྱོབ་མི་ནུས་པའི་ཕྱིར་རོ། །འདི་ནི་མ་བརླབས་པས་བརླབས་པ་ལ་བརྡེག་པ་ཞེས་བྱ་བ་ཡིན་ནོ། །གོས་ཀྱི་སྐབས་སུ་བརླབས་པས་བརླབས་པ་ལ་བརྡེག་པ་དང༌། བརླབས་པས་མ་རླབས་པ་ལ་བརྡེག་པ་ཞེས་བྱ་བ་ནི་མེད་དེ། བྱིན་རླབས་ནི་ཉེས་པ་མི་འབྱུང་བའི་རྟེན་ཡིན་པའི་ཕྱིར་རོ། །སྨན་ལ་ནི་བྱིན་གྱིས་བརླབས་པས་བྱིན་གྱིས་བརླབས་པ་ལའང་བརྩིའོ། །གལ་ཏེ་གོས་སྔ་མ་བྱིན་གྱིས་མ་བརླབས་པར་ཞག་ལྔ་འདས་ནས་ཕྱི་མ་གཞན་རྙེད་པའི་དུས་སུ་སྔ་ཕྱི་གཉིས་ཀ་ལྷན་ཅིག་ཏུ་བྱིན་གྱིས་བརླབས་ན་ཅིར་འགྱུར་ཞེ་ན། གཉིས་ཀས་ཞག་བཅུ་འདས་ཀྱང་སྤང་བའི་ལྟུང་བ་མི་བསྐྱེད་དེ། གོས་བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་པ་མེད་པའི་ཕྱིར་རོ། །ཞག་བཅུ་པའི་ཉིན་བར་བྱིན་གྱིས་བརླབས་པ་ལ་ཡང་ཚུལ་དེ་བཞིན་ནོ། །དུས་གཅིག་ཏུ་རྙེད་པ་ལ་ནི་བརྡེག་བྱ་རྡེག་བྱེད་གཉིས་སུ་གཞག་ཏུ་མེད་དོ། །ཞག་བཅུ་པའི་སྔ་རོལ་དུ་བྱིན་གྱིས་མ་བརླབས་ཀྱང་ཞག་བཅུ་པར་བྱིན་གྱིས་བརླབས་ན་སྔ་རོལ་གྱི་བདག་གིར་འཛིན་པར་རྗེས་སུ་ཞུགས་པའི་ཉེས་པ་ཉམས་པ་ཡིན་ནོ། །ལྷུང་བཟེད་ཀྱི་འཆང་བ་ལ་ཡང་ཚུལ་དེ་བཞིན་དུ་སྦྱར་རོ། །ཞག་བདུན་པའི་འཆང་སྤང་ལ་ནི་ཤན་བརྡེག་བྱ་དང་རྡེག་བྱེད་རྫས་རིགས་མཐུན་པ་ཁོ་ན་ལ་འབྱུང་བ་ཡིན་གྱི། རྫས་རིགས་མི་མཐུན་པ་ལ་ནི་མ་ཡིན་ནོ། །ཀུན་སློང་ལས་ནི་ལྟུང་བ་དང་ལྟུང་མེད་ཅི་རིགས་པར་འགྱུར་ཏེ། སྤང་ལྟུང་གི་གཞི་ནི་རང་གི་རྫས་རང་གིར་འདུ་ཤེས་པ་ལྟུང་བ་དངོས་གཞི་བསྐྱེད་པའི་ཡན་ལག་ཏུ་འགྱུར་ལ། གཞན་གྱི་རྫས་རང་གིར་འདུ་ཤེས་པ་ལ་ནི་ཉེས་བྱས་སོ། །རང་གི་ལ་གཞན་གྱིར་ཤེས་པ་དང༌། གཞན་གྱི་ལ་གཞན་གྱིར་ཤེས་པ་ལ་ནི་ལྟུང་མེད་དོ། །རང་གི་མིན་པ་ལ་རང་གི་ཡིན་མིན་ཐེ་ཚོམ་ཟ་ན་ཡང་ཉེས་བྱས་ཏེ། མདོ་རྩ་བ་ལས། ཡིད་གཉིས་ནི་འདུ་ཤེས་དང་འདྲའོ་ཞེས་པ་ལྟར་རོ། །གཉིས་པ་ཚིག་གི་དོན་ལ་གསུམ་སྟེ། བསམ་པའི་མཚན་ཉིད་དང༌། འཆང་སྤང་གི་གཞིའི་མཚན་ཉིད་དང༌། ཆོས་གོས་ཀྱི་རྒྱུ་བསྟན་པའོ། །དང་པོ་ནི། ཆོས་གོས་ཀྱི་རྒྱུ་ཁ་དོག་མི་རུང་བ་བཅངས་ཀྱང་ལྟུང་བ་འདི་མི་བསྐྱེད་པར་བསྟན་པའི་ཕྱིར་དུ། ཆོས་གོས་དྲུབས་པ་དང་རུང་བ་གསུམ་གྱི་ཚོན་གང་རུང་གིས་ཆོས་གོས་ཁ་བསྒྱུར་བ་ཟིན་པར་གྱུར་པ་ན་ཆོས་གོས་གཉིས་པ་འཛིན་པར་ཁས་ལེན་པ་ལ་སྤང་བའི་ལྟུང་བ་བསྐྱེད་དོ། །ཁས་ལེན་པ་ཞེས་པ་འདིར་ནི་ཚིག་གིས་མ་ཡིན་གྱི། བློ་ཡིས་ཁས་བླངས་པའོ། །ཆོས་གོས་ལ་བདག་གིར་འཛིན་པ་རྗེས་སུ་ཞུགས་པའི་དོན་ནོ། །ཆོས་གོས་བྱིན་གྱིས་མ་བརླབས་པ་བདག་གིར་འཛིན་པ་ཞུགས་པ་ཞག་བཅུ་འདས་ན་སྤང་བའི་ལྟུང་བ་བསྐྱེད་པའི་དོན་ནོ། །གཉིས་པ་འཆང་སྤང་གི་གཞིའི་མཚན་ཉིད་ལ་གཉིས་ཏེ། སྲ་བརྐྱང་དབྱུང་བའི་རྣམ་གཞག་དང༌། གཞུང་གི་ཚིག་དོན་ནོ། །དབྱུང་བའི་དུས་ནི་གཉིས་ཏེ། དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་དང༌། རྐྱེན་གྱི་དབང་གིས་དེའི་སྔ་རོལ་དུ་ཡང་དབྱུང་བའོ། །དབྱུང་བ་སྤྱིའི་མཚན་ཉིད་ནི། སྲ་བརྐྱང་བཏིང་ནས་ཕྱིས་སྲ་བརྐྱང་ལ་བསམ་པ་གནས་པ་དང་བྲལ་བའོ། །དབྱུང་བ་ནི་གཉིས་ཏེ། རང་འཇུག་བྲལ་དང༌། བཅོས་མའི་དབྱུང་བའོ། །དང་པོ་ནི། སྲ་བརྐྱང་འདིང་བ་པོ་ལས་ལ་མ་ལྟོས་པར་སྲ་བརྐྱང་ལ་བསམ་པ་གནས་པ་དང་བྲལ་བའོ། །གཉིས་པ་བཅོས་མའི་དབྱུང་བ་ནི་ཆོ་གས་ཕྱུང་བའོ། །དང་པོ་ལ་ཡང་གཉིས་ཏེ། དགེ་འདུན་མཐའ་དག་གི་རང་འཇུག་བྲལ་དང༌། གང་ཟག་གི་རང་འཇུག་བྲལ་ལོ། །དང་པོ་ལ་གསུམ་སྟེ། སྲ་བརྐྱང་འདིངས་པའི་མཚམས་ལས་འདས་པ་དང༌། བྱིན་གྱིས་རློབ་པར་བྱེད་པ་པོ་གཅིག་ཀྱང་མེད་པ་དང༌། སྲུང་བ་པོ་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་བར་གནས་པའོ། །གཉིས་པ་གང་ཟག་གི་རང་འཇུག་བྲལ་ལ་གསུམ་སྟེ། མཚམས་འདས་དང༌། སྦྱོར་འགྲོ་དང༌། ངེས་བྱེད་དོ། །དང་པོ་ནི། མཚམས་ཀྱི་ཕྱི་རོལ་དུ་ཞག་ལོན་པར་གནས་པའོ། །སྦྱོར་འགྲོ་ལ་ཡང་གཉིས་ཏེ། མཚམས་ཀྱི་ནང་ནས་ཕྱིར་འགྲོ་བའི་དུས་སུ་སླར་ཕྱིར་མི་འོང་བའི་སེམས་སྐྱེས་པ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་ཕྱིར་མི་འོང་བའི་སེམས་སྐྱེས་པའོ། །ངེས་བྱེད་ནི་སྤྱིར་སྲ་བརྐྱང་ལ་མི་བརྟེན་པའི་བསམ་པ་སྐྱེས་པའོ། །འགྲེལ་པ་ལས་སྦྱོར་འགྲོ་ངེས་བྱེད་གཉིས་བྱུང་ན་ཕྱིར་འོངས་ཀྱང་མི་ཕན་ཞེས་བཤད་དོ། །ངེས་བྱེད་ལ་ཡང་གཉིས་ཏེ། ཟུར་དུ་ཆོས་གོས་དྲུབས་ཟིན་ན་མི་བརྟེན་སྙམ་པའི་བློ་སྐྱེས་ནས་ཆོས་གོས་དྲུབས་ཟིན་པ་ན་རང་འཇུག་བྲལ་དུ་འགྲོ་བ་དང༌། ཡང་དེ་ལྟ་བུའི་བསམ་པ་སྔོན་དུ་སོང་བས་ཆོས་གོས་བརྩམས་པ་ཞིག་པ་ན་རང་འཇུག་བྲལ་དུ་འགྲོ་བའོ། །གཉིས་པ་བཅོས་མའི་དབྱུང་བ་ལ་ཆོ་ག་ནི་གསོལ་བ་དང་བཞིའི་ལས་སོ། །དབྱུང་བའི་དུས་ནི་གཉིས་ཏེ། དཔྱིད་ཟླ་ར་བའི་ཉའི་ཉིན་པར་ཕྱུང་བ་ནི་དབྱུང་བའི་དུས་ཀྱི་ཚད་དུ་ཕྱིན་པ་དང༌། རྐྱེན་གྱི་དབང་གིས་སྔ་རོལ་དུ་ཕྱུང་བ་ནི་ཚད་དུ་མ་ཕྱིན་པའོ། །བཅོས་མའི་དབྱུང་བའི་ཚུལ་ནི་གཉིས་ཏེ། མཚམས་ནང་གི་དགེ་འདུན་སོ་སོར་མ་བྱེ་བ་ལ་ནི་ཕྱོགས་གཅིག་ཏུ་དབྱུང་བ་དང༌། ཆོས་དང་ཆོས་མ་ཡིན་པ་སོ་སོར་བྱེ་བ་ལ་ནི་སོ་སོ་ནས་དབྱུང་དགོས་སོ། །སྲ་བརྐྱང་གི་གཞི་ལས། མ་མོ་བརྒྱད་ཀྱི་གཞིས་སྲ་བརྐྱང་ཕྱུང་བར་འགྱུར་ཏེ། བརྒྱད་གང་ཞེ་ན། སོང་བའི་མཐའ་ཅན་དང༌། རྫོགས་པའི་མཐའ་ཅན་དང༌། ངེས་པའི་མཐའ་ཅན་དང༌། ཉམས་པའི་མཐའ་ཅན་དང༌། ཐོབ་པའི་མཐའ་ཅན་དང༌། མཚམས་ལས་འདས་པའི་མཐའ་ཅན་དང༌། རེ་ཐག་ཆད་པའི་དང༌། བྱ་བའི་མཐའ་ཅན་དང་བརྒྱད་པོ་ནི་སྲ་བརྐྱང་གི་དབྱུང་བ་ཉིད་དོ་ཞེས་གསུངས་སོ། །འདིར་བརྒྱད་གསུངས་པའི་ཐ་མ་ནི་བཅོས་མའི་དབྱུང་བའོ། །སྔ་མ་བདུན་ནི་རང་འཇུག་བྲལ་ལོ། །སྲ་བརྐྱང་བཏིང་བའི་ཕན་ཡོན་ནི། ཡང་ཡང་ཟ་དང་འདུས་ཤིང་ཟ། །མ་སྨྲས་གྲོང་དུ་འགྲོ་བ་དང༌། །གོས་སློང་བ་ལ་ཉེས་པ་མེད། །དབྱར་གནས་རྙེད་པ་ཐུན་མོང་འགྱུར། །གནས་གཞན་གནས་དང་ཕྱི་མར་གནས། །དབྱར་རལ་བ་དང་ས་གཞན་གནས། །ཕན་ཡོན་འཐོབ་པར་མི་འགྱུར་རོ། །གཉིས་པ་གཞུང་གི་ཚིག་དོན་ནི། ཆོས་གོས་ཟིན་ནས་བདག་གིར་འཛིན་པ་ཐམས་ཅད་ལ་འཆང་སྤང་འབྱུང་ངམ་ཞེ་ན། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་དང༌། ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་དང༌། གཉིས་ཀ་དང༌། གཉིས་ཀ་མ་ཡིན་པའི་མུ་བཞི་ཅན་ལ་འདིར་འཆང་སྤང་གནས་སྐབས་གང་དུ་འབྱུང་བ་བརྟག་པ་ནི། སྔར་སྲ་བརྐྱང་གཏིང་བ་དབྱུང་བར་བྱས་ཟིན་ནས་ཆོས་གོས་མ་ཟིན་པར་ནི་འཆང་སྤང་འབྱུང་བ་མིན་པས་སྲ་བརྐྱང་ཕྱུང་ནས་ཆོས་གོས་ཟིན་པ་ལ་འབྱུང་ངོ༌། །ཚུལ་དེ་ལྟ་བུ་ལ་སོགས་པས་འཆང་སྤང་གི་ལྟུང་བར་རྣམ་པར་གཞག་གོ །སོགས་པའི་སྒྲས་བསྡུས་པ་སྲ་བརྐྱང་དབྱུང་བ་ལ་མ་ལྟོས་པར་འབྱུང་བར་བསྟན་ཏོ། །སྲ་བརྐྱང་དབྱུང་བ་བྱས་ནས་ནི་ཆོས་གོས་མ་ཟིན་པར་སྤང་ལྟུང་བསྐྱེད་པ་མིན་ཏེ། ཆོས་གོས་མ་ཟིན་ན་སྤང་ལྟུང་བསྐྱེད་པའི་གཞི་མེད་པའི་ཕྱིར་རོ། །སྲ་བརྐྱང་མ་ཕྱུང་བ་ལ་ཡང་མི་བསྐྱེད་དེ། སྲ་བརྐྱང་གཏིང་བ་ནི་འཆང་སྤང་གི་ལྟུང་བ་མི་བསྐྱེད་པའི་དགོས་པ་ཅན་ཡིན་པའི་ཕྱིར། སྲ་བརྐྱང་མ་ཕྱུང་བ་དང་ཆོས་གོས་མ་ཟིན་པ་གཉིས་ཀ་ལ་ཡང་མི་བསྐྱེད་དེ། སྲ་བརྐྱང་མ་ཕྱུང་བས་ཉེས་པ་ཁེགས་ལ། ཆོས་གོས་མ་ཟིན་པས་སྤང་ལྟུང་གི་གཞི་མེད་པའི་ཕྱིར་རོ། །གསུམ་པ་ཆོས་གོས་ཀྱི་རྒྱུ་བསྟན་པ་ནི། ཆོས་གོས་ཀྱི་རྒྱུ་ནི་རྣམ་པ་བདུན་དུ་འདོད་དོ། །བདུན་གང་ཞེ་ན། གཞི་འགྲེལ་ལས། ཆོས་གོས་ཀྱི་རྒྱུའི་དོན་ནི་བལ་ལས་བྱས་པའི་གོས་དང༌། རྩ་ཤིན་ཕྲ་མོ་ལས་བྱས་པའི་རས་དང༌། ཉི་འོག་སྟེ་རྒྱ་ཡུལ་སོགས་ནས་འོངས་པའི་གོས་དང༌། རས་བལ་ལས་བྱས་པའི་གོས་དང༌། རྩྭའི་རྣམ་པ་ཟར་མའི་ཤུན་པ་ལས་བྱས་པའི་རས་དང༌། རྩྭ་ཀོ་ཏཾ་པ་ཕྲ་མོ་ལས་བྱས་པའི་རས་དང༌། རྩ་དུ་གུལ་ལས་བྱས་པའི་རས་ཞེས་བཤད་དོ། །གཉིས་པ་ཕྱིར་བཅོས་ཀྱི་ཆོ་ག་ནི། ལྟུང་བ་འདི་དག་པར་འདོད་ན་སྤང་བར་འོས་པ་གང་ལ་བརྟེན་ནས་སྤང་ལྟུང་བྱུང་བའི་དངོས་པོ་དེ་མི་སྤོང་བ་དང༌། ལྟུང་བ་དེ་བཤགས་པར་མི་བྱེད་པ་དང༌། སྤང་ལྟུང་བྱུང་ཕྱིན་ཆད་གལ་ཏེ་ཕྲན་ཚེགས་ཏེ་ཁྲུ་གང་ཡན་ཆད་ཀྱི་གོས་སོགས་དེ་འདྲ་ཡང་ནུབ་གཅིག་འབྲལ་བར་མི་བྱེད་པ་དང་རིགས་ཚིགས་གསུམ་ཡོད་པ་ལས། གསུམ་པོ་འདི་དག་ལས་གང་ཡང་རུང་བ་གཅིག་མ་ཚང་བར་ནི་སྤང་ལྟུང་དག་པར་འགྱུར་བ་མ་ཡིན་ཏེ། སྤང་ལྟུང་དག་བྱེད་ཀྱི་རྒྱུ་མ་ཚང་བའི་ཕྱིར། གསུམ་པོ་འདི་དག་མ་ལུས་པ་བྱས་ན་ནི་སྤང་བའི་ལྟུང་བ་མེད་པར་གསུངས་པ་ཡིན་ནོ། །ཡང་གང་ལ་བརྟེན་ནས་སྤང་ལྟུང་བྱུང་བའི་གོས་ཀྱང་མེད་ཅིང༌། དེ་ཕྱིན་ཆད་ཀྱི་ཁྲུ་གང་ཡན་ཆད་ཀྱི་གོས་ཀྱང་མེད་ན་སྤང་བྲལ་གྱི་ཆོ་ག་སྔོན་དུ་གཏང་མི་དགོས་ཏེ། མདོ་རྩ་བར། འདི་ལ་མེད་པ་ཉིད་གཙོ་བོའོ་ཞེས་སོ། །གསུམ་པ་གཞན་ལ་སྦྱར་བ་ནི། གང་ཡང་ལྷུང་བཟེད་དང་དྲ་བ་དང་ཕོར་བུ་སོགས་ཉེ་བར་བསགས་ནས་བདག་གིར་འཛིན་པ་ཞུགས་པ་དེར་ཡང་ནི་གང་ཟག་གཞན་ལ་སྐྱེལ་ཞིང་སྤོང་བའི་སྒོ་ནས་བཤགས་པར་མི་བྱེད་པ་དེའི་ཚེ་སྤང་བའི་ལྟུང་བ་ཉིད་དུ་འགྱུར་རོ། །སྤང་ལྟུང་བྱུང་བ་གང་གི་གནས་སྐབས་འདིར་དགེ་བ་ཟད་བྱེད་ཀྱི་ལྟུང་བ་ནི་སྤང་ལྟུང་བྱུང་བའི་གཞིའི་རྫས་གཞན་ལ་ངེས་པར་སྤངས་ནས་བཤགས་པར་བྱ་སྟེ། སྤང་བྲལ་སྔོན་དུ་བཏང་ནས་བཤགས་པ་བྱ་དགོས་པར་གསུངས་པའི་ཕྱིར་རོ། །བཞི་པ་སྒྲ་དོན་གྱིས་མཇུག་བསྡུ་བ་ནི། གང་གི་ཕྱིར་ལྟུང་བ་ཞེས་བྱ་ཞེ་ན། གང་གིས་ངན་སོང་དུ་ལྟུང་བར་བྱེད་པའི་ཕྱིར་ལྟུང་བའི་མིང་དེ་དག་ཏུ་བཏགས་སོ། །སྤང་བྲལ་སྔོན་དུ་གཏོང་དགོས་པས་སྤང་ལྟུང་ངོ༌། །གཉིས་པ་འབྲལ་བ་ལ་གསུམ་སྟེ། བསླབ་བྱའི་སྒོ་ནས་མདོར་བསྟན། མཚན་ཉིད་ཀྱིས་རྒྱས་པར་བཤད། ལྟུང་བ་མེད་པས་མཇུག་བསྡུ་བའོ། །དང་པོ་ནི། མཉན་ཡོད་དུ་དགེ་སློང་ཞིག་ལ་བཅས་པ་སྟེ། དགེ་སློང་གིས་བླ་གོས་དང་མཐང་གོས་དང་སྣམ་སྦྱར་ཏེ་ཆོས་གོས་གསུམ་གྱོན་པ་ཉིད་ཀྱིས་གནས་པར་བྱ་སྟེ། གཙུག་ལག་ཁང་གི་ཕྱི་རོལ་དུ་གསུམ་པོ་འདི་དག་མེད་པར་གནས་པར་བྱ་བ་མིན་ནོ། །གསུམ་པོ་ཡོད་པ་ལས་གཞན་དུ་མེད་པར་དགེ་སློང་གཙུག་ལག་ཁང་གི་ཕྱི་རོལ་དུ་གནས་ན་ཉེས་བྱས་སུ་འགྱུར། འོན་ཀྱང་འོད་སྲུང་ཆོན་པོ་རྒས་པ་དང༌། ཤཱ་རིའི་བུ་རླུང་ནད་ཅན་ལ་བརྟེན་ནས་དགེ་འདུན་གྱིས་གནང་ན་མ་གཏོགས་སོ། །འདི་ལའང་གཞི་ནི་ཆོས་གོས་གསུམ་དང༌། གནས་ཉེ་འཁོར་ལས་གཞན་ཡིན་པ་དང༌། གནང་བ་མ་ཐོབ་པ་དང༌། སྲ་བརྐྱང་མ་བཏིང་བའོ། །བསམ་པ་ནི་འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་འབྲལ་བར་འདོད་པའོ། །སྦྱོར་བ་འབྲལ་བར་རྩོམ་པ། མཐར་ཐུག་གནས་གཞན་དུ་སྐྱ་རེངས་ཤར་བའོ། །གཉིས་པ་མཚན་ཉིད་ཀྱིས་རྒྱས་པར་བཤད་པ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ལ་གསུམ་སྟེ། གནས་བཤད། ཉེར་སྤྱོད་བཤད། གཅིག་དང་ཐ་དད་བསྟན་པའོ། །དང་པོ་ནི། ཆོས་གོས་དང་འབྲལ་བའི་གནས་དང་ཉེ་འཁོར་སོགས་དེ་གང་ཞེ་ན། གནས་ཏེ་ཁྱིམ་གཅིག་དང་གཉིས་དང་གསུམ་དང་བཞི་ལ་སོགས་པ་མང་པོ་ཡི་གྲོང་འོབས་ཀྱིས་ཀུན་ནས་བསྐོར་བ་དང་རྩིག་པས་བསྐོར་བ་དང་རིབ་མའི་ཁོངས་སུ་ཆུད་པའོ། །གཉིས་པ་ཉེར་སྤྱོད་ནི། གཅིག་དང་ཐ་དད་པའོ། །ཉེར་སྤྱོད་ནི་སྤོང་པ་སྟེ་མདུན་ས་དང་སྐྱེད་མོས་ཚལ་ནི་སྔར་བཤད་པའི་ལྷའི་གནས་ལ་སོགས་པའོ། །གསུམ་པ་ནི། ཉེ་འཁོར་འདི་ལ་ཉེ་འཁོར་གཅིག་ནི་ཐུན་མོང་བ་ཉིད་དེ། ཐ་དད་པ་ནི་ཉེར་སྤྱོད་སྣ་ཚོགས་པ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། གནས་བཤད། ཉེ་འཁོར་བཤད། གཅིག་དང་ཐ་དད་བཤད་པའོ། །དང་པོ་ནི། རྒྱུན་སྲང་ཕྱི་སྒོ་གཅིག་བཏོད་པ་དག་ནི་གནས་གཅིག་པ་ཞེས་བརྗོད་པར་བྱ་སྟེ། གདོལ་པ་སྟེ་ཀླ་ཀློའི་གནས་དང་རི་ཁྲོད་པ་དང་མཐའ་འཁོབ་ཀྱི་གནས་ལ་སོགས་པ་དང་རིགས་ཏེ་ཁྱིམ་གཅིག་པའི་གནས་བཞིན་ནོ། །རིགས་ཏེ་ཁྱིམ་གཉིས་ནི་གནས་གཉིས་ཞེས་བརྗོད་དེ། གང་དུ་བྲམ་ཟེ་དང་གདོལ་པ་གནས་པ་བཞིན་ཏེ། འདི་གཉིས་གནས་གཅིག་ཏུ་མི་གནས་སོ། །རྒྱུན་སྲང་གི་སྒོ་སྣ་ཚོགས་པ་སོ་སོར་བཏོད་པ་ལ་གནས་མང་པོ་པར་ནི་རབ་ཏུ་གྲགས་སོ། །གཉིས་པ་ཉེ་འཁོར་བཤད་པ་ལ་གཉིས་ཏེ། ངོ་བོ་དང༌། དབྱེ་བའོ། །དང་པོ་ནི། འགྲོ་འདུག་ལ་སོགས་པ་ཉེ་བར་སྤྱོད་པའི་ཉེར་འཁོར་ནི་ནང་གི་གནས་མ་ལུས་པ་དང༌། དེའི་ཕྱི་རོལ་ཡང་ནི་འདོམ་གང་ཚུན་ཆད་ཡིན་ནོ། །འདོམ་གང་རྩིག་པ་སོགས་ཀྱིས་བསྐོར་བ་མིན་པ་ལ་ནི་རང་གི་ལག་པ་བརྐྱང་བས་སླེབ་པ་ཚུན་ཆད་གནས་དང༌། དེའི་ཕྱི་རོལ་ནས་འདོམ་གང་ནི་ཉེ་འཁོར་ཞེས་ཆོས་བཤེས་འཆད་དོ། །རྩིག་པ་སོགས་ཀྱིས་བསྐོར་བའི་གྲོང་གི་ཉེ་འཁོར་ནི་ཁྱིམ་བྱ་འཕུར་ནས་ཆགས་པའི་ཚད་ཙམ་དག་གམ། གང་ཚུན་ཆད་དུ་ཐག་འཐག་པ་དང༌། བཟའ་ལ་སོགས་པ་འཚེད་པ་ལ་སོགས་པའི་བྱ་བས་ཁྱབ་པ་ཚུན་ཆད་དོ། །གཉིས་པ་དབྱེ་བ་ནི། རིགས་ཏེ་ཁྱིམ་དང༌། ཚོང་ཁང་དང༌། ཚོང་འདུས་དང༌། ཁང་ཐོག་གི་གྲྭ་ཁང་དང༌། གཡུལ་བྱེད་པའི་ས་དང༌། ལས་ལ་འཇུག་པའི་མུའི་འདུག་སྟེགས་ཀྱི་གནས་དང༌། གྲུ་དང༌། ཤིང་ལྗོན་པ་དང༌། ཤིང་རྟ་དང༌། ཀུན་དགའ་ར་བ་སྟེ་བཅུ་པོ་རྣམས་ཀྱི་ཉེར་སྤྱོད་ནི་གཅིག་པ་དང་སྣ་ཚོགས་ཏེ་ཐ་དད་པ་གཉིས་གཉིས་སོ། །གསུམ་པ་གཅིག་དང་ཐ་དད་བཤད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཁྱིམ་གྱི་ཉེ་འཁོར་གཅིག་པ་གང་ཞེ་ན། སྤུན་དུ་མ་ཡོད་པ་རྣམས་ནོར་སོ་སོར་མ་ཕྱེ་བ་དང་སྐྱེས་བུ་གཅིག་གི་ཡང་ནི་རུང༌། ནང་ཐམས་ཅད་དང་ཕྱི་རོལ་འདོམ་གང་ངམ། ཁྱིམ་བྱ་འཕུར་ཆགས་སམ། འཐག་འཚེད་ལ་སོགས་པའི་བྱ་བས་ཁྱབ་པ་གནས་གང་ལ་ཇི་ལྟར་རིགས་པར་གསུངས་པ་དེ་ཉིད་ཀྱི་ཉེ་འཁོར་ནི་ཁྱིམ་དེའི་ཉེར་སྤྱོད་གཅིག་པ་ཞེས་བྱ་བ་ཡིན་ནོ། །ཁྱིམ་དེའི་ཉེར་སྤྱོད་ཀྱང་སྔ་མ་ལྟར་ནང་གི་མ་ལུས་པ་ལ་སོགས་པའོ། །ཉེར་སྤྱོད་ཐ་དད་པ་སྣ་ཚོགས་པ་ཡང་ནི་གང་དུ་སྤུན་འདི་དག་གི་ཉེར་སྤྱོད་སྒོ་ཐ་དད་པ་དག་ཏུ་བྱེ་བའམ། སྐྱེས་བུ་རིགས་མང་པོའི་ཁྱིམ་ཐ་དད་པ་གང་ཡིན་པའི་ཉེར་སྤྱོད་སོ་སོ་བའོ། །མདོར་ན་ཉེར་སྤྱོད་ཐུན་མོང་བ་ནི་ཉེར་སྤྱོད་གཅིག་པར་བརྗོད་ལ། གནས་མང་པོའི་ཡང་ཉེར་སྤྱོད་ནི་རིགས་ཏེ་ཁྱིམ་ལ་བཤད་པ་བཞིན་དུ་ཚོང་ཁང་དང་ཚོང་འདུས་ལ་སོགས་པ་དགུར་བཤད་པ་ལའང་འདོད་པ་ཡིན་པས་ཉེར་སྤྱོད་ཀྱི་ཚུལ་མ་ལུས་པ་མདོར་བསྡུ་ན་ཉེར་སྤྱོད་གཅིག་པ་དང་སྣ་ཚོགས་པ་དག་ཏུ་དབྱེ། འདི་ནི་ཀུན་དགའ་ར་བའི་ཉེར་སྤྱོད་གཅིག་པ་དང་ཐ་དད་པ་དག་ཏུ་ཡང་སྦྱར་རོ། །སྒོ་བྱེ་མ་བྱེ་ནི་ནོར་བགོས་མ་བགོས་སུ་གསལ་ལོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། མུ་སྟེགས་ཀྱི་གནས་ལ་མཚོན་པ་དང༌། འཁོར་ལོས་སྤྱོད་པ་ལ་མཚོན་པ་དང༌། ཤིང་ལྗོན་པ་ལ་མཚོན་པའོ། །དང་པོ་ནི། ཉེར་སྤྱོད་གཅིག་དང་སྣ་ཚོགས་སུ་ཕྱེ་བ་ལ་ལྟ་བས་གཅིག་དང་ཐ་དད་དུ་ཕྱེ་བ་ནི་མུ་སྟེགས་ཅན་ལ་སོགས་པའི་ལྟ་བས་གཅིག་དང་ཐ་དད་པས་རབ་ཏུ་ཕྱེ་བ་སྟེ་འདི་ནི་ལྟ་བས་ཕྱེ་བའོ། །མུ་སྟེགས་ཅན་གང་ཞེ་ན། གང་དུ་ཆོས་འདི་པ་ལས་ཕྱི་རོལ་དུ་གྱུར་པའི་སྤྱོད་པ་ཡིས་གནས་པ་གཡང་གཞི་ཅན་དང༌། ལོ་མ་གྱོན་པ་དང༌། སྐྲ་འབལ་བ་ལ་སོགས་པའི་སྤྱོད་པ་ཅན་ནོ། །གཉིས་པ་འཁོར་ལོས་སྤྱོད་པ་ལ་མཚོན་པ་ནི། འཁོར་ལོ་དང་ལྡན་པ་ཤིང་རྟས་སྤྱོད་པ་ལ་སོགས་པའི་ཁྱིམ་གྱི་གནས་ཀྱི་ཉེ་འཁོར་རོ། །དེ་ལ་ཉེ་འཁོར་ཐུན་མོང་བ་ནི་སྔར་གྱི་ཁྱིམ་གྱི་བྱ་བས་ཁྱབ་པ་སོགས་ཀུན་ཏེ། གནས་གང་དུ་ཕྱི་རོལ་དུ་རྔ་ཟླུམ་དང་གླིང་བུ་དང་ལ་སོགས་པ་རྔ་དང་རྫ་རྔ་དང་རྔ་པ་ཊ་ཧ་དང་རྔ་བོ་ཆེ་དང་སིལ་ཁྲོལ་དང་ཕེག་རྡོབ་པ་དང་དུང་དང་པི་ཝང་ལ་སོགས་འགྲེམས་པ་ལ་སོགས་པའོ། །གསུམ་པ་ནི། ཕན་ཚུན་ཤིང་གི་ཡལ་ག་མ་བྲལ་ན་ཤིང་སྡོང་དེའི་ཉེ་འཁོར་ཀུན་སྤྱོད་གཅིག་ཅེས་བྱ་བ་ཡིན་ཏེ། ཕྱི་རོལ་གྱི་ཉེ་འཁོར་ནི་ཉི་མ་ཕྱེད་ཀྱི་དུས་སུ་གྲིབ་མ་བབས་པའམ། གང་དུ་ཤིང་གི་རྩེ་མོ་ནས་འབབ་པའི་ཆུའི་ཐིགས་པས་སླེབས་པའོ། །གསུམ་པ་ལྟུང་བ་མེད་པས་མཇུག་བསྡུ་བ་ནི། གང་དུ་ཉེར་སྤྱོད་གཅིག་པ་དེར། དགེ་སློང་གིས་ཆོས་གོས་གསུམ་ཉེ་བར་བཞག་ནས་གཞན་དུ་དགེ་སློང་ཉལ་བར་གྱུར་ཀྱང་ཆོས་གོས་དང་འབྲལ་བའི་ལྟུང་བ་བསྐྱེད་པར་འགྱུར་བར་འདོད་པ་མ་ཡིན་ནོ། །ལྷ་རྟེན་དག་ཐུན་མོང་དུ་གྱུར་པ་ལ་སོགས་པའི་སྒོ་དྲུང་དག་ཏུ་ཆོས་གོས་སྦས་ནས་དགེ་སློང་གཞན་དུ་འདུག་ན་ཡང་དགེ་བ་ཟད་བྱེད་ཀྱི་འབྲལ་བའི་ལྟུང་བ་དང་ལྡན་པར་བརྗོད་པར་བྱ་བ་མ་ཡིན་ནོ། །ལམ་གང་དུ་འགྲོ་བ་ན་ཡང་མཚམས་གཞན་གྱིས་མ་ཆོད་པར་ཁོར་ཡུག་ཏུ་འདོམ་ནི་བཞི་བཅུ་རྩ་དགུའི་བར་ལ་ཆོས་གོས་གསུམ་བཞག་ནས་ཆོས་གོས་དང་གཞི་གཅིག་ཏུ་ཉེར་སྤྱོད་དག་ཏུ་སོང་བའི་དུས་ན་འདུག་འགྲེང་བྱེད་ན་ཡང་འབྲལ་བའི་ལྟུང་བ་བསྐྱེད་པ་མ་ཡིན་ནོ། །གསུམ་པ་འཇོག་པ་ལ་ཡང་གསུམ་སྟེ། ལྟུང་བ་རྣམ་གཞག གནང་བཀག་གི་དུས། བསླབ་བྱ་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། ཡན་ལག་རྣམ་པར་གཞག་པ་དང༌། ཁྱད་པར་གྱི་ཆོས་དཔྱད་པའོ། །དང་པོ་ལ་བཞི་སྟེ། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པའོ། །གཞི་ནི་བདག་ཉིད་སྲ་བརྐྱང་མ་གཏིང་བ་ཆོས་གོས་གསུམ་ལས་གང་ཡང་རུང་བ་མེད་པ་ཁ་སྣོན་ལ་རེ་བ་དང་བཅས་པ། ཆོས་གོས་གསུམ་གྱི་རྒྱུའི་གོས་སུ་གྲུབ་པ། ཀུན་སློང་འཆང་བར་འདོད་པའི་བསམ་པའོ། །སྦྱོར་བ་འཆང་བར་རྩོམ་པ། མཐར་ཐུག་ཞག་སུམ་ཅུ་འདས་པ་ནའོ། །གཉིས་པ་ཁྱད་པར་གྱི་ཆོས་རྣམ་པར་དཔྱད་པ་ལ། ཆོས་གོས་ཀྱི་རྒྱུའི་གོས་ཅུང་ཟད་མི་ལྡང་བ་རྙེད་པ་ན་ཁ་སྣོན་རྙེད་པའི་རེ་བ་དང་བཅས་ན་ཞག་སུམ་ཅུའི་བར་དུ་གཞག་ཏུ་རུང་ལ། ཞག་སུམ་ཅུ་འདས་ན་སྤང་པའི་ལྟུང་བ་བསྐྱེད་པར་འགྱུར་རོ། །འདི་ལ་མུ་བཞི་སྟེ། རིགས་ལོག་ལ་ཤན་འབྱུང་བ་དང༌། ཤན་འབྱུང་ལ་རིགས་མ་ལོག་པ་དང༌། རིགས་ལོག་ལ་ཤན་མི་འབྱུང་བ་དང༌། རིགས་ཀྱང་མ་ལོག་ལ་ཤན་ཡང་མི་འབྱུང་བའོ། །དང་པོ་རིགས་ལོག་ལ་ཤན་འབྱུང་བ་ནི་གོས་ཅུང་ཟད་མི་ལྡང་བ་ཁ་སྣོན་ལ་རེ་བ་དང་བཅས་པས་ཞག་བཅུའི་ནང་དུ་ཁ་སྣོན་རྙེད་པས་ཁ་སྣོན་ལ་རེ་བ་མེད་པའི་ཕྱིར་རིགས་ལོག་ལ། ཕྱིས་རྙེད་པ་ལ་སྔར་གྱི་ཤན་འབྱུང་བ་ཡིན་ནོ། །གཉིས་པ་ཤན་འབྱུང་ལ་རིགས་མ་ལོག་པ་ནི། ཁ་སྣོན་ལ་རེ་བ་དང་བཅས་པ་ཁ་དོག་རིགས་མི་མཐུན་རྙེད་ཅིང༌། ཟླ་བ་འདས་པ་ན་རིགས་མ་ལོག་ལ་ཕྱིས་རྙེད་པ་ལ་སྔར་གྱི་ཤན་འབྱུང་བ་ཡིན་ནོ། །གསུམ་པ་རིགས་ལོག་ལ་ཤན་མི་འབྱུང་བ་ནི། གོས་སྔ་མ་གཞན་ཡང་མེད་ཅིང་ཟླ་བ་གཅིག་གི་ནང་དུ་རེས་ནས་ཁ་སྣོན་ལ་རེ་བ་ཆད་པའོ། །བཞི་པ་རིགས་ཀྱང་མ་ལོག་ལ་ཤན་ཡང་མི་འབྱུང་བ་ནི། ཁ་སྣོན་ལ་རེ་བ་དང་བཅས་པས་ཟླ་བ་འདས་ཤིང་གོས་གཞན་འཁོར་གསུམ་ཁེབས་པའི་ཚད་ཙམ་ཡང་མ་རྙེད་པའོ། །ཞག་བཅུ་པ་གསུམ་གང་གི་ནང་དུ་ཁ་སྣོན་རྙེད་ཀྱང་གང་རྙེད་པའི་ཞག་བཅུ་པ་དེའི་རིགས་སུ་བསླན་ནོ། །གལ་ཏེ་ཁ་སྣོན་ལ་ཁ་དོག་རིགས་མི་མཐུན་རྙེད་ན་ཇི་ལྟར་འགྱུར་ཞེ་ན། དེས་ནི་རིགས་མི་བཟློག་སྟེ། གཉིས་ཀ་བསྡོམས་པས་གོས་བྱར་མི་རུང་བའི་ཕྱིར་ཁ་དོག་དཀར་པོ་རྙེད་ན་ཁ་དོག་གང་དུ་ཡང་བསྒྱུར་དུ་རུང་བས་རྙེད་པ་དང་འདྲའོ། །གཉིས་པ་ཚིག་གི་དོན་ནི། སྔ་མའི་ཆོས་གོས་ཡང་དག་པར་ཚད་དུ་རྫོགས་པ་ཡོད་ན་ཡང་སླར་ཡང་ཆོས་གོས་གཞན་དག་བསྒྲུབ་པར་འདོད་པ་ཡིས། ཁ་སྣོན་དགོས་པས་ཁ་སྣོན་ལ་རེ་བ་དང་བཅས་པའི་གོས་རྙེད་ན་བྱིན་གྱིས་མ་བརླབས་པ་དང་གཞན་ལ་བསྔོ་བའི་ཚུལ་གྱིས་མ་བརྟགས་པར་ཟླ་བ་གཅིག་ལས་ལྷག་པར་གཞག་པར་མི་བྱ་སྟེ། བཞག་ན་སྤང་བའི་ལྟུང་བ་བསྐྱེད་པར་འགྱུར་རོ། །གཉིས་པ་གནང་བཀག་གི་དུས་བསྟན་པ་ནི། མར་ངོ་སྔོན་འགྲོ་ལ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་སྟོན་ཟླ་ཐ་ཆུང་གི་ཉའི་བར་ནི་སྨིན་དྲུག་གི་ཟླ་བ་ཞེས་ཐ་སྙད་གདགས་པས་ན་སྨིན་དྲུག་ཟླ་བའི་ཚེས་གཅིག་ནས་བཟུང་ནས་ནི། སྨལ་པོ་དང་རྒྱལ་དང་མཆུ་དང་དཔྱིད་ཟླ་ར་བ་ཁྲའི་ཉའི་བར་གྱི་གོས་ནི་སྲ་བརྐྱང་གདིང་བའི་དུས་ཀྱི་གོས་ཡིན་པས་དེ་དུས་ཀྱི་ལྷག་པའི་གོས་ལ་བྱིན་བརླབས་དང་ཡིད་བརྟན་མ་བྱས་ཀྱང་རྣམ་པར་སྤྱོད་དོ། །ཟླ་བ་ལྔ་པོ་དེ་ལས་ལྷག་པ་གང་ཡིན་པའི་གོས་ནི་དུས་མིན་གྱི་གོས་ཏེ། ཉེ་དུ་དང་མཁན་པོ་སོགས་ལ་ཡིད་བརྟན་བྱ་སྟེ་བཅང་ངོ༌། །གསུམ་པ་བསླབ་བྱ་བསྟན་པ་ལ་གསུམ་སྟེ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པ། ཇི་ལྟར་བསྒྲུབས་པས་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ལྔར་དབྱེ་བའི་ཚུལ་དང༌། ཕྱག་དར་ཁྲོད་བྱེ་བྲག་ཏུ་བཤད་པ་དང༌། གཉིས་སུ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི། གོས་ནི་རྣམ་པ་ལྔ་ཡིན་ཏེ། ལྔ་གང་ཞེ་ན། དུར་ཁྲོད་པའི་གོས་དང༌། མི་ཤེས་པའི་གོས་དང༌། ཤེས་པ་ཉིད་ཀྱི་ཆོས་གོས་དང༌། སོང་བའི་གོས་དང༌། སོང་བ་མ་ཡིན་པའི་གོས་དང༌། ཕྱག་དར་ཁྲོད་ཀྱི་གོས་ནི་ལྔ་པ་ཡིན་ནོ། །གཉིས་པ་སོ་སོའི་མཚན་ཉིད་ལ། དུར་ཁྲོད་པའི་གོས་ནི་དུར་ཁྲོད་དུ་སྤྱོད་པའི་གོས་སོ། །མི་ཤེས་པ་ནི་སྦྱིན་པ་པོ་ངོ་མི་ཤེས་པ་ཉིད་དོ། །ཤེས་པའི་ཆོས་གོས་ནི་སྦྱིན་པ་པོ་ངོ་ཤེས་པ་ཉིད་དོ། །སོང་བའི་གོས་ནི་ཚད་དུ་སོང་ནས་རོའི་གོས་གནས་གཞན་དུ་བླངས་པའོ། །མ་སོང་བའི་གོས་ནི་རོའི་གོས་བླངས་ནས་གནས་དེ་ཉིད་དུ་སྤྱོད་པའོ། །ལ་སོགས་པ་ཉམས་པ་ལ་སོགས་པའི་གོས་སོ། །ཕྱག་དར་ཁྲོད་ནི་བོར་བ་སྟེ། ཕྲན་ཚེགས་ཀྱི་འགྲེལ་པར། ཆུའི་མཐའ་ནི་ངོགས་ཡིན་ལ། གོས་ཀྱི་མཐའ་ནི་ཕྱག་དར་ཁྲོད་པ་ཡིན་ཏེ། ཕྱག་དར་འདྲ་བའི་ཕྱག་དར་དུ་བོར་བའོ་ཞེས་སོ། །གཉིས་པ་ཕྱག་དར་ཁྲོད་བྱེ་བྲག་ཏུ་བཤད་པ་ནི། ཕྱག་དར་ཁྲོད་ནི་རྣམ་པ་ལྔར་ཤེས་པར་བྱའོ། །ལྔ་གང་ཞེ་ན། ཕྱག་དར་ཁྲོད་དེ་ཡང་རྡུལ་གྱིས་སྦགས་པ་སྟེ། ལམ་པོ་ཆེའི་གོས་དང༌། དགོན་པར་བོར་བ་དང༌། སྲང་དུ་བོར་བ་དང༌། མེ་ཡིས་འཚིག་པ་དང༌། མི་གཙང་བ་དག་གིས་གོས་པའོ། །ཡང་ཕྱག་དར་ཁྲོད་ནི་རྣམ་པ་ལྔ་སྟེ། མེ་ཡིས་འཚིག་པ་དང༌། ཆུ་ལ་བོར་བ་དང༌། དེ་བཞིན་དུ་མ་མས་བྱིན་པ་ཉིད་ནི་བུ་ཆུང་གི་མི་གཙང་བས་གོས་པ་དང༌། བྱི་པའི་སོ་ཡིས་འཆོས་པ་དང༌། དེ་བཞིན་དུ་བེའུས་ཟོས་པའོ། །གསུམ་པ་གཉིས་སུ་དབྱེ་བ་ནི། ཆོས་གོས་རྣམ་པ་གཉིས་སུ་འདོད་དོ། །གཉིས་གང་ཞེ་ན། ཆོས་གོས་གསར་པ་དང༌། རྙིང་པ་ལོངས་སྤྱོད་བཟོད་ཙམ་དུ་ཡོད་པའོ། །གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་ལྔ་སྟེ། ཇི་ལྟར་བསྒྲུབ་པའི་ཚུལ་དང༌། ལོངས་སྤྱོད་པའི་ཚུལ་དང༌། བཅང་བའི་ཚུལ་དང༌། དུར་ཁྲོད་པའི་བསླབ་བྱ་དང༌། མ་དད་པའི་སྤྱོད་པ་སྤང་བའོ། །དང་པོ་ལ་དྲུག་སྟེ། རིམ་པའི་ཚད་དང༌། ཚལ་བུ་སྦྱར་བའི་ཚུལ། སྣམ་ཕྲན་གྱི་གྲངས། གླེགས་བུའི་ཚད། རྒྱ་ཁྱོན་གྱི་ཚད་དང༌། ཚལ་བུའི་ཚད་དོ། །དང་པོ་ལ་ཡང་གསུམ་སྟེ། གསར་པའི་རིམ་པ་དང༌། རྙིང་པའི་རིམ་པ་དང༌། ལྷག་ན་སྤང་བར་འགྱུར་པའོ། །དང་པོ་ནི། གོས་སྒྲུབ་པ་དེའི་ཆོ་ག་ལུང་ལས་ཇི་སྐད་བཤད་པ་དེ་བཞིན་དུ་གཞུང་འདིར་ནི་མངོན་པར་བརྗོད་པར་བྱ་སྟེ། གསར་པའི་གོས་ལ་འདི་ལྟར་བྱ་སྟེ། ཐོག་མར་རྣམ་སྦྱར་ཉིས་རིམ་དུ་དྲུབ་བོ། །དེ་བཞིན་དུ་ནི་གདིང་བ་ཡང་ཉིས་རིམ་དུ་བྱ་བ་སྟེ། ཆོས་གོས་གཞན་བླ་གོས་དང་མཐང་གོས་གསར་པ་ལ་ནི་ཉིས་རིམ་ནམ་ཡང་བྱ་བ་མིན་ནོ། །གཉིས་པ་རྙེད་པའི་རིམ་པ་ནི། ཟླ་བ་བཞི་དང་ལྔ་ལ་སོགས་པར་ལོངས་སྤྱོད་པའི་གོས་དེ་སྡོམ་བརྩོན་གྱིས་སྒྲུབ་པའི་ཚུལ་ཇི་ལྟར་བྱ་བར་རྟོག་ན། གོས་རྙིང་པ་ལས་བྱས་པའི་སྣམ་སྦྱར་ལ་ནི་བཞི་རིམ་སྟེ། རྒྱུ་རས་ལ་སོགས་པ་སྲབ་མོ་ལས་བྱས་པ་ལ་དགོངས་སོ། །གཞན་བླ་གོས་དང་མཐང་གོས་དག་ལ་ནི་ཉིས་རིམ་བྱའོ། །གདིང་བ་ལའང་ཉིས་རིམ་དུ་གསུངས་སོ། །གསུམ་པ་ལྷག་ན་སྤང་བར་འགྱུར་བ་ནི། རྙིང་པ་ལ་བཞི་རིམ་དང་གསར་པ་ལ་ཉིས་རིམ་དེ་ལས་ལྷག་པ་མི་སྦྱར་ཏེ། ལྷག་ན་སྤང་བའི་ལྟུང་བ་བསྐྱེད་པར་འགྱུར་བས་སོ། །རིམ་པ་གཉིས་སུ་བཤད་པ་དེ་དག་སྦྱར་བར་བྱ་བ་ཡང་དང་པོར་སྦྱར་ཞིང་ཡང་ཕྲལ་ནས་བཟོ་འཕྲོར་གྱུར་ཏེ་མ་སྦྱར་བར་བཞག་པ་ནི་ཞག་བཅུའི་བར་དུ་བཅང་དུ་རུང་བ་ཡིན་གྱི། བྱིན་གྱིས་མ་བརླབས་པར་ཞག་བཅུ་འདས་ན་སྤང་བའི་ལྟུང་བར་འགྱུར་རོ། །གཉིས་པ་ཚལ་བུ་སྦྱར་བའི་ཚུལ་ནི། སྣམ་སྦྱར་རྣམས་ཀྱི་ཚལ་བུ་ནི་སྣ་མཐོ་དམན་མི་མཉམ་པ་བསྣོལ་བའི་སྣྲེལ་ཞི་བྱའོ། །གསུམ་པ་སྣམ་ཕྲན་གྱི་གྲངས་ནི། ཐ་ཚད་དགུ་ལ་སོགས་པ་ནས་སྣམ་ཕྲན་ཉི་ཤུ་རྩ་ལྔའི་བར་དགུ་བྱའོ། །དགུ་ནི་ཐ་ཚད་གསུམ། འབྲིང་ཚད་གསུམ། རབ་ཚད་གསུམ་མོ། །ཐ་ཚད་གསུམ་ནི་སྣམ་ཕྲན་དགུ་པ་དང༌། བཅུ་གཅིག་པ་དང༌། བཅུ་གསུམ་པའོ། །འབྲིང་ཚད་གསུམ་ནི་སྣམ་ཕྲན་བཅོ་ལྔ་པ་དང༌། བཅུ་བདུན་པ་དང༌། བཅུ་དགུ་པའོ། །རབ་ཚད་གསུམ་ནི་སྣམ་ཕྲན་ཉི་ཤུ་རྩ་གཅིག་པ་དང༌། རྩ་གསུམ་པ་དང༌། རྩ་ལྔ་པའོ། །ཐ་ཚད་གསུམ་འབྲིང་ཚད་གསུམ་རབ་ཚད་གསུམ་པོ་དེ་དག་གིས་སྣམ་སྦྱར་གྱི་དབྱེ་བ་ངེས་པར་བསྟན་ཏོ། །བཞི་པ་གླེགས་བུའི་ཚད་ནི། ཐ་ཚད་གསུམ་ལ་གླེགས་བུ་ཕྱེད་དང་གསུམ་པ་བྱའོ། །འབྲིང་ཚད་གསུམ་ལ་ནི་གླེགས་བུ་ཕྱེད་དང་བཞི་པ་བྱའོ། །གྲངས་ཀྱི་ཐ་མ་རབ་ཚད་གསུམ་གྱི་གླེགས་བུ་ནི་ཕྱེད་དང་ལྔ་པར་བྱ་བ་ཡིན་ནོ། །ཐ་ཚད་དང་འབྲིང་ཚད་དང་རབ་ཚད་ཀྱི་སྡེ་ཚན་གསུམ་པོ་འདི་དག་གི་སྒོ་ནས་སྣམ་སྦྱར་ཞེས་བྱ་བར་གསུངས་པ་ཡིན་ནོ། །ལྔ་པ་རྒྱ་ཁྱོན་གྱི་ཚད་ལ་གསུམ་སྟེ། སྤྱིར་བཏང་དང༌། དམིགས་བསལ་དང༌། འཇལ་བྱེད་ཀྱི་ཚད་དོ། །དང་པོ་ནི། སྣམ་སྦྱར་དེ་དག་གི་ཚད་ངེས་པ་ཅན་དུ་བསྟན་པ་ལ། དང་པོར་རབ་ཚད་གསུམ་ལ་དཀྱུས་སུ་ཁྲུ་ནི་ལྔ་དང༌། ཞེང་ལ་གསུམ་མོ། །ཐ་མ་ཆུང་ཚད་གསུམ་ལ་དཀྱུས་སུ་ཕྱེད་དང་ལྔ་དང༌། ཞེང་དུ་ཕྱེད་དང་གསུམ་སྟེ། ཕྱེད་ཅེས་པ་གཉིས་ཀ་ལ་སྦྱར་རོ། །རབ་ཚད་དང་ཐ་ཚད་དེ་གཉིས་ཀྱི་བར་ནི་ཞེང་དང་དཀྱུས་ཀྱི་ཚད་ནི་བར་མ་འབྲིང་ཚད་གསུམ་གྱི་ཞེང་དང་དཀྱུས་ཀྱི་ཚད་ཡིན་ནོ། །འདིར་ཆེ་ཚད་ལས་ཆུང་བ་དང༌། ཐ་ཚད་ལས་ཆེ་བའི་བར་གང་ཡང་རུང་བ་འབྲིང་ཚད་ཡིན་གྱི། དེ་གཉིས་ཀྱི་བར་གྱི་ཚད་ངེས་པ་ཅན་གཟུང་བ་ནི་གཞུང་གི་དོན་མིན་ནོ། །སྣམ་སྦྱར་ལ་ཚད་བཤད་པ་དེ་བཞིན་དུ་བླ་གོས་ཉིད་ཀྱི་ཚད་ཀྱང་དེ་ཉིད་དེ། རབ་ཚད་ལ་སྲིད་དུ་ལྔ་དང་ཞེང་དུ་གསུམ་པར་གསུངས་པ་ཡིན་ནོ། །འབྲིང་ཚད་དང་ཐ་ཚད་གཉིས་ལ་སྲིད་དམ་དཀྱུས་སུ་ལྔར་མཚུངས་ལ། ཞེང་དུ་ནི་སྣམ་སྦྱར་གྱི་འབྲིང་ཚད་དང་ཐ་ཚད་གཉིས་དང་འདྲ་བར་སྦྱར་རོ། །སྣམ་ཕྲན་ནི་བདུན་པ་དང་གླེགས་བུ་ཕྱེད་དང་གསུམ་པར་བྱའོ། །མཐང་གོས་ནི་ཞེང་དུ་ཁྲུ་གཉིས་སུ་ངེས་ཏེ་སྲིད་དུ་བཞི་པ་དང་ལྔ་པ་ཡང་བྱ་བ་ཡིན་ནོ། །འདི་ནི་སྣམ་ཕྲན་ལྔ་པ་དང་གླེགས་བུ་ཕྱེད་དང་གཉིས་པར་བྱའོ། །སྣམ་སྦྱར་ནི་ངེས་པར་དྲས་ཏེ་བཅང་ལ། གཞན་ནི་མ་ངེས་པར་གསུངས་སོ། །གཉིས་པ་དམིགས་བསལ་ནི། གལ་ཏེ་གོང་དུ་རྒྱ་ཁྱོན་གྱི་ཚད་བཤད་པ་དེ་དག་གི་ཚད་ཀྱི་མཐང་གོས་མ་འབྱོར་ན་ཕོངས་པ་རྗེས་སུ་གཟུང་བའི་དོན་དུ་པུས་མོ་གཉིས་དང་ལྟེ་བ་སྟེ་འཁོར་གསུམ་ཁེབས་པ་ཙམ་ཡང་རུང་བར་བསྟན་ཏོ། །གསུམ་པ་འཇལ་བྱེད་ཀྱི་ཚད་ནི། སྤྱིར་ན་ལུས་དང་ཡན་ལག་རང་བཞིན་འཚམ་པའི་གོས་བྱེད་ན་ཚད་རྣམས་ལ་ཁྲུའི་ཚད་དུ་གཞག་པ་ཡིན་ནོ། །ལུས་དང་ཡན་ལག་ཤིན་ཏུ་རིང་བ་དང་ཐུང་བ་ལུས་དང་ཡན་ལག་མི་འཚམ་པ་རྣམས་ལ་ལུས་ཀྱི་ཆ་བདུན་ལས་ཆ་གཉིས་ལ་ནི་ཁྲུའི་ཚད་དུ་འདོད་པ་ཡིན་ནོ། །དྲུག་པ་ཚལ་བུའི་ཚད་ལ་ཚལ་བུའི་སྒོ་ནི་གསུམ་དུ་བརྗོད་དོ། །དང་པོ་རབ་དང་ཐ་མ་ཆུང་བ་དག་དང་དབུས་བར་མའོ། །གསུམ་པོ་རིམ་པ་བཞིན་དུ་རབ་ཚད་ནི་བྱ་རོག་གི་མཐོ་གང་ངམ་སོར་བཞི་དང༌། ཐ་ཚད་མཐེ་བོའི་ལྟོ་གང་ངམ་སོར་གཉིས་ཡིན་ལ། རབ་ཚད་དང་ཐ་ཚད་དེའི་བར་མ་ནི་འབྲིང་ཚད་དོ། །སྣམ་སྦྱར་དང་ཆོས་གོས་གསར་པ་འཕྲག་པ་ལ་བཀལ་ཏེ་ཕྱིན་པས་ས་རྡུལ་གྱིས་གོས་པ་ལ་བརྟེན་ནས་གཏོར་བུ་གནང་ངོ༌། །གཉིས་པ་ཆོས་གོས་ལོངས་སྤྱད་པའི་ཚུལ་ལ། མཚན་ཉིད་མི་ལྡན་པ་སྤྱད་ཚུལ། ལྡན་པ་སྤྱད་ཚུལ། གནང་བཀག་གི་དབྱེ་བའོ། །དང་པོ་ནི། ཁོར་ཡུག་ཏུ་ཁྲུའི་ཚད་ལས་ཆུང་བ་ལ་བྱིན་རླབས་མི་འཆགས་པས་ཡིད་བརྟན་མི་དགོས་སོ། །ཉེ་དགས་རྒན་ཞུགས་གློ་བུར་བ་ཆོས་གོས་གསུམ་མེད་པ་ཞིག་ལ་པོར་ཐང་ལ་མཐང་གོས། ལྭ་བ་ལ་སྟོད་གཡོགས། བེའུ་རས་ལ་སྣམ་སྦྱར་བྱས་ཏེ་རྒན་ཞུགས་ལ་དཀྲིས་ནས་དགེ་འདུན་འདུས་པའི་ནང་དུ་བཏང་བ་དང༌། དགེ་སློང་ཁ་ཅིག་ནི་ཉེས་པ་ངོར་བརྗོད་ལ། ཁ་ཅིག་ནི་རྒན་ཞུགས་འདི་བསྙོན་ཐབས་བྱེད་དོ་ཟེར་བ་ལ་བརྟེན་ནས་སྤུ་རིང་པོ་ལ་ཆོས་གོས་སུ་བྱིན་གྱིས་མི་བརླབ་ཅེས་གསུངས་པས། ཁྲུའི་ཚད་ལས་ཆུང་བ་དེ་བཞིན་དུ་སྤུ་ཅན་ལ་ཡང་བྱིན་རླབས་མི་འཆགས་སོ། །ཆོས་གོས་སྤུ་ཅན་དེ་གྱོན་ནས་གྲོང་དུ་འཇུག་པར་མི་བྱ་ལ། དགེ་འདུན་དང་ལྷན་ཅིག་ཏུ་ཟན་ཡང་མི་ཟའོ། །མཆོད་རྟེན་ལ་ཡང་ཕྱག་མི་བྱའོ། །འོ་ན་ཇི་ལྟར་སྤྱོད་ཅེ་ན། སྤུ་ཅན་འདི་ནི་སྦྱིན་བདག་གིའོ་ཞེས་ཡིད་ཀྱིས་གཞན་ལ་ཡོངས་སུ་བརྟགས་པ་སྟེ་བསྔོས་ནས་བཅང་བར་བྱའོ། །སྣམ་ཕྲན་དག་གླེགས་བུར་མ་དྲས་པའི་ཆོས་གོས་གྱོན་ནས་ནི་གྲོང་དུ་འཇུག་པར་མི་བྱ་སྟེ། གལ་ཏེ་འཇུག་པར་བྱེད་ན་དགེ་སློང་དག་ལ་ངེས་པར་ཉེས་བྱས་སུ་འགྱུར་ཏེ། དྲས་པ་མེད་ན་མ་གཏོགས་སོ། །གཉིས་པ་མཚན་ཉིད་དང་ལྡན་པ་སྤྱོད་པའི་ཚུལ་ལ་དྲུག་སྟེ། ཡིད་བརྟན་པའི་ཡུལ་གྱི་ཁྱད་པར་དཔྱད་པ། གོས་ལ་ཇི་ལྟར་བྱ་བའི་ཚུལ། གོས་ཀྱི་དབྱེ་བ་དང༌། གོས་བཅང་བའི་ཚུལ་དང༌། གོས་ཀྱི་མཚན་ཉིད་དང༌། སྤྱད་པའི་དུས་སོ། །དང་པོ་ནི། རང་ལ་མི་མཐུན་པ་བྱེད་པ་ཞེ་འགྲས་པ་དང༌། གཞན་ལ་ཀླན་ཀ་བརྐོ་བའི་འཁྲུག་ལོང་ཅན་དང༌། འགྲེལ་མེད་མུ་ཅོར་སྨྲ་བ་དང༌། ཤིན་ཏུ་ཁོང་ཁྲོ་བས་གཏུམ་པོ་དང༌། ཡུལ་གཞན་དུ་འགྲོ་བར་འདོད་པ་དང་འགྲོ་བཞིན་པ་ལ་མཁས་པས་ཡིད་བརྟན་བཅའ་བའི་ཕྱིར་དུ་ཆོས་གོས་ཀྱི་ཡིད་བརྟན་མི་གཞོག་གོ །གལ་ཏེ་རང་ཡིད་ཆེས་པའི་དགེ་སློང་ཞིག་ཡིན་ན་ནི་གང་ཟག་དེ་ཆུའི་ཕ་རོལ་དུ་གནས་ན་ཡང་ཡིད་ཆེས་པའི་གནས་སུ་གྱུར་པ་དེའི་ཕྱིར་དེ་ལ་ཆོས་གོས་ཀྱི་ཡིད་བརྟན་བྱ་བར་གསུངས་པ་ཡིན་ནོ། །གལ་ཏེ་གཞན་ཆུའི་ཕ་རོལ་དེར་གནས་པའི་དགེ་སློང་དག་ཤི་བར་ཤེས་ན་ནི་སླར་ཡང་དགེ་སློང་གཞན་ཞིག་གི་མིང་གིས་ཆོས་གོས་ཀྱི་ཡིད་བརྟན་བྱ་བ་ཡིན་ཏེ། དགེ་སློང་མིང་འདི་ཞེས་བྱ་བའི་ཡིན་ནོ་ཞེས་པའི་ཚུལ་གྱིས་སོ། །ལྷག་པའི་ཆོས་གོས་ལ་ཡིད་བརྟན་བྱ་བ་ཡིན་ཞེས་གསུངས་པ་འདིར་ཡིད་བརྟན་མི་བྱ་བའི་ཡུལ་ཇི་ལྟ་བུ་ཞེ་ན། ཡིད་མི་བརྟན་པ་བརྗེད་ངས་ཅན་ལ་ཆོས་གོས་ཀྱི་ཡིད་བརྟན་བྱ་བ་མིན། རང་གི་མངོན་སུམ་དུ་གྱུར་པའི་གང་ཟག་ལ་ཡང་མིན་ནོ། །དེ་བཞིན་དུ་དགེ་ཚུལ་རྣམས་ལ་ཡང་ཆོས་གོས་ཀྱི་ཡིད་བརྟན་བྱ་བ་མིན་ནོ། །གཉིས་པ་གོས་ལ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ་སྟེ། གཞན་ལས་བརྙན་པའི་གོས་ལ་ཇི་ལྟར་བྱ་བ། གོས་ཀྱི་རྟགས་ཇི་ལྟར་བྱ་བ། ཤི་བའི་གོས་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། ཆོས་གོས་གང་དག་གཞན་གྱིས་བརྙན་པོ་གཏད་ནས་ནི་ཆོས་གོས་གྱོན་པའི་དོན་དུ་རེ་ཞིག་པའི་གོས་སུ་བྱིན་གྱིས་བརླབས་པ་ན་དང་པོའི་དགེ་སློང་དེ་ཤི་ན་ཡང་བརྙན་པ་པོའི་དགེ་སློང་དེས་ཤི་བའི་ཡོ་བྱད་ཡིན་པས་དགེ་འདུན་སྤྱི་ལ་ནི་དབུལ་བར་བྱའོ། །གཉིས་པ་གོས་ཀྱི་རྟགས་ཇི་ལྟར་བྱ་བ་ནི། སྔོན་ཀུན་ཏུ་རྒྱུ་ཞིག་ལ་དགེ་སློང་ཞིག་གིས་རང་ཕྱོགས་ཀྱི་དགེ་སློང་དུ་འཁྲུལ་ཏེ་ཕྱག་བྱས་པ་ལ་བརྟེན་ནས་བཅས་པ་རང་གི་ཆོས་གོས་གང་གི་རྟགས་སུ་ཆོས་གོས་དེའི་མཐར་ངོས་གཟུང་བའི་དོན་དུ་སྣག་ཚ་དང་མཚལ་ལ་སོགས་པའི་ཐིག་ལེ་བྱའོ། །སྡེ་པ་བཞི་ལ་ཆོས་གོས་ཀྱི་རྟགས་མཚན་མི་འདྲ་བ་བཞི་ཡོད་པར་གྲགས་སོ། །གཅུང་དགའ་བོ་སྟོན་པ་དང་བོང་དང་གསེར་མདོག་ཅན་དུ་མཚུངས་པ་ལ་སྟོན་པར་འཁྲུལ་ནས་སྔོན་ལ་ལྡང་བ་བྱས་པས་མི་འདྲ་བའི་བྱེ་བྲག་དག་གི་ཁྱད་པར་ཡང་མཚན་མ་ཕྲ་མོ་ལས་རྟོགས་པར་བྱ་བ་ཉིད་ཡིན་པས་མི་འདྲ་བའི་མཚན་མ་བྱེད་དགོས་སོ། །གཅུང་མཛེས་དགའ་བོ་གསེར་གྱི་མདོག་ཅན་དུ་འབྱུང་བ་ཅི་ཞེ་ན། སྔོན་སངས་རྒྱས་རྣམ་གཟིགས་ལ་དད་པས་ཁྲུས་ཀྱིས་བསྙེན་བཀུར་བྱས་ཤིང༌། ལུས་གསེར་གྱི་ཁ་དོག་གི་མཚན་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལས་གྱུར་ཏོ། །འཁོར་ལོས་སྒྱུར་བའི་རིགས་སུ་འཁྲུངས་པ་ནི་རྒྱལ་པོ་ཀྲི་ཀྲི་ལས་སྟོན་པ་འོད་སྲུང་གྱི་མཆོད་རྟེན་བྱས་པ་ལ་གདུགས་གསུམ་ཡོད་པའི་བར་མ་འདིས་ཕུལ་བའི་འབྲས་བུའོ་ཞེས་ཕྲན་ཚེགས་ལས་བཤད་དོ། །གསུམ་པ་ཤི་བའི་གོས་ལ་ཇི་ལྟར་བྱ་བ་ནི། རོའི་གོས་མི་གཙང་བས་གོས་པ་ནད་གཡོག་ལ་བྱིན་པས་ལེན་དུ་མ་འདོད་པ་ལ་བརྟེན་ནས་བཅས་པ་སྟེ། ཆོས་གོས་གསུམ་དང་གདིང་བ་དང་ལྷུང་བཟེད་དང་ཆུ་ཚགས་ཏེ་ཡོ་བྱད་དྲུག་ལས་བཟང་ངན་གཉིས་ཀྱི་བར་མ་འབྲིང་པོའི་ཆ་དེ་ཉིད་ནད་གཡོག་ལ་བྱིན་ནས། ཤི་བའི་ཡོ་བྱད་ལྷག་མ་རྣམས་ནི་མཚམས་ནང་གི་དགེ་འདུན་རྣམས་ཀྱིས་ཆོས་བཤད་པ་དང་ཐ་མའི་ཆོ་ག་བྱས་ནས་བགོ་བར་བྱ་སྟེ། དགོས་པ་ནི་ཤི་བའི་གང་ཟག་དེ་ལ་བསོད་ནམས་ཁྱད་པར་ཅན་འགྲུབ་པར་བྱ་བའི་ཕྱིར་དུའོ། །གལ་ཏེ་ནད་གཡོག་སྔ་ཕྱི་དུ་མ་ཡོད་ན་གང་ལ་སྦྱིན་ཞེ་ན། ཕྱི་མ་ལ་སྦྱིན་ནོ། །ནད་གཡོག་དགེ་སློང་མ་ལ་སོགས་པ་ཡིན་ན་མི་སྦྱིན་ཞེས་འདུལ་བ་གཞུང་བླ་མ་ལས་བཤད་དེ། ཡོ་བྱད་དྲུག་ཆར་ཚང་བར་མི་སྦྱིན་པར་དགོངས་པའམ། ངན་ངོན་མ་གཏོགས་པ་བར་མ་ཙམ་ཡང་མི་སྦྱིན་པའི་དོན་ནོ། །གསུམ་པ་གོས་ཀྱི་དབྱེ་བ་ནི། གཟུགས་ཅན་སྙིང་པོས་ཚོང་པ་ཞིག་ལ་དགེ་སློང་དུ་འཁྲུལ་ཏེ་ཕྱག་བྱས་པས་དེ་ལ་བརྟེན་ནས་ཆོས་གོས་ལ་མཚན་མ་གདབ་པར་ཞུས་པས་ཆོས་གོས་སྣམ་ཕྲན་དང་གླེགས་བུར་དྲས་པ་བྱའོ་ཞེས་གསུངས་སོ། །ཡང་སྟོན་པ་འབྲོག་གནས་ན་བཞུགས་པའི་ཚེ་གྲང་ཞིང་རླུང་ལྡང་ནས་མཚན་མོའི་ཐུན་དང་པོ་ལ་མཐང་གོས་དང༌། བར་པ་ལ་བླ་གོས་དང༌། ཐ་མ་ལ་སྣམ་ཕྲན་གསོལ་ནས་དེ་ཕྱིན་ཆད་གཞན་ལ་གསུམ་གསུམ་གནང་བས་གསུམ་དང་ནི་ཞེས་སོ། །རྔུལ་གཟན་དང་ཤམ་ཐབས་གཉིས་ལ་རེ་རེ་ལའང་ངོ་བོ་དང་གཟན་གཉིས་གཉིས་ཏེ། རྔུལ་གཟན་ནི་ཉིན་མོ་ཤ་ལ་གྱོན་པའོ། །རྔུལ་གཟན་གྱི་གཟན་ནི་མཚན་མོ་ཤ་ལ་གྱོན་པའོ། །ཤམ་ཐབས་ནི་ཉིན་པར་གྱོན་པའོ། །ཤམ་ཐབས་ཀྱི་གཟན་ནི་མཚན་མོ་རྔུལ་གཟན་གྱི་སྟེང་དུ་གྱོན་པའོ། །རྣམ་འབྱེད་ཀྱི་འགྲེལ་པ་ལས། རྔུལ་གཟན་དང་རྔུལ་གྱི་གཟན་ནི་སྟོད་ཤགས་དང་སྟོད་ཤགས་ཀྱི་ཐེབ་ཅེས་བཤད་དོ། །དགེ་སློང་གཡན་པའི་ནད་ཅན་ཆོས་གོས་ལ་གོས་པའི་རྣག་ཁྲག་ལ་སྦྲང་མ་འདུས་པ་ཞིག་བསོད་སྙོམས་ལ་ཞུགས་པས་གཡན་པ་དགབ་པ་གནང་ངོ༌། །གཞན་གྱི་གནས་མལ་ཆུད་ཟོས་པ་ལ་བརྟེན་ནས་གདིང་བ་གནང་ངོ༌། །ས་ག་མའི་ཀུན་དགའ་ར་བར་གཅེར་བུར་ཁྲུས་བྱས་པས་མངག་གཞུག་མས་དགེ་སློང་དེ་འཚོ་བ་པར་འཁྲུལ་བ་ལ་བརྟེན་ནས་ས་ག་མས་ཕུལ་བའི་རས་ཆེན་གནང་ངོ༌། སྐྲ་བྲེག་པའི་དུས་སུ་སྐྲས་གོས་ཆུད་ཟོས་པས་སྐྲ་བཟེད་དང༌། གདོང་དང་ལག་པའི་དྲི་མ་ཕྱི་བའི་དོན་དུ་ནི་གདོང་པ་དང་ལག་པ་ཕྱི་བའི་གོས་གནང་ངོ༌། མདོ་རྩ་བར་ལག་ཕྱིས་མ་བགྲངས་པར་རྣག་གཟན་བགྲངས་སོ། །བཅུ་གསུམ་པོ་འདི་དག་ནི་གོས་ཀྱི་དབྱེ་བར་འདོད་དོ། །བཞི་པ་གོས་བཅང་བའི་ཚུལ་ནི། སྤྱིར་གོས་ནི་བཞི་སྟེ། ཆོས་གོས་ལྷག་པ་ནི་ལྷག་པའི་ཡོ་བྱད་དོ། །ལ་སོགས་པ་རས་ཡུག་ལ་སོགས་ནི་མཁོ་བའི་ཡོ་བྱད་དོ། །ཁྲུ་གང་ཁོར་ཡུག་ཏུ་མ་ལོངས་པ་ནི་ཡོ་བྱད་ཕྲན་ཚེགས་སོ། །འཚོ་བའི་ཡོ་བྱད་ནི་བཅུ་གསུམ་པོའོ། །འདི་དག་ནི་ཚད་དང་ལྡན་པ་རེ་རེར་ངེས་པ་དག་གོ །གོས་འདི་དག་འཆང་བའི་ཚུལ་ཇི་ལྟ་བུ་ཞེ་ན། དགེ་སློང་ཆོས་གོས་རྣམས་ལ་འཆང་བའི་ཚུལ་ནི་འདི་ལྟར་ཡིན་ཏེ། འཚོ་བའི་ཡོ་བྱད་རྣམས་ནི་ངེས་པར་བྱིན་གྱིས་བརླབས་ལ་བཅང་ངོ༌། །དེ་ལས་གཞན་པ་ལྷག་པའི་ཡོ་བྱད་དུ་རུང་བ་རྣམས་མཁན་པོ་ལ་སོགས་ལ་ཡིད་བརྟན་བྱ་ཞིང༌། མི་རུང་བ་རྣམས་ནི་སྦྱིན་བདག་ལ་ཡིད་བརྟན་བྱ་སྟེ་བཅང་ངོ༌། །མཁོ་བའི་ཡོ་བྱད་རྣམས་ནི་བདག་དང་ཚངས་མཚུངས་གཉིས་ཀའི་དོན་དུ་བྱིན་གྱིས་བརླབ་བོ། །རྔུལ་གཟན་དང་ཐང་གོས་མེད་པར་ནི་ཆོས་གོས་ཆེན་པོ་སྣམ་སྦྱར་ལོངས་མི་སྤྱད་ཅིང་མི་གྱོན་ནོ། །གལ་ཏེ་ཆོས་གོས་སུམ་ཕྲུགས་བགོ་བ་ལ་མཁས་པ་དག་གིས་ནི་ཆོས་གོས་ཕལ་པ་བླ་གོས་སོགས་ཀྱང་བགོ་བར་བྱ་སྟེ། གང་གི་ཕྱིར་ན་ཆོས་གོས་སུམ་ཕྲུགས་ལོངས་སྤྱོད་པ་ཤེས་པ་ཡིས་སོ། །ལྔ་པ་གོས་ཀྱི་མཚན་ཉིད་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དཀར་པོ་སོགས་ཁ་བསྒྱུར་བར་འོས་པ་རྣམས་ནི་རུང་བའི་ཚོན་གསུམ་གང་རུང་གིས་ཁ་བསྒྱུར་ཞིང༌། དྲུབ་པར་འོས་པ་རྣམས་ནི་ཚེམས་བུས་དྲུབ་པ་དང༌། མཁོ་བའི་ཡོ་བྱད་དུ་འོས་པ་རྣམས་ནི་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ། ལྷག་པའི་ཡོ་བྱད་དུ་འོས་པ་རྣམས་ནི་ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབ་བོ། །བརྟག་པར་འོས་པ་དག་ནི་གཞན་ལ་ཡིད་བརྟན་བྱ་སྟེ་བཅང་བར་བྱའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཚོན་དུ་རུང་མི་རུང་གི་དབྱེ་བ་དང༌། དྲ་བར་བྱ་མི་བྱ་བའི་དབྱེ་བའོ། །དང་པོ་ནི། ཁ་བསྒྱུར་བར་བྱ་ཞེས་གསུངས་ན། ཚོན་ཇི་ལྟ་བུས་ཁ་བསྒྱུར་བར་བྱ་ཞེ་ན། སྒྱུར་བྱེད་དུ་རུང་བའི་ཚོན་ནི། རམས་ལྟ་བུ་སྔོན་པོ་དང༌། བཙག་ཏུ་གྲགས་པ་དང༌། ངུར་སྨྲིག་རྩེ་ནི་སྐྱེར་པ་ལྟ་བུའི་བར་ཤུན་ཏེ། རྣམ་འབྱེད་ལས། ངུར་སྨྲིག་ནི་ཤིང་ཤུན་ནོ་ཞེས་པ་དང༌། རྣམ་འབྱེད་ཀྱི་འགྲེལ་བ་ལས། ངུར་སྨྲིག་ནི་སེར་པོ་ཞེས་སོ། །འདི་དག་ནི་རུང་བའི་ཚོན་གསུམ་ཞེས་བྱའོ། །ཆོས་གོས་ཀྱི་ཁ་སྒྱུར་བྱེད་དུ་མི་རུང་བའི་ཚོན་གང་ཞེ་ན། སྟོན་པས་ཚོན་ཆེན་དག་གིས་དགེ་སློང་གི་ཆོས་གོས་ནི་ཁ་སྒྱུར་བར་བྱེད་པ་བཀག་པ་ཡིན་ནོ། །འདི་དག་ནི་ཚོན་ཆེན་བརྒྱད་དུ་འདོད་དོ། །བརྒྱད་ནི། རྒྱ་སྐྱེགས་ནི་ཚོས་སོ། །ལེ་བརྒན་རྩི་ནི་དམར་ནག་གོ །བཙོད་ནི་དམར་པོའོ། །རྨ་ཤིང་རྩི་དང་མཐིང་ཤིང་ཞེས་པ་གཉིས་ནི་ཤིང་ཤུན་དམར་པོའོ། །མཚལ་ནི་ཡོངས་སུ་གྲགས་པར་ཟད་དོ། །སིནྡྷཱུ་ར་ནི་དམར་སེར་རོ། །གུར་གུམ་ཡང་དམར་སེར་རོ། །གཉིས་པ་དྲ་མི་དྲའི་དབྱེ་བ་ལ། ཕྲན་ཚེགས་ལས། ལྔ་པོ་འདི་དག་ནི་མི་དྲ་སྟེ། བེའུ་རས་དང༌། ལྭ་བ་དང༌། ཕྱིང་པ་དང་ཀམ་དང་སིང་བ་ཐམས་ཅད་དོ་ཞེས་གསུངས་པས་ན་སིང་བ་ཡང་ཤིན་ཏུ་སྲབ་པས་ཆོས་གོས་འདོད་པ་ཡིས་དྲ་བར་བྱ་བ་མ་ཡིན་ནོ། །དགེ་སློང་འགའ་ཞིག་ལ་ཆོས་གོས་གསུམ་མེད་པས་ཕྲུག་དང་ཕྱིང་པ་དང་ལྭ་བ་དྲ་བར་བརྩམས་པ་ན་ཕྲུག་དང་ཕྱིང་པ་དང་ལྭ་བ་ཤིན་ཏུ་ཐུག་པོ་དག་འདི་དག་ཆོས་གོས་བྱ་བར་འདོད་པ་ཡིས་དྲ་བར་བྱ་བ་མ་ཡིན་ནོ། །ཉེ་དགས་པར་ཐང་ལ་མཐང་གོས་དང༌། ལྭ་བ་ལ་སྟོད་གཡོགས། བེའུ་རས་ལ་སྣམ་སྦྱར་བྱས་ཏེ་རྒན་ཞུགས་གྱོན་དུ་བཅུག་པ་ལ་བརྟེན་ནས་སྤུ་ཅན་དག་ལ་དེ་དག་གི་སྤུ་རྣམ་པར་སྤངས་ནས་ཏེ་སྤུ་ཕྱི་ནས་བརྟུལ་ཞུགས་ཅན་གྱིས་གོས་ཀྱི་ནང་ཤུན་བྱའོ། །གདིང་བ་ལ་ནི་ཆོས་གོས་གསུམ་པོ་ལྟར་སྣམ་ཕྲན་དང་གླེགས་བུར་དྲ་མི་དགོས་ལ། རྟག་ཏུ་འབྲལ་བའི་ལྟུང་བ་ཡང་ནི་མེད་དོ། །འོན་ཀྱང་གླེགས་བུ་གཉིས་པར་ནི་བྱ་དགོས་ཏེ། མདོ་རྩ་བར། གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱ་ཞེས་སོ། །སྣམ་སྦྱར་ནི་སྣམ་ཕྲན་དང་གླེགས་བུར་ངེས་པར་དྲས་ཏེ་བཅང་ངོ༌། །ཆོས་གོས་གཞན་དག་ལ་ནི་དྲ་བར་མ་ངེས་ཏེ། གང་གི་ཕྱིར་ན་འདོད་པ་ཆུང་བ་དག་རང་གི་ཆོས་གོས་ཀྱི་ལས་ཀྱིས་སྐྱོ་བ་བསྐྱེད་པ་དགག་པའི་ཕྱིར་རོ། །དྲུག་པ་གོས་སྤྱད་པའི་དུས་ནི། སྔོན་དགེ་སློང་མི་མཁས་པས་ཆོས་གོས་གསུམ་ཆར་གྱོན་ཏེ་ཆག་ཆག་འདེབས་པ་དང་བཤང་གཅི་སོགས་བྱས་པས་བཅས་ཏེ། ཆོས་གོས་དང་པོ་གསུམ་དང༌། བཞི་པ་ཤམ་ཐབས་དང༌། ལྔ་པ་ཤམ་ཐབས་ཀྱི་གཟན་རྣམས་ལས། བཞི་པ་ཤམ་ཐབས་དང༌། ལྔ་པ་ཤམ་ཐབས་ཀྱི་གཟན་རྣམས་ལུས་ལ་གྱོན་ནས་བཤང་གཅི་སོགས་བྱ་བ་མཐའ་དག་བྱེད་པ་རུང་ལ། བླ་གོས་གྱོན་ནས་ས་ཕྱོགས་གཙང་མར་ནི་ལས་ཡོངས་སུ་བྱེད་པ་ལ་བཀག་པ་མེད་དོ། །འོ་ན་སྣམ་སྦྱར་བགོ་བ་དང་མི་བགོ་བའི་གནས་སྐབས་གང་ཞེ་ན། སྣམ་སྦྱར་ནི་དགེ་སློང་རྣམས་ལས་ཀྱི་ཆོ་ག་ལ་འདུས་པ་དང༌། ཟས་ཀྱི་གྲལ་ལ་འདུག་པ་དང༌། མཆོད་རྟེན་དང་མཁན་སློབ་སོགས་ལ་ཕྱག་བྱེད་པ་དང༌། སྤྱོད་ཡུལ་གྱི་གྲོང་དང༌། སོགས་པ་མུ་སྟེགས་ཀྱི་འདུག་གནས་སོགས་སུ་འཇུག་པ་ལ་བགོ་བར་བྱ་ཡི། དེ་ལས་གནས་སྐབས་གཞན་དག་ཏུ་ནི་སྣམ་སྦྱར་གྱོན་པ་བཀག་པ་ཡིན་ནོ། །གཞན་ཡང་ལྭ་བ་གྱོན་པ་དང༌། ཕྲུག་གྱོན་པ་དང༌། ཕྱིང་པ་དང༌། རྔ་མོའི་ལྭ་བ་དག་གྱོན་པ་དང༌། ཆོས་གོས་ཉིས་རིམ་གྱོན་པ་ནི་མི་གཙང་བའི་ས་ཕྱོགས་སུ་གྱོན་པ་བཀག་པ་ཡིན་ནོ། །ཡངས་པ་ཅན་སྤྲེའུའི་རྫིང་གི་འགྲམ་གྱི་ཁང་པ་བརྩེགས་པ་ན་སྟོན་པ་བཞུགས་པའི་ཚེ་ཀུན་དགའ་ར་བའི་སྒོ་ན་གནས་མལ་མི་གཙང་བས་གོས་པ་གཏིང་བ་གཟིགས་ནས་གདིང་བས་མ་གཡོགས་པར་དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་རུང་བའི་ཕྱིར་ན། གཞན་གདིང་བ་མེད་ན་བླ་གོས་བཞི་བལྟབ་ཏུ་བྱས་ཏེ་བཏིང་ནས་དྲན་པ་དང་ལྡན་པས་ལྡང་བ་ཡང་ཞིང་མྱུར་དུ་ལྡང་བར་འདོད་པས་ཉལ་བར་བྱའོ། །གསུམ་པ་གནང་བཀག་གི་བྱེ་བྲག་ནི། གལ་ཏེ་ཉེ་འཁོར་དང་བཅས་པ་ལས་གཞན་དུ་ཆོས་གོས་མ་ཁྱེར་བར་གནས་ན་ཇི་ལྟར་བྱ་ཞེ་ན། གནས་གཞན་དུ་ཆོས་གོས་མ་ཁྱེར་བར་ཞག་གཅིག་གནས་ན་གཞན་གྱི་གོས་དཀར་པོའམ་དྲས་པ་མ་ཡིན་ན་ཡང་རུང་སྟེ། ཆོས་གོས་ཀྱི་རྒྱུར་བྱིན་གྱིས་བརླབ་པར་བྱ་བ་ཉིད་དོ། །དྲུག་སྡེས་བླ་གོས་མེད་པར་གོས་གཅིག་གྱོན་པས་ཟས་ཟོས་པ་ལ་བརྟེན་ནས་ནད་པ་མ་གཏོགས་པར་ཟས་ཟ་བ་ལ་གོས་གཅིག་པ་བཀག་པ་ཡིན་ནོ། །སྡོམ་བརྩོན་བགོ་བའི་གོས་དག་མེད་པར་ནི་ཁྲུས་བྱེད་པ་བཀག་གོ །གལ་ཏེ་གོས་གཞན་མེད་ན་དབེན་པར་རུང་ངོ༌། །མཉན་ཡོད་དུ་ཀུན་གྱིས་བརྙན་པའི་ནུབ་གོས་ཉེ་དགའ་གཅིག་པུས་གྱོན་ཏེ་འཆག་པ་ན་དགེ་སློང་རྣམས་ཀྱིས་བདག་ཅག་གྲང་བས་སྡུག་བསྔལ་ན་ཁྱོད་འབའ་ཞིག་གིས་གྱོན་ནས་འཆག་གམ། བདག་ཅག་རྣམས་ལ་བཀག་གམ་ཅི་ཞེས་སྨྲས་ཤིང་མཚན་རངས་བར་གྲང་བས་སྡུག་བསྔལ་བ་ལ་བརྟེན་ནས་བཅས་ཏེ། མང་པོས་བརྙན་པོར་བསླངས་ནས་ལྭ་བ་ལ་སོགས་པ་ཐུན་མོང་དུ་གཅིག་རྙེད་པ་ནི་ཐུན་མོང་དུ་ཀུན་གྱིས་སྤྱད་པར་བྱ་ཡི། དགེ་འདུན་གྱིས་རྗེས་སུ་གནང་བ་མ་གཏོགས་པར་གཅིག་པུས་བདག་གིར་གཟུང་བར་མི་བྱའོ། །སྔོན་དགེ་སློང་རྣམས་གྲང་ནས་ཉལ་བ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བེའུ་རས་ལྔ་བརྒྱ་ཕུལ་བ་སོ་སོ་ནས་གྱོན་ཏེ་ཕྱི་རོལ་ཏུ་དོང་བ་ན་གཞན་དག་གིས་ཁྱེད་རྣམས་བབས་སམ་ཞེས་ཅོ་འདྲི་བ་ལ་བརྟེན་ནས་རུང་བའི་ཚོན་གྱིས་ཁ་མ་བསྒྱུར་བའི་གོས་དཀར་པོ་ཉིན་མོར་གྱོན་ན་ཕྱི་རོལ་ནས་ངུར་སྨྲིག་གིས་ངེས་པར་གཡོགས་པར་བྱ་དགོས་སོ། །དགེ་འདུན་གྱི་གོས་ནི་ཕྱི་ནང་གཉིས་ཀ་ནས་ངུར་སྨྲིག་གིས་གཡོགས་པ་དྲན་ཤེས་བཞིན་དང་ལྡན་པས་སྤྱད་པར་བྱའོ། །སྟོན་པས་གནོད་སྦྱིན་བ་ཀུ་ལའི་གནས་སུ་བཞུགས་པའི་ཚེ། ཚེ་དང་ལྡན་པ་ཀླུ་སྐྱོང་གིས་ལྭ་བ་སྤུ་བཟློག་ནས་ཕྱིར་བསྟན་ཏེ་གྱོན་ནས་ང་གནོད་སྦྱིན་བ་ཀུ་ལ་ཡིན་ནོ་ཞེས་སྟོན་པ་ལ་བསྡིགས་པས། སྟོན་པས་མི་བླུན་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་གནོད་སྦྱིན་བ་ཀུ་ལའི་གཟུགས་ཀྱིས་བསྡིགས་སམ། དེ་བཞིན་གཤེགས་པ་ནི་བསྙེངས་པ་དང་ཞུམ་པ་དང་སྤུ་ཟིང་ཞེས་བྱེད་པ་མི་མངའོ་ཞེས་གསུངས་པ་ལ་བརྟེན་ནས་ལྭ་བའི་གོས་ཀྱི་སྤུ་ནི་ཕྱིར་བསྟན་ནས་གྱོན་ཏེ་བཅག་པར་མི་བྱའོ། །དགེ་སློང་གནས་ན་འཁོད་པ་རྣམས་ལྭ་བ་མཐུག་པོའི་གོས་གྱོན་པས་ཤིག་གིས་ཟོས་པ་ལ་བརྟེན་ནས་སྲིན་བུ་དང་ཤིག་ལ་སོགས་པའི་འཇིགས་པས་ལྭ་བའི་སྤུ་ཕྱིར་བསྟན་ཏེ་འདུག་པ་དང་ཉལ་བར་རྗེས་སུ་གནང་བ་ཉིད་ཡིན་ནོ། །དགེ་འདུན་རྣམས་ལ་ནི་བེའུ་ཕྲུག་གི་གོས་རྗེས་སུ་གནང་ངོ༌། །དེར་མ་ཟད་གང་ཟག་ལའང་གནང་ངོ༌། །སོག་པོ་པར་སིག་གི་ཡུལ་ནས་བྱུང་བའི་པར་སིག་ལྭ་བ་ནི་དགེ་འདུན་ལ་གནང་ལ། ཤིན་ཏུ་བཟང་པས་གང་ཟག་ལ་ནི་མ་གནང་ངོ༌། །ལྭ་བ་གཞན་ནི་གང་ཟག་ལའང་རྗེས་སུ་གནང་ངོ༌། །ལྭ་བ་ཀུན་ཀྱང་ལྭ་བར་མཚུངས་མོད། འོན་ཀྱང་པར་སིག་གི་ཡུལ་ནས་བྱུང་བའི་ལྭ་བ་དེ་ནི་པར་སིག་གི་ལྭ་བ་ཞེས་བྱའོ། །དགེ་སློང་བསོད་སྙོམས་པ་ཞིག་གིས་བསོད་སྙོམས་ལ་ཞུགས་པ་ན་ཆོས་གོས་ལྷུང་ནས་མྱུར་བ་མྱུར་བར་ལྷུང་བཟེད་ས་ལ་བཞག་པས། ལྷུང་བཟེད་གར་བབ་བབ་ཏུ་འཇོག་གོ །ཞེས་ཁྱིམ་པ་རྣམས་ཀྱིས་སྨོད་པ་ལ་བརྟེན་ནས་སྟོན་པས་ཆོས་གོས་ཀྱི་སྒྲོག་མིག་གདགས་ཞེས་གསུངས་ལ། ཡང་སྨད་གཡོགས་ཉིལ་བ་ལ་བརྟེན་ནས་སྨད་གཡོགས་བསྡམ་པའི་དོན་ཉིད་དུ་སྐེ་རགས་ཀྱང་ནི་རུང་བ་ཡིན་ཞེས་གསུངས་སོ། །སྐེ་རགས་ནི་ལྷས་མ་གྲུ་བཞི་པ་ལྕགས་པོད་ཅེས་པ་དང༌། ལྟེ་བ་མ་དང་ནི་རྒྱ་ཅང་སྟེ་སྐུད་པ་ལས་བྱས་པ་དབུས་ཁོང་སྟོང་དང༌། ཤུར་བུ་ཉིད་ནི་སྐུད་པ་ལས་བྱས་པ་ཕྲ་མོ་ཞེང་རྒྱ་ཆེ་བའོ། །སྐེ་རགས་གསུམ་པ་ཤུར་བུ་ཕྲེའུ་ཉིད་ནི་སྐུད་པ་ལས་བྱས་པ་མདོ་མདོར་བུ་གུ་བྱས་པའོ། །གོས་གང་ཟག་རང་གི་བཟང་པོར་གྱུར་པ་གང་ཡིན་པ་ཐམས་ཅད་དགེ་འདུན་ཉིད་ཀྱི་ཕྱིར་དུ་ཕུལ་ནས་ཤིན་ཏུ་བཟང་པོ་མ་ཡིན་པ་སོགས་རང་གིས་སྤྱད་དོ། །དགེ་འདུན་གྱི་གདན་ལ་སོགས་པ་གདིང་བས་མ་གཡོགས་པར་ལོངས་སྤྱད་པས་ཆུད་ཟོས་པ་ལ་བརྟེན་ནས་གདིང་བ་དག་གིས་ནི་གཡོགས་པ་མེད་པར་ཡང་གཞན་གྱི་མལ་སྟན་སོགས་ལ་ནམ་ཡང་ལོངས་མི་སྤྱད་དོ། །གོས་སྤྱད་པའི་ཚུལ་བསྟན་ཟིན་ཏོ། །གསུམ་པ་བཅང་བའི་ཚུལ་ལ་བཞི་སྟེ། འཛད་པ་བསྲུང་བ། དྲི་མ་བསྲུང་བ། ཆགས་པ་བསྲུང་བ། ཉམས་པ་སྲུང་བའོ། །དང་པོ་ནི། མཉན་ཡོད་དུ་ཉེ་དགས་གོས་ངུར་སྨྲིག་འཁྲུར་བཅུག་པ་ཉམས་པ་ལ་བརྟེན་ནས་ཤམ་ཐབས་སོགས་དྲི་མས་གོས་པ་དག་པར་བྱ་བའི་ཕྱིར་དུ་བཙོ་བླག་མཁན་ལ་འཁྲུར་མི་གཞུག་གོ །ཡང་མཉན་ཡོད་དུ་དྲུག་སྡེས་བཙོ་བླག་མཁན་ལ་གོས་འཁྲུར་བཅུག་པ་ལ་བརྟེན་ནས་གོས་ལ་བརྩེ་བ་དང་ལྡན་པ་རང་ངམ་གཞན་གྱིས་ཀྱང་སྣོད་ཀྱི་ནང་དུ་སྲན་ཚེགས་མི་འཇིག་པར་དལ་བུས་བཀྲུའོ། །བཙོ་བླག་མཁན་གྱིས་བཀྲུས་པ་ལ་ཉེས་པ་ཅི་ཡོད་ཅེ་ན། བསྟན་བཅོས་ལས་གོས་བཙོ་བླག་མཁན་གྱིས་བཀྲུ་བ་རབ་ཏུ་བཀག་གོ །ཅིའི་ཕྱིར་བཀག་ཅེ་ན། བཙོ་བླག་མཁན་ལ་བརྩེ་བ་མེད་པར་གོས་དག་བཀྲུ་བའི་དུས་སུ་དྲག་ཏུ་སྤྲུགས་ཤིང་བརྡབས་ནས་གོས་ཀྱི་ཚགས་སྲན་ཟད་པར་བྱེད་པའི་ཕྱིར་རོ། །གོས་མ་ཟད་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ཡོན་ཏན་ནི་ཚུལ་ཁྲིམས་དང་ལྡན་པས་དུས་ཇི་སྲིད་དུ་ཆོས་གོས་ལ་སོགས་པ་ལེགས་པར་གྱོན་ནས་ལོངས་སྤྱོད་པ་དེ་སྲིད་དུ་རྒྱུན་མི་འཆད་པར་སྦྱིན་བདག་རྣམས་ཀྱི་བསོད་ནམས་འཕེལ་བར་འགྱུར་བའོ། །གཉིས་པ་ནི་གཞི་མི་གཙང་བ་བསྲུང་བའི་དོན་དུ་སྐྲ་བཟེད་བཅང་སྟེ། དེ་ལ་ཚད་ནི་ཞེང་ཁྲུ་ཕྱེད་དང་གཉིས་ཡིན་ལ། སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། ཚད་དེ་ལས་ལྷག་པ་བརྟག་པ་སྟེ་བཅང་བར་མི་བྱའོ། །གསུམ་པ་ནི། གལ་ཏེ་ཆོས་གོས་འཚེར་བག་ཅན་གཞན་ལས་དགེ་སློང་གིས་རྙེད་ན་དེའི་འཚེར་བག་ཆུ་ཡིས་ཉམས་པར་བྱས་ནས་ཡོངས་སུ་སྤྱད་དོ། །ཆུ་ཡིས་ཉམས་པར་བྱས་པ་ལས་གཞན་དུ་སྤྱད་པར་བྱ་བ་མིན་ནོ། །འཚེར་བག་དང་བཅས་པ་ཤིན་ཏུ་འཇམ་པོའི་ཆོས་གོས་བཅང་བར་མི་བྱ་སྟེ། གལ་ཏེ་འཆང་བར་བྱེད་ན་དགེ་སློང་དེ་དག་ལ་ངེས་པར་འགལ་ཚབས་ཅན་ཉེས་བྱས་དག་ཏུ་འགྱུར་རོ། །མཉན་ཡོད་དུ་མཛེས་མ་པུཎྜ་རི་ཀས་ཆོས་གོས་འཚེར་བག་ཅན་མཛེས་དགའ་ལ་ནི་ནན་གྱིས་བྱིན་ལ། ཆོས་གོས་དེ་ལ་བརྟེན་ནས་མཛེས་དགའ་ཀུན་ནས་ཆགས་པ་སྐྱེས་པས་ན་དེའི་ཕྱིར་ན་ཐུབ་པའི་གསུང་གིས་བསྟན་བཅོས་ཆེན་པོ་ལས་རབ་ཏུ་བཀག་གོ །བཞི་པ་ཉམས་པ་བསྲུང་པ་ནི། མཉན་ཡོད་དུ་དགེ་སློང་དུ་མ་ལ་བཅས་པ་སྟེ། གང་དགེ་སློང་དེས་ཡོངས་སུ་ལོངས་སྤྱད་པར་བཟོད་པའི་གོས་གཞན་རྔུལ་གཟན་ཆེན་པོ་དག་ཡོད་པ་མིན་ན་ཆོས་གོས་རྔུལ་གྱིས་མ་རུངས་པར་བྱས་སུ་དོགས་པའི་འཇིགས་པ་ཡིས་སྣམ་སྦྱར་ལ་མཆན་ཁུང་གཡས་པའི་འོག་ཏུ་རྔུལ་གཟན་གྱི་ལྷན་པ་བཏབ་སྟེ་བཅང་བར་བྱའོ། །རྔུལ་གཟན་དེའི་ཚད་ནི་ཞེང་དུ་མཐོ་གང་བ་དང༌། སྲིད་དུ་ཁྲུ་ཕྱེད་དང་དོ་བྱ་ཡི། དེ་ལས་ལྷག་པར་མི་བྱའོ། །སྣམ་སྦྱར་ཡོངས་སུ་སྲུང་བར་བྱེད་པའི་རྔུལ་གཟན་ནི་བཙག་དང་ཡུང་བ་རྣམས་ཀྱིས་ཁ་བསྒྱུར་བར་བྱའོ། །ཡང་མཉན་ཡོད་དུ་དགེ་སློང་དུ་མ་ལ་བཅས་པ། ཁྱད་པར་དུའང་བླ་གོས་ཀྱི་ཐ་མ་ཡོངས་སུ་ཟེགས་པ་ན་གོས་གྱི་མཐའ་མའི་ཁ་དྲིལ་བའི་སྨྱུག་ཚེམས་ལ་སོགས་པ་ཡང་དག་པར་སྒྲུབ་ལ། གོས་དྲུབ་པའི་ཁབ་ཀྱི་ལས་ཀྱང་དགེ་སློང་རྣམས་ལ་རྗེས་སུ་གནང་ངོ༌། །ཡང་དགེ་སློང་འགའ་ཞིག་ཕྱག་དར་ཁྲོད་ལ་ཆེས་དགའ་བའི་སྟོབས་ཀྱིས་ཕྱག་དར་ཁྲོད་ཀྱི་དོན་དུ་བསམས་ནས་གོས་གསར་བ་དྲལ་པར་མི་བྱའོ། །གོས་བཅད་ཚུལ་བསྟན་ཟིན་ཏོ། །བཞི་པ་དུར་ཁྲོད་པའི་བསླབ་བྱ་བཤད་པ་ནི། སྔོན་མཉན་ཡོད་དུ་སྤོས་འཚོང་གི་ཁྱེའུ་ཞིག་ལྭ་བ་བཟང་པོ་ཞིག་ཡོད་པ་ལ་ཆགས་ཏེ་ཤི་བས་དེའི་རོ་གོས་གནག་དགའ་བོས་ཁྱེར་བ་ལ་བརྟེན་ནས། ནམ་ཡང་དགེ་སློང་གིས་ཆོས་གོས་ཀྱི་དོན་དུ་ཡང་རྨ་མེད་པའི་རོ་ལས་གོས་མི་བླང་ངོ༌། །ཡང་དྲུག་སྡེས་ཁྱི་ལ་སོགས་པ་ཁྲིད་དེ་རྨ་བཏོད་པ་ལ་བརྟེན་ནས་སྲིན་བུ་སོགས་ཀྱིས་རྨ་བཏོད་ཀྱང་རོ་གོས་དེ་རང་གི་གནས་སུ་ཞག་བདུན་བཞག་ནས་ནི་དུར་ཁྲོད་པའི་དགེ་སློང་གིས་རོ་གོས་དེ་བཀྲུས་ཏེ་ཚོན་རུང་བ་གསུམ་གང་རུང་གིས་ཁ་བསྒྱུར་ཏེ་བཅང་བར་བྱའོ། །དགེ་སློང་གི་དགེ་འདུན་གྱི་ནི་མལ་ཆ་དང་སྟན་ནི་དུར་ཁྲོད་པ་དེ་ལ་བཀག་པ་ཡིན་པས་དེས་ལོངས་མི་སྤྱད་དོ། །དུར་ཁྲོད་པའི་དགེ་སློང་དེ་བསོད་སྙོམས་ལ་འཇུག་པ་ན་བརྡ་མ་བྱས་པར་གཞན་གྱི་ཁྱིམ་དུ་མི་འཇུག་སྟེ། གཞན་དག་མི་གཙང་བའི་རྟོག་པར་འགྱུར་པས་སོ། །དེས་ན་སྒོ་དྲུང་དུ་བསོད་སྙོམས་བླང་བར་བྱའོ། །ཁྱིམ་པ་དེ་དག་གིས་སྟན་ལ་འདུག་པར་གྱིས་ཤིག་ཅེས་པ་དང༌། ཟས་ལ་སོགས་པ་ལ་འབོད་པ་ན་ཁོ་བོ་ནི་དུར་ཁྲོད་པ་ཡིན་ནོ་ཞེས་གཞན་ལ་གོ་བར་བྱས་ནས་འོངས་པས་ཆོག་གམ་ཞེས་གནང་བ་ཞུ་བར་བྱའོ། །གལ་ཏེ་གནང་ན་གནང་བའི་ཕྱིར་ན་ཁྱིམ་དུ་ཞུགས་ནས་ནི་སྟན་ལ་འདུག་པ་དང༌། སོགས་པ་བཟའ་བ་ལ་སོགས་པ་ལ་འཇུག་པར་བྱའོ། །གལ་ཏེ་མཆོད་རྟེན་དག་ལ་ཕྱག་བྱེད་པའི་ཚེ་ན་འདོམ་གང་ནར་དུ་ནོར་བར་བྱས་ཏེ་ཕྱག་བྱའོ། །ལྔ་པ་མ་དད་པའི་སྤྱོད་པ་སྤང་བ་ནི། མཆོད་རྟེན་གྱི་དྲུང་དུ་ཤ་དང་ཉ་ལ་སོགས་པ་མི་བཟའ་ཞིང༌། དེར་ནི་ཤ་བཟའ་ཞིང་འཚེད་པའི་གནས་ཁང་ཡང་བརྩིག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤན་པའི་ཁང་པ་དང་མཚུངས་པར་ཐལ་བར་འགྱུར་བས་སོ། །རྒྱལ་བྱེད་ཚལ་དུ་མགོན་མེད་ཟས་སྦྱིན་གྱིས་ཁ་མ་བསྒྱུར་བ་དང་ཁ་ཚར་ཅན་གྱི་བེའུ་རས་ཕུལ་བ་ལ་བརྟེན་ནས་ཁ་མ་བསྒྱུར་བ་དང་ཁ་ཚར་ཅན་གྱི་བེའུ་རས་དང་སྣམ་བུ་སོགས་ནི་དགེ་འདུན་གྱིས་བླང་དུ་རུང་ངོ༌། །ཚོན་ཆེན་གྱིས་ཁ་བསྒྱུར་བ་ཅན་གྱི་གོས་ཀྱང་རྒྱལ་བྱེད་ཚལ་དུ་མགོན་མེད་ཟས་སྦྱིན་གྱིས་ཕུལ་བ་ལ་བརྟེན་ནས་དགེ་འདུན་གྱིས་བླང་དུ་རུང་གི གང་ཟག་ལ་ནི་བཀག་གོ །ཚོན་ཆེན་གྱིས་ཁ་བསྒྱུར་བའི་བེའུ་རས་ལ་སོགས་པ་ཡང་བཀག་སྟེ། སྔར་ཚོན་ཆེན་བརྒྱད་ཀྱིས་ཁ་བསྒྱུར་བ་བཀག་པ་དེས་ནའོ། །སོ་སོའི་རང་བཞིན་རྒྱས་པར་བཤད་པ་བསྟན་ཟིན་ཏོ། །གསུམ་པ་ཇི་ལྟར་བསྒྲུབ་པས་དོན་བསྡུ་བ་ནི། སྤང་ལྟུང་བྱུང་བའི་གོས་གཞན་ལ་སྤངས་ནས་བཤགས་པ་བྱ་དགོས་ཞེས་བསྟན་པས་མཉན་ཡོད་དུ་མི་མཁས་པ་ཞིག་གིས་སྤང་ལྟུང་བྱུང་བའི་གོས་དགེ་འདུན་ལ་སྤངས་པ་ལ་བརྟེན་ནས་སྤང་ལྟུང་བྱུང་བའི་གཞི་སྤང་བར་བྱ་བའི་དངོས་པོ་གང་ཡང་རུང་བ་དེ་ནི་དགེ་འདུན་ལ་སྤང་བར་བྱ་བ་མིན་ཏེ་ཞེས་གསུངས་སོ། །ཡང་ན་དགེ་འདུན་ལ་མི་སྤང་ཞེས་བྱའོ། །འགྱུར་སྔ་མ་ལས། སྤང་བར་བྱ་བའི་དངོས་པོ་གང༌། །དེ་ནི་དགེ་འདུན་ལ་མི་སྤང༌། །ཞེས་གསུངས་པ་ལྟར་བྱའོ། །འོ་ན་སུ་ལ་སྤང་ཞེ་ན། །གང་ཟག་ལ་སྤང་ངོ༌། གང་ཟག་ཇི་ལྟ་བུ་ལ་ཞེ་ན། སྤང་ལྟུང་བྱུང་བའི་རྫས་གང་སྤང་ལྟུང་དག་པའི་དོན་དུ་བདག་ལ་རེ་ཞིག་གཏང་བ་ཡིན་ནོ་ཞེས་འདུལ་བའི་གཞུང་ལུགས་ཤེས་པ་དང༌། ཕྱིས་སྟེར་བའི་གང་ཟག་གཞན་དག་ལ་སྤང་ངོ༌། །སྤང་བར་མི་བྱ་བའི་གང་ཟག་ཇི་ལྟ་བུ་ཞེ་ན། སྤང་ལྟུང་དག་པའི་དོན་དུ་བཏང་བ་ཡིན་ནོ་ཞེས་མི་ཤེས་ཤིང༌། གོས་ལ་ཤིན་ཏུ་ཆགས་པ་དང་བཅས་པ་གང་ཡིན་པ་ལ་སྟེར་མི་སྟེར་མ་ཤེས་ནས་ཐོག་མར་སྤང་ན་ཡང་སྤངས་ནས་བཟློག་པར་མི་བྱེད་ཅིང༌། སྤང་ལྟུང་དག་པའི་དོན་དུ་གཏང་བ་ཡིན་ནོ་ཞེས་ལེགས་པར་བསྒོ་བ་བྱས་ཀྱང་མི་སྟེར་ན་དེ་ལ་སྟོབས་ཀྱིས་དབྲོག་པར་བྱའོ། །བྱིན་འཕྲོག་གི་ཉེས་པ་མི་འབྱུང་ངམ་སྙམ་ན། མི་འབྱུང་སྟེ་སྤང་ལྟུང་དག་པའི་དོན་དུ་གཏད་པ་ཡིན་གྱི། དེ་ལ་བྱིན་པ་མ་ཡིན་པའི་ཕྱིར་རོ། །བཞི་པ་འཁྲུར་འཇུག་ལ་གཉིས་ཏེ། གླེང་གཞི་དང༌། བཅས་པའི་རང་བཞིན་ནོ། །དང་པོ་ནི། དགེ་སློང་འཆར་ཀའི་ཁུ་བའི་ཐིགས་པ་གང་མཐང་གོས་ལ་བབས་པ་སྦེད་མ་ཡིས་མཐོང་བས་ཆགས་པའི་སྒོ་ནས་མངལ་དུ་ཁྱེར་བས་བུའི་རྒྱུར་གྱུར་བས་དེ་ཡིས་ཀུན་ནས་བསླངས་ནས་འཁྲུར་འཇུག་གི་བསླབ་པ་འདི་དག་རབ་ཏུ་གནས་སོ། །འདི་ལ་གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས། གཞི་ནི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་རང་གི་ཆོས་གོས་རྙིང་པ་འཁྲུར་འཇུག་པའོ། །བསམ་པ་ནི་འདུ་ཤེས་མ་འཁྲུལ་ཞིང་ཆོས་གོས་རྙིང་པ་འཁྲུར་འཇུག་པར་འདོད་པའོ། །སྦྱོར་བ་ནི་འཁྲུར་འཇུག་བརྩོམ་དུ་འཇུག་པའོ། །མཐར་ཐུག་ཕྱོགས་གཅིག་ཙམ་འཁྲུ་བའི་ལས་བྱས་པ་ནའོ། །གཉིས་པ་བཅས་པའི་རང་བཞིན་ལ་བཞི་སྟེ། དངོས་གཞི་དང༌། ན་སྨད་སེལ་བ་དང༌། ཡུལ་གྱི་མཚན་ཉིད་དང༌། བསླབ་བྱའོ། །དང་པོ་ནི། དགེ་སློང་གང་ཞིག་གིས་ཉེ་དུ་མིན་པའི་དགེ་སློང་མ་ལ་རང་གི་ཆོས་གོས་སོགས་འཁྲུ་བ་དང༌། འཚེད་པ་དང༌། འཆག་པར་བྱེད་དུ་འཇུག་པ་ཡི་དགེ་སློང་ནི་ངེས་པར་སྤང་བའི་ལྟུང་བ་དག་དང་ལྡན་ནོ། །གཞན་གྱི་གོས་དང་གོས་གསར་པ་དང་བྱིན་གྱིས་བརླབས་པ་དང་མ་འབྲེལ་བ་ལ་ཉེས་བྱས་སུ་འགྱུར་བས་ན། རང་གི་དང་རྙིང་པ་དང་བྱིན་གྱིས་བརླབས་པ་དང་འབྲེལ་བ་ཞེས་གསུམ་ཚང་དགོས་པར་བཤད་དོ། །དགེ་སློང་མ་སོགས་ཞེས་པའི་སོགས་སྒྲ་སྨོས་པ་ནི་མ་དག་པར་མངོན་ཏེ། འགྱུར་རྙིང་ལ་སོགས་སྒྲ་མེད་པའི་ཕྱིར་དང༌། མདོ་རྩ་བ་དང་རྒྱ་ཆེར་འགྲེལ་གཉིས་ཀ་ལས་ཀྱང་མི་འབྱུང་ངོ༌། །དགེ་སློང་མ་ལ་འཁྲུ་བ་དང་འཚེད་པ་ལ་སོགས་པ་བྱེད་དུ་འཇུག་ན་གསུམ་པོ་གང་རུང་གཅིག་ལས་ཀྱང་ནི་ལྟུང་བ་དངོས་གཞི་བསྐྱེད་པས་ལྟུང་བས་ཉེ་བར་འཇོམས་སོ། །གཉིས་པ་ནི། གལ་ཏེ་རང་གི་ཉེ་དུ་ལ་ཉེ་དུ་ཡིན་མིན་ཐེ་ཚོམ་ཟོས་ན་ཅིར་འགྱུར་ཞེ་ན། ཉེ་དུ་ལའང་ཉེ་དུ་ཡིན་མིན་ཐེ་ཚོམ་ཟ་ན་ཉེས་བྱས་ཀྱི་དྲི་མ་ཡོད་པར་ཡོངས་སུ་བསྒྲགས་སོ། །འགྱུར་རྙིང་ལྟར་ན་ཉེས་བྱས་སུ་ཡོངས་སུ་གྲགས་སོ་ཞེས་བྱའོ། །འདིས་མཚོན་ནས་འདུ་ཤེས་གཞན་རྣམས་ལའང་སྦྱར་རོ། །གསུམ་པ་ཡུལ་གྱི་མཚན་ཉིད་ནི། ཉེ་དུ་ཡིན་མིན་དུ་གང་གིས་འཇོག་ཅེ་ན། ཕའི་ཕ་ལ་སོགས་པ་བདུན་བརྒྱུད་ཀྱི་བར་དང༌། མ་ཡི་མ་ལ་སོགས་པ་བདུན་བརྒྱུད་ཀྱི་བར་དུའོ། །མའི་བརྒྱུད་ནི་མའི་མ་ལ་སོགས་པ་བདུན་དང༌། མའི་ཕ་ལ་སོགས་པ་བདུན་མེས་ཚུན་ཆད་ནས་ཉེ་བར་བཟུང་སྟེ་ཉེ་དུར་གསུངས་སོ། །གང་གིས་ན་མཁྱེན་ཆེན་རྫོགས་པའི་སངས་རྒྱས་ཀྱིས་སོ། །ཕ་དང་མའི་བདུན་བརྒྱུད་དེ་ལས་གཞན་ནི་གཉེན་དུ་གཏོགས་པ་མིན་པ་ཉིད་དོ། །སློབ་དཔོན་ཤེས་རབ་བྱེད་ཀྱིས་བདག་ཉིད་ནས་བུ་ཚ་རབས་བདུན་གྱི་བར་ཡང་ཉེ་དུའོ་ཞེས་སོ། །བཞི་པ་བསླབ་བྱ་ནི། འཚེད་པས་ཀྱང་སྤང་བའི་ལྟུང་བར་འགྱུར་ཞེས་གསུངས་པ་ལས་འཕྲོས་ནས་ཆོས་གོས་ཁ་བསྒྱུར་བར་འདོད་ནས་འཚེད་པའི་དུས་ན་ཚོས་ཁུ་དྭངས་མས་ཁ་བསྒྱུར་བ་དང༌། ལ་སོགས་པ་འབྲིང་པོས་ཁ་བསྒྱུར་བ་དང༌། ཐ་མས་ཁ་བསྒྱུར་བའི་གོས་ལ་རེ་རེ་ལ་ཡང་འོག་གཞི་གདིང་དགོས་ཏེ། མ་བཏིང་ན་འོག་གིས་རྔུལ་གྱིས་ཉམས་པའི་སྐྱོན་ཡོད་པས་སོ། །སྐྱོན་ཡོད་པ་བྱས་ན་བསླབ་པའི་གཞི་ཉམས་པར་བྱེད་པས་བྱེད་པ་པོའི་དགེ་སློང་ལ་ནི་ལྟུང་བར་འགྱུར་རོ། །ལྔ་པ་ལེན་པའི་སྤང་བ་ནི་ཉེ་དགའ་ལ་བཅས་པ་སྟེ། འདི་ལ་དངོས་ཀྱི་དོན་དང༌། སེལ་བ་གཉིས་ལས། དང་པོ་ནི། དགེ་སློང་གང་ཞིག་ཉེ་དུ་མིན་པའི་དགེ་སློང་མ་དེ་ལས་བསམ་བཞིན་དུ་ཆོས་གོས་གསུམ་པོ་གང་རུང་ཞིག་ལེན་པར་བྱེད་ན་རྒྱུ་དེ་ཡིས་བསླབ་པའི་གཞི་ཉམས་པར་བྱས་པ་ཡིན་ནོ། །ཉེ་དུ་མ་ཡིན་པ་ཞེས་སྨོས་པས་ནི་ཉེ་དུ་ལ་ཉེས་པ་མེད་པར་བསྟན་ཏོ། །ཆོས་གོས་ཞེས་སྨོས་པ་ནི་བསླབ་པའི་གཞི་འདི་གོས་ཁོ་ནའི་དབང་དུ་བྱས་པ་ཡིན་ཞེས་བསྟན་ཏོ། །གང་རུང་ཞེས་སྨོས་པ་ནི་གོས་གསུམ་ཀའི་དབང་དུ་བྱས་པའི་དོན་ནོ། །ལེན་པར་བྱེད་ཅེས་པ་ནི་ངག་གི་རྣམ་པར་རིག་བྱེད་ཀྱིས་སློང་བའི་དོན་ནོ། །གལ་ཏེ་དགེ་སློང་མ་འདི་ལ་ཆོས་གོས་སྦྱིན་པར་བྱས་པ་ནི་སླར་ཡང་དབྲོག་པར་མི་བྱའོ། །གཉིས་པ་སེལ་བ་ནི། ཉེ་དུ་མ་ཡིན་ཡང་དགེ་སློང་མ་དང་བརྗེ་པ་ལ་ནི་ཉེས་པ་མེད་དོ། །ཅི་སྟེ་བརྗེ་ན་ཡང་རིན་མཉམ་པོས་སམ། ཡང་ན་དགེ་སློང་མ་ཡི་འདོད་པ་ཇི་ལྟ་བ་བཞིན་བྱའོ། །རྣམ་འབྱེད་ལས། ཇི་ཙམ་གྱིས་དགེ་སློང་མ་དགའ་བར་འགྱུར་བ་དེ་བརྗེ་ཞེས་གསུངས་པས་དགེ་སློང་མ་རྒྱལ་ཙམ་བྱའོ་ཞེས་སོ། །གལ་ཏེ་ཉེ་དུ་ཡིན་པ་ལས་བླངས་ན་རྣམ་པ་ཀུན་ཏུ་ཉེས་པ་ཡོད་དམ་ཞེ་ན། ལན་ལ་རེ་བ་མེད་ཀྱི་བསོད་ནམས་འཐོབ་པའི་བློས་ནོར་རྒྱ་ཆེན་པོ་དང་ལྡན་པའི་དགེ་སློང་མས་གལ་ཏེ་གོས་འབུལ་ན་བླངས་པ་ལ་ཉེས་པ་མེད་དོ། །ཡང་ན་གལ་ཏེ་ནོར་རྒྱ་ཆེན་པོ་དང་ལྡན་པའི་དགེ་སློང་མས་དད་པས་གོས་འབུལ་ན་བླངས་པ་ལ་ཉེས་པ་མེད་དོ། །དེ་བཞིན་དུ་དགེ་སློང་གིས་ཆོས་ལེགས་པར་གསུངས་པའི་ཡོན་དུ་འབུལ་བ་དང༌། དགེ་ཚུལ་བསྙེན་པར་རྫོགས་པར་བྱེད་པའི་གོས་ཀྱི་དོན་དུ་ལེན་པ་དང༌། དགེ་སློང་ཆོས་གོས་བོར་བརླག་ཏུ་གྱུར་པ་དག་གིས་ལེན་པ་དང༌། དགེ་སློང་དབུལ་པོས་ལེན་པ་ལ་ཡང་ཉེས་པ་མེད་དོ། །དྲུག་པ་གོས་སློང་བའི་སྤང་བ་ལ་གཉིས་ཏེ། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་དོ། །དང་པོ་ལ་ལྟུང་བའི་ཡན་ལག་རྣམ་པར་གཞག་པ་ལ། གཞི་ནི་ཉེ་དུ་མ་ཡིན་པའི་ཁྱིམ་བདག་དང་ཁྱིམ་བདག་མོ་ལས་ཆོས་གོས་གསུམ་པོ་གང་ཡང་རུང་བ་ཚད་ལྡན་བླངས་པའོ། །བསམ་པ་ནི་སློང་བར་འདོད་པའོ། །སྦྱོར་བ་ནི་ངག་གི་རྣམ་པར་རིག་བྱེད་ཀྱིས་དངོས་སུ་སློང་བའོ། །མཐར་ཐུག་ལག་ཏུ་ཐོབ་པ་ནའོ། །ཚིག་དོན་ནི། དགེ་སློང་ཆོས་གོས་གསུམ་ཆར་ཡོད་པས་ཉེ་དུ་མ་ཡིན་པའི་ཁྱིམ་བདག་དང་དེའི་ཁྱིམ་བདག་མོ་ལས་ཀྱང་རུང་ཆོས་གོས་ནམ་ཡང་མི་བསླང་ངོ༌། །གལ་ཏེ་བསློངས་ན་ལག་ཏུ་ཐོབ་པ་ན་སྤང་བའི་ལྟུང་བར་འགྱུར་རོ། །རིན་ཐང་ངམ་ཁ་དོག་གམ་ཁྲུའི་ཚད་གང་གི་སྒོ་ནས་བསླངས་ཀྱང་ཐོབ་པ་ན་སྤང་བའི་ལྟུང་བར་འགྱུར་རོ། །གལ་ཏེ་རིན་ཐང་གཞན་ནམ་ཁ་དོག་གཞན་ནམ་ཁྲུ་ཚད་གཞན་ནམ་གནས་སྐབས་གཞན་དུ་ཐོབ་པ་ལ་ནི་ལྟུང་བ་མེད་དོ། །རྒྱུན་གཅིག་ལ་ནི་ལྟུང་བ་ཡོད་ཅེས་རྒྱ་ཆེར་འགྲེལ་ལས་བཤད་དོ། །གོས་ཚད་དུ་ལོངས་པ་ཞེས་སྨོས་པ་ནི། གོས་ཚད་དུ་ལོངས་པ་དགོས་ཀྱི། རས་མ་དང་ཁ་ཚར་ཙམ་སློང་བ་ལ་ནི་ལྟུང་བ་མེད་དོ། །འདིར་ཁྱིམ་བདག་ཅེས་པ་ནི་ཀུན་ཏུ་སྐྱེས་པར་གྱུར་པ་ལ་བརྗོད་ལ། དེའི་ཁྱིམ་བདག་མོར་བརྗོད་པ་ནི་བུད་མེད་དོ། །གཉིས་པ་ལྟུང་མེད་ནི། སྟོན་པ་མཉན་ཡོད་དུ་བཞུགས་པའི་ཚེ། གྲོང་ཕྲེང་བ་ཅན་གྱི་དགེ་སློང་བཞི་ལྗོངས་རྒྱུ་བ་ན་ཆོམ་རྐུན་གྱིས་བཅོམ་ནས་གོས་བསླངས་པས། ཆོས་གོས་བོར་བ་དང་བརླག་པ་དང་འཕྲོག་པ་སོགས་བྱུང་ན་སློང་བ་ནི་དགེ་སློང་འདི་ལ་ཡང་ཉེས་པ་མེད་པར་བརྗོད་དོ། །དགེ་སློང་དབུལ་པོ་ལ་ནི་ངག་གིས་གཞན་ལ་བསླངས་པ་ཡིས་ཉེས་པ་བསྐྱེད་པ་མེད་དོ། །གང་ལ་ཞེ་ན། ཁ་ཚར་དང་རས་མ་ལ་སོགས་པ་བསླངས་པས་ཐོབ་པ་དང༌། གར་མཁན་ལ་སོགས་པའི་གོས་བཟང་པོ་ཐོབ་པ་ལ་ཡང་ཉེས་པ་མེད་དོ། །འགྱུར་རྙིང་ལས། བཟང་པོ་ལ་ཡང་ཉེས་པ་མེད། །ཅེས་གསུངས་སོ། །བདུན་པ་གྲོང་ཕྲེང་བ་ཅན་གྱི་དགེ་སློང་བཞི་བཅུ་ཆོམ་རྐུན་གྱིས་བཅོམ་པ་ལ་བཅས་པ་སློང་བར་རིགས་པ་ལ་གསུམ་སྟེ། ལྟུང་བ་རྣམ་གཞག སློང་དུ་གནང་བའི་ཚད། ལྷག་པ་ལས་ཇི་ལྟར་བྱ་བའོ། །དང་པོ་ནི། ཆོས་གོས་དང་སྣམ་སྦྱར་ཕྲོགས་པ་ལ་སོགས་ཀྱིས་ཁྱིམ་པ་རྣམས་ལ་གོས་བསླངས་ནས་མང་པོ་རྙེད་པར་གྱུར་ན་ཡང་བསླབ་པ་ལ་དྲན་པ་ཉེ་བར་གཞག་པས་སྟོད་གཡོགས་དང་སྨད་གཡོགས་ཙམ་བླང་བར་རིགས་ཀྱི། དེ་ལས་ལྷག་པར་བསླང་བར་མི་བྱའོ། །འདི་ནི་ཉེ་དུ་མ་ཡིན་པ་ལའང་སློང་བར་རིགས་པའི་དོན་ནོ། །ལྷག་པ་བསླངས་བ་ལ་ནི་སྤང་བའི་ལྟུང་བར་འགྱུར་རོ། །གཉིས་པ་སློང་བར་གནང་བའི་ཚད་ནི། སྟོད་གཡོགས་དང་སྨད་གཡོགས་ཀྱི་ཚད་གང་ཞེ་ན། སྟོད་གཡོགས་ཀྱི་གོས་ཀྱི་ཚད་ནི། སྲིད་དུ་ཁྲུ་བཅུ་གཉིས་དང་ཞེང་དུ་ཁྲུ་གསུམ་ཞེས་རྒྱ་ཆེར་འགྲེལ་པ་ལས་བཤད་དོ། །སྨད་གཡོགས་ཀྱང་ནི་སྲིད་དུ་ཁྲུ་བདུན་དང་ཞེང་དུ་ཁྲུ་གཉིས་ཏེ། རེ་ཞིག་འདི་ནི་འཇིག་རྟེན་པའི་སྟོད་གཡོགས་དང་སྨད་གཡོགས་ཀྱི་ཚད་ཅེས་སུ་གསུངས་སོ། །སྟོད་གཡོགས་དག་ཀྱང་སྣམ་སྦྱར་དེ་ནི་ཉིས་རིམ་དུ་བྱས་པའི་ཚད་སྲིད་དུ་ཁྲུ་ལྔ་དང་ཞེང་དུ་ཁྲུ་གསུམ་སྟེ། དེ་ནི་སྟོད་གཡོགས་ཀྱི་ཚད་དོ། །སྲིད་དུ་ཁྲུ་ལྔ་དང་ཞེང་དུ་ཁྲུ་གཉིས་སུ་བྱས་པའི་ཚད་གཉིས་པོ་དག་དང་ལྡན་པ་ནི་རེ་ཞིག་གོང་དུ་ཇི་སྐད་བསྟན་པའི་རབ་ཏུ་བྱུང་བའི་སྨད་གཡོགས་སོ། །འདི་དག་ནི་སྟོད་གཡོགས་སྨད་གཡོགས་ཆེ་ཚད་དོ། །སློང་བའི་ཚད་ནི་ཁྱིམ་པའམ་རབ་ཏུ་བྱུང་བའི་སྟོད་གཡོགས་སྨད་གཡོགས་ཟུང་གཅིག་གོ །གསུམ་པ་ལྷག་པ་ལ་ཇི་ལྟར་བྱ་བ་ནི། གོས་བསླངས་ཟིན་ནས་དངོས་པོ་ལྷག་པ་དག་གལ་ཏེ་ག་ཤེད་ནས་ནི་རྙེད་པ་གོ་བར་བྱས་ནས་ནི་དེ་ནི་ང་ལ་མི་དགོས་སོ་ཞེས་བཟློག་པར་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ཀྱང་རྗེས་སུ་གནང་ན་བླང་བར་བྱའོ། །ཉེ་དགའ་ལ་བཅས་པ་བརྒྱད་པ་དཔགས་པ་སློང་པ་ལ་གསུམ་སྟེ། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་དང༌། བསླབ་བྱའོ། །དང་པོ་ལ་བསྟན་བཤད་གཉིས་ལས། དང་པོ་ལ་ཡན་ལག་ནི། གཞི་ནི་ཉེ་དུ་མ་ཡིན་པའི་ཁྱིམ་བདག་གམ་ཁྱིམ་བདག་མོས་གོས་ཀྱི་རིན་བློས་བསྔོས་པའོ། །བསམ་པ་ནི་སློང་བར་འདོད་པའོ། །སྦྱོར་བ་ནི་ངག་གི་རྣམ་པ་རིག་བྱེད་ཀྱིས་སློང་བའོ། མཐར་ཐུག་ལག་ཏུ་ཐོབ་པའོ། །ཚིག་གི་དོན་ནི། ཁྱིམ་བདག་མོའམ་ཁྱིམ་བདག་གིས་དགེ་སློང་ལ་ཆོས་གོས་འབུལ་བར་འདོད་ནས་ཆོས་གོས་ཀྱི་རིན་ནི་འབུལ་ལོ་ཞེས་དཔགས་པ་ན་དེར་དགེ་སློང་གིས་རྣམ་པར་རྟོག་བཞིན་དུ་སློང་ན་ལག་ཏུ་ཐོབ་པའི་ཚེ་ན་དགེ་སློང་དེ་ནི་ལྟུང་བ་དང་བཅས་པའོ། །གཉིས་པ་བཤད་པ་ནི། སྔར་སློང་བར་རིགས་པའི་སྐབས་སུ་བསྟན་པ་བཞིན་དུ་གང་ལ་བསླང་བའི་ཡུལ་ཉེ་དུ་མིན་པ་ཞེས་བྱ་བ་ལ་སློང་ན་ལྟུང་བར་འགྱུར་ཞེས་བྱའོ། །གོས་ཞེས་པ་བཤད་པ་ནི། ཆོས་གོས་རྒྱུ་ནི་རྣམ་པ་བདུན། །ཞེས་པའི་སྐབས་སུ་བཤད་པ་ལྟར་ཆོས་གོས་ཀྱི་རྒྱུ་རྣམ་པ་བདུན་པོ་དག་དགེ་སློང་གིས་ཡོངས་སུ་སྤྱད་པར་བཟོད་པའི་གོས་དེ་ནི་བདག་ལ་རུང་བའོ་ཞེས་བྱ་བའི་ཚུལ་གྱིས་སློང་བའོ། །རིན་བློས་དཔགས་པ་ཞེས་བྱ་བའི་དོན་ནི་གོས་ཀྱི་རིན་གསེར་དང་དངུལ་ལ་སོགས་པ་ཞེས་པའི་མིང་བྱེ་བྲག་ཏུ་དངོས་སུ་མ་སྨོས་ཤིང༌། ཁྱིམ་དུ་མགྲོན་དུ་ཡང་མ་བོས་པས་ལུས་ཀྱིས་ཀྱང་མ་ཕུལ་བར་ཤེས་པར་བྱ་སྟེ་ཡིད་ཀྱིས་འབུལ་བར་བརྟག་ཏུ་རུང་བ་དྲན་པར་བྱ་བའི་དོན་དུ་ངག་གིས་དངོས་སུ་མ་བརྗོད་པ་སྟེ། འདི་ནི་རིན་དཔགས་པ་ཞེས་བྱ་བའི་དོན་ནོ། །རིན་གྱིས་སྒོ་ནས་བསླང་ཚུལ་ནི་ཁྲུ་ལྔ་པ་དང་ཁྲུ་བཅུ་པའི་རིན་དག་གིས་ཉོས་ལ་བྱིན་ཅིག་ཅེས་ངག་ཏུ་དངོས་སུ་བརྗོད་པར་བྱེད་ཅིང༌། ཁ་དོག་གི་སྒོ་ནས་ནི་སྔོན་པོ་དང་སེར་པོ་སོགས་དགོས་ཞེས་པ་ཉིད་ཀྱིས་སློང་བའོ། །ཁྲུའི་ཚད་ཀྱི་སྒོ་ནས་ནི་ཁྲུ་སྲིད་དུ་བཅུ་གཉིས་ཞེང་དུ་གསུམ་ཞེས་སོགས་ཀྱི་སྒོ་ནས་སློང་བ་ནི་ཁྲུ་ཉིད་ཀྱི་སྒོ་ནས་སློང་བ་ཉིད་དོ། །དེ་ལྟར་རིན་དང་ལ་སོགས་པ་ཁ་དོག་དང་ཁྲུ་ཚད་གསུམ་པོ་དག་གིས་སློང་བའི་ཚེ་ན་ཉེས་བྱས་སོ། །ལག་ཏུ་ཐོབ་ན་སྤང་བའི་ལྟུང་བར་འགྱུར་རོ། །གཉིས་པ་ལྟུང་མེད་ནི། ངག་གིས་དངོས་སུ་མ་བསླངས་ན་ནི་ལག་ཏུ་ཐོབ་ཀྱང་སྤང་བ་དེ་ལྟུང་བ་བསྐྱེད་པ་མ་ཡིན་ནོ། །གསུམ་པ་བསླབ་བྱ་ནི། ཆོས་གོས་ཕྲོགས་པ་ལ་སོགས་པའི་དགེ་སློང་གིས་ཁྱིམ་པའམ་རབ་ཏུ་བྱུང་བ་གང་ཡང་རུང་བའི་སྟོད་གཡོགས་སྨད་གཡོགས་ཟུང་གཅིག་བསླང་བར་བྱ་སྟེ། དགེ་སློང་གི་ལུས་ལ་འདི་པའི་རྟགས་ཀྱིས་མ་གཡོགས་ན་ནམ་ཡང་མཛེས་པ་མ་ཡིན་ནོ། །དགུ་པ་སོ་སོར་དཔགས་པ་སློང་བ་ལ་ཡན་ལག་སྔར་བཞིན་དུ་སྦྱར་ལ། ཚིག་གི་དོན་ནི། དཔགས་པ་སློང་བར་མ་ཟད་སོ་སོར་དཔགས་པ་སློང་བ་ལ་ཡང་ནི་སྐྱེས་པ་དང་བུད་མེད་སོ་སོར་དགེ་སློང་ལ་ཡིད་ཀྱིས་དཔགས་པའོ། །འདི་ལ་ཡང་གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་སྟེ་ཡན་ལག་ཐམས་ཅད་དཔགས་པའི་གནས་སྐབས་ཇི་ལྟ་བ་བཞིན་ཁོ་ན་སྟེ། ཇི་ལྟར་བྱས་པས་ལྟུང་བ་འབྱུང་བའི་ཚུལ་དང༌། ལྟུང་བ་མེད་པའི་ཚུལ་ཡང་ནི་སྔ་མ་དང་མཚུངས་པར་གྲགས་སོ། །ཁྱད་པར་ནི་སྐྱེས་པ་དང་བུད་མེད་གང་རུང་གིས་དཔགས་པ་ཡིན་ལ། སོ་སོར་དཔགས་པ་ནི་གཉིས་ཆར་གྱིས་སོ་སོ་ནས་དཔགས་པའོ། །བཅུ་པ་རིན་ཐང་སོ་སོར་བསྐུར་བ་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་བཤད་དོ། །དང་པོ་ལ་གསུམ་སྟེ། རུང་བ་སྒྲུབ་པའི་ཆོག བཅས་པ་ལས་འདས་པའི་ལྟུང་བ། བསླབ་བྱ་རྣམ་པར་གཞག་པའོ། །དང་པོ་ནི། རྒྱལ་པོའམ་བྲམ་ཟེ་ལ་སོགས་པས་ཕོ་ཉ་བཏང་ནས་དགེ་སློང་ལ་ཆོས་གོས་ཀྱི་རིན་བསྐུར་བ་ན་ཇི་ལྟར་བྱ་ཞེ་ན། དགེ་སློང་གིས་བདག་ཅག་ལ་ནི་ཆོས་གོས་ཀྱི་རྒྱུའི་རིན་གསེར་དངུལ་ལ་སོགས་པ་ལེན་དུ་མི་རུང་བའི་གནས་སོ་ཞེས་བརྗོད་ནས་ཕོ་ཉ་ལས་ནི་ཆོས་གོས་ཀྱི་རྒྱུའི་རིན་མི་བླང་ངོ༌། །འོ་ན་དགེ་སློང་གིས་ཕོ་ཉ་དེ་ལ་ལན་ཇི་སྐད་བརྗོད་ཅེ་ན། རྒྱལ་པོ་སོགས་ཀྱིས་བཏང་བའི་ཕོ་ཉ་དེ་ལ་ཆོས་གོས་ལེགས་པར་དྲུབས་ཟིན་བདག་ཅག་ལ་རུང་བས་གལ་ཏེ་དེ་སྦྱིན་ན་ལེན་ནོ་ཞེས་བརྗོད་དོ། །ཕོ་ཉ་བས་ཞལ་ཏ་བ་སུ་ཡོད་ཅེས་དྲིས་ན། ཞལ་ཏ་བྱེད་པའི་ཀུན་དགའ་ར་བ་པའམ་ཡང་ན་ཞལ་ཏ་བྱེད་པའི་དགེ་བསྙེན་སོགས་བསྟན་པར་བྱའོ། །ཞལ་ཏ་བ་བསྟན་པ་ན་གང་གི་ཚེ་ཕོ་ཉ་བ་དེ་ཡིས་ཞལ་ཏ་བྱེད་པ་ལ་ཆོས་གོས་ཀྱི་རིན་གཏད་པར་བྱས་ནས་དགེ་སློང་ལ་ངས་གོས་ཀྱི་ཞལ་ཏ་བ་ལ་ཆོས་གོས་ཀྱི་རིན་གཏད་པས་ཁྱེད་རང་སྐུལ་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་དགེ་སློང་ཆོས་གོས་དོན་དུ་གཉེར་བ་དེས་ཞལ་ཏ་བ་ལ་ལན་དྲུག་གི་བར་དུ་བསྐུལ་ནས་སྔར་གཏད་པའི་དོན་དྲན་པར་བྱའོ། །ལན་དྲུག་བསྐུལ་བར་བྱས་པའི་མཐའ་དེར་ནི་གོས་མངོན་པར་གྲུབ་ན་ནི་ཆོས་གོས་དེ་ནི་དགེ་སློང་དེས་བླང་བར་རུང་བ་ཉིད་དོ། །འདི་ནི་སྔ་འགྱུར་གྱི་གཞུང་བཞིན་བཤད་པ་ཡིན་ནོ། །གཉིས་པ་བཅས་པ་ལས་འདས་པའི་ལྟུང་བ་ནི། ལན་དྲུག་བསྐུལ་བ་དེ་ལས་ལྷག་པར་བསྐུལ་བ་ལ་བརྩོན་པར་བྱེད་ན་སྤྱོར་བའི་ཚེ་ན་ཉེས་བྱས་དང༌། ཐོབ་ན་སྤང་བའི་ལྟུང་བའི་ཚེར་མའི་ཚང་ཚིང་གི་ནང་དུ་ལྟུང་ངོ༌། །གསུམ་པ་བསླབ་བྱའི་རྣམ་གཞག་ནི། ཞལ་ཏ་བྱེད་པ་འདི་ལ་དགེ་སློང་གིས་ལན་དྲུག་གི་བར་དུ་བསྐུལ་ནས་མཐར་ནི་ཞལ་ཏ་བ་རང་ཉིད་འོངས་ནས་གོས་སྟེར་བར་བྱེད་ན། དགེ་སློང་གིས་ནི་འདི་སྐད་དུ། བདག་གིས་ཁྱོད་ཀྱི་གོས་འདི་བློས་སྤངས་པས་དགོས་པ་མེད་དོ་ཞེས་བརྗོད་དོ། །དེ་ལྟ་ན་ཡང་གལ་ཏེ་ཞལ་ཏ་བ་དེ་ཡིས་ཕྱག་སོགས་ཤིན་ཏུ་གུས་པ་སྔོན་དུ་འགྲོ་བས་སྟེར་ན་དགེ་སློང་གིས་ལེན་པ་ལ་ལྟུང་བ་མེད་པར་གསུངས་པ་ཡིན་ནོ། །གལ་ཏེ་ཞལ་ཏ་བས་གུས་པས་འབུལ་བར་མི་བྱེད་ན་ཁྱོད་ཀྱིས་ཆོས་གོས་ཀྱི་རིན་དེ་ཞལ་ཏ་བ་ལས་ལོང་ཞེས་བསྙད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། གང་ལ་སྒྲུབ་པའི་ཡུལ། གང་དུ་སྒྲུབ་པའི་གནས། གང་གིས་སྒྲུབ་པའི་ཆོ་ག ལྟུང་བ་དུ་མར་འགྱུར་ཚུལ་ལོ། །དང་པོ་ལ་བླང་བྱའི་ཡུལ་ནི་སྐྱེས་པར་མ་ཟད་བུད་མེད་ཀྱང་ནི་རྒྱལ་སྲིད་ལ་དབང་བསྐུར་གྱུར་ཏམ། བྲམ་ཟེར་གཏོགས་པའམ། རྒྱལ་པོའི་གནང་ཆེན་པ་ལ་གཏོགས་པ་བློན་པོའམ། དམག་དཔོན་དང་ཁྱིམ་བདག་ལ་སོགས་པ་ལ་འདོད་དོ། །གཉིས་པ་གང་དུ་སྒྲུབ་པའི་གནས་ནི། བསྐུལ་བ་དང་ཕྱོགས་སུ་འདུག་པའི་ས་དང༌། ཉོ་ཚོང་བྱེད་པའི་ཚོང་ཁང་དང༌། ཆུའི་གནས་དང༌། མགྲོན་དུ་འབོད་པའི་གནས་དང༌། ཁྱིམ་གནས་སོ། །ཚོང་ཁང་ནི་གང་དུ་ཉོ་ཚོང་བྱེད་པའི་གནས་སོ། །ཆུའི་གནས་ནི་ཆུ་སྣོད་སྦེད་པའི་སའོ། །འབོད་གནས་ནི་སྐྲ་འབྲེག་མཁན་དག་དང་ནི་རྫ་མཁན་ལ་སོགས་རིགས་ངན་གྱི་མིང་ཅན་རྣམས་ཀྱི་སའོ། །འདི་དག་ཏུ་དགེ་སློང་མི་གནས་པས་ཕྱི་རོལ་ནས་འབོད་དགོས་པས་འབོད་གནས་སོ། །ཁྱིམ་གནས་ནི་འཇིག་རྟེན་ན་ཁྱིམ་དུ་རབ་ཏུ་བརྗོད་པའོ། །ཚོང་ཁང་སོགས་འདི་དག་ནི་འབོད་གནས་བཞི་རུ་སྟོན་པས་གསུངས་སོ། །གསུམ་པ་ནི། འབོད་གནས་བཞི་པོ་འདི་དག་ཏུ་ཞལ་ཏ་བྱེད་པ་ལ་བསྐུལ་བ་ན་ཞལ་ཏ་བས་དགེ་སློང་ལ་ཚུར་བྱོན། །ལེགས་པར་བྱོན་ནམ། ཁྱོད་གདན་འདི་ལ་ཡང་ལེགས་པར་བཞུགས་ནས་ནི་ཕྱག་དང་ཞབས་ལེགས་པར་བཀྲུ་བར་བགྱི་བ་དང༌། བཟའ་བ་དང་བཏུང་བ་དགྱེས་བཞིན་དུ་གསོལ་ཞེས་སྨྲ། དགེ་སློང་གིས་ལན་དྲུག་བསྐུལ་བའི་སྒོ་དེར་ཡང་མ་ཐོགས་པར་ནི་བརྗོད་པར་བྱེད་ན་ལན་དྲུག་བསྐུལ་བའི་མཐར་བླངས་ཀྱང་ལྟུང་བ་མེད་དོ། །གལ་ཏེ་ལན་དྲུག་བསྐུལ་བའི་རྗེས་ཐོག་ཏུ་ཡུན་རིང་དུ་ཐོགས་ནས་ཚུར་བྱོན་ནས་ཞེས་སོགས་བརྗོད་པར་བྱེད་པ་ལ་ནི་བླངས་ན་ལྟུང་བར་འགྱུར་བ་ཁོ་ནའོ། །བཞི་པ་དུ་མར་འགྱུར་ཚུལ་ནི། གལ་ཏེ་ཕོ་ཉ་མི་མ་ཡིན་དང་སྦྱིན་བདག་དང་ཞལ་ཏ་བའང་མི་མ་ཡིན་ཡིན་ན་བསྐུལ་བའི་སྒོ་དྲུག་པོ་ཡོངས་སུ་རྫོགས་པ་ན་སྡོམ་བརྩོན་གང་དག་ཉེས་བྱས་གསུམ་གྱིས་དབྱུག་པ་རྣམས་ཀྱིས་མགོ་བོ་འཇོམས་སོ་ཞེས་གཟུགས་ཅན་གྱི་རྒྱན་དུ་བྱས་སོ། །གལ་ཏེ་སྦྱིན་བདག་ནི་མི་ཡིན་ལ། ཕོ་ཉ་དང་ཞལ་ཏ་བ་ནི་མི་མིན་ཏེ་མ་ཡིན་ན་བསྐུལ་བའི་སྒོ་དྲུག་པོ་རྫོགས་པ་ན་ཉེས་བྱས་གཉིས་སོ། །གཞན་གཉིས་མི་ཡིན་ལ་ཞལ་ཏ་ཙམ་མི་མ་ཡིན་ན་བསྐུལ་བའི་སྒོ་དྲུག་པོ་རྫོགས་པ་ན་ཉེས་བྱས་གཅིག་གོ །ཞལ་ཏ་བ་ལ་བསྐུལ་བའི་གནས་སྐབས་གང་དུ་སྦྱིན་བདག་དང་ཕོ་ཉ་དང་ཞལ་ཏ་བ་ཡང་མི་ཡིན་ཞིང༌། གནས་ཀྱང་ཁྱིམ་པ་ཡིན་ན་བསྐུལ་བའི་སྒོ་དྲུག་པོ་ཡོངས་སུ་རྫོགས་ནས་གོས་ཐོབ་པ་ན་དེ་ལ་ནི་ངེས་པར་ལྟུང་བྱེད་བསྐྱེད་པས་ཁྲིམས་ལྡན་ངན་སོང་གསུམ་དུ་འཕེན་པར་བྱེད་དོ། །གཉིས་པ་ཞར་བྱུང་ལ་གཉིས་ཏེ། སྤྱད་ཅིང་དབང་པའི་ཚུལ། ཉེས་པར་མི་འགྱུར་བའི་རྒྱུའོ། །དང་པོ་ནི། སྐུར་བྱེད་དགེ་སློང་གང་ཞིག་བསྐུར་བྱ་དགེ་སློང་གང་ལ་ཕན་པར་བྱེད་པར་འདོད་པས་ཆོས་གོས་བསྐུར་བ་ནི་དེ་ཉིད་ལ་ནི་ཡིད་བརྟན་བྱས་པས་འཁུར་བྱེད་ཕོ་ཉ་བས་བར་དུ་ཡོངས་སུ་སྤྱོད་པར་བྱེད་པ་ལ་ཉེས་པ་མེད་ཅེས་སམ། ཡང་ན་འཆང་བ་ལ་ཉེས་པ་མེད་ཅེས་སྦྱར་རོ། །གནས་སྐབས་གང་དུ་སྐུར་བྱེད་ཤི་ན་ཡང་ཆོས་གོས་འདི་གསལ་པོར་བསྐུར་བ་དེ་ཡིར་འགྱུར་བ་ཡིན་ནོ། །གཉིས་པ་ནི། སྐུར་བྱེད་ཀྱིས་བློས་བཏང་ནས་བསྐུར་ཞིང་བསྐུར་ས་དེས་གོས་དེ་མ་ཐོབ་པ་ལས་ནི་སྤང་བའི་ལྟུང་བ་དག་གཉིས་ཀ་ལ་ཡང་མེད་པས་ཏེ། སྔ་མ་སྐུར་མཁན་གྱིས་བློས་ཡོངས་སུ་བཏང་ནས་བསྐུར་བ་

དང༌། གཞན་ཡུལ་གྱིས་ནི་གོས་དེ་བདག་གིར་མ་བྱས་པས་སོ། །གཞན་གྱིས་གཞན་ལ་ཆོས་གོས་བསྐུར་བ་དེ་ལ་བར་དུ་ཞག་བཅུ་འདས་ན་ཡང་བསྐུར་ས་དང་སྐུར་བ་པོ་གཉིས་ཀ་ལ་ཡང་སྤང་བའི་ལྟུང་བ་མེད་དོ། །བཅུ་ཚན་གཉིས་པ་ལ། སྡོམ་ནི། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །ལོ་དྲུག་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང༌། །མངོན་མཚན་ཅན་དང་ཉོ་ཚོང་ངོ༌། །ཞེས་པའོ། །སྲིན་བལ་གྱི་སྟན་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། མཉན་ཡོད་དུ་དགེ་སློང་དུ་མ་ལ་བཅས་པ་སྟེ། ཡན་ལག་ལ་གཞི་ནི་ཡུལ་དེ་ན་དཀོན་པའི་སྲིན་བལ་གསར་པ་འབའ་ཞིག་གི་སྟན་ནོ། །བསམ་པ་སྟན་རྩོམ་པར་འདོད་པའོ། །སྦྱོར་བ་རང་ངམ་གཞན་བྱེད་དུ་འཇུག་པར་རྩོམ་པའོ། །མཐར་ཐུག་བཀྲམ་པ་རྫོགས་པའོ། །ཚིག་དོན་ནི། གང་ཡང་དགེ་སློང་དག་གིས་རྒྱུ་སྲིན་བལ་གྱིས་གསར་པའི་སྟན་དག་བྱེད་ན་ནི་གདན་བརླིངས་པར་བྱེད་ན་སྲིན་བལ་བཀྲམ་པ་རྫོགས་པ་དང༌། གཡོགས་པ་ནི་གྲུབ་པ་ཙམ་ན་བྱེད་པ་པོའི་དགེ་སློང་དེ་ལ་ལྟུང་བར་འགྱུར་བའོ། །སྟན་དེ་ཡང་རྣམ་པ་གཉིས་ཏེ། ནང་སྲིན་བལ་གྱིས་བྱས་ལ་གཞན་གྱིས་གཡོགས་པ་དང༌། སྲིན་བལ་ཉིད་བརླིངས་པའོ། །གཉིས་པ་ལྟུང་མེད་ནི། སྟན་བྱས་ཟིན་པ་གཞན་གྱིས་བྱིན་པར་གྱུར་པ་དང༌། དེ་བཞིན་དུ་གཞན་གྱིས་བྱས་ཟིན་པ་ལོངས་སྤྱོད་པ་ལ་ཉེས་པ་མེད་དེ། དེ་བས་ན་གཞན་གྱིས་བྱས་ཟིན་པ་སྦྱིན་ན་དགེ་སློང་གིས་ནི་བླང་བར་བྱ་སྟེ། དགོས་པ་བསོད་ནམས་ཐོབ་པར་འདོད་པའི་སྦྱིན་བདག་གི་བསོད་ནམས་འཕེལ་བར་བྱ་བའི་ཕྱིར་དུའོ། །གཉིས་པ་བལ་ནག་པོ་འབའ་ཞིག་པའི་སྟན་ལ་གཉིས་ཏེ། ལྟུང་བ་དང༌། དགག་བྱའོ། །དང་པོ་ལ་ཡན་ལག་ནི། གཞི་ནི་ཡུལ་དེ་ན་དཀོན་པའི་བལ་ནག་པོ་འབའ་ཞིག་གི་སྟན་ཡོངས་སུ་བརླིངས་པའོ། །ཡན་ལག་ལྷག་མ་རྣམས་སྔ་མ་བཞིན་ནོ། །ཚིག་དོན་ནི། ལུག་བལ་ནག་པོ་འབའ་ཞིག་གིས་གསར་བའི་སྟན་བརླིངས་པ་དག་ནི་རང་གིས་མི་བྱ་སྟེ། གཞན་ལ་ཡང་བྱེད་དུ་མི་གཞུག་གོ །གཉིས་པ་ནི། སྟན་དེའི་རྒྱུ་དེ་ཚོལ་བའི་སྡུག་བསྔལ་གྱིས་ཀློག་པ་དང་ཁ་འདོན་ཉམས་པར་བྱེད་དོ། །གལ་ཏེ་ནག་པོ་བཙལ་སླ་ཞིང་དཀར་པོ་རིན་ཆེན་དེ་ལས་བཟློག་པར་འགྱུར་རོ། །ཆ་གཉིས་བསྲེ་བ་ལ་ཡང་གཉིས་ཏེ། ལྟུང་བ་རྣམ་གཞག་དང༌། ལྟུང་མེད་དོ། །དང་པོ་ལ་གསུམ་སྟེ། གནང་བའི་ཚད། དངོས་པོའི་རང་བཞིན། ཚད་ལས་འདས་པའི་ལྟུང་བའོ། །དང་པོ་ནི། ལུག་བལ་ནག་པོ་ལ་ཆ་གཉིས་དང༌། དཀར་པོ་ཉིད་ཀྱི་ཆ་གཅིག འཁོབ་བལ་ཉིད་ཀྱི་ཆ་གཅིག་བསྲེ་པས་ན་ནག་པོ་ལ་ཕྱེད། གཞན་གཉིས་བསྡོམས་པ་ལ་ཕྱེད་དུ་བྱས་ནས་བརླིངས་པའི་སྟན་ངེས་པར་བྱེད་ན་ནི་སྟན་དེས་ལྟུང་བ་བསྐྱེད་པ་མེད་པ་ཡིན་ལ། གཞན་གཉིས་ཕྱེད་དུ་བྱས་ནས་ནག་པོ་དེ་ལས་ཅུང་ཟད་ཉུང་ན་ཡང་ལྟུང་བ་མེད་དོ། །གཉིས་པ་ནི། ལུག་བལ་ནག་པོ་ཞེས་པ་ནི་རང་བཞིན་གྱིས་གནག་པ་ཉིད། ཁ་བསྒྱུར་ནས་བཅོས་མར་བྱས་པའི་ནག་པོ་ལ་ནི་ལྟུང་བ་མེད་དོ། །དཀར་པོ་ལུག་གི་མགྲིན་པ་དང་རྒྱབ་དང་བློ་གཉིས་ལས་སྐྱེས་པའི་དཀར་པོའོ། །འཁོབ་བལ་ནི་སྤྱི་བོ་དང་ལྟོ་བ་དང་ཚེའུ་དང་རྒྱབ་ལས་སྐྱེས་པའོ། །གསུམ་པོ་འདི་ལ་འཁོབ་བལ་དང་དཀར་པོ་དང་ནག་པོ་ཞེས་སུ་བརྗོད་དོ། །གསུམ་པ་ནི། ལུག་བལ་དཀར་པོ་དང་ནག་པོ་དང་འཁོབ་པ་ལ་གསུམ་ལས་དཀར་པོ་ནི་སྲང་ཕྱེད་ཙམ་གྱིས་ཉུང་བ་དང༌། དེའི་དོད་ནག་པོ་སྲང་ཕྱེད་ཙམ་གྱིས་ལྷག་པ་ཞིག་བྱས་ནས་སྟན་གསར་པ་རྩོམ་པར་བྱེད་ན་དེ་ལ་ལྟུང་བར་ཐེ་ཚོམ་མེད་དོ། །གསར་པ་ཞེས་བྱེ་བྲག་ཏུ་སྨོས་པས་རྙིང་པ་རལ་བ་འཆོས་པ་ལྟ་བུ་ལ་ཉེས་པ་མེད་པར་བསྟན་ཏོ། །མདོར་ན་ནག་པོ་ལ་ཆ་གཉིས། དཀར་པོ་དང་འཁོབ་བལ་གཉིས་ལ་ཆ་རེ་རེ་མཉམ་པོར་བྱས་ནས་སྟན་བྱས་པ་ལ་སྐྱོན་མེད་ལ། ནག་པོ་ཕྱེད་ཀྱི་ཆ་ལས་ཅུང་ཟད་ཅིག་ལྷག་ན་ཡང་སྤང་བའི་ལྟུང་བར་འགྱུར་ལ། གཞན་དཀར་པོ་དང་འཁོབ་བལ་ལྷག་པར་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བསྟན་ཏོ། །གཉིས་པ་ལྟུང་མེད་ནི། ནག་པོ་དེ་ལས་གཞན་པ་དཀར་པོ་དང་འཁོབ་བལ་མ་རྙེད་ན་ནག་པོས་ཀྱང་ནི་སྟན་བྱ་བ་ཡིན་ནོ་ཞེས་གནང་ངོ༌། སྔ་མ་རྣམས་ནི་གཞན་གཉིས་རྙེད་བཞིན་དུ་མ་བསྲེས་པའི་དབང་དུ་བྱས་སོ། །ནག་པོ་འབའ་ཞིག་ལས་བྱས་ཀྱང་གཞན་ལས་རབ་ཏུ་ཐོབ་པ་ནི་ཅི་བདེ་བར་ཡང་ཡོངས་སུ་སྤྱོད་དོ། །ལོ་དྲུག་གི་སྤང་བ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ལ་ཡན་ལག་བརྩི་བ་ནི། གཞི་ནི་སྟན་སྔ་མ་ཡོད་བཞིན་དུ་གནང་བ་མ་ཐོབ་པར་ལོ་དྲུག་གི་ནང་དུ་བྱས་པའི་སྟན་གཉིས་པའོ། །བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པ་གསུམ་ནི་སྲིན་བལ་འབའ་ཞིག་པ་དང་འདྲའོ། །ཚིག་དོན་ནི། ནན་ཏན་གྱིས་བྱས་པའི་སྟན་དེ་ལོ་དྲུག་གི་བར་དུ་བཅང་བར་བྱའོ། །སྔ་མའི་སྟན་ཡོད་བཞིན་དུ་ལོ་དྲུག་གི་ཚུ་རོལ་དུ་སྟན་གཉིས་པ་དེ་བྱས་ན་སྤང་བའི་ལྟུང་བའོ། །བྱས་ཀྱང་ཉེས་པ་མེད་པ་ནི། ཚོགས་དགེ་འདུན་གྱིས་གནང་བ་ཡིན་ནའོ། །གཉིས་པ་བཤད་པ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། ལོ་གཅིག་ལ་ཡང་སྟན་གཅིག་ཡོད་བཞིན་དུ་གལ་ཏེ་སྟན་གཉིས་པ་དག་གལ་ཏེ་དགེ་སློང་གིས་རྩོམ་པར་བྱེད་ན་རྩོམ་པ་ལ་ཉེས་བྱས་གཅིག་ཡིན་ཏེ། ཡོངས་སུ་རྫོགས་པ་ལ་ལྟུང་བ་དངོས་གཞིར་གཞག་གོ །དེ་བཞིན་དུ་ལོ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལ་དང༌། ལྔ་པར་སྟན་གཉིས་པ་བརྩམས་པ་ལ་ཡང་རྩོམ་ཙམ་ན་ཉེས་བྱས་ཀྱི་ལྟུང་བ་ཐོབ་པ་དང༌། རྫོགས་ན་དངོས་གཞིའོ། །གཉིས་པ་ལྟུང་མེད་ནི། སྟན་སྔ་མ་དང་པོ་དྲུག་བར་དུ་ཞུགས་པར་གྱུར་ནས་སྟན་གཉིས་པ་རྩོམ་པར་བྱེད་པ་ལ་ནི་ཉེས་པ་སྟེ་ཉེས་བྱས་ཀྱང་མེད་ལ། རྫོགས་ན་དངོས་གཞི་ཡང་མེད་དོ། །མཉན་ཡོད་དུ་དགེ་སློང་རྣམས་ཀྱིས་གདིང་བ་གསར་པ་བྱས་ནས་རྙིང་པ་རྣམས་འདོར་བ་ལ་བརྟེན་ནས་བཅས་པ་མཐོ་གང་གི་སྤང་པ་ལ་གསུམ་སྟེ། བསླབ་བྱ་དང༌། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ནི། གདིང་བ་གསར་པ་བྱེད་པ་ན་གསར་པའི་ཁ་དོག་ངན་པོར་བྱེད་པར་འདོད་པས་རྙིང་པ་ལས་བཅད་ནས་ངེས་པར་ཆུང་མཐའ་ཡང་བདེ་བར་གཤེགས་པའི་མཐོ་གང་གླན་ནོ། །གཉིས་པ་ལྟུང་བ་ནི། གལ་ཏེ་སྟོན་པའི་མཐོ་གང་གི་ཚད་དེ་ལས་བསམས་བཞིན་དུ་ཅུང་ཟད་ཙམ་ཞིག་གཅོད་པར་བྱེད་ཀྱང་དེའི་སྐབས་ཀྱི་ལྟུང་བའི་དབྱུག་པ་ཡིས་མགོ་བོ་གཅོག་པར་བྱེད་པ་ཡིན་ནོ། །གསུམ་པ་ལྟུང་མེད་ནི། གལ་ཏེ་གདིང་བ་རྙིང་པ་དེ་ཤིན་ཏུ་མཐའ་ཟེགས་པའམ་ལོངས་སྤྱོད་མི་བཟོད་ཅིང་དེངས་ཏེ་ཤིན་ཏུ་སྲབ་མོར་གྱུར་པ་ན་མཐོ་གང་དེ་ཙམ་ཉིད་དམ་དེ་ལས་ཆུང་བ་གླན་པ་ནི་ཉེས་པ་མེད་དོ། །དྲུག་སྡེ་ལ་བཅས་པ་བལ་ཁུར་གྱི་སྤང་བ་ལ། ཡན་ལག་ལ་གཞི་ནི་བལ་གྱི་ཁུར་པོར་ལངས་པའོ། །ཀུན་སློང་འཁུར་བར་འདོད་པ། སྦྱོར་བ་འཁུར་བར་རྩོམ་པ། མཐར་ཐུག་དཔག་ཚད་གསུམ་ལས་འདས་པར་ཁུར་བའོ། །གཉིས་པ་ཚིག་དོན་ལ་གསུམ་སྟེ། བསླབ་བྱ་དང༌། ལྟུང་མེད་དང༌། ལྟུང་བའོ། །དང་པོ་ནི། སྡོམ་བརྩོན་དགེ་སློང་རང་གིས་བལ་གྱི་ཁུར་པོ་དག་ཁྱེར་དགོས་པ་བྱུང་ན་ནི་ཁུར་བར་བྱེད་པ་གཞན་མེད་ན་དཔག་ཚད་གསུམ་གྱི་ཚད་དུ་ཁྱེར་བར་གནང་ལ། དཔག་ཚད་གསུམ་ལས་ལྷག་པར་ནི་མི་འཁུར་རོ། །ཁུར་པོའི་ཚད་ནི། དུལ་བ་ལྷས་སྲང་ཉིས་སྟོང་ཞེས་བཤད་དོ། །གཉིས་པ་ལྟུང་མེད་ནི། ཞྭ་ལ་སོགས་པའི་ཕྱིར་དུ་ཉུང་ངུ་ཙམ་ཞིག་མངོན་པར་འཁྱེར་ཡང་ཉེས་པ་མེད་དོ། །གསུམ་པ་ནི། ཁྱེར་བ་པོ་གཞན་ཡོད་བཞིན་དུ་གྲོང་ལས་རྒྱང་གྲགས་ཕྱེད་ཙམ་དུ་ཡང་སྡོམ་བརྩོན་རང་གིས་བལ་ཁུར་འཁྱེར་ན་ཉེས་བྱས་ཡིན་ཏེ། གྲོང་ཁྱེར་ནས་ནི་གྲོང་ཁྱེར་དུ་རྒྱང་གྲགས་གཅིག་རང་གིས་ཁུར་ན་ལྟུང་བ་འབྱུང་བ་ཡིན་ནོ། །དགོན་པ་ནས་དགོན་པར་ནི་དཔག་ཚད་ཕྱེད་ཁུར་ན་ཉེས་བྱས་དང༌། དཔག་ཚད་གཅིག་ཙམ་དུ་ཁུར་ན་ལྟུང་བའོ། །བདུན་པ་འཆར་ཀ་ལ་བཅས་པ་བལ་རྨེལ་བ་ལ་གཉིས་ཏེ། ལྟུང་བ་དང༌། དེའི་ཉེས་པའོ། །དང་པོ་ནི། དགེ་སློང་གང་ཞིག་དགེ་སློང་མ་ཉེ་དུ་མིན་པ་ལ་བལ་དག་ནི་རྨེལ་བ་དང༌། ལ་སོགས་པ་འཆག་པ་དང་འཚེད་པ་སོགས་བྱེད་དུ་འཇུག་ན་དགེ་སློང་འཇུག་མཁན་དེ་ཡང་བསླབ་པ་ལས་ཉམས་པ་དང་ལྡན་པར་འགྱུར་རོ། །རྨེལ་བ་དང་འཆག་པ་དང་འཚེད་པ་ལ་སོགས་བྱེད་དུ་འཇུག་ན་ཡན་ལག་མཐའ་དག་གིས་ཀྱང་བསྐྱེད་པར་མ་ཟད་རེ་རེ་དག་གིས་ཀྱང་ལྟུང་བ་ཀུན་ནས་བསྐྱེད་དོ། །གཞི་ནི་བལ་ལོ། །བསམ་པ་ནི་རྨེལ་དུ་འཇུག་པར་འདོད་པའོ། །སྦྱོར་བ་རྨེལ་དུ་འཇུག་པར་རྩོམ་པའོ། །མཐར་ཐུག་རྨེལ་བའོ། །གཉིས་པ་ནི། ལྟུང་བ་བྱུང་བ་ལ་ཉེས་པ་ཅི་ཡོད་ཅེ་ན། སྡོམ་བརྩོན་གང་དག་ལྟུང་བ་དང་བཅས་ན་ཉེས་པ་མི་དགེ་བ་བྱེད་པ་བཞིན་དུ་འོག་ནས་འོག་ཏུ་འགྲོའོ། །བརྒྱད་པ་དྲུག་སྡེ་ལ་བཅས་པ་གསེར་དངུལ་ལ་ལྟུང་བ་རྣམ་གཞག་དང༌། །བསླབ་པ་འཆའ་བའི་རྒྱུ་དང༌། བསླབ་བྱ་བསྟན་པའོ། །དང་པོ་ལ། ཡན་ལག་ལ་གཞི་ནི་རིན་པོ་ཆེའི་ཐ་སྙད་གདགས་སུ་རུང་བའོ། །བསམ་པ་ནི་ལེན་པར་འདོད་པའོ། །སྦྱོར་བ་ལེན་པར་རྩོམ་པའོ། །མཐར་ཐུག་ལག་ཏུ་ཐོབ་པ་ནའོ། །ཚིག་དོན་ནི། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བས་དགེ་སློང་དག་ལ་ས་ལེ་སྦྲམ་ལེན་པ་བཀག་པ་ཡིན་ནོ། །ལེན་པའི་དོན་ནི། ཆོས་བཤེས་ཀྱིས་ཐོབ་པར་ནུས་པ་དང་ལག་ཏུ་འོང་བ་ལ་བྱེད་ལ། དགེ་ལེགས་བཤེས་གཉེན་ནི་རེག་པ་དང་རེག་ཏུ་འཇུག་པ་ལ་བྱེད་དོ། །ཡུལ་ཙམ་པ་ཀའི་ཁྱིམ་བདག་གིས་གོས་ཀྱི་རིན་ཀརྵ་པ་ཎི་བསྐུར་བ་དགེ་སློང་རྣམས་ཀྱིས་མ་བླངས་པ་ལ་བརྟེན་ནས་རང་ལ་ཆོས་གོས་མེད་ན་ཆོས་གོས་ཀྱི་རྒྱུར་བྱིན་གྱིས་བརླབ་ཏུ་རུང་བས་ན་ཆོས་གོས་ཀྱི་རྒྱུར་ལེན་པའམ། ལམ་རྒྱགས་དང་ནད་པའི་སྨན་གྱི་རྒྱུར་ལེན་པ་ནི་ལྟུང་བ་བསྐྱེད་པ་ལ་མ་གཏོགས་སོ། །དགེ་སློང་གིས་གསེར་དང་དངུལ་དང་མུ་ཏིག་ལ་སོགས་ལ་རེག་ན་ལྟུང་བར་འགྱུར་བས་རེག་པར་མི་བྱའོ། །ནོར་བུ་དང་མུ་ས་ལ་གར་བྷ་དང་དུང་གཡས་སུ་འཁྱིལ་བ་དང་དམར་པོ་དང་ཤང་ཀ་ཤི་ལ་དང་ཕྱེ་རུ་ལ་སོགས་པ་ལ་དགེ་སློང་གིས་རེག་ན་ལྟུང་བར་འགྱུར་བས་རེག་པར་མི་བྱའོ། །རྣམ་འབྱེད་ཀྱི་འགྲེལ་པ་ལས། ནོར་བུ་ནི་འོད་ཀྱི་བདག་ཉིད་དུ་གསལ་བ་ཞེས་པའོ། །མུ་ས་ལ་ནི་རྡོའི་སྙིང་པོ་དང༌། གར་བྷ་ནི་སྤུག་གོ །དུང་གཡས་འཁྱིལ་ནི་ཤིས་པ་སྐྱེད་པར་བྱེད་པའོ། །ཕྲན་ཚེགས་ཀྱི་འགྲེལ་པར། དམར་པོ་ནི་པདྨ་རཱ་ག་ཤང་ཀ་ཤི་ལ་ནི་མན་ཤེལ་དམར་པོ་ཞེས་སོ། །གཉིས་པ་བསླབ་པ་འཆའ་བའི་རྒྱུ་ནི། ཐུབ་པའི་དགེ་སློང་ནི་དོན་ཉུང་བ་དང་བྱ་བ་ཉུང་བ་མཛེས་པས་ན་ཉོ་ཚོང་གི་དོན་དུ་གསེར་དངུལ་ལ་སོགས་ལེན་པ་དགག་པར་བྱས་སོ། །གསུམ་པ་བསླབ་བྱ་ནི། དོན་མང་པོ་དང་བྱ་བ་མང་པོས་ནི་ཐོས་བསམ་ལ་གཡེང་བར་འགྱུར་བས་ན་ཡོ་བྱད་ཤིན་ཏུ་མང་པོ་དག་ཀྱང་མི་དགའ་བས་ཡོ་བྱད་མང་པོ་གསོག་པར་མི་བྱ་ཞིང༌། ཡོ་བྱད་ཀྱིས་གཏན་ནས་དབེན་པ་དང་ཡང་མི་དགའ་བས་འཚོ་བའི་དོན་དུ་ཉུང་ངུ་ཙམ་ཞིག་བཅང་བར་བྱའོ། །མངོན་མཚན་ཅན་ནི་ཉེ་དགས་གཅེར་བུ་པའི་ལྭ་བ་བཟང་པོ་རང་གི་ངན་པ་དང་བརྗེས་པས་དེ་གཅེར་བུ་པའི་གནས་སུ་མ་ཆུད་ནས་དེ་སྟོན་པ་ལ་ཞུས་པས་ཀུན་དགའ་བོ་བཏང་ནས་འདིའི་ལྭ་བ་མ་གཏད་ན་ཁ་ནས་ཁྲག་ཚ་བོ་སྐྱུགས་ནས་དུས་བྱེད་དོ་ཞེས་བསྒོ་བ་ན། སྟོན་པས་གསུངས་ན་གཏད་དགོས་ལ། དེ་མ་གཏོགས་འཛམ་བུའི་གླིང་གི་མི་རྣམས་ཁྲག་སྐྱུགས་ཀྱང་ཉེ་དགའི་བྱིན་པའི་བ་སྤུ་ཙམ་ཡང་མི་གཡོ་ཞེས་པ་ལ་བརྟེན་ནས་བཅས་ཏེ། འདི་ལ་ལྟུང་བ་དང༌། ལྟུང་མེད་དང༌། བསླབ་བྱའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ། ཡན་ལག་ལ་གཞི་ནི་ཆོས་ལྡན་མ་གཏོགས་པ་ཁྱིམ་པ་ལ་གཏང་བར་བྱ་བའི་རྫས་ཀྱི་དངོས་པོ། བསམ་པ་ནི་སྐྱེད་ཀྱི་དོན་དུ་གཏོང་བར་འདོད་པའོ། །སྦྱོར་བ་ནི་ལུས་ངག་གིས་སྐྱེད་ཀྱི་ནོར་དུ་གཏོང་བའི་བྱ་བ་ལ་ཞུགས་པའོ། །མཐར་ཐུག་ལག་ཏུ་ཐོབ་པ་ནའོ། །ཚིག་དོན་ནི། སྡོམ་བརྩོན་གང་ཞིག་ནོར་དང་ལྡན་པས་ཆོས་ལྡན་མ་གཏོགས་པ་གཞི་སྐྱེད་ཀྱི་དོན་དུ་ནོར་གཏོང་བར་བྱེད་ན། སྐྱེད་ལག་ཏུ་ཐོབ་པའི་དུས་སུ་ལྟུང་བའི་རྡོ་རྗེ་ཡིས་དགེ་སློང་བདག་ཉིད་འཇོམས་པར་བྱེད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། མཚན་ཉིད་ཀྱི་རབ་དབྱེ། ཕྱེ་བ་སོ་སོའི་དོན་ནོ། །དང་པོ་ནི། མངོན་མཚན་ཅན་དུ་བྱེད་པ་དང༌། མི་བྱེད་པ་ལྐོག་ཏུ་གཏོང་བ་ཞེས་བྱ་བ་དང་གཉིས་ལས། དང་པོ་མངོན་མཚན་ཅན་ནི་རྣམ་པ་བཞི་སྟེ། སྦྱོར་བ་དང༌། རབ་སྦྱོར་དང༌། བསྒྲུབ་པ་དང༌། དེ་བཞིན་དུ་བརྗེ་བར་གྲགས་པ་དག་གོ །ཕྱེ་བ་སོ་སོའི་དོན་ལ་བཞི་ལས། སྦྱོར་བ་ནི་ཟོང་འདྲེན་པར་བྱེད་པའི་ཤིང་རྟ་ལ་སོགས་པའི་སྣོད་འབྲིམས་ཤིང་གང་དུ་འགྲོ་བའི་ཡུལ་ཕྱོགས་ཀྱི་ཟོང་ནི་འདྲི་བར་བྱེད་ལ། འགྲོ་བའི་གྲོགས་པོ་དག་ཀྱང་འཚོལ་བར་བྱེད་པ་འདི་དག་ནི་སྦྱོར་བར་འདོད་པ་ཡིན་ནོ། །རབ་སྦྱོར་ནི་བདུན་སྡེ་ལ་སོགས་པའི་སྐྱེད་ཐོབ་པ་ཉིད་ཀྱི་ཕྱིར་དུ་ནོར་གཏོང་བར་བྱེད་པ་འདོད་པས་དཔང་པོ་འཚོལ་བ་དང༌། དམ་གཞག་གི་ཡི་གེ་འབྲི་བའི་དོན་དུ་གྲོ་ག་དང་སྣག་ཚ་དང་སྨྱུ་གུ་འཚོལ་བ་དག་ལ་འདོད་དོ། །སྒྲུབ་པའི་དོན་ནི་ལུང་དུ་འབྱེད་པ་ཞེས་འབྱུང་སྟེ། ནོར་འདོད་པས་རྙེད་པ་ལ་ཆགས་པ་ཡིས་ཉིས་འགྱུར་དང་གསུམ་འགྱུར་ལ་སོགས་པ་སྤེལ་བའི་ཕྱིར་དུ་ནས་ལ་སོགས་པའི་འབྲུ་བུན་དངོས་སུ་གཏོང་བས་ཡི་གེ་འབྲི་བའི་གྲོ་ག་ལ་སོགས་པ་དངོས་སུ་སྒྲུབ་པར་བྱེད་པ་དེ་ནི་སྒྲུབ་པར་གསུངས་པ་ཡིན་ནོ། །བརྗེ་བ་ནི་ལུང་དུ་བུན་སྐྱེད་པ་ཞེས་སོ། །འདིར་ནི་ནོར་བུ་དང་མུ་ཏིག་དང་བྱེ་རུ་ལ་སོགས་པའི་རྫས་རྣམས་ཕན་ཚུན་ཡོངས་སུ་བརྗེ་བའི་དུས་ན་སྣག་ཚ་དང་གྲོ་ག་ལ་སོགས་པ་འཚོལ་བ་དེ་ནི་བརྗེ་བར་ཡོངས་སུ་གྲགས་པ་ཡིན་ནོ། །སྐྱེད་མ་ཐོབ་ཀྱི་བར་དུ་ནི་འདིར་ཉེས་བྱས་ཀྱི་དྲི་མ་ཡོད་པར་ཡོངས་སུ་གྲགས་ལ། གང་ཚེ་སྐྱེད་ཐོབ་པ་དེ་ཉིད་ཀྱི་ཚེ་ན་གསལ་པོར་ལྟུང་བ་ཉིད་དུ་གྲགས་སོ། །འདི་དག་ནི་བསྡུ་ན་མངོན་མཚན་ཅན་དུ་བྱེད་པ་དང་མི་བྱེད་པ་གཉིས་ཡིན་ལ། བྱེད་པ་ནི་མངོན་མཚན་ཅན་ལ་སོགས་པར་སྐྱེད་ཀྱི་དོན་དུ་གཏོང་བར་བྱེད་པ་ལ་བརྗོད་དོ། །མངོན་མཚན་ཅན་དུ་མི་བྱེད་པ་ནི་སླར་ཡང་གསེར་སོགས་ལྐོག་ཏུ་གཏོང་གི མངོན་མཚན་ཅན་དུ་མི་གཏོང་བ་སྟེ། ལུང་ལས་གསེར་དངུལ་མངོན་མཚན་ཅན་མིན་པར་གཏོང་བ་ཞེས་སོ། །གཉིས་པ་ལྟུང་བ་མེད་པ་ནི། སྟོན་པ་ཡངས་པ་ཅན་ན་བཞུགས་པའི་ཚེ་ན་གཙུག་ལག་ཁང་དྲུག་བརྩེགས་དང་བདུན་བརྩེགས་ཡོད་པ་བརྡིབས་ནས་སྦྱིན་བདག་རྣམས་ཀྱིས་མཁར་ལན་གྱི་སླད་དུ་ཕུལ་བ་མི་ལེན་ཅིང་སྦྱོར་བ་དང་རབ་སྦྱོར་སོགས་མི་བྱེད་པ་ལ་བརྟེན་ནས་གནང་སྟེ། དཀོན་མཆོག་གསུམ་གྱི་ཆེད་དུ་ནི་འདིར་ཡང་སྔར་བསྟན་པ་བཞིན་གྱི་ཆོ་ག་སྦྱོར་བ་དང་རབ་སྦྱོར་སོགས་དག་བྱའོ། །སུ་ཞིག་གིས་ན། དཀོན་མཆོག་གསུམ་གྱི་ཆེད་དུ་རྙེད་པ་འདོད་པ་དག་གིས་སོ། །ཚུལ་ཇི་ལྟར་བྱ་བ་ནི། རབ་སྦྱོར་སོགས་འཇིག་རྟེན་གྱི་སྤྱོད་པ་ལས་གཞན་མིན་པར་བརྟག་སྟེ་ཡུལ་ཁྱིམ་པ་བཞིན་དུ་རིགས་པ་དང་ལྡན་པ་ཁྱིམ་པ་དང་ཞལ་ཏ་བ་དག་ལ་བཅོལ་དུ་རུང་ངོ༌། །དཀོན་མཆོག་གསུམ་གྱི་ཆེད་དུ་ནི་ནོར་མི་ཟད་པ་བླང་བ་དང་སྐྱེད་པ་གཉིས་ཆར་རུང་ངོ༌། །གསུམ་པ་བསླབ་བྱ་ནི། རྒྱལ་པོ་དང༌། རྒྱལ་པོའི་འཁོར་དང༌། སྦྱིན་བདག་རྣམས་ཀྱི་དྲུང་དུ་ནི་ནམ་ཡང་སྦྱོར་བ་དང་རབ་སྦྱོར་སོགས་མི་བྱའོ། །ནོར་གྱི་སྐྱེད་བདས་པ་ན་ཁྱིམ་པའི་དྲུང་དུ་རྩོད་པ་འབྱུང་བས་མི་མཛེས་པའི་ཕྱིར་རོ། །འདི་དག་རྣམས་ལས་ནོར་གཏང་བའི་སྐྱེད་ཀྱི་རྙེད་པ་མེད་དམ། འོན་ཏེ་སྐྱེད་ཤིན་ཏུ་དཀའ་བས་རྙེད་ཀྱང་རུང་སྟེ་ནོར་མི་གཏང་ངོ༌། །ནོར་ཁྱེར་ནས་ནོར་གྱི་ངོ་བོ་དང་སྐྱེད་མི་སྟེར་བ་ལ་ནི་གཏའ་མ་བླངས་ནས་སྦྱིན་ནོ། །གཏའ་མ་ནི་ཉིས་རི་བླང་ངོ༌། །སྔ་འགྱུར་ལས། གཏའ་མ་འོས་པར་བླངས་ནས་སྦྱིན། །ཞེས་འབྱུང་ངོ༌། །གལ་ཏེ་ནོར་ཁྱེར་ཡང་སྐྱེད་དང་བཅས་པ་སྟེར་ནུས་ཀྱི་ཁྱིམ་བདག་དད་པ་ཅན་རྣམས་ལ་ནི་དེ་ལྟ་མིན་པར་གཏའ་མ་མེད་པར་ཡང་ནི་སྦྱིན་པར་བྱའོ། །སྔ་འགྱུར་ལས། གཏའ་མ་མེད་པར་ཡང་ནི་སྦྱིན། །ཞེས་འབྱུང་ངོ༌། །བཅུ་པ་ཉོ་ཚོང་ལ་ཡང་བཞི་སྟེ། བསླབ་བྱ་དང༌། ལྟུང་བ་དང༌། ལྟུང་མེད་དང༌། ཞར་ལས་བྱུང་བའི་དོན་ནོ། །དང་པོ་ནི། རྔས་ཉོ་བར་བྱེད་པ་རང་གི་གཡོག་ལ་སོགས་པ་ཅི་ཙམ་རི་བ་ཁོང་དུ་ཆུད་པའི་ཤེས་རབ་ཅན་མེད་ན། དགེ་སློང་གིས་གང་ཉོ་བར་འདོད་པའི་རྫས་རྣམས་ཇི་ཙམ་རི་བ་རྗེས་སུ་བརྟགས་ནས་ནི་འདི་ཙམ་འཇལ་ལོ་ཞེས་ངེས་པར་ལན་གསུམ་གྱི་བར་དུ་བརྗོད་དོ། །འདི་ལ་གཞི་ནི་རིན་པོ་ཆེའི་རིགས་སུ་གཏོགས་པའོ། །གཞན་རྣམས་སྔ་མ་བཞིན་ལ། མཐར་ཐུག་ཁེ་ཐོབ་པ་ནའོ། །གཉིས་པ་ལྟུང་བ་ནི། དྲུག་སྡེས་རང་གིས་ཉོ་ཚོང་བྱེད་ཅིང་གཞན་གྱི་དངོས་པོ་ལ་རིན་ཐང་གཅོད་པ་ན། ཉེ་དགས་གཅིག་ལ་ཀརྵ་པ་ཎི་ཉི་ཤུའོ་ཞེས་སྨྲ་ཞིང༌། གཞན་ལ་བཞི་བཅུའོ་སྨྲས་པ་ལ་བརྟེན་ནས་རང་གིས་ཉོ་ཚོང་མི་བྱའོ་ཞེས་གསུངས་པས། ཉོ་ཚོང་བྱེད་པ་ན་ཡང་རྙེད་པའི་དོན་དུ་དགེ་སློང་གིས་མི་བཙོང་ཞིང༌། རྙེད་པའི་དོན་དུ་ཉོ་ན་ནམ་ཡང་ལྟུང་བ་ཉིད་དོ། །གལ་ཏེ་དཀོན་མཆོག་གསུམ་གྱི་དགོས་པ་རྗེས་སུ་འབྲེལ་བའི་ངོར་བྱས་ནས་དགེ་སློང་གིས་ཉོ་ཚོང་བྱེད་པ་ལ་ནི་ཉེས་པ་མེད་དེ། རང་གིས་ཁེ་འདོད་པ་མ་ཡིན་གྱི། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཡིན་པའི་ཕྱིར་རོ། །ཇི་ལྟར་བྱེད་པའི་ཚུལ་ནི། འཇིག་རྟེན་པའི་ཆོས་ལུགས་ཀྱི་རྗེས་སུ་འབྲང་བའི་རིན་བཏབ་ཅིང་ཉོ་ཚོང་ཡང་ཞལ་ཏ་བ་ཡིས་བྱའོ། །དཀོན་མཆོག་གསུམ་གྱི་དགོས་པའི་རྗེས་སུ་འབྲང་བ་ལས་གཞན་དུ་ནི་སྐྱེད་འདོད་པའི་དོན་དུ་གཞན་ཞལ་ཏ་ཉིད་ཀྱིས་ཀྱང་བྱ་བ་མ་ཡིན་ནོ། །སྟོན་པ་ཡངས་པ་ཅན་ན་བཞུགས་པའི་ཚེ། བྱང་ལམ་པའི་ཚོང་པས་མཆོད་སྟོན་གྱི་ཕྱིར་དགེ་འདུན་ལས་འབྲས་ཉོས་པའི་ཚེ་མ་བཙོངས་པ་ལ་བརྟེན་ནས་བཅས་པ། གུས་པས་མཆོད་སྟོན་གྱི་ཕྱིར་རྟག་ཏུ་གཙུག་ལག་ཁང་དུ་འབྲས་ལ་སོགས་པ་ཉོ་ཚོང་བྱེད་ན་ཉོ་མཁན་རང་གིས་གཞལ་བའི་རིན་ལས་ཀྱང་གང་ཟག་དེ་ལ་སྐྱེད་དེ་སྤར་ཆ་དང་བཅས་པ་སྦྱིན་པར་བྱ་སྟེ། སྦྱིན་བདག་དད་པ་བསྐྱེད་པའི་ཕྱིར་རོ། །ཡང་མཆོད་སྟོན་བྱེད་པ་མང་པོ་བྱུང་ནས་དགེ་འདུན་གྱི་སྤྱིའི་འབྲས་ལ་སོགས་པ་བཙོངས་ནས་ཟད་པ་ན་རིན་དེས་འབྲས་གཞན་ནས་ཉོས་ལ་བྱ་ཞེས་གསུངས་སོ། །བཞི་པ་ཞར་ལས་བྱུང་པ་ནི། དགེ་འདུན་ལ་ཆོས་སྟོན་འདྲེན་པའི་སྦྱིན་བདག་ལ་བཙོང་བར་བྱ་བའི་སོ་བ་དང་ཏིལ་དང་མུ་དཀར་སྟེ་མོན་སྲན་དང་འབྲས་ལ་སོགས་པ་དོན་ལ་སྲོག་ཆགས་དང་བཅས་ཤིང༌། བློས་སྲོག་ཆགས་ཡོད་མེད་མ་བརྟགས་པའི་འབྲས་ལ་སོགས་པ་དེ་ནི་བསིལ་གྲིབ་གྱི་ནི་ས་ཕྱོགས་སུ་རབ་ཏུ་བཀྲམ་སྟེ་གཞག་གོ །བཀྲམ་ནས་གཞག་པ་དེ་ལྟར་ཡང་དེ་ནས་གལ་ཏེ་སྲོག་ཆགས་དེ་དང་བྲལ་བར་མ་གྱུར་ན་དེའི་ཚེ་སླར་ཡང་གནས་ཁང་དུ་བཞག་ནས་སྒོ་ནི་རྟག་ཏུ་བསྡམ་མོ། །སྲོག་ཆགས་དང་བྲལ་ན་ཉོ་ཚོང་བྱ་ཡི། སྲོག་ཆགས་དང་བཅས་བཞིན་དུ་མི་བྱའོ། །བཅུ་ཚན་གསུམ་པ་ལ། སྡོམ་ནི། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང༌། །དགོན་པ་བ་དང་རས་ཆེན་དང༌། །བསྔོས་པ་དང་ནི་གསོག་འཇོག་གོ །དང་པོ་ནི། དྲུག་སྡེ་ལ་བཅས་པ་ལྷུང་བཟེད་འཆང་བ་ལ་གཉིས་ཏེ། ལྟུང་བ་དང༌། ལྟུང་མེད་དོ། །དང་པོ་ལ། ཡན་ལག་ལ་གཞི་ནི་བྱིན་བརླགས་དང་མ་འབྲེལ་བའི་རང་གི་ལྷུང་བཟེད་ཚད་ལྡན་ནོ། །བསམ་པ་ནི་འཆང་བར་འདོད་པའོ། །སྦྱོར་བ་འཆང་བར་རྩོམ་པའོ། །མཐར་ཐུག་ཞག་བཅུ་འདས་པ་ནའོ། །ཚིག་དོན་ནི། ཞག་བཅུ་ལས་འདས་པར་རང་དབང་བའི་ལྷུང་བཟེད་ལྷག་པ་ནི་བརྟུལ་ཞུགས་ཅན་གྱིས་རང་གི་ཕྱིར་དུ་བཅང་བར་མི་བྱའོ། །འདི་ནི་གནང་ལ་ཚད་གཟུང་ཡོད་པ་ཡིན་པས་ཞག་བཅུ་པའི་མཚན་མོའི་མུན་མཐའི་སྐད་ཅིག་མ་ཐ་མ་མ་གཏོགས་པ་སྔ་རོལ་གྱི་སྐད་ཅིག་མ་རྣམས་ནི་ལྟུང་བ་བསྐྱེད་པའི་ཡན་ལག་མ་ཡིན་གྱི་ཐ་མ་ཁོ་ན་ཡིན་ནོ། །དུས་འབྲེལ་གྱི་ལྟུང་བ་གཞན་མགོ་བརྩམས་པ་ནས་ཉེས་པ་བསྐྱེད་པ་རྣམས་ལ་ནི་ཐ་མའི་སྔ་རོལ་རྣམས་ཀྱང་ལྟུང་བ་བསྐྱེད་པའི་ཡན་ལག་གོ །རྒྱལ་པོའི་ཁབ་ཏུ་མེ་སྐྱེས་ཀྱིས་ཙནྡན་ས་མཆོག་གི་ལྷུང་བཟེད་ཤིང་གི་རྩེ་ལ་བཏགས་པ་འོད་སྲུང་སྟོབས་བཅུ་པས་རྫུ་འཕྲུལ་གྱིས་བླངས་པ་ལ་བརྟེན་ནས། ཤིང་ལ་སོགས་པའི་ལྷུང་བཟེད་མི་རུང་བས་ལྷུང་བཟེད་ནི་ལྕགས་ལས་བྱས་པ་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*