ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་པར་བཤད་པ།

༄༅། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་པར་བཤད་པ་བཞུགས་སོ།།

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུཏྟ་ར་ཏནྟྲ་ཤཱསྟ་སུ་བྷཱ་ཥི་ཏཾ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་པར་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རབ་བརྗིད་ཤེལ་གྱི་རི་བོ་ལྟ་བུའི་སྐུ། །ལེགས་པར་འདོམས་པ་ལྷ་ཡི་རྔ་སྒྲའི་གསུང༌། །སྒྲིབ་བྲལ་རྣམ་པར་དག་པའི་ཐུགས་མངའ་བ། །ལྷག་པའི་ལྷ་མཆོག་གངས་རིའི་མདོག་ཅན་རྒྱལ། །མཁྱེན་པ་ཉི་མའི་འོད་ཟེར་སྟོང་འཕྲོ་ཞིང༌། །མ་རིག་མུན་པ་འཐིབས་པོ་རྣམ་པར་བསལ། །བླ་མེད་ཆོས་ཀྱི་འཁོར་ལོ་སྟོན་མཛད་པའི། །ཐུབ་དབང་སྨྲ་བའི་ཉི་མ་ལ་ཕྱག་འཚལ། །སེམས་ཅན་ཁམས་ཀྱི་དྲི་མ་རྣམ་སྦྱངས་ནས། །དྲི་མེད་བདེ་གཤེགས་གོ་འཕང་རབ་བརྙེས་ཤིང༌། །གཞན་དོན་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ། །གསལ་བར་སྟོན་མཛད་མི་ཕམ་མགོན་ལ་འདུད། །སངས་རྒྱས་གསུང་རབ་ལེགས་བཤད་བདུད་རྩིའི་རྒྱུན། །བློ་གྲོས་ཆུ་མཚོར་ཡོངས་སུ་རྫོགས་པའི་དཔལ། །གསུང་རབ་ཀུན་གྱི་གླེགས་བམ་གཅིག་གྱུར་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་མང་གསུང་རབ་ཕུལ་བྱུང་ཟབ་མོའི་མཚོ། །དགོངས་དོན་གེ་སར་སྙིང་པོ་གསལ་བ་ཡི། །བྱམས་པའི་གསུང་རབ་ལེགས་བཤད་འདབ་བརྒྱ་པ། །རྣམ་བཤད་ཉི་མའི་འོད་ཀྱིས་གསལ་བར་བྱ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འཆད་པ་ལ་དོན་གསུམ་སྟེ། བསྟན་བཅོས་ཀྱི་མཚན་དོན་བཤད་པ། ཚིག་དོན་སོ་སོར་དབྱེ་བ། ལོ་ཙཱ་བའི་འགྱུར་བྱང་སྨོས་པའོ། །དང་པོ་ནི། མ་ཧཱ་ཡཱ་ན་ནི་ཐེག་པ་ཆེན་པོའོ། །ཨུཏྟ་ར་ནི་བླ་མའོ། །ཏནྟྲ་ནི་རྒྱུད་དོ། །ཤཱསྟ་ནི་བསྟན་བཅོས་སོ། །མཚན་བཤད་པ་ནི། ཐེག་པ་ནི་འདིས་འདེགས་པས་ན་ཐེག་པ་སྟེ་འབྲས་བུའི་ཐེག་པའོ། །ཆེན་པོ་ནི། དམིགས་པ་དང་ནི་སྒྲུབ་པ་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་མཁས་འགྲུབ་པ་ཕྲིན་ལས་ཆེ། །ཞེས་པ་སྟེ། ཆེན་པོ་བདུན་དང་ལྡན་པའོ། །རྒྱུད་ནི་རྒྱུན་ཆགས་པ་སྟེ། འདིའི་བརྗོད་བྱའི་གཙོ་བོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་གཞི་ལམ་འབྲས་བུ་ཐམས་ཅད་རྒྱུན་ཆགས་པའམ། ཡང་ན་རྒྱུད་དང་འདྲ་བ་སྟེ། །ཁམས་ནི་རྒྱུ་རྒྱུད་དང་འདྲ་ཞིང་ཁམས་ཀྱི་དྲི་མ་དག་པར་བྱེད་པའི་རྐྱེན་བྱང་ཆུབ་སོགས་གསུམ་ནི་ཐབས་རྒྱུད་དང་འདྲ་ལ། འབྲས་བུ་དཀོན་མཆོག་གསུམ་ནི་འབྲས་བུའི་རྒྱུད་དང་འདྲ་བའི་ཕྱིར་རོ། །བླ་མ་ནི་གོང་ན་མེད་པ་དང་ཁྱད་པར་དུ་འཕགས་པ་སྟེ། ངེས་པའི་དོན་གྱི་མདོའི་དོན་རྟོགས་པར་དཀའ་བ་རྡོ་རྗེའི་གནས་བདུན་སྟོན་པའི་ཕྱིར་རོ། །ཁ་ཅིག་རྒྱུད་ཕྱི་མ་ཞེས་བྱས་ནས་འཁོར་ལོ་ཕྱི་མ་ཉིད་ཀྱི་དགོངས་འགྲེལ་དུ་འཆད་པ་ནི་མ་ཡིན་ཏེ། འདིར་ཤེར་ཕྱིན་གྱི་མདོ་དང་ཡང་སྦྱར་ཞིང༌། དམ་ཆོས་པདྨ་དཀར་པོ་ཡང་མདོ་སྡེ་དེ་ཉིད་དུ་འཁོར་ལོ་གཉིས་པར་ཡང་བཤད་པས་སོ། །བསྟན་བཅོས་ནི་སྤྱིར་སློབ་མ་རྣམས་འཆོས་པ་དང༌། ཁྱད་པར་དུ་རྒྱུ་ཉོན་མོངས་ལས་འཆོས་ཤིང༌། འབྲས་བུ་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པ་སྟེ། རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་རོ། །འདིར་མིང་ནི་དཔེ་དང༌། གྲངས་དང༌། གཞུང་ཚད་དང༌། ཞུ་བ་པོ་དང༌། ཡུལ་དང༌། དུས་དང༌། བརྗོད་བྱ་ལས་བཏགས་པ་སོགས་མང་དུ་ཡོད་པ་ལས། འདི་ནི་བརྗོད་བྱ་དང་བྱེད་ལས་ལས་བཏགས་པའོ། །སངས་རྒྱས་དང་ཞེས་སོགས་ནི་ལོ་ཙཱ་བས་བཀོད་པའོ། །བུདྡྷ་ནི་མ་རིག་པའི་གཉིད་ལས་སངས་པའི་སྤངས་པ་ལ་འཇུག་སྟེ། དཔེར་ན་གཉིད་སད་པ་ལྟ་བུའོ། །ཡང་ན་ཤེས་བྱ་ལ་བློ་རྒྱས་པའི་རྟོགས་པ་ལ་འཇུག་སྟེ། པདྨ་མ་ཁ་བྱེ་བ་ལྟ་བུའོ། །དེ་ལྟར་དོན་སོ་སོའི་སྒོ་ནས་འཆད་པས་རྒྱ་གར་བའི་བཤད་པ་མི་འཁྲུལ་ཀྱང་བོད་སྐད་དུ་བསྡོམས་པས་བོད་རྣམས་ཀྱིས་མ་ཕྱེད་པར་སྤངས་པ་འདུས་མ་བྱས་ཀྱང་འགའ་ཡིས་བློ་རྒྱས་པར་སྨྲ་ཞིང༌། གཞན་དག་བུདྡྷ་མ་ཡིན་པར་སྨྲ་བ་སྒྲོ་སྐུར་དུ་གྱུར་ཏོ། །ཤེས་རབ་ཀྱིས་བྱང་ཆུབ་དང་སྙིང་རྗེས་སེམས་ཅན་ལ་དམིགས་པས་སམ། བྱང་ཆུབ་ཀྱི་ཆེད་དུ་སེམས་པས་སྲན་ཐུབ་པས་བྱང་ཆུབ་སེམས་དཔའ་སྟེ། སེམས་དཔའི་སྒྲ་ཆགས་པ་དང་སེམས་པ་དང་སྙིང་སྟོབས་ལ་འཇུག་པས་སོ། །དེ་ཐམས་ཅད་ལ་ཕྱག་འཚལ་བ་ནི་འདུད་པས་སོ། །གཉིས་པ་ཚིག་དོན་སོ་སོར་དབྱེ་བ་ལ་གསུམ་སྟེ། ལུས་རྣམ་པར་གཞག་པ་དང༌། ཡན་ལག་རྒྱས་པར་བཤད་པ། བསྟན་བཅོས་བརྩམས་པ་མཐར་ཕྱིན་པའི་དོན་ཏོ། །དང་པོ་ལ་གསུམ་སྟེ། བསྟན་བཅོས་ཀྱི་ལུས་རྡོ་རྗེའི་གནས་བདུན་དུ་བསྡུ་བ། གནས་བདུན་མདོ་དང་སྦྱར་བ། དེ་དག་འབྲེལ་བསྟན་པའོ། །དང་པོ་ནི། སངས་རྒྱས་དང༌། ཆོས་དང༌། ཚོགས་ཏེ་དགེ་འདུན་དང༌། ཁམས་དང༌། བྱང་ཆུབ་དང༌། ཡོན་ཏན་དང༌། སངས་རྒྱས་ཀྱི་ཕྲིན་ལས་ནི་གྲངས་བདུན་གྱི་ཐ་མ་སྟེ། བདུན་དུ་ངེས་ཞེས་པའོ། །བསྟན་བཅོས་འདིའི་དབུ་ཞབས་ཀུན་གྱི་ལུས་ནི་ཕྱེ་ན་དུ་མ་ཡོད་ཀྱང་མདོར་བསྡུ་ན། བརྗོད་བྱ་རྟོགས་པའི་དོན་བདུན་རྡོ་རྗེ་ལྟ་བུ་དང༌། རྗོད་བྱེད་གཞུང་རྣམས་དེའི་གནས་ཡིན་པས་རྡོ་རྗེའི་གནས་བདུན་པོ་འདི་དག་སྟེ། སྒྲ་རྟོག་གི་དངོས་ཡུལ་ལས་འདས་པས་རྟོགས་པའི་དོན་བདུན་ནི་རྡོ་རྗེ་ལྟ་བུ་སྟེ། རྫས་ཀྱི་རྡོ་རྗེ་དེ་གཞན་གྱིས་ཕིགས་པར་དཀའ་བ་བཞིན་དུ་ཐོས་བསམ་གྱིས་ཕིགས་པར་དཀའ་བའི་ཕྱིར་རོ། །དོན་དེ་རྣམས་རྗོད་པའི་ཡི་གེ་ནི་གནས་ཞེས་བརྗོད་དེ། དེ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་སྟོན་པས་དེའི་རྟེན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་ལ་མདོ་སོ་སོ་ནས་གསུངས་པའི་ཚུལ་དང༌། མདོ་གཅིག་ནས་གསུངས་པའི་ཚུལ་ལོ། །དང་པོ་ལ་དཀོན་མཆོག་གསུམ་ནི་ལྷག་པའི་བསམ་པ་བསྟན་པའི་མདོ་ལས་གསུངས་སོ། །ཁམས་ནི་འཕེལ་འགྲིབ་མེད་པའི་མདོ་ལས་གསུངས་སོ། །བྱང་ཆུབ་ནི་དཔལ་ཕྲེང་གི་མདོ་ལས་གསུངས་སོ། །ཡོན་ཏན་ནི་འཕེལ་འགྲིབ་མེད་པའི་མདོ་ལས་གསུངས་སོ། །ཕྲིན་ལས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་གསུངས་སོ། །གཉིས་པ་མདོ་གཅིག་གིས་བསྟན་ཚུལ་ནི། རྡོ་རྗེའི་གནས་བདུན་པོ་འདི་རྣམས་ཀྱི་རང་གི་མཚན་ཉིད་བསྟན་པ་དང་བར་མ་ཆད་པར་རྗེས་སུ་འབྲེལ་བའང་འདིར་བསྟན་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་ཞེས་པའི་མདོར་རིག་པར་བྱ་སྟེ། འདི་ནི་མདོ་སོ་སོ་ནས་གནས་རེ་རེ་ཙམ་བསྟན་པར་མ་ཟད་མདོ་གཅིག་ལས་ཚང་བའང་བསྟན་ཅེས་པའོ། །ཇི་ལྟར་ཞེ་ན། མདོ་དེའི་གླེང་གཞི་ལས་རྡོ་རྗེའི་གནས་གསུམ་རིག་པར་བྱ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པ་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་གསུངས་སོ། །དེའི་ལྷག་མ་གནས་བཞི་ནི། བློ་ལྡན་བྱང་སེམས་དང་རྒྱལ་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱེ་བ་བསྟན་པ་ལས་རིག་པར་བྱ་སྟེ། མདོ་དེར་བྱང་སེམས་ཀྱི་རྒྱན་བཞི། སྣང་བ་བརྒྱད། སྙིང་རྗེ་ཆེན་པོ་བཅུ་དྲུག ཕྲིན་ལས་སོ་གཉིས་ཏེ་ཁམས་ཡོངས་སུ་དག་པའི་ཡོངས་སྦྱོང་དྲུག་ཅུ་བསྟན་པས་ཁམས་གསལ་བར་མཛད་དེ། སྦྱང་བྱ་ཡོད་ན་སྦྱོང་བྱེད་འཐད་པ་བསྟན་ཅིང་མེད་ན་མི་འཐད་པས་སོ། །དེའི་རྗེས་ལ་བྱང་ཆུབ་ཆེན་པོའི་སྙིང་རྗེ་བཅུ་དྲུག་བསྟན་པས་སངས་རྒྱས་ཀྱི་བྱང་ཆུབ་གསལ་བར་མཛད་དོ། །དེའི་རྗེས་ལ་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས་སངས་རྒྱས་ཀྱི་ཡོན་ཏན་གསལ་བར་མཛད་དོ། །འགྲེལ་པར་དེ་བསྟན་པའི་རྗེས་ལ་ཞེས་འབྱུང་ཡང་དེ་ལོགས་སུ་གསུངས་པ་མེད་པས་སྟོབས་སོགས་ཡོན་ཏན་སོ་གཉིས་པོས་ཕྲིན་ལས་བླ་ན་མེད་པ་མཛད་པས་ཕྲིན་ལས་སོ་གཉིས་གསལ་བར་མཛད་དོ། །འདིར་མདོ་ལས་ཆོས་ཀྱི་གཏམ་མི་འདྲ་བ་གསུམ་བསྟན་པ་ནི། གང་ཟག་མི་འདྲ་བ་གསུམ་གྱི་བདེ་གཤེགས་སྙིང་པོ་སྦྱོང་བར་བཤད་པ་དང༌། བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་བདེ་གཤེགས་སྙིང་པོ་ལ་དྲི་མ་རགས་པ་དང༌། འབྲིང་དང༌། ཕྲ་བ་གསུམ་སྦྱོང་བའི་རིམ་པ་སྟེ། དགོས་ཆེད་གཉིས་ཀྱི་དབང་དུ་བྱས་ནས་ཆོས་འཁོར་གསུམ་གྱིས་དྲི་མ་སྦྱོང་ཚུལ་བསྟན་ཏེ། ཆོས་འཁོར་སོ་སོ་ཉན་པ་དང༌། གསུམ་ཆར་ཉན་པའི་དབང་གིས་དྲི་མ་སྦྱོང་ཚུལ་གྱི་དབྱེ་བ་གཉིས་གསུངས་སོ། །གསུམ་པ་ནི་དོན་བདུན་པོ་འདི་རྣམས་ཀྱི་འབྲེལ་གང་ཡིན་ཞེ་ན། འདི་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། ཐོག་མར་སངས་རྒྱས་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དགེ་འདུན་གྱི་ཚོགས་ཡོངས་སུ་བསྡུ་བར་མཛད་ཅིང༌། དགེ་འདུན་གྱིས་རང་རྒྱུད་ཀྱི་ཁམས་སྦྱངས་ནས་བྱང་ཆུབ་བརྙེས་པས་ཡོན་ཏན་གྱི་ཚོགས་དང་ལྡན་ཞིང༌། དེ་ལ་བརྟེན་ནས་ཕྲིན་ལས་མཛད་པ་ནི་གོ་རིམ་དང་པོའོ། །གོ་རིམ་གཉིས་པ་ནི། དཀོན་མཆོག་གསུམ་ཐོབ་བྱའི་འབྲས་བུ། ཁམས་དང་བྱང་ཆུབ་སོགས་བཞི་པོ་རྒྱུར་བྱས་པའི་རིམ་པའོ། །དེ་ལ་སྔ་མ་ནི་དཀོན་མཆོག་གསུམ་གྱིས་ལྷན་ཅིག་བྱེད་རྐྱེན་བྱས། རང་རྒྱུད་ཀྱི་ཁམས་ཀྱིས་རྒྱུ་བྱས་ནས་བྱང་ཆུབ་སོགས་འཐོབ་པའི་རིམ་པའོ། །ཕྱི་མ་ནི་རང་ཁམས་ཉེར་ལེན་གྱི་རྒྱུ་དང་གཞན་རྒྱུད་ཀྱི་བྱང་ཆུབ་སོགས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པའི་རིམ་པ་གཉིས་བསྟན་ཏོ། །གཉིས་པ་ཚིག་གི་དོན་ནི། དོན་བདུན་པོ་འདི་རྣམས་ཀྱི་འབྲེལ་གང་ཡིན་ཞེ་ན། མངོན་པར་རྫོགས་པར་སངས་རྒྱས་ནས་རྟོགས་པའི་ཆོས་ཐུགས་སུ་ཆུད་པ་ལས་ལུང་གི་ཆོས་སྟོན་པ་འབྱུང་ལ། དེ་ལས་ཆོས་ཉན་པའི་དགེ་འདུན་འབྱུང་བའམ། ཆོས་ཉམས་སུ་བླངས་པ་ལས་བྱང་སེམས་འཕགས་པའི་ཚོགས་དགེ་འདུན་འབྱུང་བ་ནི་རྒྱུ་འབྲས་ཀྱི་རིམ་པའོ། །ཚོགས་ལམ་སྙིང་པོ་ཡེ་ཤེས་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །ཁམས་ནི་དེའི་ཉེར་ལེན་དགེ་འདུན་ལ་ཡོད་པ་སྟེ། ལམ་ཉམས་སུ་བླངས་པའི་མཐར་དྲི་མ་ཐམས་ཅད་ཀྱིས་དག་པ་ན་སྙིང་པོ་ཡེ་ཤེས་དེ་ཐོབ་པ་ནི་བྱང་ཆུབ་མཆོག་གོ །དེ་ལས་སྟོབས་སོགས་ཀྱི་ཡོན་ཏན་ལྡན་ཅིང༌། ཡོན་ཏན་དེ་ལ་བརྟེན་ནས་སེམས་ཅན་ཀུན་གྱི་དོན་བྱེད་པའི་ཆོས་ཕྲིན་ལས་འབྱུང་བ་ནི་རྒྱུ་འབྲས་ཏེ་གོ་རིམ་བཞིན་དུ་འབྲེལ་བའོ། །གོ་རིམ་གཉིས་པའི་ཚིག་གི་དོན་ནི་འོག་ཏུ་འཆད་དོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གཉིས་ཏེ། འབྲས་བུ་དཀོན་མཆོག་གསུམ་དང༌། རྒྱུ་ཁམས་སོགས་བཞི་བཤད་པའོ། །དང་པོ་ལ་བཞི་སྟེ། དཀོན་མཆོག་གསུམ་སོ་སོའི་ངོ་བོ། གནས་སྐབས་གསུམ་དུ་དབྱེ་བ། མཐར་ཐུག་གི་སྐྱབས་གཅིག་ཏུ་བསྒྲུབ་པ། དཀོན་མཆོག་གི་སྒྲ་དོན་བཤད་པའོ། །དང་པོ་ལ་གསུམ་སྟེ། སངས་རྒྱས་དཀོན་མཆོག་བཤད་པ་ལ་གསུམ་སྟེ། མདོ་ལས་བསྟན་པའི་དོན་དང༌། མིང་བཤད་པ་དང༌། མིང་དོན་སྦྱར་བའོ། །དང་པོ་ནི། སངས་རྒྱས་གང་ཞིག་ཡིན་པ་དེ་ལ་འདུད་དོ་ཞེས་བྱའོ། །སངས་རྒྱས་ཇི་ལྟ་བུ་ཞེ་ན། ཡོན་ཏན་བརྒྱད་དང་ལྡན་པ་སྟེ། ཐོག་མར་གསར་དུ་སྐྱེ་བ་མེད་པ་དང༌། སྐྱེ་འཇིག་གཉིས་ཀྱི་དབུས་སུ་གནས་པ་མེད་པ་དང༌། མཐར་འཇིག་པ་མེད་པ་སྟེ་གསུམ་ནི་རང་བཞིན་རྣམ་དག་གི་ཁྱད་པར་རོ། །འདི་ནི་འདུས་མ་བྱས་པའི་ཡོན་ཏན་ནོ། །འདིར་འདུས་མ་བྱས་ཀྱི་ཡོན་ཏན་དང་ལྡན་ཞེས་བཤད་པ་ཡིན་གྱི་འདུས་མ་བྱས་ཡིན་ཞེས་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་ཡིན་ན་མཁྱེན་པ་དང་བརྩེ་བ་དང་ནུས་པ་ཡང་ཡིན་ཞེས་བརྗོད་དགོས་པས་འདུས་མ་བྱས་སུ་ཁས་བླངས་པ་དང་འགལ་ལོ། །ཆོས་ཀྱང་འགོག་ལམ་གཉིས་ཡིན་ཞེས་པ་དང༌། དགེ་འདུན་ཡང་རིག་གྲོལ་གཉིས་ཡིན་ཞེས་བརྗོད་དགོས་པས་འགལ་བ་ཁས་བླངས་པར་འགྱུར་རོ། །འདིར་ལྡན་པ་ཞེས་པའི་སྒྲའི་དོན་རྟོགས་པ་གལ་ཆེའོ། །ཞི་བ་ནི་གློ་བུར་གྱི་དྲི་མ་དང་བྲལ་བ་སྟེ། སྤྲོས་པ་དང་རྣམ་རྟོག་ཐམས་ཅད་ཞི་བས་སོ། །སངས་རྒྱས་ནི་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་རྣམ་པར་སངས་རྒྱས་པ་སྟེ་རང་དོན་གྱི་ཡོན་ཏན་ནོ། །སངས་རྒྱས་ནས་ནི་ཞེས་པ་ནི་མཁྱེན་པའོ། །ལམ་སྟོན་པ་ནི་བརྩེ་བའོ། །ཅི་འདྲ་བའི་ལམ་སྟོན་ཅེ་ན། ཕྱིར་མི་ལྡོག་པ་འཇིག་མེད་རྟག་པའི་ལམ་མོ། །འདིར་སྤངས་རྟོགས་སླར་མི་ལྡོག་པ་ལ་རྟག་པའི་སྒྲས་བསྟན་ཏེ། དགོས་པ་ཅིའི་ཕྱིར་བསྟན་ཅེ་ན། གདུལ་བྱ་གཞན་གྱིས་ཡོན་ཏན་དང་པོ་གསུམ་མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་དུའོ། །ནུས་པ་ནི་མཁྱེན་བརྩེའི་རལ་གྲི་མཆོག་བསྣམས་ནས་སྡུག་བསྔལ་གྱི་རྩ་བ་མིང་གཟུགས་ཀྱི་མྱུ་གུ་གཅོད་པར་མཛད་པའོ། །ཅིང་ནི་སྡུད་ཚིག་གོ །འདིར་གཅིག་པུའི་སྒྲ་བྱས་ནས་ཟླ་མེད་པ་ལ་འཆད་པ་ནི། ནོར་བ་སྟེ། རྒྱ་དཔེ་ལ་གཅིག་པུའི་སྐད་དོད་མེད་པས་སོ། །མཁྱེན་བརྩེའི་རྡོ་རྗེ་བསྣམས་ནས་འཇིག་ལྟ་སྔོན་དུ་འགྲོ་བའི་ལྟ་བ་སྣ་ཚོགས་ཀྱི་ནག་འཐིབས་པོས་བསྐོར་བའི་ལས་འབྲས་དང་བདེན་པ་ལ་ཡིད་གཉིས་ཟ་བའི་ཐེ་ཚོམ་གྱི་རྩིག་པ་བརྟན་པོ་འཇིག་རྟེན་པའི་ཤེས་པས་རྟོགས་ཤིང་ཕིགས་པར་དཀའ་བ་རྣམས་འཇིག་པར་མཛད་པའོ། །གཉིས་པ་ནི། ཚིགས་བཅད་འདིས་ཅི་བསྟན་ཅེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་དང༌། གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་དང༌། མཁྱེན་པ་དང་བརྩེ་བ་དང་ནུས་པར་ལྡན་པ་སྟེ། དོན་གཉིས་དང་ལྡན་པའི་སངས་རྒྱས་ཡོན་ཏན་བརྒྱད་དང་ལྡན་པ་ཉིད་དུ་བརྗོད་དོ། །གསུམ་པ་ནི། མདོའི་དོན་ཐོག་མ་དབུས་མཐའ་མེད་ཅེས་པ་དང༌། འདུས་མ་བྱས་ཞེས་པ་སྦྱར་བ་ནི། ཆོས་དབྱིངས་ཆོས་ཅན། འདུས་མ་བྱས་པའི་ཡོན་ཏན་དང་ལྡན་ཏེ། ཐོག་མར་སྐྱེ་བ་དང༌། དབུས་སུ་གནས་པ་དང༌། མཐར་འགག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར། ཡེ་ཤེས་སྣང་བ་རྒྱན་གྱི་མདོར། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་ཏེ་ཞེས་སོ། །འདུས་མ་བྱས་ཀྱི་སྒྲས་བསྟན་པ་ལ་བཞི་སྟེ། རྒྱུ་རྐྱེན་གྱིས་སྐྱེ་འགག་ཡོད་མེད་དང༌། ལས་ཉོན་གྱིས་སྐྱེ་འགག་ཡོད་མེད་དང༌། ཡིད་ཀྱི་ལུས་ཀྱིས་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་པའི་འཆི་བས་འགག་པ་ཡོད་མེད་དང༌། གདུལ་བྱ་ལ་སྐྱེ་འགག་ཏུ་སྣང་བ་ཡོད་མེད་ལ་འདུས་མ་བྱས་སུ་བྱས་པའོ། །གཞུང་འདིར་ཐེག་ཆེན་འཕགས་པ་ཀུན་ལས་ཉོན་གྱིས་འདུས་མ་བྱས་པ་ཡིན་ལ། འོན་ཀྱང་བྱང་སེམས་འཕགས་པ་ཀུན་ཡིད་ཀྱི་རང་བཞིན་གྱི་སྐྱེ་སོགས་ཀྱིས་འདུས་བྱས་སོ། །རྫོགས་པའི་སངས་རྒྱས་རྣམས་ནི་ཡིད་ཀྱི་ལུས་ཀྱི་སྐྱེ་སོགས་ཀྱིས་འདུས་མ་བྱས་པ་ཡིན་ནོ། །འོན་ཀྱང་གཟུགས་སྐུ་གདུལ་བྱ་ལ་སྐྱེ་འགག་ཏུ་སྣང་བ་ཡོད་པའི་འདུས་བྱས་སོ། །རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་གདུལ་བྱ་ལ་སྐྱེ་འགག་ཏུ་སྣང་བ་མེད་པའི་འདུས་མ་བྱས་སོ། །རྟོགས་པའི་ཆ་ནི་རྒྱུ་རྐྱེན་གྱིས་བསྐྱེད་པའི་འདུས་བྱས་སོ། །དབྱིག་གཉེན་གྱིས་ཆོས་སྐུ་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆ་གཉིས་བཤད་པ་ཡང་དོན་དེ་ཉིད་དོ། །འདུས་མ་བྱས་ཀྱི་སྒྲའི་དོན་དུ་མ་ཡོད་པས་གཞུང་གི་སྐབས་གང་དུ་ཚུལ་གང་གི་དབང་དུ་བྱས་པའི་འདུས་མ་བྱས་སོ་སོར་ཕྱེ་སྟེ་བཤད་དགོས་སོ། །སྐབས་འདིར་ནི་གདུལ་བྱ་ལ་སྐྱེ་འགག་ཏུ་སྣང་བ་མེད་པའི་འདུས་མ་བྱས་ཏེ། ཇི་སྐད་དུ། བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡི་སྐྱེ་འཇིག་མེད། །ཅེས་སོ། །འདི་ནི་ཁྱད་པར་བཞི་ལྡན་ཏེ། ཟབ་པའི་ཁྱད་པར་ནི་འདུས་མ་བྱས་པའོ། །བདེ་བའི་ཁྱད་པར་ནི་ཡིད་ཀྱི་རང་བཞིན་གྱི་ལུས་དང་དེའི་རྒྱུ་བག་ཆགས་ལོག་པའོ། །བྲལ་བའི་ཁྱད་པར་ནི་སྒྲིབ་གཉིས་ཞི་བའོ། །རྟག་པའི་ཁྱད་པར་ནི་སྒྲ་རྟོག་གི་ཡུལ་མ་ཡིན་པའོ། །མདོའི་དོན་ཞི་བ་ཞེས་པ་དང་ལྷུན་གྲུབ་ཅེས་པའི་མིང་སྦྱར་བ་ནི། ཞི་བ་ནི་ཆོས་དབྱིངས་སྒྲིབ་གཉིས་ཀྱིས་དག་པ་ཆོས་ཅན། ལྷུན་གྱིས་གྲུབ་པ་ཞེས་བརྗོད་དེ། སྒྲིབ་གཉིས་སྤངས་པའི་ཡེ་ཤེས་ཀྱི་ཆོས་སྐུ་ཡིན་པའི་ཕྱིར། མདོ་ལས་བསྟན་པའི་དོན་སངས་རྒྱས་ཉིད་རང་རྣམ་སངས་རྒྱས་ཞེས་པ་དང༌། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ་ཞེས་པའི་མིང་སྦྱར་བ་ནི། དག་པ་གཉིས་ལྡན་གྱི་ཆོས་སྐུ་ཆོས་ཅན། གཞན་གྱི་སྒྲ་དང་རྟགས་སོགས་ཀྱི་རྐྱེན་གྱིས་རྟོགས་བྱ་མིན་ཏེ། རང་བྱུང་གི་ཡེ་ཤེས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར། མདོའི་དོན་དང་མཁྱེན་པ་ཞེས་པའི་མིང་སྦྱར་བ་ནི། སངས་རྒྱས་ཆོས་ཅན། མཁྱེན་པ་དང་ལྡན་ཏེ། ཇི་སྐད་བསྟན་པའི་དོན་གསུམ་པོ་གཞན་ལས་མ་ཐོས་པར་རང་ཉིད་ཀྱིས་བརྗོད་དུ་མེད་པའི་དོན་རྟོགས་པའི་ཕྱིར། མདོའི་དོན་དང་བརྩེ་བ་ཞེས་པའི་མིང་སྦྱར་བ་ནི། ཐུགས་བརྩེ་བ་ཆེན་པོ་དང་ལྡན་ཏེ། དོན་གསུམ་པོ་དེ་མ་རྟོགས་པ་རྣམས་ལ་དེ་རྟོགས་པའི་དོན་དུ་ལམ་སྟོན་པའི་ཕྱིར། མདོའི་དོན་དང་ནུས་པ་ཞེས་པའི་མིང་སྦྱར་བ་ནི། ནུས་པ་དང་ལྡན་ཏེ། ཡེ་ཤེས་ཀྱིས་གཞན་གྱི་སྡུག་བསྔལ་སྤོང༌། ཐུགས་རྗེ་ཡིས་ཉོན་མོངས་སྤོང་བའི་ཕྱིར། ཡོན་ཏན་དྲུག་པོ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང་སྦྱར་རོ། །དྲུག་པོ་དེ་རྣམས་ལས་དང་པོ་གསུམ་གྱིས་རང་དོན་བསྟན། ཕྱི་མ་གསུམ་གྱིས་གཞན་དོན་བསྟན་ཏོ། །གཉིས་པ་ཆོས་དཀོན་མཆོག་ལ་ཡང་གསུམ་སྟེ། མདོའི་དོན་བསྟན་པ་དང༌། མིང་བཤད་པ། མིང་དོན་སྦྱར་བའོ། །དང་པོ་ལ་འགོག་ལམ་གཉིས་ལས། འགོག་བདེན་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཡོན་ཏན་དང་ལྡན་ཏེ། དེ་ཁོ་ནར་ཡོད་པ་དང༌། མེད་པ་དང༌། ཡོད་མེད་གཉིས་ཀ་དང༌། གཉིས་ཀ་ལས་གཞན་པའི་མུ་བཞི་གང་དུའང་རྟོག་གེའི་བློས་བརྟག་པར་མི་ནུས་པས་རྟོག་པའི་དངོས་ཡུལ་མིན་པ་དང༌། སྒྲ་བཤད་པ་དང་འཇུག་པའི་ངེས་ཚིག་དང་བྲལ་བ་ཡིན་ཏེ། སྒྲའི་དངོས་ཡུལ་མིན་པས་སོ། །ཐེག་ཆེན་འཕགས་པའི་ཡེ་ཤེས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་སྟེ། གསུམ་པོ་ནི་རང་བཞིན་རྣམ་དག་གི་ཆོས་སོ། །སྒྲིབ་གཉིས་ཞི་བ་ནི་གློ་བུར་རྣམ་དག་གོ །ལམ་བདེན་ནི་ཉི་མ་དང་ཆོས་མཚུངས་ཏེ། ངོ་བོ་དྲི་མ་མེད་པ་དང༌། ཡེ་ཤེས་ཀྱི་འོད་ཟེར་གྱིས་ཤེས་བྱ་ཐམས་ཅད་སྣང་བར་བྱེད་པ་དང་ལྡན་པ་དང༌། དམིགས་པ་དང་གཟུགས་སོགས་ཡིད་དུ་འོང་བ་དང༌། མི་འོང་བ་དང༌། བར་མ་ཀུན་ལ་རིམ་པ་བཞིན་དུ་ཆགས་པ་དང༌། སྡང་བ་དང༌། གཏི་མུག་གི་རབ་རིབ་རྣམ་པར་འཇོམས་པར་མཛད་པའོ། །དེ་ལྟར་ན་འགོག་ལམ་གྱི་དམ་པའི་ཆོས་གཉིས་པོ་དེ་ལ་འདུད་དོ། །ཞེས་སྦྱར་རོ། །གཉིས་པ་ནི། འདིས་ཅི་བསྟན་ཅེ་ན། བསམ་དུ་མེད་པའི་ཡོན་ཏན་དང༌། ལས་ཉོན་དང་རྣམ་རྟོག་གཉིས་མེད་པའི་ཡོན་ཏན་དང༌། རྟོག་པ་མེད་པ་དང༌། དག་པ་དང༌། གསལ་བ་དང༌། གཉེན་པོའི་ཕྱོགས་ཉིད་ཀྱིས་ན་ཡོན་ཏན་དྲུག་བསྟན་ཏོ། །ངོ་བོ་གང་ཞིག་ཆགས་པ་དང་བྲལ་བ་དང༌། གང་གིས་ཆགས་པ་དང་བྲལ་བར་བྱེད་པ་རྣམ་བྱང་གི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ཏེ་ཆོས་དཀོན་མཆོག་ཡིན་ལ། ཆགས་བྲལ་ཉིད་ནི་འདོད་ཆགས་དང་བྲལ་བའི་འགོག་བདེན་དང༌། ལམ་བདེན་གྱིས་བསྡུས་ཏེ། གཉིས་པོ་ཁོ་ནའི་གནས་སྐབས་ལ་འདིར་ཆགས་བྲལ་ཞེས་འཇོག་པས་སོ། །གསུམ་པ་ནི། འགོག་ལམ་དེ་དག་ཀྱང་གོ་རིམ་བཞིན་དུ་བསམ་དུ་མེད་པ་སོགས་ཀྱི་ཡོན་ཏན་གསུམ་དང༌། དག་པ་སོགས་གསུམ་གྱི་ཡོན་ཏན་གྱིས་རབ་ཏུ་ཕྱེ་བར་རིག་པར་བྱའོ། །ཇི་ལྟར་རིག་པར་བྱ་ཞེ་ན། འགོག་བདེན་ནི་བསམ་དུ་མེད་པའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་ཏེ། ཡོད་མེད་སོགས་མུ་བཞིར་རྟོག་གེའི་བློས་བརྟག་བྱ་མིན་པའི་དོན་དང་ལྡན་པའི་ཕྱིར་དང༌། སྒྲས་བརྗོད་བྱ་མིན་པའི་ཕྱིར་དང༌། འཕགས་པའི་ཡེ་ཤེས་ཀྱིས་སོ་སོར་མཁྱེན་བྱ་ཡིན་པའི་ཕྱིར། ཡང་མདོ་ལས་གསུངས་པའི་ཞི་བའི་དོན་དང་མིང་སྦྱར་བ་ནི། འགོག་བདེན་ཆོས་ཅན། ལས་ཉོན་གཉིས་མེད་པ་སྟེ་ཉོན་སྒྲིབ་སྤངས་པ་དང༌། དེའི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པས་ཤེས་སྒྲིབ་སྤངས་པ་སྟེ། སྤངས་པའི་ཡོན་ཏན་གཉིས་དང་ལྡན་ཏེ་སྒྲིབ་གཉིས་ཞི་བའི་ཕྱིར། དེ་ཡང་སྒྲིབ་པ་ངོ་བོ་ཉིད་ཀྱི་ཡོད་པ་འགགས་པའི་དངོས་སྨྲ་བས་འདོད་པའི་འགོག་བདེན་ལྟ་བུ་མིན་པར་སྒྲིབ་པ་ངོ་བོ་ཉིད་ཀྱིས་མེད་པ་མངོན་དུ་གྱུར་པར་ཡེ་ཤེས་སྣང་བ་རྒྱན་དང་དཔལ་ཕྲེང་གི་མདོ་ལས་བཤད་དོ། །འདིས་ནི་སེམས་ཙམ་དུ་འཆད་པ་བཀག་པ་ཡིན་ནོ། །དག་སོགས་གསུམ་གྱི་དོན་དང་མིང་སྦྱར་བ་ནི། དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་པས་བསྟན་ཏེ། ལམ་བདེན་ནི་ཉི་མ་དང་མཚུངས་ཏེ། ཉི་མའི་དཀྱིལ་འཁོར་རྣམ་པར་དག་ཅིང་གཟུགས་གསལ་བར་བྱེད་པ་དང་མུན་པའི་གཉེན་པོར་གྱུར་པ་ལྟར། ངོ་བོ་དྲི་མས་དག་ཅིང་གསལ་བར་བྱེད་པ་དང༌། དེ་ཁོ་ན་ཉིད་མཐོང་བའི་གེགས་སྒྲིབ་པའི་གཉེན་པོར་གྱུར་པའི་ཕྱིར། ལམ་འདི་ཡུམ་གྱི་མདོ་དང་སྦྱར་བས་གཞུང་འདི་བཀའ་ཕྱི་མ་ཁོ་ནའི་དགོངས་འགྲེལ་དུ་འདོད་པ་མི་འཐད་དོ། །གསུམ་པ་དགེ་འདུན་དཀོན་མཆོག་ལའང་གསུམ་སྟེ། མདོ་ལས་བསྟན་པའི་དོན་དང༌། མིང་བཤད་པ་དང༌། མིང་དོན་སྦྱར་བའོ། །དང་པོ་ལ་ཇི་ལྟ་བ་རིག་པ་དང༌། ཇི་སྙེད་པ་རིག་པ་དང༌། སོ་སོ་རང་གིས་རིག་པ་སྟེ་གསུམ་དང༌། ཆགས་པའི་སྒྲིབ་པ་དང༌། ཐོགས་པའི་སྒྲིབ་པ་དང༌། དམན་པའི་སྒྲིབ་པ་ལས་གྲོལ་བ་གསུམ་དང༌། རིག་གྲོལ་གཉིས་སོ་སོར་བྱས་པས་ཡོན་ཏན་བརྒྱད་དང་ལྡན་ནོ། །དེ་ལ་ཇི་ལྟ་བ་རིག་པ་ནི། ཡང་དག་རྟོགས་ནས་ཞེས་སྦྱར་རོ། །གང་གིས་རྟོགས་ཤེ་ན། བྱང་སེམས་འཕགས་པ་གང་དག་གིས་སོ། །ཡུལ་ཅི་ཞིག་རྟོགས་ཤེ་ན། འགྲོ་བ་ཀུན་གྱི་བདག་མེད་གཉིས་ཏེ། ཆོས་དང་གང་ཟག་གི་དབྱེ་བས་སོ། །བདག་མེད་གཉིས་པོ་ཡང་ཆོས་ཐམས་ཅད་སྙིང་པོ་དེའི་མཐར་ཐུག་པས་མཐའ་ཞེས་པ་སྤྲོས་པ་ཐམས་ཅད་ཞི་བའོ། །རྒྱུ་གང་གིས་རྟོགས་ཤེ་ན། སེམས་ལ་ཡོད་པའི་ཉོན་མོངས་པ་རྣམས་གདོད་མ་ནས་ངོ་བོ་ཉིད་མེད་པར་གཟིགས་པས་སོ། །ཇི་ལྟར་ན་སེམས་ལ་ཉོན་མོངས་པ་ངོ་བོ་ཉིད་ཀྱིས་མེད་ཅེ་ན། སེམས་དེ་རང་བཞིན་གྱིས་འོད་གསལ་བས་སོ། །འདི་ལ་རྣམ་པར་དག་པའི་ཡུལ་ཅན་ཞེས་བརྗོད་དོ། །ཇི་སྙེད་པ་རིག་པ་ནི། སེམས་ཅན་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རྗེས་སུ་ཞུགས་པར་གཟིགས་པའི་བློའོ། །འདི་ནི་མཐའ་ཡས་པའི་ཡུལ་ཅན་ནོ། །སོ་སོ་རང་གིས་རིག་པ་ཤུགས་ཀྱིས་བསྟན་ཏོ། །གྲོལ་བའི་ཡོན་ཏན་ནི་སྒྲིབ་པ་མེད་པ་ཞེས་པས་བསྟན་ཏོ། །མངའ་བ་ཞེས་པས་ཡོན་ཏན་དེ་དག་བྱང་སེམས་ཀྱི་རྒྱུད་ལ་ཡོད་པར་བསྟན་ཏོ། །ཚུལ་དེ་ལྟ་བུའི་རིག་གྲོལ་གཉིས་མངའ་བའི་བྱང་སེམས་འཕགས་པ་དེ་ལ་འདུད་དོ། །གཉིས་པ་ནི། ཚིགས་སུ་བཅད་པ་འདིས་ཅི་བསྟན་ཅེ་ན། བློ་ལྡན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པའི་ཚོགས་ནི་རིག་པ་གསུམ་དང་ལྡན་ཏེ། ཇི་བཞིན་གཟིགས་པ་དང༌། ཇི་སྙེད་གཟིགས་པ་དང༌། ནང་གི་ཡེ་ཤེས་ཀྱི་གཟིགས་པ་དང་ལྡན་པའི་ཕྱིར། གྲོལ་བ་གསུམ་དང་ལྡན་ཏེ། ཆགས་པའི་སྒྲིབ་པ་དང་ཐོགས་པའི་སྒྲིབ་པ་གཉིས་དག་པའི་ཕྱིར་དང༌། བླ་ན་མེད་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར། རིག་པ་གསུམ་ནི་ཇི་ལྟ་བ་དང་ཇི་སྙེད་པ་རིག་པའི་རྒྱུ་ལས་ཡིན་ཞིང༌། ཇི་ལྟ་ཇི་སྙེད་རིག་པ་དེ་ཉིད་རང་གིས་ཉམས་སུ་མྱོང་བའི་རྒྱུ་ལས་ཡིན་ལ། སྒྲིབ་པ་གསུམ་ལས་གྲོལ་བ་ནི། རིག་པ་གཉིས་པོ་དེ་དང་བླ་ན་མེད་པའི་ཡོན་ཏན་བརྙེད་པ་ལས་ཡིན་ནོ། །གསུམ་པ་ནི། བྱང་སེམས་འཕགས་པ་ཆོས་ཅན། ཇི་ལྟ་བ་རྟོགས་པ་དང་ལྡན་ཏེ། འགྲོ་བ་ཐམས་ཅད་བདག་གཉིས་གདོད་མ་ནས་ཉེ་བར་ཞི་བའི་ཆོས་ཉིད་དུ་རྟོགས་པའི་ཕྱིར། ཅིའི་ཕྱིར་དེ་ལྟར་རྟོགས་ཤེ་ན། ཉོན་མོངས་པ་རྣམས་གདོད་མ་ནས་ངོ་བོ་ཉིད་ཀྱིས་ཟད་པར་མཐོང་བའི་ཕྱིར་ཏེ། སེམས་རང་བཞིན་གྱིས་འོད་གསལ་བར་གཟིགས་པའི་ཕྱིར། འདིར་འགྲོ་བའི་སྒྲས་ནི་ཆོས་དང་གང་ཟག་གཉིས་ཀ་བཟུང་ངོ༌། །ཇི་སྙེད་པ་ཡོད་པར་གཟིགས་པ་དང་ལྡན་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཆོས་ཉིད་དང་རང་བཞིན་རྣམ་དག་གི་ཆ་སེམས་ཅན་ཐམས་ཅད་ལ་ཡོད་པར་གཟིགས་པའི་ཕྱིར། བློ་གང་གིས་རྟོགས་ཤེ་ན། ཤེས་བྱའི་མཐར་ཐུག་ཆོས་ཀྱི་དབྱིངས་རྟོགས་པའི་བློས་སོ། །འདི་ས་དང་པོ་ནས་འཐོབ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པས་སོ། །འདིར་མཉམ་གཞག་ཏུ་ཇི་ལྟ་བ་དང༌། རྗེས་ཐོབ་ཏུ་ཇི་སྙེད་པ་རིག་པ་ཡིན་ནོ། །དེ་ལྟར་བྱང་སེམས་འཕགས་པས་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པ་དེ་ནི་གཞན་དང་ཐུན་མོང་མིན་པ་འཕགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་ཡིན་ནོ། །དེ་ཡང་ཇི་ལྟ་བ་རིག་པས་དྲི་མ་མེད་པའི་དབྱིངས་སེམས་ཅན་གྱི་ཁམས་རང་བཞིན་རྣམ་དག་རྟོགས་པས་ཆགས་པ་མེད་པ་དང༌། ཇི་སྙེད་པ་རིག་པས་ཤེས་བྱ་མཐའ་ཡས་པ་རྟོགས་པས་ཐོགས་པ་མེད་པའི་ཕྱིར་ཏེ། ཉན་རང་གི་ཡེ་ཤེས་ཀྱི་མཐོང་བ་ལ་ལྟོས་ནས་དག་པ་ཡིན་ནོ། །འདིས་ནི་ནང་རིག་པ་དང་ཆགས་ཐོགས་ཀྱི་སྒྲིབ་པ་ལས་གྲོལ་བར་བཤད་དོ། །ཇི་ལྟ་ཇི་སྙེད་ནང་གི་ནི་ཡེ་ཤེས་ཀྱི་གཟིགས་པ་དང་ཆགས་ཐོགས་ཀྱི་སྒྲིབ་པ་དག་པས་ན་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཉེ་བའི་ཕྱིར་རམ། རིག་གྲོལ་གང་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་འགྱུར་བ་དེ་ལས་གཞན་ཚུལ་ཁྲིམས་སོགས་བྱང་སེམས་ཀྱི་ཡོན་ཏན་རྣམས་ཁྱད་པར་དུ་འཕགས་པས་བླ་ན་མེད་པ་སྟེ། དེའི་ཕྱིར་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ནི་ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །དཀོན་མཆོག་གསུམ་ཅར་རིག་གྲོལ་ལ་བརྗོད་ན་ཁྱད་པར་ཅི་ཡོད་ཅེ་ན། ཐེག་ཆེན་མི་སློབ་པའི་རིག་གྲོལ་སངས་རྒྱས་དང༌། སློབ་པའི་རིག་གྲོལ་ལྡན་པས་དགེ་འདུན་དང༌། ལྡན་ཆོས་ཆོས་དཀོན་མཆོག་གོ །གཉིས་པ་གནས་སྐབས་སྐྱབས་གསུམ་དུ་དབྱེ་བ་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ཏོ། །དང་པོ་ལ་དྲི་བ་ནི། བཅོམ་ལྡན་འདས་ཀྱིས་མདོ་སྡེར་ཐུན་མོང་གི་སྐྱབས་གསུམ་རྣམ་པར་གཞག་པ་གང་ཟག་གང་གི་དབང་དུ་བྱས་ཤེ་ན་ཞེས་པ་སྟེ། འདི་ནི་ལུང་དང་ཐེག་དམན་སྐྱབས་སུ་མ་བཞག་པ་ལ་དྲི་བའོ། །ལན་བསྟན་པ་ནི། རང་ཉིད་འཇིགས་པ་ལས་ཐར་བའི་ཕྱིར་དུ་དོན་དུ་གཉེར་བར་བྱ་བའི་དབང་དུ་བྱས་ནས་སྐྱབས་གསུམ་སྟེ། ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་དག་ནི་རང་ཉིད་འཇིགས་པ་ལས་ཐར་བར་བྱ་བའི་ཕྱིར་དུ་སངས་རྒྱས་ཀྱི་དངོས་པོ་དོན་དུ་གཉེར་བས་སངས་རྒྱས་སྐྱབས་སུ་བཞག་ཅིང༌། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ནི་རང་ཉིད་འཇིགས་པ་ལས་ཐར་བར་བྱ་བའི་ཕྱིར་དུ་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་པ་དོན་དུ་གཉེར་བས་ཆོས་དཀོན་མཆོག་སྐྱབས་སུ་བཞག་ལ། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ནི་རང་ཉིད་འཇིགས་པ་ལས་ཐར་བར་བྱ་བའི་ཕྱིར་དུ་དགེ་འདུན་གྱི་དངོས་པོ་དོན་དུ་གཉེར་བས་དགེ་འདུན་དཀོན་མཆོག་སྐྱབས་སུ་བཞག་གོ །གལ་ཏེ་གང་ཟག་གཅིག་ཀྱང་དཀོན་མཆོག་གསུམ་ཀ་ལ་སྐྱབས་སུ་འགྲོ་བ་མིན་ནམ། ཅིའི་ཕྱིར་གང་ཟག་སོ་སོ་ལ་སྐྱབས་རེ་རེ་རྣམ་པར་བཞག་ཅེ་ན། རྒྱུའི་སྐྱབས་གནས་ཀྱི་དབང་དུ་བྱས་པ་སྟེ། གང་ཟག་གཅིག་ཀྱང་གསུམ་ཀ་ལ་སྐྱབས་སུ་འཛིན་པའི་ཕྱིར། འབྲས་བུའི་སྐྱབས་གནས་ཀྱི་དབང་དུ་བྱས་ན་རང་རང་གི་དོན་དུ་གཉེར་བྱའི་འབྲས་བུ་ཐོབ་པ་ན་འཇིགས་པ་ལས་ཐར་བའི་དབང་དུ་བྱས་ཏེ། སོ་སོའི་ཐོབ་བྱ་སྐྱབས་སུ་བཞག་པ་ཡིན་ནོ། །གལ་ཏེ་འབྲས་བུ་ཐོབ་ཟིན་ན་དེ་ལ་སྐྱབས་སུ་འཛིན་མི་དགོས་ལ། མ་ཐོབ་ན་སྐྱབས་སུ་ཇི་ལྟར་འགྱུར་ཞེ་ན། ལམ་དུ་ཞུགས་པའི་དུས་སུ་ནི་ཐོབ་བྱ་སྐྱབས་སུ་འཛིན་པ་ཡིན་ལ། འབྲས་བུ་ཐོབ་ན་སྐྱབས་སུ་གྱུར་པ་ཡིན་ཞེས་བརྗོད་དོ། །དཀོན་མཆོག་གསུམ་ལ་བྱ་བ་བྱེད་པར་མོས་པ་ན་གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པ་སྟེ། སྔ་མ་ལ་ངེས་ལེགས་དོན་དུ་གཉེར་བའི་གང་ཟག་གསུམ་དང༌། ཕྱི་མ་ལ་མངོན་མཐོ་དོན་དུ་གཉེར་བའི་གང་ཟག་གསུམ་དུ་བརྗོད་དོ། །ལྡོག་པས་རྣམ་པར་ཕྱེ་བ་ཡིན་གྱི་གང་ཟག་རྫས་ཐ་དད་པ་དྲུག་ནི་མ་ཡིན་ཏེ། དཔེར་ན་སངས་ཀྱི་དངོས་པོ་དོན་དུ་གཉེར་བའི་ལྡོག་པ་ནས་ངེས་ལེགས་དོན་དུ་གཉེར་བ་དང༌། དེ་ཐོབ་པའི་ཆེད་དུ་སངས་རྒྱས་ལ་བྱ་བ་བྱེད་པར་མོས་པའི་ལྡོག་པ་ནས་མངོན་མཐོ་དོན་དུ་གཉེར་བ་ཞེས་བརྗོད་དོ། །ལྷག་མ་གཉིས་ལ་ཡང་ཚུལ་དེ་བཞིན་ནོ། །སྐབས་འདིའི་སངས་རྒྱས་ནི་རྐང་གཉིས་རྣམས་ཀྱི་མཆོག་ཅེས་པས་གཟུགས་སྐུ་ལ་བརྗོད་དོ། །གཉིས་པ་ཚིག་དོན་ནི། བྱང་སེམས་ཀྱི་ཐེག་པ་བའི་གང་ཟག་སངས་རྒྱས་ཀྱི་དངོས་པོ་དོན་དུ་གཉེར་བ་ལ་ཞུགས་པ་དང༌། དེའི་ཆེད་དུ་སངས་རྒྱས་ལ་བྱ་བ་བྱེད་པར་མོས་པ་རྣམས་ལ་སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་སངས་རྒྱས་དང༌། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་པ་དོན་དུ་གཉེར་བ་དང༌། དེའི་ཆེད་དུ་ཆོས་ལ་བྱ་བ་བྱེད་པར་མོས་པ་རྣམས་ལ་བསྟན་པ་དམ་པའི་ཆོས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་ཆོས་དང༌། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དགེ་འདུན་གྱི་དངོས་པོ་དོན་དུ་གཉེར་བ་དང༌། དེའི་ཆེད་དུ་དགེ་འདུན་ལ་བྱ་བ་བྱེད་པར་མོས་པ་རྣམས་ལ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་དོན་གྱིས་དགེ་འདུན་སྐྱབས་སུ་བཞག་གོ །ཐེག་པ་ཐུན་མོང་གི་སྐྱབས་གསུམ་རྣམ་པར་གཞག་པ་འདི་ནི་སེམས་ཅན་རྣམས་ཐེག་པ་གསུམ་ལ་རིམ་གྱིས་གཞུག་པའི་དོན་ནོ། །གསུམ་པ་ནི། ཐུན་མོང་གི་སྐྱབས་གསུམ་དུ་རྣམ་པར་བཞག་པ་དེ་ལས་ཆོས་དང་དགེ་འདུན་གཉིས་ནི་མཐར་ཐུག་གམ་གཏན་དུ་བའི་སྐྱབས་མ་ཡིན་ཏེ། འདི་ལྟར་ཆོས་ལ་གཉིས་ལས། མདོ་སྡེ་ལ་སོགས་པ་ནི་ལམ་རྒྱུད་ལ་སྐྱེས་པ་ན་ཆུ་བརྒལ་ཟིན་པའི་གཟིངས་ལྟར་སྤང་བྱ་ཡིན་པའི་ཕྱིར། འདིར་སྐྱབས་གསུམ་གྱི་ཟླར་བགྲང་བའི་ཆོས་དཀོན་མཆོག་ནི་སློབ་པའི་ཆོས་ཡིན་པས་རྟོགས་པའི་ཆོས་ལ་ལམ་ནི་གཏན་དུ་བའམ་བརྟན་པའི་སྐྱབས་མ་ཡིན་ཏེ། བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། རྟོགས་པ་གོང་ནས་གོང་དུ་འཕོ་བའི་འདུས་བྱས་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར། རྩ་བ་ཤེས་རབ་ལས། འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་བརྫུན་པ་ཡིན། །ཞེས་པ་ལྟར་རོ། །སླུ་བའི་དོན་ནི་རིགས་པ་དྲུག་ཅུ་པའི་འགྲེལ་པར། འདུས་བྱས་ནི་ཐ་སྙད་པའི་བློ་ལ་སྣང་ཞིང་སྣང་བ་ལྟར་འགྱུར་ཞིང་མི་གནས་པའི་ཕྱིར་ཞེས་བཤད་དོ། །ཡང་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། མཐར་ཐུག་གི་ཡོན་ཏན་དང་མི་ལྡན་པའི་ཕྱིར་རོ། །རྟག་མི་རྟག་གི་ཐ་སྙད་ལ་ཡང་སྐད་ཅིག་གིས་འཇིག་མི་འཇིག་དང༌། རྒྱུ་འགག་མི་འགག་དང༌། སླར་ལྡོག་མི་ལྡོག་རྣམས་ལ་བཤད་དེ། སྐབས་གང་དུ་ཡོད་པའི་ཚུལ་བརྟགས་ནས་ཁས་བླང་བར་བྱའོ། །འགོག་བདེན་ཡང་མཐར་ཐུག་གི་སྐྱབས་མིན་པར་འོག་ནས་སྟོན་ཏོ། །དགེ་འདུན་དཀོན་མཆོག་ཀྱང་མཐར་ཐུག་གི་སྐྱབས་མིན་ཏེ། འཆི་འཕོའི་འཇིགས་པ་དང་བཅས་པའི་ཕྱིར། བྱང་སེམས་འཕགས་པ་ལ་ཡང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ཡོད་ན་གཞན་རྣམས་ལ་ལྟ་ཅི་སྨོས། འདིར་སངས་རྒྱས་ཀྱི་འགོག་པ་ནི་སངས་རྒྱས་སུ་འདུས་ཤིང༌། བྱང་སེམས་ཀྱི་འགོག་པ་ནི་མཐར་ཐུག་གི་ཡོན་ཏན་དང་མི་ལྡན་ལ། ཉན་རང་གི་ལྷག་བཅས་ཀྱི་དུས་སུ་སྡུག་བསྔལ་དང་མ་བྲལ་བས་མཐར་ཐུག་གམ་གཏན་དུ་བའི་སྐྱབས་སུ་མི་འོས་སོ། །གལ་ཏེ་ལྷག་མེད་ཀྱི་མྱང་འདས་ནི་སྡུག་བསྔལ་དང་བྲལ་བས་མཐར་ཐུག་གི་སྐྱབས་སོ་སྙམ་ན་མིན་ཏེ། མར་མེ་ཤི་བ་ལྟར་ལས་ཉོན་དང་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་ལ། མེད་པ་དགག་པ་ཙམ་ནི་སྐྱབས་སུ་འོས་པ་མིན་ཏེ། རི་བོང་གི་རྭ་བཞིན་ནོ། །ཡང་ན་དོན་འདི་ཡིན་ཏེ། བྱང་སེམས་ཀྱི་འགོག་བདེན་ནི་མཐར་ཐུག་གི་སྐྱབས་མིན་ཏེ། བྱང་སེམས་ཀྱི་འགོག་པ་ཐོབ་ཀྱང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་མ་བྲལ་བའི་ཕྱིར། ཉན་ཐོས་ཀྱི་ལྷག་བཅས་ཀྱི་མྱང་འདས་ཀྱང་མཐར་ཐུག་གི་སྐྱབས་མིན་ཏེ། དེ་ཐོབ་ཀྱང་སྡུག་བསྔལ་དང་མ་བྲལ་བའི་ཕྱིར། གལ་ཏེ་ལྷག་མེད་ཀྱི་མྱང་འདས་མཐར་ཐུག་གི་སྐྱབས་སོ་སྙམ་ན་མིན་ཏེ། མཐར་ཐུག་གི་ཡོན་ཏན་མེད་པར་སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར། གང་མེད་པ་དགག་ཙམ་ནི་མཐར་ཐུག་གི་སྐྱབས་སུ་འོས་པ་མིན་ཏེ། རི་བོང་གི་རྭ་བཞིན་ནོ། །ཞེས་འཆད་ན་ལེགས་སོ། །གངས་རིའི་ཁྲོད་ཀྱི་མཁས་རློམ་ཀུན། །མ་ལུས་གཅིག་ཏུ་འདུས་པའི་བློས། །རིང་དུ་བརྟགས་ཀྱང་མ་རྟོགས་པ། །གཞན་ལས་ལྷག་པའི་བློ་ཡིས་རྟོགས། །ཐེག་པ་གསུམ་གྱི་དགེ་འདུན་གྱི་ཚོགས་ཀྱང་གཏན་དུ་བའི་སྐྱབས་མ་ཡིན་ཏེ། རང་ཉིད་འཇིགས་པ་དང་བཅས་པའི་ཕྱིར་ཏེ། བྱང་སེམས་འཕགས་པ་དང་ཉན་རང་མི་སློབ་པ་རྣམས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་བཅས། གཞན་ཉན་རང་སློབ་པ་རྣམས་ལས་ཉོན་གྱི་དབང་གིས་འཆི་འཕོ་དང་བཅས་པའི་ཕྱིར། གསུམ་པ་མཐར་ཐུག་གི་སྐྱབས་གཅིག་ཏུ་བསྒྲུབ་པ་ནི། དམ་པའི་དོན་ཏེ་ངེས་པའི་དོན་དུ་ན་འགྲོ་བའི་སྐྱབས་མཐར་ཐུག་པ་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། ཐུབ་པ་ནི་རྣམ་པར་བྱང་བ་མཐར་ཐུག་པའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང༌། ཚོགས་དགེ་འདུན་དཀོན་མཆོག་རྣམས་ཀྱང་དེ་ཐོབ་ན་ཡོན་ཏན་མཐར་ཐུག་པའི་ཕྱིར་རོ། །བཞི་པ་དཀོན་མཆོག་གི་སྒྲ་དོན་ནི། ཅིའི་ཕྱིར་སྐྱབས་གསུམ་པོ་དེ་ལ་དཀོན་མཆོག་ཅེས་བརྗོད་ཅེ་ན། ཆོས་མཐུན་པ་དྲུག་གིས་ནོར་བུ་དང་འདྲ་བར་བརྗོད་དེ། ཇི་ལྟར་ནོར་བུ་རྙེད་དཀའ་བ་དང༌། དྲི་མ་མེད་པ་དང༌། དགོས་འདོད་འབྱུང་བའི་མཐུ་དང་ལྡན་པ་དང༌། མཛེས་པས་རྒྱན་དུ་གྱུར་པ་དང༌། རིན་པོ་ཆེ་བཅོས་མ་ལས་མཆོག་ཏུ་གྱུར་པ་དང༌། བསྟོད་སྨད་སོགས་ཀྱིས་མི་འགྱུར་བ་དེ་ལྟར་སྐྱབས་གསུམ་པོ་འདི་ཡང་དགེ་རྩ་མ་བསྐྲུན་པ་རྣམས་དང་བསྐལ་པ་མང་པོར་ཡང་མི་འཕྲད་པས་འབྱུང་བ་དཀོན་པའི་ཕྱིར་དང༌། སྒྲིབ་གཉིས་ཀྱི་དྲི་མ་མེད་པའི་ཕྱིར་དང༌། མངོན་ཤེས་སོགས་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དང༌། འཇིག་རྟེན་པའི་བསམ་པ་དགེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་པས་རྒྱན་དུ་གྱུར་པའི་ཕྱིར་དང༌། འཇིག་རྟེན་ལས་འདས་པས་འཇིག་རྟེན་ལས་མཆོག་ཉིད་ཀྱི་ཕྱིར་དང༌། ལས་ཉོན་སོགས་ཀྱིས་འདུས་མ་བྱས་པས་འགྱུར་བ་མེད་པའི་ཕྱིར་དཀོན་མཆོག་ཉིད་དོ།།  །།གཉིས་པ་རྒྱུ་ཁམས་སོགས་བཞི་བཤད་པ་ལ་གསུམ་སྟེ། ཐུན་མོང་དུ་བསྟན་པ་དང༌། སོ་སོར་བཤད་པ། དེ་ལ་མོས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དྲི་བཅས་དེ་བཞིན་ཉིད་ནི་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ཁམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་པ་སྟེ། དྲི་བཅས་ཀྱི་སེམས་ཀྱི་སྟོང་ཉིད་དོ། །དེས་ན་དཔལ་ཕྲེང་དང་འགྲེལ་པར་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ཁམས་དང༌། དེ་བཞིན་གཤེགས་པའི་ཆོས་སྐུ་ནི་སྦུབས་ལས་གྲོལ་བར་བཤད་དོ། །དེ་ཡང་ཕྱི་མ་ནི་དེ་ལྟར་ངེས་ལ། སྔ་མ་ནི་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། སྙིང་པོ་ནི་འབྲས་བུའི་གནས་སྐབས་ན་ཡང་ཡོད་པར་བཤད་པས་སོ། །འདིས་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཚན་ཉིད་པ་དག་པ་གཉིས་ལྡན་གྱི་སངས་རྒྱས་ཁོ་ནར་འདོད་པའང་བཀག་སྟེ། སྙིང་པོའི་གཙོ་བོ་དྲི་བཅས་དེ་བཞིན་ཉིད་དུ་ལན་གཅིག་མ་ཡིན་པར་བཤད་པའི་ཕྱིར་རོ། །དྲི་མེད་དེ་བཞིན་ཉིད་ནི་དེ་བཞིན་ཉིད་དྲི་མ་ཐམས་ཅད་ཀྱིས་དག་པ་སངས་རྒྱས་ཀྱི་སར་གནས་ཡོངས་སུ་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ཆོས་སྐུ་ཞེས་བརྗོད་དོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གནས་གྱུར་པའི་མཚན་ཉིད་དེ་བཞིན་གཤེགས་པའི་སྐུ་དེ་ཉིད་ལ་ཡོད་པ་འཇིག་རྟེན་ལས་འདས་པ་སྟོབས་བཅུ་སོགས་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པའོ། །རྒྱལ་བའི་མཛད་པ་ནི་སྟོབས་བཅུ་སོགས་སངས་རྒྱས་ཀྱི་ཆོས་དེ་དག་ཉིད་ཀྱི་སོ་སོ་རང་གི་བླ་ན་མེད་པའི་ཕྲིན་ལས་སོ། །རྒྱུ་རྐྱེན་གནས་བཞི་པོ་གང་ལས་འབྲས་བུ་དཀོན་མཆོག་དགེ་བ་གསུམ་འབྱུང་བའི་རྒྱུ་རྐྱེན་གནས་བཞི་པོ་འདི་ནི་དོན་དམ་གཟིགས་པ་སངས་རྒྱས་རྣམས་ཀྱི་ཡུལ་ཉིད་ཡིན་གྱི་ཉན་རང་སོགས་ཀྱིས་བསམ་གྱིས་མི་ཁྱབ་བོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བསམ་གྱིས་མི་ཁྱབ་པར་བསྒྲུབ་པ་དང༌། ཁམས་སོགས་བཞི་པོ་རྒྱུ་རྐྱེན་དུ་འགྱུར་ཚུལ་ལོ། །དང་པོ་ནི། འབྲས་བུ་དཀོན་མཆོག་གསུམ་པོ་འདིའི་རིགས་ཏེ་རྒྱུ་ནི་ཐམས་ཅད་གཟིགས་པ་སངས་རྒྱས་རྣམས་ཀྱི་ཡུལ་ཡིན་ལ། རིགས་དེ་ཡང་ཁམས་སོགས་རྣམ་པ་བཞི་སྟེ། གོ་རིམ་བཞིན་དུ་རྐྱེན་བཞི་ཡིས་བསམ་གྱིས་མི་ཁྱབ་བོ། །རྒྱུ་མཚན་བཞི་འགོད་པ་ནི། དྲི་བཅས་དེ་བཞིན་ཉིད་ནི་ཉན་རང་རྣམས་ཀྱིས་བསམ་གྱིས་མི་ཁྱབ་སྟེ། རང་བཞིན་གྱིས་རྣམ་པར་དག་པའང་ཡིན་ལ་ཉོན་མོངས་པ་དང་ལྡན་པའང་ཡིན་པས་འགལ་བ་ལྟར་སྣང་བའི་ཕྱིར། དོན་ལ་མི་འགལ་ཏེ། དག་པ་ནི་ཁམས་དྲི་མའི་རང་བཞིན་གྱིས་སྟོང་པའི་རང་བཞིན་རྣམ་དག་ཡིན་ལ། མ་དག་པ་ནི་གློ་བུར་གྱི་དྲི་མ་དང་ལྡན་པའོ། །དྲི་མེད་དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་སྟེ། གདོད་མ་ནས་དག་བྱ་ཀུན་ནས་ཉོན་མོངས་པ་ངོ་བོ་ཉིད་ཀྱིས་མེད་པ་དང༌། ཕྱིས་དྲི་མ་གཉེན་པོས་གསར་དུ་དག་པ་འགལ་བ་ལྟར་སྣང་བའི་ཕྱིར་རོ། །དོན་ལ་མི་འགལ་ཏེ། སྔར་མེད་པ་ནི་དྲི་མ་ཁམས་ཀྱི་རང་བཞིན་དུ་མེད་པ་ཡིན་ལ། ཕྱིས་དག་པ་ནི་གསེར་ལ་གཡའ་དག་པའི་ཚུལ་གྱི་དབང་དུ་བྱས་སོ། །དྲི་མ་མེད་པའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ་སྟེ། སོ་སོའི་སྐྱེ་བོའི་གནས་སྐབས་ན་མེད་ནའང་ཕྱིས་དྲི་མས་རྣམ་པར་དག་པ་ཆོས་ཉིད་ལ་རྣམ་པར་དབྱེ་བ་མེད་པའི་ཚུལ་གྱིས་ལྡན་པའི་ཕྱིར། དོན་ལ་མི་འགལ་ཏེ། སོ་སྐྱེའི་གནས་སྐབས་སུ་དྲི་མས་མ་དག་པས་ཡོན་ཏན་མེད་ཀྱང་ཕྱིས་དྲི་མས་དག་པ་ན་ཆོས་ཉིད་ལ་ཡོན་ཏན་འབྲལ་མི་རུང་གི་ཚུལ་དུ་ཡོད་པའི་ཕྱིར། དཔེར་ན་གསེར་གཡའ་མ་དག་པའི་སྐབས་སུ་འོད་མེད་ཀྱང་ཕྱིས་འོད་དབྱེར་མེད་དུ་འཇུག་པ་བཞིན་ནོ། །དེས་ན་གཞི་འབྲས་ཀུན་ཏུ་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་ཀྱང་གཅིག་ཏུ་འདོད་པ་ནི་མ་ཡིན་ཏེ། མངོན་རྟོགས་རྒྱན་ལས། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པ་ལྟར་རོ། །གལ་ཏེ་དག་མ་དག་གི་ཆོས་ཉིད་གཅིག་ཡིན་ན། དྲི་བཅས་དེ་བཞིན་ཉིད་དང་དྲི་མེད་དེ་བཞིན་ཉིད་ཀྱི་ཁྱད་པར་གང་གིས་འབྱེད། ངོ་བོ་གཅིག་ཡིན་ཡང་ཆོས་ཅན་དྲི་མས་དག་མ་དག་གིས་འབྱེད་དོ་ཞེ་ན། ཆོས་ཉིད་ཀྱང་ཆོས་ཅན་རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པ་ལ་འདོད་པས་ཇི་ལྟར་གཅིག་ཡིན། གལ་ཏེ་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་སེམས་ཅན་ཀུན་ལ་ཡོན་ཏན་ཚང་བར་གསུངས་པས་ན་གཞི་དུས་དང་ཡོན་ཏན་ཡོད་དོ་ཞེ་ན། མདོ་དེ་ལས་ཆོས་ཀྱི་དབྱིངས་སེམས་ཅན་གྱི་གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས་ཞེས་གསུངས་པ་དང༌། ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་ཞེས་གསུངས་པས་ན། ཡོན་ཏན་གྱི་ཆོས་ཉིད་རང་བཞིན་རྣམ་དག་གི་ཆ་དང་ཁྱད་པར་མེད་པའི་ཆོས་ཉིད་ཡོད་པ་ལ་དགོངས་སོ། །རྒྱལ་བའི་མཛད་པ་ཡང་བསམ་གྱིས་མི་ཁྱབ་སྟེ། འབད་པ་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་ཅིང་འདི་ལྟར་བྱའོ་ཞེས་རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་མཛད་པས་འགལ་བ་ལྟར་སྣང་བའི་ཕྱིར། དོན་ལ་མི་འགལ་བའི་ཚུལ་ནི་འོག་ཏུ་ཕྲིན་ལས་སྟོན་པའི་དཔེ་དགུས་སྟོན་ནོ། །གཉིས་པ་ནི། དཀོན་མཆོག་གསུམ་ཐོབ་པར་བྱེད་པའི་རྒྱུ་ནི་གནས་བཞི་པོ་འདིས་བསྟན་པས་ན་བཞི་པོ་འདིར་ངེས་ཏེ། འདི་ལྟར་ཁམས་ནི་རྟོགས་བྱའི་གནས་ཏེ། ཁམས་རྟོགས་ན་གྲོལ་བར་འགྱུར་ལ། མ་རྟོགས་ན་མི་གྲོལ་བས་སོ། །བྱང་ཆུབ་ནི་རྟོགས་པའི་གནས་ཏེ། ཁམས་དྲི་མ་ཀུན་གྱིས་དག་པ་རྟོགས་པའི་ངོ་བོ་ཡིན་པས་སོ། །བྱང་ཆུབ་དེའི་ཡན་ལག་ནི་ཡོན་ཏན་ཏེ། བྱང་ཆུབ་ལ་བརྟེན་པའི་ཡོན་ཏན་ཡིན་པའི་ཕྱིར། ཕྲིན་ལས་ནི་རྟོགས་པར་བྱེད་པའི་གནས་ཡིན་ཏེ། ཡོན་ཏན་དེ་རྣམས་ཉིད་ཀྱིས་ཕྲིན་ལས་ཀྱི་སྒོ་ནས་གཞན་ལ་རྟོགས་པ་སྒྲུབ་པར་བྱེད་པས་སོ། །དེའང་གོ་རིམ་བཞིན་དུ་གནས་གཅིག་ཁམས་དེ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ས་བོན་ཡིན་པས་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱས་པས་དྲི་མས་རྣམ་པར་དག་པ་ལ་བརྟེན་ནས་དཀོན་མཆོག་གསུམ་འབྱུང་བས་རྒྱུའོ། །བྱང་ཆུབ་སོགས་གསུམ་ནི་མངོན་པར་བྱང་ཆུབ་པ་ན་སྟོབས་སོགས་ཡོན་ཏན་དང་ལྡན་ཞིང་དེ་ལ་བརྟེན་ནས་ཆོས་སྟོན་པའི་ཕྲིན་ལས་མཛད་པ་ན་དཀོན་མཆོག་གསུམ་འབྱུང་བས་རྐྱེན་ནོ། །ཅི་སྟེ་ཁམས་སྟོང་པ་ཉིད་ནི་བྱ་བྱེད་དང་བྲལ་བའི་ཕྱིར། ས་བོན་དང་རྒྱུར་མི་འཐད་ཅེ་ན། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་དབུ་མ་རྩ་བ་དང་རྩོད་པ་བཟློག་པར་གསུངས་པ་ལྟར་ཏེ། དོན་དེ་ཉིད་རྒྱལ་བའི་ཡུམ་དུའང༌། རབ་འབྱོར་གཟུགས་དངོས་པོ་ཡིན་ཏེ་དངོས་པོ་མེད་པར་མ་གྱུར་ན་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ་ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་སོ་སོར་བཤད་པ་ལ་བཞི་སྟེ། ཁམས་དང༌། བྱང་ཆུབ་དག་དང༌། ཡོན་ཏན་དང༌། ཕྲིན་ལས་རྒྱས་པར་བཤད་པའོ། །དང་པོ་ལ་དོན་ལྔ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྟན་པ་དང༌། ཁམས་རྣམ་གཞག་བཅུ་ཡིས་གཏན་ལ་དབབ་པ་དང༌། སྙིང་པོ་དྲི་མས་བསྒྲིབས་ཚུལ་བསྟན་པ་དང༌། གང་ཟག་གང་གིས་རྟོགས་པ་བསྟན་པ་དང༌། ཁམས་བསྟན་པའི་དགོས་པའོ། །དང་པོ་ནི། དྲི་བཅས་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་མདོ་སྡེ་དུ་མར་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པའི་དོན་གང་ཡིན་ཞེ་ན། རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་འཕྲོ་བའི་ཕྱིར་དང༌། ཆོས་སྐུའི་དེ་བཞིན་ཉིད་རང་བཞིན་རྣམ་དག་གི་ཆ་དང་དབྱེར་མེད་པའི་དེ་བཞིན་ཉིད་ལྡན་པའི་ཕྱིར་དང༌། ཆོས་སྐུའི་རིགས་ཏེ་ཁམས་ཀྱི་ནུས་པ་ཡོད་པའི་ཕྱིར་ན་དོན་གསུམ་གྱིས་ལུས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ཞེས་གསུངས་སོ། །མ་ཧཱས་གསུམ་པོ་རིམ་པ་ལྟར་འབྲས་བུ་དང་རང་བཞིན་དང་རྒྱུའི་བདེ་གཤེགས་སྙིང་པོ་སྟེ། དང་པོ་ཆོས་སྐུ་ནི་དེ་བཞིན་གཤེགས་པ་དངོས་ཡིན་ལ། སེམས་ཅན་གྱི་སྙིང་པོ་ནི་བཏགས་པ་བ་ཡིན་ཞིང༌། སེམས་ཅན་རྣམས་ཀྱིས་ཐོབ་ཏུ་རུང་བའི་ཕྱིར་ཁྱབ་པར་བཤད་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་དང་སེམས་ཅན་གཉིས་ཀའི་སྙིང་པོ་དངོས་ཏེ། དེ་བཞིན་ཉིད་རང་བཞིན་རྣམ་དག་ཙམ་གྱི་ལྡོག་པ་ནས་གཉིས་ཀ་ལ་དངོས་སུ་ཡོད་པའོ། །གསུམ་པ་ནི། དེ་བཞིན་གཤེགས་པ་དེའི་རྒྱུ་ཡིན་པས་དེར་བཏགས་ལ། སེམས་ཅན་གྱི་སྙིང་པོ་ནི་དངོས་སོ་ཞེས་འཆད་དོ། །འདིའི་འགྲེལ་པར་ཡང༌། སེམས་ཅན་ཕུང་པོའི་ནང་ན་སངས་རྒྱས་ཡེ་ཤེས་གནས། །དེ་ནི་རང་བཞིན་གཉིས་མེད་དྲི་མ་མེད། །སངས་རྒྱས་རིགས་ལ་འབྲས་བུར་བཏགས་ནས་ནི། །ལུས་ཅན་ཐམས་ཅད་སངས་རྒྱས་སྙིང་པོར་བརྗོད་པ་ཡིན། །ཞེས་གསུངས་སོ། །ཡང་ན་འགྲེལ་པར་གསུམ་པོ་འདི་སྙིང་པོའི་མདོའི་རྗེས་སུ་འབྲངས་ཏེ་འོག་ནས་སྟོན་པར་འགྱུར་རོ་ཞེས་བཤད་པས་འོག་ནས། འདི་ཡི་རང་བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་སྙིང་པོའི་དཔེ་དགུ་དང་སྦྱར་ཏེ། འགྲེལ་པར་རྒྱས་བཤད་དུ། རྟོགས་པ་ཆོས་སྐུས་སེམས་ཅན་ཀུན་ལ་ཁྱབ་པ་ནི། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འཕྲོ་བའི་དོན་ཏེ། དེའི་དོན་ཡང་འགྲེལ་པར་སངས་རྒྱས་ཀྱི་གཟུགས་དང་སྦྲང་རྩི་དང་སྙིང་པོའི་དཔེ་འདི་གསུམ་གྱིས་ནི་ཆོས་ཀྱི་སྐུས་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ལ་ཁྱབ་པའི་དོན་གྱི་དབང་དུ་བྱས་ནས། སེམས་ཅན་འདི་དག་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བསྟན་ཏོ། །ཞེས་དང༌། མདོ་སྡེ་རྒྱན་ཤེས་བྱེད་དུ་དྲངས་པ་ནི། ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །དེ་བཞིན་འདི་ནི་རྟག་ཏུ་ཀུན་སོང་འདོད། །ཇི་ལྟར་ནམ་མཁའ་གཟུགས་རྣམས་ཀུན་ཏུ་སོང༌། །དེ་བཞིན་འདི་ཡང་སེམས་ཅན་ཚོགས་ཀུན་སོང༌། །ཞེས་སོ། །འདི་དག་གི་དོན་ནི་རྟོགས་པ་ཆོས་སྐུ་དང༌། བསྟན་པ་ཆོས་སྐུ་གཉིས་ཀྱི་གནས་གྱུར་ཐོབ་པའི་རྒྱུ་རང་བཞིན་རྣམ་དག་གི་ཆ་ཡིས་སེམས་ཅན་ཀུན་ལ་ཁྱབ་པའི་དོན་ནོ། །དེ་བཞིན་ཉིད་དང་དབྱེར་མེད་པའི་དོན་ནི། འདི་ནི་བདེན་པའི་ངོ་བོ་ཉིད་ཀྱིས་སྟོང་པས་གཞི་འབྲས་ཀུན་དང་ཕྱི་ནང་ཀུན་ལ་ཁྱབ་པས་དབྱེར་མེད་པ་ཞེས་བཤད་ལ། རིགས་ཀྱིས་ཁྱབ་པ་ནི་རྐྱེན་གྱིས་སད་པར་བྱ་བའི་སེམས་ཀྱི་ནུས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཉེར་ལེན་གྱི་རྒྱུའོ། །ཇི་སྐད་དུ། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་གསུངས་སོ། །སྦྱང་བར་བྱ་བའི་ཁམས་བཤད་པ་དང༌། རིགས་ཀྱི་ལས་སྡུག་བདེའི་སྐྱོན་ཡོན་མཐོང་བར་བཤད་པའང་འདི་ཉིད་ཀྱི་ལས་སོ། །འདིར་ཆོས་སྐུ་འཕྲོ་བའི་དོན་ཕྲིན་ལས་ཀྱིས་ཁྱབ་པ་ལ་འདོད་པ་མི་འཐད་དེ། མདོ་སྡེ་རྒྱན་གྱི་ལུང་ཤེས་བྱེད་དུ་དྲངས་པའི་དོན་དང་འགལ་བས་སོ། །དེས་ན་རང་བཞིན་རྣམ་དག་ནི་སེམས་རྒྱུད་ཀྱིས་བསྡུས་པ་ཁོ་ནའི་དབང་དུ་བྱས་ལ། དེ་བཞིན་ཉིད་ནི་ཕྱི་ནང་ཀུན་ལ་ཁྱབ་པའི་ཕྱིར། ཟློས་པའི་སྐྱོན་ལས་གྲོལ་ལོ། །དེ་བཞིན་ཉིད་དང་རང་བཞིན་རྣམ་དག་ནི་ཡོན་ཏན་དང་ཡོན་ཏན་ཅན་གྱི་ཚུལ་དུ་ཡོད་དེ། གཞུང་འདིར་ཡང༌། ཡོན་ཏན་རང་བཞིན་དག་པ་ཡིན། །ཞེས་གསུངས་སོ། །སངས་རྒྱས་ཀྱི་དེ་བཞིན་ཉིད་སེམས་ཅན་ཀུན་ལ་དབྱེར་མེད་པར་ཡོད་པ་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དབྱེར་མེད་པའི་དོན་ཏེ། འགྲེལ་པར་གསེར་གྱི་དཔེ་གཅིག་གིས་ནི་དེ་བཞིན་ཉིད་དབྱེར་མེད་པའི་དོན་གྱི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་སེམས་ཅན་འདི་དག་གི་ཡིན་ནོ་ཞེས་དང༌། ཤེས་བྱེད་དྲངས་པ་ནི། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་ཏེ་ཆོས་ཉིད་ངོ་བོ་ཉིད་ཀྱིས་སྟོང་པ་ལ་ཁྱད་པར་མེད་པས་སོ། །སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་བསྐྱེད་པའི་རིགས་སེམས་ཅན་ལ་ཡོད་པ་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་ཏེ། འགྲེལ་པར་གཏེར་དང་ལྗོན་ཤིང་དང་རིན་པོ་ཆེའི་སྐུ་དང་འཁོར་ལོས་སྒྱུར་བ་དང་གསེར་གྱི་གཟུགས་ཏེ། དཔེ་ལྷག་མ་ལྔ་པོ་འདི་དག་གིས་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་བསྐྱེད་པའི་རིགས་ཡོད་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་ཁམས་འདི་དག་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ཡིན་ནོ་ཞེས་དང༌། ཤེས་བྱེད་དུ་ཆོས་མངོན་པའི་མདོར། ཐོག་མ་མེད་པའི་དུས་ཅན་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་པ་དྲངས་སོ། །བསྟན་བཤད་གཉིས་ཀས་རྒྱུ་དོན་གསུམ་གྱི་སྙིང་པོ་ཅན་དུ་བཤད་དེ། ཤིན་ཏུ་འགྲིག་ཅིང་འདི་ཉིད་དགོངས་པར་གདོན་མི་ཟའོ། །གཉིས་པ་ལ་གསུམ་སྟེ། སྡོམ་ཚིག་གིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མཇུག་བསྡུ་བའོ། །དང་པོ་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་ཏེ། ཕྱི་མ་ལྔ་གཅིག་ལས་གཅིག་འཕྲོས་པའོ། །གཉིས་པ་ལ་བརྒྱད་དེ། ངོ་བོ་དང་རྒྱུའི་དོན། འབྲས་བུ་དང་ལས་ཀྱི་དོན། ལྡན་པའི་དོན། འཇུག་པའི་དོན། གནས་སྐབས་ཀྱི་དོན། ཀུན་ཏུ་འགྲོ་བའི་དོན། མི་འགྱུར་བའི་དོན། ཡོན་ཏན་དབྱེར་མེད་པའི་དོན་ནོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དུ་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ལ་ངོ་བོ་ནི། དོན་གསུམ་གྱི་ངོ་བོ་ལ་རང་སྤྱི་གཉིས་ལས། ཆོས་སྐུ་དང་དེ་བཞིན་ཉིད་དང་རིགས་ཀྱི་རང་མཚན་ནི་རིན་ཆེན་དང་ནམ་མཁའ་དང་ཆུ་བཞིན་དང༌། སྤྱི་མཚན་ནི་དཔེ་གསུམ་ཀ་རང་བཞིན་གྱིས་དག་པ་བཞིན་དུ་རྟག་ཏུ་རང་བཞིན་གྱིས་ཉོན་མོངས་པ་མེད་པའོ། །རྒྱུ་ནི་ཐེག་ཆེན་གྱི་ཆོས་ལ་མོས་པ་དང༌། ལྷག་པའི་ཤེས་རབ་དང༌། ཏིང་ངེ་འཛིན་དང༌། སྙིང་རྗེ་ཆེན་པོ་ལས་བྱུང་བ་སྟེ། དེའང་དོན་གསུམ་གྱི་རྒྱུ་ཇི་ལྟར་ཡིན་ཞེ་ན། ཡོན་ཏན་བཞི་ལྡན་གྱི་ཆོས་སྐུ་དང༌། དེ་བཞིན་ཉིད་ཀྱི་དྲི་མ་སྦྱོང་བ་དང༌། མངོན་དུ་བྱེད་པའི་རིགས་ཀྱིས་༼མི་༽«་་་་་འདི་ནོར་བ་མིན་ནམ་དཔྱད་དགོས།»སྦྱོང་བ་དང༌། ནུས་པ་འཕེལ་བའི་རྒྱུ་ཡིན་པས་སོ། །གཉིས་པ་ལ་ངོ་བ་དང༌། རྒྱུ་བཤད་གཉིས་ཀྱི། དང་པོ་ནི། དོན་གསུམ་གྱི་རང་མཚན་ལས་བརྩམས་ནས་དེ་བཞིན་གཤེགས་པའི་ཆོས་སྐུ་ནི་བསམ་པའི་དོན་འགྲུབ་པ་སོགས་མཐུ་དང་ལྡན་པས་ཡིད་བཞིན་གྱི་ནོར་བུ་དང་དེ་བཞིན་ཉིད་གཞན་དུ་མི་འགྱུར་བས་ནམ་མཁའ་དང༌། རིགས་ནི་སེམས་ཅན་ལ་སྙིང་བརྩེས་བརླན་པའི་ངོ་བོའི་རང་བཞིན་ཡིན་པས་ཆུའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་ཡིན་ལ། སྤྱི་མཚན་ལས་བརྩམས་ནས་དོན་གསུམ་པོ་འདི་ཐམས་ཅད་ཀྱང་རང་བཞིན་གྱིས་དག་པས་དཔེ་གསུམ་ཆར་དང་དོན་མཐུན་ཏེ། རྩ་བར་སྤྱི་དང་སོ་སོའི་ཆོས་མཐུན་བསྟན་ནས་ཕན་ཚུན་ཁ་བསྐངས་བར་མངོན་ནོ། །གཉིས་པ་ལ་གསུམ་སྟེ། སྤང་བྱ་དང༌། གཉེན་པོ་དང༌། གནས་སྐབས་ཀྱི་འབྲས་བུའོ། །དང་པོ་ནི། སྤྱིར་སེམས་ཅན་གྱི་རིགས་གསུམ་སྟེ། སྲིད་པ་འདོད་པ་དང༌། སྲིད་བྲལ་འདོད་པ་དང༌། དེ་གཉིས་ག་མི་འདོད་པའོ། །རྟེན་དེ་དག་གི་རྒྱུད་ལ་ཡོད་པའི་སྤང་བྱ་ལ། ཐེག་ཆེན་གྱི་ཆོས་ལ་ཁོང་ཁྲོ་བ་ནི་སྲིད་པ་ཉིད་འདོད་པའི་འདོད་ཆེན་པོའི་སྒྲིབ་པ་དང༌། ཆོས་རྣམས་ལ་བདག་ཏུ་ལྟ་བ་ནི་སྲིད་བྲལ་འདོད་ཀྱང་ཐབས་མིན་པ་ལ་ཞུགས་པའི་མུ་སྟེགས་བྱེད་རྣམས་ཀྱི་སྒྲིབ་པ་དང༌། རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པ་ནི་རིམ་པ་ལྟར་སྲིད་བྲལ་འདོད་པ་ཐབས་ལ་ཞུགས་པ་ཉན་ཐོས་དང་རང་བྱུང་རང་སངས་རྒྱས་རྣམས་ཀྱི་སྒྲིབ་པ་སྟེ་རྣམ་པ་བཞིའོ། །གཉིས་པ་ནི། ཡོན་ཏན་བཞི་ལྡན་གྱི་ཆོས་སྐུ་རྣམ་པར་དག་པ་ཐོབ་པའི་རྒྱུ་ནི་འཁོར་འདས་གཉིས་ཀ་མི་འདོད་པ་བྱང་སེམས་ཀྱི་རྒྱུད་ཀྱི་ཐེག་ཆེན་ལ་ལྷག་པར་མོས་པ་དང༌། སོགས་པས་བདག་མེད་རྟོགས་པའི་ཤེར་ཕྱིན་དང༌། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང་སྙིང་རྗེ་ཆེན་པོ་བསྒོམ་པའོ། །དེ་ལ་བྱང་སེམས་ཀྱི་རྒྱུད་ལ་མོས་པ་སོགས་ཀྱིས་གང་ཟག་བཞི་ལ་ཡོད་པ་དང་ཆ་འདྲ་བའི་རང་རྒྱུད་ཀྱི་སྒྲིབ་པ་བཞི་སྤོང་ངོ༌། །འདོད་ཆེན་པ་སོགས་བཞིའི་རྒྱུད་ཀྱི་སྒྲིབ་པ་དངོས་སུ་མི་སྤོང་ཡང་སྒྲིབ་པ་དེ་བཞི་འདོད་ཆེན་པ་སོགས་ལ་ཤས་ཆེ་བས་དེ་སྐད་བཤད་པའོ། །གསུམ་པ་ནི། ཇི་ལྟར་ཡབ་རྒྱལ་པོའི་ས་བོན་དང་དེའི་བཙུན་མོ་དམ་པ་དང་དེའི་མངལ་གནས་མ་ཉམས་པ་དང་སྐྱེས་ནས་བསྐྱེད་བསྲིང་བའི་མ་མ་ཁྱད་པར་ཅན་ཏེ། རྒྱུ་བཞི་ལས་རྒྱལ་པོའི་གདུང་འཚོབ་ནུས་པའི་སྲས་འབྱུང་བ་ལྟར་ཐེག་པ་མཆོག་ལ་མོས་པའི་སངས་རྒྱས་ཀྱི་ས་བོན་དང་བདག་མེད་རྟོགས་པའི་ཤེས་རབ་ནི་སངས་རྒྱས་ཀྱི་ཆོས་བསྐྱེད་པའི་མ་དང་ནམ་མཁའ་མཛོད་ལ་སོགས་པའི་བསམ་གཏན་གྱི་བདེ་བའི་མངལ་ན་གནས་པ་དང༌། རྟོགས་པ་འཕེལ་བའི་རྒྱུ་སྙིང་རྗེའི་མ་མ་ཅན་གང་ཡིན་པ་དེ་ནི་ཐུབ་པའི་རྗེས་སུ་སྐྱེས་པའི་སྲས་ཏེ་དེའི་གདུང་འཚོབ་ནུས་པར་འགྱུར་རོ། །གཉིས་པ་འབྲས་བུ་དང་ལས་ཀྱི་དོན་ལ་གཉིས་ལས། ཐུན་མོང་དུ་བསྟན་པ་ལ་འབྲས་བུ་ནི། དེ་བཞིན་གཤེགས་པའི་སྐུ་གཙང་བ་དང་བདག་དང་བདེ་བ་དང་རྟག་པ་ཉིད་ཀྱི་ཡོན་ཏན་བཞིའི་ཕ་རོལ་ཏེ་མཐར་ཕྱིན་པ་ནི་ཆོས་མོས་སོགས་བཞིའི་འབྲས་བུའོ། །འབྲས་བུ་བཞི་པོ་དོན་གསུམ་གྱི་འབྲས་བུ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་སྔ་མའི་ཆོས་སྐུ་ལས་ཆོས་སྟོན་པ་དང༌། དེ་ལས་ཆོས་ལ་མོས་པ་དང༌། དེ་ལས་གཙང་བ་འབྱུང་བས་གཙང་བ་ཆོས་སྐུའི་རྒྱུ་འབྲས་དང༌། དེ་བཞིན་ཉིད་ཀྱི་ཡུལ་ཅན་ཤེས་རབ་ལས་བདག་དམ་པ་འབྱུང་བས་དེ་ཡུལ་དེ་བཞིན་ཉིད་ཀྱི་འབྲས་བུར་བཞག་པ་དང༌། རིགས་ཀྱི་འབྲས་བུ་ཏིང་ངེ་འཛིན་དང་སྙིང་རྗེ་ལས་བདེ་བ་དམ་པ་དང་རྟག་པ་དམ་པའི་ཕ་རོལ་ཏུ་སོན་པ་གཉིས་འབྱུང་བས་རིགས་ཀྱི་འབྲས་བུའོ། །ལས་ནི་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བ་དང༌། སྡུག་བསྔལ་ཞི་བ་མྱང་འདས་ཐོབ་པར་མངོན་པར་འདོད་པའི་འདུན་པ་དང་སྨོན་པའི་ལས་ཅན་ཏེ། དངོས་སུ་རིགས་སད་པའི་ལས་ཡིན་ཞིང་རིགས་སད་པའང་ཆོས་སྐུའི་བདག་རྐྱེན་དང་རང་བཞིན་རྣམ་དག་གི་ཁམས་ཡོད་པའི་སྟོབས་ཀྱིས་ཡིན་པས་དེ་དག་གིའང་ལས་སུ་བཞག་གོ །སོ་སོར་བཤད་པ་ལ་གཉིས་ཏེ། འབྲས་བུ་བཤད་པ་དང༌། ལས་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཕྱིན་ཅི་ལོག་བཞི་དང་དེ་ལས་བཟློག་པ་ཕྱིན་ཅི་མ་ལོག་པ་བཞི་ནི་ཉན་རང་གིས་ཕུང་པོ་མི་གཙང་བ་སོགས་བཞིར་མཐོང་བ་དང༌། དེའི་གཉེན་པོ་ཆོས་སྐུ་གཙང་བ་སོགས་བཞི་ལྡན་ནོ། །གཙང་བ་སོགས་ཡོན་ཏན་བཞི་ནི་སངས་རྒྱས་ཉིད་ལ་མངའ་ཡི་གཞན་ལ་མེད་དེ། འདི་ལྟར་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་སེམས་ལའང་དེ་བཞིན་གཤེགས་པའི་ཆོས་སྐུ་ཡོན་ཏན་བཞི་ལྡན་ཐོབ་པའི་གེགས་སུ་གྱུར་པ་རྐྱེན་དང་རྒྱུ་དང་འབྱུང་བ་དང་འཇིག་པའི་མཚན་ཉིད་བཞིའོ། །དེ་ལ་རྐྱེན་ནི་མ་རིག་བག་ཆགས་ཀྱིས་ཏེ་མ་རིག་པ་བཞིན་ནོ། །རྒྱུ་ནི་རྐྱེན་དེས་བསླངས་པའི་བག་མེད་ཀྱི་ལས་ཏེ་འདུ་བྱེད་བཞིན་ནོ། །འབྱུང་བ་ནི་དེ་གཉིས་ཀྱི་རྐྱེན་དང་རྒྱུ་ཅན་གྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་གྲུབ་པ་སྟེ་ལེན་པའི་རྐྱེན་གྱིས་སྲིད་པ་གསུམ་གྲུབ་པ་བཞིན་ནོ། །འཇིག་པ་ནི་ལུས་དེའི་རྐྱེན་ཅན་བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་འཆི་འཕོ་སྟེ་སྐྱེ་བའི་རྐྱེན་ཅན་རྒ་ཤི་བཞིན་ནོ། །དགྲ་བཅོམ་སོགས་གསུམ་གྱིས་མ་རིག་པའི་བག་ཆགས་ཀྱིས་མ་སྤངས་པས་གཙང་བ་མི་ཐོབ་བོ། །ས་དེའི་རྐྱེན་ཅན་མཚན་མའི་སྤྲོས་པ་ཀུན་ཏུ་སྤྱོད་པ་ཕྲ་མོ་དང་ལྡན་པས་བདག་དམ་པ་དང༌། མཚན་མ་ཕྲ་མོ་དེས་བསླངས་པའི་ཟག་མེད་ཀྱི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་འབྱུང་བས་དེ་འགགས་པའི་བདེ་བ་དང༌། དེ་མ་འགག་པའི་བར་དུ་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་དང་མི་འབྲལ་བས་རྟག་པ་མི་ཐོབ་པས་སོ། །དཔལ་ཕྲེང་དུ་བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་བྱུང་བ་སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། བཅོམ་ལྡན་འདས་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ་ཞེས་སོགས་རྒྱས་པར་འབྱུང་ངོ༌། །དེ་ལ་མ་རིག་པ་བག་ཆགས་ཀྱི་ས་ནི་འཇུག་པའི་རང་འགྲེལ་དང༌། སྙིང་པོ་མཆོག་ལ་སོགས་པར་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་བཤད་དོ། །ངོ་བོ་ནི་ཉོན་མོངས་པའི་བག་ཆགས་ཏེ་སྒྲིབ་པའི་རྟེན་བྱེད་པས་ས་ཞེས་བཤད་དོ། །མཚན་མའི་སྤྲོས་པ་ནི་ཟག་མེད་ཀྱི་ལས་ཀུན་ནས་སློང་བྱེད་ཀྱི་ཞེན་པ་ཕྲ་མོ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོར། ཐབས་ལ་མཁས་པའི་དགེ་རྩ་ལ་ཉོན་མོངས་སུ་བཏགས་པ་རྣམས་ལ་ཆོས་སུ་ཞེན་པ་ཕྲ་མོ་ཡོད་པར་བཤད་པ་དང་དོན་གཅིག་གོ །འབུམ་ཊཱིཀ་ཏུ་ཟག་མེད་ཀྱི་ལས་ཀྱི་ལྷན་ཅིག་བྱེད་རྐྱེན་དུ་བཤད་པ་ཡང་མ་རིག་བག་ཆགས་ཀྱི་ས་དེ་ཉིད་དོ། །བྱང་སེམས་འཕགས་པའི་ཟག་མེད་ཀྱི་སེམས་པའི་ལས་མ་རིག་བག་ཆགས་ཀྱི་རྐྱེན་ཅན་ནི་ཟག་མེད་ཀྱི་ལས་སོ། །ཡིད་ཀྱི་རང་བཞིན་གྱི་ལུས་ནི་ཇི་སྐད་བསྟན་པའི་རྒྱུ་རྐྱེན་དེ་དག་གིས་བསྐྱེད་པའི་འབྲས་བུ་ཡིད་ལྟར་ཐོགས་པ་མེད་པའི་ལུས་སུ་སྣང་བའོ། །བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ནི་བསམས་བཞིན་དུ་ཡིད་ཀྱི་རང་བཞིན་གྱི་ལུས་འདོར་ལེན་བྱེད་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དེ་ནི་སྤྱིའི་མཚན་ཉིད་རང་བཞིན་གྱིས་དག་པའི་ཕྱིར་དང༌། ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །སྤྱིའི་མཚན་ཉིད་ནི་དྲི་མའི་ངོ་བོ་ཉིད་ཀྱིས་སྟོང་པ་དྲི་མས་མ་དག་པའི་སེམས་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་ལ། ཁྱད་པར་གྱི་མཚན་ཉིད་ནི་གློ་བུར་གྱི་དྲི་མ་སྤངས་པ་སྟེ། ཟག་པ་མེད་པའི་སེམས་ཁོ་ནའི་ཁྱད་པར་གྱི་ཆོས་སོ། །མུ་སྟེགས་པས་བཏགས་པའི་གང་ཟག་གི་བདག་དང༌། ཉན་ཐོས་པས་བཏགས་པའི་ཆོས་ཀྱི་བདག་གཉིས་ཀྱི་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཕྱིར། བདག་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བདག་མེད་ལ་བདག་ཏུ་བྱས་པ་སྟེ། མི་གནས་པའི་ཚུལ་གྱིས་གནས་ཞེས་པ་ལྟར་རོ། །ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་དེའི་རྒྱུ་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལོག་པ་སྟེ་སྤངས་པའི་ཕྱིར། བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །འཁོར་བ་དང་མྱ་ངན་ལས་འདས་པ་བླང་དོར་ཐ་དད་དུ་མི་རྟོག་པར་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་རྒྱུ་ནི་ཐབས་དང་ཤེས་རབ་གཉིས་པོ་སྟེ། འདི་གཉིས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བའོ། །ཇི་ལྟར་རྩ་བ་ཡིན་ཞེ་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་ལ་སྲེད་པ་མ་ལུས་པ་བཅད་པའི་ཕྱིར། དེ་ལྟར་བློའམ་ཤེས་རབ་བླ་མེད་བྱང་ཆུབ་ཀྱི་ཐབས་སུ་གྱུར་པ་ཡིན་ནོ། །བྱང་སེམས་འཕགས་པ་ཆོས་ཅན། འཁོར་བ་ལ་གནས་པར་མི་འགྱུར་ཏེ། བདག་མེད་རྟོགས་པའི་ཤེས་རབ་དེ་རྒྱུད་ལ་བསྟེན་པར་བྱས་པས་སོ། །བརྩེ་ལྡན་བྱང་སེམས་དེ་ཆོས་ཅན་གཞན་དོན་རྒྱུན་ཆད་པའི་ཞི་བ་མྱང་འདས་ཐོབ་པར་བྱེད་པ་མ་ཡིན་ཏེ། སྲེད་པ་སྟེ་སྙིང་རྗེས་སེམས་ཅན་མི་གཏོང་བའི་ཕྱིར། དེ་ལྟར་བརྩེ་བ་བླ་མེད་བྱང་ཆུབ་ཀྱི་ཐབས་སུ་གྱུར་པ་ཡིན་ནོ། །བྱང་སེམས་འཕགས་པ་དེ་ཆོས་ཅན། མྱ་ངན་ལས་འདས་པ་ལ་གནས་པར་མི་བྱ་སྟེ། བརྩེ་བ་སྙིང་རྗེ་ཆེན་པོ་རྒྱུད་ལ་བསྟེན་པར་བྱས་པས་སོ། །གཉིས་པ་ལས་ཀྱི་དོན་ལ་གཉིས་ཏེ། རིགས་ཀྱི་ལས་ཡོད་པ་ལྡོག་པའི་སྒོ་ནས་བསྒྲུབ་པ་དང༌། རྗེས་སུ་འགྲོ་ལྡོག་གཉིས་ཀའི་སྒོ་ནས་བསྒྲུབ་པའོ། །དང་པོ་ནི། གལ་ཏེ་རྟག་མཐའ་བཟུང་སྟེ་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་མེད་ན་དེ་སད་པ་མི་སྲིད་པས་སུ་ཡང་འཁོར་བའི་སྡུག་བསྔལ་ལ་སྐྱོ་བར་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་ལ་ཐོབ་པའི་བློས་ཕྱོགས་པའི་འདོད་པ་དང༌། ཐོབ་པའི་ཐབས་ཚོལ་བའི་དོན་གཉེར་དང༌། ཐོབ་པར་གྱུར་ཅིག་སྙམ་པའི་སྨོན་པ་མེད་པར་འགྱུར་རོ། །འདི་འབྲས་བུའི་ཆ་འཁོར་བའི་སྡུག་བསྔལ་ལ་སྐྱོ་བ་དང༌། མྱ་ངན་ལས་འདས་པ་ལ་འདོད་པ་སྟེ། ཕྱི་མ་ནི་སྐྱོ་བའི་རྒྱུ་འཁོར་བའི་སྡུག་བསྔལ་གྱི་སྐྱོན་མཐོང་བ་དང༌། འདོད་པའི་རྒྱུ་མྱ་ངན་ལས་འདས་པའི་བདེ་བའི་ཕན་ཡོན་མཐོང་བ་ནི་ཤླཽ་ཀ་སྔ་ཕྱིའི་ལས་ཀྱི་ཁྱད་པར་རོ། །འདི་དག་ཀྱང་དངོས་སུ་ན་བསྒྲུབས་པའི་རིགས་ཀྱི་ལས་ཏེ། དེ་ཡང་རང་བཞིན་གྱིས་གནས་པའི་རིགས་རྐྱེན་གྱིས་གསོས་པ་ལས་བྱུང་བ་ལའང་མི་འཁྲུལ་ལོ། །དེས་ན་འགྲེལ་པར་སངས་རྒྱས་ཀྱི་ཁམས་རྣམ་པར་དག་པའི་རིགས་ནི་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་ཡང་ལས་རྣམ་པ་གཉིས་ཏེ་ཉེ་བར་གནས་པར་བྱེད་ཅེས་སོ། །རང་བཞིན་གནས་རིགས་འདུས་མ་བྱས་ཆོས་ཉིད་འབའ་ཞིག་ཏུ་འདོད་པ་ལ་ནི་རྐྱེན་གྱིས་སད་པའི་དོན་མེད་པས་རིག་པའི་ཆའང་འདོད་དགོས་སོ། །དེས་ན་རིག་པས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་ལ། དེ་ཡང་རང་བཞིན་གྱིས་མི་སྟོང་ན་མི་འགྱུར་བས་རྐྱེན་གྱིས་གསོས་བཏབ་པར་མི་རུང་ངོ༌། །དེས་ན་རང་བཞིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་སེམས་ལས་འབྲས་བུ་འབྱུང་བའི་ཕྱིར། དབྱིངས་རིག་དབྱེར་མེད་ལ་འདོད་དགོས་སོ། །གཉིས་པ་ནི། སྐྱེས་བུ་དམ་པ་ལ་བསྟེན་པ་དང༌། མཐུན་པའི་ཡུལ་ན་གནས་པ་དང༌། སྔོན་དགེ་བ་བྱས་པ་དང༌། ཡང་དག་པའི་སྨོན་ལམ་བཏབ་པ་སྟེ། འཁོར་ལོ་བཞི་དང་ལྡན་པའི་གང་ཟག་སྲིད་པ་དེའི་སྡུག་བསྔལ་གྱི་སྐྱོན་དང༌། མྱ་ངན་ལས་འདས་པ་ལ་དེའི་བདེ་བའི་ཕན་ཡོན་མཐོང་བ་འདི་ནི་རིགས་ཡོད་པ་སད་པར་གྱུར་པ་ལས་ཡིན་གྱི་རིགས་སད་པའི་རྒྱུ་དང་རྐྱེན་མེད་པར་མིན་ཏེ། གང་གི་ཕྱིར་ན་ཁྱོད་རིགས་སད་པའི་རྒྱུ་རྐྱེན་མེད་པར་ཡང་ཡོད་ན། ལོག་སྲེད་ཅན་མྱ་ངན་ལས་མི་འདའ་བའི་རིགས་ཅན་ལའང་རིགས་མ་སད་པའི་གོང་དུ་ཡོད་པར་འགྱུར་བ་ལས་མེད་པའི་ཕྱིར་རོ། །ལོག་སྲེད་ཅན་ཡང་འཁོར་ལོ་བཞི་འབྱོར་བའི་ཚུལ་གྱིས་ཐེག་པ་གསུམ་གང་རུང་གི་ས་ལ་མོས་པ་བསྐྱེད་ནས་རིགས་སད་པའི་ཚེ་ལས་དེ་དག་འབྱུང་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོར། དེའི་འོག་ཏུ་ནི་ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ལུས་ལ་ཡང་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་འོད་ཕོག་པས་དེ་དག་ལ་ཕན་ཐོགས་པར་འགྱུར་ཞིང་མ་འོངས་པའི་རྒྱུ་ཡང་དག་པར་སྐྱེས་པ་ན་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་རོ། །ཞེས་གསུངས་སོ། །དེའི་འོག་ཏུ་ཞེས་སྨོས་པ་ནི། དཔེར་ན་ཉི་མས་དང་པོར་རི་མཐོ་བ་སོགས་ནས་རིམ་གྱིས་སྣང་བར་བྱས་ནས། དེའི་འོག་ཏུ་འཛམ་བུའི་གླིང་འདིའི་ས་ཕྱོགས་དམའ་བ་དག་ཀྱང་སྣང་བར་བྱེད་པ་ལྟར། དང་པོ་གནས་སྐབས་ཐེག་པ་གསུམ་དུ་ངེས་པའི་རིགས་ཅན་དང་མ་ངེས་པའི་རིགས་ཅན་གྱི་དོན་བྱས་ནས། དེའི་འོག་ཏུ་ལོག་སྲེད་ཅན་གྱི་སེམས་ཅན་གྱི་ཡང་དོན་བྱེད་དོ། །འོ་ན་མྱང་འདས་ཆེན་པོ་ནས་ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་གསུངས་པ་ཅི་ཡིན་ཞེ་ན། དེ་ནི་དྲང་དོན་དགོངས་པ་ཅན་ཏེ། དགོས་པ་ཐེག་ཆེན་ལ་སྡང་བ་གཏན་མི་ཐར་ཞེས་པས་ཤིན་ཏུ་སྐྲག་ནས། དེ་བཟློག་པའི་དོན་དུ་དགོངས་གཞི་དུས་རིང་དུ་མི་ཐར་བས་དུས་གཞན་ལ་དགོངས་ནས་གསུངས་པ་སྟེ། དངོས་ལ་གནོད་བྱེད་ནི་རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། ལོག་སྲེད་ཅན་སོགས་འགའ་ཡང་གཏན་རྣམ་པར་དག་པར་མི་འགྱུར་བར་ནི་འོས་པ་མིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པར་རུང་བ་ཉིད་ཡོད་པ་ལ་དགོངས་ནས། ཐོགས་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན། །ཐོག་མེད་སྦུབས་ཀྱིས་ཕྱི་བསྒྲིབས་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་གསུངས་སོ། །དེ་ལྟར་ལུང་དང་རིགས་པས་རིགས་ཆད་ཀྱི་སེམས་ཅན་བཀག་གོ །ཐེག་པ་ཆེན་པོའི་རང་བཞིན་དུ་གནས་པའི་རིགས་ནི་དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་སུ་གསུངས་ཏེ། མངོན་རྟོགས་རྒྱན་དུ། སྒྲུབ་པ་ཡིན་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་གསུངས་པས་རིགས་ཆད་ཀྱི་སེམས་ཅན་མི་སྲིད་དོ། །མདོ་སྡེ་རྒྱན་ལས་ནི། བདེ་གཤེགས་སྙིང་པོ་དང་རིགས་ཐ་དད་དུ་གསུངས་ཏེ། བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་བཤད་ཅིང༌། རིགས་ཆད་ཀྱི་སེམས་ཅན་ཡོད་པར་བསྟན་པས། བདེ་གཤེགས་སྙིང་པོ་དང་རིགས་མི་གཅིག་པར་འདོད་པ་སེམས་ཙམ་པའི་ལུགས་སོ། །གསུམ་པ་ལྡན་པའི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་རྒྱུའི་ལྡན་པ་ནི། རྒྱ་མཚོ་ཆེན་པོའི་སྣོད་ཡངས་ཤིང་རྒྱ་ཆེ་བར་རིན་པོ་ཆེ་དང་ཆུ་དཔག་ཏུ་མེད་པ་འདུ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཁམས་ཀྱང་མོས་པའི་སྣོད་དུ་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་དང་སྙིང་རྗེའི་ཆུ་མི་ཟད་པའི་གནས་སོ། །འབྲས་བུའི་ལྡན་པ་ནི་མངོན་ཤེས་དང་པོ་ལྔ་དང་ཟག་མེད་ཀྱི་ཡེ་ཤེས་དང༌། སྤངས་པ་རྣམས་དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར། མར་མེ་ལ་ཆོས་གསུམ་དབྱེར་མེད་པ་བཞིན་ནོ། །དེ་ལ་རྒྱུ་རིགས་ཀྱི་ལྡན་པ་དང༌། འབྲས་བུ་ཆོས་སྐུའི་བདེན་པ་དང༌། དེ་བཞིན་ཉིད་ཀྱི་ལྡན་པ་གཉིས་ཀའོ། །བཤད་པ་ལ་རྒྱུའི་ལྡན་པ་ནི། དེ་བཞིན་གཤེགས་པའི་ཆོས་སྐུ་ཐོབ་པའི་རྒྱུ་ཐེག་ཆེན་གྱི་ཆོས་ལ་མོས་པ་བསྒོམ་པ་ནི་སྣོད་དང་ཆོས་མཐུན་ཏེ། ཤེས་རབ་དང་ཏིང་ངེ་འཛིན་གྱི་རིན་པོ་ཆེ་དང་སྙིང་རྗེའི་ཆུ་རྣམས་དེར་འདུ་བས་སོ། །རྒྱལ་བའི་ཡེ་ཤེས་ཀྱི་རྒྱུ་ཤེས་རབ་དང་ཏིང་ངེ་འཛིན་བསྒོམ་པ་ནི་རིན་པོ་ཆེ་དང་ཆོས་མཐུན་ཏེ། རིན་པོ་ཆེ་རྟོག་པ་མེད་ཅིང་མཐུ་མང་བ་ལྟར། ཤེས་རབ་ཀྱིས་བདག་གཉིས་སུ་རྟོག་པ་མེད་ཅིང་ཏིང་ངེ་འཛིན་དང་མངོན་ཤེས་སོགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་སོ། །ཐུགས་རྗེ་ཆེན་པོའི་ཁམས་ཏེ་རྒྱུ་སྙིང་རྗེ་ཆེན་པོ་བསྒོམ་པ་ནི་ཆུ་དང་ཆོས་མཐུན་ཏེ། འགྲོ་བ་ཐམས་ཅད་ལ་མཆོག་ཏུ་བརླན་པའི་རང་བཞིན་དུ་རོ་གཅིག་པས་སོ། །དེ་ལྟར་གནས་གསུམ་པོ་འདི་རྒྱ་མཚོ་ཆེན་པོ་དང་ཆོས་མཚུངས་པར་བསྟན་ཏོ། །འབྲས་བུའི་ལྡན་པ་ལ་སོ་སོའི་ཆོས་མཐུན་ནི། སྒྲིབ་གཉིས་ཀྱི་དྲི་མ་མེད་པའི་གནས་ཏེ་དབྱིངས་ལ་མངོན་ཤེས་སོགས་ལྔ་ནི་མར་མེའི་སྣང་བ་དང་ཆོས་མཐུན་ཏེ། རང་རང་གི་དོན་མྱོང་བའི་མི་མཐུན་ཕྱོགས་ཀྱི་མུན་པ་འཇོམས་པས་སོ། །ཟག་མེད་ཀྱི་ཡེ་ཤེས་ནི་དྲོ་བ་དང་ཆོས་མཚུངས་ཏེ། ལས་ཉོན་གྱི་བུད་ཤིང་མ་ལུས་པ་བསྲེག་པས་སོ། །གནས་གྱུར་པ་དྲི་མ་མེད་པ་ནི་མདོག་དང་ཆོས་མཚུངས་ཏེ། ཉོན་སྒྲིབ་སྤངས་པས་དྲི་མ་མེད་ཅིང༌། ཤེས་སྒྲིབ་སྤངས་པས་དག་ལ། དེ་གཉིས་ཀ་གློ་བུར་བ་ཉིད་ཀྱིས་རང་བཞིན་མིན་པས་འོད་གསལ་བའོ། །སྤྱིའི་ཆོས་མཐུན་ནི་མར་མེ་དང་མར་མེའི་སྣང་བ་སོགས་དབྱེར་མེད་པ་བཞིན་དུ་དྲི་མ་མེད་པའི་དབྱིངས་དང༌། མི་སློབ་པའི་རྒྱུད་ཀྱི་ཆོས་བདུན་པོ་འདི་རྣམས་རྣམ་པར་དབྱེ་བ་མེད་པར་ལྡན་པའི་ཕྱིར་རོ། །འཇུག་པའི་དོན་ལ། མདོར་བསྟན་པ་ནི། སེམས་ཅན་ལ་རྒྱལ་བའི་སྙིང་པོ་ཡོད་པར་བསྟན་ཏོ། །གང་གིས་ན་དེ་ཉིད་གཟིགས་པ་སངས་རྒྱས་ཀྱིས་སོ། །ཇི་ལྟར་ན་ཆོས་ཅན་སོ་སོའི་སྐྱེ་བོ་དང་འཕགས་པ་སློབ་པ་དང་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་ཀྱི་འཇུག་པའི་དབྱེ་བ་ལས་སོ། གང་ལས་ན་ཤེར་ཕྱིན་སོགས་ལས་སོ། །གང་གི་དོན་དུ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་དོན་དུའོ། །སུ་ལ་ན་བྱང་སེམས་རྣམས་ལ་བསྟན་ཏེ། ཕྱི་མ་གསུམ་འགྲེལ་པ་ལས་བླངས་པའོ། །བཤད་པ་ནི། འཇུག་པ་གསུམ་པོ་གང་ཞེ་ན། སོ་སོའི་སྐྱེ་བོ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་དང༌། བདེན་པ་མཐོང་བ་འཕགས་པ་སློབ་པ་ཕྱིན་ཅི་ལོག་ལས་བཟློག་པ་ཕྱིན་ཅི་མ་ལོག་པ་དང༌། དེ་བཞིན་གཤེགས་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པ་སྤྲོས་པ་མེད་པས་འཇུག་པ་ཉིད་དོ། །ཆོས་སྐུ་ལ་འཇུག་པ་སྔ་མ་གཉིས་དང་རིགས་ལ་ཕྱི་མ་མེད་པས་རང་བཞིན་དེ་བཞིན་ཉིད་ཀྱིས་འཇུག་པ་སྟེ། འགྲེལ་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྣམ་པར་དག་པ་སྤྱིའི་མཚན་ཉིད་བསྟན་པ་གང་ཡིན་པ་དེ་ལ་ཞེས་པའོ། །གནས་སྐབས་ཀྱི་དོན་ལ། མདོར་བསྟན་པ་ནི། དེ་བཞིན་ཉིད་ལ་གསུམ་དུ་དབྱེར་ཡོད་ན་དེ་བཞིན་ཉིད་དུ་མར་ཐལ་ལོ་ཞེ་ན། ཆོས་ཅན་གྱི་གནས་སྐབས་གསུམ་ལས་གསུམ་དུ་ཕྱེ་བའི་ཆོས་ཉིད་རང་བཞིན་རྣམ་དག་གི་སྒོ་ནས་ཕྱེ་བ་མིན་པས་མི་འགལ་ཞེས་སྟོན་པ་སྟེ། ཁམས་དེ་དྲི་མ་མ་དག་པའི་སྐབས་སུ་སེམས་ཅན་གྱི་ཁམས་ཞེས་དང༌། སྒོམ་སྤོང་ཀུན་གྱིས་མ་དག་ཅིང་མཐོང་སྒོམ་གྱི་སྤང་བྱ་ཅི་རིགས་པས་དག་པའི་གནས་སྐབས་སུ་བྱང་ཆུབ་སེམས་དཔའ་ཞེས་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཆོས་ཅན་གྱི་གནས་སྐབས་གསུམ་གྱིས་གསུམ་དུ་ཕྱེ་ཡི་རང་བཞིན་རྣམ་དག་གི་སྒོ་ནས་ཕྱེ་བ་མིན་པས་མི་འགལ་ལོ། །བཤད་པ་ནི། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་དུ་མར་བསྟན་པའི་ངོ་བོ་ཉིད་ལ་སོགས་པའི་དོན་དྲུག་པོ་འདི་དག་གིས་བསྡུས་པའི་ཁམས་ནི་གནས་སྐབས་གསུམ་རྣམས་སུ་དབྱེ་བའི་དོན་ཆོས་ཅན་གསུམ་གྱིས་ཁྱད་པར་དུ་བྱས་པའི་མིང་གསུམ་གྱིས་ནི་བསྟན་པ་ཡིན་ཏེ། འདིའི་མདོར་ཆོས་ཀྱི་སྐུ་དེ་ཉིད་སེམས་ཅན་གྱི་ཁམས་ཞེས་བརྗོད་དོ། །བྱང་སེམས་ཞེས་དང་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །ཞེས་འགྲེལ་པར་སེམས་ཅན་གྱི་ཁམས་ཀྱང་གཞན་ལ་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མིན་ཏེ་ཞེས་དང༌། རྡོ་རྗེའི་གནས་སུ་སྦྱར་བའི་མདོར་ཡང་སེམས་ཅན་གྱི་ཁམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་ཚིག་བླ་དྭགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ། །ཞེས་སོགས་ཀྱིས་ཆོས་སྐུ་ཞེས་པ་ཙམ་གནས་སྐབས་ཀུན་ན་ཡོད་པར་བསྟན་ཅིང༌། མ་ཧཱས་རིགས་སེམས་ཅན་གྱི་སྙིང་པོ་སོགས་སུ་བཤད་པ་ལ་ཁ་ཅིག་རང་བཟོའོ་ཞེས་སྨྲ་བ་མི་འཐད་དེ། རང་བཟོ་ཡིན་ན། སེམས་ཅན་གྱི་ཁམས་ཞེས་ཡང་དང་ཡང་དུ་གསུངས་པ་རྣམས་རང་བཟོར་ཐལ་བར་འགྱུར་བས་སོ། །ཀུན་ཏུ་འགྲོ་བའི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གནས་སྐབས་ཐ་དད་ཙམ་ཡིན་གྱི་རང་བཞིན་ཐ་དད་མིན་པ་ཅི་ཞེ་ན། སྤྱིའི་མཚན་ཉིད་རང་བཞིན་རྣམ་དག་གིས་གནས་སྐབས་གསུམ་ལ་ཁྱབ་པའི་ཕྱིར་ཞེས་སྟོན་པ་ཇི་ལྟར་རྟོག་པ་མེད་པའི་བདག་ཉིད་ཅན་ནམ་མཁའ་ས་དང་ཟངས་དང་གསེར་གྱི་སྣོད་ཀུན་ཏུ་རྗེས་སུ་སོང་བ་ལྟར་སེམས་ཀྱི་རང་བཞིན་གདོད་མ་ནས་དྲི་མ་མེད་པའི་དབྱིངས་རང་བཞིན་རྣམ་དག་ཀྱང་ནམ་མཁའ་དེ་བཞིན་དུ་གནས་སྐབས་གསུམ་པོ་ཀུན་ཏུ་འགྲོ་བ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ནི། དབྱིངས་རང་བཞིན་རྣམ་དག་དེ་ནི་དག་མ་དག་སོགས་གནས་སྐབས་གསུམ་ཆར་ལ་ཡོད་དེ། སྤྱིའི་མཚན་ཉིད་ཡིན་པས་ཉེས་པ་ཅན་སོ་སྐྱེ་དང༌། ཡོན་ཏན་ཅན་བྱང་སེམས་དང༌། ཡོན་ཏན་དག་པའི་མཐར་ཐུག་པ་ཅན་སངས་རྒྱས་ཀྱི་གནས་སྐབས་ཐམས་ཅད་ལ་ཁྱབ་སྟེ། དཔེར་ན་གཟུགས་ཀྱི་རྣམ་པ་དམན་པ་ས་དང༌། བར་མ་ཟངས་དང༌། མཆོག་གསེར་གྱི་སྣོད་གསུམ་ཆར་ལ་ནམ་མཁའ་ཁྱབ་པར་ཡོད་པ་བཞིན་ནོ། །དེ་ཡང་སྣོད་གསུམ་གྱི་ནམ་མཁའ་ནི་ནམ་མཁའ་ཙམ་དུ་དབྱེ་བ་མེད་པ་ཡིན་གྱི་གཅིག་ཉིད་ནི་མིན་ནོ། །དེ་བཞིན་དུ་ཆོས་ཅན་གསུམ་གྱི་རང་བཞིན་རྣམ་དག་གི་ཆོས་ཉིད་རིགས་མི་འདྲ་བའི་དབྱེ་བ་མེད་པ་ཙམ་ཡིན་གྱི་གཅིག་མིན་ནོ། །གང་དག་ཆོས་ཉིད་ཆ་མེད་གཅིག་གིས་ཆོས་ཐམས་ཅད་ལ་ཁྱབ་པར་སྨྲ་བ་ནི་སྤྱི་རྟག་པ་ཆ་མེད་གཅིག་གིས་གསལ་བ་ཀུན་ལ་ཁྱབ་པར་སྨྲ་བ་དང་མཚུངས་པས་སྤྱི་འགོག་པའི་རིགས་པ་སྦྱར་ནས་དགག་པར་བྱའོ། །སྤྱི་དངོས་པོར་སྨྲ་བ་ཡང་དེ་དང་མཚུངས་སོ། །ཆོས་ཅན་དྲི་མས་དག་མ་དག་གི་དབྱེ་བས་དྲི་བཅས་དེ་བཞིན་ཉིད་དང་དྲི་མེད་དེ་བཞིན་ཉིད་དུ་འབྱེད་པ་ཡིན་གྱི་ངོ་བོའི་སྒོ་ནས་མ་ཡིན་ལ། ཆོས་ཅན་དྲི་མས་དག་མ་དག་གི་དབྱེ་བས་གཅིག་ཉིད་ཀྱང་མ་ཡིན་ནོ། །ནམ་མཁའ་གཟུགས་ཅན་ཐམས་ཅད་ལ་ཁྱབ་པའི་དཔེས་ཀྱང་སྤྱིའི་མཚན་ཉིད་རང་བཞིན་རྣམ་དག་གིས་ཐམས་ཅད་ལ་ཁྱབ་པ་ལ་སྦྱར་བར་བྱའི། གློ་བུར་རྣམ་དག་གིས་ཐམས་ཅད་ལ་ཁྱབ་པ་ལ་སྦྱར་བར་བྱ་བ་མ་ཡིན་ནོ། །མི་འགྱུར་བའི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཡོན་ཏན་གྱི་ཆོས་གནས་སྐབས་གསུམ་ཆར་ལ་མ་ཁྱབ་ན། འོ་ན་མ་དག་པ་གཉིས་ཀྱི་སྐབས་སུ་ཉེས་པ་དང་ལྡན་པ་དང༌། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ཉེས་པ་དང་བྲལ་ནས་ཡོན་ཏན་དང་གསར་དུ་ལྡན་པའི་ཕྱིར། ཆོས་ཉིད་སྔར་མ་དག་པ་ལས་དག་པར་འགྱུར་བའི་ཕྱིར་ཆོས་ཉིད་འགྱུར་མེད་མ་ཡིན་པར་འགྱུར་རོ་ཞེ་ན། སོ་སྐྱེའི་གནས་སྐབས་སུ་ཆོས་ཉིད་ལ་མ་དག་པ་ཞེས་བརྗོད་དེ། ཉེས་པ་གློ་བུར་བའི་དྲི་མ་དང་ལྡན་པའི་ཕྱིར། འཕགས་པ་སློབ་པའི་གནས་སྐབས་ན་དག་ལ་མ་དག་པ་ཞེས་བརྗོད་དེ། མཐོང་སྤང་ལ་བསྒོམ་སྤང་གི་དྲི་མ་སྤངས་པ་མ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་གནས་སྐབས་ན་ཤིན་ཏུ་རྣམ་པར་དག་པ་ཞེས་བརྗོད་དེ། དྲི་མ་དང་བྲལ་བའི་ཡོན་ཏན་རང་བཞིན་དང་རང་བཞིན་ཅན་གྱི་ཚུལ་གྱིས་དབྱེར་མེད་འབྲལ་མི་རུང་དང་ལྡན་པའི་ཕྱིར། དྲི་མ་ནི་འབྲལ་རུང་དུ་ཡོད་པས་གློ་བུར་བ་ཞེས་བརྗོད་ལ། ཡོན་ཏན་ནི་འབྲལ་མི་རུང་གི་ཚུལ་དུ་ལྡན་པས་རང་བཞིན་གྱིས་ལྡན་ཞེས་བཤད་དེ། འོག་ཏུ། ནོར་བུ་རིན་ཆེན་འོད་མདོག་དང༌། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །རང་བཞིན་གྱིས་ལྡན་ཞེས་པའི་དོན་དང་པོ་ནས་ལྡན་པར་འཆད་པ་ནི་ནོར་བ་ཁོ་ནའོ། །མདོར་ན་ཁམས་དྲི་མ་དང་བྲལ་བ་ན་མེ་ལ་ཚ་བ་རང་ཆས་སུ་ལྡན་པ་བཞིན་དུ་ཡོན་ཏན་རང་ཆས་སུ་ལྡན་པས་ན་དེ་ལ་རང་བཞིན་གྱིས་ལྡན་ཞེས་བྱའོ། །འོ་ན་ཆོས་ཉིད་འགྱུར་བར་ཐལ། སྔར་ཡོན་ཏན་དང་མི་ལྡན་པ་ལས་ཕྱིས་ཡོན་ཏན་དང་ལྡན་པ་འགྱུར་བའི་ཕྱིར་དང༌། སྔར་དྲི་བཅས་ལས་ཕྱིས་དྲི་མེད་དུ་འགྱུར་བའི་ཕྱིར་ཞེ་ན། རྟེན་ཆོས་ཅན་གྱི་སྒོ་ནས་དྲི་མས་དག་མ་དག་དང་ཡོན་ཏན་དང་ལྡན་མི་ལྡན་གྱི་ཁྱད་པར་ཡོད་ཀྱི་ཆོས་ཉིད་ཀྱི་རང་གི་ངོ་བོ་ལ་འགྱུར་བ་མེད་དེ། སྔར་ཇི་ལྟ་བ་བཞིན་ཕྱིས་ཀྱང་དེ་བཞིན་དུ་གནས་པའི་ཕྱིར། དཔེར་ན་ནམ་མཁའ་སྔར་སྤྲིན་དང་བཅས་པ་ལས་ཕྱིས་སྤྲིན་དང་བྲལ་ཡང་ནམ་མཁའི་ངོ་བོ་ལ་སྔ་མ་དང་ཕྱི་མ་ཁྱད་པར་མེད་པ་ལྟ་བུའོ། །སྔར་དྲི་མ་དང་ལྡན་པའི་སྐབས་སུ་ཡོན་ཏན་མེད་ལ། ཕྱིས་ཡོན་ཏན་དང་ལྡན་པ་ནི་དཔེར་ན་ནོར་བུ་ནི་ནོར་བུ་མཁན་གྱིས་མ་སྦྱངས་པའི་ཚེ་དྲི་མ་དུ་ལྡན་ཡང་དྲི་མ་སྦྱངས་པ་ན་ནོར་བུའི་འོད་དང་མདོག་ལ་སོགས་པ་དབྱེར་མེད་དམ་འབྲལ་མི་རུང་དང་ལྡན་པ་བཞིན། ནོར་བུ་རིན་ཆེན་འོད་མདོག་དང༌། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་པ་ལྟར་རོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། མ་དག་པའི་གནས་སྐབས་སུ་མི་འགྱུར་བ་དང༌། དག་ལ་མ་དག་པའི་གནས་སྐབས་སུ་མི་འགྱུར་བ་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་མི་འགྱུར་བའོ། །དང་པོ་ལ་བཞི་སྟེ། བསྟན་པ་དང༌། བཤད་པ་དང༌། བསྡུ་བ་དང༌། འཇིག་པའི་དཔེ་དོན་གྱི་ཆོས་མཐུན་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཉེས་པ་དང༌། སྐྱེ་འཇིག་གིས་མ་གོས་པ་བསྟན་པའོ། །དང་པོ་ནི། ཇི་ལྟར་ནམ་མཁའ་གཟུགས་ཅན་ཀུན་ཏུ་སོང་ཡང་ལུས་ཅན་མིན་པས་ཕྲ་བའི་ཕྱིར་གཟུགས་ཀྱིས་ཉེ་བར་མི་གོས་པ་བཞིན་དུ་གནས་ཁམས་འདི་སེམས་ཅན་ཐམས་ཅད་ལ་ཁྱབ་ཀྱང་དེའི་ཉོན་མོངས་ཀྱིས་གོས་པ་མེད་དེ། རང་བཞིན་རྣམ་དག་ཡིན་པས་སོ། །གཉིས་པ་ནི། ཇི་ལྟར་སྣོད་ཀྱི་འཇིག་རྟེན་ཐམས་ཅད་དུ་ནམ་མཁའ་ལ་སྐྱེ་ཞིང་འཇིག་ཀྱང་ནམ་མཁའ་སྐྱེ་འཇིག་གིས་མ་གོས་པ་དེ་བཞིན་དུ། འདུས་མ་བྱས་ཀྱི་ཆོས་དབྱིངས་ལ་སེམས་ཅན་གྱི་དབང་པོ་མཚོན་པ་ཕུང་ཁམས་སྐྱེ་མཆེད་དེ་རྣམས་སྐྱེ་ཞིང་འཇིག་ཀྱང་དབྱིངས་སྐྱེ་འཇིག་གིས་མ་གོས་སོ། །དེ་ལ་འབྱུང་བ་བཞི་དང་ནམ་མཁའ་སྟེ་ལྔ་ནི་དཔེའོ། །ཚུལ་བཞིན་མིན་པའི་ཡིད་བྱེད་དང༌། ལས་ཉོན་དང༌། ཕུང་ཁམས་སྐྱེ་མཆེད་དང༌། འཆི་བ་དང་རྒ་བ་དང༌། དབྱིངས་དང་ལྔ་ནི་དོན་ནོ། །དེ་ལས་འབྱུང་བ་བཞི་ནི་སྐྱེ་འཇིག་གཉིས་ཀའི་དཔེ་ཡིན་ལ། ནམ་མཁའ་ནི་སྐྱེ་འཇིག་གཉིས་ཀ་མེད་པའི་དཔེའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཉེས་པས་མ་གོས་པ་དང༌། སྐྱེ་འཇིགས་གིས་མ་གོས་པའོ། །དང་པོ་ནི། ཇི་ལྟར་ནམ་མཁའ་དུས་མཐའི་མེ་སོགས་གསུམ་གྱིས་སྔོན་ཆད་ནམ་ཡང་ཚིག་པ་མེད་པ་དེ་བཞིན་དུ་ཁམས་འདི་ནི་འཆི་བ་དང༌། ན་བ་དང་རྒ་བའི་མེས་མི་འཚིག་གོ །གཉིས་པ་ལ་གསུམ་སྟེ། དཔེ་དོན་དང༌། དཔེ་དོན་སྦྱར་བ། ཆོས་མཐུན་བཤད་པའོ། །དང་པོ་ནི། སའི་དཀྱིལ་འཁོར་ནི་ཆུའི་དཀྱིལ་འཁོར་ལ་བརྟེན་པ། ཆུ་དེ་ནི་རླུང་གི་དཀྱིལ་འཁོར་ལ་བརྟེན་ཅིང༌། རླུང་དེ་ནི་ནམ་མཁའ་ལ་བརྟེན་ཏེ་གནས་ལ། ནམ་མཁའ་ནི་རླུང་དང་ཆ་དག་དང་སའི་ལ་གནས་པ་མ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་དབང་པོ་དྲུག་ཡུལ་དང་བཅས་པ་གང་ཟག་གིས་བསྡུས་པ་རྣམས་ལས་དང་ཉོན་མོངས་པ་དག་ལ་གནས་སོ། །ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་ལ་གནས་སོ། །ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་ནི་སེམས་ཀྱི་རང་བཞིན་དག་པ་ལ་རབ་ཏུ་གནས་སོ། །སེམས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་རྣམས་ནི་ཚུལ་མིན་ཡིད་བྱེད་སོགས་ཐམས་ཅད་ལ་ཡང་གནས་པ་མེད་དོ། །གཉིས་པ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སའི་ཁམས་དང་འདྲ་བར་ཤེས་པར་བྱའོ། །ལུས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་ནི་ཆུའི་ཁམས་དང་འདྲ་བར་ཤེས་པར་བྱའོ། །ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་ནི་རླུང་གི་ཁམས་དང་འདྲ་བར་བལྟའོ། །སེམས་ཀྱི་རང་བཞིན་ནི་ནམ་མཁའི་ཁམས་བཞིན་དུ་ཚུལ་མིན་ཡིད་བྱེད་སོགས་ཀྱི་གཞི་ཅན་མིན་པས་ཚུལ་མིན་ཡིད་བྱེད་སོགས་ལ་གནས་པ་མེད་དོ། །གསུམ་པ་ནི། རླུང་ནམ་མཁའ་ལ་གནས་པ་ལྟར་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་གཙང་བདེ་རྟག་སོགས་སུ་འཛིན་པ་ནི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་ལ་རབ་ཏུ་གནས་སོ། །རླུང་ཆུའི་རྟེན་ཡིན་པ་ལྟར་ཚུལ་བཞིན་མིན་པ་ཡིད་བྱེད་ཀྱིས་ལས་དང་ཉོན་མོངས་པ་རབ་ཏུ་ཕྱེའོ། །ཆུའི་དཀྱིལ་འཁོར་བསྲུབས་པ་ལས་ས་གཞི་འབྱུང་བ་ལྟར་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་ཆུ་ལྟ་བུ་ལས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་འབྱུང་ངོ༌། །ས་གཞི་སོགས་ཀྱི་སྣོད་དེ་ཉིད་འཇིག་པ་དང་ཆགས་པ་ལྟར་མ་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོགས་སྐྱེ་བ་དང་འཇིག་པར་འགྱུར་བ་ཡིན་ནོ། །དེ་ལྟར་སྐྱེ་བའི་ཆོས་ཅན་བཤད་ནས་དབྱིངས་དང་ནམ་མཁའ་སྐྱེ་འཇིག་མེད་པའི་ཆོས་ཅན་དུ་བཤད་པ་ནི། སེམས་ཀྱི་རང་བཞིན་སྟོང་པ་ཉིད་ནི་ནམ་མཁའ་ཁམས་ལྟར་ཉེར་ལེན་གྱི་རྒྱུ་མེད་ཅིང་ལྷན་ཅིག་བྱེད་པའི་རྐྱེན་མེད་དེ། དེ་གཉིས་ཚོགས་པའང་མེད་ཅིང༌། དེས་དང་པོ་སྐྱེ་བ་དང་མཐར་འཇིག་པ་དང་བར་དུ་གནས་པའང་ཡོད་པ་མིན་ནོ། །འདིའི་མདོར་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་སྟེ་སྙིང་པོ་མེད་པའི་རྩ་བ་ཅན། མི་གནས་པའི་རྩ་བ་ཅན། དག་པའི་རྩ་བ་ཅན། མེད་པའི་རྩ་བ་ཅན་ནོ། །ཞེས་གསུངས་པས་ཀྱང་ཁམས་འདི་རྒྱུ་རྐྱེན་གྱིས་འདུས་མ་བྱས་ཤིང་སྟོང་ཉིད་སྤྲོས་བྲལ་དུ་གྲུབ་བོ། །གསུམ་པ་བསྡུ་བ་ལ་གཉིས་ཏེ། ཉེས་པས་མ་གོས་པ་དང་སྐྱེ་འཇིག་གིས་མ་གོས་པའོ། །དང་པོ་ནི། སེམས་ཀྱི་རང་བཞིན་འོད་གསལ་སྟོང་པ་ཉིད་གང་ཡིན་པ་དེ་ནི་ནམ་མཁའ་བཞིན་དུ་གཞན་དུ་འགྱུར་བ་མེད་དེ། ཡང་དག་པ་མིན་པའི་རྟོག་པ་ལས་བྱུང་བའི་ཆགས་སོགས་གློ་བུར་གྱི་དྲི་མས་རང་བཞིན་དེ་ཉོན་མོངས་པར་མི་འགྱུར་རོ། །གཉིས་པ་ནི། ལས་དང་ཉོན་མོངས་པའི་ཚོགས་ཆུ་དང་འདྲ་བ་དང་ཚུལ་མིན་ཡིད་བྱེད་རླུང་དང་འདྲ་བ་སོགས་ཀྱིས་སེམས་ཀྱི་རང་བཞིན་འདི་ནི་མངོན་པར་འགྲུབ་པ་མིན་ཏེ། མ་བཅོས་པའི་དོན་ཡིན་པའི་ཕྱིར་འཆི་བ་དང༌། ན་བ་དང༌། རྒ་བའི་མེ་མི་བཟད་པ་དྲག་པོས་ཀྱང་ཚིག་པ་སྟེ་འཇིག་པར་མི་འགྱུར་རོ། །བཞི་པ་འཇིག་པའི་དཔེ་དོན་གྱི་ཆོས་མཐུན་བསྟན་པ་ནི། དུས་མཐའ་སྟེ་བསྐལ་པ་འཇིག་པའི་མེས་སྣོད་ཀྱི་འཇིག་རྟེན་མེད་པར་བྱེད་པ་དང༌། དམྱལ་བའི་མེས་སྡུག་བསྔལ་བསྐྱེད་པ་དང༌། ཐ་མལ་གྱི་མེས་འདུ་བྱེད་སྨིན་པར་བྱེད་པ་ལྟར། འཆི་བས་ཚེ་འདིའི་ཕུང་པོ་མེད་པའམ་འཇིག་པར་བྱེད་པ་དང༌། ན་བས་སྡུག་བསྔལ་བསྐྱེད་པ་དང༌། རྒ་བས་ཕུང་པོ་སྨིན་པར་བྱེད་པ་ནི་མེ་གསུམ་པོ་དེ་དང་འདྲ་བར་ཤེས་པར་བྱའོ། །གཉིས་པ་དག་ལ་མ་དག་པའི་གནས་སྐབས་སུ་མི་འགྱུར་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བྱང་སེམས་འཕགས་པ་ཆོས་ཅན། སྐྱེ་འཆི་དང༌། ན་བ་དང༌། རྒ་བ་ལས་གྲོལ་བ་ཡིན་ཏེ། ཁམས་འདིའི་རང་བཞིན་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རྟོགས་པའི་ཕྱིར། འདིས་ནི་ས་དང་པོ་ཐོབ་ནས་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་འཆི་མེད་པར་བསྟན་པས་ས་དང་པོ་ནས་ཉོན་མོངས་པ་མེད་པ་གསལ་བར་བྱས་སོ། །འཁོར་བའི་སྐྱེ་འཆི་སོགས་ཀྱི་ཕོངས་པ་དང་བྲལ་ཡང་བློ་ལྡན་བྱང་སེམས་ཆོས་ཅན། གཞན་དོན་དུ་འཁོར་བར་སྐྱེ་བ་སོགས་ཀྱི་ཚུལ་བསྟན་ཏེ། ཁམས་མཐོང་བ་དེའི་རྒྱུས་འགྲོ་བ་ལ་སྙིང་རྗེ་བསྐྱེད་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྐྱེ་འཆིའི་སྡུག་བསྔལ་གྱིས་དག་པའི་ཚུལ་དང༌། གཞན་ངོར་སྐྱེ་འཆི་སྟོན་པས་མ་དག་པའི་ཚུལ་དང༌། གཞན་དོན་དུ་སྤྱོད་པ་བྱེད་པའི་ཚུལ་ལོ། །དང་པོ་ནི། བྱང་སེམས་འཕགས་པ་ཆོས་ཅན། འཆི་བ་དང་ན་བ་དང་རྒ་བའི་སྡུག་བསྔལ་རྩད་ནས་སྤངས་ཏེ། ཁམས་ཀྱི་རང་བཞིན་མངོན་སུམ་དུ་མཐོང་བའི་ཕྱིར། བྱང་སེམས་འཕགས་པ་དེ་ལ་ཆོས་ཅན། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བའི་སྐྱེ་འཆི་དེ་མེད་དེ། ལས་དང་ཉོན་མོངས་པ་དེ་མེད་པའི་ཕྱིར། གཉིས་པ་ནི། སྙིང་རྗེའི་བདག་ཉིད་ཅན་གྱི་བྱང་སེམས་འཕགས་པ་ཆོས་ཅན། སྐྱེ་འཆི་སོགས་ཀྱི་སྡུག་བསྔལ་ལས་འདས་ཏེ། ཁམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མངོན་སུམ་དུ་མཐོང་བའི་ཕྱིར། སྐྱེ་སོགས་རྣམས་ལས་འདས་པར་གྱུར་ཀྱང་གཞན་དོན་དུ་སྐྱེ་བ་དང་འཆི་བ་དང་ན་བ་དང་རྒ་བ་ཀུན་ཏུ་སྟོན་ཏེ། སྙིང་རྗེའི་བདག་ཉིད་ཅན་དུ་གྱུར་པས་སོ། །གསུམ་པ་གཞན་དོན་དུ་སྤྱོད་པ་བྱེད་པའི་ཚུལ་ལ་བཞི་སྟེ། སེམས་དང་པོ་བསྐྱེད་པའི་སྤྱོད་པའི་ཚུལ་དང༌། མ་གོས་པའི་སྤྱོད་པ་ལ་ཞུགས་པའི་སྤྱོད་པ་དང༌། རྣམ་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པའི་སྤྱོད་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་སྤྱོད་ཚུལ་ལོ། །དང་པོ་ལ་གཉིས་ཏེ། འཕགས་པའི་སྤྱོད་པ་རྨད་དུ་བྱུང་བ་དང༌། དེ་ཉིད་ཀྱིས་འགྲོ་བའི་གཉེན་དུ་གྲུབ་པའོ། །དང་པོ་ནི། ས་དང་པོ་ལ་གནས་པའི་རྒྱལ་སྲས་ཀྱིས་འགྱུར་བ་མེད་པའི་ཆོས་ཉིད་འདི་རྟོགས་ནས། འཁོར་བའི་སྐྱེ་སོགས་ལས་གྲོལ་ཡང་གདུལ་བྱ་མ་རིག་པས་ཤེས་རབ་ཀྱི་མིག་མདོངས་པ་རྣམས་ཀྱིས་སྐྱེ་འཆི་སོགས་སུ་མཐོང་བ་གང་ཡིན་པ་དེ་རྨད་དུ་བྱུང་ངོ༌། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་དེ་ཆོས་ཅན། འགྲོ་བའི་གཉེན་དུ་གྱུར་པ་ཡིན་ཏེ། འཕགས་པའི་སྤྱོད་ཡུལ་ཐོབ་ཀྱང་གཞན་དོན་གྱི་ཐབས་དང༌། སྙིང་རྗེ་མཆོག་དང་ལྡན་པས་གཞན་དོན་དུ་སྐྱེ་བ་སོགས་སུ་སྟོན་པ་དེ་ཉིད་ཀྱི་ཕྱིར། གཉིས་པ་མ་གོས་པའི་སྤྱོད་པ་ལ་ཞུགས་པའི་སྤྱོད་པ་ནི། ས་གཉིས་པ་ནས་བདུན་པའི་བར་ལ་གནས་པའི་བྱང་སེམས་དེ་ནི་ཤེས་རབ་ཀྱིས་འཇིག་རྟེན་ཐམས་ཅད་ལས་འདས་ཀྱང་སྙིང་རྗེས་འཇིག་རྟེན་ལས་མ་གཡོས་པའི་ཚུལ་སྟོན་ཏོ། །གལ་ཏེ་འཇིག་རྟེན་ལས་འདས་ན་འཇིག་རྟེན་ལས་མ་གཡོས་པར་འགལ་ལོ་ཞེ་ན། མི་འགལ་ཏེ་འཇིག་རྟེན་གྱི་དོན་དུ་འཇིག་རྟེན་ན་གནས་ཀྱང་འཇིག་རྟེན་གྱི་དྲི་མས་མ་གོས་པར་སྤྱོད་པས་སོ། །ཇི་ལྟར་པདྨ་ཆུ་ནང་དུ་སྐྱེས་ཀྱང་ཆུ་ཡིས་གོས་པ་མེད་པ་བཞིན་དུ་སྤྱོད་པ་ལ་ཞུགས་པའི་བྱང་སེམས་དེ་ནི་གཞན་དོན་དུ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་སོ། །གསུམ་པ་རྣམ་པ་ཐམས་ཅད་དུ་ཕྱིར་མི་ལྡོག་པའི་སྤྱོད་པ་ནི། ས་བརྒྱད་པ་དང་དགུ་པ་ལ་གནས་པའི་བྱང་སེམས་གཞན་དོན་གྱི་བྱ་བ་བསྡུ་དངོས་བཞིས་གདུལ་བྱ་སྡུད་པའི་བྱ་བ་སྒྲུབ་པ་ལ་རྟག་ཏུ་བློ་འབད་མེད་དུ་འཇུག་པའི་ཚུལ་ནི་བུད་ཤིང་སྐམ་པོ་མར་གྱིས་བྲན་པ་ལ་མེ་རང་གི་ངང་གིས་འབར་བ་བཞིན་དུ་རང་དོན་འབད་རྩོལ་དང༌། སྤྲོས་པ་ཀུན་ཞི་བའི་བསམ་གཏན་དང༌། སྙོམས་འཇུག་ལ་དུས་རྟག་ཏུ་སྙོམས་པར་འཇུག་ནུས་པ་ཡིན་ཏེ། རྣམ་པར་མི་རྟོག་པ་ལ་དབང་ཐོབ་པས་སོ། །བཞི་པ་སྐྱེ་བ་གཅིག་གིས་ཐོགས་པའི་སྤྱོད་ཚུལ་ལ་ལྔ་སྟེ། གཞན་དོན་ལ་འབད་མེད་དུ་འཇུག་པ། སྦྱོར་བ་ཐབས་མཁས་ལ་འཇུག་པ། སྤྱོད་པའི་ཚུལ་མཐའ་ཡས་པ་ལ་འཇུག་པ། གཞན་དོན་སངས་རྒྱས་དང་མཚུངས་པ། རང་དོན་སངས་རྒྱས་དང་མི་མཚུངས་པའོ། །དང་པོ་ནི། བྱང་སེམས་ས་བཅུ་པ་ལ་གནས་པ་དེ་སྔོན་གཞན་དོན་འབད་མེད་དུ་འཇུག་པར་སྨོན་ལམ་བཏབ་པའི་འཕེན་པའི་དབང་གིས་འཇུག་པ་དང༌། སེམས་རྟོག་པ་གནས་གྱུར་པས་རྣམ་རྟོག་ཐམས་ཅད་དང་བྲལ་བའི་ཕྱིར། བྱང་སེམས་དེ་ནི་ལུས་ཅན་སྨིན་པའི་དོན་དུ་འབད་པ་བྱེད་པ་ལ་ལྟོས་པ་མ་ཡིན་ནོ། །གཉིས་པ་ནི། གསུང་གིས་གདུལ་བྱའི་མོས་པ་བཞིན་དུ་ཆོས་བསྟན་པ་དང༌། གཟུགས་སྐུ་སྣ་ཚོགས་སྟོན་པ་དང༌། གདུལ་བྱའི་བསམ་པ་དང་མཐུན་པའི་སྤྱོད་པ་སྟོན་པ་དང༌། འགྲོ་འཆག་སོགས་ཀྱི་སྤྱོད་ལམ་གྱིས་ཀྱང་རུང་གདུལ་བྱ་གང་ཞིག་རྣམ་པ་ཇི་ལྟར་ཐབས་གང་གིས་འདུལ་བ་རྣམས་བྱང་སེམས་དེས་ཐབས་དེ་དག་གི་རྣམ་པ་དེ་ལྟ་ཉིད་དུ་ཤེས་སོ། །གསུམ་པ་ནི། རྒྱ་ཆེ་བ་ནམ་མཁའ་མཐའ་ཀླས་པའི་འགྲོ་བ་ལ་བློ་ལྡན་བྱང་སེམས་དེ་ཡིས་སེམས་ཅན་གྱི་དོན་ནི་ཡང་དག་པར་འཇུག་གོ །དེ་ཡང་དུས་རྟག་ཏུ་དང༌། རྣམ་པ་ལྷུན་གྱིས་གྲུབ་པ་དང༌། ཐོགས་པ་མེད་པའི་ཚུལ་དུ་འཇུག་གོ །བཞི་པ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པའི་རྗེས་ཐོབ་ཏུ་སེམས་ཅན་སྡུག་བསྔལ་ལས་ཡང་དག་པར་སྒྲོལ་བའི་ཚུལ་འདི་དག་ནི་དེ་བཞིན་གཤེགས་པ་རྣམས་དང་གདུལ་བྱའི་འཇིག་རྟེན་གྱི་དོན་བྱེད་ཚུལ་མཉམ་པ་ཉིད་དོ། །འདིར་གདུལ་བྱའི་ངོར་ཕྲིན་ལས་བྱེད་ཚུལ་མཉམ་པ་ཉིད་ཙམ་ཡིན་གྱི་དོན་གྱིས་མཉམ་པ་ནི་མ་ཡིན་ནོ། །ལྔ་པ་ནི། གཞན་ངོར་གཞན་དོན་བྱེད་ཚུལ་མཉམ་པ་དེ་ལྟ་མོད་ཀྱི་རང་དོན་ཁྱད་པར་མེད་པ་མ་ཡིན་ཏེ། དཔེར་ན་སའི་དཀྱིལ་འཁོར་ཆེན་པོ་དང་རྡུལ་ཕྲན་གཉིས་ཀྱི་ཁྱད་པར་དང༌། རྒྱ་མཚོ་ཆེན་པོ་དང་བ་ལང་གི་རྨིག་རྗེས་གཉིས་ཀྱི་ཆུའི་ཁྱད་པར་གང་ཡིན་པ་དེ་ཙམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ས་བཅུ་པའི་ཡོན་ཏན་གྱི་ཁྱད་པར་ཡང་དེ་ཙམ་མོ། །གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ན་མི་འགྱུར་བའི་ཚུལ་ལ་གསུམ་སྟེ། རྟགས་ཆོས་དོན་གསུམ་ངོས་བཟུང༌། རྟགས་དང་བསྒྲུབ་བྱའི་ཆོས་སྦྱར། རྟགས་སོགས་ཀྱི་དོན་བཤད་པའོ། །དང་པོ་ནི། ཤིན་ཏུ་རྣམ་པར་དག་པའི་ཆོས་སྐུ་དེ་ནི་ཆོས་ཅན། སྐྱེ་བ་མེད་པ་དང༌། འཆི་བ་མེད་པ་དང༌། གནོད་པ་མེད་པ་དང༌། རྒ་བ་མེད་པ་ཡིན་ཏེ། རིམ་པ་བཞིན་དུ་རྟག་པའི་ཕྱིར་དང༌། བརྟན་པའི་ཕྱིར་དང༌། ཞི་བའི་ཕྱིར་དང༌། གཡུང་དྲུང་ཕྱིར། གཏན་ཚིགས་བཞི་པོའི་དོན་རིམ་པ་ལྟར། རྟག་པ་ཡིན་ཏེ་གཞན་དུ་མི་འགྱུར་བའི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཡོན་ཏན་མི་ཟད་པ་དང་ལྡན་པའི་ཕྱིར། བརྟན་པ་ཡིན་ཏེ། འགྲོ་བའི་སྐྱབས་ཡིན་པའི་ཕྱིར་ཏེ། ཕྱི་མའི་མུར་ཐུག་པར་གནས་པའི་ཕྱིར། ཞི་བ་ཡིན་ཏེ། ལས་ཉོན་གཉིས་མེད་པའི་ཕྱིར་ཏེ། རྟག་ཏུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར། གཡུང་དྲུང་ཡིན་ཏེ། འཇིག་པ་མེད་པའི་ཕྱིར་ཏེ། ལས་ཉོན་གྱིས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར། གཉིས་པ་ནི། ཤིན་ཏུ་རྣམ་པར་དག་པའི་ཆོས་སྐུ་དེ་ནི་ཆོས་ཅན། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྐྱེ་བ་མེད་དེ། རྟག་པའི་ཕྱིར། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོས་མི་འཆི་སྟེ། བརྟན་པའི་ཕྱིར། མ་རིག་པའི་བག་ཆགས་ཕྲ་མོའི་ནད་རྣམས་ཀྱིས་ཀྱང་གནོད་པ་མེད་དེ། ཞི་བ་ཉིད་ཀྱི་ཕྱིར། ཟག་མེད་ཀྱི་འདུ་བྱེད་ཀྱི་འབྲས་བུ་སྨིན་པའི་རྒ་བ་མེད་དེ། གཡུང་དྲུང་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ལས། དང་པོ་མདོར་བསྟན་པ་ནི། རྟགས་སོགས་ཀྱི་དོན་བཀོད་པ་དེ་ལ། གཞན་འགྱུར་མིན་བདག་ཅེས་པ་དམ་བཅའ་བསྟན་པའི་ཚིག་དང༌། མི་ཟད་ཆོས་ལྡན་ཕྱིར་ཞེས་པ་བཤད་པའི་ཚིག་སྟེ། ཚིག་གཉིས་ཀྱིས་རྟག་པའི་དོན་མདོ་བཞིན་དུ་ཤེས་པར་བྱའོ། །འདིར་འདུས་མ་བྱས་ཀྱི་དབྱིངས་ལ་རྟག་པའི་དོན་དུ་སྦྱར་རོ། །དེ་བཞིན་དུ་འགྲོ་སྐྱབས་ཞེས་པ་བསྟན་པ་དང༌། ཕྱི་མའི་མུར་ཐུག་ཅེས་པ་བཤད་པའི་ཚིག་སྟེ། ཚིག་གཉིས་ཀྱིས་བརྟན་པའི་དོན་དང༌། གཉིས་མེད་ཅེས་པ་བསྟན་པ་དང༌། མི་རྟོག་ཅེས་པ་བཤད་པ་སྟེ། ཚིག་གཉིས་ཀྱིས་ཞི་བའི་དོན་དང༌། འཇིག་མེད་ཅེས་པ་བསྟན་པ་དང༌། མ་བྱས་ཞེས་པ་བཤད་པ་སྟེ་ཚིག་གཉིས་ཀྱིས་གཡུང་དྲུང་གི་དོན་དུ་ཤེས་པར་བྱའོ། །འགའ་ཞིག་ཚིག་རྐང་པ་གཅིག་གིས་བསྟན་པ་དང༌། བསམ་མི་ཁྱབ་ཅེས་སོགས་ཀྱི་ཚིག་རྐང་པ་གཉིས་གཉིས་ཀྱིས་བཤད་ཅེས་འཆད་པ་ལྟར་ན་ཚིག་གསུམ་དུ་འགྱུར་བས། ཚིག་གཉིས་གཉིས་ཀྱིས་ཞེས་གསུངས་པ་དང་འགལ་ཞིང༌། འོག་ཏུ། མི་ཟད་ཡོན་ཏན་དང་ལྡན་ཕྱིར། །གཞན་འགྱུར་མིན་བདག་རྟག་པའི་དོན། །ཞེས་གསུངས་པ་དང་ཡང་མི་འགྲིག་གོ །གཉིས་པ་རྒྱས་པར་བཤད་པ་ནི། རྟག་པའི་དོན་ནི་གཞན་དུ་མི་འགྱུར་བའི་བདག་ཉིད་དོ། །དེའི་བཤད་པ་ནི། ཕུང་པོ་ལྷག་མེད་དུ་མི་ཟད་པའི་ཡོན་ཏན་དང་ལྡན་པའི་ཕྱིར། བརྟན་པའི་དོན་ནི་གཏན་དུ་བའི་སྐྱབས་ཀྱི་བདག་ཉིད་དོ། །དེའི་བཤད་པ་ནི། ཕྱི་མའི་མཐའི་མུ་དང་མཚུངས་པའི་ཕྱིར་ཞེས་པའོ། །ཞི་བའི་དོན་ནི་ལས་ཉོན་གཉིས་མེད་པའི་ཕྱིར་ཆོས་ཉིད་དོ། །དེའི་བཤད་པ་ནི། རྣམ་པར་མི་རྟོག་པའི་ཕྱིར་ཞེས་པའོ། །གཡུང་དྲུང་གི་དོན་ནི་རྒྱུན་འཇིག་པ་མེད་པའོ། །དེའི་བཤད་པ་ནི། ཟག་བཅས་ཀྱི་ལས་ཀྱིས་མ་བཅོས་པའི་ཡོན་ཏན་ཉིད་ཡིན་པའི་ཕྱིར་ཞེས་པའོ། །བརྒྱད་པ་ཡོན་ཏན་དབྱེར་མེད་པའི་དོན་ལ་གསུམ་སྟེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་ནི། མཐར་ཐུག་གི་མྱང་འདས་སངས་རྒྱས་ལས་གཞན་ཉན་རང་ལ་ཡང་ཡོད་དམ་སྙམ་ན། ཤིན་ཏུ་རྣམ་དག་གི་མྱང་འདས་ནི་དེ་བཞིན་གཤེགས་པའི་ཆོས་སྐུ་སོགས་དང་རྣམ་གྲངས་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་པ་དང་གྲངས་མེད་པ་སོགས་ཀྱི་ཡོན་ཏན་དང་དབྱེར་མེད་པ་ཉན་རང་ལ་མེད་ཅེས་སྟོན་པ་ནི། རྫོགས་པའི་སངས་རྒྱས་ཉིད་ལས་མ་གཏོགས་པ་མཐར་ཐུག་གི་མྱང་འདས་ཐོབ་པ་མེད་དོ། །ཉི་མའི་དཀྱིལ་འཁོར་དང་དེའི་འོད་ཟེར་དབྱེར་མེད་པ་བཞིན་ཡོན་ཏན་བཞི་དང་དབྱེར་མེད་པའི་སྤངས་པ་ལ་འཇོག་པས་སོ། །དེ་ཡང་གང་གི་ཕྱིར་ན། ཁམས་ཤིན་ཏུ་རྣམ་པར་དག་པ་དེ་ནི་ཆོས་སྐུ་དང༌། དེ་ནི་དེ་བཞིན་གཤེགས་པ་དང༌། དེ་ནི་འཕགས་པའི་འགོག་པའི་བདེན་པ་དོན་དམ་པ་དང༌། དེ་ནི་མྱ་ངན་ལས་འདས་པ་སྟེ་བཞི་པོ་དོན་གཅིག་ལ་འདུ་བའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཚིགས་བཅད་ཕྱེད་སྔ་མ་བཤད་པ་དང༌། ཕྱེད་ཕྱི་མ་བཤད་པའོ། །དང་པོ་ལ་གཉིས་ཏེ། དོན་ལྡོག་གི་སྒོ་ནས་མིང་གི་རྣམ་གྲངས་དང༌། དོན་ལྡོག་གི་དབྱེ་བ་བཤད་པའོ། །དང་པོ་ནི། མདོར་བསྡུ་ན། སྒྲིབ་གཉིས་ཀྱི་ཟག་པ་མེད་པའི་དབྱིངས་ལ་ཆོས་ཀྱི་སྐུ་ལ་སོགས་པའི་རྣམ་གྲངས་བཞིར་རིག་པར་བྱའོ། །གང་གི་སྒོ་ནས་ཤེ་ན། དོན་གྱི་ལྡོག་པའི་རབ་དབྱེ་བཞིའི་སྒོ་ནས་སོ། །གཉིས་པ་ནི། སྒྲིབ་གཉིས་ཀྱིས་ཟག་པ་མེད་པའི་དབྱིངས་ཆོས་ཅན། ཆོས་ཀྱི་སྐུ་ཞེས་བྱ་སྟེ། སྟོབས་སོགས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དབྱེར་མེད་དུ་གནས་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་སྟེ། སྐྱེ་མཆེད་དྲུག་གི་རིགས་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྟོགས་པ་ཐོབ་པའི་ཕྱིར། འགོག་པའི་བདེན་པ་དོན་དམ་པ་ཞེས་བྱ་སྟེ། བརྫུན་པ་མེད་ཅིང་བསླུ་བ་མེད་པའི་ཆོས་ཉིད་དག་པ་མཐར་ཐུག་ཡིན་པའི་ཕྱིར། མྱང་འདས་ཞེས་བྱ་སྟེ། གདོད་མ་ནས་རང་བཞིན་གྱིས་དག་པ་ལ་གློ་བུར་གྱི་དྲི་མ་ཞི་བའི་ཕྱིར། གཉིས་པ་ཚིགས་བཅད་ཕྱེད་ཕྱི་མ་བཤད་པ་ལ་བཞི་སྟེ། སངས་རྒྱས་དང་མྱང་འདས་དོན་ཐ་མི་དད་པ་དང༌། ཐར་པ་དང་མྱང་འདས་དབྱེར་མེད་པ་དང༌། ཡོན་ཏན་འགྲུབ་བྱེད་ཀྱི་རྒྱུ་དང༌། ཡོན་ཏན་དབྱེར་མེད་པའི་ཆོས་མཐུན་ནོ། །དང་པོ་ནི། དེ་བཞིན་གཤེགས་པའི་ཆོས་སྐུ་སོགས་རྣམ་གྲངས་བཞི་པོ་དོན་གཅིག་ལ་འདུ་བའི་ཕྱིར། ཇི་ལྟ་བ་དང་ཇི་སྙེད་པའི་རྣམ་པ་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་དང༌། སྒྲིབ་གཉིས་ཀྱི་བག་ཆགས་དང་བཅས་པ་སྤངས་པའི་མྱང་འདས་ནི་དོན་དམ་པའི་དོན་དུ་གཉིས་སུ་མེད་པ་ཡིན་པས་སངས་རྒྱས་ཉིད་མ་ཐོབ་བར་མཐར་ཐུག་གི་མྱང་འདས་མི་འཐོབ་བོ། །གཉིས་པ་ནི། དེ་བཞིན་གཤེགས་པའི་ཆོས་སྐུ་ནི་ཡོན་ཏན་གྱི་རིགས་མ་ཚང་བ་མེད་པས་རྣམ་པ་ཐམས་ཅད་པ་དང༌། གསལ་བའི་དབྱེ་བ་མཐའ་ཡས་པས་གྲངས་མེད་པའམ་གཞལ་དུ་མེད་པ་དང༌། གྲངས་དང་མཐུ་དཔག་པར་མི་ནུས་པའི་ཕྱིར་རྟོག་གེའི་བློས་བསམ་དུ་མེད་པ་སྟེ་ཟབ་པ་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་དྲི་མ་མེད་པ་རྣམ་པར་དག་པའི་ཡོན་ཏན་ཏེ་བཞི་དང་དབྱེར་མེད་པའི་མཚན་ཉིད་ཅན་གྱི་ཆོས་སྐུ་ནི་ཐར་པ་མྱང་འདས་མཐར་ཐུག་པ་སྟེ། དེ་འདྲའི་ཐར་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ཡིན་པས་སངས་རྒྱས་མ་ཐོབ་བར་མི་འཐོབ་བོ། །ཉན་རང་གི་མྱང་འདས་ནི་མཐར་ཐུག་གི་མྱང་འདས་མ་ཡིན་ཏེ། དཔལ་ཕྲེང་གི་མདོར། འདི་ནི་ལམ་རིང་པོས་དུབ་པའི་འགྲོན་པོ་རྣམས་ལ་འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་བཞིན་དུ། འདི་ནི་ཆོས་ཀྱི་དབང་ཕྱུག་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐེག་དམན་དུ་མི་ལྡོག་པའི་ཐབས་ཡིན་ནོ་ཞེས་བསྟན་ཏོ། །འདིས་ནི་རྒྱུད་བླ་སེམས་ཙམ་དུ་སྦྱོར་བ་བཀག་གོ །གསུམ་པ་ནི། ཡོན་ཏན་བཞི་འགྲུབ་པའི་རྒྱུ་ནི་ཐབས་ཀྱི་རྣམ་པ་ཀུན་དང་ལྡན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ལ། རི་མོ་མཁན་གྱི་དཔེས་སྟོན་པ་ནི། ཇི་ལྟར་རི་མོ་འབྲི་བར་བྱེད་པའི་མཁན་པོ་མང་པོ་ཞིག་སོ་སོར་མགོ་སོགས་གཞན་དང་གཞན་ལ་ཁྱད་པར་དུ་མཁས་པ་དག་གི་རི་མོ་མཁན་གང་ཞིག མགོ་སོགས་ཡན་ལག་གང་ཤེས་པ་དེས་ཡན་ལག་གཞན་ངེས་ཟིན་མེད་པ་སྟེ་མི་ཤེས་པར་འགྱུར་ལ། དེ་ནས་སའི་མངའ་བདག་རྒྱལ་པོས་རི་མོ་མཁན་དེ་དག་ལ་རི་མོའི་གཞི་རས་བྱིན་ནས་འདི་སྐད་ཅེས་རས་འདི་ལ་རི་མོ་མཁན་ཁྱེད་ཀུན་གྱིས་རྒྱལ་པོ་ངའི་གཟུགས་རྫོགས་པ་ཞིག་གྱིས་ཤིག་ཅེས་བསྒོ་བ་དང༌། དེ་ནས་རི་མོ་མཁན་དེ་དག་གིས་རྒྱལ་པོའི་བཀའ་དེ་ནི་ཐོས་ཏེ་རང་རང་གིས་གང་ཤེས་པའི་རི་མོ་དེ་བྲི་བའི་ལས་ལ་རབ་ཏུ་སྦྱོར་རོ། །རི་མོ་དེ་བྲི་བ་ལ་མངོན་པར་སྦྱོར་བ་རྣམས་ལས་མགོ་བོ་ཤེས་པ་ལྟ་བུ་ཞིག་ཡུལ་གཞན་ཞིག་ཏུ་སོང་ནས་མགོ་བོ་འབྲི་མཁན་དེ་མ་ཚང་བའི་ཕྱིར་རྒྱལ་པོའི་གཟུགས་ཀྱི་རི་མོ་དེ་ཡོངས་སུ་རྫོགས་པར་མི་འགྱུར་བ་དེ་དཔེར་བྱས་སོ། །ཡན་ལག་དེ་རྣམས་འབྲི་བྱེད་རི་མོ་མཁན་གྱིས་མཚོན་པའི་དོན་གང་ཡིན་ན། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་སོགས་སངས་རྒྱས་སྒྲུབ་པའི་ཐབས་ཀུན་ནོ། །དེ་ལྟར་སྦྱིན་སོགས་ཐབས་ཀྱི་རྣམ་པ་མཆོག་དང་ལྡན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ལས་ནི་སྟོབས་སོགས་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པ་རྣམ་པ་ཐམས་ཅད་པའི་ཡོན་ཏན་འགྲུབ་བོ། །སངས་རྒྱས་ཀྱི་སའི་སྦྱིན་སོགས་རེ་རེའང་རབ་ཏུ་མཐའ་ཡས་པའི་ཕྱིར་ཚད་མེད་པ་དང༌། གྲངས་དང་མཐུ་དཔག་པར་མི་ནུས་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་དང༌། སེར་སྣ་སོགས་མི་མཐུན་ཕྱོགས་ཀྱི་བག་ཆགས་བསལ་བའི་ཕྱིར། རྣམ་པར་དག་པའི་མཆོག་ཉིད་དོ། །བཞི་པ་ལ་གཉིས་ཏེ། སྤྱིའི་ཆོས་མཐུན་དང༌། བྱེ་བྲག་གི་ཆོས་མཐུན་ནོ། །དང་པོ་ནི། ཉི་མའི་འོད་གསལ་བ་དང༌། འོད་ཟེར་འཕྲོ་བ་དང༌། དག་པའི་ཆ་གསུམ་པོ་ཉི་མའི་དཀྱིལ་འཁོར་ལ་དབྱེར་མེད་ལྡན་པ་བཞིན་དུ། ཇི་ལྟ་བ་མཁྱེན་པའི་ཤེས་རབ་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང༌། སྤང་བྱ་ལས་རྣམ་པར་གྲོལ་བའི་དག་པ་གསུམ་དྲི་མ་མེད་པའི་དབྱིངས་ལ་ཐ་དད་མེད་པར་ལྡན་པའི་ཕྱིར། གཉིས་པ་ལ། ཇི་ལྟ་བ་མཁྱེན་པ་ནི། ཉི་མའི་འོད་ཟེར་གསལ་བ་དང༌། ཆོས་མཚུངས་ཏེ། ཇི་ལྟ་བའི་གནས་ལུགས་གསལ་བའི་ཕྱིར། ཇི་སྙེད་པ་མཁྱེན་པ་ནི། ཉི་མའི་འོད་ཟེར་འཕྲོ་བ་དང་ཆོས་མཚུངས་ཏེ། ཇི་སྙེད་པའི་རྣམ་པ་ལ་འཕྲོ་བའི་ཕྱིར། རྣམ་པར་གྲོལ་བ་ནི། ཉི་མའི་དཀྱིལ་འཁོར་གྱི་འོད་དག་པ་དང་ཆོས་མཚུངས་ཏེ། སྒྲིབ་གཉིས་ཀྱི་དྲི་མས་དག་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། དེ་ལྟར་རྒྱལ་བའི་སྙིང་པོ་ནི་རྣམ་གཞག་རྣམ་པ་བཅུ་ཞེས་བརྗོད་དོ། །རྣམ་གཞག་རྣམ་པ་བཅུ་བསྟན་ཟིན་ཏོ། །གསུམ་པ་སྙིང་པོ་དྲི་མས་བསྒྲིབས་ཚུལ་དཔེ་དགུས་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚམས་སྦྱར་བ་དང༌། དཔེ་དོན་སྦྱར་བའོ། །དང་པོ་ནི། ཉོན་མོངས་པའི་སྦུབས་ན་གནས་པའི་སྙིང་པོ་དེ་ནི། དཔེ་དགུ་པོ་འདི་དག་གིས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྒྲིབ་བྱ་སྒྲིབ་བྱེད་ལྷན་ཅིག་ཏུ་བསྟན་པ་དང༌། སོ་སོར་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱི་སྐུ་པདྨ་ངན་པའི་ནང་ན་ཡོད་པ་དང༌། སྦྲང་རྩི་སྦྲང་མའི་དབུས་ན་ཡོད་པ་དང༌། འབྲུའི་སྦུན་པ་ལ་སྙིང་པོ་དང༌། མི་གཙང་བའི་ནང་ན་གསེར་དང༌། དབུལ་པོའི་ཁྱིམ་གྱི་ས་ལ་རིན་པོ་ཆེའི་གཏེར་དང༌། ལྗོན་ཤིང་གི་མྱུ་གུ་སོགས་དེ་དག་གི་རྒྱུ་ཤིང་གི་འབྲས་བུ་ཆུང་ངུ་ལ་ཡོད་པ་དང༌། གོས་ཧྲུལ་གྱི་ནང་ན་རྒྱལ་བའི་གཟུགས་སྐུ་དང༌། བུད་མེད་མདོག་ངན་མའི་ལྟོ་ན་མི་བདག་འཁོར་ལོས་སྒྱུར་བ་དང༌། ས་འདམ་གྱི་ཁོང་ན་རིན་ཆེན་ལས་བྱས་པའི་གཟུགས་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་གློ་བུར་གྱི་ཉོན་མོངས་པའི་དྲི་མས་བསྒྲིབས་པའི་སེམས་ཅན་རྣམས་ལ་ཡང་ཁམས་ཀྱི་རང་བཞིན་རྣམ་པར་དག་པ་འདི་གནས་སོ། །གཉིས་པ་ལ་གཉིས་ཏེ། སྒྲིབ་བྱེད་ཀྱི་དཔེ་དོན་དང༌། བསྒྲིབ་བྱའི་དཔེ་དོན་ནོ། །དང་པོ་ནི། དྲི་མའི་དཔེ་པདྨ་སྲོག་ཆགས་སྦུན་པ་མི་གཙང་ས་འབྲས་གོས་ཧྲུལ་དང༌། །སྡུག་བསྔལ་འབར་བས་མངོན་པར་གདུངས་པའི་བུད་མེད་སའི་ཁམས་དང་མཚུངས་སོ། །གཉིས་པ་ནི། སངས་རྒྱས་སྦྲང་རྩི་སྙིང་པོ་གསེར་དང་གཏེར་དང་ནྱ་གྲོ་རིན་ཆེན་སྐུ། གླིང་བདག་མཆོག་དང་རིན་ཆེན་གཟུགས་ཏེ་དཔེ་དགུ་དང་རང་བཞིན་གྱིས་དྲི་མ་མེད་པའི་ཁམས་མཚུངས་པ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དཔེ་དོན་སོ་སོར་སྦྱར་བ་དང༌། དཔེ་དོན་ཆོས་མཐུན་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་དགུ་ལས། དང་པོ་པདྨ་དང་སྦྱར་བའི་དཔེ་དོན་བསྟན་པ་ལ་དང་པོ་དཔེ་ནི། ཇི་ལྟར་མདོག་ངན་ཞིང་དྲི་ང་བའི་པདྨ་ཟུམ་པའི་ཁོང་ན་གནས་པའི་མཚན་བཟང་པོ་སྟོང་གིས་འབར་བའི་དེ་བཞིན་གཤེགས་པ་སྐྱིལ་ཀྲུང་བཅས་པ་ནི། དྲི་མ་མེད་པའི་ལྷའི་མིག་དང་ལྡན་པའི་མིས་མཐོང་ནས། ཆུ་སྐྱེས་དེའི་འདབ་མའི་སྦུབས་ནས་འབྱིན་པར་བྱེད་པ་དེ་བཞིན་དུའོ། །གཉིས་པ་དོན་ནི། བདེ་བར་གཤེགས་པའི་སངས་རྒྱས་ཀྱི་སྤྱན་གྱིས་ཐ་ན་མནར་མེད་ན་གནས་པའི་སེམས་ཅན་རྣམས་ལ་ཡང་རང་རང་གི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་གཟིགས་ཏེ་སྒྲིབ་གཉིས་མེད་ཅིང་དུས་ཕྱི་མའི་མཐར་ཐུག་བར་གནས་ནས་གཞན་དོན་མཛད་པར་བཞེད་པའི་སྙིང་རྗེའི་བདག་ཉིད་ཅན་སངས་རྒྱས་དེས་སྙིང་པོ་དེ་སྒྲིབ་པ་ལས་གྲོལ་བར་མཛད་དོ། །གསུམ་པ་དཔེ་དོན་སྦྱར་བ་ནི། ཇི་ལྟར་མི་སྡུག་པའི་པདྨ་ཟུམ་པ་དེའི་ཁོང་ན་བདེ་བར་གཤེགས་པ་གནས་པ་ལྷའི་མིག་དང་ལྡན་པ་འགའ་ཞིག་གིས་མཐོང་ནས་དེ་དབྱུང་བའི་དོན་དུ་པདྨའི་འདབ་མ་གཅོད་པར་བྱེད་པ་ལྟར། དེ་བཞིན་དུ་སངས་རྒྱས་ཀྱི་སྤྱན་གྱིས་ཆགས་སྡང་སོགས་དྲི་མའི་སྦུབས་ཀྱིས་བསྒྲིབས་པ་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་འགྲོ་བ་ཐམས་ཅད་ལ་ཡོད་པར་གཟིགས་ཏེ། ཐུགས་རྗེས་ཐུབ་པ་ཡིས་པད་འདབ་ལྟ་བུའི་སྒྲིབ་པ་དེ་འཇོམས་པར་མཛད་དོ། །གཉིས་པ་བུང་བ་དང་སྦྱར་བའི་དཔེ་དོན་དང་བཅས་པ་ལ། དང་པོ་དཔེ་བསྟན་པ་ནི། ཇི་ལྟར་སྲོག་ཆགས་བུང་བའི་ཚོགས་ཀྱིས་བསྐོར་བའི་སྦྲང་རྩི་དོན་དུ་གཉེར་བའི་སྐྱེས་བུས་མཐོང་ནས་སྦྲང་རྩི་དེ་དང་སྲོག་ཆགས་སྦྲང་མའི་ཚོགས་དེ་ཐབས་ཀྱིས་ཀུན་ནས་བྲལ་བར་བྱེད་པ་བཞིན་དུའོ། །གཉིས་པ་དོན་བསྟན་པ་ནི། དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི་ཀུན་མཁྱེན་གྱི་སྤྱན་གྱིས་རིགས་ཁམས་སྦྲང་རྩི་དང་འདྲ་བ་འདི་གཟིགས་ནས་མཁས་པས་དེའི་སྒྲིབ་པ་སྦྲང་མ་དང་འདྲ་བ་དེ་གཏན་ནས་སྤོང་བར་མཛད་དོ། །གསུམ་པ་དཔེ་དོན་སྦྱར་བ་ནི། ཇི་ལྟར་སྦྲང་ཚང་སྦྲང་རྩིས་གང་བ་སྲོག་ཆགས་བུང་བ་བྱེ་བ་ཁྲག་ཁྲིག་སྟོང་གིས་བསྒྲིབས་པ་ཞིག་སྦྲང་རྩི་དོན་དུ་གཉེར་བའི་མིས་མཐོང་ནས་སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་འདོད་པ་བཞིན་དུ་སྦྲང་རྩིའི་བྱ་བ་བྱེད་པ་དེ་བཞིན་དུ། ལུས་ཅན་ལ་ཡོད་པའི་ཟག་པའི་རང་བཞིན་དུ་མེད་པའི་ཤེས་པའི་ཁམས་སྦྲང་མའི་རྩི་དང་འདྲ་བ་ལ། ཉོན་མོངས་པ་ནི་དེའི་སྒྲིབ་བྱེད་སྦྲང་མ་དང་འདྲ་ཞིང༌། དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་ནི་སྦྲང་མ་སེལ་བ་ལ་མཁས་པའི་སྐྱེས་བུ་བཞིན་ནོ། །གསུམ་པ་སྦུན་པའི་དཔེ་དོན་དང་བཅས་པ་ལ་གསུམ་ལས། དང་པོ་དཔེ་ནི། ཇི་སྦུན་པ་དང་ལྡན་པའི་འབྲུའི་སྙིང་པོ་ནི་མི་རྣམས་ཀྱི་བཟའ་བའི་ལོངས་སྤྱོད་དུ་མི་འགྱུར་བ་དེས་ན་བཟའ་བ་སོགས་དོན་དུ་གཉེར་བའི་མི་དེ་དག་གིས་སྦུན་པའི་ཁོང་ནས་འབྲས་བུ་དེ་འབྱིན་པ་ལྟར་རོ། །གཉིས་པ་དོན་བསྟན་པ་ནི། དེ་བཞིན་དུ་སེམས་ཅན་ལ་ཡོད་པའི་ཉོན་མོངས་ཀྱི་དྲི་མ་དང་འདྲེས་པ་སྟེ་བསྒྲིབས་པའི་རྒྱལ་བའི་སྙིང་པོའང་ཇི་སྲིད་དུ་ཉོན་མོངས་པའི་དྲི་མ་དང་འདྲེས་པ་ལས་མ་གྲོལ་བ་དེ་སྲིད་དུ་རྒྱལ་བའི་མཛད་པ་སྲིད་པ་གསུམ་དུ་མི་བྱེད་དོ། །གསུམ་པ་དཔེ་དོན་སྦྱར་བ་ནི། ཇི་ལྟར་འབྲས་སཱ་ལུ་དང༌། བྲ་བོ་དང༌། ནས་ཀྱི་འབྲུའི་སྙིང་པོ་སྦུན་པ་ལས་མ་ཕྱུང་བ་གྲ་མ་ཅན་སྦུན་པ་བསལ་བ་སོགས་མ་བསྒྲུབས་པ་མི་རྣམས་ཀྱི་ལོངས་སྤྱད་བྱའི་བཟའ་བ་ཞིམ་པོ་མི་འགྱུར་བ་ལྟར། དེ་བཞིན་དུ་སེམས་ཅན་ལ་ཡོད་པའི་ཆོས་ཀྱི་དབང་ཕྱུག་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ལུས་ལ་ཡོད་པ་དེ་ཡང་ཉོན་མོངས་པའི་བྲུ་བ་སྟེ། བཀྲེས་པས་ཉེན་པའི་འགྲོ་བ་རྣམས་ལ་དམ་པའི་ཆོས་ཀྱི་དགའ་བའི་རོ་སྟེར་བར་འགྱུར་བ་མིན་ནོ། །བཞི་པ་མི་གཙང་བའི་དཔེ་དོན་བཤད་པ་ལ། དང་པོ་དཔེ་བསྟན་པ་ནི། ཇི་ལྟར་མི་ཞིག་ལམ་ན་རབ་ཏུ་རྒྱུ་བའི་ཚེ་གསེར་སྦྲམ་ཞིག་ལྗན་ལྗིན་རུལ་བའི་གནས་སུ་ལྷུང་བར་གྱུར་ལ། ལོ་དུ་མར་ཡང་མི་འཇིགས་པ་སྟེ་མེད་པར་མི་འགྱུར་བའི་ཆོས་ཅན་དེ་ནི་ལྗན་ལྗིན་གྱི་ནང་དེར་དེ་བཞིན་དུ་ཆུད་མ་ཟོས་པ་ལོ་བརྒྱ་ཕྲག་མང་པོ་དག་ཏུ་གནས་པ་དེ་ལྷའི་མིག་རྣམ་པར་དག་པ་དང་ལྡན་པའི་ལྷ་ཡིས་ལྗན་ལྗིན་གྱི་ནང་དེར་མཐོང་ནས་མི་ཞིག་ལ། ཁྱོད་སོང་ལ་མི་གཙང་བའི་ཁྲོད་འདིར་ཡོད་པའི་གསེར་རིན་པོ་ཆེ་མཆོག་འདི་མི་གཙང་བ་སྦྱངས་ཏེ། རིན་ཆེན་གྱིས་བསྒྲུབས་པར་བྱ་བའི་རྒྱན་ལ་སོགས་པ་གྱིས་ཤིག་ཅེས་སྨྲ་བ་ལྟར་ཅེས་སོ། །གཉིས་པ་དོན་བསྟན་པ་ནི། དེ་བཞིན་དུ་ཐུབ་པས་མི་གཙང་བ་དང་འདྲ་བའི་ཉོན་མོངས་པའི་འདམ་རྫབ་ཏུ་བྱིང་བའི་སེམས་ཅན་གྱི་ཡོན་ཏན་རྒྱལ་བའི་སྙིང་པོ་འགྲོ་བ་ཐམས་ཅད་ལ་གཟིགས་ནས་ཉོན་མོངས་པའི་འདམ་དེ་དག་པར་བྱ་བའི་ཕྱིར་སྐྱེ་རྒུ་རྣམས་ལ་དམ་པའི་ཆོས་ཀྱི་ཆུའི་ཆར་འབེབས་སོ། །གསུམ་པ་དཔེ་དོན་སྦྱར་བ་ནི། ཇི་ལྟར་ལྗན་ལྗིན་རུལ་བའི་ནང་དུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་བར་གྱུར་ནས་དེའི་དྲི་མ་ཀུན་དག་པར་བྱ་བའི་ཕྱིར་དུ་མཆོག་ཏུ་མཛེས་པའི་གསེར་དེ་མི་ལ་ནན་གྱིས་སྟོན་པ་ལྟར། དེ་བཞིན་དུ་ཉོན་མོངས་པའི་མི་གཙང་བ་ཆེན་པོར་ལྷུང་བར་གྱུར་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རིན་པོ་ཆེ་དང་འདྲ་བ་སེམས་ཅན་རྣམས་ལ་ཡོད་པར་རྒྱལ་བས་གཟིགས་ནས། སྙིང་པོ་དེ་དག་པར་བྱ་བའི་ཕྱིར་ལུས་ཅན་རྣམས་ལ་ཆོས་སྟོན་ཏོ། །དཔེ་དོན་ལྔ་པ་བསྟན་པ་ལ་གསུམ་ལས། དང་པོ་དཔེ་ནི། ཇི་ལྟར་དབུལ་པོ་ཞིག་གི་ཁྱིམ་ནང་གི་ས་འོག་གཏེར་ཆེན་པོ་ཡོད་པར་གྱུར་ལ། མི་དེས་གཏེར་དེ་ཡོད་པར་མི་ཤེས་ཤིང་གཏེར་དེ་ཡང་མི་དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་བ་ལྟར་རོ། །གཉིས་པ་དོན་ནི། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཡིད་ཀྱི་ནང་དུ་ཆུད་པའི་རྒྱལ་བའི་སྙིང་པོ་རིན་པོ་ཆེའི་གཏེར་རང་བཞིན་གྱིས་དྲི་མ་མེད་པ་དང༌། བདག་མེད་གཉིས་གསར་དུ་བཞག་པ་དང༌། བདག་སྔར་ཡོད་གསར་དུ་བསལ་དུ་མེད་པའི་ཆོས་ཉིད་ཀྱང་རང་ལ་ཡོད་པར་མ་རྟོགས་པས་ན། ཡོན་ཏན་གྱི་འབྱོར་པས་དབུལ་བའི་འཁོར་བའི་སྡུག་བསྔལ་རྣམ་པ་མང་པོ་དུས་རྒྱུན་དུ་སྐྱེ་རྒུ་འདིས་མྱོང་ངོ༌། །གསུམ་པ་དཔེ་དོན་སྦྱར་བ་ནི། ཇི་ལྟར་དབུལ་པོའི་ཁྱིམ་ནང་གི་ས་འོག་ཏུ་རིན་པོ་ཆེའི་གཏེར་ཆུད་པར་གྱུར་པའི་མི་དེ་ལ་ནི། རིན་པོ་ཆེའི་གཏེར་དེ་ཡིས་བདག་འདི་ན་ཡོད་ཅེས་བརྗོད་པར་མི་བྱེད་ཅིང༌། གཏེར་དེ་ནི་ཡོད་པར་མི་དབུལ་པོ་དེ་ཡིས་ཤེས་པ་མིན་པ་ལྟར། དེ་བཞིན་དུ་ཆོས་སྐུའི་གཏེར་རང་གི་ཡིད་ཀྱི་ཁྱིམ་ན་གནས་ཀྱང་དེ་མ་རྟོགས་པའི་སེམས་ཅན་ནི་དབུལ་པོ་ལྟ་བུ་སྟེ། སེམས་ཅན་དེ་རྣམས་ཀྱིས་ཆོས་སྐུ་དེ་ཐོབ་པར་བྱ་བའི་ཕྱིར་འཇིག་རྟེན་དུ་དྲང་སྲོང་སྟེ་སངས་རྒྱས་བལྟམས་ནས་གདུལ་བྱ་རྣམས་ལ་ཆོས་སྟོན་ཏོ། །དཔེ་དོན་དྲུག་པ་སྟོན་པ་ལ་གསུམ་ལས། དཔེ་བསྟན་པ་ནི། ཇི་ལྟར་ཨ་མྲ་དང་ནྱ་གྲོ་སོགས་ཤིང་གི་འབྲས་བུ་ལ་ཡོད་པའི་ཤིང་གི་ས་བོན་མྱུ་གུ་བསྐྱེད་པར་ནུས་པ་ཡུན་དུ་འཇིག་པ་མེད་པའི་ཆོས་ཅན་རྐྱེན་ས་རྨོས་པ་དང༌། ཆུ་ལུད་སོགས་ཀྱི་ཚོགས་པ་དང་ལྡན་པ་ལས་རིམ་གྱིས་ལྗོན་ཤིང་གི་རྒྱལ་པོའི་དངོས་པོར་འགྲུབ་པ་ལྟར་རོ། །གཉིས་པ་དོན་ནི། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་མ་རིག་སོགས་ཀྱི་ཤིང་གི་འབྲས་བུའི་པགས་པ་དང་མཚུངས་པའི་ཉོན་མོངས་པའི་པགས་པའི་སྦུབས་ཀྱི་ནང་དུ་ཆུད་པའི་སངས་རྒྱས་ཀྱི་ཆོས་གཟུགས་སྐུ་བསྐྱེད་པའི་ཁམས་ཀྱི་དགེ་བ་ཡང་སྦྱིན་སོགས་དགེ་བའི་རྐྱེན་དེ་དང་དེ་ལ་བརྟེན་ནས་རིམ་གྱིས་ཐུབ་པའི་དངོས་པོར་འགྱུར་རོ། །གསུམ་པ་དཔེ་དོན་སྦྱར་བ་ནི། རླན་བྱེད་ཆུ་དང༌། སྨིན་བྱེད་ཉི་མའི་འོད་དང༌། འཕེལ་བྱེད་རླུང་དང༌། ནུས་པ་འཐོན་པའི་དུས་དང༌། གོ་འབྱེད་པའི་ནམ་མཁའི་རྐྱེན་རྣམས་ཀྱིས་ཏ་ལ་དང་ཨ་མྲ་སོགས་ཀྱི་འབྲས་བུའི་སྦུབས་ཀྱི་གསེབ་ནས་ས་བོན་གྱི་ནུས་པ་དེ་ལས་ཤིང་སྐྱེ་བ་ཇི་ལྟ་བར། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་འབྲས་བུའི་པགས་པའི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུའི་ས་བོན་མྱུ་གུ་ཡང་ཐར་པའི་དགེ་བའི་རྐྱེན་དེ་དང༌། དེ་ལས་མཐོང་ལམ་དུ་ཆོས་ཀྱི་མྱུ་གུ་འཐོན་ནས་སྒོམ་ལམ་དུ་འཕེལ་བ་དང་མི་སློབ་ལམ་དུ་རྫོགས་པར་འགྱུར་བ་ཡིན་ནོ། །དཔེ་དོན་བདུན་པ་བསྟན་པ་ལ་དཔེ་ནི། ཇི་ལྟར་རིན་པོ་ཆེ་ལས་བྱས་པའི་རྒྱལ་བའི་སྐུ་གཟུགས་གོས་ཧྲུལ་དྲི་མ་ངན་པ་ཅན་གྱིས་བསྟུམས་པར་གྱུར་པ། འབྲོག་དགོན་པའི་ལམ་ན་གནས་པའི་མི་རྣམས་ཀྱིས་ཡོད་པ་མི་ཤེས་པ་ལམ་དེ་ན་ཡོད་པའི་ལྷ་ཡིས་མཐོང་ནས་སྐུ་དེ་གོས་ལས་གྲོལ་བར་བྱ་བའི་ཕྱིར་ལམ་ན་གནས་པའི་སྐུ་གཟུགས་དེའི་དོན་དེ་མི་དེ་ལ་སྨྲ་བ་ལྟར་རོ། །གཉིས་པ་དོན་ནི། དཔེ་དེ་བཞིན་དུ་ཐོག་མ་མེད་པ་ནས་ཉོན་མོངས་ཀྱི་རྣམ་པ་སྣ་ཚོགས་ཀྱི་ཚུལ་དང་མཚུངས་པས་བསྟུམས་པའི་བདེ་གཤེགས་སྙིང་པོའི་དངོས་པོ་དུད་འགྲོ་ལ་ཡང་གཟིགས་ནས་སྐུ་གཟུགས་གོས་ཧྲུལ་དེ་ལས་ཐར་བར་བྱེད་པ་དེ་བཞིན་དུ། སྙིང་པོ་དེ་སྒྲིབ་པ་ལས་ཐར་བར་བྱེད་པའི་དོན་དེའི་ཐབས་སྟོན་པར་མཛད་དོ། །གསུམ་པ་དཔེ་དོན་སྦྱར་བ་ནི། ཇི་ལྟར་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་དྲི་མ་ངན་པ་ཅན་གྱི་གོས་ཀྱིས་བསྟུམས་པ་ལམ་ལ་གནས་པ་དེ་གང་ཟག་འགའ་ཞིག་གི་ལྷ་ཡི་མིག་གིས་མཐོང་ནས་གོས་ཧྲུལ་དེ་ལས་ཐར་བར་བྱ་བའི་ཕྱིར་དུ་མི་ལ་འདི་ན་གཟུགས་སྐུ་ཡོད་དོ་ཞེས་སྟོན་པ་ལྟར། དེ་བཞིན་དུ་ཉོན་མོངས་པའི་གོས་ཧྲུལ་གྱིས་བསྟུམས་པ་འཁོར་བའི་ལམ་ན་གནས་པའི་སངས་རྒྱས་ཀྱི་ཁམས་དུད་འགྲོ་ལ་ཡང་ཡོད་པར་གཟིགས་ནས་སྒྲིབ་པ་ལས་ཐར་བར་བྱ་བའི་ཕྱིར་རྒྱལ་བ་རྣམས་ཆོས་སྟོན་ཏོ། །དཔེ་དོན་བརྒྱད་པ་བསྟན་པ་ལ་གསུམ་ལས། དཔེ་བསྟན་པ་ནི། ཇི་ལྟར་མི་མོ་གཟུགས་ངན་ཞིང་དབུལ་བ་མགོན་མེད་པ་འགའ་མགོན་མེད་པའི་ཁྱིམ་གྱི་གནས་སུ་འདུག་པར་གྱུར་པ་དེའི་མངལ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔལ་འཛིན་པར་བྱེད་པ་ན། བུད་མེད་དེས་རང་གི་ལྟོ་ན་ཡོད་པའི་མི་བདག་མི་ཤེས་པ་ལྟར་རོ། །གཉིས་པ་དོན་ནི། སྲིད་པར་སྐྱེ་བ་ནི་མགོན་མེད་པའི་ཁྱིམ་ན་གནས་པ་བཞིན་དུ་དྲི་མས་མ་དག་པའི་སེམས་ཅན་རྒྱལ་པོའི་མངལ་དང་ལྡན་པའི་བུད་མེད་བཞིན་དུ་སྙིང་པོ་ཡོད་པར་མ་རྟོགས་པས་སྡུག་བསྔལ་ལོ། །སེམས་ཅན་དེ་ལ་གང་ཞིག་ཡོད་པས་མགོན་དང་བཅས་པའི་དྲི་མ་མེད་པའི་ཁམས་ནི་བུད་མེད་དེའི་མངལ་ན་གནས་པའི་རྒྱལ་པོ་བཞིན་ནོ། །གསུམ་པ་དཔེ་དོན་སྦྱར་བ་ནི། ཇི་ལྟར་བུད་མེད་ལུས་ལ་དྲི་མ་དང་བཅས་པའི་གོས་གྱོན་ཞིང་མི་སྡུག་པའི་གཟུགས་དང་ལྡན་པ་ཞིག་ས་བདག་འཁོར་ལོས་སྒྱུར་བ་རང་གི་མངལ་ན་གནས་ཀྱང་དེ་མ་ཤེས་པས་མགོན་མེད་པའི་ཁང་པར་འདུག་ནས་དབུལ་བ་དང་ཞུམ་པ་སོགས་ཀྱི་སྡུག་བསྔལ་མཆོག་མྱོང་བ་ལྟར། དེ་བཞིན་དུ་བདག་རང་གི་སེམས་ཀྱི་ནང་ན་གནས་པའི་མགོན་རྒྱལ་བའི་སྙིང་པོ་ཡོད་པར་གྱུར་ཀྱང༌། དེ་མ་ཤེས་པས་མགོན་མེད་དོ་སྙམ་པའི་བློ་དང་ལྡན་པའི་འགྲོ་བ་ཉོན་མོངས་པའི་དབང་གིས་ཡིད་མ་ཞི་བ་རྣམས་སྡུག་བསྔལ་གྱི་གཞི་འཁོར་བ་ལ་གནས་སོ། །དཔེ་དོན་དགུ་པ་བསྟན་པ་ལ། དཔེ་ནི། ཇི་ལྟར་འཇིམ་པའི་ནང་གི་གསེར་ཞུན་བླུགས་པའི་རྟའི་གཟུགས་སོགས་ཡན་ལག་ཚང་བས་རྒྱས་པ་དང༌། ཇི་ལྟར་འདོད་པ་བཞིན་བསྒྱུར་དུ་རུང་བས་ན་ཞི་བ་དག་ཕྱི་རོལ་ནས་སའི་རང་བཞིན་འཇིམ་པས་གཡོགས་པ་ཅན་དེ་མཐོང་ནས་ནང་དུ་གསེར་གྱི་གཟུགས་དེ་ཡོད་པར་ཤེས་པའི་ལྷ་བཟོ་བ་དག ནང་གི་གསེར་གྱི་གཟུགས་ལ་གཡོགས་པའི་ས་འདམ་སྦྱང་བར་བྱ་བའི་ཕྱིར་ཕྱི་རོལ་གྱི་སྒྲིབ་གཡོགས་སེལ་བར་བྱེད་པ་ལྟར་རོ། །གཉིས་པ་དོན་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་དང༌། དེའི་དྲི་མ་རྣམས་ཀྱང་གློ་བུར་བར་གཟིགས་ནས་རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས་འཇིམ་པ་ལྟ་བུའི་སྒྲིབ་པ་དག་སྦྱོང་བར་མཛད་པ་ན་བྱང་ཆུབ་མཆོག་སངས་རྒྱས་པ་ཡིན་ནོ། །དཔེ་དོན་སྦྱར་བ་ནི། ཇི་ལྟར་དྲི་མ་མེད་པའི་གསེར་འོད་འབར་བ་ལས་བྱས་པ་སའི་ནང་དུ་ཆུད་པར་གྱུར་པ་རྟའི་གཟུགས་བརྙན་དྲི་མ་མེད་པ་ཞི་བ་དེའི་རང་བཞིན་ལྷ་བཟོ་མཁས་པས་རིག་ནས་ཕྱི་རོལ་གྱི་ས་དག་སེལ་བར་བྱེད་པ་ལྟར། དཔེ་དེ་བཞིན་དུ་ཀུན་མཁྱེན་གྱིས་ཡོངས་སུ་དག་པའི་གསེར་དང་འདྲ་བ་རང་བཞིན་གྱིས་ཞི་བའི་ཡིད་ནི་མཁྱེན་པར་གྱུར་ནས་སྒྲིབ་པ་སེལ་བའི་ཐབས་ཆོས་འཆད་པའི་ཚུལ་གྱིས་ཕྱི་རོལ་གྱི་འཇིམ་པ་སེལ་བའི་རྡེག་སྦྱང་དང་འདྲ་བར་བསྒྲུབས་པས་སྙིང་པོ་རྟོགས་པའི་གེགས་ཀྱི་སྒྲིབ་པ་སེལ་བར་མཛད་དོ། །དཔེ་དགུ་སོ་སོར་བཤད་ཟིན་ཏོ། །གཉིས་པ་དེ་དག་གི་དོན་བསྡུ་བ་ལ། དྲི་མའི་དཔེ་ནི། པདྨ་སྲོག་ཆགས་བུང་བ་དང༌། །སྦུན་དང་ནི་མི་གཙང་ས། །འབྲས་ཤུན་གོས་ཧྲུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྦུབས་ན་ཡང༌། །ཞེས་པས་བསྟན་ཏོ། །སྙིང་པོའི་དཔེ་ནི། སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །ཅེས་པས་བསྟན་ཏོ། །དོན་དྲི་མ་ནི་སེམས་ཅན་གྱི་ཁམས་ཀྱི་ཉོན་མོངས་པའི་སྦུབས་སེམས་ཀྱི་རང་བཞིན་དང་མ་འབྲེལ་བ་ཐོག་མ་མེད་པ་ནས་ཡོད་ཅེས་པའོ། །དོན་སྙིང་པོ་ནི། སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཅེས་པའོ། །དཔེ་དོན་སོ་སོར་སྦྱར་བ་བསྟན་ཟིན་ཏོ། །གཉིས་པ་དཔེ་དོན་ཆོས་མཐུན་དུ་བསྟན་པ་ལ་གཉིས་ཏེ། སྒྲིབ་བྱེད་ཀྱི་དཔེ་དོན་ཆོས་མཐུན་བསྟན་པ་དང༌། བསྒྲིབ་བྱའི་དཔེ་དོན་ཆོས་མཐུན་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྒྲིབ་པ་སོ་སོའི་ངོ་བོ། གང་ཟག་གང་ལ་ལྡན་ཚུལ། དཔེ་དོན་ཆོས་མཐུན་དངོས་བཤད་པའོ། །དང་པོ་ནི། པདྨ་ལ་སོགས་པའི་དཔེ་དགུས་བསྟན་པའི་དྲི་མ་གང་ཞེ་ན། ཁམས་གོང་མར་འཕེན་བྱེད་ཀྱི་མི་གཡོ་བའི་ལས་ཀྱི་རྐྱེན་བྱེད་པ་འཕགས་པའི་ལམ་གྱིས་གཞོམ་བྱ་འདོད་ཆགས་དང༌། ཞེ་སྡང་དང་དེ་ཁོ་ནའི་དོན་ལ་རྨོངས་པ་གཏི་མུག་དང༌། འདོད་པའི་ཁམས་སུ་འཕེན་བྱེད་ཀྱི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱི་རྐྱེན་བྱེད་པ་དུག་གསུམ་པོ་དེའི་ཀུན་ནས་ལྡང་བ་དྲག་པོ་སྟེ་མངོན་གྱུར་དང༌། ཡིད་ཀྱི་རང་བཞིན་གྱི་ལུས་འཕེན་བྱེད་ཀྱི་ཟག་མེད་ཀྱི་ལས་ཀྱི་རྐྱེན་མ་རིག་བག་ཆགས་ཀྱི་ས་དང༌། སོ་སོའི་སྐྱེ་བོའི་རྒྱུད་ལ་བརྟེན་པ་མཐོང་ལམ་གྱི་སྤང་བྱ་དང༌། འཕགས་པ་སློབ་པའི་རྒྱུད་ལ་བརྟེན་པ་སྒོམ་ལམ་གྱི་སྤང་བྱ་དང༌། མ་དག་ས་བདུན་ལ་གནས་པའི་རྒྱུད་ལ་བརྟེན་པ་དག་སའི་ཡེ་ཤེས་ཀྱིས་གཞོམ་བྱ་དང༌། དག་པའི་ས་ལ་གནས་པའི་རྒྱུད་ལ་བརྟེན་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་བྱ་སྟེ། དྲི་མའི་རྣམ་པར་དབྱེ་བ་དགུ་པོ་མདོར་བསྡུས་ནས་པདྨའི་སྦུབས་ལ་སོགས་པའི་དཔེ་དགུས་རབ་ཏུ་བསྟན་ཏེ། ཉེ་བའི་ཉོན་མོངས་པའི་སྦུབས་ཀྱི་གསལ་བའི་དབྱེ་བས་ཕྱེ་ན། དབྱེ་བ་མཐའ་ལས་འདས་ཤིང་གྲངས་མེད་དོ། །ཆགས་སོགས་ཞེས་སོགས་ཀྱི་ཤླཽ་ཀ་ནི་འགྲེལ་ཚིག་ཤོར་བའོ། །གཉིས་པ་གང་ཟག་གང་ལ་ལྡན་ཚུལ་ནི། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་གསུངས་པའི་དྲི་བཅས་ཀྱི་སེམས་ནི་བསྡུ་ན་བཞི་སྟེ། སོ་སྐྱེ་དང༌། དགྲ་བཅོམ་པ་དང༌། སློབ་པ་དང༌། བྱང་སེམས་བཞི་པོ་དེ་ལ་དྲི་མ་དགུ་པོ་དེ་དག་གིས་གོ་རིམ་བཞིན། བྱིས་པ་སོ་སྐྱེ་ནི་དྲི་མ་བཞིས་རྣམ་པར་མ་དག དགྲ་བཅོམ་པ་རྣམས་གཅིག་དང༌། སློབ་པ་རྣམས་གཉིས་ཀྱིས་མ་དག་ཅིང༌། བློ་ལྡན་རྣམས་ནི་དྲི་མ་གཉིས་ཀྱི་མ་དག་པ་ཉིད་དོ། །དེ་ལ་བྱིས་པ་ནི། ལམ་དུ་མ་ཞུགས་པ་དང༌། སློབ་པ་ནི་ཐེག་དམན་ལམ་ཞུགས་ལ་བརྗོད་དོ། །གསུམ་པ་དཔེ་དོན་ཆོས་མཐུན་དངོས་བཤད་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། ཇི་ལྟར་ཆགས་སོགས་དྲི་མ་དགུ་པོ་འདི་རྣམས་པདྨའི་སྦུབས་ལ་སོགས་པ་དང་འདྲ་བར་རིག་པར་བྱ་ཞེ་ན། ཇི་ལྟར་པདྨ་ནི་རྒྱུ་ངན་པ་འདམ་རྫབ་ལས་སྐྱེས་ཤིང་ཁ་དོག་གསལ་བ་ལ་སོགས་པས་མདུན་དུ་གྱུར་ན་ཡིད་དགའ་བར་བྱེད་པ་དང༌། ཕྱི་ནས་རྙིང་པ་ན་ཡིད་དགའ་བ་མེད་པ་ལྟར། འདོད་ཆགས་ཀྱི་དགའ་བའང་དེ་བཞིན་ཏེ། རྒྱུ་ཚུལ་བཞིན་མ་ཡིན་པ་ཡིད་བྱེད་ལས་བྱུང་ཞིང༌། མངོན་དུ་གྱུར་པ་ན་དགའ་བ་དང༌། ཟག་བཅས་ཀྱི་བདེ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཟིན་པས་ན། ཕྱིས་དགའ་བ་མེད་པར་འགྱུར་བས་ན་པདྨ་དང་ཆོས་མཚུངས་སོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི་ཤིན་ཏུ་འཁྲུགས་ཏེ་མདུང་བརྡེག་པ་ལྟར། དེ་བཞིན་དུ་ཞེ་སྡང་སྐྱེས་པ་ན་རང་གི་སྙིང་ལ་སྡུག་བསྔལ་སྐྱེད་པར་བྱེད་པས་སྦྲང་མ་དང་ཆོས་མཚུངས་སོ། །ཇི་ལྟར་འབྲས་སོགས་ཀྱི་སྙིང་པོ་ནི་ཕྱི་རོལ་གྱི་སྦུན་པས་བསྒྲིབས་པ་ལྟར། སྙིང་པོའི་དོན་ཆོས་ཉིད་མཐོང་བ་ནི་མ་རིག་པའི་སྒོ་ངའི་སྦུབས་ཀྱིས་བསྒྲིབས་པས་སྦུན་པ་དང་ཆོས་མཚུངས་སོ། །ཇི་ལྟར་མི་གཙང་བ་དེས་འབྲས་བུ་དྲི་ང་བ་བསྐྱེད་པས་བློ་དང་མི་མཐུན་པར་བྱེད་པ་དེ་བཞིན་དུ་སྐྱེས་བུ་ཆགས་བཅས་རྣམས་ཀྱི་འདོད་པ་སྟེ་ཉེས་སྤྱོད་བསྟེན་པའི་རྒྱུ་ཡིན་པས་ཀུན་ནས་ལྡང་བ་དྲག་པོ་ནི་མི་གཙང་བ་དང་ཆོས་མཚུངས་སོ། །ཇི་ལྟར་ནོར་གྱི་གཏེར་ནི་ཕྱི་རོལ་གྱི་ས་ཡིས་བསྒྲིབས་པ་ན། དེ་ཡོད་པར་མི་ཤེས་པས་གཏེར་དེ་མི་ཐོབ་པ་ལྟར་དེ་བཞིན་དུ་སྐྱེ་འགྲོ་རྣམས་ལ་རང་བྱུང་རྒྱལ་བའི་སྙིང་པོ་ཉིད་ཡོད་པ་མ་རིག་པའི་བག་ཆགས་ཀྱི་ས་ཡིས་བསྒྲིབས་པས་ས་འོག་གི་གཏེར་དང་མཚུངས་སོ། །ཇི་ལྟར་མྱུ་གུ་ལ་སོགས་རིམ་གྱིས་སྐྱེས་པས་ས་བོན་གྱི་ཤུན་པ་གཅོད་པ་ལྟར། དེ་བཞིན་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་ཡིས་མཐོང་སྤང་རྣམས་བཟློག་པར་འགྱུར་བས་ས་བོན་གྱི་ཤུན་པ་དང་ཆོས་མཚུངས་སོ། །ཇི་ལྟར་འཕགས་པའི་ལམ་དང་འབྲེལ་བ་ལས་འཇིག་ཚོགས་ལ་ལྟ་བའི་སྙིང་པོ་བཅོམ་པ་རྣམས་ཀྱི་སྒོམ་སྤང་གང་དག་སྒོམ་ལམ་གྱི་ཡེ་ཤེས་ཀྱི་སྤང་བྱར་གྱུར་པ་རྣམས་གོས་ཧྲུལ་དང་ཆོས་མཚུངས་ཏེ། སྙིང་པོ་ཟད་པས་ཉེས་པ་བསྐྱེད་ནུས་པ་མ་ཡིན་པས་སོ། །མ་དག་ས་བདུན་ལ་བརྟེན་པའི་དྲི་མ་རྣམས་ནི་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་བསྒྲིབས་པས་མངལ་སྦུབས་ཀྱི་དྲི་མ་དག་དང་ཆོས་མཚུངས་སོ། །ཡང་ན་མངལ་སྦུབས་ཀྱིས་རང་ལ་ཡོད་པའི་མངལ་ལ་བསྒྲིབས་པ་ལྟར། དེ་དག་གིས་རང་ལ་ཡོད་པའི་སྙིང་པོ་ལ་བསྒྲིབས་པར་བྱེད་པས་མངལ་སྦུབས་དང་ཆོས་མཚུངས་སོ། །མངལ་སྦུབས་བྲལ་བ་དང་འདྲ་བའི་ས་བརྒྱད་པའི་མི་རྟོག་པའི་ཡེ་ཤེས་ནི། འབད་རྩོལ་ལ་མི་ལྟོས་པས་རྣམ་པར་སྨིན་པ་བཞིན་ནོ། །དག་པ་ས་གསུམ་དང་རྗེས་སུ་འབྲེལ་བའི་དྲི་མ་རྣམས་ནི། དྲི་མ་ཆུང་ངུ་ཡིན་པས་གསེར་གྱི་གཟུགས་ལ་ས་འདམ་གྱིས་གོས་པ་བཞིན་དུ་ཤེས་པར་བྱ་སྟེ། དེ་ནི་བདག་ཉིད་ཆེན་པོ་ས་བཅུ་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན་ནོ། །གཉིས་པ་དོན་བསྡུ་བ་ནི། དེ་ལྟར་ཆགས་སོགས་ཀྱི་དྲི་མ་དགུ་པོ་པདྨ་ལ་སོགས་དག་དང་ཆོས་མཚུངས་སོ། །འདིར་དཔེ་དོན་གྱི་ཆོས་མཐུན་ཡོད་པས་དཔེ་དོན་སྦྱར་བ་ཡིན་གྱི། དོན་གང་གི་སྒྲིབ་བྱེད་དུ་བཤད་པ་དེ་ཁོ་ན་ལ་བསྒྲིབས་པ་ནི་མ་ཡིན་ནོ། །སྒྲིབ་བྱེད་ཀྱི་དཔེ་དོན་ཆོས་མཐུན་བསྟན་ཟིན་ཏོ། །བསྒྲིབ་བྱའི་དཔེ་དོན་ཆོས་མཐུན་བསྟན་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འོ་ན་དེ་བཞིན་གཤེགས་པའི་ཁམས་ནི་སངས་རྒྱས་སོགས་དགུ་དང་ཇི་ལྟར་ཆོས་མཐུན་པར་བྱ་ཞེ་ན། རང་བཞིན་སོགས་ཁམས་ནི་ཆོས་ཅན། སངས་རྒྱས་སོགས་དགུ་དང་ཆོས་མཚུངས་ཏེ། རང་བཞིན་གསུམ་གྱིས་བསྡུས་པའི་ཕྱིར། རང་བཞིན་གསུམ་པོ་གང་ཞེ་ན། ཁམས་འདིའི་རང་བཞིན་ཆོས་སྐུ་དང༌། དེ་བཞིན་ཉིད་དང༌། རིགས་ཀྱང་རང་བཞིན་དུ་བསྡུས་སོ། །གསུམ་པོ་དེ་ནི་རིམ་པ་བཞིན་དཔེ་གསུམ་དང་གཅིག་དང་ལྔ་རྣམས་ཀྱིས་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ནི། སངས་རྒྱས་ཀྱི་ཆོས་སྐུ་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་ཤིན་ཏུ་དྲི་མ་མེད་པར་རྟོགས་པ་རྟོགས་པ་ཆོས་སྐུ་དང༌། དྲི་མས་དག་པའི་ཆོས་དབྱིངས་རྟོགས་པ་དེའི་རྒྱུ་མཐུན་བསྟན་པ་ཆོས་སྐུའོ། །བསྟན་པ་ཆོས་སྐུའང་རྣམ་པ་གཉིས་ཏེ། ཟབ་མོ་སྟོང་པ་ཉིད་སྟོན་པ་བྱང་སེམས་ཀྱི་སྡེ་སྣོད་དང༌། ཀུན་རྫོབ་སྣ་ཚོགས་པའི་ཚུལ་སྟོན་པ་ཡན་ལག་བཅུ་གཉིས་ཀྱི་སྡེ་སྣོད་དོ། །དེ་ལ་རྟོགས་པ་ཆོས་སྐུ་འདི་ལ་ནི་འཇིག་རྟེན་ལས་འདས་པའི་ཕྱིར། འཇིག་རྟེན་གྱི་ཁམས་ན་འདྲ་བའི་དཔེ་གཞན་མི་དམིགས་པས་དེ་བཞིན་གཤེགས་པའི་གཟུགས་ཉིད་ཁམས་ཇི་ལྟ་བ་བཞིན་རྟོགས་པའི་ཆོས་སྐུ་དང་འདྲ་བ་ཉིད་དུ་བསྟན་ཏོ། །རྟོགས་པར་དཀའ་བས་ཕྲ་མོ་ཟབ་མོའི་ཚུལ་དོན་དམ་པ་སྟོན་པའི་བསྟན་པ་ཆོས་སྐུ་ནི། བརྗོད་བྱ་སྟོང་པ་ཉིད་དུ་རོ་གཅིག་པས་མངར་བར་རོག་ཅིག་པའི་སྦྲང་རྩི་བཞིན་ནོ། །རྣམ་པ་སྣ་ཚོགས་པའི་ཚུལ་རྒྱ་ཆེན་པོ་སྟོན་པའི་བསྟན་པ་ཆོས་སྐུ་ནི། བརྗོད་བྱ་སྣ་ཚོགས་སྟོན་པས་སྦུན་པའི་སྦུབས་ན་ཡོད་པའི་སྙིང་པོ་སྣ་ཚོགས་པ་བཞིན་དུ་ཤེས་པར་བྱའོ། །འདི་དག་གིས་འབྲས་བུ་དངོས་སུ་བཤད་ནས་ཉོན་མོངས་པའི་སྦུབས་ན་གནས་པའི་རྒྱུའི་ནུས་པ་མཚོན་ནས་བསྟན་ཏོ། །རང་བཞིན་འགྱུར་བ་མེད་པ་དང༌། དེ་ལ་དམིགས་ནས་ཡོན་ཏན་སྐྱེ་བས་དགེ་བ་དང༌། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་དེ་བཞིན་ཉིད་འདི་ནི་གསེར་གྱི་གཟུགས་ཁ་དོག་མི་འགྱུར་བ་དང༌། རྒྱན་དུ་བསྒྱུར་དུ་རུང་བ་དང༌། གཡའི་རང་བཞིན་གྱིས་དག་པ་དང་ཆོས་མཚུངས་པར་བརྗོད་དོ། །རིགས་དེ་རང་བཞིན་དུ་གནས་པ་དང༌། སྒྲུབ་པའི་རིགས་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། དང་པོ་ནི། གཏེར་སྐྱེས་བུའི་འབད་པས་གསར་དུ་བསྒྲུབ་པ་མ་ཡིན་པར་དང་པོ་ནས་གནས་པ་བཞིན་དུ་རྐྱེན་གྱིས་གསར་དུ་མ་བསྒྲུབས་པས་ཐོག་མེད་ནས་རང་བཞིན་གྱིས་གནས་པའི་གཏེར་དང་ཆོས་མཚུངས་སོ། །གཉིས་པ་ནི། འབྲས་བུའི་ཤིང་རྐྱེན་གྱིས་གསར་དུ་འཕེལ་བ་བཞིན་དུ་སྙིང་རྗེ་སོགས་ཀྱི་རྐྱེན་གྱིས་ཡང་དག་པར་བླངས་པ་ལས་ནུས་པ་མཆོག་ཏུ་གྱུར་པས་འབྲས་བུའི་ཤིང་དང་ཆོས་མཚུངས་པས་རིགས་འདི་གཉིས་ལས་ཡང་དག་པར་བླངས་པ་མཆོག་གོ །རིགས་འདི་གཉིས་ལས་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པར་འདོད་དེ། དང་པོ་རང་བཞིན་དུ་གནས་པའི་རིགས་ལས་སྐུ་དང་པོ་ཆོས་སྐུ་ཐོབ་སྟེ། དེ་ལ་དམིགས་ནས་ཡེ་ཤེས་ཀྱི་ཚོགས་བསགས་པས་ཆོས་སྐུ་ཐོབ་པས་སོ། །གཉིས་པ་སྒྲུབ་པའི་རིགས་ཀྱིས་ནི་ཕྱི་མ་གཟུགས་ཀྱི་སྐུ་གཉིས་ཐོབ་སྟེ། དེ་ལས་ཐབས་བསོད་ནམས་ཀྱི་ཚོགས་བསགས་པས་གཟུགས་སྐུ་གཉིས་འབྱུང་བས་སོ། །དེ་ལ་རིགས་གཉིས་ལས་རང་བཞིན་གནས་རིགས་ཀྱི་ནུས་པ་མཚོན་པའི་ངོ་བོ་ཉིད་ཀྱི་སྐུ་ཡིད་དུ་འོང་བས་མཛེས་པར་བཤད་པ་ནི་རིན་པོ་ཆེའི་སྐུ་དང་འདྲ་བར་ཤེས་པར་བྱ་སྟེ། དེ་རྒྱུ་རྐྱེན་གྱིས་གསར་དུ་བྱས་པ་མ་ཡིན་པ་དང་འདོད་པ་སྐོང་བར་བྱེད་པ་ལྟར། དབྱིངས་རང་བཞིན་གྱིས་གནས་ཀྱི་རྐྱེན་གྱིས་གསར་དུ་བྱས་པ་མིན་པ་དང༌། སྟོབས་སོགས་ཀྱི་ཡོན་ཏན་རིན་པོ་ཆེའི་གཏེར་ཡིན་པའི་ཕྱིར། རིགས་གཉིས་པ་རྒྱས་འགྱུར་གྱི་ནུས་པ་མཚོན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་ལོས་སྒྱུར་བ་བཞིན་ཡིན་ཏེ། ཐེག་ཆེན་གྱི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་དང་ལྡན་པའི་ཕྱིར། ཡང་རིགས་གཉིས་པའི་ནུས་པ་མཚོན་པའི་སྤྲུལ་པའི་སྐུ་ནི། གསེར་ལས་བྱས་པའི་སྲོག་ཆགས་ཀྱི་གཟུགས་བརྙན་ལྟ་བུ་ཡིན་ཏེ། གདུལ་བྱའི་རྣམ་རིག་ལས་ལོངས་སྐུའི་གཟུགས་བརྙན་འཆར་བའི་རང་བཞིན་ཡིན་པའི་ཕྱིར། འདིར་རིགས་གཉིས་ལ་དཔེ་རེ་རེ་དང༌། རིགས་གཉིས་ལ་སྐུ་གསུམ་ཐོབ་པའི་ནུས་པ་གསུམ་པོ་ཡོད་པ་ལ་དཔེ་གསུམ་ཡོད་པས་ལྔ་རྣམས་ཀྱིས་ནི་ཤེས་པར་བྱ་ཞེས་གསུངས་སོ། །འབྲས་བུ་སྐུ་གསུམ་པོ་དངོས་སུ་བསྟན་པ་ནི། ནུས་པ་གསུམ་པོ་མཚོན་པའི་དཔེ་དོན་དུ་གསུངས་ཤིང༌། ཉོན་མོངས་སྦུབས་ན་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་གསུངས་པ་ཡང་སྐུ་གསུམ་ཐོབ་པའི་རྒྱུ་ནུས་པ་གསུམ་པོ་ལ་བཤད་དགོས་སོ། །བཞི་པ་ཁམས་དེ་གང་ཟག་གང་གིས་རྟོགས་པ་བསྟན་པ་ལ་གསུམ་སྟེ། གང་ཟག་གཞན་གྱིས་ཇི་ལྟ་བ་བཞིན་མི་རྟོགས་པ་དང༌། ཐེག་ཆེན་འཕགས་པས་རྟོགས་པ་དང༌། རྟོགས་བྱའི་ཁམས་ཀྱི་མཚན་ཉིད་དོ། །དང་པོ་ནི། གཞན་གྱི་སྒྲ་ལ་མ་བརྟེན་པར་རང་གིས་བྱང་ཆུབ་རྟོགས་པས་རང་བྱུང་སྟེ། སངས་རྒྱས་རྣམས་ཀྱི་སྙིང་པོ་དོན་དམ་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་ཏེ། སྙིང་པོའི་མདོར། རིགས་ཀྱི་བུ་འདི་ནི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ལ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་སོ། །འདི་ནི་གསུང་རབ་ལ་ཡིད་ཆེས་པའི་དད་པ་ཉིད་ཀྱིས་རྟོགས་བྱ་ཡིན་གྱི། སོ་སྐྱེ་དང་ཉན་རང་དང་བྱང་སེམས་ལས་དང་པོ་པས་མངོན་སུམ་གྱིས་མི་མཐོང་སྟེ། ཉི་མའི་དཀྱིལ་འཁོར་འོད་འབར་བ་ཡིན་ཡང་རང་ལ་མིག་མེད་པས་མཐོང་བ་མིན་པ་བཞིན་ནོ། །གཉིས་པ་ནི། ས་བཅུའི་བྱང་སེམས་རྣམས་ཀྱིས་སྙིང་པོ་སྒྲིབ་བྲལ་གྱི་ཆ་ཅུང་ཟད་མཐོང་ལ། དྲི་བྲལ་གྱི་ཆ་རྫོགས་པར་སངས་རྒྱས་ཁོ་ནས་མཐོང་གི་བྱང་སེམས་འཕགས་པས་ཀྱང་མ་ཡིན་ཏེ། སྤྲིན་མཐོང་མཁའ་ལ་ཉེ་བཞིན་འདིར་ཁྱོད་ཕྱོགས་ཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་དག་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་སོ། །འདི་ནི་དྲི་བྲལ་གྱིས་ཕྱེ་བའི་ཆོས་སྐུའི་དབང་དུ་བྱས་པ་ཡིན་གྱི། རང་བཞིན་རྣམ་དག་གི་ཕྱོགས་ཅིག་མཐོང་མི་མཐོང་ལ་སྦྱོར་བ་ནི་མ་ཡིན་ནོ། །གསུམ་པ་ནི། གཞན་གྱིས་དད་པ་ཙམ་གྱིས་རྟོགས་བྱ་ཡིན་གྱི། ཇི་ལྟ་བ་བཞིན་མི་རྟོགས་པའི་ཁམས་དེ་ཇི་ལྟ་བུ་ཞེ་ན། སྔ་རབས་པའི་འཆད་ཚུལ་ནི་ཁམས་འདི་ལ་དྲི་མའི་དམིགས་པ་བདག་གཉིས་སྔར་ཡོད་བསལ་བར་བྱ་བ་ཅི་ཡང་མེད་དེ། རྣམ་དབྱེར་བཅས་པ་སྟེ་འབྲལ་དུ་རུང་བའི་མཚན་ཉིད་ཅན། གློ་བུར་གྱི་དྲི་མའི་དམིགས་པ་བདག་གཉིས་ཀྱིས་གདོད་མ་ནས་སྟོང་པའི་ཕྱིར། འདིས་ནི་ཁམས་སྒྲོ་འདོགས་དང་བྲལ་བར་བསྟན་ཏོ། །ཡང་ཁམས་འདི་ལ་རྣམ་བྱང་གི་དམིགས་པ་བདག་མེད་གཉིས་གསར་དུ་བཞག་པར་བྱ་བ་ཅུང་ཟད་མེད་དེ། རྣམ་དབྱེར་མེད་པ་སྟེ་འབྲལ་དུ་མི་རུང་བའི་མཚན་ཉིད་ཅན། བླ་ན་མེད་པའི་ཆོས་ཀྱི་དམིགས་པ་བདག་མེད་གཉིས་ཀྱིས་སྟོང་པ་མ་ཡིན་པའི་ཕྱིར་ཏེ། བདག་མེད་གཉིས་པོ་གདོད་མ་ནས་རང་གི་ཆོས་སུ་ལྡན་པས་སོ། །འདིས་ནི་ཁམས་སྐུར་འདེབས་དང་བྲལ་བར་བསྟན་ཏོ། །དེ་ལྟར་སྒྲོ་སྐུར་དང་བྲལ་བའི་ཁམས་ཀྱི་མཚན་ཉིད་བརྗོད་ནས། དེའི་ཡུལ་ཅན་ཡང་དག་པའི་ལྟ་བའི་བྱེད་པ་བསྟན་པ་ནི། ཡང་དག་པ་བདག་མེད་གཉིས་ལ་ཡང་དག་པར་བལྟ་བར་བྱའོ། །དེ་ལྟར་བལྟས་པས་ཡང་དག་པ་གང་ཟག་གི་བདག་མེད་མཐོང་ན་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཡང་དག་པ་ཆོས་ཀྱི་བདག་མེད་པ་མཐོང་ན་ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །འདིར་འགྲེལ་པར་ཉོན་མོངས་པའི་རྒྱུ་མཚན་ཞེས་གསུངས་པ་དང་རྣམ་པར་བྱང་བའི་རྒྱུ་མཚན་ཞེས་གསུངས་པ་ལ། རྒྱུ་མཚན་ཞེས་པ་དམིགས་པ་ལ་འཇུག་སྟེ། ཆོས་དཀོན་མཆོག་གི་འགྲེལ་པར། དེ་ལ་ཇི་ལྟར་ཡོངས་སུ་བཙལ་བ་ན། དེའི་རྒྱུ་མཚན་མ་དམིགས་པས་འགའ་ཡང་དེ་ལྟར་བལྟ་བར་བྱའོ། །གང་གི་ཚེ་རྒྱུ་མཚན་མ་དམིགས་པས་མི་མཐོང་བ་དེའི་ཚེ་ཡང་དག་པ་མཐོང་བ་ཡིན་ནོ་ཞེས་པ་དང༌། གང་ཞིག་དེ་ལྟར་མེད་པའི་རྒྱུ་མཚན་གྱིས་དམིགས་པ་མ་མཐོང་བའི་ཕྱིར་དང༌། ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར་པ་ཡང་དག་པའི་བདེན་པ་མཐོང་བའི་ཕྱིར་དེ་གཉིས་ཀ་བསལ་བ་མེད་པ་དང་བཞག་པ་མེད་པ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་ཅེས་བཤད་པས་སོ། །འདིར་གཞན་དག གློ་བུར་དག་གི་ཁམས་སྟོང་གི ཞེས་པའི་དོན། གློ་བུར་གྱི་དྲི་མའི་དམིགས་པ་བདག་གིས་སྟོང་པ་ལ་མི་འཆད་པར་སྒྲ་ཇི་བཞིན་དུ་གློ་བུར་གྱི་དྲི་མས་སྟོང་པ་ལ་འདོད་པ་ནི་མི་འཐད་དེ། ཁམས་ཉོན་མོངས་པའི་སྦུབས་ན་གནས་པའི་ཚུལ་དཔེ་དགུ་དག་གིས་བསྟན་པ་དང་འགལ་བ་དང༌། དྲི་བཅས་དེ་བཞིན་ཉིད་ཀྱི་རྣམ་པར་བཞག་པ་མི་རུང་བར་ཐལ་བས་སོ། །བླ་ན་མེད་པའི་ཆོས་ཀྱིས་མི་སྟོང་པའི་དོན་ཡང༌། བླ་ན་མེད་པའི་ཆོས་བདག་མེད་གཉིས་ཀྱིས་མི་སྟོང་པ་ལ་བཤད་པར་བྱ་བ་ཡིན་གྱི། སྟོབས་སོགས་ཀྱི་ཡོན་ཏན་གྱིས་མི་སྟོང་པ་ལ་འདོད་པ་ནི་མི་འཐད་དོ། །ཞེས་འཆད་དོ། །འདི་ལ་འཐད་པའི་ཆ་ཡོད་དེ། །གློ་བུར་དག་གིས་ཁམས་སྟོང་གི །ཞེས་གསུངས་པས། གློ་བུར་གྱི་དྲི་མ་བདེན་པ་བས་སྟོང་པ་ལ་བཤད་པའི་ཕྱིར། དོན་ནི་འདི་ཡིན་ཏེ། ཁམས་འདི་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་དྲི་མ་ངོ་བོ་ཉིད་ཀྱིས་ཡོད་པ་བསལ་བར་བྱ་བ་ཅི་ཡང་མེད་དེ། གློ་བུར་གྱི་དྲི་མ་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པའི་ཕྱིར་ཏེ། དྲི་མ་ནི་བདེ་གཤེགས་སྙིང་པོ་དང་རྣམ་པར་དབྱེ་བ་དང་བཅས་པ་སྟེ། འབྲལ་རུང་གི་མཚན་ཉིད་ཅན་ཡིན་པའི་ཕྱིར། ཡང་ཁམས་འདི་ལ་རྣམ་པར་བྱང་བའི་རྒྱུའི་རང་བཞིན་གྱིས་རྣམ་པར་དག་པའི་ཆ་གསར་དུ་བཞག་པར་བྱ་བ་ཅུང་ཟད་མེད་དེ། བླ་ན་མེད་པའི་ཆོས་ཀྱི་རང་བཞིན་གྱིས་རྣམ་པར་དག་པས་གདོད་མ་ནས་མི་སྟོང་པའི་ཕྱིར་ཏེ། རང་བཞིན་རྣམ་དག་གི་ཁམས་དང་རྣམ་པར་དབྱེ་བ་མེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །འགྲེལ་པ་ལས་དག་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་སོ། །བླ་ན་མེད་པའི་ཆོས་ནི་སྟོབས་སོགས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་སྟེ། དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་པ་ལ་དགོངས་ཏེ། ཡང་དག་རྫོགས་སངས་ཆོས་ཉིད་ཕྱིར། །སེམས་ཅན་ཁམས་ནི་གཏེར་དང་འདྲ། །ཞེས་པ་དང༌། བྱང་ཆུབ་སེམས་ཅན་ཡོངས་སུ་འཛིན། །ཅེས་པ་ལྟར་རོ། །ཅིའི་ཕྱིར་ཆོས་ཉིད་ལ་བླ་ན་མེད་པའི་ཆོས་ཞེས་བྱ་ཞེ་ན། འགྲེལ་ཆུང་ལས། དེ་བཞིན་ཉིད་ལས་ཁྱད་པར་དུ་འཕགས་པའི་ཆོས་མེད་པས། ཞེས་དང༌། འདིར་ཡང་དག་པའི་ཆོས་ཉིད་ནི། །འདི་ཡི་རང་བཞིན་ཡིན་པའི་ཕྱིར། །ཞེས་དང༌། ཡོན་ཏན་རང་བཞིན་དག་པ་ཡིན། །ཞེས་སོ། །ཡང་དག་པའི་ཆོས་ཉིད་ལ་དམིགས་ནས་བསྒོམས་པས་སྟོབས་སོགས་ཀྱི་ཡོན་ཏན་འབྱུང་བའི་ཕྱིར་ཆོས་ཉིད་རང་བཞིན་རྣམ་དག་ལ་བླ་ན་མེད་པའི་ཆོས་ཞེས་བསྟན་ཏོ། །བླ་ན་མེད་པའི་ཆོས་ཀྱིས་མི་སྟོང་པའི་གཏན་ཚིགས་སུ། དག་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་སོ། །ཁམས་དེ་གང་ཟག་གང་གིས་རྟོགས་པ་བསྟན་ཟིན་ཏོ། །ལྔ་པ་ཁམས་བསྟན་པའི་དགོས་པ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ལ་དྲི་བ་དང༌། ལན་ནོ། །དང་པོ་ལ་གཉིས་ལས། དྲི་བ་དང་པོ་ནི། དེ་ལྟར་ཁམས་དེ་འཕགས་མཆོག་གིས་ཀྱང་རྟོགས་པར་དཀའ་ན་བྱིས་པ་ལས་བརྩམས་ཏེ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེས་པའོ། །དྲི་བ་གཉིས་པ་ནི། ཤེར་ཕྱིན་སོགས་མདོ་དེ་དང་དེར་ཉོན་མོངས་པ་སྤྲིན་དང་འདྲ་བ་དང༌། ལས་རྨི་ལམ་དང༌། སྐྱེ་བ་སྒྱུ་མ་བཞིན་དང༌། དོན་དམ་པར་ཤེས་བྱ་ཐམས་ཅད་རྣམ་པ་ཀུན་ཏུ་སྟོང་པ་ཡིན་ནོ། །ཞེས་གསུངས་ནས། ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་འདིར་རྒྱལ་བ་རྣམས་ཀྱིས་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས་ཞེས་པའོ། །གཉིས་པ་ལན་ལ། དྲི་བ་དང་པོའི་ལན་ནི། རང་ལ་སེམས་བསྐྱེད་སྐྱེ་བའི་གེགས་སེམས་ཞུམ་པ་དང༌། གཞན་རྗེས་སུ་འཛིན་པའི་གེགས་སེམས་ཅན་དམན་པ་ལ་བརྙས་པ་དང༌། གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་གེགས་ཡང་དག་ཏུ་ཡོད་པ་མིན་པའི་དྲི་མ་ངོ་བོ་ཉིད་ཀྱིས་ཡོད་པར་འཛིན་པས་སྒྲོ་འདོགས་པ་དང༌། ཡང་དག་པའི་ཆོས་རང་བཞིན་རྣམ་དག་ཡོད་པ་ལ་སྐུར་པ་འདེབས་པ་དང༌། བདག་གཞན་མཉམ་པ་ཉིད་དུ་རྟོགས་པའི་གེགས་བདག་ཉིད་ལ་ལྷག་པར་ཆགས་པ་སྟེ། སྐྱོན་ལྔ་པོ་གང་དག་ལ་ཡོད་པ་དེ་དག་སྤང་བའི་དོན་དུ་སེམས་ཅན་རྣམས་ལ་སྙིང་པོ་ཡོད་ཅེས་གསུངས་སོ། །དྲི་བ་གཉིས་པའི་ལན་ནི། ཡང་དག་པའི་མཐའ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་རྣམ་པ་སྐྱེ་འགག་སོགས་ཐམས་ཅད་ཀྱིས་དབེན་པ་དང༌། ཀུན་རྫོབ་ཏུ་ཉོན་མོངས་པའི་ཉོན་མོངས་པ་དང༌། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང༌། ལས་ཉོན་དེ་དག་གི་རྣམ་སྨིན་གྱི་དོན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དང་གསུམ་པོ་ནི་སྤྲིན་ལ་སོགས་པ་བཞིན་དུ་བརྗོད་དོ། །ཇི་ལྟར་སྤྲིན་སོགས་དང་མཚུངས་ཤེ་ན། ཉོན་མོངས་ནི་སེམས་ཀྱི་རང་བཞིན་མ་ཡིན་པ་དང༌། སེམས་རྒྱུད་ལ་ཁྱབ་པ་དང༌། གློ་བུར་བ་ཡིན་པས་སྤྲིན་དང་འདྲ་ཞིང༌། བྱ་བའི་ལས་ནི་ཆོས་ཅན། རྨི་ལམ་གྱི་ལོངས་སྤྱོད་བཞིན་ཡིན་ཏེ། བློ་ཕྱིན་ཅི་ལོག་གིས་བསྐྱེད་པ་དང༌། ཕྱིན་ཅི་ལོག་གི་དམིགས་པ་ཡིན་པས་སོ། །ཉོན་མོངས་པ་དང་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཕུང་པོ་ནི་ཆོས་ཅན། སྒྱུ་མ་དང་སྤྲུལ་པ་བཞིན་ཡིན་ཏེ། རྐྱེན་ལ་ལྟོས་པ་དང་བདེན་པར་མེད་པས་སོ། །མདོར་ན་དྲི་མ་གློ་བུར་བ་ཡིན་པས་ཁམས་ཀྱི་རང་བཞིན་དུ་མ་ཞུགས་པར་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། མཚམས་སྦྱར་བ་དང༌། དོན་དངོས་སོ། །དང་པོ་མཚམས་སྦྱར་བ་ནི། སྔར་ཡུམ་ཤེར་ཕྱིན་སོགས་སུ་ཚུལ་དེ་ལྟར་རྣམ་པར་བཞག་ནས། སླར་ཡང་རྒྱུད་བླ་མའི་བརྗོད་བྱ་སྟོན་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་འདིར་ནི་ཉེས་པ་ལྔ་པོ་དག་སྤང་བའི་ཕྱིར་ཁམས་ཡོད་ཅེས་བསྟན་པ་ཡིན་ནོ། །མདོ་སྔ་ཕྱི་གཉིས་ཀྱི་དགོངས་པ་མི་འགལ་བའི་དོན་ནི། ཁམས་དང་སྟོང་ཉིད་དོན་གཅིག་པ་མ་ཡིན་ལ། རྒྱུར་བཤད་པ་ནི་སྐྱེ་བྱེད་ཀྱི་རྒྱུ་ལ་འདོད་པ་མ་ཡིན་གྱི། སེམས་ངོ་བོ་ཉིད་ཀྱིས་མི་སྟོང་ན་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པས་ཡོན་ཏན་མི་འབྱུང་བའི་དོན་ནོ། །གཉིས་པ་དོན་དངོས་ལ་གཉིས་ཏེ། ཁམས་མ་ཐོས་པའི་ཉེས་དམིགས་དང༌། ཐོས་པའི་ཕན་ཡོན་ནོ། །དང་པོ་ནི། འདི་ལྟར་ཁམས་འདི་ནི་ཡོད་པར་མ་ཐོས་པས་བདག་ལ་རིགས་མེད་པས་ལམ་བསྒྲུབས་ཀྱང་སངས་རྒྱས་མི་ཐོབ་ཅེས་བདག་ལ་བརྙས་པའི་ཉེས་པ་ཡིས་སེམས་ཞུམ་པ་འགའ་ཞིག་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བར་མི་འགྱུར་རོ། །ལས་དང་པོ་པ་གང་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས་བདག་ནི་མཆོག་ཅེས་རློམ་པ་འགའ་ཞིག་ནི་བྱང་ཆུབ་ཏུ་སེམས་མ་སྐྱེས་པ་གཞན་ལ་འདི་དག་ལ་ནི་རིགས་མེད་པའོ་ཞེས་དམན་པའི་འདུ་ཤེས་རབ་ཏུ་འཇུག་པས་གང་ཟག་གཞན་བྱང་ཆུབ་ལ་འགོད་པའི་སྤྱོད་པ་རྗེས་སུ་མི་སྒྲུབ་བོ། །དེ་ལྟར་རང་ལ་དམིགས་ནས་རིགས་ཡོད་པར་རློམ་ཞིང་གཞན་ལ་རྒྱུ་རིགས་མེད་པར་སེམས་པ་དེ་ལ་ནི་ཁམས་ཀྱི་གནས་ལུགས་རྟོགས་པའི་ཡང་དག་པའི་ཤེས་པ་མི་སྐྱེ་བ་དེས་ན། དྲི་མ་རང་བཞིན་གྱིས་ཡོད་པར་ཞེན་པས་ཡང་དག་པ་མིན་པ་འཛིན་ཅིང་དྲི་མ་རང་བཞིན་གྱིས་དག་པ་ལ་སྐུར་པ་འདེབས་པས་ཡང་དག་པའི་དོན་རིག་པར་མི་འགྱུར་རོ། །འདིའི་འཐད་པ་ནི། སེམས་ཅན་གྱི་སྐྱོན་དྲི་མ་དེ་ཡང་དག་ཏུ་ཡོད་པ་མ་ཡིན་ཞེས་བྱ་སྟེ། དྲི་མ་དེ་བཅོས་མ་གློ་བུར་བ་ཡིན་པའི་ཕྱིར་ཏེ་གསེར་དང་གཡའ་ལྟར་སེམས་དང་འབྲལ་རུང་ཡིན་པའི་ཕྱིར། ཡོན་ཏན་དྲི་མ་རང་བཞིན་གྱིས་དག་པ་ཡོད་དེ། སེམས་དྲི་མའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར། ཡང་ན་ཡོན་ཏན་གྱི་དམིགས་པ་བདག་མེད་གཉིས་ནི་ཡང་དག་པར་ཡོད་དེ། བདག་གཉིས་ཀྱིས་སྟོང་པ་ནི་ཁམས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཉེས་པ་དྲི་མ་དེའི་བདག་ཉིད་དུ་མེད་པ་ནི་ཡང་དག་པའི་ཡོན་ཏན་ནོ། །ཡང་ན་སེམས་ཀྱི་བདག་ཉིད་དུ་མེད་པ་ནི་ཡང་དག་པ་ཞེས་བཤད་དོ། །ཡང་དག་པ་མིན་པའི་ཉེས་པའི་དྲི་མ་རང་བཞིན་གྱིས་ཡོད་པར་འཛིན་ཅིང་ཡང་དག་ཏུ་ཡོད་པའི་ཡོན་ཏན་གྱི་དམིགས་པའམ། རང་བཞིན་རྣམ་དག་ལ་སྐུར་པ་འདེབས་པས་ན་བློ་ལྡན་བྱང་སེམས་སུ་རློམ་པ་དག་བདག་དང་སེམས་ཅན་གཞན་གཉིས་ཀ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུངས་པར་མཐོང་བར་མི་འགྱུར་ཞིང༌། གཞན་ཕན་བདེ་དང་ཕྲད་འདོད་ཀྱི་བྱམས་པ་ཐོབ་པར་མི་འགྱུར་རོ། །གཉིས་པ་ཁམས་ཐོས་པའི་ཕན་ཡོན་བསྟན་པ་ནི། ཁམས་ཡོད་པར་བཤད་པའི་དགོས་པ་འདི་ལྟར། ཁམས་ཡོད་པ་དེ་ནི་ཐོས་པ་ལས་རང་ལ་རིགས་ཡོད་པར་ཤེས་ཏེ་བྱང་ཆུབ་ཐོབ་པར་སྤྲོ་བ་དང༌། གཞན་ལ་རིགས་ཡོད་པར་ཤེས་ནས་སྟོན་པ་བཞིན་དུ་གུས་པ་སྐྱེ་བ་དང༌། བདག་མེད་རྟོགས་པའི་ཤེས་རབ་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་བའི་ཡེ་ཤེས་དང༌། བདག་གཞན་མཉམ་པར་ཤེས་པས་བྱམས་པ་ཆེན་པོ་སྐྱེའོ། །དེ་ལྟར་ཆོས་ལྔ་པོ་སྐྱེ་བའི་ཕྱིར། རྒྱུ་དེ་ལས་རང་ལ་བརྙས་པའི་ཁ་ན་མ་ཐོ་བ་མེད་པ་དང༌། གཞན་ལ་མི་བརྙས་ཤིང་སྟོན་པ་དང་མཚུངས་པར་བལྟ་བ་དང༌། སྐྱོན་མེད་ཅིང་ཡོན་ཏན་དང་ལྡན་པར་བལྟ་བ་དང༌། བདག་དང་སེམས་ཅན་གཞན་བདེ་གཤེགས་སྙིང་པོ་ཡོད་པར་མཚུངས་པར་རྟོགས་པར་བྱས་ཏེ་མཐར་སངས་རྒྱས་ཉིད་ནི་མྱུར་དུ་འཐོབ་བོ། །ཁམས་ཀྱི་ལེའུ་བསྟན་ཟིན་ཏོ།།  །།གཉིས་པ་དག་པའི་རྐྱེན་བྱང་ཆུབ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དག་པ་གཉིས་ལྡན་གྱི་བྱང་ཆུབ་ནི་ངོ་བོའོ། །མཉམ་རྗེས་ཀྱི་ཡེ་ཤེས་ནི་ཐོབ་པར་བྱེད་པའི་རྒྱུའོ། །སྒྲིབ་པ་དང་བྲལ་བའི་ཆ་ནི་འབྲས་བུའོ། །རང་གཞན་གྱི་དོན་སྒྲུབ་པ་ནི་ལས་སོ། །དེའི་རྟེན་ཡོན་ཏན་དང་ལྡན་པ་ནི་ལྡན་པའོ། །ཟབ་མོའི་ཆོས་སྐུ་དང༌། རྒྱ་ཆེན་ལོངས་སྐུ་དང༌། བདག་ཉིད་ཆེན་པོ་སྤྲུལ་སྐུ་དང་གསུམ་པོ་ནི་དབྱེ་བའི་འཇུག་པའོ། །སྐུ་གསུམ་དང་ལྡན་པའི་བྱང་ཆུབ་དེ་ཡང་འཁོར་བ་ཇི་སྲིད་པའི་དུས་སུ་གནས་པ་ནི་རྟག་པའོ། །ཆོས་ཉིད་ཇི་ལྟ་བའི་རང་བཞིན་ཉིད་ཡིན་པས་སངས་རྒྱས་ལས་གཞན་གྱིས་བསམ་གྱིས་མི་ཁྱབ་པ་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་ཏེ། དོན་བརྒྱད་པོ་དེའི་སྒོ་ནས་སངས་རྒྱས་ཀྱི་ས་རྣམ་པར་བཞག་གོ །གཉིས་པ་རྒྱས་པར་བཤད་པ་ལ་སྡོམ་ཚིག་གིས་བསྟན་པ་ལྟར་དོན་བརྒྱད་ལས། དང་པོ་ངོ་བོ་དང་རྒྱུའི་དོན་ལྷན་ཅིག་ཏུ་བསྟན་པ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ། ངོ་བོ་ལ་ཡེ་ཤེས་དང༌། སྤངས་པ་དང༌། ཡོན་ཏན་དང༌། སྒྲིབ་པ་མེད་པ་སྟེ། བཞི་པོ་རིམ་པ་བཞིན་དུ་ཡུལ་རང་བཞིན་འོད་གསལ་ཞེས་བརྗོད་པ་གང་ཡིན་པ་དེ་ལ་ཡུལ་ཅན་ཡེ་ཤེས་ཉི་མ་བཞིན་དུ་གྱུར་པ་ལ་མཁྱེན་པ་རྒྱས་པ་ཞེས་བཤད་པ་དང༌། རང་བཞིན་དག་པ་འོད་གསལ་ཞེས་བརྗོད་པ་གང་ཡིན་པ་སྟེ། གློ་བུར་གྱི་དྲི་མ་དག་པས་མཁའ་བཞིན་དུ་གྱུར་པ་ལ་དྲི་མ་སྤངས་པ་དང་གཉིས་པོ་ལ་སངས་རྒྱས་ཞེས་བྱའོ། །རྟེན་རང་བཞིན་འོད་གསལ་ཞེས་བརྗོད་པ་དེ་ལ་བརྟེན་པའི་དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བསྟན་གཡུང་དྲུང་སངས་རྒྱས་ཉིད་དང༌། རང་བཞིན་འོད་གསལ་གློ་བུར་གྱི་དྲི་མ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤྲིན་ཚོགས་སྟུག་པོ་ལྟ་བུ་ཡིས་བསྒྲིབས་པར་གྱུར་པའི་དྲི་མེད་དོ། །རྒྱུ་གང་ལས་ཐོབ་ཅེ་ན། བྱང་ཆུབ་དེ་ནི་མཉམ་གཞག་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། རྗེས་ཐོབ་ཤེས་བྱ་རྣམ་པར་འབྱེད་པའི་ཡེ་ཤེས་དག་ལ་རྟེན་ནས་འཐོབ་བོ། །གཉིས་པ་རྒྱས་པར་བཤད་པ་ལ། ངོ་བོའི་དོན་ལ་བཞི་ལས། ཡེ་ཤེས་ནི་སངས་རྒྱས་ཉིད་ཅེས་བརྗོད་པ་ནི་ཡོན་ཏན་དང་དབྱེར་མེད་རབ་ཏུ་ཕྱེ་བ་ཉི་མ་བཞིན་ཏེ་ཡེ་ཤེས་ཀྱི་མཚན་ཉིད་དོ། །སྤངས་པ་ནི་གློ་བུར་གྱི་དྲི་མ་དག་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་ནམ་མཁའ་བཞིན་ཏེ་སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །ཡོན་ཏན་ནི་གདོད་ནས་དག་པས་འོད་གསལ་ཞིང་རྒྱུ་རྐྱེན་གྱིས་བྱས་པ་མིན་པའི་ཆོས་ཉིད་དག་པ་གཉིས་ལྡན་དང་དབྱེར་མེད་པར་འཇུག་པ་ཅན་གངྒཱའི་ཀླུང་གི་རྡུལ་ལས་འདས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀུན་དང་ལྡན་པ་ཉིད་དོ། །བཞི་པ་སྒྲིབ་པ་མེད་པ་ནི། དྲི་མ་སེམས་ཀྱི་ཆོས་ཉིད་ལ་རང་བཞིན་གྱིས་མ་གྲུབ་པ་དང༌། སེམས་རྒྱུད་ལ་ཁྱབ་པ་དང༌། གློ་བུར་བ་སྟེ་སེམས་དང་འབྲལ་རུང་ཡིན་པ་ཉིད་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མདོར་བསྟན་དེར་སྤྲིན་དང་འདྲ་བར་བརྗོད་དེ། སྤྲིན་ནམ་མཁའི་རང་བཞིན་དུ་མ་གྲུབ་པ་དང༌། ནམ་མཁའ་ལ་ཁྱབ་པ་དང༌། གློ་བུར་བ་འབྲལ་རུང་དུ་བྱུང་བས་སོ། །ཐོབ་བྱེད་ཀྱི་རྒྱུ་བཤད་པ་ལ་སྒྲིབ་པ་གཉིས་པོ་དང་བྲལ་བའི་རྒྱུ་དེ་ནི་ཡེ་ཤེས་གཉིས་ཡིན་ཏེ། ཡེ་ཤེས་གཉིས་པོ་ནི་རིམ་པ་ལྟར་མཉམ་གཞག་རྣམ་པར་མི་རྟོག་པ་དང༌། དེའི་རྗེས་ཐོབ་ཇི་སྙེད་པའི་ཡུལ་ཅན་དེ་གཉིས་སུ་འདོད་དོ། །འབྲས་བུའི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཉོན་སྒྲིབ་ལས་གྲོལ་བའི་བྲལ་འབྲས། ཤེས་སྒྲིབ་ལས་གྲོལ་བའི་བྲལ་འབྲས། དེ་གཉིས་རྒྱུ་གང་ལས་ཐོབ་པ་བསྟན་པའོ། །དང་པོ་ལ་ཉོན་མོངས་པ་འདོད་ཆགས་ཀྱི་དྲི་མ་དག་ལས་གྲོལ་བའི་ཡོན་ཏན་དང་ལྡན་པ་ནི། དྲི་མ་མེད་པའི་ཆུ་དང་ལྡན་ཞིང་རིམ་གྱིས་རྒྱས་པའི་པདྨས་ཁེབས་པའི་མཚོ་བཞིན་ནོ། །ཞེ་སྡང་གི་དྲི་མ་དག་ལས་གྲོལ་བའི་ཡོན་ཏན་དང་ལྡན་པ་ནི། ཉོན་མོངས་པ་ཞེ་སྡང་གི་དྲི་མ་མེད་པའི་བྱམས་བརྩེའི་འོད་ཟེར་གྱི་ཡོན་ཏན་དང་ལྡན་པའི་ཕྱིར། སྒྲ་གཅན་གྱི་ཁ་ནས་ཐར་བའི་ཟླ་བ་ཉ་བ་ལྟ་བུ་དང༌། ཉོན་མོངས་པ་གཏི་མུག་གི་དྲི་མ་དག་ལས་གྲོལ་བའི་ཡོན་ཏན་དང་ལྡན་པ་ནི། གཏི་མུག་གི་དྲི་མ་མེད་པའི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྣང་བ་དང་ལྡན་པ་དེ་ཉིད་ཀྱི་ཕྱིར། སྤྲིན་ཚོགས་ལས་གྲོལ་བའི་ཉི་མ་ལྟ་བུའོ། །གཉིས་པ་ནི། ཐུབ་པ་ཁྱུ་མཆོག་སངས་རྒྱས་དང་སྦྲང་རྩི་དང་འབྲུའི་སྙིང་པོ་དང་རིན་ཆེན་གསེར་དང་གཏེར་དང་ལྗོན་པ་བཞིན་དང་དྲི་མ་མེད་པའི་རིན་པོ་ཆེ་ལས་བྱས་པའི་བདེ་གཤེགས་ཀྱི་སྐུ་དང་སའི་བདག་པོ་དང་གསེར་གྱི་གཟུགས་སྒྲིབ་བྱེད་ལས་གྲོལ་བ་དང་འདྲ་བ་ནི་རྒྱལ་བ་ཉིད་ཀྱིས་སྤངས་པ་སོགས་དགུའོ། །གསུམ་པ་ནི། ཆུ་དང་ལྡན་པའི་མཚོ་ལ་སོགས་པ་ཁྱད་ཆོས་གསུམ་ལྡན་བཞིན་དུ་འདོད་ཆགས་སོགས་གློ་བུར་གྱི་ཉོན་མོངས་པ་གསུམ་དག་ནས་བསམ་གཏན་སོགས་གཉེན་པོ་གསུམ་ཐོབ་པ་ནི། མདོར་ན་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བྲལ་བའི་འབྲས་བུ་ཡིན་པར་རབ་ཏུ་བརྗོད་དོ། །ཤེས་སྒྲིབ་སྤངས་ནས་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་ངེས་པར་ཐོབ་པ་དེ་ནི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་འབྲས་བུ་ཡིན་པར་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྣམ་གྲོལ་གྱི་ཆོས་མཐུན་བསྟན་པ་དང༌། ཡོན་ཏན་གྱི་ཆོས་མཐུན་བསྟན་པའོ། །དང་པོ་ནི། འདོད་ཆགས་ཀྱི་སྒྲིབ་པ་ལས་གྲོལ་བའི་བྲལ་འབྲས་དེ་ཆོས་ཅན། ཆུ་ཡོངས་སུ་དག་པའི་རྫིང་དང་མཚུངས་པ་ཡིན་ཏེ། ཆུ་དྲི་མ་མེད་པ་ལྟར་འདོད་ཆགས་ཀྱི་རྡུལ་སྤངས་པའི་ཕྱིར་དང༌། པདྨ་ལ་ཆུ་འབེབས་པ་ལྟར་གདུལ་བྱའི་པདྨ་ལ་བསམ་གཏན་གྱི་ཆུ་འབབ་པའི་ཕྱིར། ཞེ་སྡང་གི་སྒྲིབ་པ་ལས་གྲོལ་བའི་བྲལ་འབྲས་དེ་ཆོས་ཅན། དྲི་མ་མེད་པའི་ཟླ་བ་ཉ་བ་གཟའ་ལས་ཐར་ནས་བསིལ་ཟེར་གྱིས་ཁྱབ་པར་བྱེད་པ་བཞིན་ཡིན་ཏེ། ཞེ་སྡང་གི་སྒྲ་གཅན་ལས་གྲོལ་བའི་སྙིང་རྗེ་དང་བྱམས་པ་ཆེན་པོའི་འོད་ཟེར་གྱིས་འགྲོ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར། གཏི་མུག་གི་སྒྲིབ་པ་ལས་གྲོལ་བའི་སངས་རྒྱས་དེ་ནི་ཆོས་ཅན། དྲི་མ་མེད་པའི་ཉི་མ་སྤྲིན་ལས་གྲོལ་བས་མུན་པ་སེལ་བར་བྱེད་པ་བཞིན་ཡིན་ཏེ། གཏི་མུག་གི་སྤྲིན་ཚོགས་ལས་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་འགྲོ་བར་གནས་པའི་མི་ཤེས་པའི་མུན་པ་སེལ་བའི་ཕྱིར། གཉིས་པ་ཡོན་ཏན་གྱི་ཆོས་མཐུན་བསྟན་པ་ནི། སངས་རྒྱས་ཀྱི་སྤངས་རྟོགས་ཆོས་ཅན། བདེ་གཤེགས་དང་ཆོས་མཚུངས་ཏེ། དཔེ་ལས་འདས་པས་གཞན་དང་མི་མཉམ་པ་སངས་རྒྱས་ཉིད་དང་མཉམ་པའི་ཆོས་ཡིན་པའི་ཕྱིར། ཟབ་མོ་སྟོན་པའི་གསུང་རབ་ཆོས་ཅན། སྦྲང་རྩི་དང་ཆོས་མཚུངས་ཏེ། གཞན་ལ་དམ་པའི་ཆོས་ཟབ་མོའི་རོ་སྦྱིན་པར་མཛད་པའི་ཕྱིར། རྒྱ་ཆེན་པོ་སྟོན་པའི་གསུང་རབ་ཆོས་ཅན། སྙིང་པོ་དང་ཆོས་མཚུངས་ཏེ། ཐོགས་པའི་སྒྲིབ་པའི་ཤུན་པ་དང་བྲལ་བའི་ཕྱིར། དག་པ་གཉིས་ལྡན་གྱི་དེ་བཞིན་ཉིད་ཆོས་ཅན། གཡའ་དག་པའི་གསེར་དང་ཆོས་མཚུངས་ཏེ། རང་བཞིན་གྱི་དྲི་མ་མེད་པ་དང་གློ་བུར་གྱི་དྲི་མས་དག་པའི་ཕྱིར། རང་བཞིན་དུ་གནས་པའི་རིགས་ལས་ཐོབ་པའི་ཆོས་སྐུ་ཆོས་ཅན། གཏེར་གྱིས་ནོར་སྟེར་བ་དང་ཆོས་མཚུངས་ཏེ། ཡོན་ཏན་གྱི་རྫས་ཀྱིས་གཞན་གྱི་དབུལ་བ་སེལ་བར་བྱེད་པའི་ཕྱིར། སྒྲུབ་པའི་རིགས་ལས་ཐོབ་པའི་གཟུགས་སྐུ་གཉིས་ཆོས་ཅན། ལྗོན་པས་འབྲས་བུ་སྟེར་བ་དང་ཆོས་མཚུངས་ཏེ། རྣམ་གྲོལ་གྱི་འབྲས་བུ་འབྱིན་པར་བྱེད་པའི་ཕྱིར། རང་བཞིན་གནས་རིགས་ཀྱི་འབྲས་བུ་ཆོས་སྐུ་དེ་ནི་ཆོས་ཅན། རིན་པོ་ཆེའི་སྐུ་དང་ཆོས་མཚུངས་ཏེ། རིན་པོ་ཆེ་ལྟ་བུའི་རྟོགས་པའི་ཆོས་ཀྱི་སྐུ་ཡིན་པའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཅན། རྒྱལ་པོ་དང་ཆོས་མཚུངས་ཏེ། རྐང་གཉིས་རྣམས་ཀྱི་བདག་པོ་མཆོག་ཏུ་གྱུར་པའི་ཕྱིར། སྤྲུལ་པའི་སྐུ་ནི་ཆོས་ཅན། གསེར་ལས་བྱས་པའི་གཟུགས་བཞིན་དུ་འདོད་དེ། ཡོན་ཏན་རིན་པོ་ཆེ་ལས་གྲུབ་ཅིང་ལོངས་སྐུའི་གཟུགས་ཀྱི་རྣམ་པར་སྣང་བའི་ཕྱིར། སྔ་མ་ནི་ཡོན་ཏན་ལྡོག་པ་ནས་དཔེ་དོན་སྦྱར་ལ། ཕྱི་མ་གསུམ་ནི་ཡོན་ཏན་ཅན་གྱི་ལྡོག་པ་ནས་དཔེ་དོན་སྦྱར་རོ། །དཔེ་དོན་འདི་རྣམས་སངས་རྒྱས་ཁོ་ན་དང་སྐུ་གསུམ་ཁོ་ན་ལ་སྦྱར་བ་ནི་སྔར་ཁམས་ཀྱི་ལེའུའི་སྐབས་སུ་དཔེ་དགུ་དོན་དགུ་སྦྱར་བ་དང་འགལ་ཞིང༌། སྐུ་གསུམ་ཁོ་ན་ལ་སྦྱོར་བ་ལ་ནི་ཆོས་མཐུན་བཤད་པ་ལ་དགོས་པ་ཡང་མེད་དོ། །ལས་ཀྱི་དོན་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ལ་གཉིས་ཏེ། རང་དོན་བསྟན་པ་དང༌། གཞན་དོན་བསྟན་པའོ། །དང་པོ་ནི། རྣམ་པར་གྲོལ་བའི་སྐུ་དེ་ཟག་པ་མེད་པའི་སྤངས་པའོ། །ཆོས་སྐུ་ནི་ཁྱབ་པ་སྟེ་ཡེ་ཤེས་སོ། །དེ་གཉིས་ཀའི་ཡོན་ཏན་ནི་འཇིག་མེད་ཆོས་ཅན་ཞེས་པའོ། །དེ་བཤད་པ་ནི། བརྟན་པ་དང་ཞི་བ་དང་རྟག་པ་དང་འཕོ་བ་མེད་པའོ། །གཉིས་པ་གཞན་དོན་ནི། གཞན་རྒྱུད་ཀྱི་ཕྲིན་ལས་ཀྱི་གནས་ཡིན་ནོ། །ཞེས་པའོ། །གཞན་དོན་གྱི་རྟེན་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། ནམ་མཁའ་རང་གི་ངོ་བོ་དོན་བྱེད་པ་མ་ཡིན་ཡང་གཟུགས་མཐོང་བ་སོགས་ཀྱི་གོ་འབྱེད་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་ཀུན་རྫོབ་ཏུ་དམ་པ་བྱང་སེམས་ཀྱི་དབང་པོ་དྲུག་གི་དོན་ཏེ། ཡུལ་ཉམས་སུ་མྱོང་བའི་རྒྱུ་ཡིན་ནོ། །ཇི་ལྟར་རྒྱུ་བྱེད་པའི་ཚུལ་བཤད་པ་ནི། བྷཱུ་ཏིའི་སྒྲ་འབྱུང་མེད་དང་དབང་འབྱོར་གཉིས་ལ་འཇུག་པ་ལས་འདིར་དབང་འབྱོར་ཏེ་དབང་འབྱོར་པའི་གཟུགས་ཀྱི་དོན་ལ་ལྟ་བ་དང༌། ཐེག་ཆེན་གྱི་ཆོས་ཀྱི་གཏམ་བཟང་པོ་གཙང་མ་ཉན་པ་དང༌། བདེ་བར་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་མཆོག་སྣོམ་པ་དང༌། འཕགས་པ་ཆེན་པོའི་ལོངས་སྤྱད་བྱ་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མྱོང་བ་དང༌། ཏིང་ངེ་འཛིན་གྱི་མཐུ་ལས་ཐོབ་པའི་ཤིན་ཏུ་སྦྱངས་པ་ལས་བྱུང་བའི་རེག་བྱའི་བདེ་བ་ཉམས་སུ་མྱོང་བ་དང༌། རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཆོས་ཀྱི་ཚུལ་རྟོགས་པའི་རྒྱུར་གྱུར་པ་ཡིན་ལ། འོན་ཀྱང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཞིབ་མོར་བསམས་ན། དོན་དམ་པའི་བདེ་བ་སྦྱིན་པར་མཛད་པའི་དེ་བཞིན་གཤེགས་པ་ནི་ནམ་མཁའ་བཞིན་དུ་འབྲས་བུ་བསྐྱེད་པའི་རྒྱུ་མཚན་རྣམས་དང་བྲལ་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལས་དང་བྱེད་པོ་སྦྱར་བ་དང༌། ལས་གཉིས་སོ་སོར་བཤད་པའོ། །དང་པོ་ནི། མདོར་ན་སྐུ་གཉིས་ཀྱིས་རང་གཞན་གྱི་དོན་གཉིས་བྱེད་པ་འདི་ནི་མཉམ་རྗེས་ཀྱི་ཡེ་ཤེས་གཉིས་པོའི་ལས་སུ་ཤེས་པར་བྱ་སྟེ། སྐུ་གཉིས་ཡོད་པ་ལས་རྣམ་པར་གྲོལ་བའི་སྐུ་ནི་མཉམ་གཞག་གིས་ཉོན་སྒྲིབ་སྤངས་པས་རྫོགས་པ་དང༌། ཆོས་ཀྱི་སྐུ་ནི་རྗེས་ཐོབ་ཀྱིས་ཤེས་སྒྲིབ་སྤངས་པས་ཡོངས་སུ་སྦྱང་བར་བྱས་པའོ། །རང་དོན་གྱི་ལས་ནི་སོ་སོར་རྣམ་པ་གཉིས་ཏེ། རྣམ་པར་གྲོལ་བའི་སྐུ་དང༌། ཆོས་ཀྱི་སྐུ་དག་གོ །ཐུན་མོང་དུ་རྣམ་པ་གཅིག་ཏུ་ཤེས་པར་བྱ་སྟེ། དེ་ལ་དང་པོ་རྣམ་པར་གྲོལ་བའི་སྐུ་ནི་སྤངས་པ་ཡིན་ཏེ། ཟག་པ་མེད་པའི་ཕྱིར། ཆོས་སྐུ་ནི་ཆོས་ཅན། ཡེ་ཤེས་ཡིན་ཏེ། ཁྱབ་པའི་ཕྱིར། ཐུན་མོང་གི་གཅིག་པོ་གང་ཞེ་ན། འདུས་མ་བྱས་ཕྱིར་ཞེས་པའོ། །སྐུ་དེ་གཉིས་ཆོས་ཅན། གཞན་དོན་གྱི་ལས་ཅན་ཡིན་ཏེ། གཞན་དོན་གྱི་ཡོན་ཏན་གྱི་གནས་ཉིད་ཀྱི་ཕྱིར་རོ། །གཉིས་པ་ལས་གཉིས་སོ་སོར་བཤད་པ་ལ་གཉིས་ཏེ། རང་དོན་གྱི་ལས་བཤད་པ་དང༌། གཞན་དོན་གྱི་ལས་བཤད་པའོ། །དང་པོ་ནི། རྣམ་གྲོལ་གྱི་སྐུ་ཆོས་ཅན། ཟག་པ་མེད་པ་ཡིན་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་འགགས་པའི་ཕྱིར། ཡེ་ཤེས་ཀྱི་སྐུ་ཆོས་ཅན། ཤེས་བྱ་ཀུན་ལ་ཁྱབ་པ་ཉིད་དུ་འདོད་དེ། ཇི་ལྟ་བ་མཁྱེན་པས་ཆགས་པ་མེད་ཅིང༌། ཇི་སྙེད་པ་མཁྱེན་པས་ཐོགས་པ་མེད་པའི་ཕྱིར། འདུས་མ་བྱས་གང་ཞེ་ན། སྐུ་གཉིས་ཆོས་ཅན། འདུས་མ་བྱས་ཡིན་ཏེ། གཏན་དུ་འཇིག་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་ན། འཇིག་མེད་ཉིད་ནི་ཞེས་པ་མདོར་བསྟན་པ་ཡིན་ལ། བརྟན་པ་དང་ཞི་བ་སོགས་ཀྱིས་ནི་དེ་བཤད་པ་ཡིན་ནོ། །དེ་ལ་འཇིག་མེད་ཀྱི་བཟློག་ཕྱོགས་འཇིག་པ་ནི་རྣམ་པ་བཞིར་ཤེས་པར་བྱ་སྟེ། རིམ་པ་ལྟར་བརྟན་སོགས་བཞི་པོ་དག་ལས་བཟློག་པའི་ཕྱིར་རོ། །བཞི་པོ་གང་ཞེ་ན། ཟག་མེད་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་མྱགས་པ་དག མ་རིག་པའི་བག་ཆགས་ཀྱི་སའི་རྣམ་པར་འགྱུར་བའི་ནད་དང༌། ཡིད་ཀྱི་རང་བཞིན་གྱི་ལུས་སྔ་མ་ཆད་ནས་ཕྱི་མ་གཞན་དང་གཞན་སྐྱེ་བ་དང༌། བསམ་གྱིས་མི་ཁྱབ་པར་བསྒྱུར་བ་ཡི་འཆི་འཕོའོ། །བཞི་པོ་དེ་མེད་པའི་ཕྱིར་ན་རིམ་པ་ལྟར་བརྟན་པ་དང་ཞི་བ་དང་རྟག་པ་དང་འཕོ་བ་མེད་པར་ཤེས་པར་བྱའོ། །རང་དོན་གྱི་ལས་བསྟན་ཟིན་ཏོ། །གཉིས་པ་གཞན་དོན་གྱི་ལས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དྲི་མ་མེད་པའི་རྣམ་གྲོལ་གྱི་སྐུ་དང༌། ཡེ་ཤེས་ཀྱི་སྐུ་གཉིས་པོ་དེ་ཆོས་ཅན། གནས་ཞེས་བསྟན་ཏེ། གཞན་རྒྱུད་ཀྱི་དཀར་པོའི་ཆོས་ཀྱི་རྟེན་ཡིན་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ནི། ཇི་ལྟར་སྐྱེད་བྱེད་ཀྱི་རྒྱུ་མིན་པའི་ནམ་མཁའ་ནི་གཟུགས་མཐོང་བ་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཀྱི་ཐོས་པ་ལ་སོགས་པའི་རྒྱུ་ཡིན་པ་ལྟར། དེ་བཞིན་དུ་རྣམ་གྲོལ་དང་ཆོས་ཀྱི་སྐུ་གཉིས་འབད་རྩོལ་གྱི་སྒྲིམ་པ་མེད་པའི་སྦྱོར་བས་བརྟན་པ་བྱང་སེམས་རྣམས་ཀྱི་དབང་པོ་དྲུག་གིས་དེའི་དོན་དྲུག་ལ་གནས་པར་གྱུར་པའི་ཟག་པ་མེད་པའི་ཡོན་ཏན་དག་སྐྱེ་བའི་གོ་འབྱེད་ཀྱི་རྒྱུ་ཡིན་ནོ། །འདིར་རྣམ་གྲོལ་གྱི་སྐུ་ལ་རང་དོན་དང་ཆོས་སྐུ་ལ་གཞན་དོན་དུ་འཆད་པ་དང༌། འདིར་བཤད་པའི་སྐུ་གཉིས་གཟུགས་སྐུ་གཉིས་ལ་འཆད་པ་ནི་གཞུང་གི་དོན་མ་ཡིན་ནོ། །འོ་ན་ཇི་ལྟར་འཆད་པར་བྱ་སྙམ་ན། འོག་ནས་ལྡན་པའི་སྐབས་སུ་འཆད་པ་ལྟར་རྣམ་གྲོལ་དང་ཆོས་ཀྱི་སྐུ་གཉིས་ཀྱིས་རང་དོན་བསྟན་པར་ཤེས་པར་བྱ་སྟེ། མདོ་དགོངས་པ་ངེས་འགྲེལ་སོགས་སུ། རྣམ་པར་གྲོལ་བའི་ལས་ཀྱིས་ནི་དེ་བཞིན་གཤེགས་པ་རྣམས་ཉན་ཐོས་དང་མཚུངས་ཤིང་མཉམ་མོ། །ཆོས་ཀྱི་སྐུས་ནི་ཁྱད་པར་འཕགས་ཞེས་གསུངས་པ་ལྟར། ཉོན་སྒྲིབ་སྤངས་པ་རྣམ་གྲོལ་གྱི་སྐུ་དང༌། ཤེས་སྒྲིབ་སྤངས་པ་ཆོས་ཀྱི་སྐུ་ཡིན་ནོ། །ལྡན་པའི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་ལ་ལྡན་པའི་ཡོན་ཏན་ནི་བསམ་དུ་མེད་པ་དང༌། རྟག་པ་དང༌། བརྟན་པ་དང༌། ཞི་བ་དང༌། གཡུང་དྲུང་དང༌། རབ་ཏུ་ཞི་བ་དང༌། ཁྱབ་པ་དང༌། རྟོག་པ་དང་བྲལ་བ་ནམ་མཁའ་བཞིན་དང༌། ཆགས་པ་མེད་པ་དང༌། ཀུན་ཏུ་ཐོགས་པ་མེད་པ་དང༌། རྩུབ་པའི་རེག་བྱ་སྤངས་པ་དང༌། བལྟར་མེད་པ་དང༌། བཟུང་དུ་མེད་པ་དང༌། དགེ་བ་དང༌། དྲི་མ་མེད་པ་སྟེ་སངས་རྒྱས་ཀྱི་ཡོན་ཏན་བཅོ་ལྔའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྟེན་གྱི་སྒོ་ནས་མདོར་བསྟན་པ་དང༌། ཡོན་ཏན་བཅོ་ལྔ་སོ་སོར་བཤད་པའོ། །དང་པོ་ནི། སྔར་བཤད་པའི་རྣམ་གྲོལ་གྱི་སྐུ་དང་ཆོས་ཀྱི་སྐུ་དེ་དག་གིས་རང་དང་གཞན་གྱི་དོན་གཉིས་ཀ་བྱེད་པར་བསྟན་ཏོ། །རང་དང་གཞན་གྱི་དོན་གྱི་རྟེན་སྐུ་གཉིས་པོ་དེ་ལ་ནི་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་བཅོ་ལྔ་ལྡན་ནོ། །དང་པོ་ལ་ལྔ་སྟེ། ཟབ་པའི་ཡོན་ཏན། རྟག་པའི་ཡོན་ཏན། བདེ་བའི་ཡོན་ཏན། ཡེ་ཤེས་ཀྱི་ཡོན་ཏན། སྤངས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། ཟབ་པའི་ཚུལ་བཤད་པའོ། །དང་པོ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི་ཆོས་ཅན། ཡེ་ཤེས་ཀྱི་ལུས་ཅན་འཕགས་པ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པར་རྟོགས་པར་བྱ་སྟེ། ཐོས་པའི་ཤེས་རབ་སོགས་གསུམ་གྱི་ཡུལ་མིན་པའི་ཕྱིར། ཡང་ན་སངས་རྒྱས་ཀྱི་ཡེ་ཤེས་ནི་ལུས་ཅན་རྣམས་ཀྱིས་བསམ་གྱིས་མི་ཁྱབ་སྟེ་ཞེས་སྦྱོར་རོ། །ཇི་ལྟར་ཤེས་རབ་གསུམ་གྱི་ཡུལ་མ་ཡིན་ཞེ་ན། ཐོས་བྱུང་ཤེས་རབ་ཀྱི་ཡུལ་མ་ཡིན་ཏེ། ཤིན་ཏུ་ཕྲ་བས་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར། བསམ་བྱུང་ཤེས་རབ་ཀྱི་ཡུལ་མ་ཡིན་ཏེ། དོན་དམ་ཡིན་པས་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པའི་ཕྱིར། འཇིག་རྟེན་པའི་སྒོམ་བྱུང་སོགས་ཡུལ་གྱི་མཚན་མ་དང་འབྲེལ་བའི་ཡུལ་མ་ཡིན་ཏེ། ཆོས་ཉིད་ཟབ་པས་མཚན་མ་དང་བྲལ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། བྱིས་པ་སོ་སྐྱེས་མི་རྟོགས་པ་དང༌། ཐེག་དམན་འཕགས་པས་མི་རྟོགས་པའོ། །དང་པོ་ནི། ཆོས་སྐུ་དེ་ཆོས་ཅན། བྱིས་པ་སོ་སྐྱེས་སྔོན་མཐོང་མ་མྱོང་སྟེ། གང་གི་ཕྱིར་ན་ཤེས་པ་གསུམ་གྱི་ཡུལ་མ་ཡིན་པ་དེའི་ཕྱིར། དཔེར་ན་དམུས་ལོང་གིས་གཟུགས་གཏན་ནས་མི་མཐོང་བ་བཞིན་ནོ། །གཉིས་པ་ནི། ཐེག་དམན་འཕགས་པས་ཀྱང་མངོན་སུམ་དུ་མ་མཐོང་སྟེ། ཁྱིམ་ན་གནས་པའི་བུ་ཆུང་བཙས་ནས་ཞག་བདུན་ལོན་པ་དག་གིས་ཀྱང་ཉི་མའི་གཟུགས་བལྟར་མི་བཟོད་པ་བཞིན། ཇི་སྐད་དུ་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་དཔེར་ན་དམུས་ལོང་གིས་གཟུགས་བལྟ་བར་མི་ནུས་པ་དང༌། བུ་བཙས་པ་གནས་ན་མཆིས་པའི་བྱིས་པ་དགུང་བདུན་ལོན་པས་ཉི་མའི་དཀྱིལ་འཁོར་བལྟ་བར་མི་ནུས་པ་བཞིན་དུ། བཅོམ་ལྡན་འདས་སྡུག་བསྔལ་འགོག་པའི་བདེན་པ་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་མ་ལགས། ཉན་ཐོས་དང་རང་རྒྱལ་རྣམས་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་མ་ལགས་སོ། །ཞེས་སོ། །འདི་ཉན་རང་འཕགས་པས་ཀྱང་མི་མཐོང་བར་བཤད་པའི་འགོག་པ་ནི་སྤངས་པ་ཡོངས་སུ་རྫོགས་པའི་འགོག་བདེན་ཏེ། འདིའི་འགོག་པ་དེ་བཞིན་གཤེགས་པའི་ཆོས་སྐུ་དང་དོན་གཅིག་པར་འགྲེལ་པར་གསུངས་སོ། །གཉིས་པ་རྟག་པའི་ཡོན་ཏན་ནི། དེ་བཞིན་གཤེགས་པའི་ཆོས་སྐུ་ཆོས་ཅན། རྟག་པ་ཡིན་ཏེ། སྐྱེ་བ་དང་བྲལ་བའི་ཕྱིར། བརྟན་པ་ཡིན་ཏེ། སྲོག་འགག་པའི་འཆི་བ་མེད་པའི་ཕྱིར། ཞི་བ་ཡིན་ཏེ། སྐྱེ་འགག་གཉིས་དང་བྲལ་བས་ནད་མེད་པའི་ཕྱིར། གཡུང་དྲུང་ཡིན་ཏེ། ཆད་པར་མི་འགྱུར་བར་གནས་པས་རྒ་བ་མེད་པའི་ཕྱིར། གསུམ་པ་བདེ་བའི་ཡོན་ཏན་ནི། སྡུག་བསྔལ་རབ་ཏུ་ཞི་བ་ཡིན་ཏེ། སྡུག་བསྔལ་རྒྱུ་དང་བཅས་པ་འགག་པའི་འགོག་བདེན་ཡིན་པའི་ཕྱིར། བཞི་པ་ཡེ་ཤེས་ཀྱི་ཡོན་ཏན་ནི། ཤེས་བྱ་ཇི་སྙེད་པ་ལ་ཁྱབ་པའི་ཡོན་ཏན་དང་ལྡན་ཏེ། ཤེས་བྱ་ཇི་སྙེད་པ་ཐམས་ཅད་རྟོགས་པའི་ཕྱིར། རྟོག་པ་མེད་པ་ཡིན་ཏེ། ཇི་ལྟ་བ་མཁྱེན་པས་སྤྲོས་པའི་མཚན་མ་གང་ཡང་གནས་པ་མེད་པའི་ཕྱིར། ལྔ་པ་སྤངས་པའི་ཡོན་ཏན་ནི། ཆོས་སྐུ་ཆོས་ཅན། ཆགས་པ་མེད་པ་ཡིན་ཏེ། ཐར་པ་ལ་སྒྲིབ་བྱེད་ཀྱི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར། ཐམས་ཅད་དུ་ཐོགས་པ་མེད་པ་ཡིན་ཏེ། རྣམ་མཁྱེན་སྒྲིབ་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་ཀུན་དག་པའི་ཕྱིར། རྩུབ་པའི་རེག་བྱ་དང་བྲལ་བ་ཡིན་ཏེ། བྱིང་རྒོད་གཉིས་མེད་པས་ཏིང་ངེ་འཛིན་ལས་སུ་རུང་བའི་ཕྱིར། མིག་གིས་བལྟར་མེད་དེ། གཟུགས་མེད་པའི་ཕྱིར། བློས་གང་དུའང་བཟུང་དུ་མེད་དེ། སྤྲོས་པའི་མཚན་མ་མེད་པའི་ཕྱིར། དོན་དམ་པའི་དགེ་བ་ཡིན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། དྲི་མ་མེད་པ་ཡིན་ཏེ། གློ་བུར་གྱི་དྲི་མ་སྤངས་པའི་ཕྱིར། འཇུག་པའི་དོན་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ལ་གསུམ་སྟེ། ཆོས་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་སྐུ་བསྟན་པའོ། །དང་པོ་ལ་གཉིས་ལས། མཚན་ཉིད་ནི་ལྔ་སྟེ། འདུས་མ་བྱས་པ་ནི་ཐོག་མར་སྐྱེ་བ་དང༌། དབུས་སུ་གནས་པ་དང༌། མཐར་འགག་པ་མེད་པའོ། །ཐ་དད་མེད་པ་ནི་སངས་རྒྱས་ཀྱི་དབྱིངས་དང་ཐ་དད་དུ་རྣམ་པར་དབྱེར་མེད་པ་སྟེ་དབྱིངས་ཀྱི་ཆའོ། །ཕྱིན་ཅི་མ་ལོག་པ་ནི་བདག་དང་བདག་མེད་ཀྱི་སྤྲོས་པའི་མཐའ་གཉིས་སུ་འཛིན་པ་མེད་པ་སྟེ་ཡེ་ཤེས་ཀྱི་ཆའོ། །རྣམ་པར་དག་པ་ནི་སྒྲིབ་པ་གསུམ་དང་བྲལ་བའོ། །འོད་གསལ་བ་ནི་དྲི་མ་མེད་ཅིང་རྣམ་རྟོག་མེད་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པའི་ཆོས་སྐུ་དེ་རྟོགས་པ་ནི་ཆོས་ཉིད་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་ངོ༌། །ཡོན་ཏན་ནི་ལྔ་སྟེ། དེ་བཞིན་གཤེགས་པའི་དྲི་མ་མེད་པའི་དབྱིངས་དེ་ནི་རྒྱ་ཆེ་བས་ཚད་གཞལ་དུ་མེད་པ་དང༌། གྲངས་མང་བས་གངྒཱའི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པ་དང༌། ཟབ་པས་བསམ་དུ་མེད་པ་དང༌། ཐུན་མོང་མ་ཡིན་པས་གཞན་དང་མཉམ་པ་མེད་པ་དང༌། རྣམ་པར་དག་པས་བག་ཆགས་དང་བཅས་པའི་ཉེས་པ་རྣམས་སྤངས་པས་ན་ཡོན་ཏན་ལྔ་པོ་འདི་རྣམས་དང་ལྡན་ནོ། །གཉིས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡོན་ཏན་ལྔ་དང་ལྡན་ཏེ། གསུང་སྣ་ཚོགས་པ་དམ་པའི་ཆོས་མངའ་བ་དང༌། མཚན་དཔེའི་འོད་ཟེར་མངའ་བའི་སྐུ་ཞེས་བརྗོད་དེ། ཡོན་ཏན་གཉིས་དང་སྐུ་རྟེན་དང་རྟེན་ཅན་དུ་སྦྱར་ནས་བསྟན་ཏོ། །ཐུགས་ཀྱི་མཛད་པ་ནི་འགྲོ་བའི་རྣམ་པར་གྲོལ་བའི་དོན་སྒྲུབ་པ་ལ་བརྩོན་པའོ། །དེ་གསུམ་ལ་རྟོག་པ་མེད་པ་ནི་མཛད་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་དུ་འབད་མེད་དུ་མཛད་དོ་ཞེས་སོ། །སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་མིན་པ་ནི་གདུལ་བྱའི་དབང་གིས་སྣ་ཚོགས་ཀྱི་དངོས་པོར་སྣང་ཡང་དོན་ལ་སྣ་ཚོགས་དེའི་རང་བཞིན་མིན་ནོ། །གསུམ་པ་སྤྲུལ་པའི་སྐུ་ནི། འཇིག་རྟེན་རྣམས་དང་པོར་ཞི་བ་མྱང་འདས་ཀྱི་ལམ་ལ་འཇུག་པར་བྱེད་པ་དང༌། བར་དུ་ཐེག་ཆེན་ལ་རབ་ཏུ་སྨིན་པར་བྱེད་པ་དང༌། མཐར་བྱང་ཆུབ་ཏུ་ལུང་སྟོན་པས་གྲོལ་བར་བྱེད་པའི་རྒྱུའི་གཟུགས་སྤྲུལ་སྐུ་གང་ཡིན་པ་དེ་ཡང་འཇིག་རྟེན་འདིར་ཆོས་དབྱིངས་ལ་རྟག་ཏུ་རྒྱུན་མི་འཆད་པར་གནས་ཏེ། ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་རྒྱུན་མི་འཆད་པར་བཞིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐུན་མོང་གི་དབྱེ་བ། དབྱེ་བ་སོ་སོའི་རང་བཞིན། ཐུན་མོང་གི་མཇུག་བསྡུ་བའོ། །དང་པོ་ནི། རང་བྱུང་དང༌། ཐམས་ཅད་མཁྱེན་པ་དང༌། སངས་རྒྱས་ཉིད་དང༌། མྱ་ངན་འདས་པ་མཆོག་ཏུ་གྱུར་པ་དང༌། རྟོག་གེའི་བློས་བསམ་དུ་མེད་པ་དང༌། དགྲ་བཅོམ་པ་མཆོག་ཏུ་གྱུར་པ་དང༌། སོ་སོ་རང་གིས་རིག་པའི་བདག་ཉིད་དུ་གྱུར་པ་རྣམས་ཏེ། བྱང་ཆུབ་ཆེན་པོའི་མིང་གི་རྣམ་གྲངས་སོ། །དེ་ལ་དབྱེ་ན་ཟབ་པ་དང༌། རྒྱ་ཆེ་བ་དང༌། བདག་ཉིད་ཆེན་པོ་སྟེ། ཡོན་ཏན་གྱི་ཆོས་ཀྱིས་རབ་ཏུ་དབྱེ་བས་སྐུ་གསུམ་དུ་བཞག་པ་དེ་དག་གིས་སངས་རྒྱས་ཀྱི་རང་བཞིན་ལ་སོགས་པའི་དབྱེ་བ་ཐ་དད་དུ་འཇུག་གོ །གཉིས་པ་དབྱེ་བ་སོ་སོའི་དོན་ལ་གསུམ་སྟེ། ཆོས་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་སྐུའོ། །དང་པོ་ལ་གཉིས་ལས། སྤྱིར་བསྟན་པ་ནི། སྐུ་གསུམ་ཡོད་པ་དེ་ལ་སངས་རྒྱས་རྣམས་ཀྱི་ནི་ངོ་བོ་ཉིད་ཀྱི་སྐུ་མདོར་ན་མཚན་ཉིད་ལྔ་དང་ཡོན་ཏན་ལྔ་དང་ལྡན་པ་ཉིད་དུ་རིག་པར་བྱའོ། །གཉིས་པ་སོ་སོར་བཤད་པ་ལ་མཚན་ཉིད་ལྔ་ནི། སྐྱེ་སོགས་མེད་པའི་འདུས་མ་བྱས་པ་དང༌། གཅིག་དང་ཐ་དད་དུ་དབྱེར་མེད་པས་ཐ་དད་དུ་མེད་པ་དང༌། བདག་དང་བདག་གིར་སྤྲོས་པའི་མཐའ་གཉིས་སུ་འཛིན་པ་སྤངས་པས་ཕྱིན་ཅི་མ་ལོག་པ་དང༌། ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང༌། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཤེས་བྱའི་སྒྲིབ་པ་དང༌། སྙོམས་འཇུག་དགུ་ལ་འཇུག་པའི་གེགས་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་ངེས་པར་གྲོལ་བས་རྣམ་པར་དག་པ་དང༌། ཉོན་མོངས་ཀྱི་དྲི་མ་མེད་པ་དང༌། གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་པ་དང༌། ཆོས་ཉིད་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་རྣམས་ཀྱི་ཡུལ་ཡིན་པའི་ཕྱིར་དང༌། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་དག་པའི་ཕྱིར་ན་འོད་གསལ་བའོ། །ཡོན་ཏན་ལྔ་ནི། ངོ་བོ་ཉིད་ཀྱི་སྐུ་ཆོས་ཅན། གཞལ་དུ་མེད་པའི་ཡོན་ཏན་རྣམས་དང་ཡང་དག་པར་ལྡན་ཏེ། རྒྱ་ཆེ་བའི་ཕྱིར། གྲངས་མེད་པའི་ཡོན་ཏན་དང་ལྡན་ཏེ། ཡོན་ཏན་གྲངས་ཀྱིས་བཟུང་དུ་མེད་པའི་ཕྱིར། བསམ་དུ་མེད་པའི་ཡོན་ཏན་དང་ལྡན་ཏེ། རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར། གཞན་དང་མཉམ་པ་མེད་པའི་ཡོན་ཏན་དང་ལྡན་ཏེ། སངས་རྒྱས་འབའ་ཞིག་ལ་ལྡན་པའི་ཕྱིར། དག་པ་མཐར་ཐུག་པའི་ཡོན་ཏན་དང་ལྡན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར། རྟགས་ལྔ་པོ་གོ་རིམ་བཞིན་དུ་གཞལ་མེད་ལ་སོགས་ལྔའི་གཏན་ཚིགས་སུ་སྦྱར་ཏེ་བཤད་ཟིན་ཏོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསུམ་སྟེ། མཚན་ཉིད་ལྔ་ངོས་བཟུང༌། དེ་དག་བསྡུས་ཏེ་བསྟན། སྣང་བ་དཔེས་མཚོན་པའོ། །དང་པོ་ནི། གསུང་སྣ་ཚོགས་པའི་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་པ་དང༌། སྤྲུལ་པ་ཙམ་མིན་གྱི་རང་བཞིན་མཚན་དཔེ་སོགས་ཀྱི་ཆོས་སྣང་བའི་ཕྱིར། འདིར་ཡང་བརྗོད་སྟོན་གཉིས་ཕྱོགས་གཅིག་ཏུ་བྱས་པའོ། །ཐུགས་རྗེ་ཆེན་པོ་དག་པའི་རྒྱུ་མཐུན་པ་ལས་འགྲོ་བའི་དོན་རྒྱུན་མི་འཆད་པའི་ཕྱིར་དང༌། ཕྲིན་ལས་དེ་གསུམ་ལ་རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་གདུལ་བྱའི་འདོད་པ་ཐམས་ཅད་ཇི་བཞིན་དུ་ཡོངས་སུ་སྐོང་བའི་ཕྱིར་དང༌། ཡིད་བཞིན་གྱི་ནོར་བུ་སྣ་ཚོགས་མིན་ཡང་སྣ་ཚོགས་སུ་སྣང་བའི་མཐུ་དང་ལྡན་པ་ལྟར། སྣ་ཚོགས་མིན་ཡང་གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྣང་བའི་རྫུ་འཕྲུལ་སྟོན་པའི་མཐུ་ཡོད་པ་སྟེ། ཆོས་ལྔ་པོ་ཉིད་ཀྱིས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་རྣམ་པར་གནས་སོ། །གཉིས་པ་དེ་དག་བསྡུས་ཏེ་བསྟན་པ་ནི། གསུང་བརྗོད་པ་དང༌། སྐུ་སྟོན་པ་དང༌། ཐུགས་མཛད་པ་རྒྱུན་མི་འཆད་པ་དང༌། ཕྲིན་ལས་མངོན་པར་འདུ་བྱེད་པ་མེད་པ་དང༌། སངས་རྒྱས་རང་སྣང་ལ་སྣ་ཚོགས་པ་དེའི་ངོ་བོ་མིན་པར་སྟོན་ལ། གདུལ་བྱ་གཞན་སྣང་འདིར་ནི་སྣ་ཚོགས་སུ་སྣང་བ་སྟེ། རྣམ་པ་ལྔར་བརྗོད་དོ། །གསུམ་པ་སྣང་བ་དཔེས་མཚོན་པ་ནི། ཇི་ལྟར་ཚོན་ཁ་དོག་སྣ་ཚོགས་པའི་རྐྱེན་གྱིས་ནོར་བུ་ཁ་དོག་སྣ་ཚོགས་པའི་ངོ་བོ་མ་ཡིན་པར་གནས་པ་དེའི་ངོ་བོ་ཇི་ལྟར་བཞིན་མིན་པར་ཁ་དོག་སྣ་ཚོགས་སུ་སྣང་བ་དེ་བཞིན་དུ། འགྲོ་བའི་མོས་པ་ཐ་དད་པའི་རྐྱེན་སྣ་ཚོགས་པས་ཁྱབ་བདག་སྣ་ཚོགས་པ་དེའི་དངོས་པོ་མིན་ཀྱང་སྣ་ཚོགས་སུ་སྣང་ངོ༌། །ཁྱབ་བདག་ཅེས་པ་ནི། དབྱིངས་དང་ཡེ་ཤེས་དང་ཕྲིན་ལས་གསུམ་གྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་སྟེ། སྔར་ཆོས་དབྱིངས་རང་བཞིན་རྣམ་དག་གི་ཆ་གཞི་འབྲས་ཐམས་ཅད་ལ་འགྲོ་བའི་དོན་དུ་བཤད་པ་ལྟར་རོ། །དག་པ་གཉིས་ལྡན་གྱིས་གཞི་འབྲས་ཀུན་ལ་ཁྱབ་པ་ནི་མ་ཡིན་ནོ། །ཡེ་ཤེས་ཀྱིས་ཁྱབ་པ་ནི། ཆགས་མེད་ཐོགས་པ་མེད་པའི་ཕྱིར། །ཡེ་ཤེས་ཁྱབ་པ་ཉིད་དུ་འདོད། །ཅེས་པ་ལྟར་རོ། །འགའ་ཞིག་སྒྲིབ་པའི་དབུས་ན་སངས་རྒྱས་ཡོད་པའི་ཚུལ་གྱིས་ཁྱབ་པར་འདོད་པ་ནི། མུན་པའི་དབུས་ན་ཉི་མའི་དཀྱིལ་འཁོར་འོད་འབར་བ་ཡོད་པར་འདོད་པ་དང་མཚུངས་སོ། །ཕྲིན་ལས་ཀྱིས་ཁྱབ་པ་ནི། མངོན་རྟོགས་རྒྱན་ལས། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པ་ངེས་པར་བརྗོད། །ཅེས་པ་ལྟར་རོ། །གསུམ་པ་སྤྲུལ་པའི་སྐུ་ལ་གཉིས་ཏེ། སྐུ་དངོས་ཀྱི་ཁྱད་པར་དང༌། དེའི་ཕྲིན་ལས་བསྟན་པའོ། །དང་པོ་ནི། སྟོན་ཞེས་བཤད་པའི་གཞིའོ། །གང་དུ་ཞེ་ན། ཡོངས་སུ་མ་དག་པའི་ཞིང་རྣམས་སུ་སྟོན། དུས་ཇི་ཙམ་བར་དུ་ཞེ་ན། སྲིད་པ་ཇི་སྲིད་གནས་ཀྱི་བར་དུའོ། །གང་གིས་སྟོན་ཅེ་ན། འཇིག་རྟེན་མཁྱེན་པ་སངས་རྒྱས་ཀྱིས་སོ། །ཚུལ་ཇི་ལྟར་ཞེ་ན། ཐུགས་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། གདུལ་བྱའི་འཇིག་རྟེན་ཀུན་ལ་གཟིགས་ནས་བདག་རྐྱེན་ཆོས་ཀྱི་སྐུ་ལས་མ་གཡོས་པར་སྟོན་ཏོ། །གང་གི་སྒོ་ནས་ཤེ་ན། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱི་སྒོ་ནས་སོ། །གང་སྟོན་ཅེ་ན། དགའ་ལྡན་དུ་དམ་པ་ཏོག་དཀར་པོར་སྐྱེ་བ་མངོན་པར་སྐྱེ་བ་དེ་ནས་མཛད་པ་བཅུ་གཉིས་ཀྱི་དང་པོ་དགའ་ལྡན་གྱི་གནས་ནས་འཛམ་བུའི་གླིང་དུ་འཕོ་བ་དང༌། ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་འཇུག་པ་དང༌། ལུམྦིའི་ཚལ་དུ་སྐུ་བལྟམས་པ་དང༌། ཡི་གེ་ལ་སོགས་བཟོའི་གནས་མཐའ་དག་ལ་མཁས་པར་བསླབ་པ་དང༌། བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་པ་དང༌། གནས་གཙང་མའི་ལྷས་བསྐུལ་ཏེ་ཁམས་གསུམ་ལས་ངེས་པར་འབྱུང་བ་དང༌། ཆུ་བོ་ནཻ་ར་ཉྫ་ནིའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱོད་པ་དང༌། རྡོ་རྗེའི་གདན་དུ་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང༌། བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་བདུད་སྡེ་ཐམས་ཅད་འཇོམས་པ་དང༌། ཐོ་རངས་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་དང༌། གྲོང་ཁྱེར་རྩྭ་མཆོག་གི་ཤིང་སྭ་ལ་ཟུང་གི་དྲུང་དུ་མྱ་ངན་ལས་འདས་པར་གཤེགས་པར་མཛད་པའི་ཚུལ་རྣམས་སྟོན་ཏོ། །གཉིས་པ་དེའི་ཕྲིན་ལས་བསྟན་པ་ནི། མྱ་ངན་ལས་འདས་པ་ལ་རབ་ཏུ་འཇུག་པར་མཛད་དོ། །ཆོས་གང་བསྟན་པས་ཤེ་ན། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། ཟག་བཅས་སྡུག་བསྔལ་བ་དང༌། ཆོས་བདག་མེད་པ་དང༌། མྱང་འདས་ཞི་བ་སྟོན་པའི་ཆོས་ཀྱི་སྒྲ་ཡིས་སོ། །མཛད་པ་པོ་གང་གིས་ན། སེམས་ཅན་འདུལ་བའི་ཐབས་མཁྱེན་པ་སངས་རྒྱས་ཀྱིས་སོ། །ཡུལ་གང་ན་སེམས་ཅན་ནོ། ཚུལ་ཇི་ལྟར་ན། སྲིད་པ་གསུམ་ལ་སྐྱོ་བ་བསྐྱེད་ནས་སོ། །སྨིན་པའི་མཛད་པ་ནི། ཐེག་པ་མཆོག་ལ་སྨིན་པར་མཛད་དོ། །གདུལ་བྱ་གང་ཞེ་ན། སྡུག་བསྔལ་ཞི་བའི་ལམ་ལ་རབ་ཏུ་ཞུགས་པ་མྱང་འདས་མཐར་ཐུག་མ་ཐོབ་པ་ལ་ཐོབ་པའི་འདུས་ཤེས་ཅན་ཉན་རང་རྣམས་སོ། །གང་བསྟན་པས་ན། དམ་ཆོས་པདྨ་དཀར་པོ་ལ་སོགས་ཆོས་ཀྱི་དེ་ཁོ་ན་ཉིད་ཐེག་པ་གཅིག་དང་ངོ་བོ་ཉིད་མེད་པར་བསྟན་པ་ཡིས་སོ། །ཚུལ་ནི་ཉན་རང་དེ་དག་སྔར་མྱང་འདས་མཐར་ཐུག་ཐོབ་པར་འཛིན་པ་ལས་བཟློག་སྟེ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་བདག་མེད་རྟོགས་པ་ཡོངས་སུ་བཟུང་བར་བྱས་པས་སོ། །ལུང་སྟོན་པ་ནི། ས་བརྒྱད་པར་བྱང་ཆུབ་མཆོག་ཏུ་མངོན་སུམ་དུ་ལུང་སྟོན་པར་མཛད་དེ། མངོན་སུམ་དུ་ལུང་སྟོན་པ་འདི་ས་བརྒྱད་པ་ནས་ཐོབ་པར་མདོ་སྡེ་རྒྱན་ལས་བཤད། ཚུལ་འདི་ནི་ཉན་རང་གི་རིགས་ཅན་རྣམས་ཀྱང་གནས་སྐབས་ཉན་རང་གི་མྱང་འདས་ལ་བཀོད་ནས་མཐར་ཐུག་ཐེག་ཆེན་གྱིས་སྨིན་པར་མཛད་པས་ན་བྱང་སེམས་ཀྱི་རིགས་ཅན་རྣམས་ལྟ་ཅི་སྨོས་ཞེས་པའི་དོན་ནོ། །འདིར་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པས་ན་སེམས་ཙམ་གྱི་གྲུབ་མཐའི་ཚུལ་དུ་འགྲེལ་པ་ནི་དོན་མ་རྟོགས་པའོ། །གཞན་དག་མ་ངེས་པའི་རིགས་ཅན་རྣམས་ཐེག་ཆེན་ལ་སྨིན་པར་མཛད་པའི་ཚུལ་ལ་སྦྱར་བས་ཀྱང་མ་རྟོགས་ཏེ། མ་ངེས་པའི་རིགས་ཅན་འབའ་ཞིག་གི་དོན་མཛད་ཚུལ་སྨོས་ལ་ངེས་པའི་རིགས་ཅན་གྱི་དོན་མཛད་ཚུལ་མི་སྨོས་པའི་རྒྱུ་མཚན་མེད་པས་བརྟག་མི་བཟོད་པའི་ཕྱིར་མི་འཐད་དོ། །གསུམ་པ་ཐུན་མོང་གི་མཇུག་བསྡུ་བསྟན་པ་ལ་གཉིས་ཏེ། སྐུའི་སྒྲ་དོན་བསྟན་པ། རྟེན་དང་བརྟེན་པར་གྲུབ་པའི་ཚུལ་ལོ། །དང་པོ་ནི། སྐུ་གསུམ་པོ་འདི་དག་ལ་གྲངས་བཞིན་དུ། ཆོས་སྐུ་ཟབ་ཅིང་གཏིང་དཔག་དཀའ་བས་ཟབ་པ་དང༌། ལོངས་སྐུ་གདུལ་བྱ་སྣ་ཚོགས་འདུལ་བའི་མཐུ་ཕུན་སུམ་ཚོགས་པས་རྒྱ་ཆེ་བ་དང༌། སྤྲུལ་སྐུས་བྱིས་པའི་བསམ་པའི་ཚུལ་དང་དོན་མཐུན་པར་ཐར་པའི་ལམ་ལ་རབ་ཏུ་འདྲེན་པའི་ཕྱིར་བདག་ཉིད་ཆེན་པོར་ཞེས་བྱའོ། །གཉིས་པ་ནི། འདིར་དང་པོ་ཆོས་སྐུ་སྟེ་ཕྱི་མ་དག་ནི་གཟུགས་སྐུ་ཡིན་ལ། ནམ་མཁའ་ལ་ནི་གཟུགས་གནས་པ་བཞིན་དུ་དང་པོ་ཆོས་སྐུ་ལ་ཐ་མ་གཟུགས་སྐུ་གཉིས་གནས་སོ། །རྟག་པའི་དོན་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ལ། གཟུགས་ཀྱི་སྐུ་རྟག་པར་སྒྲུབ་པ་ལ་གཞན་རྗེས་སུ་འཛིན་པའི་རྒྱུ་བཞི་ནི། གཞན་དོན་ལ་རྟག་ཏུ་གནས་པའི་རྒྱུ་མཐའ་ཡས་པ་ཚང་བ་དང༌། སེམས་ཅན་ཟད་པ་མེད་པའི་དོན་བྱ་དགོས་པ་དང༌། འཁོར་བ་ཇི་སྲིད་པར་གཞན་དོན་མཛད་པའི་བརྩེ་བ་དང༌། དེ་སྲིད་དུ་བཞུགས་པར་ནུས་པའི་རྫུ་འཕྲུལ་ལོ། །འཇིག་རྟེན་མི་འདོར་བའི་རྒྱུ་གསུམ་ནི། སྲིད་ཞི་མཉམ་པར་མཁྱེན་པས་བླང་དོར་གྱི་ཡུལ་མ་དམིགས་པ་དང༌། འཁོར་བར་བཞུགས་ཀྱང་བསམ་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། ཉེས་པས་མི་གོས་པའི་ཆོས་ཀྱི་དབང་ཕྱུག་གོ །ཆོས་ཀྱི་སྐུ་རྟག་པའི་གཏན་ཚིགས་ནི། ཆོས་ཀྱི་སྐུ་ཆོས་ཅན། རྟག་པ་ཡིན་ཏེ། འཆི་བདག་གི་བདུད་བཅོམ་པའི་ཕྱིར་དང༌། ངོ་བོ་མེད་པས་སྐྱེ་འགག་གིས་སྟོང་པའི་ཕྱིར་དང༌། རྟག་ཏུ་འཇིག་རྟེན་གྱི་མགོན་སྐྱབས་སུ་གནས་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། གཟུགས་ཀྱི་སྐུ་རྟག་པར་སྒྲུབ་པའི་རྒྱུ། ཆོས་ཀྱི་སྐུ་རྟག་པར་སྒྲུབ་པའི་རྒྱུའོ། །དང་པོ་ལ་གཉིས་ཏེ། གཞན་ཡོངས་སུ་འཛིན་པའི་རྒྱུ་དང་འཇིག་རྟེན་མི་འདོར་བའི་རྒྱུའོ། །དང་པོ་ལ་བཞི་ལས། གཟུགས་ཀྱི་སྐུ་ཆོས་ཅན། རྒྱུན་གྱིས་རྟག་པ་ཡིན་ཏེ། གཞན་དོན་དུ་རྟག་ཏུ་གནས་པའི་རྒྱུ་ཚང་བའི་ཕྱིར་ཏེ། གྲངས་མེད་གསུམ་དུ་ལུས་དང་སྲོག་དང་ལོངས་སྤྱོད་རྣམས་བཏང་ནས་དམ་པའི་ཆོས་འཛིན་པའི་ཕྱིར། གཞན་དོན་དུ་གནས་པའི་རྒྱུ་ཚང་ཡང་དགོས་པ་མེད་པས་འཇིག་རྟེན་དུ་མི་གནས་སོ་ཞེ་ན། གཞན་དོན་དུ་རྟག་ཏུ་གནས་དགོས་ཏེ། སེམས་ཅན་ཟད་མི་ཤེས་པའི་དོན་བྱ་དགོས་པའི་ཕྱིར་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དུ་དང་པོ་སེམས་བསྐྱེད་པའི་དུས་སུ་གཞན་སྡུག་བསྔལ་ལས་སྒྲོལ་བར་དམ་བཅས་པ་དེ་མཐར་ཕྱིན་པར་མཛད་དགོས་པའི་ཕྱིར། གཞན་དོན་དགོས་ཀྱང་དེའི་བཞེད་པ་མེད་པས་གཞན་གྱི་དོན་དུ་མི་གནས་སོ་ཞེ་ན། སངས་རྒྱས་ཉིད་ནི་ཆོས་ཅན། གཞན་དོན་གྱི་བཞེད་པ་ཡོད་དེ། ཉོན་སྒྲིབ་སྤངས་པས་གཙང་བ་དང་ཤེས་སྒྲིབ་སྤངས་པས་དག་པའི་ཐུགས་རྗེ་རབ་ཏུ་འཇུག་པའི་ཕྱིར། གཞན་དོན་བཞེད་ཀྱང་ཚེའི་འཕེན་པ་ཟད་ནས་ནུས་པ་མེད་པས་གཞན་དོན་ལ་གནས་མི་ནུས་སོ་ཞེ་ན། སྟོན་པ་སངས་རྒྱས་ཆོས་ཅན། གཞན་དོན་དུ་རྟག་ཏུ་གནས་པར་ནུས་ཏེ། རྫུ་འཕྲུལ་གྱི་རྐང་པ་དེ་ཡིས་ཚེ་ལ་མངའ་བརྙེས་པས་འཁོར་བ་ཇི་སྲིད་བར་གནས་པར་སྤྱོད་ནུས་པའི་ཕྱིར། གཉིས་པ་འཇིག་རྟེན་མི་འདོར་བའི་རྒྱུ་ལ་གསུམ་ལས་གཞན་གྱི་དོན་དུ་རྟག་ཏུ་གནས་པར་ནུས་ཀྱང་འཁོར་འདས་ལ་བླང་དོར་ཐ་དད་དུ་ཞེན་པ་ཡོད་ན་འཁོར་བའི་སྐྱོན་རིག་ནས་འཁོར་བ་དོར་ཏེ་མྱང་འདས་སུ་འཇུག་པ་ལས་བླང་དོར་ཐ་དད་དུ་འཛིན་པ་མི་མངའ་སྟེ། ཆོས་ཀུན་སྟོང་པ་ཉིད་དུ་རོ་གཅིག་པར་མཁྱེན་པས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་བླང་དོར་གཉིས་སུ་འཛིན་པ་ལས་གྲོལ་བའི་ཕྱིར། འཁོར་བའི་སྡུག་བསྔལ་གྱིས་གནོད་ན་འཁོར་བ་འདོར་སྲིད་ཀྱང་སྡུག་བསྔལ་གྱིས་མི་གནོད་དེ། རྟག་ཏུ་བསམ་པ་མཐའ་ཡས་པའི་ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར། གལ་ཏེ་ཉེས་པས་གོས་ན་སྡུག་བསྔལ་གྱིས་གནོད་སྲིད་ཀྱང་ཉེས་པས་གོས་པ་མི་སྲིད་དེ། འཇིག་རྟེན་ན་གཞན་དོན་ལ་སྤྱོད་པ་ན་འཇིག་རྟེན་གྱི་ཆོས་ཀྱིས་གོས་པ་མེད་པའི་ཕྱིར། གཟུགས་སྐུ་རྟག་པར་སྒྲུབ་པའི་རྒྱུ་བསྟན་ཟིན་ཏོ། །གཉིས་པ་ཆོས་སྐུ་རྟག་པར་སྒྲུབ་པའི་རྒྱུ་ལ་གསུམ་སྟེ། ཞི་བའི་གནས་ཐོབ་པས་རྟག་པ་དང༌། རང་བཞིན་དུ་གྲུབ་པས་རྟག་པ་དང༌། གཏན་གྱི་སྐྱབས་ཡིན་པས་རྟག་པའོ། །དང་པོ་ནི། ཆོས་སྐུ་ཆོས་ཅན། རྟག་པ་ཡིན་ཏེ། ལས་ཉོན་གྱིས་འཆི་བ་དང༌། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་བ་གཉིས་ཀ་མེད་པ་ཞི་བའི་གནས་ཡེ་ཤེས་ཐོབ་པས་འཆི་བདག་གི་བདུད་རྒྱུ་བ་མེད་པའི་ཕྱིར། གཉིས་པ་ནི། རྟག་པ་ཡིན་ཏེ། ཐུབ་པའི་དབྱིངས་དག་པ་མཐར་ཐུག་པ་ནི་གདོད་མ་ནས་སྐྱེ་འཆི་སོགས་རབ་ཏུ་ཞི་བ་ཡིན་པའི་ཕྱིར་དང༌། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར། གསུམ་པ་ནི། ཆོས་སྐུ་ཆོས་ཅན། རྟག་པ་ཡིན་ཏེ། སྐྱབས་མེད་པ་རྣམས་ཀྱི་ནམ་ཡང་མི་བསླུ་བའི་སྐྱབས་ལ་སོགས་པར་འཐད་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་བ་ནི། དང་པོར་བསྟན་པའི་རྒྱུ་མཚན་བདུན་གྱིས་ནི་གཟུགས་ཀྱི་སྐུ་རྟག་པར་སྒྲུབ་པ་ཉིད་དོ། །རྒྱུ་མཚན་ཕྱི་མ་གསུམ་གྱིས་ནི་སྟོན་པའི་ཆོས་ཀྱི་སྐུ་རྟག་པར་སྒྲུབ་པ་ཉིད་དོ། །མདོ་སྡེ་རྒྱན་དུ། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་སོ། །ཆོས་ཀྱི་སྐུའི་དབྱིངས་ནི་སྐྱེ་འཇིག་མེད་པའི་རྟག་པ་དང༌། ལོངས་སྐུ་རྒྱུན་མི་འཆད་པའི་རྟག་པ་དང༌། སྤྲུལ་སྐུ་འཇིག་རྟེན་གྱི་དོན་བྱེད་པའི་རྟག་པའོ། །བསམ་གྱིས་མི་ཁྱབ་པའི་དོན་ལ་མདོར་བསྟན་དང༌། རྒྱས་བཤད་དང༌། མཇུག་བསྡུ་བའོ། །དང་པོ་ནི། རྒྱལ་བའི་ཡུལ་སྐུ་གསུམ་ཆོས་ཅན། ས་བཅུ་པའི་འཕགས་པ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་སྟེ། ངག་གི་སྤྲོས་པའི་ཡུལ་མིན་པའི་ཕྱིར་དང༌། དོན་དམ་གྱིས་བསྡུས་པའི་ཕྱིར་དང༌། རྟོག་པ་འཇུག་པའི་གནས་མིན་པའི་ཕྱིར་དང༌། དཔེ་ལས་འདས་པའི་ཕྱིར་དང༌། བླ་ན་མེད་པའི་ཕྱིར་དང༌། སྲིད་ཞིས་མ་བསྡུས་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བསམ་གྱིས་མི་ཁྱབ་པའི་གཏན་ཚིགས་དང༌། རྟགས་དང་རྟགས་ཅན་སྦྱར་བའོ། །དང་པོ་ནི། སངས་རྒྱས་ཀྱི་སྐུ་ཆོས་ཅན། ས་བཅུ་པ་ལ་གནས་པས་ཀྱང་བསམ་དུ་མེད་པ་ཡིན་ཏེ། ངག་གིས་བརྗོད་དུ་མེད་པའི་ཕྱིར། བརྗོད་དུ་མེད་དེ། ངག་གི་ཡུལ་ལ་ཀུན་རྫོབ་ཀྱིས་ཁྱབ་པ་ལས་དོན་དམ་ཡིན་པའི་ཕྱིར། དོན་དམ་ཡིན་ཏེ། ཀུན་རྫོབ་ལ་རྟོག་པའི་ཡུལ་གྱིས་ཁྱབ་པ་ལ་རྟོག་པས་བརྟག་པ་མིན་པའི་ཕྱིར། རྟོག་པས་བརྟག་པར་བྱ་བ་མིན་ཏེ། རྟོག་པའི་ཡུལ་དཔེ་ལས་དཔག་ཏུ་རུང་བས་ཁྱབ་ལ། རྟགས་དང་དཔེས་རྗེས་སུ་དཔག་བྱ་མིན་པའི་ཕྱིར། རྗེས་སུ་དཔག་པར་བྱ་བ་མིན་ཏེ། དཔེ་ལས་དཔག་ཏུ་རུང་བ་ལ་དཔེ་དང་ཆོས་མཐུན་ཡོད་པས་ཁྱབ་པ་ལས་བླ་ན་མེད་པ་སྟེ། དེ་དང་མཚུངས་པ་མེད་པའི་ཕྱིར། བླ་ན་མེད་པ་ཡིན་ཏེ། བླ་ན་ཡོད་པ་སྲིད་ཞིས་བསྡུས་པས་ཁྱབ་པ་ལས་སྲིད་ཞིས་མ་བསྡུས་པའི་ཕྱིར། སྲིད་ཞིས་མ་བསྡུས་ཏེ། སྲིད་ཞིའི་མཐའ་ལ་ཡང་གནས་པ་མེད་པའི་ཕྱིར་ཏེ། ཞི་བ་ལ་ཡོན་ཏན་དང་སྲིད་པ་ལ་སྐྱོན་དུ་རྟོག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དང་པོར་བསྟན་པའི་རྒྱུ་མཚན་ལྔ་པོ་དག་གིས་ཕྲ་ཞིང་ཟབ་པའི་ཕྱིར། རྒྱུ་མཚན་དྲུག་པས་གཟུགས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། སྐྱེ་འགག་ཏུ་སྣང་ཡང་སྐྱེ་འགག་དེའི་དངོས་པོར་གྲུབ་པ་མིན་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོ་སོགས་ཀྱི་ཡོན་ཏན་གྱི་སྒོ་ནས་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས། འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་རྒྱལ་བ་ཆོས་སྐུ་དང་གཟུགས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་དེས་ན་རང་བྱུང་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་དོན་བརྒྱད་ཡོད་པའི་ཐ་མ་བསམ་གྱིས་མི་ཁྱབ་པའི་ཚུལ་འདི་ནི་དྲང་སྲོང་ཆེན་པོ་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་ཇི་བཞིན་རིག་པ་མིན་ནོ། །འདིར་དབང་བསྐུར་གྱི་སྐད་དོད་ཡོད་པས་དབང་བཅུ་ཐོབ་པ་ས་བརྒྱད་པ་ཐོབ་པས་ཀྱང་རིག་པ་མིན་ཞེས་སྦྱོར་བ་ནི་སྐབས་ཀྱི་དོན་མིན་ནོ།།  །།གསུམ་པ་བྱང་ཆུབ་ཀྱི་ཡོན་ཏན་ལ་གསུམ་སྟེ། རྟེན་གྱི་སྒོ་ནས་མདོར་བསྟན། དཔེའི་སྒོ་ནས་རྒྱས་པར་བཤད། དཔེ་དོན་ཆོས་མཐུན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། ཅུང་ཟད་བཤད་པའོ། །དང་པོ་ལ་ཡོན་ཏན་གྱི་རྟེན་སྐུ་ནི་གཉིས་ཏེ། རང་དོན་དོན་དམ་པ་ཆོས་ཀྱི་སྐུ་དང༌། དེ་ལ་བརྟེན་པའི་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་ཉིད་ཡིན་ནོ། །ཡོན་ཏན་ལ་གཉིས་ཏེ། བྲལ་བའི་འབྲས་བུ་དང༌། རྣམ་པར་སྨིན་པའི་འབྲས་བུའོ། །རེ་རེ་ལ་སུམ་ཅུ་སོ་གཉིས་རེ་ཡོད་པས་དྲུག་ཅུ་རྩ་བཞི་ཡོད་པ་འདི་དག་ཡོན་ཏན་གྱི་དབྱེ་བས་སོ། །གཉིས་པ་ནི། དོན་དམ་པའི་དོན་གྱི་སྐུ་ནི་བདག་ཉིད་ཀྱི་འབྱོར་པ་རྟེན་པའི་གནས་སོ། །དྲང་སྲོང་རྣམས་ཀྱི་བརྡའི་སྐུ་ནི་ཕ་རོལ་གྱི་ཕུན་སུམ་ཚོགས་པ་གཞན་དོན་འབྱུང་བའི་གནས་སོ། །སྐུ་གཉིས་ཡོད་པ་ལས། དང་པོའི་སྐུ་ནི་སྟོབས་ལ་སོགས་པ་བྲལ་བའི་ཡོན་ཏན་རྣམས་དང་ལྡན་ནོ། །སྐུ་གཉིས་པ་གཟུགས་ཀྱི་སྐུ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་སོ་གཉིས་ཏེ་རྣམ་སྨིན་གྱི་ཡོན་ཏན་དག་དང་ལྡན་ནོ། །གཉིས་པ་དཔེའི་སྒོ་ནས་རྒྱས་པར་བཤད་པ་ལ་གཉིས་ཏེ། སྡོམ་ཚིག་གི་མདོར་བསྟན་པ། སོ་སོའི་རང་བཞིན་ཕྱེ་སྟེ་བསྟན་པའོ། །དང་པོ་ནི། སྟོབས་ཞེས་བཤད་པ་ཉིད་ནི་རྡོ་རྗེ་བཞིན་ཏེ། མ་རིག་པའི་སྒྲིབ་པ་སེལ་ཞིང་འཇོམས་པས་སོ། །མི་འཇིགས་པ་བཞི་པོ་ཉིད་ནི་སེང་གེ་བཞིན་ཏེ། འཁོར་གྱི་ནང་དུ་བག་ཚ་བ་མེད་པས་སོ། །དེ་བཞིན་གཤེགས་པའི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ནམ་མཁའ་བཞིན་ཏེ། གཞན་དང་ཐུན་མོང་མ་ཡིན་པས་སོ། །ཐུབ་པའི་བསྟན་པ་གཟུགས་སྐུ་རྣམ་པ་གཉིས་ནི་ཆུ་ཟླ་བཞིན་ཏེ། གཞན་སྣང་དུ་བསྟན་པས་སོ། །གཉིས་པ་སོ་སོའི་རང་བཞིན་ཕྱེ་སྟེ་བསྟན་པ་ལ་གསུམ་སྟེ། བྲལ་བའི་ཡོན་ཏན་བསྟན་པ། རྣམ་སྨིན་གྱི་ཡོན་ཏན་བསྟན་པ། དེ་དག་ལུང་དང་སྦྱར་བའོ། །དང་པོ་ལ་གསུམ་སྟེ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་ཡོན་ཏན་ནོ། །དང་པོ་ལ་སྟོབས་བཅུ་སོ་སོའི་ངོ་བོ་ངོས་བཟུང༌། རྡོ་རྗེའི་དཔེ་དང་སྦྱར་བའོ། །དང་པོ་ནི། སྔོན་གྱི་སེམས་བསྐྱེད་དང་སྡོམ་པའི་དམ་བཅའ་བརྟན་པ་ལས་གནས་དང་གནས་མིན་མཁྱེན་པ་གྲུབ་བོ། །ལས་འབྲས་སྟོན་པས་ལས་རྣམས་ཀྱི་རྣམ་སྨིན་མཁྱེན་པ་དང༌། དབང་པོ་དང་མཐུན་པར་ཆོས་སྟོན་པས་དབང་པོ་མཆོག་དམན་མཁྱེན་པ་དང༌། ཁམས་རྣམས་དང་མཐུན་པར་ཞུགས་པས་ཁམས་སྣ་ཚོགས་མཁྱེན་པ་དང༌། མོས་པ་དང་མཐུན་པར་ཞུགས་པས་མོས་པ་སྣ་ཚོགས་མཁྱེན་པ་དང༌། ཐེག་པ་ཐམས་ཅད་ལ་གོམས་པ་ལས་འཁོར་འདས་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང༌། ཏིང་ངེ་འཛིན་ལྷུར་བླངས་པས་བསམ་གཏན་སོགས་ཉོན་མོངས་པ་དང་དྲི་མ་མེད་པ་མཁྱེན་པ་དང༌། དགེ་བ་ཆུད་མ་གསན་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། སེམས་ཅན་ལ་ལྷག་པའི་བསམ་པ་སོགས་ལས་ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་མཁྱེན་པ་དང༌། ཟག་པ་ཟད་པའི་དོན་དུ་ཆོས་བསྟན་པས་ཞི་བ་ཟག་ཟད་མཁྱེན་པའི་སྟོབས་འགྲུབ་བོ། །དེ་ལྟར་སྟོབས་རྣམ་པ་བཅུའོ། །གཉིས་པ་རྡོ་རྗེའི་དཔེ་དང་སྦྱར་བ་ནི། དགེ་བས་རྣམ་སྨིན་ཡིད་དུ་འོང་བ་ཐོབ་པ་ནི་གནས་དང༌། རྣམ་སྨིན་ཡིད་དུ་མི་འོང་བ་ཐོབ་པ་ནི་གནས་མིན་པ་སོགས་མཁྱེན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང༌། སེམས་ཅན་གྱི་ཁམས་སྣ་ཚོགས་མཁྱེན་པ་དང༌། འགྲོ་བའི་མོས་པ་སྣ་ཚོགས་མཁྱེན་པ་དང༌། ཀུན་ཏུ་འགྲོ་བའི་ལམ་སྣ་ཚོགས་མཁྱེན་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་བསམ་གཏན་མཁྱེན་པ་སྟེ། སྟོབས་དྲུག་པོས་མི་ཤེས་པ་ཤེས་བྱའི་སྒྲིབ་པ་གོ་ཆ་དང་འདྲ་བ་འབིགས་པ་དང༌། དད་སོགས་དབང་པོའི་ཚོགས་ཀྱི་ཁྱད་པར་དང༌། རང་གཞན་གྱི་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་མཁྱེན་པ་སྟེ་སྟོབས་གསུམ་གྱིས་ནི་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་བརྟན་པོ་དང་འདྲ་བ་འཇིག་པར་བྱེད་པ་དང༌། ཟག་པ་ཟད་ཚུལ་མཁྱེན་པའི་སྟོབས་ཀྱིས་ཉོན་མོངས་པའི་སྒྲིབ་པ་ཤིང་དང་འདྲ་བ་དེ་རྣམས་གཅོད་པར་བྱེད་པའི་ཕྱིར། སྟོབས་བཅུ་པོ་མི་མཐུན་ཕྱོགས་འཇོམས་པ་ལ་ཐོགས་པ་མེད་པ་རྡོ་རྗེ་བཞིན་ནོ། །གཉིས་པ་མི་འཇིགས་པ་སྟོན་པ་ལ་གསུམ་སྟེ། སོ་སོའི་ངོ་བོ། དེ་དག་གི་བྱེད་པ། སེང་གེའི་དཔེ་དང་སྦྱར་བའོ། །དང་པོ་ལ་རང་དོན་རྟོགས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་མི་འཇིགས་པ་ནི། ཆོས་ཀུན་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་དང༌། གཞན་དོན་བར་ཆད་ཀྱི་ཆོས་བསྟན་པ་ལ་མི་འཇིགས་པ་ནི། འདོད་ཆགས་སོགས་ཐར་པའི་གེགས་འགོག་པར་བྱེད་དོ་ཞེས་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་དང༌། གཞན་དོན་ངེས་འབྱིན་གྱི་ལམ་སྟོན་པ་ལ་མི་འཇིགས་པ་ནི། བྱང་ཕྱོགས་སོ་བདུན་འཁོར་བ་ལས་ངེས་པར་འབྱིན་པའི་ལམ་ཡིན་ནོ་ཞེས་སྟོན་པ་ལ་རྒོལ་བ་པོ་མེད་པ་དང༌། རང་དོན་སྤངས་པ་ཕུན་ཚོགས་སུ་བསྟན་པ་ལ་མི་འཇིགས་པ་ནི། ཟག་པ་བག་ཆགས་དང་བཅས་པ་འགགས་པའི་འགོག་པ་ཐོབ་བོ་ཞེས་སྟོན་པ་ལ་ཆོས་མཐུན་གྱི་རྒོལ་བ་པོ་མེད་པ་སྟེ། འདི་དག་ནི་མི་འཇིགས་པ་བཞིའི་ངོ་བོའོ། །གཉིས་པ་དེ་དག་གི་བྱེད་པ་ནི། བདག་དང་གཞན་གྱི་ཤེས་བྱའི་དངོས་པོ་སྡུག་བསྔལ་གྱི་བདེན་པ་རྣམ་པ་ཀུན་ཏུ་རང་གིས་ཤེས་པ་དང་གཞན་གྱིས་ཤེས་པར་མཛད་པའི་ཕྱིར་དང༌། རང་གཞན་གྱི་སྤང་བྱའི་དངོས་པོ་ཀུན་འབྱུང་གི་བདེན་པ་རང་གིས་སྤངས་པ་དང༌། གཞན་སྤོང་བ་ལ་འགོད་པར་མཛད་པའི་ཕྱིར་དང༌། བདག་དང་གཞན་གྱིས་བསྟེན་པར་བྱ་བ་ལམ་གྱི་བདེན་པ་རང་གིས་བསྟེན་པ་དང་གཞན་བསྟེན་དུ་འཇུག་པར་མཛད་པའི་ཕྱིར་དང༌། རང་དང་གཞན་གྱི་ཐོབ་བྱ་བླ་མེད་འགོག་བདེན་ཤིན་ཏུ་དྲི་མ་མེད་པ་རང་གིས་ཐོབ་པ་དང་གཞན་གྱིས་ཀྱང་ཐོབ་པར་མཛད་འཇུག་པའི་ཕྱིར་ན་དྲང་སྲོང་སྟེ་སངས་རྒྱས་གང་དུའང་ཐོགས་པ་མེད་དེ། རང་གིས་བདེན་པའི་དོན་མངོན་སུམ་དུ་བྱས་ནས་གཞན་ལ་བདེན་པ་གསུངས་པའི་ཕྱིར་རོ། །གསུམ་པ་སེང་གེའི་དཔེ་དང་སྦྱར་བ་ནི། ཇི་ལྟར་རི་དྭགས་ཀྱི་དབང་པོ་སེང་གེ་ནགས་ཀྱི་མཐར་རྟག་ཏུ་འཇིགས་པ་མེད་ཅིང༌། རི་དྭགས་གཞན་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། དེ་བཞིན་དུ་འཁོར་གྱི་ཚོགས་ཀྱི་ནང་ན་ཐུབ་པའི་དབང་པོ་མིའི་སེང་གེ་ཡང་འཇིགས་པ་མེད་པར་ལེགས་པར་གནས་ཤིང༌། སེམས་ཅན་གཞན་དང་རང་ཉིད་མི་མཉམ་པར་གཟིགས་པས་གཞན་ལ་ལྟོས་པ་མེད་པ་དང༌། ཏིང་ངེ་འཛིན་བརྟན་པ་དང༌། མ་རིག་བག་ཆགས་ཀྱི་ས་བརྒལ་བས་རྩལ་དང་ལྡན་པར་གནས་སོ། །གསུམ་པ་མ་འདྲེས་པའི་ཡོན་ཏན་ལ་གསུམ་སྟེ། མ་འདྲེས་པ་སོ་སོའི་ངོ་བོ། དེའི་བྱེད་པ། ནམ་མཁའི་དཔེ་དང་སྦྱར་བའོ། །དང་པོ་ལ་སྤྱོད་པས་བསྡུས་པ་དྲུག་ནི། སྟོན་པ་ལ་སྐུའི་སྤྱོད་པ་འཁྲུལ་པ་མེད་པ་དང༌། གསུང་གི་སྤྱོད་པ་ལ་ཅ་ཅོ་མི་མངའ་བ་དང༌། ཐུགས་དྲན་པ་ཉམས་པ་མི་མངའ་བ་དང༌། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། འདུས་ཤེས་སྣ་ཚོགས་མི་མངའ་བ་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བའོ། །རྟོགས་པ་མ་འདྲེས་པ་དྲུག་ནི། འདུན་པ་ཉམས་པ་མི་མངའ་བ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཤེས་རབ་དང༌། རྣམ་གྲོལ་དང༌། རྣམ་གྲོལ་གྱི་ཡེ་ཤེས་ཀྱི་གཟིགས་པ་ཉམས་པ་མི་མངའ་བའོ། །འདིར་ཏིང་ངེ་འཛིན་མ་བགྲངས་པ་ནི་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བར་འདུས་པར་དགོངས་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས། རྟོགས་པ་མ་འདྲེས་པའི་ནང་དུ་རྣམ་གྲོལ་འདུས་པར་དགོངས་སོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ཐོབ་བོ། །ཡེ་ཤེས་མ་འདྲེས་པ་གསུམ་ནི། དུས་གསུམ་གྱི་ཤེས་བྱ་ལ་བློ་སྦྱངས་པས་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པ་ཐོབ་པའོ། །དེ་ལྟར་མ་འདྲེས་པ་བཅོ་བརྒྱད་པོ་འདི་དང༌། འདི་དག་ལས་མདོ་ལས་ཆོས་གོས་སོར་བཞི་ཙམ་སྐུ་ལུས་ལ་མ་རེག་པ་སོགས་གསུངས་པ་རྣམས་ཀྱང་སྟོན་པའི་མ་འདྲེས་པའི་ཡོན་ཏན་ཡིན་ནོ། །གཉིས་པ་དེའི་བྱེད་པ་ནི། དྲང་སྲོང་ལ་སྐུ་ལ་འཁྲུལ་པ་དང༌། གསུང་ལ་ཅ་ཅོ་དང༌། ཐུགས་ལ་བསྙེལ་བ་དང༌། ཐུགས་གཡོ་བ་སྟེ་མཉམ་པར་མ་བཞག་པ་དང༌། འཁོར་འདས་ལ་ཐ་དད་ཀྱི་འདུ་ཤེས་དང༌། ངང་གིས་ཏེ་མ་བརྟགས་པའི་བཏང་སྙོམས་དྲང་སྲོང་ལ་མེད་དོ། །འདུན་པ་དང༌། བརྩོན་འགྲུས་དང་དྲན་པ་དང༌། རྣམ་དག་དྲི་མེད་ཤེས་རབ་དང༌། རྟག་ཏུ་རྣམ་པར་གྲོལ་བ་དང༌། ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་བའི་ཡེ་ཤེས་རྣམས་ལས་ནི་ཉམས་པ་མི་མངའ་བའོ། །སངས་རྒྱས་གང་གི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་གསུམ་པོ་ཐམས་ཅད་རྒྱུའི་ཀུན་སློང་ཡེ་ཤེས་སྔོན་དུ་འགྲོ་ཞིང༌། དུས་ཀྱི་ཀུན་སློང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དུས་གསུམ་རྟག་ཏུ་ཐོགས་པ་མེད་པ་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། བཅོ་བརྒྱད་པོ་གང་རྟོགས་པ་སྟེ་ཐོབ་པས་འགྲོ་བར་འཇིགས་པ་མེད་པར་དམ་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ནི་སངས་རྒྱས་རྣམས་ཀྱི་བརྙེས་པའོ། །སངས་རྒྱས་ཅི་འདྲ་ཞེ་ན། གཞན་དོན་ཐུགས་རྗེ་ཆེན་པོ་དང་ལྡན་པ་དང༌། རང་དོན་སྤང་བྱའི་དགྲ་ལས་རྒྱལ་བ་ཉིད་དོ། །གསུམ་པ་ནམ་མཁའི་དཔེ་དང་སྦྱར་བ་ནི། ས་སོགས་ལ་ཡོད་པའི་ཆོས་གང་ཡིན་པའི་ཆོས་ཉིད་སྲ་བ་དང་གཤེར་བ་ལ་སོགས་པ་གང་ཡིན་པ་དེ་ནི་ནམ་མཁའ་ལ་ཡོད་པ་མིན་ལ། ནམ་མཁའི་མཚན་ཉིད་གཞན་གྱི་གོ་སྒྲིབ་མེད་པ་ལ་སོགས་མཚན་ཉིད་གང་དེ་ས་སོགས་གཟུགས་ཅན་ལ་མེད་པ་ལྟར། མ་འདྲེས་པ་གང་འཇིག་རྟེན་པ་དང་ཉན་རང་དང་ཐུན་མོང་མིན་པས་ནམ་མཁའ་དང་འདྲ་བར་བསྟན་ནས། འོན་ཀྱང་ས་ཆུ་མེ་རླུང་ནམ་མཁའ་ལྔ་ཅར་མཚུངས་པར་འཇིག་རྟེན་ན་ནི་ཐུན་མོང་བ་སྟེ། སངས་རྒྱས་ཀྱི་མ་འདྲེས་པའི་ཡོན་ཏན་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་དག་དང་ཐུན་མོང་མིན་པས་དཔེ་ལས་ཀྱང་ཁྱད་ཞུགས་སོ། །གཉིས་པ་རྣམ་སྨིན་གྱི་ཡོན་ཏན་ལ་གཉིས་དེ། མཚན་སུམ་ཅུ་རྩ་གཉིས་དང༌། དེ་ཆུ་ཟླའི་དཔེ་དང་སྦྱར་བའོ། །དང་པོ་ནི། སྔོན་དམ་བཅའ་བརྟན་པར་བྱས་པས་ཞབས་ཀྱི་མཐིལ་ལེགས་པར་མཉམ་པར་གནས་པ་དང༌། སྦྱིན་པ་བཏང་བས་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པའོ། །ཤེར་ཕྱིན་ཏུ་ཕྱག་ཀྱང་འཁོར་ལོས་མཚན་པར་བསྟན་ཏོ། །གཞན་ཁྱད་དུ་མ་བསད་པས་རྟིང་པ་ཡངས་པ་དང་ཞབས་ཀྱི་ལོང་བུ་མི་མངོན་པ་སྟེ་ཤེར་ཕྱིན་ཏུ་གཉིས་སུ་བཤད་དོ། །སེམས་ཅན་གཞན་འཇིགས་པ་ལས་བསྐྱབས་པས་སོར་མོ་རིང་བ་ཉིད་དང༌། གཞན་གྱི་འཁོར་ལ་ཕྲ་མ་བྱེད་པའི་སྒོ་ནས་མ་ཕྱེ་བས་ཕྱག་དང་ཞབས་ཀྱི་སོར་མོ་དྲྭ་བ་ཡིས་ནི་འབྲེལ་བ་དང༌། གོས་སྣ་ཚོགས་སྦྱིན་པས་ཕྱག་དང་ཞབས་ཀྱི་པགས་པ་འཇམ་ཞིང་གཞོན་ཤ་ཅན་དུ་ལེགས་པར་གནས་པ་ཉིད་དང༌། བཟའ་བཏུང་རྒྱ་ཆེན་པོ་བྱིན་པས་ཕྱག་དང་ཞབས་ཀྱི་བོལ་གཉིས་དང༌། ཕྲག་གོང་གཉིས་ལྟག་པའི་ཕྱོགས་ཏེ་སྐུའི་གནས་བདུན་དག་མཐོ་བ་དང༌། སངས་རྒྱས་ཀྱིས་གསུངས་པའི་ཆོས་བཟུང་བས་བྱིན་པ་ཨེ་ན་ཡའི་བྱིན་པ་དང་འདྲ་བར་ཤ་རྒྱས་ཤིང་བྱིན་གྱིས་ཕྲ་བ་དང༌། གསང་ཚིག་བསྲུངས་ཤིང་འཁྲིག་པ་སྤངས་པས་གསང་བའི་གནས་གླང་པོ་ཆེའི་བཞིན་དུ་སྦུབས་སུ་ནུབ་པ་དང༌། དགེ་བ་རྒྱ་ཆེན་པོར་རིམ་གྱིས་སྤྱད་པས་རོ་སྟོད་འཕེལ་ཀ་ཆེ་བ་སེང་གེ་དང་འདྲ་བ་དང༌། དགེ་བ་ཡང་དག་པར་སྤྱད་པས་ཐལ་གོང་མ་ཁེངས་པའི་བར་མེད་པར་རྒྱས་པ་དང༌། གཞན་ལ་མི་འཇིགས་པ་བྱིན་པས་དཔུང་མགོ་ལེགས་པར་ཟླུམ་པ་དང༌། གཞན་གྱི་བྱ་བ་བྱེད་པ་ལ་སྤྲོ་བས་ཕྱག་རེག་ན་འཇམ་ཞིང་དབྱིབས་ཟླུམ་པ་མཐོ་དམན་མེད་པ་དང༌། མ་བཏུད་པར་པུས་མོར་སླེབས་པས་ཕྱག་རིང་བ་དང༌། དགེ་བཅུ་མི་ངོམས་པར་སྤྱད་པས་སྐུ་དྲི་མས་ཡོངས་སུ་དག་ཅིང་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང༌། ནད་པ་ལ་སྨན་སྣ་ཚོགས་པ་བྱིན་པས་མགྲིན་པ་ཁ་དོག་དྲི་མ་མེད་ཅིང་དབྱིབས་དུང་འདྲ་བ་དང༌། དང་པོར་དགེ་བ་ལ་སྦྱོར་ཞིང་ཕྱིས་རྫོགས་པར་བྱས་པས་འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་དང་འདྲ་བ་དང༌། སེམས་ཅན་ལ་བསམ་པ་མཉམ་པར་བྱས་པས་ཚེམས་བཞི་བཅུ་སྟེ་སྟེང་འོག་གཉིས་སུ་ཉི་ཤུ་རེ་གྲངས་མཉམ་པ་དང༌། ཕན་ཚུན་མི་མཐུན་པ་བསྲུངས་པས་ཚེམས་རབ་ཏུ་དག་ཅིང་ཐགས་བཟང་བ་དང༌། ཡིད་དུ་འོང་བའི་ནོར་བྱིན་པས་ཚེམས་དྲི་མས་རྣམ་པར་དག་ཅིང་མཐོ་དམན་མཉམ་པ་ཉིད་དང༌། སྒོ་གསུམ་གྱི་ལས་བསྲུངས་པས་མཆེ་བ་རབ་མཆོག་དཀར་ཞིང་རྣོ་བ་ཉིད་དང༌། བདེན་ཚིག་བསྲུངས་པས་ལྗགས་རིང་ཞིང་མཐའ་མེད་པ་དང་བསམ་དུ་མེད་པ་དང༌། རོ་བྲོ་བ་བྱིན་པས་རོ་བྲོ་བའི་མཆོག་ཉིད་དང༌། འཇམ་ཞིང་དགའ་བའི་ཚིག་སྨྲས་པས་རང་བྱུང་གི་གསུང་ཀ་ལ་པིངྐའི་སྒྲ་དང་ཚངས་པའི་དབྱངས་ལྟར་སྙན་པའི་ངག་དང༌། བྱམས་པ་དང་ལྡན་ཞིང་ཐམས་ཅད་བསྲུངས་པས་སྤྱན་བཟང་པོ་ཨུཏྤ་ལ་སྔོན་པོ་འདྲ་བ་དང༌། བསམ་པ་གཡོ་སྒྱུ་མེད་པས་རྫི་མ་ཁྱུ་མཆོག་དང་འདྲ་བར་སྣུམ་ཞིང་མ་འཛིངས་པ་དང༌། བསྔགས་འོས་བསྔགས་པས་ཞལ་མཛེས་པའི་སྨིན་མཚམས་ན་དྲི་མ་མེད་ཅིང་མཛོད་སྤུ་དཀར་པོ་དང་ལྡན་པ་དང༌། བླ་མ་ལ་གུས་པས་དབུར་གཙུག་ཏོར་ལྡན་ཞིང་བལྟར་མི་མངོན་པ་དང༌། ཆོས་ཚོལ་བ་ལ་སེམས་ལས་སུ་རུང་བས་པགས་པ་དག་ཅིང་སྲབ་པ་དང༌། ཡིད་དུ་འོང་བའི་གོས་སྟན་བྱིན་པས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཡིན་པས་མཆོག་ཏུ་གྱུར་པའི་པགས་པ་གསེར་གྱི་མདོག་འདྲ་བའོ། །འདི་ནི་ཤཱཀྱ་ཐུབ་པ་ལ་སྦྱར་བའི་དབང་དུ་བྱས་ལ། སྨན་བླ་ལྟ་བུ་ལ་ནི་དེའི་དོད་དུ་ཁ་དོག་སྔོན་པོ་བགྲང་ངོ༌། །འདུ་འཛི་སྤངས་པས་བ་སྤུ་ལེགས་པར་ཕྲ་བ་འཇམ་ཞིང་ཁུང་བུ་རེ་རེ་ནས་སྤུ་རེ་རེ་སྐྱེས་པ་དང༌། གདམས་ངག་ལ་མཐུན་པར་འཛིན་པས་སྐུའི་སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་དང༌། ཀུན་ལ་བརྩེ་ཞིང་མཚོན་ཆ་སྤངས་པས་དབུ་སྐྲ་དྲི་མ་མེད་ཅིང༌། རིན་ཆེན་མཐོན་མཐིང་གི་མདོག་བཞིན་དུ་སྔོ་བ་དང༌། རང་གཞན་ཏིང་ངེ་འཛིན་ལ་སྦྱར་བས་ནྱ་གྲོ་ཏ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་ཆུ་ཞེང་གབ་པ་དང༌། སངས་རྒྱས་ཀུན་ཏུ་བཟང་པོ་དཔེ་མེད་པ་དྲང་སྲོང་ཆེན་པོ་དེ་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་མཁྲེགས་པའི་སྐུའོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་གཟི་བརྗིད་རབ་ཏུ་འབར་བ་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་སྟོན་པས་མི་དབང་སངས་རྒྱས་ཀྱི་མཚན་དུ་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོར་གསུངས་སོ། །གཉིས་པ་ཆུ་ཟླའི་དཔེ་དང་སྦྱར་བ་ནི། ཇི་ལྟར་སྤྲིན་མེད་པའི་ནམ་མཁའི་ཟླ་བའི་གཟུགས་ནི། སྟོན་ཀའི་ཆུ་དྭངས་པ་སྔོན་པོའི་མཚོ་ལ་ནི་མཐོང་བ་ལྟར། དེ་བཞིན་དུ་རྒྱལ་སྲས་བྱང་སེམས་ཀྱི་ཚོགས་ཀྱིས་ཁྱབ་བདག་སངས་རྒྱས་ཀྱི་སྐུ་གཟུགས་སྐུ་དེ་རྫོགས་པའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར་རོ། །གསུམ་པ་ལུང་དང་སྦྱར་བ་ནི། ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག་སོ་སོར་ངོ་བོ་རྒྱུ་དང་བཅས་ཏེ་སྔར་བཤད་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་བུ་མོ་རིན་ཆེན་གྱིས་ཞུས་པའི་ཐེག་ཆེན་གྱི་མན་ངག་ཅེས་བྱ་བའི་མདོའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་སྟེ། དེ་ཡང་མདོའི་དོན་བསྡུས་ཏེ་སྔར་བཤད་པ་བཞིན་ནོ། །གསུམ་པ་དཔེ་དོན་ཆོས་མཐུན་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། སྟོབས་ནི་རྡོ་རྗེའི་དཔེས་བསྟན་ཏེ། སྒྲིབ་པས་མི་ཕྱེད་པའི་ཕྱིར། མི་འཇིགས་པ་ནི་སེང་གེའི་དཔེས་བསྟན་ཏེ། སྤོབས་པ་མི་ཞན་པའི་ཕྱིར། མ་འདྲེས་པ་ནི་ནམ་མཁའ་དག་པའི་དཔེས་བསྟེན་ཏེ། གཞན་དང་མཚུངས་པ་མེད་པའི་ཕྱིར། རྣམ་སྨིན་གྱི་ཡོན་ཏན་ནི་ཆུ་ཟླའི་དཔེས་བསྟན་ཏེ། རྟོག་པས་གཡོ་བ་མེད་པའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བྲལ་བའི་ཡོན་ཏན་གྱི་ཆོས་མཐུན། རྣམ་སྨིན་གྱི་ཡོན་ཏན་གྱི་ཆོས་མཐུན་ནོ། །དང་པོ་ལ་གཉིས་ཏེ། སོ་སོའི་ཆོས་མཐུན་དང༌། ཐུན་མོང་གི་ཆོས་མཐུན་ནོ། །དང་པོ་ལ་གསུམ་སྟེ། སྟོབས་ཀྱི་ཆོས་མཐུན། མི་འཇིགས་པའི་ཆོས་མཐུན། མ་འདྲེས་པའི་ཆོས་མཐུན་ནོ། །དང་པོ་ནི། དྲང་སྲོང་གི་སྟོབས་ནི་རྡོ་རྗེ་དང་འདྲའོ། །ཅིའི་ཕྱིར་ཞེ་ན། སྟོབས་བཅུ་པོ་རྣམས་ལས་རིམ་པ་བཞིན་དུ་གནས་དང་གནས་མ་ཡིན་པ་མཁྱེན་པ་སོགས་སྟོབས་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་ལྟ་བུ་ཕུག་པའི་ཕྱིར། ཉོན་མོངས་དྲི་མ་མེད་སོགས་སྟོབས་གསུམ་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་རྩིག་པ་ལྟར་བཤིག་དཀའ་བ་བཤིག་པའི་ཕྱིར། ཐ་མ་ཟག་ཟད་མཁྱེན་པའི་སྟོབས་གཅིག་གིས་སྡུག་བསྔལ་གྱི་ཡལ་ག་བསྐྱེད་པས་ཉོན་སྒྲིབ་ཤིང་བཞིན་དུ་གྱུར་པ་བཅད་པའི་ཕྱིར་ཏེ། སྒྲིབ་པ་བག་ཆགས་དང་བཅས་པ་ཀུན་བསལ་བས་སོ། །དྲང་སྲོང་གི་སྟོབས་ནི་ཆོས་ཅན། རྡོ་རྗེ་དང་འདྲ་སྟེ། བརླིང་བ་དང་སྙིང་པོ་དང་བརྟན་པ་དང་མི་ཕྱེད་པས་སོ། །ཅིའི་ཕྱིར་བརླིང་བ་སོགས་སུ་བརྗོད་ཅེ་ན། གང་ཕྱིར་བརླིང་བ་སྙིང་པོའི་ཕྱིར། །གང་ཕྱིར་སྙིང་པོ་བརྟན་པ་སྙིང་པོའི་ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། །མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན། །ཞེས་སྔ་མ་སྔ་མ་ཕྱི་མ་ཕྱི་མས་བཤད་དོ། །གཉིས་པ་མི་འཇིགས་པའི་ཆོས་མཐུན་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། ཐུབ་པ་མིའི་སེང་གེ་ཆོས་ཅན། སེང་གེ་བཞིན་དུ་འཁོར་གྱི་དབུས་སུ་འཇིགས་པ་མི་མངའ་སྟེ། སུ་ལ་ཡང་འཇིགས་པ་མེད་པའི་ཕྱིར་དང༌། གཞན་ལ་ལྟོས་པ་མེད་པའི་ཕྱིར་དང༌། བློ་གྲོས་བརྟན་པའི་ཕྱིར་དང༌། ཡོན་ཏན་གྱི་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར། གཉིས་པ་ནི། རྒོལ་བ་གང་ལས་ཀྱང་འཇིགས་པ་མེད་པར་གནས་ཏེ། བཤད་བྱ་ཀུན་མངོན་སུམ་དུ་མཁྱེན་པས་གང་གིས་དྲིས་ཀྱང་ལུང་སྟོན་ནུས་པའི་ཕྱིར། གཞན་སུ་ལ་ཡང་ལྟོས་པ་མེད་དེ། སྒྲིབ་པ་ཕལ་ཆེར་དག་པའི་སེམས་ཅན་ས་བཅུ་པ་བ་རྣམས་དང་ཡང་བདག་ཉིད་མི་མཉམ་པར་གཟིགས་པའི་ཕྱིར། བརྟན་པ་ཉིད་ཀྱི་ཡོན་ཏན་དང་ལྡན་ཏེ། ཐུགས་ནི་ཆོས་རྣམས་ཐམས་ཅད་ལ་རྩེ་གཅིག་ཏུ་གནས་པའི་ཕྱིར། ཤེས་རབ་ཀྱི་རྩལ་དང་ལྡན་ཏེ། མ་རིག་བག་ཆགས་ཀྱི་ས་ལས་མཆོག་ཏུ་བརྒལ་བའི་ཕྱིར། གསུམ་པ་མ་འདྲེས་པའི་ཆོས་མཐུན་ནི། ས་ཆུ་མེ་རླུང་སོགས་དཔེ་རྣམ་པ་ལྔ་ཕྱི་མ་ཕྱི་མ་ཕྲ་བའི་དཔེས་འཇིག་རྟེན་པ་སོགས་ལྔ་གོང་ནས་གོང་དུ་ཕྲ་བར་བསྟན་ཏེ། འཇིག་རྟེན་པ་དང༌། ཉན་ཐོས་དང༌། རང་དོན་མཐའ་གཅིག་ཏུ་སྤྱོད་པ་རང་རྒྱལ་དང༌། བློ་ལྡན་བྱང་སེམས་དང༌། རང་བྱུང་སངས་རྒྱས་རྣམས་གོང་ནས་གོང་དུ་བློ་དག་ཕྲ་བ་སྟེ་རྟོགས་པར་དཀའ་བའི་ཕྱིར། ཡང་མ་འདྲེས་པ་རྣམས་ས་ཆུ་མེ་རླུང་རྣམས་སེམས་ཅན་ཀུན་གྱི་ཉེར་འཚོར་གྱུར་པ་དང་མཚུངས་ཏེ། འཇིག་རྟེན་ཀུན་གྱི་ཉེར་འཚོའི་གཞིར་གྱུར་པའི་ཕྱིར། གཞན་དང་མ་འདྲེས་པའི་ཆ་ནས་ནམ་མཁའ་བཞིན་ཡིན་ཏེ། འཇིག་རྟེན་བྱིས་པ་དང༌། འཇིག་རྟེན་དེ་ལས་འདས་པ་ཉན་རང་བྱང་སེམས་ཀྱི་མཚན་ཉིད་ལས་ཀྱང་འདས་པའི་ཕྱིར། གཉིས་པ་ཐུན་མོང་གི་ཆོས་མཐུན་ནི། ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་དག་ཆོས་སྐུས་རབ་ཏུ་ཕྱེ་སྟེ། དཔེར་ན། ནོར་བུ་རིན་ཆེན་གྱི་འོད་འབྱིན་པ་དང༌། མདོག་གསལ་བ་དང༌། དབྱིབས་མཛེས་པ་རྣམས་ནོར་བུ་ལ་དབྱེར་མེད་པར་གནས་པ་བཞིན་དུ། དེ་རྣམས་ཀྱང་ཆོས་སྐུ་ལ་དབྱེར་མེད་པར་ལྡན་པའི་ཕྱིར། གཉིས་པ་རྣམ་སྨིན་གྱི་ཡོན་ཏན་གྱི་ཆོས་མཐུན་ལ་གཉིས་ཏེ། ཡོན་ཏན་སྐུ་གཉིས་ལ་བརྟེན་པར་བསྟན་པ་དང༌། ཆོས་མཐུན་སྦྱར་བ་དངོས་སོ། །དང་པོ་ནི། མཐོང་ན་ཡིད་ཚིམ་པར་བྱེད་པའི་རྣམ་སྨིན་གྱི་ཡོན་ཏན་གང་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་རྣམས་ནི། སྤྲུལ་པའི་སྐུ་དང༌། ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་གཟུགས་སྐུ་གཉིས་ལ་བརྟེན་ཏོ། །གཉིས་པ་ནི། རྒྱུད་དག་པའི་ཁྱད་པར་ལས་སངས་རྒྱས་ལ་རིང་བ་སོ་སྐྱེ་དང༌། ཉན་རང་རྣམས་ལ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་མཚན་དཔེ་དང་ལྡན་པའི་སྤྲུལ་སྐུ་སྣང་བ་ནི་ཆུ་ནང་གི་ཟླ་བའི་གཟུགས་བརྙན་སྣང་བ་བཞིན་དུ་ལོངས་སྐུ་ལྟ་བུའི་གཟུགས་བརྙན་སྣང་བའོ། །སངས་རྒྱས་ལ་ཉེ་བ་བྱང་སེམས་འཕགས་པ་རྣམས་ལ་རྒྱལ་བ་ལོངས་སྐུའི་དཀྱིལ་འཁོར་མཚན་དང་ལྡན་པའི་སྐུ་སྣང་བ་ནི། ནམ་མཁའི་དཀྱིལ་འཁོར་གྱི་ཟླ་བའི་གཟུགས་དངོས་སྣང་བ་བཞིན་དུ་ལོངས་སྐུ་དངོས་སྣང་བ་ཡིན་ཏེ། དེ་ལྟར་ན་གཟུགས་སྐུ་དེ་མཐོང་བའི་ཚུལ་ནི་རྣམ་པ་གཉིས་སོ། །འདིས་ནི་གདུལ་བྱའི་བྱེ་བྲག་གི་གཟུགས་སྐུ་གཉིས་སུ་ངེས་པར་བསྟན་ཏོ། །ཡོན་ཏན་གྱི་སྐབས་ཀྱི་ལེའུ་གསུམ་པ་བཤད་ཟིན་ཏོ།།  །།བཞི་པ་མཛད་པ་ཕྲིན་ལས་ལ་གསུམ་སྟེ། མདོར་བསྟན་དང༌། རྒྱས་བཤད་དང༌། དཔེས་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལྷུན་གྱིས་གྲུབ་པར་བསྟན་པ་དང༌། རྒྱུན་མི་འཆད་པར་བསྟན་པའོ། །དང་པོ་ནི། གདུལ་བྱའི་ཁམས་དང་བསམ་པ་དང་བག་ལ་ཉལ་དེ་དང་མཐུན་པའི་འདུལ་བའི་ཐབས་དང༌། གདུལ་བྱའི་ཁམས་ཀྱི་གདུལ་བའི་བྱ་བ་མངོན་མཐོ་ངེས་ལེགས་ལ་འགོད་པ་དང༌། གདུལ་བྱ་དེ་གང་ན་ཡོད་པའི་ཡུལ་དང༌། གང་གི་ཚེ་འདུལ་བའི་དུས་དུས་སུ་གཤེགས་པ་ལ་ཁྱབ་བདག་སངས་རྒྱས་རྟག་ཏུ་འབད་མེད་ལྷུན་གྱིས་གྲུབ་པར་འཇུག་གོ །གཉིས་པ་རྒྱུན་མི་འཆད་པ་ནི། རྒྱུ་ཏིང་ངེ་འཛིན་སོགས་ཡོན་ཏན་རིན་ཆེན་མཆོག་གི་ཚོགས་དང་ལྡན་པའི་ཡེ་ཤེས་ཀྱི་ཆུ་དང་བཅས་པའི་ས་བཅུའི་རྒྱ་མཚོ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཉི་འོད་ཅན་གྱི་རྒྱུའི་ཐེག་པ་མ་ལུས་པ་ངེས་པར་བསྒྲུབ་སྟེ། དེ་ལས་འབྲས་བུ་བྱང་ཆུབ་ཆེན་པོ་དབྱིངས་མཐའ་དང་དབུས་མེད་པས་ཟབ་ཅིང་ཡེ་ཤེས་རྒྱ་ཆེ་བ་ནམ་མཁའ་ལྟར་ཤེས་བྱ་ལ་ཁྱབ་པ་ཞིག་འབྱུང་ངོ༌། །དེའི་གནས་གང་ཞེ་ན། སངས་རྒྱས་ཉིད་ཀྱི་ཁམས་ཡོན་ཏན་དྲི་མ་མེད་པའི་འབྱུང་གནས་ཡིན་པས་གཏེར་དང༌། དེ་སེམས་ཅན་ཀུན་ལ་རང་གི་ཆོས་ཉིད་དང་ཁྱད་པར་མེད་པར་རྣམ་པར་གནས་པར་གཟིགས་ནས་དེ་ལ་སྒྲིབ་བྱེད་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་སྤྲིན་གྱི་དྲྭ་བ་ནི་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་གིས་རྣམ་པར་གཏོར་ཞིང་འཐོར་བར་མཛད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལྷུན་གྱིས་གྲུབ་པར་བཤད་པ་དང༌། རྒྱུན་མི་འཆད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། གང་ཞིག་གང་གིས་འདུལ་བ་ཡི། །བྱ་བ་གང་དུ་གང་གི་ཚེ། །དེ་ཡི་རྣམ་རྟོག་སྐྱེ་མེད་ཕྱིར། །ཐུབ་པ་རྟག་ཏུ་ལྷུན་གྱིས་གྲུབ། །ཅེས་པའོ། །གཉིས་པ་ནི། འདི་དང་སྔར་གྱི་མདོར་བསྟན་གཉིས་སྦྱར་ནས་སྟོན་པ་ནི། གང་ཞིག་གདུལ་བ་ནི་གདུལ་བྱའི་ཁམས་སོ། །གང་གིས་འདུལ་བ་ནི་གདུལ་བྱ་འདུལ་བའི་ཐམས་མང་གང་གིས་ཞེས་པའོ། །གདུལ་བའི་བྱ་བ་གང་ཞེ་ན། གདུལ་བྱ་འདུལ་བའི་བྱ་བ་ནི་མངོན་མཐོ་དང་ངེས་ལེགས་ལ་འགོད་པ་གང་ཡིན་པའོ། །གང་དུ་ཞེས་པ་ནི། གདུལ་བྱ་འདུལ་བའི་ཡུལ་དེ་དག་གོ །གང་གི་ཚེ་ནི། གང་གི་ཚེ་འདུལ་བའི་དུས་དེ་དག་གོ །གཉིས་པ་རྒྱུན་མི་འཆད་པ་བཤད་པ་ལ་བཞི་སྟེ། མདོར་བསྟན་དང༌། རྒྱས་བཤད་དང༌། དཔེ་དང་སྦྱར་བ་དང༌། དོན་བསྡུ་བའོ། །དང་པོ་ནི། སངས་རྒྱས་ཀྱི་ཕྲིན་ལས་རྣམ་པར་མི་རྟོག་བཞིན་དུ་འཇུག་སྟེ། ཆོས་དྲུག་ལ་རྟོག་པ་མེད་པར་འཇུག་པའི་ཕྱིར་རོ། །ཆོས་དྲུག་པོ་གང་ཞེ་ན། ཕྲིན་ལས་མཛད་པ་པོ་སངས་རྒྱས་ཀྱིས་སྔོན་ཡོངས་སུ་བསྟེན་པའི་ངེས་འབྱིན་གྱི་ལམ་དང༌། ངེས་འབྱིན་དེའི་རྟོན་པ་ཚོགས་གཉིས་དང༌། ཚོགས་གཉིས་དེའི་འབྲས་བུ་བྱང་ཆུབ་དང༌། བྱང་ཆུབ་དེའི་རྒྱུ་ཡོངས་སུ་འཛིན་པ་ཕྲིན་ལས་འཇུག་པའི་ཡུལ་སེམས་ཅན་དང༌། ཕྲིན་ལས་དེའི་བསལ་བྱ་སེམས་ཅན་དེའི་སྒྲིབ་པ་དང༌། སྒྲིབ་པ་དེ་གཅོད་བྱེད་ཕྲིན་ལས་དེའི་རྐྱེན་ཐུགས་རྗེ་ཆེན་པོའོ། །གཉིས་པ་རྒྱས་བཤད་ནི། དང་པོ་འཁོར་བ་ནས་ཕྱིས་འབྲས་བུའི་བར་དུ་ངེས་པར་འབྱིན་པར་བྱེད་པ་ནི་ས་བཅུ་སྟེ། ཐབས་ཚོགས་གཉིས་དག་ནི་དེའི་དུས་ཀྱི་དགེ་བ་དེའི་ཉེ་བར་རྟོན་པའི་རྒྱུའོ། །རྒྱུ་དང་ལམ་དེའི་འབྲས་བུ་བྱང་ཆུབ་མཆོག་ཡིན་ཏེ། བྱང་ཆུབ་དེ་སེམས་ཅན་གྱིས་ཐོབ་ཏུ་རུང་བའི་ཚུལ་གྱིས་ཡོངས་སུ་འཛིན་ཏོ། །སེམས་ཅན་གྱིས་བྱང་ཆུབ་དེ་འཐོབ་པའི་སྒྲིབ་བྱེད་ནི་མཐའ་ཡས་པའི་ཉོན་མོངས་དང་ཉེ་བའི་ཉོན་མོངས་ཀྱི་བག་ཆགས་སོ། །དུས་ཀུན་ཏུ་སྒྲིབ་པ་དེ་འཇོམས་པའི་རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན་ནོ། །དེས་ན་ཕྲིན་ལས་རྒྱུ་གང་གིས་རྒྱུན་མི་འཆད་པ་ནི་ས་དང་ཚོགས་སྔོན་རོལ་དུ་སོང་བ་ལས་སོ། །འབྲས་བུ་གང་ཐོབ་པས་རྒྱུན་མི་འཆད་ན་བྱང་ཆུབ་ཐོབ་པས་སོ། །ཡུལ་གང་ཡོད་པས་རྒྱུན་མི་འཆད་ན་སེམས་ཅན་ཀུན་ལ་བྱང་ཆུབ་སྙིང་པོའི་ཚུལ་དུ་ཡོད་པས་དེའི་སྒྲིབ་པ་ཐུགས་རྗེས་སེལ་བའོ། །གསུམ་པ་དཔེ་དང་སྦྱར་བ་ལ་གཉིས་ཏེ། མདོར་བསྟན་པ་དང༌། ཆོས་མཐུན་སོ་སོར་སྦྱར་བའོ། །དང་པོ་ནི། གནས་དྲུག་པོ་འདི་རྣམས་གོ་རིམ་ཇི་ལྟ་བ་བཞིན་རྒྱ་མཚོ་དང་ཉི་མ་དང་ནམ་མཁའ་དང་གཏེར་དང་སྤྲིན་དང་རླུང་བཞིན་ཤེས་པར་བྱའོ། །གཉིས་པ་ནི། ས་བཅུ་པོ་རྣམས་ཆོས་ཅན། རྒྱ་མཚོ་ཆེན་པོ་བཞིན་ཡིན་ཏེ། ས་བཅུའི་ཡེ་ཤེས་ཀྱི་ཆུ་དང་གཟུགས་དང་ཡོན་ཏན་རིན་པོ་ཆེ་དག་དང་ལྡན་པའི་ཕྱིར། ཚོགས་གཉིས་དག་ནི་ཆོས་ཅན། ཉི་མ་བཞིན་ཡིན་ཏེ། སེམས་ཅན་ཀུན་གྱི་ཕན་བདེའི་ལོ་ཏོག་གི་ཉེར་འཚོ་ཡིན་པའི་ཕྱིར། བྱང་ཆུབ་ཆོས་ཅན། ནམ་མཁའི་ཁམས་བཞིན་ཡིན་ཏེ། ནམ་མཁའ་རྒྱ་ཆེ་ཞིང་འདུས་མ་བྱས་པ་ལྟར་ཡེ་ཤེས་རྒྱ་ཆེ་ཞིང་དབྱིངས་སྐྱེ་འགག་གིས་ཕྱེ་བའི་མཐའ་དང་དབུས་མེད་པའི་ཕྱིར། སེམས་ཅན་གྱི་ཁམས་ནི་ཆོས་ཅན། གཏེར་དང་འདྲ་སྟེ། གཏེར་ནོར་གྱི་འགྱུར་ཁུངས་ཡིན་པ་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པས་བྱང་ཆུབ་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར། ཁམས་དེའི་སྒྲིབ་བྱེད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཆོས་ཅན། སྤྲིན་ཚོགས་བཞིན་ཡིན་ཏེ། སྤོང་དུ་རུང་བས་གློ་བུར་བ་དང་སེམས་རྒྱུད་ལ་ཁྱབ་པར་སྒྲིབ་པ་དང་སེམས་ཀྱི་ཆོས་ཉིད་དུ་མ་གྲུབ་པའི་ཕྱིར། ཐུགས་རྗེ་ནི་ཆོས་ཅན། མི་བཟད་པའི་རླུང་དྲག་པོ་དང་འདྲ་སྟེ། སྒྲིབ་གཉིས་ཀྱི་སྤྲིན་དེ་འཐོར་བར་བྱེད་པར་ཉེ་བར་གནས་པའི་ཕྱིར། བཞི་པ་དོན་བསྡུ་བ་ནི། སངས་རྒྱས་ཀྱི་མཛད་པ་ཆོས་ཅན། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པ་ཡིན་ཏེ། སྔོན་སློབ་ལམ་གྱི་ཚེ་གཞན་ཁོ་ནའི་དབང་གིས་ངེས་པར་འབྱུང་བའི་ཕྱིར་དང༌། ད་ལྟ་བྱང་ཆུབ་ཐོབ་པ་ན་བདག་དང་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུངས་པར་གཟིགས་པའི་ཕྱིར་དང༌། སྙིང་པོ་དང་ལྡན་པའི་སེམས་ཅན་རྣམས་རང་གིས་བརྙེས་པའི་གོ་འཕང་ལ་མ་བཀོད་ཀྱི་བར་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར། གསུམ་པ་དཔེས་བསྟན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འདུས་མ་བྱས་ཡིན་པས་སྐྱེ་འགག་ཏུ་སྣང་བ་དང༌། རྟོག་པ་མེད་ཀྱང་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་དུ་འཇུག་པ་མི་འགལ་བར་སྟོན་པ་སྟེ། སྐུ་སྟོན་པ་བརྒྱ་བྱིན་གྱི་གཟུགས་དང༌། གསུང་ལེགས་པར་འདོམས་པ་རྔ་སྒྲ་དང༌། མཁྱེན་བརྩེས་ཁྱབ་པ་སྤྲིན་དང༌། སྤྲུལ་པ་སྟོན་པ་ཚངས་པ་དང༌། ཡེ་ཤེས་སྤྲོ་བ་ཉི་མ་དང༌། ཐུགས་ཀྱི་གསང་བ་ནོར་བུ་རིན་ཆེན་བཞིན་དང༌། དེ་བཞིན་གཤེགས་པའི་གསུང་གི་གསང་བ་སྒྲ་བརྙན་བཞིན་དང༌། སྐུའི་གསང་བ་ནམ་མཁའ་བཞིན་དང༌། ཐུགས་རྗེ་ནི་ས་གཞི་བཞིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། སོ་སོའི་རང་བཞིན། དཔེས་བསྟན་པའི་དགོས་པ། དཔེས་མཚོན་པའི་དོན་ངོས་བཟུང་བ། དཔེ་དོན་ཆོས་མཐུན། དཔེ་ལས་ལྷག་པའི་གོ་རིམ་མོ། །དང་པོ་ལ་དགུ་སྟེ། སྐུ་སྟོན་པ་བརྒྱ་བྱིན། གསུང་ལེགས་པར་འདོམས་པ་རྔ་སྒྲ། ཐུགས་ཀྱིས་ཁྱབ་པ་ཆར་སྤྲིན། སྤྲུལ་པ་སྟོན་པ་ཚངས་པ། ཡེ་ཤེས་སྤྲོ་བ་ཉི་མ། ཐུགས་ཀྱི་གསང་བ་ནོར་བུ། གསུང་གི་གསང་བ་སྒྲ་བརྙན། སྐུའི་གསང་བ་ནམ་མཁའ། ཐུགས་རྗེའི་བདག་ཉིད་ས་གཞི་དང་འདྲ་བའོ། །དང་པོ་ལ་གཉིས་ཏེ། རྟོག་པ་མེད་པ་དང༌། སྐྱེ་འགག་མེད་པའོ། །དང་པོ་ལ་གཉིས་ཏེ། དཔེ་རྒྱས་བཤད་དང༌། དོན་བསྟན་པའོ། །དང་པོ་ལ་བཞི། ས་གཞི་དག་པ་ལ་གཟུགས་བརྙན་སྣང་བ། དེས་ཕན་པ་ལ་འཇུག་པ། ཞུགས་པའི་འབྲས་བུ། སྣང་བ་ལ་རྣམ་རྟོག་མེད་པའོ། །དང་པོ་ནི། ཇི་ལྟར་ས་གཞི་ཆེན་པོའི་སྟེང་བཻ་ཌཱུརྻ་དག་པའི་རང་བཞིན་དུ་གྱུར་ཏེ་ཤིན་ཏུ་དག་ཅིང་དྭངས་པའི་ཕྱིར། ས་གཞི་དེར་ལྷའི་དབང་པོ་དང༌། འཁོར་ལྷའི་བུ་མོའི་ཚོགས་དང་བཅས་ཤིང༌། རྣམ་པར་རྒྱལ་བའི་ཁང་བཟང་དང༌། དེ་ལས་གཞན་པའི་ལྷའི་གནས་དགའ་བའི་ཚལ་ལ་སོགས་པ་དག་དང༌། འཁོར་གྱི་ལྷ་དེའི་གཞལ་ཡས་ཁང་སྣ་ཚོགས་དང་ལོངས་སྤྱད་བྱའི་ལྷ་རྫས་རྣམ་པ་མང་པོ་ས་གཞིའི་གཞི་དེར་འཛམ་བུ་གླིང་པ་རྣམས་ཀྱིས་མཐོང་ངོ༌། །གཉིས་པ་ནི། མཐོང་བ་དེ་ནས་འཛམ་བུའི་གླིང་གི་སྐྱེས་པ་དང༌། བུད་མེད་དང༌། ཁྱེའུ་དང༌། བུ་མོའི་ཚོགས་སའི་སྟེང་ན་གནས་པ་རྣམས་ཀྱིས་གཟུགས་བརྙན་སྣང་བ་དེ་མཐོང་བར་གྱུར་པས་རྐྱེན་བྱས་ཏེ། བསམ་པས་ངེས་ཀྱང་རིང་པོར་མི་ཐོགས་པར་ལྷ་དབང་འདི་འདྲར་གྱུར་ཅིག །ཅེས་དེ་འདྲའི་སྨོན་ལམ་འདེབས་པར་ཡང་བྱེད་ཅིང༌། ལྷ་དབང་དེ་ཐོབ་པའི་དོན་དུ་སྦྱིན་སོགས་ཀྱི་དགེ་བ་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། །གསུམ་པ་ནི། སེམས་ཅན་དེ་དག་གིས་འདི་ནི་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་ཙམ་ཡིན་ཞེས་དེ་ལྟ་བུར་ཤེས་པར་མེད་ཀྱང༌། དགེ་བའི་ལས་དེས་ས་སྟེང་ནས་འཕོས་ཏེ་ལྷར་སྐྱེ་བར་འགྱུར་རོ། །བཞི་པ་ནི། ལྷའི་གཟུགས་བརྙན་སྣང་བ་དེ་ཤིན་ཏུ་ཡང་རྟོག་པ་མེད་ཅིང་བློ་སྔོན་དུ་བཏང་བའི་གཡོ་བ་མེད་པ་དེ་ལྟ་མོད་ཀྱི། སའི་སྟེང་ན་གནས་པའི་སེམས་ཅན་རྣམས་ལྷར་སྐྱེ་བར་བྱེད་པའི་དོན་ཆེན་པོ་ཉིད་ཀྱིས་ཉེ་བར་གནས་སོ། །གཉིས་པ་དོན་བསྟན་པ་ལ་བཞི་སྟེ། རང་སེམས་ལ་སངས་རྒྱས་སུ་སྣང་བ། དེས་ཕན་པ་ལ་འཇུག་པ། སྣང་བ་ལ་རྟོག་པ་མེད་པ། ཞུགས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། དེ་བཞིན་དུ་དད་སོགས་ཡོན་ཏན་བསྒོམས་པའི་སྟོབས་ཀྱིས་དད་སོགས་དེ་མ་དད་པ་སོགས་ཀྱི་དྲི་མ་མེད་པ་ཅན་གྱི་རང་གི་སེམས་ལ་སྣང་བ་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་དང་ལྡན་པ། འཆག་པ་དང་ནི་བཞེངས་པ་དང༌། །བཞུགས་པ་དང་ནི་གཟིམས་པ་དང༌། །གྲོང་ཁྱེར་དུ་གཤེགས་པ་སོགས་སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། ཞི་བའི་ཆོས་ནི་གསུང་བ་དང༌། །མི་གསུང་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་དང་སྟོན་པར་མཛད་པ་གཟི་མདངས་ཆེན་པོ་ཅན་རྒྱུད་དག་པའི་སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར་རོ། །གཉིས་པ་དེས་ཕན་པ་ལ་འཇུག་པ་ནི། སངས་རྒྱས་ཀྱི་གཟུགས་དེ་མཐོང་ནས་ཀྱང་སངས་རྒྱས་དེ་ཐོབ་པར་འདོད་པ་དང་ལྡན་པའི་བསམ་པ་དང༌། སངས་རྒྱས་ཉིད་ཐོབ་པའི་ཕྱིར་དུ་ཕྱིན་དྲུག་སོགས་ལ་རབ་ཏུ་སྦྱོར་ཏེ། སངས་རྒྱས་དེའི་རྒྱུ་བསམ་སྦྱོར་གཉིས་པོ་ཡང་དག་པར་བླངས་ནས་མངོན་པར་འདོད་པའི་གོ་འཕང་སངས་རྒྱས་ཐོབ་པར་བྱེད་དོ། །གསུམ་པ་སྣང་བ་ལ་རྟོག་པ་མེད་པ་ནི། རང་སེམས་དག་པ་ལ་སྣང་བའི་སངས་རྒྱས་ཀྱི་གཟུགས་དེ་ནི་ཤིན་ཏུའང་རྟོག་པ་མེད་ཅིང་སྣང་བ་དང་དོན་བྱའོ་སྙམ་པའི་གཡོ་བ་མེད་པ་ཉིད་ཡིན་པ་དེ་ལྟ་ནའང་འཇིག་རྟེན་ན་འཚང་རྒྱ་བའི་དོན་ཆེན་པོས་ཉེ་བར་གནས་སོ། །བཞི་པ་ཞུགས་པའི་འབྲས་བུ་ནི། སངས་རྒྱས་ཀྱི་གཟུགས་འདི་ནི་རང་གི་སེམས་དག་པ་ལ་སྣང་བའོ་ཞེས་སོ་སོའི་སྐྱེ་བོས་མི་ཤེས་མོད་ཀྱི། དེ་ལྟ་ནའང་སངས་རྒྱས་ཀྱི་གཟུགས་མཐོང་བ་དེ་མཐོང་བ་པོ་དེ་དག་ཉིད་ལ་དོན་ཡོད་པར་འགྱུར་ཏེ། འདི་ལྟར་མཐོང་བ་ལ་བརྟེན་ནས་རིམ་གྱིས་ཚོགས་བསགས་ཏེ་ལམ་ཐེག་པ་ཆེན་པོ་འདི་ལ་གནས་པ་རྣམས་ཀྱིས་ནང་གི་དམ་པའི་ཆོས་སྐུ་ནི་ཡེ་ཤེས་ཀྱི་མིག་གིས་མཐོང་བར་འགྱུར་རོ། །གཉིས་པ་སྐྱེ་འགག་མེད་པ་ལ་གཉིས་ཏེ། དཔེ་བསྟན་པ་དང༌། དོན་བཤད་པའོ། །དང་པོ་ལ་གཉིས་ཏེ། སྐྱེ་འགག་ཏུ་སྣང་བ་དང༌། སྣང་བའི་བྱེད་པའོ། །དང་པོ་ལ་ས་གཞི་དག་པ་ནི། ཇི་ལྟར་ས་ཆེན་པོ་འདི་ཀུན་ཉམ་ང་བའི་གནས་གཞན་གཅོང་རོང་སོགས་དང་བྲལ་བ་དྲི་མ་མེད་པ་བཻ་ཌཱརྻའི་འོད་གསལ་ཞིང་མཛེས་པའི་སྟེང་ནི་ལག་མཐིལ་ལྟར་མཉམ་པར་གྱུར་ཏེ། དེའི་རྒྱན་བཀོད་པ་ནི། ནོར་བུའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ལ་རྡུལ་ལ་སོགས་པའི་དྲི་མ་དང་བྲལ་བའི་དཔལ་དང་ལྡན་པའོ། །ལྷའི་གཟུགས་བརྙན་སྣང་བའི་ཚུལ་ནི། ས་གཞི་ཤིན་ཏུ་དག་པའི་ཕྱིར་དེར་ནི་ལྷའི་བདག་པོའི་གནས་རྣམ་རྒྱལ་ཁང་བཟང་ལ་སོགས་སྣ་ཚོགས་པ་དང༌། ལྷ་དབང་གི་གཟུགས་དང༌། དེའི་འཁོར་གྱི་ལྷའི་གཟུགས་བརྙན་ཤར་ཏེ་གསལ་བར་སྣང་ངོ༌། །འགག་པའི་ཚུལ་ནི། ཡང་རིམ་གྱིས་ས་དེའི་ཡོན་ཏན་དང་བྲལ་བའི་ཕྱིར། གཟུགས་བརྙན་དེ་ནི་སླར་ཡང་མི་སྣང་བར་འགྱུར་རོ། །གཉིས་པ་སྣང་བའི་བྱེད་པ་ནི། བརྒྱ་བྱིན་དེའི་དངོས་པོ་ཐོབ་པའི་ཕྱིར་སྦྱོར་བ་བསྙེན་གནས་དང༌། བདེན་པར་སྨྲ་བ་སོགས་བརྟུལ་ཞུགས་དང༌། ལོངས་སྤྱོད་ངེས་པར་སྦྱིན་པ་དང༌། སོགས་པས་ཚུལ་ཁྲིམས་དང༌། སྒོམ་པ་གསུམ་ལ་ཕྱོགས་པའི་བུད་མེད་དང་སྐྱེས་པའི་ཚོགས་ལྷར་སྐྱེ་བར་སྨོན་པའི་སེམས་ཀྱིས་གཟུགས་བརྙན་དེ་ལ་མེ་ཏོག་ལ་སོགས་འཐོར་ཞིང་ཐལ་མོ་སྦྱར་ཏེ་སྨོན་ལམ་འདེབས་པ་ལྟར་ཞེས་སོ། །གཉིས་པ་དོན་བཤད་པ་ལ་གསུམ་སྟེ། གཟུགས་སྐུ་སྣང་བའི་བྱེད་པ། རྐྱེན་གཟུགས་སྐུ་སྣང་བའི་ཚུལ། སེམས་ཀྱི་དབང་གིས་སྐྱེ་འགག་ཏུ་སྣང་བའོ། །དང་པོ་ནི། གཟུགས་བརྙན་འཆར་བའི་གེགས་ཀྱི་དྲི་མ་དག་པའི་བཻ་ཌཱུརྻ་དང་འདྲ་བའི་རང་གི་སེམས་ལ་སྣང་བའི་ཐུབ་དབང་ཐོབ་པར་བྱ་བའི་ཕྱིར་དུ་སངས་རྒྱས་ལ་རབ་ཏུ་དགའ་བའི་སེམས་དང་ལྡན་པ་རྒྱལ་བའི་སྲས་རྣམས་ཀྱང་མི་རྣམས་ལྷ་ཐོབ་པར་སྨོན་པ་དེ་བཞིན་དུ་རྫོགས་པའི་བྱང་ཆུབ་ཏུ་སེམས་རབ་ཏུ་སྐྱེད་པར་བྱེད་དོ། །གཉིས་པ་ནི། ཇི་ལྟར་བཻ་ཌཱུརྻའི་ས་གཞི་གཙང་མ་ལ་ལྷའི་དབང་པོའི་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། དེ་བཞིན་དུ་འགྲོ་བའི་སེམས་ཀྱི་ས་གཞི་གཙང་མ་ལ་ཐུབ་པའི་དབང་པོའི་ལོངས་སྐུའི་གཟུགས་བརྙན་འཆར་རོ། །གསུམ་པ་ནི། འགྲོ་བར་སངས་རྒྱས་ཀྱི་གཟུགས་བརྙན་འཆར་ཏེ་སྐྱེ་བ་ནི་དྲི་མའི་རྙོག་པ་མེད་པའི་རང་གི་སེམས་ཀྱི་དབང་དང༌། ནུབ་སྟེ་འགག་པ་ནི་མ་དད་པ་སོགས་རྙོག་པ་དང་བཅས་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་འཇུག་པ་འབྱུང་བའོ། །ཇི་ལྟར་འཇིག་རྟེན་དག་ན་བརྒྱ་བྱིན་གྱི་གཟུགས་བརྙན་སྐྱེ་འགག་ཏུ་སྣང་ཡང་དེ་བརྒྱ་བྱིན་སྐྱེས་པ་དང་ཞིག་པ་མིན་པ་ལྟར་གདུལ་བྱའི་སེམས་ལ་གཟུགས་སྐུ་སྐྱེ་འགག་ཏུ་སྣང་བ་ལྟར་སྔར་ཡོད་པ་དང་ཕྱིས་ཞིག་པ་ཡིན་ཞེས་དེ་ལྟར་མི་བལྟའོ། །གཉིས་པ་གསུང་ལེགས་པར་འདོམས་པ་རྔ་སྒྲ་དང་འདྲ་བ་ལ་གསུམ་སྟེ། ཆོས་ཀྱི་རྔ་སྒྲ་དང་མཚུངས་པ། ལྷ་རྫས་ཀྱི་སིལ་སྙན་དང་མི་མཚུངས་པ། རྒྱུད་དག་པ་ལ་ལྟོས་པའོ། །དང་པོ་ལ་གཉིས་ཏེ། བག་ཡོད་ལ་སྦྱོར་བ་དང༌། འཚེ་བ་ལས་སྐྱོབ་པའོ། །དང་པོ་ལ་གསུམ་སྟེ། ཆོས་སྟོན་པ་དང༌། དེའི་རྒྱུ་དང༌། བྱེད་ལས་བསྟན་པའོ། །དང་པོ་ནི། ཇི་ལྟར་ལྷའི་ནང་ན་ལྷ་རྣམས་ཀྱི་སྔོན་གྱི་དཀར་པོ་དགེ་བའི་མཐུ་ཡིས་གྲུབ་པའི་ལྷའི་རྔ་བོ་ཆེ་ཆོས་ཀྱི་སྒྲ་ཞེས་བྱ་བ་ཁང་བཟང་རྣམ་པར་རྒྱལ་བྱེད་ཀྱི་བར་སྣང་ལ་འདུག་སྟེ་རྔ་དེ་བརྡུང་བ་སོགས་ཀྱི་འབད་རྩོལ་དང་སྒྲ་འབྱུང་བའི་གནས་ལྕེ་རྐན་སོགས་དང༌། ཡིད་དང་རྟེན་གཟུགས་དང་སྒྲ་བསྒྲག་པར་བྱའོ་སྙམ་པའི་རྣམ་པར་རྟོག་པ་མེད་བཞིན་དུ། འདུས་བྱས་མི་རྟག་པ་དང༌། ཟག་བཅས་སྡུག་བསྔལ་བ་དང༌། ཆོས་བདག་མེད་པ་དང༌། ཞི་བ་མྱ་ངན་ལས་འདས་པའི་སྒྲ་ཡིས་འདོད་ཡོན་ལ་བག་མེད་པའི་ལྷ་རྣམས་ཡང་ནས་ཡང་དུ་ཆོས་ཀྱི་རྔ་དེས་བསྐུལ་བར་བྱེད་པ་ལྟར། དེ་བཞིན་དུ་ཁྱབ་བདག་ཀྱང་ཆོས་གསུང་བའི་འབད་རྩོལ་སོགས་དང་བྲལ་ཡང་སྐལ་ལྡན་གྱི་འགྲོ་བ་མ་ལུས་པར་སངས་རྒྱས་ཀྱི་གསུང་གིས་ཁྱབ་པར་མཛད་དེ་སྐལ་ལྡན་རྣམས་ལ་སྐལ་བ་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ། །གཉིས་པ་ནི། ཇི་ལྟར་ལྷའི་ནང་ན་ལྷ་རྣམས་ཀྱི་རྔ་བོ་ཆེའི་སྒྲ་དེ་ལྷ་རང་གི་དགེ་བའི་གནས་ལས་ལས་བྱུང་བ་དེ་བཞིན་དུ། འཇིག་རྟེན་དུ་ཐུབ་པས་ཆོས་གསུང་བའང་སྔོན་གྱི་སྨོན་ལམ་དང༌། གདུལ་བྱ་རང་གི་དགེ་བའི་ལས་ལས་བྱུང་ངོ༌། །གསུམ་པ་ནི། སྐྱེས་བུའི་འབད་པ་དང༌། འབྱུང་བའི་གནས་དང༌། རྟེན་ལུས་དང༌། ཀུན་སློང་གི་སེམས་དང་བྲལ་བའི་རྔ་སྒྲ་དེ་ཇི་ལྟར་བདག་མེད་བསྟན་པས་ཞི་བ་སྒྲུབ་པ་ལྟར། དེ་བཞིན་དུ་འབད་པ་སོགས་དེ་དག་དང་བྲལ་བའི་ཐུབ་པའི་ཆོས་འདིས་ཞི་བ་མྱང་འདས་སྒྲུབ་པར་བྱེད་དོ། །གཉིས་པ་འཚེ་བ་ལས་སྐྱོབ་པ་ནི། ཇི་ལྟར་ལྷའི་གྲོང་ན་ཆོས་ཀྱི་རྔ་སྒྲའི་རྒྱུ་ལས་བྱུང་བའི་ལྷ་ལ་མི་འཇིགས་པ་སྦྱིན་པ་ནི། ལྷ་མ་ཡིན་གྱི་དཔུང་ལས་རྒྱལ་བར་བྱེད་ཅིང་རྩེད་མོ་སྟེ་འཐབ་མོ་སེལ་ལོ། །ནམ་སེལ་ན། ལྷ་རྣམས་ཀྱིས་རྩུབ་འགྱུར་གྱི་ཚལ་དུ་ཉོན་མོངས་བསྐྱེད་ནས་གཡུལ་དུ་འཇུག་པའི་ཚེའམ། ཉོན་མོངས་ཕྲག་དོག་ཆེན་པོ་ཅན་ལྷ་མ་ཡིན་གྱི་གཡུལ་དུ་འཇུག་པའི་ཚེའོ། །དེ་བཞིན་དུ་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ལ་སོགས་སྟོན་པའི་རྒྱུ་ལས་བྱུང་བ་དང༌། ཞི་བ་བླ་ན་མེད་པའི་ལམ་གྱི་ཚུལ་བདག་མེད་བརྗོད་པའི་གསུང་གིས་སེམས་ཅན་རྣམས་ཀྱི་རྒྱུ་ཉོན་མོངས་དང་འབྲས་བུ་སྡུག་བསྔལ་མགོ་གནོན་དང་དྲུངས་འབྱིན་པའི་སྒོ་ནས་རབ་ཏུ་འཇོམས་སོ། །གཉིས་པ་ལྷ་རྫས་ཀྱི་སིལ་སྙན་དང་མི་མཚུངས་པ་ལ་གཉིས་ཏེ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་ཀྱི་རྔ་དཔེར་མཛད་ལ་སིལ་སྙན་དཔེར་མི་མཛད་པ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྔ་ནི་སྡུག་བསྔལ་ཞི་བར་བྱེད་པ་ལ་དུས་ལས་མི་འདའ་བས་ཉི་ཚེ་བ་མ་ཡིན་པ་དང༌། ཚེ་འདིར་འཚེ་བ་ལས་སྐྱོབ་ཅིང་བག་ཡོད་ལ་སྦྱོར་བས་ཕན་པ་དང༌། འདོད་པའི་བདེ་བ་ལ་ཆགས་པ་སྤོང་ཞིང་ཆོས་ཀྱིས་དགའ་བདེ་སྒྲུབ་པས་བདེ་བ་དང༌། ཆོས་ཀྱི་སྡོམ་བཞི་སྒྲོག་པའི་སྒོ་ནས་ཕོངས་པ་ཞི་བར་བྱེད་ཅིང་ངེས་པར་འབྱིན་པར་བྱེད་པས་དཔེར་མཛད་ལ། སིལ་སྙན་ནི་དཔེར་མ་མཛད་དེ། གང་གི་ཕྱིར་ན། སངས་རྒྱས་ཀྱི་གསུང་ནི་སྐྱེ་བོ་ཀུན་ལ་ཁྱབ་པ་ཉིད་དང༌། མ་འོངས་པ་ན་ཕན་པ་དང༌། ཚེ་འདིར་བདེ་བ་དང་ངེས་འབྱིན་ཆོ་འཕྲུལ་གསུམ་དང་ལྡན་པ་ཡིན་ལ། གཞན་སིལ་སྙན་ནི་དེ་ལྟ་བུ་མིན་པ་དེའི་ཕྱིར་ཐུབ་པའི་དབྱངས་ནི་ལྷ་རྫས་ཀྱི་སིལ་སྙན་རྣམས་ལས་ཁྱད་པར་འཕགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ཁྱབ་པས་ཁྱད་པར་དུ་འཕགས་པ། ཕན་པས་ཁྱད་པར་དུ་འཕགས་པ། བདེ་བས་ཁྱད་པར་དུ་འཕགས་པ། ངེས་པར་འབྱིན་པས་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། ལྷར་ནི་ཆོས་ཀྱི་རྔ་སྒྲ་ཆེན་པོ་ལྷ་རྣམས་ཀྱིས་ཐོས་ཀྱི་སར་གནས་མི་ལ་སོགས་པ་རྣམས་ཀྱི་རྣ་བར་མི་འགྲོ་ལ། སངས་རྒྱས་ཀྱི་གསུང་གི་རྔ་སྒྲ་ནི་འཁོར་བའི་གནས་ན་ས་འོག་ས་སྟེང་ས་བླའི་འཇིག་རྟེན་དག་ཏུ་འགྲོ་བས་ཆོས་ཀྱི་རྔ་སྒྲ་ལས་ཀྱང་ལྷག་ན་སིལ་སྙན་གཞན་རྣམས་ལྟ་ཅི་སྨོས་ཞེས་པ་སྟེ། རྔ་སྒྲ་ནི་སིལ་སྙན་གཞན་ལ་ལྟོས་ན་ཉི་ཚེ་བ་མིན་པར་བསྟན་ལ། འདིར་སངས་རྒྱས་ཀྱི་རྔ་སྒྲ་ལ་ལྟོས་ནས་ཉི་ཚེ་བ་ཡིན་པས་དཔེ་ལས་ལྷག་པར་བསྟན་པ་ཡིན་པས་མི་འགལ་ལོ། །ལྷར་ནི་ལྷའི་སིལ་སྙན་བྱེ་བ་མང་པོ་རྣམས་འདོད་ཆགས་ཀྱི་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས་ལ། དེས་ཀྱང་ཕྱིས་སྡུག་བསྔལ་བསྐྱེད་པས་ཕན་པ་མིན་ལ། ཐུགས་རྗེའི་བདག་ཉིད་སངས་རྒྱས་རྣམས་ཀྱི་གསུང་དབྱངས་གཅིག་ཀྱང་སྡུག་བསྔལ་གྱི་མེ་རབ་ཏུ་འབར་བ་ཞི་བའི་དོན་དུ་འཇུག་པས་ཕན་པའོ། །གསུམ་པ་ནི། ལྷར་ནི་མཛེས་ཤིང་ཡིད་དུ་འོང་བའི་སིལ་སྙན་གྱི་སྒྲ་རྣམས་ལྷ་དེ་རྣམས་ཀྱི་སེམས་ཀྱི་རྒོད་པ་གཡེང་བ་འཕེལ་བར་འགྱུར་བའི་རྒྱུ་ཡིན་པས་བདེ་བ་མིན་ལ། ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང་ནི་ཏིང་ངེ་འཛིན་ལ་སེམས་གཏོད་པ་ལ་བསམ་པ་སྐུལ་བྱེད་ཉིད་ཡིན་པས་བདེ་བའོ། །བཞི་པ་ནི། མདོར་ན་མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ལྷ་དང་སའི་སྟེང་ན་གནས་པ་དང་ས་འོག་གི་གདུལ་བྱའི་ཕན་པ་དང་བདེ་བའི་རྒྱུ་གང་ཡིན་པ་དེ་ནི་ཆོ་འཕྲུལ་གསུམ་སྟེ། ལུས་ཀྱི་རྫུ་འཕྲུལ་གྱིས་མ་ལུས་པའི་འཇིག་རྟེན་གྱི་ཁམས་ཁྱབ་པར་སྣང་བར་བྱེད་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྟོགས་པར་བསྟན་པ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་དང༌། ངག་གི་དབྱངས་ཀྱིས་ལམ་གྱི་གདམས་ངག་དང་རྗེས་བསྟན་སྟོན་པ་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ། རྫུ་འཕྲུལ་དང་པོས་དད་པར་བྱེད་ཅིང༌། རྫུ་འཕྲུལ་གཉིས་པས་སྣོད་ཤེས་པར་བྱས་ནས། རྫུ་འཕྲུལ་གསུམ་པས་སྣོད་དང་འཚམས་པའི་ཆོས་སྟོན་ཏོ། །དེ་ལྟར་ཆོ་འཕྲུལ་གསུམ་དང་ལྡན་པའི་སངས་རྒྱས་ཀྱི་གསུང་ཉིད་ལ་རབ་ཏུ་བརྟེན་པར་བརྗོད་དོ། །ཞེས་ངེས་པར་འབྱིན་པས་ཁྱད་དུ་འཕགས་པར་བསྟན་ཏོ། །གསུམ་པ་རྒྱུད་དག་པ་ལ་ལྟོས་པ་ནི། སངས་རྒྱས་ཀྱི་གསུང་གིས་ཐམས་ཅད་དུ་ཁྱབ་ན་འགའ་ཞིག་གིས་མི་ཐོས་པ་ཅི་ཞེ་ན། ཇི་ལྟར་རྣ་བའི་དབང་པོ་དང་བྲལ་བས་སྒྲ་ཕྲ་མོ་ཡོད་ཀྱང་གཏན་ནས་མི་མྱོང་སྟེ་མི་ཐོས་ཤིང༌། སྒྲ་ཐམས་ཅད་ལྷའི་རྣ་བ་དང་ལྡན་པ་རྣམས་ཀྱི་ཡང་རྣ་ལམ་དུ་མི་འགྲོ་ཡང་རྣ་བ་མེད་པ་དང་སྟོབས་ཞན་པ་ཉན་ཤེས་ཀྱི་སྐྱོན་ཡིན་གྱི་སྒྲའི་སྐྱོན་མིན་པ་ལྟར། དེ་བཞིན་དུ་བརྗོད་བྱ་ཟབ་མོ་སྟོན་པས་ཕྲ་ཞིང༌། མཆོག་ཏུ་ཤེས་རབ་ཟབ་མོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཐེག་ཆེན་གྱི་སྡེ་སྣོད་ཀྱང་ཉོན་མོངས་པ་མེད་པའི་ཡིད་ཅན་བྱང་སེམས་འགའ་ཞིག་གི་རྣ་བའི་ལམ་སྟེ་དབང་པོའི་ཡུལ་དུ་འགྱུར་བ་ཡིན་གྱི། ལོག་སྲེད་ཅན་གྱིས་གསུང་གཏན་ནས་མི་ཐོས་ཤིང་ཉན་རང་གིས་གསུང་འགའ་ཞིག་ཐོས་ཀྱི་ཀུན་མ་ཐོས་ཀྱང་གསུང་གི་ཉེས་པ་མིན་ནོ། །གསུམ་པ་ཐུགས་ཀྱིས་ཁྱབ་པ་ཆར་སྤྲིན་དང་འདྲ་བ་ལ་བཞི་སྟེ། གདུལ་བྱ་སྨིན་པར་བྱེད་པ་དང༌། སྣོད་ཀྱི་བྱེ་བྲག་གིས་སྣ་ཚོགས་སུ་འགྱུར་བ་དང༌། ཕན་གནོད་ལ་མི་ལྟོས་པ་དང༌། སྡུག་བསྔལ་ཞི་བར་བྱེད་པའོ། །དང་པོ་ལ་གཉིས་ཏེ། ངོ་བོ་དང༌། རྒྱུའོ། །དང་པོ་ནི། ཇི་ལྟར་དབྱར་གྱི་དུས་ན་སྤྲིན་གྱིས་ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ་ཆར་ཆུའི་ཕུང་པོ་འབད་པ་མེད་པར་ས་ལ་རྒྱུན་དུ་འབེབས་པ་ལྟར། དེ་བཞིན་དུ་ཐུགས་རྗེའི་སྤྲིན་ལས་ནི་རྒྱལ་བའི་དམ་པའི་ཆོས་ཀྱི་ཆུའི་ཆར་འགྲོ་བའི་དགེ་བའི་ལོ་ཏོག་གི་རྒྱུ་རྣམ་པར་རྟོག་པ་མེད་པར་འབད་མེད་དུ་འབེབས་སོ། །གཉིས་པ་ནི། ཇི་ལྟར་འཇིག་རྟེན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་འཇུག་པ་ན་རླུང་གིས་བསྐུལ་བ་ལས་སྐྱེས་པ་ཆུའི་ཆར་སྤྲིན་གྱིས་འབེབས་པ་ལྟར། དེ་བཞིན་དུ་འགྲོ་བའི་དགེ་བའི་ལོ་ཏོག་མངོན་པར་སྤེལ་བར་བྱ་བའི་ཕྱིར་དུ་བརྩེ་བའི་རླུང་གིས་བསྐུལ་བའི་སངས་རྒྱས་ཀྱི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་པ་འབེབས་སོ། །དེའི་དོན་བཤད་པ་ནི། སྲིད་ལ་སྟེ་འགྲོ་བའི་དགེ་བའི་ལོ་ཏོག་གི་རྒྱུ་ཡིན་ནོ། །གང་ཞེ་ན། ཐུབ་དབང་སྤྲིན་ནིའོ། །ཅི་འདྲ་བའི་སྤྲིན་ཞེ་ན། ཏིང་ངེ་འཛིན་དང་གཟུངས་ཀྱི་ཆུ་དྲི་མ་མེད་པའི་སྙིང་པོ་ཅན་ནོ། །སྤྲིན་དེ་གང་ན་ཡོད་ཅེ་ན། ནམ་མཁའི་དཀྱིལ་ན་གནས་སོ། །ཅི་འདྲ་བའི་ནམ་མཁའ་ཞེ་ན། མཁྱེན་པ་དང་བརྩེ་བ་ཆེན་པོའི་ནམ་མཁའ་སྟེ། འགྱུར་བ་འཁོར་བ་དང་མི་འགྱུར་བ་མྱང་འདས་ཀྱི་མཐའི་སྐྱོན་གྱིས་མ་གོས་པའི་མཁྱེན་བརྩེའི་ནམ་མཁའི་དཀྱིལ་ནའོ། །གཉིས་པ་སྣོད་ཀྱི་བྱེ་བྲག་གིས་སྣ་ཚོགས་སུ་འགྱུར་བ་ནི། ཇི་ལྟར་བསིལ་བ་དང༌། ཞིམ་པ་དང༌། མངར་བ་དང༌། འཇམ་པ་དང༌། ཡང་བའི་ཆུ་ནི་སྤྲིན་དེ་ལས་འཐོན་ནས་བབ་པས་ས་ལ་བ་ཚ་ལ་སོགས་ཡོད་པའི་གནས་ཐ་དད་དང་འབྲེལ་བས་ཤིན་ཏུ་མང་པོའི་རོར་ནི་འགྱུར་བ་ལྟར། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་དམ་པའི་ཆོས་ཀྱི་ཆུའི་ཆར་སྟོང་པ་ཉིད་དུ་རོ་གཅིག་པ་རབ་ཡངས་བརྩེ་བའི་སྤྲིན་གྱི་སྙིང་པོ་ལས་འཐོན་པའི་འགྲོ་བའི་རྒྱུད་ཀྱི་གནས་ཏེ་མོས་པ་ཐ་དད་ཀྱི་དབྱེ་བ་ལས་ཉན་ཐོས་ཀྱི་ཐེག་པ་སོགས་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར་རོ། །གསུམ་པ་ཕན་གནོད་པ་མི་ལྟོས་པ་ལ་གསུམ་སྟེ། སྣོད་ཀྱི་དབྱེ་བས་སྣ་ཚོགས་སུ་འགྱུར་བ། དཔེ་དོན་ཆོས་མཐུན་དང༌། ཕན་གནོད་ལ་མི་རྟོག་པའོ། །དང་པོ་ནི། ཐེག་པ་མཆོག་ཐེག་ཆེན་ལ་དྭང་བ་དང༌། དེ་ལ་འདོད་པ་དང་སྡང་བ་གཉིས་ཀ་མེད་པའི་བར་མ་དང༌། དེ་ལ་སྡང་བའི་སེམས་ཅན་གྱི་ཕུང་པོ་གསུམ་ནི་རིམ་པ་ལྟར་མི་དག་དང་ཆར་སྡོད་བྱེའུ་དང་ཡི་དྭགས་དང་འདྲའོ། །ཇི་ལྟར་འདྲ་ན། དཔྱིད་མཐའ་མ་དབྱར་གྱི་དུས་སུ་སྤྲིན་མེད་པ་ན་མི་རྣམས་དགའ་ཞིང༌། མཁའ་ལས་གཞན་དུ་མི་རྒྱུ་བའི་ཆར་སྡོད་བྱེའུ་དག་བཏང་སྙོམས་སུ་གནས་ལ། ཡི་དྭགས་དགའ་བ་དང༌། དབྱར་ཚེ་ས་ལ་ཆར་འབབ་པ་ན་མི་རྣམས་དགའ་ཞིང་ཆར་སྡོད་བྱེའུ་བཏང་སྙོམས་དང༌། ཡི་དྭགས་དག་ལ་རྡོ་ཚན་གྱི་ཆར་དུ་གྱུར་པས་སྡུག་བསྔལ་བ་ལྟར་ཏེ་ཙ་ཏ་ཀ་ཞེས་པ་ཆར་སྡོད་བྱེའུ་སྟེ། རྨ་བྱ་དང་གོང་མོར་བསྒྱུར་ནས་འཆད་པ་སྐད་དོད་དང་མི་འགྲིག་ཅིང༌། མདོ་ལས་མི་ཆར་འབབ་པ་ལ་དགའ་བར་གསུངས་པ་དང་ཡང་འགལ་ལ། དཔེ་དོན་གྱི་གོ་རིམ་ཡང་འཁྲུག་པར་འགྱུར་རོ། །དོན་ནི། སྙིང་རྗེའི་སྤྲིན་ཚོགས་དག་ལས་ཐེག་ཆེན་གྱི་ཆོས་ཀྱི་ཆར་ཆུ་འཇིག་རྟེན་དུ་བྱུང་བ་ན་ཐེག་ཆེན་གྱི་ཆོས་འདོད་པ་རྣམས་དགའ་ཞིང༌། བར་མ་རྣམས་བཏང་སྙོམས་དང༌། ཐེག་ཆེན་ལ་སྡང་བ་རྣམས་མི་དགའ་འོ། །གཉིས་པ་ནི། ཐེག་ཆེན་གྱི་དམ་པའི་ཆོས་ཀྱི་ཆར་ཆུ་མ་བྱུང་བ་ལས། ཐེག་ཆེན་གྱི་ཆོས་ལ་སྡང་བ་རྣམས་དགའ་ཞིང༌། བར་མ་བཏང་སྙོམས་དང༌། ཆོས་འདོད་པ་མི་དགའ་བ་སྔར་གྱི་དཔེ་དེ་ཉིད་བཞིན་ནོ། །གསུམ་པ་ཕན་གནོད་ལ་མི་རྟོག་པ་ནི། ཇི་ལྟར་ཐིགས་པ་རབ་འབེབས་པ་ནི་སྤྲིན་ཏེ། དེ་ནི་རྡོ་ཆེན་སེར་བ་དང་རྡོ་རྗེའི་མེ་སྟེ་ཐོག་འབེབས་ན་སྲོག་ཆགས་ཕྲ་མོ་མང་པོ་ལ་གནོད་ཅིང༌། རི་སུལ་སོང་བ་གཞན་འགའ་ཞིག་ལ་ཕན་ཀྱང་དེ་དག་ལ་སྤྲིན་ཕན་གནོད་ཀྱི་ལྟོས་པ་མེད་པར་འཇུག་པར་ལྟར་ཕྲ་བའི་སྟོང་ཉིད་རྒྱ་ཆེ་བའི་སྦྱིན་སོགས་ཀྱི་ཐིགས་པ་ཐབས་ཚུལ་གྱིས་འབབ་པའི་མཁྱེན་པ་དང་བརྩེ་བའི་སྤྲིན་གྱིས་ཐེག་ཆེན་ལ་མོས་པ་རྣམས་ཀྱི་ཉོན་མོངས་དག་པར་འགྱུར་བ་དང༌། སྡང་བ་རྣམས་ཀྱི་བདག་ལྟའི་བག་ལ་ཉལ་འཕེལ་བར་འགྱུར་བ་དེ་ལ་ལྟོས་པ་མེད་པར་ཆོས་ཀྱི་ཆར་འབེབས་སོ། །བཞི་པ་སྡུག་བསྔལ་ཞི་བར་བྱེད་པ་ལ་གསུམ་སྟེ། བདེན་པ་བཞི་སྟོན་པ། དེ་ལས་བདེན་བཞི་རྟོགས་ཚུལ། རྟོགས་ནས་བླང་དོར་བྱེད་ཚུལ་ལོ། །དང་པོ་ནི། འཁོར་བའི་སྐྱེ་འཆི་ཐོག་མཐའ་མེད་པ་དེར་ངན་སོང་གསུམ་མི་དང་ལྷ་དེར་འགྲོ་བའི་ལམ་ནི་རྣམ་པ་ལྔའོ། །དེའི་སྡུག་བསྔལ་གྱི་རང་བཞིན་མི་གཙང་བ་ལ་དྲི་ཞིམ་མེད་པ་བཞིན་དུ། འགྲོ་བ་ལྔ་པོ་དག་ན་བདེ་བ་མེད་དོ། །དེས་གནོད་པའི་དཔེ་སྡུག་བསྔལ་གསུམ་ལས་དེ་རྣམས་ཀྱི་སྡུག་བསྔལ་གྱི་སྡུག་བསྔལ་ནི། དཔེར་ན་རྟག་ཏུ་མེ་དང༌། མཚོན་ཆ་དང༌། ཁ་བ་དང༌། རྨ་ལ་རྒྱ་ཚ་རེག་པ་ལ་སོགས་པ་ལས་སྐྱེས་པའི་ཚོར་བ་བཞིན་དུ་བཟོད་པར་དཀའ་ཞིང་འགྱུར་བ་དང་འདུ་བྱེད་ཀྱི་སྡུག་བསྔལ་ཡང་དེའི་རྒྱུའོ། །སྡུག་བསྔལ་དེ་རབ་ཏུ་ཞི་བར་བྱེད་པའི་དོན་དུ་དེ་ལ་དམིགས་པའི་ཐུགས་རྗེའི་སྤྲིན་ལས་བདེན་བཞི་སྟོན་པའི་དམ་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་སོ། །གཉིས་པ་ནི། ཤེས་རབ་དང་ལྡན་པ་རྣམས་ཆོས་ཅན། ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་པ་མེད་དེ། བདེ་འགྲོ་ལྷ་ལ་འཆི་འཕོའི་སྡུག་བསྔལ་དང༌། མི་ལ་ལོངས་སྤྱོད་ཡོངས་སུ་ཚོལ་བ་དང་བསྲུང་བ་སོགས་ཀྱི་སྡུག་བསྔལ་ཞེས་བྱ་བ་ཡོད་པར་རྟོགས་པའི་ཕྱིར་ཏེ། རང་གི་ཤེས་རབ་དང་དེ་བཞིན་གཤེགས་པའི་གསུང་རབ་ལ་དད་པའི་རྗེས་སུ་འབྲངས་ནས་འཁོར་བ་འདི་ནི་སྡུག་བསྔལ་དང༌། ལས་ཉོན་འདི་ནི་དེའི་རྒྱུ་ཀུན་འབྱུང་དང༌། སྡུག་བསྔལ་རྒྱུ་བཅས་འགགས་པ་འདི་ནི་འགོག་པ་དང༌། དེའི་ཐབས་ནི་ལམ་མོ། །ཞེས་ཐོས་སོགས་ཀྱི་ཤེས་པས་མཐོང་བའི་ཕྱིར། །གསུམ་པ་ནི། ཇི་ལྟར་ནད་ནི་ཤེས་བྱ་དང༌། ནད་ཀྱི་རྒྱུ་ནི་སྤང་བྱ་དང༌། ནད་མེད་པའི་བདེར་གནས་ཐོབ་བྱ་དང༌། ནད་ཀྱི་རྒྱུའི་གཉེན་པོ་སྨན་ནི་བསྟེན་པར་བྱ་བ་ཡིན་པས་བླང་དོར་བྱེད་པ་ལྟར། འཁོར་བ་སྡུག་བསྔལ་ནི་ཤེས་བྱ་དང༌། དེའི་རྒྱུ་ཀུན་འབྱུང་ནི་སྤང་བྱ་དང༌། དེ་འགགས་པའི་འགོག་པ་ནི་རིག་པར་བྱ་བ་སྟེ་ཐོབ་བྱ་དང༌། དེ་བཞིན་དུ་འགོག་པ་མངོན་དུ་བྱེད་པའི་ཐབས་ལམ་ནི་རྒྱུད་ལ་བསྟེན་པར་བྱ་བ་ཤེས་ནས་བླང་དོར་བྱེད་དོ། །བཞི་པ་སྤྲུལ་པ་སྟོན་པ་ཚངས་པ་དང་འདྲ་བ་ལ་གཉིས་ཏེ། སྐལ་ལྡན་ལ་སྣང་བ་དང༌། སྐལ་མེད་ལ་མི་སྣང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སྣང་བའི་ཚུལ་གྱིས་མདོར་བསྟན། སྣང་བའི་བྱེད་པ་རྒྱས་པར་བཤད། སྣང་བའི་རྒྱུའི་དོན་བསྡུ་བའོ། །དང་པོ་ནི། ཇི་ལྟར་སྟོང་གསུམ་འབུམ་ཕྲག་བཅུ་ལ་དབང་བསྒྱུར་བའི་ཚངས་པ་ཆེན་པོ་རང་ཉིད་ཚངས་པའི་གནས་ནས་འཕོ་བ་མེད་པ་བཞིན་དུ། འདོད་ཁམས་ཀྱི་ལྷའི་གནས་ཐམས་ཅད་དུ་རང་དང་འདྲ་བའི་སྤྲུལ་པའི་སྣང་བ་འབད་མེད་སྟོན་པ་ལྟར། དེ་བཞིན་དུ་ཐུབ་པ་ཡང་ཆོས་ཀྱི་སྐུ་ལས་བསྐྱོད་པ་མེད་པར་འཇིག་རྟེན་གྱི་ཁམས་ཀུན་ཏུ་གདུལ་བྱ་སྐལ་ལྡན་རྣམས་ལ་འབད་པ་མེད་པར་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་སྟོན་པར་མཛད་དོ། །གཉིས་པ་ནི། ཇི་ལྟར་ཚངས་པ་དུས་རྟག་ཏུ་རང་གི་གཞལ་ཡས་ཁང་ནས་མི་གཡོ་བ་བཞིན་དུ། དེའི་སྤྲུལ་པ་ཞིག་འདོད་ཁམས་ཀྱི་ལྷའི་ནང་དུ་ཞུགས་པ་དེ་འདོད་པའི་ལྷ་རྣམས་ཀྱིས་མཐོང་ཞིང་ཚངས་པ་དེ་མཐོང་བའི་འདོད་ལྷ་དེ་ཡང་རང་གི་ཡུལ་འདོད་ཡོན་ལ་དགའ་བ་སྤོང་བར་བྱེད་ཅིང་གུས་པས་ཐལ་མོ་སྦྱར་ཏེ་ཚངས་པ་དེ་ལ་བལྟ་ལ་དེའི་གནས་སུ་སྐྱེ་བར་འདོད་པས་དགེ་རྩ་རྣམས་དེར་བསྔོ་བ་ལྟར། དེ་བཞིན་དུ་བདེ་བར་གཤེགས་པ་དེ་ཆོས་ཀྱི་སྐུ་ལས་མི་བསྐྱོད་བཞིན་དུ་འཇིག་རྟེན་གྱི་ཁམས་ཀུན་ཏུ་དེའི་གཟུགས་སྐུ་སྐལ་ལྡན་གྱིས་མཐོང་ཞིང་སྐུ་དེ་མཐོང་བ་དེ་ཡང་དུས་རྟག་ཏུ་གདུལ་བྱའི་དྲི་མ་ཀུན་སེལ་བར་བྱེད་དོ། །གསུམ་པ་ནི། ཇི་ལྟར་ཚངས་པ་རང་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང༌། འདོད་ལྷ་རྣམས་ཀྱི་དགེ་བའི་མཐུས་འདོད་ལྷ་རྣམས་ལ་འབད་མེད་དུ་སྣང་བ་དེ་བཞིན་དུ། རང་བྱུང་སངས་རྒྱས་ཀྱི་སྤྲུལ་སྐུ་ཡང་སངས་རྒྱས་ཀྱི་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་དགེ་བའི་མཐུས་སྐལ་ལྡན་རྣམས་ལ་འབད་མེད་དུ་སྣང་ངོ༌། །གཉིས་པ་སྐལ་མེད་ལ་མི་སྣང་བའི་ཚུལ་ནི། དགའ་ལྡན་ནས་འཕོ་བ་དང༌། ཡུམ་གྱི་ལྷུམས་སུ་འཇུག་པ་དང༌། ལུམྦིའི་ཚལ་དུ་བལྟམས་པ་དང༌། སེར་སྐྱའི་གྲོང་དུ་ཡབ་ཀྱི་ཁབ་ཏུ་གཤེགས་པ་དང༌། བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་པ་དང༌། རབ་ཏུ་བྱུང་ནས་དབེན་པར་དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ནས་བདུད་ཀྱི་སྡེ་བཅོམ་པ་དང༌། བྱང་ཆུབ་ཆེན་པོ་བརྙེས་པ་དང༌། ཞི་བ་མྱང་འདས་ཀྱི་གྲོང་ཁྱེར་དུ་འགྲོ་བའི་ལམ་སྟོན་པའི་ཆོས་འཁོར་བསྐོར་བ་དང༌། མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ཐུབ་པ་དེ་སྐལ་མེད་རྣམས་ཀྱི་མིག་གི་ལམ་དུ་སྣང་བར་མི་འགྱུར་རོ། །ལྔ་པ་ཡེ་ཤེས་སྤྲོ་བ་ཉི་མ་དང་འདྲ་བ་ལ་བཞི་སྟེ། ཕན་གནོད་ལ་མི་རྟོག་པ། མུན་པ་སེལ་བའི་འོད་འགྱེད་པ། སྣོད་དང་མཐུན་པར་འཇུག་པ། དཔེ་ལས་ཁྱད་པར་འཕགས་པའོ། །དང་པོ་ལ་མདོར་བསྟན་པ་ནི། ཇི་ལྟར་ཉི་མའི་འོད་ཀྱིས་གདུངས་པའི་དུས་གཅིག་གི་ཚེ་ཉིད་ལ་པདྨོ་སོགས་རྒྱས་པ་དང༌། ཀུ་མུ་ཏ་རབ་ཏུ་ཟུམ་པར་གྱུར་ཀྱང་ཆུ་སྐྱེས་དེ་དག་བྱེ་བའི་ཡོན་ཏན་དང་ཀུ་མུ་ཏ་ཟུམ་པའི་སྐྱོན་དག་ཉི་མ་ལ་དེ་ལྟར་བྱའོ་སྙམ་དུ་རྟོག་པ་མེད་པ་དེ་བཞིན་དུ་ཕྲིན་ལས་ཀྱི་སྐབས་འདིར་ནི་འཕགས་པའི་ཉི་མའང་གདུལ་བྱ་ལ་ཕན་གནོད་ལ་མི་རྟོག་གོ །རྒྱས་པར་བཤད་པ་ནི། ཇི་ལྟར་ཉི་མ་ལ་འདི་ལྟར་བྱའོ་སྙམ་པའི་རྟོག་པ་མེད་པར་རང་གི་འོད་ཅིག་ཅར་སྤྲོས་པ་ཡིས་པདྨ་རྒྱས་པར་བྱེད་པ་དང༌། གཞན་ལོ་ཏོག་སོགས་སྨིན་པ་དང༌། ཀུ་མུ་ཏ་ཟུམ་པར་བྱེད་པ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མ་ཡང་དམ་པའི་ཆོས་ཀྱི་འོད་ཟེར་དག་གིས་གདུལ་བྱའི་སྐྱེ་བོའི་པདྨ་ཁ་འབྱེད་པ་དང༌། ཕན་བདེའི་ལོ་ཏོག་སོགས་སྨིན་པ་དང༌། གདུལ་བྱ་མ་ཡིན་པའི་ཀུ་མུ་ཏ་ཟུམ་པར་བྱེད་པ་འདི་ལྟར་བྱའོ་སྙམ་པའི་རྣམ་པར་རྟོག་པ་མེད་པར་འཇུག་གོ །གཉིས་པ་ནི། ཆོས་སྐུ་དང་གཟུགས་སྐུ་དག་གིས་བྱང་ཆུབ་ཀྱི་སྙིང་པོ་ཆོས་དབྱིངས་ཀྱི་ནམ་མཁར་ཤར་བའི་ཀུན་མཁྱེན་གྱི་ཉི་མ་དེ་ནི་འགྲོ་བར་ཡེ་ཤེས་ཀྱི་འོད་ཟེར་སྤྲོ་བར་མཛད་དོ། །གསུམ་པ་ལ་མདོར་བསྟན་པ་ནི། གང་གི་ཕྱིར་གདུལ་བྱ་རྒྱུད་དག་པའི་ཆུའི་སྣོད་ནི་ཐམས་ཅད་ལ་བདེ་གཤེགས་ཉི་མའི་གཟུགས་བརྙན་སྤྲུལ་སྐུ་ནི་གྲངས་དཔག་ཏུ་མེད་པ་དུས་ཅིག་ཅར་དུ་འཆར་ཞིང༌། ཆུ་རྙོག་མ་ཅན་ནམ། སྣོད་ཆག་པ་ལྟ་བུ་གདུལ་བྱ་མིན་པ་ལ་མི་འཆར་ལ། དུས་རྟག་ཏུ་ཡུལ་གདུལ་བྱ་ཐམས་ཅད་ལ་ཁྱབ་པའི་སངས་རྒྱས་ཉི་མ་ནི་ཆོས་དབྱིངས་ནམ་མཁའི་དཀྱིལ་དུ་ཤར་ནས་གདུལ་བྱའི་རི་ལ་ཇི་ལྟར་འོས་པར་འབབ་བོ། །རྒྱས་པར་བཤད་པ་ནི། དཔེ་ཇི་ལྟར་རྒྱང་རིང་པོ་སྣང་བར་བྱེད་པས་རྒྱ་ཆེན་པོ་འོད་ཟེར་སྟོང་དང་ལྡན་པའི་ཉི་མ་ཤར་བའི་སྐབས་འདིར་དེའི་འོད་ཟེར་གྱིས་གླིང་བཞི་པའི་འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་འབབ་བོ། །ཇི་ལྟར་ཞེ་ན། རིམ་གྱིས་དང་པོར་རི་མཐོན་པོའི་མཆོག་རྣམས་དང༌། དེ་ནས་བར་མ་དང༌། དེ་ནས་དམན་པ་སྟེ་དམའ་བའི་རི་རྣམས་དང༌། དེ་ནས་ས་ཕྱོགས་མཐོན་པོ་ནས་དམའ་བའི་བར་དག་ལའང་འབབ་པ་དེ་བཞིན་དུ་རྒྱལ་བའི་ཉི་མའི་འོད་ཟེར་ཡང་སེམས་ཅན་གྱི་ཚིགས་ལ་འབབ་བོ། །ཇི་ལྟར་ཞེ་ན། རིམ་གྱིས་དང་པོར་བྱང་སེམས་དང༌། དེ་ནས་རང་རྒྱལ་དང༌། དེ་ནས་ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་དང༌། དེ་ནས་མ་ངེས་པ་དང༌། མཐར་ལོག་པར་ངེས་པ་ལའང་འབབ་བོ། །བཞི་པ་དཔེ་ལས་ཁྱད་པར་འཕགས་པ་ནི། དེ་ལྟ་ནའང་རྣམ་པ་ཐམས་ཅད་དུ་ཉི་མ་དང་མི་མཚུངས་ཏེ། ཕྱོགས་བཅུའི་ཞིང་ཀུན་གྱི་ནམ་མཁའི་མཐིལ་ཁྱབ་པར་འོད་ཟེར་སྤྲོ་བའི་ནུས་པ་ཉི་མ་ལ་མེད་ལ། དེར་མ་ཟད་མི་ཤེས་པའི་མུན་པས་བློའི་མིག་བཀབ་པའི་འགྲོ་བ་རྣམས་ཀྱི་མི་ཤེས་པ་བསལ་ནས་ཤེས་བྱའི་དོན་གསལ་བར་སྟོན་པའང་ཡོད་པ་མིན་ཞིང༌། ཐུགས་རྗེའི་བདག་ཉིད་ཆོས་སྣ་ཚོགས་སྟོན་པའི་མདོག་བཀྱེ་བའི་འོད་ཀྱི་ཚོགས་ཀྱིས་ཕྱོགས་བཅུའི་ཞིང་ཀུན་གསལ་བ་དག་ནི། མི་ཤེས་པའི་མུན་པས་བཀབ་པའི་འགྲོ་བ་རྣམས་ལ་ཤེས་བྱའི་དོན་སྟོན་པར་མཛད། ཇི་ལྟར་མཛད་ཅེ་ན། སངས་རྒྱས་གྲོང་དུ་གཤེགས་པའི་ཚེ་མིག་དང་མི་ལྡན་པའི་སྐྱེ་བོ་ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་འོན་པས་སྒྲ་ཐོས་པ་དང་སྨྱོན་པས་དྲན་པ་རྙེད་པ་སོགས་མཐོ་རིས་ཀྱི་ཉེར་འཚེ་སེལ་བ་དང༌། མངོན་མཐོ་དང་ངེས་ལེགས་ཀྱི་དོན་སྒྲུབ་པའི་སྐབས་མེད་པ་ངན་སོང་གི་ཚོགས་བྲལ་བར་མཛད་པ་དང༌། དེ་དག་གི་དོན་དེ་མཐོང་བ་སྟེ་སྒྲུབ་ནུས་པའི་རྟེན་བདེ་འགྲོ་ལ་བཀོད་པ་ལས་བདེ་བ་མྱོང་བ་དང༌། རྒྱུ་གཏི་མུག་གིས་མདོངས་ཤིང་འབྲས་བུ་སྲིད་པའི་རྒྱ་མཚོར་ལྷུང་བ་ལ་ལྟ་བ་ངན་པའི་མུན་པས་བསྒྲིབས་པ་རྣམས་སངས་རྒྱས་ཉི་མའི་འོད་ཀྱིས་བློ་གྲོས་ཀྱི་མིག་ཕྱེ་ནས་སྣང་བར་བྱས་ཤིང་ལྷུང་བ་དྲངས་ཏེ་སྒྲིབ་པའི་མུན་པ་བསལ་ནས་སྔར་མ་མཐོང་བའི་བདེ་བའི་འབྱུང་གནས་ཐར་པ་མཐོང་བར་འགྱུར་རོ། །དྲུག་པ་ཐུགས་ཀྱི་གསང་བ་ནོར་བུ་དང་འདྲ་བ་ལ་གསུམ་སྟེ། རྟོག་པ་མེད་པ་དང༌། འབད་མེད་དུ་དོན་བྱེད་པ་དང༌། རྙེད་པར་དཀའ་བ་བསྟན་པའོ། །དང་པོ་ནི། ཇི་ལྟར་ཡིད་བཞིན་གྱི་ནོར་བུས་དོན་བྱའོ་སྙམ་པའི་རྟོག་པ་མེད་ཀྱང་དུས་ཅིག་ཅར་དུ་སྤྱོད་ཡུལ་ཏེ་ཉེ་འཁོར་ན་གནས་པ་རྣམས་ཀྱི་ཡིད་ལ་རེ་བའི་བསམ་པ་ཀུན་སོ་སོར་རྫོགས་པར་བྱེད་པ་ལྟར། དེ་བཞིན་དུ་སངས་རྒྱས་ཡིད་བཞིན་ནོར་བུ་ལ་བརྟེན་ནས་གདུལ་བྱ་བསམ་པ་ཐ་དད་པ་དུ་མ་རྣམས་ཀྱི་བློ་དང་མཐུན་པའི་ཆོས་སྣ་ཚོགས་ཐོས་པར་གྱུར་ཀྱང་སངས་རྒྱས་དེ་ནི་གདུལ་བྱ་དང་ཆོས་དེ་རྣམས་ལ་རྣམ་པར་མི་རྟོག་གོ །གཉིས་པ་ནི། ཇི་ལྟར་ནོར་བུ་རིན་ཆེན་དེ་སྦྱིན་སྙམ་པའི་རྟོག་པ་མེད་ཀྱང་ཇི་ལྟར་འདོད་པའི་ནོར་འབད་པ་མེད་པར་གཞན་དག་ལ་རབ་ཏུ་སྟེར་བ་ལྟར། དེ་བཞིན་དུ་ཐུབ་པས་འབད་མེད་དུ་ཇི་ལྟར་འོས་པར་དོན་མཛད་པའི་སྒོ་ནས་གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་བར་རྟག་ཏུ་བཞུགས་སོ། །གསུམ་པ་ནི། ཇི་ལྟར་ནོར་བུ་དེ་ལ་འདོད་ཅིང་དོན་དུ་གཉེར་བས་ཀྱང་ནོར་བུ་བཟང་པོ་དགོས་འདོད་འབྱུང་བ་དེ་འགྲོ་བ་འདིས་རབ་ཏུ་རྙེད་པར་དཀའ་སྟེ། དེའི་རྒྱུ་མཚན་གང་གི་ཕྱིར་ན། རྒྱ་མཚོའི་ནང་ས་འོག་ན་གནས་པའི་ཕྱིར་རོ། །དེ་བཞིན་དུ་འགྲོ་བ་ཤིན་ཏུ་སྐལ་བ་ངན་པ་རྣམས་ཀྱིས་རང་གི་ཡིད་འདིར་བདེ་བར་གཤེགས་པ་མཐོང་བ་རྙེད་པར་དཀའ་བར་ཤེས་པར་བྱ་སྟེ། ཉོན་མོངས་པས་ཟིན་ཏེ་བསྒྲིབས་པའི་ཕྱིར། བདུན་པ་གསུང་གི་གསང་བ་སྒྲ་བརྙན་དང་འདྲ་བ་ནི། ཇི་ལྟར་སྒྲ་བརྙན་གྱི་བྲག་ཆ་སྐྱེས་བུ་གཞན་གྱི་ངག་གི་རྣམ་པར་རིག་བྱེད་ཀྱི་རྐྱེན་ལས་བྱུང་ཞིང་སྣང་བ་ནི་ཀུན་སློང་གི་རྣམ་པར་རྟོག་པ་མེད་ལ། བྱེད་པ་ལྕེ་རྐན་སོགས་ཕྲད་ནས་བརྗོད་པར་བཟོ་བའི་འབད་རྩོལ་མེད་ཅིང་རང་གི་ངོ་བོ་ཕྱིའི་དོན་དང་ནང་གི་ཤེས་པ་གང་ནའང་མི་གནས་པ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཉན་པ་པོ་གཞན་གྱི་རྣམ་རིག་ལས་བྱུང་ཞིང་སྣང་བ་ཡང་ཀུན་སློང་གི་རྣམ་པར་རྟོག་པ་མེད་ལ། སྒྲའི་གནས་ཕྲད་ནས་བཟོ་བའི་འབད་རྩོལ་མེད་ཅིང༌། རང་གི་ངོ་བོ་ཕྱི་དོན་དང་ནང་ཤེས་པའི་བདག་ཉིད་གང་ནའང་གནས་པ་མ་ཡིན་ནོ། །བརྒྱད་པ་སྐུའི་གསང་བ་ནམ་མཁའ་དང་འདྲ་བ་ནི། ཇི་ལྟར་ནམ་མཁའ་ནི་དངོས་པོར་གྲུབ་པ་ཅུང་ཟད་མེད་ཅིང་མངོན་སུམ་ལ་སྣང་བ་མེད་པ་རྟོག་པས་ཡོངས་གཅོད་དུ་དམིགས་སུ་མེད་ཅིང་རྟེན་གང་ཡང་མེད་ལ་མིག་གི་ལམ་སྟེ་ཡུལ་ལས་རབ་ཏུ་འདས་པ་དང་གཟུགས་མེད་ཅིང་བསྟན་དུ་མེད་པའི་ནམ་མཁའ་ལ་ཇི་ལྟར་མཐོ་བ་དང་དམའ་བར་མཐོང་ཡང་ནམ་མཁའ་དེ་ནི་མཐོ་དམན་ཅན་དེ་ལྟ་བུར་ཡོད་པ་མིན་པ་དེ་བཞིན་དུ་སེམས་ཅན་གྱི་དབང་པོའི་བྱེ་བྲག་གིས་སངས་རྒྱས་ལ་དམན་པ་དང་འབྲིང་དང་མཆོག་ཐམས་ཅད་མཐོང་ཡང་སངས་རྒྱས་དེ་ནི་དམན་འབྲིང་མཆོག་དེ་ལྟར་ཡོད་པ་མིན་ནོ། །དགུ་པ་ཐུགས་རྗེའི་བདག་ཉིད་ས་གཞི་དང་འདྲ་བ་ནི། ཇི་ལྟར་ས་ལས་སྐྱེ་བའི་རྩི་ཤིང་སོགས་ཀུན་འདི་དག་བསྐྱེད་དོ་སྙམ་པའི་རྟོག་པ་མེད་པའི་ས་ལ་བརྟེན་ནས་གོང་ནས་གོང་དུ་འཕེལ་བ་དང༌། རྒྱུན་མི་ཉམས་པར་བརྟན་པ་དང༌། ཡངས་པ་སྟེ་ལོ་འདབ་སོགས་མཐར་ཕྱིན་པར་འགྱུར་བ་ལྟར་དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པར་རྟོག་པ་མེད་པ་ལ་བརྟེན་ནས་རིགས་ཅན་གསུམ་དང༌། མུ་སྟེགས་ཅན་དང༌། ཐ་ན་ལོག་པར་ངེས་པའི་འགྲོ་བའི་དགེ་བའི་རྩ་བ་མ་ལུས་པ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རོ། །དཔེ་དོན་སོ་སོའི་རང་བཞིན་བསྟན་ཟིན་ཏོ། །གཉིས་པ་དཔེས་བསྟན་པའི་དགོས་པ་ལ་གཉིས་ཏེ། གདུལ་བྱའི་ཐེ་ཚོམ་སེལ་བ། ཟབ་མོའི་སྤྱོད་ཡུལ་ལ་འཇུག་པའོ། །དང་པོ་ནི། འཇིག་རྟེན་རྟོག་དཔྱོད་སོགས་ཀྱི་འབད་རྩོལ་མེད་པར་བྱ་བ་འགའ་བྱེད་པ་མཐོང་བ་མེད་པ་དེ་བས་ན་སངས་རྒྱས་ལའང་འབད་མེད་དུ་ཕྲིན་ལས་མཛད་པ་ཇི་ལྟར་སྙམ་པའི་གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར་དུ། དཔེ་རྣམ་པ་དགུ་པོ་འདི་ནི་མདོ་ལས་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྐྱེ་འགག་མེད་ན་སྐྱེ་འགག་ཏུ་སྣང་བ་ཡང་ཇི་ལྟར་སྙམ་པའི་ཐེ་ཚོམ་བཅད་པའི་ཕྱིར་ཡང་ངོ༌། །གཉིས་པ་ནི། མདོ་གང་དུ་དཔེ་དགུ་པོ་འདི་དག་རྒྱས་པར་རབ་ཏུ་བསྟན་པར་གྱུར་པའི་མདོ་སྡེའི་མིང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཞེས་པའི་མིང་འདི་ཉིད་ཀྱིས་མདོ་དེའི་དགོས་པ་བསྟན་པ་ཉིད་དེ། འདི་ལྟར་མདོ་དེ་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྣང་བ་རྒྱ་ཆེན་པོ་འདིས་བློ་བརྒྱན་པའི་བློ་ལྡན་བྱང་སེམས་རྣམས་མྱུར་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་ཅིང་རྒྱ་ཆེ་བ་ཀུན་ལ་འཇུག་པར་འགྱུར་བའི་ཕྱིར། གསུམ་པ་དཔེས་མཚོན་པའི་དོན་ངོས་བཟུང་བ་ལ་གཉིས་ཏེ། མདོར་བསྟན་དང་རྒྱས་བཤད་དོ། །དང་པོ་ནི། ཇི་སྐད་བསྟན་པའི་དགོས་པ་དེ་དག་གི་དོན་དུ་བཻ་ཌཱུརྻའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་དཔེ་རྣམ་པ་དགུ་བརྗོད་པ་དེ་ལ་ནི་དཔེ་དགུ་པོ་དེའི་བསྡུས་དོན་ངེས་པར་བཟུང་ངོ༌། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དཔེ་དགུ་སོ་སོའི་དོན། སྐབས་ཀྱི་དོན་ངོས་བཟུང་བའོ། །དང་པོ་ནི། འོ་ན་བརྒྱ་བྱིན་སོགས་དཔེ་དགུའི་བསྡུས་པའི་དོན་གང་ཞེ་ན། སྐུ་སྟོན་པ་དང༌། གསུང་འདོམས་པ་དང༌། ཐུགས་མཁྱེན་བརྩེས་ཁྱབ་པ་དང༌། སྤྲུལ་པ་སྟོན་པ་དང༌། ཡེ་ཤེས་སྤྲོ་བ་དང༌། ཐུགས་ཀྱི་གསང་བ་དང༌། གསུང་གི་གསང་བ་དང༌། སྐུའི་གསང་བ་དང༌། ཆོས་དཀར་བསྐྱེད་པའི་ཐུགས་རྗེའི་བདག་ཉིད་ཐོབ་པ་ཉིད་དོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་དང༌། རྒྱས་བཤད་དང༌། དོན་བསྡུ་བའོ། །དང་པོ་ནི། འོ་ན་དཔེ་དགུ་པོ་ཐམས་ཅད་ཀྱི་སྐབས་སུ་བབ་པའི་དོན་གང་ཞེ་ན། འབད་རྩོལ་རྒྱུན་ཀུན་རབ་ཞི་བ། །རྣམ་པར་རྟོག་པ་མེད་པའི་ཐུགས། །དྲི་མེད་བཻ་ཌཱུར་བརྒྱ་བྱིན་གྱི། །གཟུགས་བརྙན་ཤར་བ་ལ་སོགས་བཞིན། །གཉིས་པ་ནི། སྐུ་སྟོན་པ་ལ་སོགས་པའི་དོན་དགུ་ནི་ཆོས་ཅན་དུ་བཟུང་ངོ༌། །འབད་རྩོལ་ཞི་བ་ནི་དམ་བཅའོ། །རྣམ་པར་རྟོག་པ་མེད་པའི་ཐུགས་ནི་གཏན་ཚིགས་སུ་འགོད་དོ། །རྟོག་མེད་ལ་འབད་རྩོལ་མེད་པས་ཁྱབ་པ་ནི་དོན་གྱི་རང་བཞིན་ནོ། །རང་བཞིན་གྲུབ་ཅིང་རྟོགས་པའི་དོན་དུ་མཐུན་དཔེ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་དགུ་ཡིན་ནོ། །དེས་ན་རྟོག་པ་མེད་པར་དོན་བྱེད་པ་ལ་འབད་རྩོལ་མི་དགོས་པས་ཁྱབ། དཔེར་ན་བཻ་ཌཱུརྻའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་བཞིན་ནོ། །ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། དཔེ་དགུས་ཕྲིན་ལས་མཚོན་པའི་སྐབས་འདིར་ནི། དཔེ་དགུ་ཆར་གྱི་སྐབས་སུ་བབ་པའི་དོན་བསྡུ་ན་འདི་ལྟར་ཡིན་ཏེ། སྐུ་སྟོན་པ་དང༌། གསུང་འདོམས་པ་ལ་སོགས་དོན་རྣམ་པ་དགུ་ཆར་གྱིས་སྟོན་པ་སངས་རྒྱས་སྐྱེ་འཆི་དང་བྲལ་བ་འབད་པའི་རྩོལ་བ་མེད་པར་གཞན་དོན་ལ་རབ་ཏུ་འཇུག་ཅེས་པའོ། །བཞི་པ་དཔེ་དོན་ཆོས་མཐུན་བསྟན་པ་ལ་གསུམ་སྟེ། ཕྲིན་ལས་ཀྱི་ཚུལ་གང་ཟག་གང་གིས་རྟོགས་པ་དང༌། དཔེ་དོན་སོ་སོའི་ཆོས་མཐུན་བཤད་པ་དང༌། དོགས་པ་སྤངས་ཏེ་སྤྱིའི་ཆོས་མཐུན་བཤད་པའོ། །དང་པོ་ནི། སངས་རྒྱས་གང་ཞིག་བརྒྱ་བྱིན་དང༌། རྔ་དང༌། སྤྲིན་བཞིན་དང༌། ཚངས་པ་དང༌། ཉི་མ་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་བཞིན་དང༌། སྒྲ་བརྙན་དང༌། ནམ་མཁའ་དང༌། ས་གཞི་བཞིན་དུ་འབད་རྩོལ་མེད་པར་གཞན་དོན་བྱེད་པ་དང༌། འཁོར་བ་ཇི་སྲིད་པའི་བར་དུ་བྱེད་པའི་ཚུལ་དཔེ་རྣམས་ལ་བརྟེན་ནས་རྣལ་འབྱོར་པ་རྣམས་ཀྱིས་རིག་པར་འགྱུར་རོ། །གཉིས་པ་ནི། སྐུ་སྟོན་པ་ནི་རིན་པོ་ཆེའི་ས་གཞི་ལ་ལྷའི་དབང་པོའི་གཟུགས་བརྙན་ཤར་བ་སྣང་བ་བཞིན་ནོ། །གསུང་ལེགས་པར་འདོམས་པར་མཛད་པ་ནི་ལྷའི་ཆོས་ཀྱི་རྔ་དང་འདྲའོ། །ཁྱབ་བདག་མཁྱེན་པ་དང་བརྩེ་བ་ཆེན་པོའི་ཐུགས་ཀྱིས་མཐའ་ཡས་པའི་འགྲོ་བ་ལ་ཐ་ན་གཟུགས་མེད་ཅིང་སེམས་ཕྲ་བ་སྲིད་རྩེའི་བར་དུ་ཁྱབ་པ་ནི་ནམ་མཁའ་ལ་ཁྱབ་པའི་སྤྲིན་གྱི་ཚོགས་དང་འདྲའོ། །ཟག་མེད་ཀྱི་གནས་ཆོས་སྐུ་ལས་མ་བསྐྱོད་པར་སྤྲུལ་པ་རྣམ་པ་དུ་མར་རབ་ཏུ་སྟོན་པ་ནི་ཚངས་པ་རང་གི་གནས་ལས་མ་བསྐྱོད་པར་སྤྲུལ་པ་སྟོན་པ་བཞིན་ནོ། །ཡེ་ཤེས་ཀྱི་སྣང་བ་རབ་ཏུ་སྤྲོ་བ་གང་དག་ནི་ཉི་མའི་འོད་ཟེར་སྤྲོ་བ་བཞིན་ནོ། །ཐུགས་ཀྱི་གསང་བ་རྟོག་པ་མེད་ཀྱང་གཞན་དོན་བྱེད་པ་ནི་རྣམ་དག་རིན་ཆེན་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །རྒྱལ་བ་རྣམས་ཀྱི་གསུང་གི་གསང་བ་དེ་ནི་ཡི་གེ་མེད་ཀྱང་སྣ་ཚོགས་སུ་སྣང་བ་ནི་བྲག་ཅ་བཞིན་ནོ། །སྐུའི་གསང་བ་ནི་ཐོགས་བཅས་ཀྱི་གཟུགས་མེད་པ་དང༌། ནམ་མཁའ་ལྟ་བུར་ཐམས་ཅད་ལ་ཁྱབ་པ་དང་རྟག་པ་ཉིད་དོ། །འོ་ན་དགེ་བའི་ཆོས་ཀྱི་རྟེན་མི་བྱེད་པར་ཐལ་ལོ་ཞེ་ན། རྣམ་པ་ཀུན་ཏུ་འགྲོ་བའི་དཀར་པོའི་ཆོས་རྣམས་ཀྱི་སྨན་རྣམས་མ་ལུས་པའི་གཞིར་གྱུར་པའི་ས་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་ནི་ས་གཞི་བཞིན་ནོ། །གསུམ་པ་ལ་དོགས་པ་འགོད་པ་ནི། དཔེ་དོན་ཆོས་མཐུན་བསྟན་པ་འདིས་སངས་རྒྱས་ལ་སྐྱེ་འགག་མེད་ཀྱང་སྐྱེ་འགག་ཏུ་སྣང་བ་དང༌། འབད་པ་མེད་ཀྱང་ཕྲིན་ལས་ལྷུན་གྲུབ་རྒྱུན་མི་འཆད་དུ་འཇུག་པའི་དཔེ་དོན་གྱི་ཆོས་མཐུན་ཇི་ལྟར་བསྟན་པ་ཡིན་ཞེ་ན། ལན་ལ་གཉིས་ཏེ། སྐྱེ་འགག་མེད་ཀྱང་སྐྱེ་འགག་ཏུ་སྣང་བའི་ཆོས་མཐུན། འབད་པ་མེད་ཀྱང་ཕྲིན་ལས་མཛད་པའི་ཆོས་མཐུན་ནོ། །དང་པོ་ནི། བཻ་ཌཱུརྻ་དག་པ་དང་འདྲ་བའི་དགེ་བའི་སེམས་ལ་སངས་རྒྱས་མཐོང་བའི་རྒྱུ་ནི། དགེ་བའི་འགལ་རྐྱེན་གྱིས་མི་བཟློག་པའི་ས་ནི་ས་གཞི་ཡོངས་སུ་དག་པ་དང་མཚུངས་པའི་དད་པའི་དབང་པོ་ཡོངས་སུ་བརྟས་པ་ཉིད་ཡིན་ལ། དད་སོགས་ཀྱི་དགེ་བ་སྐྱེ་བ་ན་སངས་རྒྱས་ཀྱི་སྐུ་ཡང་སྐྱེ་བར་སྣང་ཞིང༌། དད་སོགས་འཇིག་པ་ན་གཟུགས་སྐུ་ཡང་འཇིག་པ་སྟེ། མི་སྣང་ཡང་ཐུབ་པའི་ཆོས་ཀྱི་སྐུའི་ངོ་བོ་ལ་སྐྱེ་འཇིག་མེད་དོ། །དཔེར་ན་ས་གཞི་དག་མ་དག་གི་དབང་གིས་བརྒྱ་བྱིན་གྱི་གཟུགས་འཕྲལ་དུ་སྐྱེ་འཇིག་ཏུ་སྣང་ཡང་བརྒྱ་བྱིན་གྱི་ངོ་བོ་ལ་འཕྲལ་དུ་སྐྱེ་འཇིག་མེད་པ་བཞིན་དུའོ། །གཉིས་པ་ནི། བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པ་འབད་པ་མེད་ཀྱང་དོན་བྱེད་པ་དེ་བཞིན་དུ། ཐུབ་པ་ནི་ཆོས་ཀྱི་སྐུ་ལས་མ་གཡོས་པར་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་འབད་པ་མེད་པར་དུས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་སྐུ་སྟོན་པ་དང་གསུང་ལེགས་པར་འདོམས་པ་ལ་སོགས་ཀྱི་མཛད་པ་ལྷུན་གྲུབ་ཏུ་འཇུག་གོ །ལྔ་པ་དཔེ་ལས་ལྷག་པའི་གོ་རིམ་ལ་གསུམ་སྟེ། མཚམས་སྦྱར་བ་དང༌། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི། དཔེ་འདི་རྣམས་ཀྱིས་བསྡུས་པའི་དོན་ནི་བཤད་ཟིན་པ་འདི་ཡིན་ནོ་ཞེས་པའོ། །གཉིས་པ་ནི། སྔ་ཕྱིའི་རིམ་པ་ཡང་འོག་ནས་བརྗོད་པར་འགྱུར་བ་འདི་ཡིན་ཏེ། ཇི་ལྟར་ཞེ་ན། ཐད་ཀ་ཐད་ཀར་འདྲ་ཆོས་རེ་ཡོད་པས་དཔེར་བཀོད་པ་ལ། དཔེ་སྔ་མ་ཆ་འགའ་ཞིག་གིས་སངས་རྒྱས་དང་ཆོས་མི་མཐུན་པར་རྩོད་པ་བཀོད་ནས། དཔེ་ཕྱི་མས་རྩོད་པ་སྤངས་པའི་སྒོ་ནས་བསྟན་ཏོ། །གསུམ་པ་ནི། སངས་རྒྱས་ཀྱི་སྐུ་སྟོན་པ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་ལྟ་བུའོ། །གཟུགས་བརྙན་ཆོས་སྟོན་པའི་དབྱངས་དང་མི་ལྡན་པས་དེ་དང་འདྲ་བ་མིན་ནོ་ཞེ་ན། ཆོས་དུས་སུ་འདོམས་པའི་དབྱངས་དང་ལྡན་པ་ནི་ལྷའི་རྔ་སྒྲ་བཞིན་ནོ། །དེ་ཡང་ས་སྟེང་སོགས་ཐམས་ཅད་དུ་དོན་བྱེད་པ་མིན་པས་དེ་དང་འདྲ་བ་མིན་ནོ་ཞེ་ན། མཁྱེན་བརྩེས་ས་སྟེང་སོགས་ཐམས་ཅད་དུ་ཁྱབ་ནས་དོན་བྱེད་པ་ནི་སྤྲིན་ཆེན་པོ་དང་མཚུངས་སོ། །དེ་ཡང་ལོ་ཏོག་སྨིན་པ་སོགས་ཀྱིས་ཚེ་འདིར་ཕན་ཡང་ཚེ་རབས་གཞན་དུ་འདོད་ཡོན་ལ་ཆགས་པ་སོགས་ཀྱི་དོན་མེད་པའི་ས་བོན་སྤོང་བ་མིན་པའི་ཕྱིར་དེ་དང་འདྲ་བ་མིན་ནོ་ཞེ་ན། འདོད་ཡོན་ལ་ཆགས་པ་སྤོང་བར་བྱེད་པའི་ཆ་ནས་ཚངས་པ་ཆེན་པོ་བཞིན་ནོ། །དེ་ཡང་ལན་གཅིག་སྨིན་པར་བྱེད་པ་ཙམ་ཡིན་གྱི་སླར་མི་ལྡོག་པའི་ཚུལ་གྱིས་གཏན་དུ་སྨིན་པར་མི་བྱེད་པས་དེ་དང་འདྲ་བ་མིན་ནོ་ཞེ་ན། སླར་མི་ལྡོག་པར་སྨིན་པར་བྱེད་པའི་ཆ་ནས་ཉི་མའི་གཟུགས་བཞིན་ནོ། །ཉི་མས་རེས་འགའ་མུན་པ་བཅོམ་ནས་སྣང་བར་བྱེད་པ་ཙམ་ཡིན་གྱི་གཏན་དུ་མུན་པ་འཇོམས་པར་བྱེད་པ་མིན་པས་དེ་དང་འདྲ་བ་མིན་ནོ་ཞེ་ན། ཉིན་མཚན་དུ་མུན་པ་འཇོམས་པར་བྱེད་པའི་ཆ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ་མཚན་མོའང་སྣང་བར་བྱེད་པས་སོ། །དེ་ནི་ཀླུ་ལ་སོགས་པས་ཀྱང་ཐོབ་པས་འབྱུང་བ་རྙེད་པར་མི་དཀའ་བས་དེ་དང་འདྲ་བ་མིན་ནོ་ཞེ་ན། ཐོབ་ཅིང་རྙེད་པར་དཀའ་བའི་ཆ་ནས་སྒྲ་བརྙན་བཞིན་ནོ། །སྒྲ་བརྙན་དེ་ནི་སྐྱེས་བུ་ཐ་མལ་པའི་སྒྲའི་རྐྱེན་ལས་བྱུང་བ་ཡིན་ལ། སངས་རྒྱས་ཀྱི་དབྱིངས་འདུས་མ་བྱས་དང་ལྡན་པས་དེ་དང་འདྲ་བའང་མིན་ནོ་ཞེ་ན། ཐོབ་དཀའ་བའི་ཆ་ནས་སྒྲ་བརྙན་དཔེར་བྱས་ཀྱི། རྐྱེན་གྱིས་མ་བྱས་པའི་དཔེ་ནི་ནམ་མཁའ་དང་འདྲའོ། །ནམ་མཁའ་ནི་དགེ་བའི་གཞི་མིན་པས་དེ་དང་འདྲ་བའང་མིན་ནོ་ཞེ་ན། ནམ་མཁའ་ནི་འདུས་མ་བྱས་པའི་དཔེ་ཡིན་གྱི་དགེ་བའི་གཞི་ཡིན་པ་ནི་སའི་དཀྱིལ་འཁོར་དག་དང་འདྲ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་གནས་པའི་རྟེན་ཡིན་པའི་ཕྱིར། ཇི་ལྟར་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཀྱི་རྟེན་ཡིན་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་བྱང་ཆུབ་གསུམ་གྱི་ལམ་འབྱུང་བའི་ཕྱིར་རོ། །ཇི་ལྟར་འཇིག་རྟེན་པའི་ཕུན་ཚོགས་ཀྱི་རྟེན་ཡིན་ཞེ་ན། དེ་ལ་བརྟེན་ནས་འདོད་པའི་ཕུན་ཚོགས་ཀྱི་རྒྱུ་དགེ་བའི་ལས་ཀྱི་ལམ་བཅུ་དང༌། གཟུགས་ཀྱི་ཕུན་ཚོགས་ཀྱི་རྒྱུ་བསམ་གཏན་བཞི་དང་ཚད་མེད་པ་བཞི་དང༌། གཟུགས་མེད་ཀྱི་ཕུན་ཚོགས་ཀྱི་རྒྱུ་གཟུགས་མེད་པའི་སྙོམས་འཇུག་བཞི་འབྱུང་བའི་ཕྱིར་རོ། །ཕྲིན་ལས་ཀྱི་སྐབས་བཤད་ཟིན་ཏོ།།  །།གསུམ་པ་ཕན་ཡོན་གྱི་ལེའུ་ལ་གཉིས་ཏེ། བཤད་བྱ་དགོད་པ་དང༌། འཆད་བྱེད་བཤད་པའོ། །དང་པོ་ལ་གཉིས་ཏེ། རྟོགས་པར་དཀའ་བ་དང༌། མོས་པའི་ཕན་ཡོན་ནོ། །དང་པོ་ནི། སངས་རྒྱས་ཀྱི་ཁམས་དེའི་སྙིང་པོ་དང༌། དེ་སྒྲིབ་གཉིས་དང་བྲལ་བ་སངས་རྒྱས་ཀྱི་བྱང་ཆུབ་དང༌། སངས་རྒྱས་ཀྱི་ཆོས་ཡོན་ཏན་དང༌། སངས་རྒྱས་ཀྱི་ཕྲིན་ལས་ཏེ། གནས་བཞི་པོ་འདི་ནི་དག་པའི་སེམས་ཅན་ས་བཅུ་པའི་བྱང་སེམས་ཀྱིས་ཀྱང་བསམ་བྱ་མིན་ན་གཞན་གྱིས་ལྟ་ཞོག དེས་ན་གནས་བཞི་པོ་འདི་ནི་འཇིག་རྟེན་གྱི་འདྲེས་པ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན་དང༌། རྒྱས་བཤད་དང༌། འཐད་པ་འགོད་པའོ། །དང་པོ་ནི། དེ་ལྟར་རྟོགས་པར་དཀའ་ན་གང་ཟག་བློ་ལྡན་རྒྱལ་བའི་ཡུལ་གནས་བཞི་པོ་འདི་ལ་མོས་པ་གཞན་གྱིས་བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་ལ་མངོན་པར་དགའ་བས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཀྱི་སྣོད་དུ་འགྱུར་ཏེ། གནས་བཞི་ལ་མོས་པ་དང་མི་ལྡན་པའི་སེམས་ཅན་ཀུན་གྱི་བསོད་ནམས་ཀྱི་ཚོགས་གཞན་ཐམས་ཅད་ཟིལ་གྱིས་གནོན་ཏོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་ཟིལ་གྱིས་གནོན། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཟིལ་གྱིས་གནོན། སྒོམ་པ་ལས་བྱུང་བའི་བསོད་ནམས་ཟིལ་གྱིས་གནོན་པའོ། །དང་པོ་ནི། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ལས་བྱུང་བའི་ཞིང་ཁམས་ནོར་བུའི་རྒྱན་གྱིས་སྤྲས་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་དང་མཉམ་པ་དུས་ཉིན་རེ་བཞིན་དུ་ཆོས་རྒྱལ་རྣམས་ལ་རྟག་ཏུ་འབུལ་བ་དང༌། གང་ཟག་གཞན་ཞིག་གནས་བཞི་སྟོན་པའི་མདོ་དང་བསྟན་བཅོས་འདི་ལས་དོན་མ་རྟོགས་ཀྱང་ཚིག་འགའ་ཙམ་ཐོས་ཤིང་ཐོས་ནས་ཀྱང་མོས་ཤིང་ཡིད་ཆེས་ན། དེ་ལྟར་མོས་པའི་དགེ་བ་འདི་སྦྱིན་པ་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་བ་ཐོབ་པར་འགྱུར་རོ། །གཉིས་པ་ནི། གང་ཟག་བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་ཐོབ་པར་འདོད་པས་དུས་བསྐལ་པ་དུ་མར་ཡང་རྟེན་ལུས་ངག་ཡིད་ཀྱི་སྒོ་ནས་འབད་པ་མེད་པར་རང་གི་ཚུལ་ཁྲིམས་འཆལ་ཚུལ་གྱི་དྲི་མ་མེད་པ་སྲུང་བར་བྱེད་ལ། གཞན་གང་དག་གནས་བཞི་སྟོན་པའི་མདོ་དང༌། བསྟན་བཅོས་འདི་ལས་ཚིག་གཅིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ཡིད་ཆེས་པས་མོས་ན་དེ་ལྟར་མོས་པའི་དགེ་བ་འདི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་བ་ཐོབ་པར་འགྱུར་རོ། །གསུམ་པ་ནི། གང་ཟག་གང་ཞིག་འཇིག་རྟེན་འདི་ན་བྱེད་ལས་སྲིད་པ་གསུམ་གྱི་ཉོན་མོངས་པའི་མེ་འཇིལ་བར་བྱེད་པའི་ལྷའི་གནས་བསམ་གཏན་བཞི་དང༌། ཚངས་པའི་གནས་ཚད་མེད་བཞི་པོ་མཐར་སོན་པ་སྟེ། ཕུལ་དུ་བྱུང་བ་རྫོགས་པའི་བྱང་ཆུབ་འཕོ་འགྱུར་མེད་པའི་ཐབས་བསྒོམས་ལ། གཞན་གང་འདི་ལས་ཚིག་གཅིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ཡིད་ཆེས་པས་མོས་ན་དེ་ལྟར་མོས་པའི་དགེ་བ་འདི་བསམ་གཏན་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་པོ་ཐོབ་པར་འགྱུར་རོ། །འདི་རྣམས་ནི་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཚིགས་བཅད་དུ་བྱས་པའི་དོན་ནོ། །གསུམ་པ་འཐད་པ་འགོད་པ་ནི། སྦྱིན་སོགས་གསུམ་གྱི་དགེ་བ་ལམ་ཟབ་མོའི་ཆོས་རྟོགས་པའི་ཤེས་རབ་འདི་མཆོག་ཉིད་ཡིན་ཏེ། གང་གི་ཕྱིར་ན། ཤེར་ཕྱིན་གྱིས་མ་ཟིན་པའི་སྦྱིན་པ་ལས་ལོངས་སྤྱོད་ཙམ་སྒྲུབ་པར་བྱེད་ཅིང༌། ཚུལ་ཁྲིམས་ཀྱིས་མཐོ་རིས་ཙམ་འཐོབ་པ་དང༌། སྒོམ་པས་ཉོན་མོངས་པའི་ས་བོན་མགོ་གནོན་པའི་ཚུལ་གྱིས་སྤོང་བ་ཙམ་བྱེད་ལ། ཟབ་མོའི་གནས་བཞི་རྟོགས་པའི་ཤེས་རབ་ཀྱི་ཕར་ཕྱིན་གྱིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་སྤོང་བ་དེའི་ཕྱིར་ཟབ་མོའི་ཤེས་རབ་རྟོགས་པ་དེའི་རྒྱུ་ནི་གནས་བཞི་སྟོན་པའི་མདོ་དང་བསྟན་བཅོས་འདི་ཐོས་ནས་མོས་པ་ཡིན་ནོ། །གཉིས་པ་འཆད་བྱེད་བཤད་པ་ལ་གསུམ་སྟེ། མོས་པའི་ཕན་ཡོན་སྤྱིར་བཤད་པ། སངས་རྒྱས་ཀྱི་ཡོན་ཏན་གྱི་སྣོད་དུ་འགྱུར་བར་བཤད་པ། བསོད་ནམས་གཞན་ཟིལ་གྱིས་གནོན་པར་བཤད་པའོ། །དང་པོ་ནི། ཡེ་ནས་གནས་པའི་ཁམས་དང་དེ་གནས་གྱུར་པའི་བྱང་ཆུབ་དང༌། བྱང་ཆུབ་དེའི་ཡོན་ཏན་དང༌། ཡོན་ཏན་དེས་གཞན་དོན་སྒྲུབ་པ་སྟེ། རྒྱལ་བ་ཉིད་ཀྱིས་མཁྱེན་པའི་ཡུལ་རྣམ་པ་བཞི་པོ་སྔར་ཇི་སྐད་བརྗོད་པ་འདི་ལ། གང་ཟག་བློ་ལྡན་གྱིས་ཡིད་ཆེས་པའི་དད་པས་སེམས་ཅན་ལ་ཁམས་ཡོད་པར་མོས་པ་དང༌། མོས་པ་ལྟར་བྱང་ཆུབ་ཐོབ་པར་ནུས་པ་ཉིད་དང༌། བྱང་ཆུབ་ཐོབ་པས་ཡོན་ཏན་དང་ལྡན་པར་མོས་པས་མྱུར་དུ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། བསམ་པ་སེམས་བསྐྱེད་ཁྱད་པར་ཅན། སྦྱོར་བ་སྦྱིན་སོགས་ཁྱད་པར་ཅན་དུ་སྒྲུབ་པའོ། །དང་པོ་ནི། བསམ་གྱིས་མི་ཁྱབ་པའི་ཡུལ་བཞི་ལས། ཁམས་འདི་ནི་བདག་ལ་ཡོད་པ་དང༌། བྱང་ཆུབ་བདག་འདྲས་ཐོབ་པར་ནུས་པ་དང༌། ཐོབ་པ་འདི་འདྲའི་ཡོན་ཏན་ཕྲིན་ལས་དང་ལྡན་ཞེས་ཡིད་ཆེས་པ་དང༌། དང་བའི་དད་པས་མོས་པའི་ཕྱིར་རང་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་དང༌། བྱང་ཆུབ་ལ་སྤྲོ་བའི་བརྩོན་འགྲུས་དང༌། དེ་སྒྲུབ་པའི་ཐབས་མི་བརྗེད་པའི་དྲན་པ་དང༌། རྩེ་གཅིག་པའི་བསམ་གཏན་དང༌། རབ་ཏུ་འབྱེད་པའི་ཤེས་རབ་ལ་སོགས་ཡོན་ཏན་དུ་མའི་སྣོད་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་གང་ཟག་དེ་དག་ལ་དུས་རྟག་ཏུ་ཉེ་བར་གནས་པར་འགྱུར་ལ། བྱང་ཆུབ་ཀྱི་སེམས་དེ་ནི་རྟག་ཏུ་ཉེ་བར་གནས་པས་རྒྱལ་བའི་སྲས་པོ་དེ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །གཉིས་པ་ལ་གཉིས་ཏེ། སྦྱིན་སོགས་དག་རྫོགས་སུ་སྒྲུབ་པ་དང༌། བསོད་ནམས་ཁྱད་པར་ཅན་གསུམ་དུ་བསྡུ་བའོ། །དང་པོ་ནི། གནས་བཞི་ཐོས་ཤིང་མོས་པ་དེ་ལས་བསོད་ནམས་ཀྱི་ཕར་ཕྱིན་རྫོགས་པ་དང་ཡོངས་སུ་དག་པས་བསོད་ནམས་གཞན་ཟིལ་གྱིས་གནོན་ཅིང་ཆེས་མང་པོ་ཐོབ་པ་ཉིད་དུ་འགྱུར་རོ། །བསོད་ནམས་དག་ཅིང་རྫོགས་ཞེས་པའི་བསོད་ནམས་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔའོ། །ལྔ་པོ་དེ་ལ་སྦྱིན་བྱ་དང་སྦྱིན་བྱེད་སོགས་འཁོར་གསུམ་དུ་རྣམ་པར་རྟོག་པ་མེད་པས་བསོད་ནམས་དེ་རྫོགས་ལ། བསོད་ནམས་ཡོངས་སུ་དག་པ་ནི་སྦྱིན་སོགས་ལྔ་པོ་དེ་ཡི་མི་མཐུན་ཕྱོགས་སེར་སྣ་སོགས་ལྔ་སྤངས་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་སྔར་བསོད་ནམས་ནི་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། སྒོམ་བྱུང་གསུམ་དུ་བཤད་པ་མ་ཡིན་ནམ་ཞེ་ན། སྦྱིན་སོགས་ཕར་ཕྱིན་དང་པོ་ལྔ་བསོད་ནམས་སུ་བཤད་པ་དང༌། སྔར་བསོད་ནམས་གསུམ་དུ་འདུས་པར་བཤད་པ་མི་འགལ་ཏེ། འདི་ལྟར་སྦྱིན་པ་ལས་བྱུང་བའི་བསོད་ནམས་ནི་སྦྱིན་པའི་ཕར་ཕྱིན་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ནི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡིན་ནོ། །བཟོད་པ་དང་བསམ་གཏན་གྱི་ཕར་ཕྱིན་གཉིས་པོ་དག་ནི་སྒོམ་པ་ལས་བྱུང་བའི་བསོད་ནམས་ཏེ། བརྩོན་འགྲུས་ནི་ཐམས་ཅད་ཀྱི་རྗེས་སུ་འགྲོ་བས་བསོད་ནམས་གསུམ་པོ་ཀུན་ཏུ་འགྲོའོ། །གསུམ་པ་བསོད་ནམས་གཞན་ཟིལ་གྱིས་གནོན་པར་བཤད་པ་ལ་གཉིས་ཏེ། སྤང་བྱ་སྒྲིབ་གཉིས་ངོས་བཟུང་བ་དང༌། གཉེན་པོའི་ཤེས་རབ་མཆོག་ཏུ་བསྟན་པའོ། །དང་པོ་ནི། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་ཞེས་བརྗོད་ན་སྤང་བྱ་སྒྲིབ་གཉིས་གང་ཞེ་ན། བསོད་ནམས་ལྔ་པོ་རྫོགས་པའི་གེགས་འཁོར་གསུམ་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པར་འདོད་ཅིང༌། ཡོངས་སུ་དག་པའི་གེགས་སེར་སྣ་དང༌། འཆལ་ཚུལ་ལ་སོགས་པ་ལྔ་ཡི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཉོན་མོངས་པའི་སྒྲིབ་པར་འདོད་དོ། །གཉིས་པ་ནི། བདག་མེད་རྟོགས་པའི་ཤེས་རབ་ལས་གཞན་སྒྲིབ་པ་འདི་དག་ས་བོན་རྩ་བ་ནས་སྤོང་བའི་རྒྱུ་གཞན་མེད་པས་ཤེར་ཕྱིན་གྱིས་བསོད་ནམས་ལྔའམ་གསུམ་པོ་རྫོགས་ཤིང་དག་པར་འགྱུར་གྱི། གཞན་གྱིས་མ་ཡིན་པ་དེའི་ཕྱིར་ཤེས་རབ་མཆོག་ཡིན་ཞིང༌། ཤེས་རབ་དེའི་གཞི་ནི་གནས་བཞི་སྟོན་པའི་མདོ་དང་བསྟན་བཅོས་ཐོས་པ་ཡིན་པ་དེའི་ཕྱིར། རྒྱུད་བླ་མ་འདི་ཐོས་པ་ཉིད་ནི་བསོད་ནམས་གཞན་ལས་མཆོག་ཏུ་བསྟན་ཏོ།།  །།གསུམ་པ་བསྟན་བཅོས་བརྩམས་པ་མཐར་ཕྱིན་པའི་དོན་ལ་གཉིས་ཏེ། བསྟན་བཅོས་མཐར་ཕྱིན་པའི་བྱ་བ་བརྗོད་པ་དང༌། དེ་དག་གི་བསྡུས་པའི་དོན་ནོ། །དང་པོ་ལ་གསུམ་སྟེ། གསུང་རབ་ཇི་ལྟར་བཤད་པའི་ཚུལ། ཆོས་སྤོང་གི་ལས་ལ་བག་ཡོད་དུ་བྱ་བ། གསུང་རབ་བཤད་པའི་བསོད་ནམས་བསྔོ་བའོ། །དང་པོ་ལ་བཞི་སྟེ། རྒྱུ་གང་ལས་དགོས་པ་གང་གི་ཕྱིར་བཤད་པ། ཚུལ་ཇི་ལྟར་བཤད་པ། བཤད་བྱ་བཀའི་ངོ་བོ། འཆད་བྱེད་བསྟན་བཅོས་ཀྱི་ངོ་བོའོ། །དང་པོ་ནི། བཤད་པའི་ཚུལ་དེ་ལྟར་སྙིང་རྗེ་ཆེན་པོ་བསྟན་པའི་མདོ་དང༌། ལྷག་བསམ་བསྟན་པའི་མདོ་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང༌། ཕལ་པོ་ཆེ་དང༌། དེའི་ལེའུ་ལག་ས་བཅུ་པ་དང༌། ཤེར་ཕྱིན་དང༌། ནམ་མཁའ་མཛོད་དང༌། བློ་གྲོས་རྒྱ་མཚོས་ཞུས་པ་དང༌། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དང༌། དམ་ཆོས་པདྨ་དཀར་པོ་དང༌། ཆོས་མངོན་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དང༌། གཙུག་ན་རིན་ཆེན་དང༌། མྱང་འདས་ཆེན་པོ་དང༌། ཐེག་པ་ཆེན་པོའི་མན་ངག་སོགས་ཡིད་ཆེས་པའི་ལུང་དང༌། རྣལ་འབྱོར་མངོན་སུམ་དང༌། སྤྲོས་པ་གཅོད་པའི་རིགས་པ་ལ་བརྟེན་ནས་བག་ཆགས་འབའ་ཞིག་པའི་བདག་ཉིད་ཀྱི་བར་གྱི་སྒྲིབ་པ་ཐམས་ཅད་དག་པར་བྱ་བའི་ཕྱིར་དང༌། གདུལ་བྱ་གང་དག་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་བློ་ཅན་ཐེག་ཆེན་གྱི་རིགས་ཅན་དེ་དག་རྗེས་སུ་བཟུང་བའི་ཕྱིར་དུ་བསྟན་བཅོས་འདི་བཤད་དོ། །གཉིས་པ་ནི། ཇི་ལྟར་ཕྱིའི་རྐྱེན་སྒྲོན་མེ་དང༌། གློག་དང༌། ནོར་བུ་དང༌། ཉི་མ་དང༌། ཟླ་བའི་འོད་ལ་བརྟེན་ནས་ནང་གི་རྐྱེན་མིག་དང་ལྡན་པའི་གང་ཟག་གཟུགས་ལ་ལྟ་བ་དེ་བཞིན་དུ། ནང་གི་རྐྱེན་ཤེས་རབ་ཀྱི་མིག་དང༌། ཕྱིའི་རྐྱེན་ཐུབ་པའི་གསུང་རབ་ཀྱི་འོད་ལ་བརྟེན་ནས་བསྟན་བཅོས་འདི་ནི་རབ་ཏུ་གསལ་བར་བཤད་དོ། །ཐུབ་པ་ཇི་ལྟ་བུ་ཞེ་ན། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ་དང༌། ཚིག་ཐོགས་མེད་དུ་མཁྱེན་པ་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། འགྱུར་རྙིང་ལས། དེ་བཞིན་དོན་ཚིག་ཆོས་སྤོབས་འོད་མཛད་པ་ཞེས་འབྱུང་ངོ༌། །གང་ཡང་དོན་ཆེན་ཞེས་འཆད་པ་ནི་མ་དག་པ་ཁོ་ནའོ། །མིང་གི་རྣམ་གྲངས་མཁྱེན་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང༌། ཤེས་བྱའི་རྣམ་པ་ཐོགས་མེད་མཁྱེན་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པའི་འོད་ཀྱིས་ཤེས་བྱ་ཀུན་གསལ་བར་མཁྱེན་པའོ། །གསུམ་པ་ནི། གསུང་རབ་གང་ཞིག་བརྗོད་བྱ་དོན་ཆེན་པོ་དང་ལྡན་ལ། རྗོད་བྱེད་ངག་ཚིག་དྲི་མ་མེད་པའི་ཆོས་དང་ཉེ་བར་འབྲེལ་ཏེ་ལྡན་ཞིང༌། འབྲས་བུ་ཁམས་གསུམ་གྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་ལམ་དང་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པའི་སྒོ་ནས་དེ་དག་ལ་སྦྱོར་བར་མཛད་པའི་གསུང་གང་ཡིན་པ་དེ་ནི་དྲང་སྲོང་སངས་རྒྱས་ཀྱི་གསུང་རབ་ཡིན་ལ། དེ་ལས་བཟློག་པ་ནི་གཞན་ཏེ་གསུང་རབ་མ་ཡིན་ནོ། །བཞི་པ་འཆད་བྱེད་བསྟན་བཅོས་ཀྱི་ངོ་བོ་ནི། བསྟན་བཅོས་གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི་དོན་བརྗོད་བྱར་ལྷུར་ལེན་པའི་དབང་དུ་བྱས་ཏེ། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཤད་ཅིང་འབྲས་བུ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའི་ཁྱད་པར་དང་ལྡན་པའི་བསྟན་བཅོས་དེ་ལ་དྲང་སྲོང་སྟེ་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོས་བླང་བར་བྱའོ། །གཉིས་པ་ཆོས་སྤོང་གི་ལས་ལ་བག་ཡོད་དུ་བྱ་བ་ལ་གསུམ་སྟེ། ཆོས་སྤོང་གི་ལས་སྤང་བར་གདམས་པ། ཉམས་པའི་རྒྱུ་ངོས་བཟུང་བ། ཉམས་པའི་འབྲས་བུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ལས་ཀྱི་ངོ་བོ་སྤང་བར་གདམས་པ། ལས་ཀྱི་རྒྱུ་སྤང་བར་གདམས་པའོ། །དང་པོ་ནི། དྲང་སྲོང་སྟེ་སངས་རྒྱས་རང་ཉིད་ཀྱིས་བཞག་པའི་མདོ་སྡེའི་དགོངས་པ་གང་ཡིན་པ་དེ་རྟོག་གེ་ལྟར་སྣང་གིས་གཞན་དུ་མི་དཀྲུགས་ཏེ། གང་གི་ཕྱིར་ན་རྒྱལ་བ་ལས་ཆེས་མཁས་པའི་གང་ཟག་འགའ་ཡང་འཇིག་རྟེན་འདི་ན་ཡོད་པ་མིན་པའི་ཕྱིར་ཏེ། ཆོས་ཅན་ཇི་སྙེད་པ་མ་ལུས་པ་དང༌། དེ་ཁོ་ན་ཉིད་ཀྱི་མཆོག་ཇི་ལྟ་བ་ཐམས་ཅད་ཚུལ་བཞིན་དུ་ཀུན་མཁྱེན་ཉིད་ཀྱིས་མཁྱེན་གྱི་གཞན་གྱིས་ཤེས་པ་མིན་པ་དེའི་ཕྱིར། བཅོས་ན་ཉེས་པ་ཅི་ཡོད་ཅེ་ན། ཐུབ་པའི་དམ་ཆོས་ཀྱི་ཚུལ་བཤིག་པར་བྱས་པའི་ཕྱིར། དེ་ཡང་དམ་ཆོས་ལ་གནོད་པ་བྱེད་པར་འགྱུར་རོ། །གཉིས་པ་ནི། ཉོན་མོངས་པ་རྨོངས་པ་མ་རིག་པའི་བདག་ཉིད་ཅན་རྣམས་ཀྱིས་འཕགས་པ་རྣམས་ལ་སྐུར་པ་འདེབས་པ་དང༌། དེས་གསུངས་པའི་ཆོས་ལ་བརྙས་པ་གང་ཡིན་པ་དེ་ཀུན་རང་གི་ལྟ་བ་ངན་པ་ལ་མཐའ་གཅིག་ཏུ་ཞེན་པས་བྱས་པའོ། །དེས་ན་རང་གི་གྲུབ་མཐའ་ངན་པ་ལ་ཞེན་པའི་ལྟ་བ་དྲི་མ་ཅན་དུ་གྱུར་པ་དེ་ལ་བློ་མི་སྦྱར་རོ། །སྦྱར་ན་ཡང་དག་པའི་ལྟ་བ་ལ་འཇུག་པར་དཀའ་བའི་ཉེས་པ་ཡོད་དེ། དཔེར་ན་གོས་གཙང་མ་ཚོན་གྱིས་རྣམ་པར་བསྒྱུར་དུ་རུང་གི སྣུམ་གྱིས་གོས་པ་ནི་དེ་ལྟར་མིན་པ་བཞིན་ནོ། །གཉིས་པ་ཉམས་པའི་རྒྱུ་ངོས་བཟུང་བ་ནི། བློ་དམན་པ་སྟེ་རང་བཞིན་གྱིས་ཤེས་རབ་ཉམས་ཆུང་བའི་ཕྱིར་དང༌། དཀར་པོའི་ཆོས་ལ་མོས་པའི་དད་པ་གསུམ་དང་བྲལ་བའི་ཕྱིར་དང༌། མཁས་པ་ལས་དོན་མི་ཚོལ་བར་ལོག་པའི་ང་རྒྱལ་ལ་བརྟེན་པའི་ཕྱིར་དང༌། དམ་པའི་ཆོས་ཀྱིས་ཕོངས་པའི་སྒྲིབ་པས་བསྒྲིབས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང༌། དྲང་དོན་ལ་དེ་ཁོ་ན་ཉིད་ཀྱི་དོན་དུ་ངེས་པར་འཛིན་པའི་ཕྱིར་དང༌། རྙེད་པ་ལ་བརྐམས་པའི་ཕྱིར་དང༌། ལྟ་བ་ངན་པའི་དབང་དུ་སོང་བའི་ཕྱིར་དང༌། དམ་ཆོས་སུན་འབྱིན་པའི་སྡིག་གྲོགས་བསྟེན་པའི་ཕྱིར་དང༌། ཆོས་འཛིན་པའི་དགེ་བའི་བཤེས་གཉེན་རིང་དུ་བསྲིངས་པའི་ཕྱིར་དང༌། མོས་པ་དམན་པ་སྟེ་རང་བཞིན་གྱིས་དམན་པ་ལ་མོས་པའི་ཕྱིར་ཏེ། རྒྱུ་བཅུས་དགྲ་བཅོམ་པ་རྣམས་ཀྱི་ཆོས་སྤོང་བར་བྱེད་དོ། །གསུམ་པ་ཉམས་པའི་འབྲས་བུ་བསྟན་པ་ལ་གཉིས་ཏེ། ངན་འགྲོར་ལྟུང་བ་དང༌། ཐར་པ་མི་ཐོབ་པའོ། །དང་པོ་ནི། བླང་དོར་ལ་མཁས་པ་རྣམས་ཀྱིས་ཇི་ལྟར་ཟབ་མོའི་ཆོས་ལས་ཉམས་པ་ལ་འཇིགས་པ་དེ་བཞིན། བསྲེག་པའི་མེ་དང༌། མི་བཟད་པའི་སྦྲུལ་གདུག་པ་དང༌། གསོད་པའི་གཤེད་མ་དང༌། ཐོག་ལའང་ཤིན་ཏུ་འཇིགས་པར་མི་བྱ་སྟེ། མེ་དང༌། སྦྲུལ་དང༌། དགྲ་དང༌། རྡོ་རྗེའི་མེ་སྟེ་ཐོག་གིས་ནི་ཚེ་འདིར་སྲོག་དང་བྲལ་བ་ཙམ་བྱེད་པ་སྲིད་ཀྱི། དེ་རྣམས་ལས་ཚེ་ཕྱི་མར་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་ལ། ཆོས་སྤངས་ན་མནར་མེད་དུ་འགྲོ་བའི་ཕྱིར། གཉིས་པ་ནི། གང་ཟག་གང་ཞིག་རྐྱེན་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་བསད་འདོད་ཀྱི་ངན་སེམས་དང་ལྡན་པར་གྱུར་པས་སྐུ་ལ་ཁྲག་འབྱིན་པ་དང༌། རང་གི་ཕ་དང་མ་དང་དགྲ་བཅོམ་པ་གསོད་པར་བྱེད་པས་བྱ་བ་མིན་པ་བྱེད་པ་དང༌། མཆོག་གི་ཚོགས་དགེ་འདུན་འབྱེད་པའི་མི་དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མ་སྐྱེས་དགྲ་ལྟར་མྱུར་དུ་མཚམས་མེད་ཀྱི་སྒྲིབ་པ་དེ་ལས་ཐར་བར་འགྱུར་གྱི། གང་ཟག་གང་ཞིག་ཡིད་ཐེག་ཆེན་གྱི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད་དེ་མེད་དོ། །གསུམ་པ་གསུང་རབ་བཤད་པའི་བསོད་ནམས་བསྔོ་བ་ནི། དཀོན་མཆོག་གསུམ་དང༌། རང་བཞིན་གྱིས་རྣམ་པར་བྱང་བའི་ཁམས་དང༌། ཁམས་ཀྱི་གློ་བུར་དྲི་མ་མེད་པའི་བྱང་ཆུབ་དང༌། ཡོན་ཏན་དང༌། ཕྲིན་ལས་ཏེ། རྡོ་རྗེ་ལྟ་བུའི་དོན་རྣམ་པ་བདུན་པོ་ཚུལ་བཞིན་བཤད་པ་ལས་བྱམས་པ་བདག་གིས་དགེ་བ་གང་ཐོབ་པ་དེས་ནི་ཆེད་དུ་བྱ་བ་འགྲོ་བ་འདི་ཀུན་གྱིས་གནས་སྐབས་སུ་མཐའ་ཡས་པའི་འོད་མངའ་བའི་དྲང་སྲོང་ཆེན་པོ་ཚེ་དཔག་ཏུ་མེད་པའི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེས་ནས་དེའི་སྐུ་མཐོང་ཞིང༌། སྐུ་མཐོང་བ་དེ་ནས་དེ་ལས་ཆོས་ཐོབ་པས་ཀྱང་ཆོས་ཀྱི་མིག་དྲི་མ་མེད་པ་མཐོང་ལམ་སྐྱེས་ཏེ་མཐར་ཐུག་བྱང་ཆུབ་མཆོག་ཐོབ་པར་ཤོག་ཅིག་གོ །བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་བཤད་ཟིན་ཏོ། །གཉིས་པ་དེ་དག་གི་བསྡུས་པའི་དོན་ནི། རྒྱུ་གང་ལས་རྒྱུ་མཚན་ནམ་དགོས་ཆེད་གང་གི་ཕྱིར་བཤད་པ་ནི། དེ་ལྟར་ཡིད་ཆེས་ལུང་དང་རིག་པ་ལ་བརྟེན་ནས་ཞེས་པའི་ཚིགས་བཅད་གཅིག་དང༌། ཇི་ལྟ་བུར་བཤད་པ་ནི། ཇི་ལྟར་གློག་སྒྲོན་ཅེས་སོགས་སོ། །གང་བཤད་པ་ནི། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཞེས་སོགས་སོ། །དེའི་རྒྱུ་མཐུན་པ་གང་ཡིན་པ་དེ་ནི། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །ཞེས་སོགས་ཏེ། ཚིགས་སུ་བཅད་པ་བཞིས་རིམ་པ་ལྟར་བསྟན་ཏོ། །དེ་ནས་ཚིགས་བཅད་གཉིས་ཀྱིས་བདག་ཉིད་དག་པའི་ཐབས་དང༌། བློ་དམན་ཞེས་སོགས་ཚིགས་བཅད་གཅིག་གིས་ཉམས་པའི་རྒྱུ་དང༌། དེ་ནས་ཇི་ལྟར་ཟབ་མོ་ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་ཉམས་པའི་འབྲས་བུ་བསྟན་པ་ཡིན་ནོ། །གནས་སྐབས་སུ་འཁོར་གྱི་དཀྱིལ་འཁོར་དུ་སྐྱེ་བ་དང༌། ཆོས་ལ་བཟོད་པ་ཐོབ་པ་དང༌། མཐར་ཐུག་བྱང་ཆུབ་ཐོབ་པ་སྟེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྣམ་པ་གཉིས་ནི་མདོར་ན་ཆོས་གསུང་རབ་ཀྱི་དགོངས་པ་བརྗོད་པའི་འབྲས་བུ་སྟེ་དཀོན་མཆོག་ཅེས་སོགས་ཀྱི་ཚིགས་བཅད་ཐ་མ་ཡིས་བསྟན་པ་ཡིན་ནོ། །གསུམ་པ་ལོ་ཙཱ་བའི་འགྱུར་བྱང་སྨོས་པ་ནི། དཔལ་གྲོང་ཁྱེར་ཞེས་སོགས་སོ། །རྣམ་མང་ཐེག་ཆེན་ཆུ་ཀླུང་རྒྱུན་འབབ་ཅིང༌། །ལེགས་བཤད་ཡན་ལག་བརྒྱད་ལྡན་གངས་ཅན་མཚོ། །ཟབ་མོའི་དོན་གྱི་ནོར་བུ་འབར་བ་ཅན། །རྒྱལ་སྲས་ཀླུ་དབང་རྣམ་པར་རོལ་པའི་གནས། །ཚིག་དོན་ཕུན་ཚོགས་ངག་གི་ཆུ་འཛིན་ལྡན། །ཐེག་མཆོག་རྣམ་པའི་ཆོས་ཀྱི་དགའ་སྟོན་ཅན། །དོན་གནས་རྣམ་བདུན་ཚུལ་བཞིན་གསལ་བའི་གཞུང༌། །མཐའ་ཡས་འགྲོ་བའི་གླིང་བཞིའི་སྒྲོན་མེ་སྟེ། །ཐེག་མཆོག་བླ་མེད་དགོངས་དོན་ཚུལ་བཞིན་དུ། །རྣམ་བཤད་ངག་གི་ཡོན་ཏན་གཟི་འོད་ལྡན། །ཚུལ་འདི་གསུང་རབ་མང་ཐོས་སྨྲ་བ་པ། །སྒྲ་ཚད་ཟུང་གི་ངང་པའི་གཤོག་ཡངས་ཅན། །རིག་གནས་རྒྱ་མཚོའི་ཕ་རོལ་སོན་གྱུར་པ། །ཀུན་མཁྱེན་གཉིས་པ་རོང་སྟོན་ཆེན་པོས་སྦྱར། །དགེ་བ་ནམ་མཁའི་ཁམས་ལྟར་ཡངས་པ་དང༌། །གངྒཱའི་ཆུ་ཀླུང་ལྟ་བུར་དྲི་མེད་ཅིང༌། །སྟོན་ཀའི་ཟླ་འོད་ལྟ་བུར་དཀར་བ་ཡིས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་འགྲོ་བ་ཀུན། །སྣ་ཚོགས་ཁམས་ཀྱི་དྲི་མ་ལེགས་སྦྱངས་ཤིང༌། །བླ་མེད་བྱང་ཆུབ་ཕུན་ཚོགས་ཡོན་ཏན་ལྡན། །གོ་འཕང་བརྙེས་ནས་སྣ་ཚོགས་ཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་བ་རྗེས་སུ་འཛིན་གྱུར་ཅིག །ཉི་ཟླ་གླིང་བཞིའི་ཁྱོན་དུ་རྒྱུ་བ་དང༌། །རི་དབང་ཆུ་གཏེར་གོས་དང་མ་བྲལ་ཞིང༌། །ཁོར་ཡུག་ས་འཛིན་གནས་པ་དེ་སྲིད་དུ། །ལེགས་བཤད་འདི་ཡང་རབ་ཏུ་རྒྱས་གྱུར་ཅིག །ཅེས་པ་འདི་ནི་མཐའ་ཡས་པའི་རིག་གནས་རྒྱ་མཚོ་ལ་བློ་གྲོས་ཀྱི་སྣང་བ་ཐོབ་ཅིང༌། གསུང་རབ་ཀུན་གྱི་དགོངས་དོན་རྣམ་པར་འབྱེད་པ་ལ་མི་འཇིགས་པའི་སྤོབས་པ་ཡང་དག་པའི་རིག་པ་སེང་གེའི་ང་རོས་ཕས་ཀྱི་རྒོལ་བ་མ་ལུས་པ་འཇོམས་པའི་སྟོབས་དང་ལྡན་པ། སྨྲ་བའི་སེང་གེ་ཐམས་ཅད་མཁྱེན་པ་གཉིས་པས་དཔལ་ལྡན་གསང་ཕུར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*