ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཤེས་བྱ་རབ་གསལ། ཀ༽

༄༅། །ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་ཤེས་བྱ་རབ་གསལ་ཞེས་བྱ་བ་བཞུགས་སོ།།

༈ མངོན་པ་མཛོད་ཀྱི་རྣམ་བཤད་ཤེས་བྱ་རབ་གསལ་ཞེས་བྱ་བ། ཐུགས་རྗེའི་མཁྱེན་ཡངས་སྟོབས་བཅུའི་སྟོབས་ལྡན་ཞིང༌། །མ་ལུས་བདུད་སྡེའི་དཔུང་ལས་རྣམ་པར་རྒྱལ། །ཕུན་ཚོགས་ངག་གི་སྤོབས་པ་སྩོལ་མཛད་པ། །ལྷག་པའི་ལྷ་ལ་གཙུག་གི་ནོར་བུས་འདུད། །ཚོགས་གཉིས་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་ཤིང༌། །མཐའ་ཡས་འགྲོ་བློའི་ཀུ་མུད་རྒྱས་པའི་གཉེན། །མ་ལུས་མཁྱེན་པའི་ཟླ་འོད་རབ་རྒྱས་པ། །ཆོས་མངོན་སྟོན་པ་དེ་ལ་ཕྱག་འཚལ་ལོ། །ཆོས་རྒྱུན་ཏིང་འཛིན་དྲི་མེད་བདུད་རྩིའི་ཆུ། །མཁྱེན་པའི་ཆུ་འཛིན་རོལ་པས་ལེགས་བཟུང་ཞིང༌། །ཆོས་མངོན་ཤེས་བྱའི་པདྨོ་རྣམ་འབྱེད་པ། །འཕགས་པ་ཐོགས་མེད་སྨྲ་བའི་ཉི་མར་འདུད། མཁྱེན་པའི་ཆུ་གཏེར་གཏིང་མཐའ་མི་མངོན་ཞིང༌། །རྨད་བྱུང་སྤོབས་པའི་གློག་འོད་རབ་འཁྱུག་པ། །གསུང་རབ་སྤྲིན་གྱི་རྔ་སྒྲས་མངོན་མཐོ་བ། །དབྱིག་གཉེན་སྨྲ་བའི་སྤྲིན་གྱི་དབང་པོར་འདུད། །མང་དུ་ཐོས་པའི་ཆུ་གཏེར་འགྲམ་ངོགས་སུ། །ལེགས་བཤད་ངག་གི་རྒྱུད་མང་སྒྱུར་མཛད་ཅིང༌། །མང་དུ་ཐོས་པའི་གཟི་བརྗིད་འོད་སྟོང་ལྡན། །དཔལ་ལྡན་བླ་མའི་ཚོགས་རྣམས་རྒྱལ་གྱུར་ཅིག །མ་ལུས་ཤེས་བྱའི་དཀྱིལ་འཁོར་སྣང་བའི་མཚོ། །ལེགས་བཤད་འདབ་སྟོང་ཀུན་ནས་རབ་རྒྱས་ཤིང༌། མཁས་པའི་དེད་དཔོན་བློ་ཡི་འཇུག་ངོགས་ཆེ། །ཆོས་མངོན་མཛོད་ཀྱི་རྣམ་བཤད་བརྩམ་པར་བྱ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པའི་ཆོས་མངོན་པ་ལ། ཐུན་མོང་མ་ཡིན་པའི་ཆོས་མངོན་པ་བྱང་ཆུབ་སེམས་དཔའ་ཁོ་ནས་བསླབ་པར་བྱ་བ། མངོན་པའི་མདོ་སྟོང་ཕྲག་བརྒྱ་པ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་གླེགས་བམ་དུ་མ་ཞིག་སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས་བསྲེགས་པའི་ལྷག་མ་ཅུང་ཟད་རྙེད་པའི་དོན་བསྡུས་ནས་སྟོན་པ། ཐོགས་མེད་ཀྱིས་ཐེག་བསྡུས་ཞེས་བྱ་བ་མཛད། རིགས་ཅན་གསུམ་ཀས་བསླབ་པར་བྱ་བ་ཐུན་མོང་གི་ཆོས་མངོན་པ་ནི། ཡུལ་སྣ་ཚོགས་སུ་གང་ཟག་སྣ་ཚོགས་ལ་གསུངས་པའི་གླེགས་བམ་དུ་མ་ཡོད་པའང༌། ཉི་མའི་དངོས་གྲུབ་ཀྱིས་བསྲེགས་པའི་ལྷག་མ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་བསྡེབས་པ་ས་སྡེ་ལྔ་ཡང་མཛད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་འདོད་ཚུལ་ནི། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དང༌། འདུལ་བ་བཞིན་དུ། ཕྱོགས་གཅིག་ཏུ་མངོན་པའི་སྡེ་སྣོད་གསུངས་པ་མེད་ཀྱི། ཡུལ་སྣ་ཚོགས་སུ་གང་ཟག་སྣ་ཚོགས་ལ་ཐོར་བུར་གསུངས་པ་རྣམས་དགྲ་བཅོམ་པ་བདུན་གྱིས་བསྡུས་ནས་མངོན་པ་སྡེ་བདུན་ཞེས་བྱ་བ་མཛད་དོ། །དེ་དག་གི་དགོངས་པ་འགྲེལ་པའི་དོན་དུ་བྱང་ཕྱོགས་རི་བོ་འབིགས་བྱེད་ཀྱི་གར་མཁན་གྱི་གཙུག་ལག་ཁང་དུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བྱེ་བྲག་བཤད་མཛོད་ཅེས་བྱ་བ་ཤླཽོ་ཀ་འབུམ་ཡོད་པ་མཛད་དོ། །དེ་དག་གི་དོན་གཅེས་པ་རྣམས་མདོར་བསྡུས་ཏེ་སྟོན་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ཀྱི་བསྟན་བཅོས་འདི་མཛད་དོ། །འདི་ལ་གསུམ་སྟེ། མཚན་ངོས་བཟུང་ཞིང་བསྒྱུར་བ་དང༌། གཞུང་གི་ཚིག་དོན་བཤད་པ་དང༌། བསྟན་བཅོས་མཐར་ཕྱིན་པའི་བྱ་བའོ། །དང་པོ་ནི། རྒྱ་གར་གྱི་སྐད་རིགས་བཞི་ལས་སཾ་སྐྲྀ་ཏའི་སྐད་དུ། ཨ་བྷི་དྷརྨ་ཀོ་ཥ་ཀཱ་རི་ཀཱ་ཞེས་པ་སྟེ། བོད་སྐད་དུ་བསྒྱུར་ན། ཨ་བྷི་ནི་མངོན་པ། དྷརྨ་ཆོས། ཀོ་ཥ་མཛོད། ཀཱ་རི་ཀཱ་ཚིག་ལེའུར་བྱས་པའོ། །གཉིས་པ་ལ་བཞི་སྟེ། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བ། དགོས་ཆེད་བསྟན་པ། བསྟན་བཅོས་ཀྱི་ལུས་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་གང་ཞིག་ཤེས་བྱ་ཀུན་ལ་ཇི་ལྟ་ཇི་སྙེད་ཀྱི་དོན་མཐོང་བའི་གེགས་སུ་གྱུར་པས་མུན་པ་སྟེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཐམས་ཅད་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས་གཏན་བཅོམ་པ་ཡིན་ལ། གང་ཞེས་པ་སྤྱི་སྒྲ་ཡིན་ཡང་གཏན་བཅོམ་ཞེས་པའི་སྒྲ་དང་འབྲེལ་བས་སངས་རྒྱས་བཅོམ་ལྡན་འདས་ལ་འཇུག་གོ །ཉན་རང་ཡང་ཕུང་པོ་སོགས་ཀུན་ལ་མུན་པ་བཅོམ་པར་འདོད་མོད་ཀྱི་གཏན་ནས་བཅོམ་པ་ཞེས་བྱ་བ་ནི་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་དང་མ་བྲལ་བའི་ཕྱིར། འདིས་སྤངས་པ་དངོས་སུ་བསྟན་ནས། རྟོགས་པ་ཤུགས་ལ་འཕངས་ཏེ། སྤངས་པ་ནི་རྟོགས་པ་ལ་མི་འཁྲུལ་བའི་ཕྱིར། རང་དོན་གྱི་ཡོན་ཏན་བརྗོད་ནས། གཞན་དོན་གྱི་ཡོན་ཏན་ནི་འཁོར་བ་ཉིད་དུ་ཀུན་ཏུ་ཆགས་པའི་གནས་དང་བརྒལ་དཀའ་བས་འདམ་ལྟ་བུར་གྱུར་པ་དེ་ལས་འགྲོ་བ་རྣམས་དོན་ཇི་ལྟ་བ་བཞིན་ཆོས་སྟོན་པས་དྲངས་པར་མཛད་པ་སྟེ་དོན་གཉིས་དང་ལྡན་པའི་སྟོན་པ་དེ་ལ་ཕྱག་འཚལ་ལོ། །གཉིས་པ་ནི། དེ་ལྟར་ཕྱག་འཚལ་ནས་བསྟན་བཅོས་རབ་ཏུ་བཤད་པར་བྱའོ། །བསྟན་བཅོས་གང་ཞེ་ན། ཆོས་མངོན་པ་མཛོད་ཅེས་བྱ་བའོ། །ཅིའི་ཕྱིར་བསྟན་བཅོས་ཞེས་བྱ་ན། རྒྱུ་ཉོན་མོངས་པ་ལས་འཆོས་ཤིང་འབྲས་བུ་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པས་བསྟན་བཅོས་ཏེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོའི་སྲིད་ལས་སྐྱོབ་པར་བྱེད་པ་གང༌། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །ཆོས་མངོན་པ་ཞེས་བྱ་བ་ལ། དོན་དམ་པའི་ཆོས་མངོན་པ་ནི། ཉོན་མོངས་པའི་དྲི་མ་མེད་པ་ཟག་མེད་ཀྱི་ཤེས་རབ་རྗེས་འབྲང་དང་བཅས་པའོ། །རྗེས་འབྲང་ནི་ཤེས་རབ་དེའི་འཁོར་ཏེ་ཟག་མེད་ཀྱི་ཕུང་པོ་གཞན་དང་བཅས་ཏེ་མངོན་པར་བརྗོད་ཅེས་པའོ། །དེ་ལ་རྗེས་འབྲང་ནི་མཐོང་སྒོམ་མི་སློབ་ལམ་གྱིས་བསྡུས་པ་ཟག་མེད་ཀྱི་སྡོམ་གཟུགས་དང༌། ཟག་མེད་ཀྱི་ཤེས་རབ་དང༌། ལྷན་ཅིག་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་སེམས་པ་སོགས་དང༌། ཡིད་ཤེས་སོ། །ཆོས་མངོན་པའི་གཙོ་བོ་ཤེས་རབ་ཡིན་པས། སྐབས་འདིར་ཡིད་ཤེས་འཁོར་དུ་བྱས་སོ། །མྱ་ངན་ལས་འདས་པའི་ཆོས་ཀྱི་མཚན་ཉིད་ལ། མངོན་དུ་ཕྱོགས་པའི་ཕྱིར་ཆོས་མངོན་པའོ། །བརྡར་བཏགས་པའི་ཆོས་མངོན་པ་ནི་དོན་དམ་པའི་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པའི་ཟག་བཅས་ཀྱི་ཤེས་རབ་རྗེས་འབྲང་དང་བཅས་པ་གང་ཡིན་པ་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སྟོན་པའི་བསྟན་བཅོས་གང་ཡིན་པའོ། །དེ་ལ་འདོད་པ་ན་ཐོས་བསམ་གྱི་ཤེས་རབ་ཡོད་ཅིང་སྒོམ་བྱུང་མེད། གཟུགས་ཁམས་ན་ཐོས་བྱུང་དང་སྒོམ་བྱུང་གི་ཤེས་རབ་ཡོད་ཅིང་བསམ་བྱུང་གི་ཤེས་རབ་མེད། གཟུགས་མེད་ན་སྒོམ་བྱུང་ཡོད་ཀྱི། གཞན་གཉིས་ཀ་མེད་དོ། །སྐྱེས་ཐོབ་ནི་ཁམས་གསུམ་ཆར་ན་ཡོད། ཐོས་བསམ་གཉིས་དང་སྐྱེས་ཐོབ་ཀྱི་ཤེས་རབ་ནི་ས་གང་ན་ཡོད་ཀྱང་ཕུང་པོ་བཞི་པ་ཅན་ཡིན་ལ། སྒོམ་བྱུང་གི་ཤེས་རབ་གཟུགས་ན་བསམ་གཏན་གྱི་སྡོམ་གཟུགས་དང་བཅས་པས་ཕུང་པོ་ལྔ་པ་ཡིན། གཟུགས་མེད་ན་གཟུགས་མེད་པས་ཕུང་པོ་བཞི་པ་ཅན་ནོ། །ཅིའི་ཕྱིར་མཛོད་ཅེས་བྱ་ཞེ་ན། གཞུང་འདིར་མངོན་པ་སྡེ་བདུན་ལ་སོགས་པ་དེ་དག་གི་དོན་གཅེས་པ་རྣམས་བརྗོད་བྱའི་དོན་དུ་ཡང་དག་པར་ཆུད་པའི་ཕྱིར་འདི་ཆོས་མངོན་པ་དེའི་མཛོད་ལྟ་བུ་ཡིན་པའི་ཕྱིར་རམ། ཡང་ན་ཆོས་མངོན་པ་དེ་ལས་འདི་ཕྱུང་བས་འདིའི་གནས་ཆོས་མངོན་པའི་མཛོད་དེ་ཡིན་པས་འདི་ལའང་ཆོས་མངོན་པ་མཛོད་ཅེས་བྱ་སྟེ། རྟེན་གྱི་མིང་བརྟེན་པ་ལ་བཏགས་པའོ། །གསུམ་པ་དགོས་ཆེད་བསྟན་པ་ནི། ཅིའི་ཕྱིར་ཆོས་མངོན་པ་བསྟན་ཅེ་ན། ཆོས་རྣམས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པར་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་བྱ་བའི་ཐབས་མེད་དེ། གང་གི་ཕྱིར་ན་ཉོན་མོངས་པ་རྣམས་ནི་མ་རིག་པའི་རྩ་བ་ཅན་ཡིན་པའི་ཕྱིར། ཉོན་མོངས་པ་མ་ཞི་ན་ཉེས་པ་ཅི་ཡོད་ཅེ་ན། ཉོན་མོངས་པ་རྣམས་ཀྱིས་ཀྱང་ལས་བསགས་ནས་འཇིག་རྟེན་པ་རྣམས་སྲིད་པའི་རྒྱ་མཚོ་འདིར་རང་དབང་མེད་པར་འཁྱམས་ཏེ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་བ་དེ་བས་ན། ཉོན་མོངས་ཞི་བའི་ཐབས་ཆོས་རབ་ཏུ་རྣམ་འབྱེད་བསྟན་པ་དེའི་ཕྱིར་ཆོས་མངོན་པ་བསྟན་ཏོ། །དང་པོ་ཉིད་དུ་གང་གིས་གསུངས་ཤེ་ན། འདི་ནི་དང་པོ་སྟོན་པས་གསུངས་ནས་དགྲ་བཅོམ་པ་བདུན་གྱིས་བསྡུས་པ་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམས་བཞིན་ནོ། །ཞེས་འདོད་དོ་ལོ། །ཇི་སྐད་དུ། ཡེ་ཤེས་ལས་འཇུག་ཀ་ཏའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བསྡུས། །ཞེས་སོ། །ལོ་ཞེས་པ་ནི་མ་རངས་པའི་ཚིག་སྟེ། མངོན་པ་སྡེ་བདུན་ལ་འཁྲུལ་པ་དུ་མ་སྣང་བས། སྟོན་པའི་བཀའ་མ་ཡིན་ཞེས་པའི་དོན་ནོ། །འོ་ན་སྟོན་པའི་བཀའ་ལ་སྡེ་སྣོད་གསུམ་མ་ཚང་བར་འགྱུར་རོ་སྙམ་ན། མི་འགྱུར་ཏེ། མདོ་སྡེ་དང་འདུལ་བ་ནས་ཆོས་རྣམས་ཀྱི་མཚན་ཉིད་སྟོན་པ་རྣམས་མངོན་པ་ཡིན་པས་སོ་ཞེས་སློབ་དཔོན་དབྱིག་གཉེན་གྱིས་འདོད་དོ། །བཞི་པ་བསྟན་བཅོས་ཀྱི་ལུས་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་མངོན་པས་རབ་ཏུ་ཕྱེ་བར་བྱ་བའི་ཆོས་རྣམས་གང་ཞེ་ན། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་ཏེ་འདི་གཉིས་ཀྱིས་ཆོས་ཐམས་ཅད་བསྡུས་པ་ཡིན་ནོ། །ཆོས་ཟག་པ་དང་བཅས་པ་གང་ཞེ་ན། ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ནི་ཟག་བཅས་ཞེས་བྱ་སྟེ། གང་གི་ཕྱིར་ན་དེ་དག་རྣམས་ལས་ཟག་པ་རྣམས་དམིགས་པའམ་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར། འགོག་ལམ་ལ་དངོས་སུ་ལོག་ཞུགས་ཀྱིས་ཟག་མེད་ལ་དམིགས་ཀྱང་དེ་ལ་དམིགས་པའི་སྒོ་ནས་རྒྱས་པ་མ་ཡིན་ནོ། །ཆོས་ཟག་མེད་རྣམས་གང་ཞེ་ན། ལམ་གྱི་བདེན་པ་དང་འདུས་མ་བྱས་རྣམ་པ་གསུམ་ཡང་ཡིན་ནོ། །གསུམ་གང་ཞེ་ན། ནམ་མཁའ་དང་འགོག་པ་གཉིས་ཏེ། སོ་སོར་བརྟགས་འགོག་དང་སོ་སོར་བརྟགས་མིན་གྱི་འགོག་པའོ། །འདི་དག་ནི་ཟག་མེད་ཡིན་ཏེ། ཟག་པ་རྒྱས་པར་མི་འགྱུར་བའི་ཕྱིར། འདུས་མ་བྱས་གསུམ་པོ་དེ་ལ་ནམ་མཁའ་ནི། གཟུགས་ཅན་གྱི་སྐྱེ་འགག་སོགས་གང་ལ་ཡང་མི་སྒྲིབ་པ་གོ་འབྱེད་པའི་ཆོས་སོ། །ནམ་མཁའ་མེད་ན་སྐྱེ་འགག་དང་འགྲོ་འདུག་སོགས་ཀྱི་གོ་སྐབས་མི་རྙེད་ལ། འདི་ཡོད་པས་སྐྱེ་འགག་དང་འགྲོ་འདུག་སོགས་ཀྱི་གོ་རྙེད་པ་ནི་གོ་འབྱེད་པའི་དོན་ནོ། །གལ་ཏེ་གཟུགས་ཅན་གཅིག་གི་གོ་ས་ན་ནམ་མཁའ་ཡོད་དམ་མེད། ཡོད་ན་གཟུགས་ཅན་གཞན་འཇུག་པའི་གོ་མི་རྙེད་པ་ཇི་ལྟར་ཡིན། གལ་ཏེ་མེད་ན་དང་པོར་སྐྱེ་བའི་གོ་མི་རྙེད་དོ་ཞེ་ན། ནམ་མཁའ་ཡོད་ཀྱང་དེ་ན་ཡོད་པའི་གཟུགས་ཅན་གྱིས་གོ་བཀག་པ་ཡིན་གྱི། ནམ་མཁས་གོ་མ་ཕྱེ་བ་མ་ཡིན་ནོ། །གལ་ཏེ་སེམས་དང་སེམས་བྱུང་རྣམས་ཀྱང་ནམ་མཁར་ཐལ། གཟུགས་ཅན་ལ་མི་སྒྲིབ་པའི་ཕྱིར་ཞེ་ན། རྣལ་འབྱོར་པ་མཐུ་ལྡན་གྱི་སེམས་སེམས་བྱུང་གིས་གཞན་གྱི་བྱེད་པ་འཇུག་པ་འགོག་པར་མཐོང་བས་མི་སྒྲིབ་པ་མ་ཡིན་ནོ། །སོ་སོར་བརྟགས་པའི་འགོག་པ་ནི་ཉོན་མོངས་པའི་ཆོས་གང་དང་བྲལ་བའོ། །བདེན་པ་བཞིའི་རྣམ་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་པའི་སྟོབས་ཀྱིས་ཐོབ་པས་སོ་སོར་བརྟགས་པའི་འགོག་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའོ། །དཔེར་ན། བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་པ་ལྟ་བུའོ། །ཅི་ཟག་བཅས་ཐམས་ཅད་ཀྱི་སོ་སོར་བརྟགས་འགོག་གཅིག་ཁོ་ན་ཡིན་ནམ་ཞེ་ན། སོ་སོ་སོ་སོ་ཡིན་ཏེ་ལྡན་པའི་རྫས་རྣམས་ཇི་སྙེད་པ་ལ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་ཡོད་པའི་ཕྱིར། གཞན་དུ་ན། སྡུག་བསྔལ་མཐོང་སྤང་གི་འགོག་པ་སྔོན་དུ་བྱས་པའི་ཚེ། ཀུན་འབྱུང་མཐོང་སྤང་གི་འགོག་པ་ཡང་མངོན་དུ་བྱས་པར་འགྱུར་ལ། དེ་ལྟ་ན་ལམ་ལྷག་མ་བསྒོམ་པ་དོན་མེད་པར་འགྱུར་རོ། །སོ་སོར་བརྟགས་མིན་གྱི་འགོག་པ་ནི་སོ་སོར་བརྟགས་འགོག་ལས་གཞན་སོ་སོར་བརྟགས་པ་མིན་པས་ཐོབ་པའི་འགོག་པ་སྟེ། འདུས་བྱས་ཀྱི་ཆོས་མ་འོངས་པ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའོ། །འོ་ན་འགོག་པའི་སྙོམས་འཇུག་ཀྱང་བརྟགས་མིན་གྱི་འགོག་པར་ཐལ། སེམས་སེམས་བྱུང་མ་འོངས་པ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་ཞེ་ན། རེ་ཞིག་སྐྱེ་བ་ལ་གེགས་བྱེད་ཀྱི་གཏན་དུ་མ་ཡིན་ཏེ། འགོག་སྙོམས་ལས་ལྡང་བའི་ཚེ་སེམས་སེམས་བྱུང་སྐྱེ་བའི་ཕྱིར། རི་བོང་རྭའི་སོ་སོར་བརྟགས་མིན་འགོག་པ་ཡང་ཡོད་པར་ཐལ། གཏན་དུ་སྐྱེ་བ་མེད་པའི་ཕྱིར། ཞེ་ན། རྒྱུ་རྐྱེན་ཚང་ན་སྐྱེ་རུང་དུ་ཡོད་པ་ལས་རྒྱུ་རྐྱེན་མ་ཚང་བས་གཏན་དུ་སྐྱེ་བ་མེད་པ་ལ་འདོད་དགོས་ལ། རི་བོང་གི་རྭ་ལ་རྒྱུ་རྐྱེན་ཚང་མ་ཚང་གི་བྱེ་བྲག་གིས་སྐྱེ་མི་སྐྱེ་བཞག་ཏུ་མེད་དོ། །ངོ་བོ་གང་ཞེ་ན། གནས་སྐབས་ལ་ལར་གཟུགས་གཞན་ལ་བལྟ་ཞིང་ཡིད་ཡེངས་པ་ན་བྱ་རོག་ཏུ་སྣང་བའི་མིག་ཤེས་མི་སྐྱེ་བ་སྟེ། བྱ་རོག་སྣང་རུང་དུ་ཡོད་པ་ན་བལྟ་འདོད་མེད་ལ། བལྟ་འདོད་ཡོད་དུས་དེ་ཕྱོགས་གཞན་དུ་སོང་བ་ན། བྱ་རོག་ལ་ལྟ་བའི་རྒྱུ་རྐྱེན་མ་ཚང་བས། བྱ་རོག་ལ་ལྟ་བའི་མིག་ཤེས་མི་སྐྱེ་བ་ལྟ་བུའོ། །ཡང་བསམ་གཏན་ས་དྲུག་ལ་བརྟེན་ནས་མཐོང་ལམ་སྐྱེ་རུང་དུ་ཡོད་པ་ལ། ཉེར་བསྡོགས་ལ་བརྟེན་པའི་མཐོང་ལམ་སྐྱེས་པའི་ཚེ། ས་གཞན་ལ་བརྟེན་པའི་མཐོང་ལམ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པ་ལྟ་བུ་སྟེ། གང་ཟག་གཅིག་གི་རྒྱུད་ལ་མཐོང་ལམ་ལན་དུ་མ་སྐྱེ་བ་ནི་མེད་ལ། གཅིག་ནི་ཉེར་བསྡོགས་ལ་བརྟེན་ནས་སྐྱེ་བའི་ཕྱིར། གཉིས་པ་རྒྱས་པར་བཤད་པ་ལ། གནས་བརྒྱད་ཀྱིས་སྟོན་པའི་དོན་བརྒྱད་ལས། དང་པོ་ཁམས་བསྟན་པའི་གནས་ཀྱི་དོན་ལ་བཞི་སྟེ། འདུས་བྱས་ཀྱི་རྣམ་བཞག ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག ཆོས་གསུམ་གྱིས་ཐམས་ཅད་བསྡུས་པར་བསྟན་པ། ཁམས་ཀྱི་རྣམ་པའི་རབ་དབྱེའོ། །དང་པོ་ནི། ལམ་མ་གཏོགས་པའི་འདུས་བྱས་རྣམས་ཞེས་གསུམ་པའི་འདུས་བྱས་དེ་དག་གང་ཞེ་ན། འདུས་བྱས་ཀྱི་ཆོས་རྣམས་ཀྱང་གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་ལྔ་པོ་དེ་དག་སྟེ། རྒྱུ་དང་རྐྱེན་འདུས་ནས་བྱས་པའི་ཕྱིར། གལ་ཏེ་གཟུགས་ཀྱང་ཡིན་ལ་ཕུང་པོ་ཡང་ཡིན་པས། གཟུགས་ཀྱི་ཕུང་པོ་ཡིན་ནམ། གཟུགས་དང་འབྲེལ་བའི་ཕུང་པོ་ཡིན་པས་གཟུགས་ཀྱི་ཕུང་པོ་ཡིན། དང་པོ་ལྟར་ན་གཟུགས་རེ་རེ་བ་རྣམས་འདུས་བྱས་མ་ཡིན་པར་ཐལ། གཟུགས་ཀྱི་ཕུང་པོ་ཡང་མ་ཡིན་ལ། ཕུང་པོ་གཞན་བཞི་ཡང་མ་ཡིན་པའི་ཕྱིར། གལ་ཏེ་གཟུགས་ཕུང་ཡིན་ནོ་ཞེ་ན། རེ་རེ་བ་ལ་ཕུང་པོའི་དོན་མེད་དེ། ཕུང་པོའི་དོན་དུ་མ་སྤུངས་པ་ལ་བཤད་པས་སོ། །ཕྱི་མ་ལྟར་ན། གཟུགས་ལས་ལོགས་ཤིག་ཏུ་གཟུགས་ཀྱི་ཕུང་པོ་མེད་ན། ཇི་ལྟར་འབྲེལ་པ་བརྗོད་ཅེ་ན། རྡུལ་ཡན་གར་བ་རེ་རེར་གནས་པ་ནི་མེད་ལ། ཟླ་དང་བཅས་པ་ལ་ཕུང་པོའི་སྒྲ་འཇུག་སྟེ། མི་རེ་རེ་བ་དམག་མ་ཡིན་ཀྱང་ཟླ་དང་བཅས་པ་ལ་དམག་མི་ཞེས་བརྗོད་པ་བཞིན་ནོ། །ཕྱི་མ་ལྟར་ཡང་འགལ་བ་མེད་དེ། གཟུགས་སུ་གྲུབ་པའི་ལུས་ཞེས་བྱ་བ་བཞིན་ནོ། །འདུས་བྱས་དེ་དག་ཉིད་ཀྱི་མིང་གི་རྣམ་གྲངས་ལ། སོང་བ་དང༌། འགྲོ་བ་དང༌། འགྲོ་བར་འགྱུར་བས་སམ། མི་རྟག་པས་ཟ་བས་དུས་དང༌། དོན་དང་བཅས་པའི་གཏམ་ནི་ངག་ཡིན་ལ། གཞི་ནི་མིང་སྟེ། དེ་དང་བཅས་པས་ན་གཏམ་གཞི་ཞེས་བྱའོ། །འདུས་མ་བྱས་ནི་དུས་སུ་མ་གཏོགས་པས་དུས་དང་འབྲེལ་བའི་མིང་དང་འབྲེལ་བ་མེད་པའི་ཕྱིར་རམ། གཏམ་གྱི་རྒྱུ་རྐྱེན་མ་ཡིན་པས་གཏམ་གྱི་བརྗོད་པ་ཉུང་བའི་ཕྱིར་གཏམ་གཞིར་མ་སྨོས་སོ། །ལམ་བདེན་ཡང་གོང་དུ་ངེས་པར་འབྱུང་བ་ལྷག་མེད་ཡོད་པས་ངེས་པར་འབྱུང་བ་དང་བཅས་པར་བྱ་ན། གཞན་རྣམས་ལྟ་ཅི་སྨོས། གཞི་དང་བཅས་པ་ནི་རྒྱུ་དང་བཅས་པའོ། །མདོ་སྡེ་པ་ནི། གཞི་ངོ་བོ་ཉིད་ལ་འདོད་ལ། གསུང་རབ་ཏུ་གཞི་ནི་ངོ་བོ་ཉིད་དང༌། དམིགས་པ་དང༌། ཀུན་ཏུ་སྦྱར་བར་བྱ་བ་དང༌། རྒྱུ་དང་ཡོངས་སུ་གཟུང་བ་སྟེ། དོན་ལྔ་ལ་འཇུག་པར་བཤད་དོ། །ཡང་འདུས་བྱས་གང་དག་ཟག་པ་དང་བཅས་པ་རྣམས་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་པའང་འདོགས་ཏེ། འདིར་ཉེ་བར་ལེན་པ་ནི་ཉོན་མོངས་པ་སྟེ། ཉེ་བར་ལེན་པ་ལས་བྱུང་བས་ཉེ་བར་ལེན་པའི་ཕུང་པོའོ། །དཔེར་ན་རྩྭ་དང་སོག་མ་ལས་བྱུང་བའི་མེ་བཞིན་ནོ། །ཡང་ན་ཉེར་ལེན་ལ་རག་ལས་པའི་ཕྱིར་ཏེ། རྒྱལ་པོའི་མི་བཞིན་ནོ། །ཡང་ན་ཉེར་ལེན་འབྱུང་བའི་དོན་གྱིས་ཏེ། མེ་ཏོག་འབྱུང་བའི་ཤིང་ལ་མེ་ཏོག་གི་ཤིང་ཞེས་པ་བཞིན་ནོ། །མངོན་པ་གོང་མ་ལྟར་འདུན་པ་དང་འདོད་ཆགས་ཁོ་ན་ཉེར་ལེན་དུ་བཤད་ནས། ཉེ་བར་ལེན་པ་དང་ལྡན་པས་ཉེ་བར་ལེན་པའི་ཕུང་པོ་ཞེས་འདོགས་སོ། །འཐབ་པ་ནི་ཉོན་མོངས་པ་ཡིན་ལ། དེ་དང་བཅས་པས་ཟག་བཅས་དེ་དག་ལ་འཐབ་བཅས་ཞེས་ཀྱང་བྱའོ། །འཕགས་པ་རྣམས་དང་མི་མཐུན་པས་སྡུག་བསྔལ་ལོ། །སྡུག་བསྔལ་ཀུན་འབྱུང་བས་ཀུན་འབྱུང་ངོ༌། །ཉོན་མོངས་པའི་དབང་གིས་སྐྱེ་འཇིག་བྱེད་པས་འཇིག་རྟེན་ནོ། །ལྟ་བ་རྒྱས་པར་འགྱུར་བས་ལྟ་བའི་གནས་སོ། །ཡང་སྲིད་པར་འབྱུང་བས་སྲིད་པའང་ཟག་བཅས་དེ་དག་ཡིན་ནོ། །གཉིས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལ་བཞི་སྟེ། ཕུང་ཁམས་སྐྱེ་མཆེད་སོ་སོའི་རང་བཞིན། སྒྲ་འཇུག་པའི་རྒྱུ་མཚན། ཆོས་གསུམ་བསྟན་པའི་དགོས་པ། ཆོས་གསུམ་གྱི་གོ་རིམ་མོ། །དང་པོ་ལ་མདོར་བསྟན་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཞེས་གསུངས་པ་དེ་དག་གང་ཞེ་ན། གཟུགས་ཀྱི་ཕུང་པོ་ནི་མིག་སོགས་དབང་པོ་ལྔ་དང༌། གཟུགས་སོགས་དོན་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། དབང་པོ་ལྔ་ནི་གཟུགས་སོགས་དོན་ལྔ་པོ་དེ་རྣམས་ཀྱི་ཡུལ་ཅན་ནམ། མིག་ལ་སོགས་པའི་དབང་པོ་ལྔ་པོ་དེ་དག་རྣམས་ཀྱི་རྣམ་ཤེས་ཀྱི་རྟེན་གཟུགས་དྭང་བའི་བདག་ཉིད་རྣམས་ནི་མིག་སོགས་དབང་པོ་ལྔའི་ངོ་བོ་ཡིན་ལ། དྭང་བ་ཞེས་པ་ནི། ཆུ་དྭངས་པ་ལ་གཟུགས་བརྙན་འཆར་བ་ལྟར་ཡུལ་གྱི་གཟུགས་བརྙན་སྣང་བས་སོ། །མིག་གི་རྣམ་པར་ཤེས་པའི་རྟེན་ཞེས་སོགས་གསུངས་པ་ནི། འབྲས་བུ་རྣམ་ཤེས་ཀྱི་སྒོ་ནས་རྟེན་གྱི་བྱེ་བྲག་འབྱེད་པའོ། །དོན་ལྔ་བཤད་པ་ལ། དང་པོ་གཟུགས་ལ་མཚན་ཉིད་ནི། རེག་པས་གནོད་པ་བྱར་རུང་བའོ། །དེའི་དོན་ནི། རེག་པའམ་བཅད་པས་རྒྱུན་གྱི་ཁྱད་པར་གཞན་དུ་འགྱུར་བའོ། །འདོད་ཁམས་ཀྱི་གཟུགས་ལ་ནི་རེག་པས་རྒྱུན་ཡོངས་སུ་འགྱུར་བའི་གནོད་པ་ཡོད་ལ། བསམ་གཏན་དང་པོ་གསུམ་གྱི་སྣོད་ཀྱི་གཟུགས་ལ་ནི་མེ་ཆུ་རླུང་གསུམ་གྱི་གནོད་པ་ཡོད་ཅིང༌། དེའི་མཐུས་ནང་གི་གཟུགས་ལ་ཡང་གནོད་པར་འགྱུར་རོ། །བསམ་གཏན་བཞི་པའི་གཟུགས་ནི། གནོད་པ་བྱར་རུང་དང་རིགས་གཅིག་པས་གཟུགས་སུ་བཞག་སྟེ། རིའི་བུད་ཤིང་བཞིན་ནོ། །གཟུགས་ཀྱི་དབྱེ་བ་ནི་རྣམ་པ་གཉིས་ཏེ། ཁ་དོག་དང༌། དབྱིབས་སོ། །དབྱེ་ན་རྣམ་པ་ཉི་ཤུ་སྟེ། སྔོ་སེར་དཀར་དམར་རིང་ཐུང་དང༌། །ལྷམ་པ་ཟླུམ་པོ་མཐོ་དམའ་དང༌། །ཕྱ་ལེ་ཕྱ་ལེ་མིན་པ་དང༌། །སྤྲིན་དང་དུ་བ་རྡུལ་ཁུག་རྣ། །གྲིབ་མ་ཉི་མ་སྣང་མུན་ནོ། །ཁ་དོག་ལ་རྩ་བའི་ཁ་དོག་བཞི་དང༌། ཡན་ལག་གི་ཁ་དོག་བརྒྱད་དོ། །སྒྲ་ནི་འཇིག་ཅིང་རབ་ཏུ་འཇིག་པས་སྒྲ་དེ་རྒྱུན་མེད་པའོ། །དབྱེ་ན་རྣམ་པ་བརྒྱད་ཡོད་དེ། ཟིན་པའི་འབྱུང་བ་དང་མ་ཟིན་པའི་འབྱུང་བ་ལ་བརྟེན་པ་གཉིས་དང༌། དེ་ལ་སེམས་ཅན་དུ་སྟོན་མི་སྟོན་གཉིས་གཉིས་དང༌། དེ་ལ་སྙན་མི་སྙན་གཉིས་གཉིས་ཏེ་བརྒྱད་དོ། །ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་སྟོན་པ་ནི་ཆོས་འཆད་པའི་སྒྲ་ལྟ་བུའོ། །མ་ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་སྟོན་པ་ནི་སྤྲུལ་པས་ཆོས་འཆད་པའི་སྒྲ་ལྟ་བུའོ། །ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་མི་སྟོན་པ་ནི་ཕེག་རྡོབ་པའི་སྒྲ་ལྟ་བུའོ། །མ་ཟིན་པའི་འབྱུང་བ་ལ་བརྟེན་པའི་སྒྲ་སེམས་ཅན་དུ་མི་སྟོན་པ་ནི་བྲག་རལ་བའི་སྒྲ་ལྟ་བུའོ། །རོ་ནི་ནད་བསྡུད་པར་བྱེད་པས་ན་རོ་སྟེ་རྣམ་པ་དྲུག་གོ །མངར་སྐྱུར་ཚ་བ་ལན་ཚ་དང༌། །ཁ་བ་དང་ནི་བསྐ་བའོ། །དྲི་ནི་རྫི་ཕྱོགས་སུ་རྒྱུགས་པས་ན་དྲི་སྟེ་རྣམ་པ་བཞིའོ། །དྲི་ཞིམ་པ་དང་དྲི་ང་བ་གཉིས་ལ་མཉམ་མི་མཉམ་གཉིས་གཉིས་སུ་ཕྱེ་བས་སོ། །རེག་བྱ་ནི་རེག་པར་བྱ་བས་ན་རེག་བྱ་སྟེ། དབྱེ་ན། འབྱུང་བཞི་འཇམ་རྩུབ་ལྕི་ཡང་གྲང༌། །བཀྲེས་སྐོམ་བཅུ་གཅིག་བདག་ཉིད་དོ། །འོ་ན་ཁ་དོག་ཀྱང་རེག་བྱར་ཐལ། རེག་པར་བྱ་བ་ཡིན་པའི་ཕྱིར་ཏེ་མེ་ཏོག་གི་ཁ་དོག་ལ་རེག་པས་ཉམས་པར་སྣང་བའི་ཕྱིར་ཞེ་ན། རྟེན་འབྱུང་བ་ལ་རེག་པ་ན་རྟེན་ཉམས་པས་ཁ་དོག་ཉམས་པ་ཡིན་གྱི། ཁ་དོག་ལ་རེག་པ་མ་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ། ངོ་བོ་ནི་བསྟན་དུ་མེད་ལ་ཐོགས་པའང་མེད་པའི་གཟུགས་ཏེ། མིག་གི་ཡུལ་དུ་བསྟན་དུ་མེད་ཅིང་གོ་ས་གནོན་པའི་མཐུ་མེད་པས་རང་གནས་སུ་གཟུགས་ཅན་གཞན་འབྱུང་བའི་གེགས་མི་བྱེད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་ལྟར་རང་གི་ཀུན་སློང་གཞན་ལ་རིག་པར་མི་བྱེད་པས་རིག་བྱེད་མ་ཡིན་པ་ཞེས་བྱའོ། །འདི་ནི་རང་གི་ཀུན་སློང་མ་གཡེངས་པའི་གནས་སྐབས་ན་ཡོད་པ་ལྟར་གཡེངས་པའི་གནས་སྐབས་ན་ཡང་ཡོད་དེ། དགེ་སློང་ཞེ་སྡང་སྐྱེས་པའི་གནས་སྐབས་ན་ཡང་སོ་སོ་ཐར་པའི་སྡོམ་པ་ཡོད་པ་ལྟ་བུའོ། །སེམས་དང་བཅས་པའི་གནས་སྐབས་ན་ཡོད་པ་ལྟར་སེམས་མེད་པའི་གནས་སྐབས་ན་ཡང་ཡོད་དེ། སྙོམས་འཇུག་གཉིས་ལ་གནས་པ་ལ་ཡོད་པའི་ཕྱིར། གནས་སྐབས་འདི་གཉིས་ལ་མི་དགེ་བའི་རྣམ་པར་རིག་བྱེད་མིན་པ་ནི་མེད་དེ། འདོད་པ་ལས་ཆགས་པ་དང་བྲལ་བའི་ཕྱིར། དགེ་བའི་རིག་བྱེད་མིན་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡང་གནས་སྐབས་འདི་གཉིས་ལ་མེད་དེ། དེ་གཉིས་ནི་སེམས་ཀྱི་རྗེས་འབྲང་ཡིན་པའི་ཕྱིར། དེས་ན་སེམས་མེད་ཀྱི་གནས་སྐབས་ལ་ཡོད་པ་ནི་བར་མ་དགེ་བ་དང་སོ་སོར་ཐར་པས་བསྡུས་པའི་རིག་བྱེད་མིན་པའོ། །འདི་གཟུགས་སུ་ཡོད་པའི་སྒྲུབ་བྱེད་ཅི་ཡོད། རྟེན་གཟུགས་སུ་ཡོད་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་སོགས་ཀྱང་གཟུགས་སུ་འགྱུར་ཏེ། རྟེན་དབང་པོ་གཟུགས་སུ་ཡོད་པའི་ཕྱིར་ཞེ་ན། བརྟེན་ཚུལ་མི་འདྲ་སྟེ། དབང་པོ་རྣམ་ཤེས་སྐྱེ་བའི་སྒོ་ཙམ་ཡིན་ལ། དབྱེར་མེད་པའི་ཚུལ་གྱིས་འཇུག་པ་མ་ཡིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་རྟེན་འབྱུང་བ་དང་དབྱེར་མེད་དུ་འཇུག་པའི་ཕྱིར། འདིར་ནི་འབྱུང་བ་རྒྱུར་བྱས་པའི་དོན་ཏེ། འབྱུང་བས་འབྱུང་འགྱུར་སྐྱེད་པ་ལ་བྱེད་རྒྱུའི་སྒོ་ནས་ཕན་འདོགས་ཚུལ་ལྔ་བྱེད་པར་བཤད་པས་སོ། །གཉིས་པ་གཞུང་གི་དོན་ནི། གནས་སྐབས་ཀྱི་ཁྱད་པར་སེམས་མ་གཡེངས་པ་དང༌། སེམས་ཡོད་པའི་གནས་སྐབས་ན་ཡོད་པར་མ་ཟད། རང་གི་ཀུན་སློང་གཞན་དུ་གཡེངས་ནས་ཀུན་སློང་གཞན་ལ་གནས་པའི་ཚེའང་ཡོད་ལ། སེམས་མེད་པའི་སྙོམས་འཇུག་གཉིས་ལ་གནས་པའི་ཚེ་ཡང་ཡོད་དོ། །ངོ་བོའི་ཁྱད་པར་རྣམ་པར་རིག་བྱེད་ལས་བྱུང་བ་དང༌། ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་དགེ་བ་དང་མི་དགེ་བ་དང་རྗེས་སུ་འབྲེལ་བའི་རྒྱུན་དང་ལྡན་པ་གང་དང༌། ཐོབ་པའི་རྒྱུན་ལ་ཡང་སེམས་ཡོད་མེད་ཀྱི་གནས་སྐབས་གཉིས་ཀར་ཡོད་པ་དང༌། དགེ་བ་དང་མི་དགེ་བ་དང་རྒྱུན་རྗེས་སུ་འབྲེལ་བར་ཡོད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་གསུངས་སོ། །རྣམ་པར་རིག་བྱེད་མིན་པའི་གཟུགས་དེ་ནི་གཟུགས་དང་བྱེད་པའི་རང་བཞིན་ཅན་ཡིན་ཡང་རིག་བྱེད་ལྟར་ཀུན་སློང་གཞན་ལ་རིག་པར་བྱེད་པ་མིན་པའི་གཟུགས་སོ། །བརྗོད་ཅེས་པ་ནི་སློབ་དཔོན་གྱིས་ཚིག་ཏུ་སྟོན་པའོ། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་གསུངས་ན། འབྱུང་བ་གང་ཞེ་ན། འབྱུང་བ་བཞི་པོ་དེ་དག་ནི་འབྲས་གཟུགས་ཀྱི་རྟེན་ནམ་འབྱུང་ཁུངས་སུ་གྱུར་པས་འབྱུང་བ་ཞེས་བྱའོ། །སའི་ཁམས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་སོ། །ཅིའི་ཕྱིར་འབྱུང་བ་ཞེས་བྱ་ཞེ་ན། འབྲས་གཟུགས་ཀྱི་རྟེན་ནམ་འབྱུང་ཁུངས་སུ་གྱུར་པས་སོ། །རང་གི་མཚན་ཉིད་དང་འབྲས་བུའི་གཟུགས་འཛིན་པས་ཁམས་སོ། །གཟུགས་སོགས་དོན་ལྔ་ནི་འབྱུང་བ་ལས་བྱུང་བས་འབྱུང་འགྱུར་ཞེས་བརྗོད་དོ། །འོ་ན་ཚོགས་པ་གཅིག་ན་ཡོད་པའི་འབྱུང་བ་རྣམས་ཀྱང་འབྱུང་འགྱུར་དུ་ཐལ། ཟླའི་འབྱུང་བ་ལས་བྱུང་བའི་ཕྱིར་ཞེ་ན། འབྱུང་བ་རྣམས་རང་གི་རིགས་ཁོ་ན་ལས་འཕེལ་བར་འགྱུར་གྱི། ཟླའི་འབྱུང་བ་གཞན་ལ་བརྟེན་པའི་ཚུལ་གྱིས་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཕན་ཚུན་ལྷན་ཅིག་ཏུ་འབྱུང་འགྱུར་འདོད་པ་མ་ཡིན་ནམ་ཞེ་ན། འབྱུང་བའི་གྲོགས་བྱེད་པ་ཙམ་དུ་ཟད་ཀྱི། དེའི་རྟེན་དུ་མི་འདོད་དོ། །ཁམས་དེ་དག་གི་ལས་ནི་གང་ངོ་བོ་ནི་ཅི་ཞེ་ན། རིམ་པ་བཞིན། འཛིན་པ་དང་སོགས་པས་བསྡུད་པ་དང༌། སྨིན་པ་དང༌། རྒྱས་པར་བྱེད་པའི་ལས་སུ་གྲུབ་ལ། ངོ་བོ་ནི་རིམ་པ་བཞིན། སྲ་བ་དང༌། གཤེར་བ་དང༌། དྲོ་བ་དང༌། གཡོ་བ་རྣམས་ཏེ། ཉིད་ནི་དྲོ་བ་ཁོ་ན་དྲོ་བ་ཉིད། །ཅེས་དངོས་པོའི་རྐྱེན་བྱས་པའོ། །གཡོ་བ་ནི་འབྱུང་བའི་རྒྱུན་གཞན་དུ་སྐྱེད་པའོ། །གསུང་རབ་ཏུ་སའི་ཁམས་དང༌། ས་སོགས་ཀྱང་གསུངས་ན། ས་སོགས་དང་སའི་ཁམས་ལ་ཁྱད་པར་ཅི་ཡོད་ཅེ་ན། འཇིག་རྟེན་གྱི་ཐ་སྙད་དུ་ས་སེར་པོ་དང་གྲུ་བཞི་ལ་སོགས་ཁ་དོག་དང་དབྱིབས་ལ་ས་ཞེས་བརྗོད་ཅིང༌། དེར་མ་ཟད་ཆུ་དཀར་པོ་དང༌། ཟླུམ་པོ་དང༌། མེ་ནི་དམར་པོ་དང་གྲུ་གསུམ་སོགས། ཆུ་མེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཁ་དོག་དང་དབྱིབས་ལ་བརྗོད་དོ། །རླུང་ནི་ཚོགས་ཁམས་གཡོ་བ་ཉིད་ལ་འཇིག་རྟེན་ན་རླུང་ཞེས་འདོགས་ལ། ས་སོགས་དེ་དང་འདྲ་བར་རླུང་སྔོན་པོ་དང་ཟླུམ་པོ་སོགས་ཁ་དོག་དང་དབྱིབས་ལའང་བརྗོད་དོ། །འང་ནི་ཁམས་ལ་འདོགས་པར་མ་ཟད་པའོ། །གཟུགས་ཀྱི་ཕུང་པོ་ཁམས་ལ་འདོགས་པར་མ་ཟད་པའོ། །གཟུགས་ཀྱི་ཕུང་པོའི་ངོ་བོར་བསྟན་པའི་དབང་པོ་ལྔ་དང་དོན་ལྔ་པོ་དེ་དག་ཁོ་ན་ལ་སྐྱེ་མཆེད་རྣམ་པར་བཞག་པ་ན་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་ཁམས་རྣམ་པར་བཞག་པ་ན་གཟུགས་ཅན་གྱི་ཁམས་བཅུར་འདོད་དོ། །ཚོར་བ་ནི་ཡུལ་ཉམས་སུ་མྱོང་བའོ། །མྱོང་བའི་དོན་ཅི། གལ་ཏེ་ཡུལ་རྟོགས་པ་ལ་འདོད་ན་གཞན་སེམས་ཤེས་པའི་མངོན་ཤེས་ཅན་གྱི་རྣལ་འབྱོར་པས་གཞན་གྱི་བདེ་སྡུག་མྱོང་བར་ཐལ། གཞན་གྱི་བདེ་སྡུག་རྟོགས་པའི་ཕྱིར། ཡུལ་མྱོང་བ་ཙམ་ལ་བྱེད་ན། སེམས་བྱུང་གཞན་རྣམས་ཀྱང་ཚོར་བར་ཐལ་ལོ་ཞེ་ན། རང་ཡུལ་བདེ་སྡུག་བཏང་སྙོམས་གསུམ་གང་རུང་དུ་རང་གི་ངོ་བོའི་ཚུལ་དུ་མྱོང་བ་ལ་འདོད་པས་སྐྱོན་མེད་དོ། །དབྱེ་བ་ནི། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་སོགས་དྲུག་གོ །འདུ་ཤེས་ནི་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་བྱེ་བྲག་ཏུ་འཛིན་པའི་བདག་ཉིད་དོ། །ཆོས་རྣམས་ལ་གཞན་དང་མ་འདྲེས་པར་འབྱེད་པའི་ཐུན་མོང་མ་ཡིན་པའི་མཚན་མ་རེ་ཡོད་དེ། གལ་ཏེ་མེད་ན་ནམ་མཁའ་ལྟར་རོ་གཅིག་པས་ཁྱད་པར་མི་ཕྱེད་པར་འགྱུར་བའི་ཕྱིར་རོ། །དེས་ན་ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་བྱེ་བྲག་འབྱེད་པ་ལ་མཚན་མར་འཛིན་པ་ཞེས་བརྗོད་དོ། །དབྱེ་ན་འདུ་ཤེས་ཀྱི་ཚོགས་དྲུག་སྟེ། ཚོར་བ་བཞིན་ནོ། །འདུ་བྱེད་ནི་ཕུང་པོ་གཞན་བཞི་ལས་རྫས་གཞན་པའི་འདུས་བྱས་སོ། །ཅིའི་ཕྱིར་འདུ་བྱེད་ཅེས་བྱ་ཞེ་ན། སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་ལ་གཙོ་བོར་གྱུར་པའོ། །ལྡན་མིན་འདུ་བྱེད་ཀྱང་དེ་དག་གི་གནས་སྐབས་ཀྱིས་བསྡུས་པས་འདུ་བྱེད་དུ་འདོད་དོ། །ཕུང་པོ་དེ་གསུམ་དང༌། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་འདུས་མ་བྱས་གསུམ་པོ་རྣམས་དང་བཅས་པའི་ཆོས་བདུན་ནི། སྐྱེ་མཆེད་དང་ཁམས་རྣམ་པར་བཞག་པ་ན་ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་བྱའོ། །རྣམ་ཤེས་ནི་ཡུལ་དང་ཡུལ་ཅན་ལ་སོ་སོར་རྣམ་པར་རིག་པ་སྟེ། མིག་གི་རྣམ་ཤེས་ལ་སོགས་པ་དྲུག་གོ །འོ་ན་སེམས་བྱུང་རྣམས་ཀྱང་རྣམ་ཤེས་སུ་ཐལ། ཡུལ་སོ་སོར་རིག་པའི་ཕྱིར་ཞེ་ན། རྣམ་ཤེས་ནི་ཡུལ་ལ་དམིགས་ནས་དེའི་རྣམ་པ་ཙམ་འཛིན་པ་ཡིན་ཅིང༌། གཙོ་བོར་ཡུལ་སོ་སོར་ངེས་པ་ལ་རང་སྟོབས་ཀྱིས་འཇུག་པ་ཡིན་ལ། སེམས་བྱུང་རྣམས་ནི་གཙོ་བོའི་རྗེས་སུ་འབྲངས་ནས་ཡུལ་ལ་འཇུག་པ་ཡིན་གྱི། རང་དབང་དུ་ཡུལ་ཡོངས་སུ་སྤྱོད་པའི་ནུས་པ་མེད་པའི་ཕྱིར། སོ་སོར་རྣམ་པར་རིག་པ་ཞེས་མ་བསྟན་ཏོ། །དཔེར་ན། མིག་གི་རྣམ་ཤེས་ནི་མིག་གི་དབང་པོ་ཁོ་ན་ལ་བརྟེན་ཅིང་ཡུལ་གཟུགས་ཁོ་ན་ལ་འཇུག་ལ། ཚོར་བ་ལ་སོགས་པའི་སེམས་བྱུང་རྣམས་གཙོ་བོར་མིག་ཤེས་ཀྱི་འཁོར་དུ་བྱུང་བའི་དབང་གིས་མིག་ལ་བརྟེན་པ་དང་གཟུགས་ལ་ལོངས་སྤྱོད་ཀྱི། ཉན་ཤེས་ཀྱི་འཁོར་དུ་བྱུང་བའི་ཚེ་མིག་ལ་མི་བརྟེན་ཅིང་གཟུགས་ལ་མི་འཇུག་པས། མིག་ལ་བརྟེན་པ་དང་གཟུགས་ཁོ་ན་ལ་སྤྱོད་པའི་ཐ་སྙད་ཀྱིས་མ་བརྗོད་དོ། །དཔེར་ན། གྲོང་དཔོན་ནི་གྲོང་ལ་རང་དབང་བའི་ཚུལ་གྱིས་ལོངས་སྤྱོད་ལ། འཁོར་རྣམས་ཀྱིས་གྲོང་དཔོན་ལ་བརྟེན་པའི་དབང་གིས་གྲོང་ལ་ལོངས་སྤྱོད་ཀྱི། རང་དབང་དུ་མིན་པས་གྲོང་དེའི་བདག་པོར་མི་བརྗོད་པ་བཞིན་ནོ། །མིག་ཤེས་ནི་མིག་གི་དབང་པོ་དང་གཟུགས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ལ། སེམས་བྱུང་རྣམས་ནི་རེས་འགའ་མིག་ཤེས་དང༌། རེས་འགའ་ཉན་ཤེས་ཀྱི་ཡུལ་དུའང་འགྱུར་བས་དེ་དག་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱེད་པར་མ་ངེས་པས། མིག་གི་རྣམ་ཤེས་ལྟར་མིག་ལ་བརྟེན་པ་དང་གཟུགས་ལ་སྤྱོད་པའི་གཙོ་བོ་མ་ཡིན་ནོ། །རྣམ་ཤེས་དེ་སྐྱེད་བྱེད་རྣམ་པར་བཞག་པ་ན་ཡིད་ཀྱི་སྐྱེད་བྱེད་ཀྱང་ཡིན་ལ། ཁམས་རྣམ་པར་བཞག་པ་ན་ཁམས་བདུན་དག་ཏུའང་འདོད་པ་སྟེ། བདུན་གང་ཞེ་ན། མིག་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་དྲུག་དང་ཡིད་ཀྱི་ཁམས་སོ། །རྣམ་ཤེས་ཚོགས་དྲུག་ལས་གཞན་པའི་ཡིད་ཀྱི་ཁམས་དེ་གང་ཞེ་ན། ཚོགས་དྲུག་ལས་རྫས་གཞན་ནི་མེད་ཀྱི་དྲུག་པོ་འགགས་མ་ཐག་པ་ཡི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་ལ་ཡིད་ཀྱི་ཁམས་ཞེས་བྱའོ། །དྲུག་པོ་ཞེས་སྨོས་པས་རྣམ་ཤེས་དྲུག་ཀ་ལ་ཡོད་པར་བསྟན་ཏོ། །འདས་པ་ཞེས་སྨོས་པ་ནི་རྣམ་ཤེས་ད་ལྟར་བ་དང་ཁྱད་པར་འབྱེད་པ་སྟེ། ད་ལྟར་བ་ལ་རྣམ་ཤེས་དང༌། འདས་པ་ལ་ཡིད་ཀྱི་དབང་པོ་ཞེས་བསྟན་པའོ། །འདས་མ་ཐག་པ་ཞེས་སྨོས་པ་ནི། འདས་མ་ཐག་པའི་ཡིད་ཡིན་གྱི་འདས་ནས་ཡུན་རིང་པོ་ལོན་པའི་ཡིད་མ་ཡིན་པའི་དོན་ནོ། །འོ་ན་རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར། རྫས་སུ་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་རོ་ཞེ་ན། རྣམ་པར་ཤེས་པ་གཞན་ལྔ་ལ་རྟེན་རེ་རེ་ཡོད་པ་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལའང་རྟེན་དགོས་པས་དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་སྒྲུབ་པའི་ཕྱིར། འདས་པ་དང་ད་ལྟར་བའི་ཁྱད་པར་ཕྱེ་ནས་འདས་པའི་ཆ་ལ་ཡིད་ཀྱི་ཁམས་ཞེས་བཞག་པས་ན་ཁམས་བཅོ་བརྒྱད་དག་ཏུ་འདོད་དོ། །མདོར་བསྡུ་ན་གཟུགས་ཀྱི་ཕུང་པོ་དང༌། ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་གཅིག་གིས་ནི་ཆོས་ཐམས་ཅད་བསྡུས་ཏེ། གཟུགས་ཀྱི་ཕུང་པོས་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང༌། ཁམས་བཅུ་བསྡུས་ལ། ཡིད་ཀྱི་སྐྱེ་མཆེད་ཀྱིས་རྣམ་ཤེས་ཀྱི་ཕུང་པོ་དང་སེམས་ཁམས་བདུན་བསྡུས་ཤིང༌། ཆོས་ཁམས་ཀྱི་ཚོར་འདུ་འདུ་བྱེད་དེ་གསུམ་དང༌། རིག་བྱེད་མ་ཡིན་པའི་གཟུགས་དང་ཆོས་ཀྱི་སྐྱེ་མཆེད་བསྡུས་པས་སོ། །ཇི་ལྟར་བསྡུས་ཤེ་ན། རང་གི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་བསྡུས་ཏེ། རང་ལས་དོན་གཞན་གྱི་དངོས་པོ་རང་གི་བསྡུ་བྱ་དང་མི་ལྡན་པའི་ཕྱིར། མིག་དང་རྣ་བ་སོགས་ལ་གཉིས་གཉིས་ཡོད་པས་ཁམས་བཅོ་བརྒྱད་ལས་མང་བར་མི་འགྱུར་རམ་ཞེ་ན། མིག་ལ་སོགས་པ་གཉིས་གཉིས་ཡོད་མོད་ཀྱི་མིག་གི་རིགས་སུ་གཅིག་པ་དང༌། སྤྱོད་ཡུལ་གཟུགས་སུ་གཅིག་པ་དང་འབྲས་བུ་རྣམ་པར་ཤེས་པ་རིགས་འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད་དུ་རྣམ་པར་བཞག་གོ །སོགས་པས་བསྡུས་པ་རྣ་བ་དང་སྣ་ལ་ཡང་སྦྱར་རོ། །ཅིའི་ཕྱིར་གཉིས་གཉིས་སུ་འབྱུང་ཞེ་ན། རྟེན་མཛེས་པར་བྱ་བའི་ཕྱིར་དུ་ལས་ཀྱི་དབང་གིས་གཉིས་གཉིས་སུ་བྱུང་ངོ༌། །གཉིས་པ་སྒྲ་འཇུག་པའི་དོན་ནི། ཕུང་པོའི་དོན་ནི་དུ་མ་སྤུངས་པ་སྟེ། མདོར་ན་གཟུགས་གང་ཅི་ལའང་རུང༌། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གི་འམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བའམ། ཉེ་བ་ན་ཡོད་པ་དེ་ཐམས་ཅད་ཀྱང་གཅིག་ཏུ་བསྡུས་ཏེ། གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་དང༌། རྣམ་ཤེས་ཀྱི་བར་དུའང་དེ་བཞིན་དུ་གསུངས་སོ། །དེ་ལ་དུས་ཀྱི་སྒོ་ནས་དང་པོ་གསུམ་མོ། །རྒྱུའི་སྒོ་ནས་ཕྱི་ནང་གཉིས་སོ། །རྣམ་པའི་སྒོ་ནས་ཕྲ་རགས་གཉིས་སོ། །བཟང་ངན་གྱི་སྒོ་ནས་ངན་པ་དང་གྱ་ནོམ་པའོ། །ཡུལ་གྱི་སྒོ་ནས་ཐག་ཉེ་རིང་གཉིས་སོ། །བྱེ་བྲག་ཏུ་སྨྲ་བ་ནི། གཟུགས་རེ་རེ་བ་ཡང་ཕུང་པོར་འདོད་པས་ཕུང་པོ་རྫས་ཡོད་དུ་འདོད། སློབ་དཔོན་གྱིས་ནི། གཅིག་པུ་ལ་སྤུངས་པའི་དོན་མེད་པས་ཕུང་པོའི་དོན་མི་གནས་ཤིང༌། མདོ་ལས། ཐམས་ཅད་གཅིག་ཏུ་བསྡུས་ནས་ཞེས་པ་དང་ཡང་འགལ་བས། ཕུང་པོ་བཏགས་ཡོད་དུ་བཞེད་དོ། །སྐྱེ་མཆེད་ཀྱི་དོན་ནི་སེམས་དང་སེམས་བྱུང་རྣམས་སྐྱེ་ཞིང་མཆེད་པར་བྱེད་པའི་སྒོའོ། །འོ་ན་འདུས་མ་བྱས་སྐྱེ་མཆེད་མ་ཡིན་པར་ཐལ། ཞེ་ན། དམིགས་པར་བྱེད་པའི་སྒོ་ནས་སེམས་དང་སེམས་བྱུང་རྣམས་མཆེད་པར་བྱེད་པའོ། །ཁམས་ཀྱི་དོན་ནི་རིགས་ཏེ་འབྱུང་གནས་སོ། །འདུས་མ་བྱས་ཀྱང་དམིགས་པའི་སྒོ་ནས་སེམས་དང་སེམས་བྱུང་གི་འབྱུང་གནས་ཡིན་པས་ཁམས་སུ་འཐད་དོ། །རིགས་ཀྱི་དོན་རང་བཞིན་ལ་འདོད་ན། ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱང་རང་རང་གི་མཚན་ཉིད་འཛིན་པས་ཁམས་སོ། །ཡང་ན་འདུ་བྱས་རྣམས་ནི་རང་རང་གི་རིགས་འདྲ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པ་དང༌། རང་རང་གི་མཚན་ཉིད་འཛིན་པས་ཁམས་སོ། །འདུས་མ་བྱས་རྣམས་ནི་རང་གི་མཚན་ཉིད་འཛིན་པའི་སྒོ་ནས་སོ། །གསུམ་པ་ཆོས་གསུམ་བསྟན་པའི་དགོས་པ་ནི། གདུལ་བྱ་རྣམས་ཀྱི་རྨོངས་པ་སེམས་བྱུང་དང་གཟུགས་དང་གཟུགས་སེམས་གཉིས་ཀ་ལ་རིལ་པོར་འཛིན་པ་གསུམ་སྤངས་ཕྱིར་དང༌། དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་ཕྱིར་དང༌། ཚིག་རྒྱས་འབྲིང་བསྡུས་པ་འདོད་པ་གསུམ་གྱི་ཕྱིར་ཕུང་པོ་དང་སོགས་པ་སྐྱེ་མཆེད་དང་ཁམས་ཏེ་ཆོས་གསུམ་བསྟན་པ་ཡིན་ནོ། །ཅིའི་ཕྱིར་སེམས་བྱུང་རྣམས་ལས་ཚོར་འདུ་གཉིས་ཕུང་པོ་ལོགས་ཤིག་ཏུ་སྟོན་ཅེ་ན། སེམས་བྱུང་རྣམས་ལས་ཚོར་བ་དང་འདུ་ཤེས་གཉིས་ལོགས་ཤིག་ཏུ་ཕུང་པོར་བསྟན་པའི་རྒྱུ་ནི། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ཀྱི་རྩོད་པའི་རྩ་བར་གྱུར་པའི་ཕྱིར་ཏེ། འདོད་པ་ལ་ཞེན་པ་དང༌། ལྟ་བ་ལ་ཞེན་པ་གཉིས་ཀྱི་རྒྱུ་བྱེད་པས་སོ། །དེའི་དབང་གིས་འཁོར་བའི་རྒྱུའི་གཙོ་བོར་གྱུར་པའི་ཕྱིར་དང༌། ཕུང་པོ་ལྔའི་གོ་རིམ་སྟོན་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་རྣམས་ནི་སྐྱེ་མཆེད་དང་ཁམས་ཀྱིས་བསྡུས་ལ་ཕུང་པོར་མ་བསྡུས་པ་ཅི་ཞེ་ན། འདུས་མ་བྱས་ཆོས་ཅན། ཕུང་པོ་དག་ཏུ་མ་བཤད་དེ། སྤུངས་པའི་དོན་དུ་མི་རུང་བའི་ཕྱིར། བཞི་པ་ཆོས་གསུམ་གྱི་གོ་རིམ་ལ། དང་པོ་ཕུང་པོའི་གོ་རིམ་ནི། གཟུགས་ནི་གཙོ་བོར་ཐོགས་པ་དང་བཅས་པའི་ཕྱིར། ཐམས་ཅད་ལས་རགས་ཤིང་མིང་གཞིའི་ཕུང་པོའི་ནང་ནས་ཚོར་བ་རྒྱུ་བ་རགས་པ་སོགས་སྔ་མ་སྔ་མ་ཆེས་རགས་པ་དང༌། འཁོར་བ་ཐོག་མ་མེད་པ་ནས་ཕོ་མོ་དག་ཕན་ཚུན་གཟུགས་ལ་ཆགས་ཤིང་དེ་ཡང་ཚོར་བའི་རོ་མྱང་བ་ལས་བྱུང་ལ་དེ་ལ་ཆགས་པས་ཀྱང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་དང༌། དེ་ཡང་ཀུན་ནས་ཉོན་མོངས་པ་དག་གིས་བྱས་པས་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པའི་རིམ་པའོ། །ཡང་ན་གཟུགས་སོགས་ལྔ་རིམ་པ་ལྟར་སྣོད་དང་ཟས་དང་བྱན་པ་དང་བྱན་པོ་དང་ཟ་བ་པོ་ལྟ་བུའི་དོན་གྱི་རིམ་པས་སོ། །ཡང་འདོད་ཁམས་ནི་འདོད་པའི་ཡོན་ཏན་གྱི་གཟུགས་ཀྱིས་རབ་ཏུ་ཕྱེ་ལ། བསམ་གཏན་པ་རྣམས་ནི་ཚོར་བ་དང༌། གཟུགས་མེད་དང་པོ་གསུམ་ནི་འདུ་ཤེས་དང༌། སྲིད་རྩེ་འདུ་བྱེད་ཀྱིས་རབ་ཏུ་ཕྱེ་ཞིང་ཐམས་ཅད་ལ་ཡང་རྣམ་ཤེས་གནས་པས་ཁམས་ཇི་ལྟ་བ་བཞིན་གྱི་རིམ་པའང་ཡིན་ནོ། །དབང་པོའི་ཁམས་དང་སྐྱེ་མཆེད་དྲུག་གི་གོ་རིམ་བསྒྲུབས་པས་རྣམ་ཤེས་ཀྱི་གོ་རིམ་ཡང་འགྲུབ། དབང་པོའི་གོ་རིམ་ནི་ད་ལྟའི་དོན་ཡུལ་དུ་བྱེད་པའི་ཕྱིར་དང་པོ་མིག་སོགས་ལྔ་སྨོས་ལ་ཡིད་ནི་ཡུལ་དུས་གསུམ་པ་དང་དུས་མ་ཡིན་པའི་ཡུལ་ཅན་ཡིན་པས་ཕྱིས་སྨོས་སོ། །དབང་པོ་ལྔ་ལས་ཀྱང་འབྱུང་བ་ལས་གྱུར་པའི་དོན་ཡུལ་དུ་བྱེད་པའི་ཕྱིར། མིག་རྣ་བ་སྣ་ལྕེ་བཞི་དང་པོར་སྨོས་ལ། ལུས་ནི་འབྱུང་བ་དང་འབྱུང་འགྱུར་གྱི་ཡུལ་ཅན་ཡིན་པས་ཕྱི་མ་སྨོས་སོ། །དེ་བཞི་ལས་ཀྱང་མིག་རྣ་གཉིས་ཆེས་རིང་བ་ལ་འཇུག་པས་སྔར་སྨོས་ལ། དེ་གཉིས་ཀྱི་ཡང་མིག་ནི་ཆེས་རིང་བ་ལ་འཇུག་པས་སྔར་སྨོས་ཏེ། ཆུ་ཀླུང་རྒྱང་རིང་པོ་ནས་མཐོང་ཡང་དེའི་སྒྲ་མི་ཐོས་པའི་ཕྱིར་ཞེས་ཏེ། ཕལ་ཆེ་བའི་དབང་དུ་བྱས་པའོ། །སྣ་ལྕེ་གཉིས་ལས་སྣ་མྱུར་བར་འཇུག་པའི་ཕྱིར་སྔར་སྨོས་ཏེ། ཟས་ལྕེ་དང་མ་ཕྲད་པར་དྲི་ཚོར་བའི་ཕྱིར། ཡང་ན་ལུས་འདི་ལ་རྟེན་ཇི་ལྟར་གནས་པའི་རིམ་པ་བཞིན་ལུས་འདི་ལ་མིག་གི་རྟེན་སྟེང་ན་གནས་སོ། །དེའི་འོག་ན་རྣ་བའི་འོ། །དེའི་འོག་ན་སྣའི་འོ། །དེའི་འོག་ན་ལྕེའི་འོ། །ལུས་ཀྱི་ནི་ཕལ་ཆེར་དེའི་འོག་ནའོ། །ཡིད་ནི་དེ་དག་ལ་བརྟེན་པ་དང༌། ཡུལ་ལ་མི་གནས་པའི་ཕྱིར་ཏེ་དེ་དག་གི་གོ་རིམ་ནི་ཇི་ལྟར་གནས་པའི་རིམ་པ་བཞིན་ཡིན་ནོ། །འོ་ན་མིག་སོགས་བཅུ་ཅར་གཟུགས་ཡིན་ཡང་མིག་གི་ཡུལ་ཁོ་ན་ལ་གཟུགས་ཞེས་དང༌། ཐམས་ཅད་ཆོས་ཡིན་ཡང་ཐ་མ་ཁོ་ན་ལ་ཆོས་ཞེས་བརྗོད་པ་ཅི་ཞེ་ན། གཞན་ལ་མིང་སོ་སོར་བཏགས་པས་བྱེ་བྲག་གི་དོན་དང༌། བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པས་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་དང༌། སྔ་མ་ལྟར་སྤྱི་མིང་བྱེ་བྲག་ལ་བཏགས་པའི་དོན་དང༌། ཚོར་བ་སོགས་ཆོས་མང་པོ་དང༌། ཆོས་ཀྱི་མཆོག་མྱ་ངན་ལས་འདས་པའང་བསྡུས་པའི་ཕྱིར། མིག་གི་ཡུལ་གཅིག་པུ་ནི་གཟུགས་ཀྱི་སྐྱེ་མཆེད་དང༌། སྐྱེ་མཆེད་ཐ་མ་གཅིག་པུ་ནི་ཆོས་ཞེས་བྱ་བར་བརྗོད་དོ། །གསུམ་པ་ཆོས་གསུམ་གྱིས་ཐམས་ཅད་བསྡུས་པར་བསྟན་པ་ལ་གསུམ་སྟེ། ཆོས་ཀྱི་ཕུང་པོ་བསྡུ་བ་དང༌། ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བ། ཞར་ལ་ཁམས་གཉིས་ཀྱི་ངོ་བོའོ། །དང་པོ་ནི། མདོ་ལས་ཕུང་ཁམས་སྐྱེ་མཆེད་གཞན་ཡང་གསུངས་པ་དེ་རྣམས་འདི་རྣམས་ལས་ཐ་དད་དམ་ཞེ་ན། འདི་རྣམས་ཉིད་ཀྱིས་བསྡུས་ཏེ། རེ་ཞིག་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གང་རྣམས་ཐུབ་པས་གསུངས་པ་དེ་རྣམས་མངོན་པའི་མདོ་སྡེ་པ་ལྟར་ན་ཚིག་སྟེ་ངག་གི་རིག་བྱེད་ཡིན་པས་གཟུགས་ཕུང་གིས་བསྡུས་ཏེ། སྒྲའི་སྐྱེ་མཆེད་ནི་གཟུགས་ཕུང་གིས་བསྡུས་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བ་ལྟར་ན། མིང་ཡིན་ཏེ། ཆོས་ཕུང་ནི་དོན་སྟོན་བྱེད་ཡིན་ཞིང་ངག་མིང་ལ་འཇུག་ལ་མིང་ནི་དོན་བརྗོད་པའོ། །དེས་ན་འདུ་བྱེད་དུ་འདུས་ཏེ། མིང་ནི་འདུ་བྱེད་ཕུང་པོས་བསྡུས་པའི་ཕྱིར་རོ། །རྒྱལ་པོ་སྲས་དང་གང་སྤེལ་དུ་ཆོས་མངོན་པ་བ་རྣམས་སངས་རྒྱས་ཀྱི་གསུང་མིང་ཚིག་གཉིས་ཀའི་རང་བཞིན་དུ་འདོད་ཅེས་པ་ལྟར་ན། གཟུགས་ཀྱི་ཕུང་པོ་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ཀས་བསྡུས་པའོ། །རིགས་པའི་མདོ་སྡེ་པ་ནི་འཆད་འཇུག་གཉིས་ལས། འཆད་པའི་ཚེ་དོན་རྗོད་བྱེད་ཀྱི་སྒྲ་སྤྱི་དང༌། འཇུག་པའི་ཚེ་སྒྲ་སྤྱི་ལ་རང་མཚན་དུ་འཁྲུལ་པའི་སྒྲར་བཞེད་དོ། །ཆོས་ཕུང་གི་ཚད་ཇི་ཙམ་ཞེ་ན། ཁ་ཅིག་ཆོས་ཀྱི་ཕུང་པོ་ཞེས་བྱ་བའི་བསྟན་བཅོས་ཀྱི་ཚད་ཤླཽ་ཀ་དྲུག་སྟོང་ཡོད་པ་ཙམ་རེར་ཆོས་ཕུང་རེའི་ཚད་ཅེས་ཟེར་ལ། གཞན་དག་ན་རེ་ཕུང་པོ་དང་སོགས་པ་ཁམས་སྐྱེ་མཆེད་རྟེན་འབྱུང་བདེན་པ་ལ་སོགས་པའི་གཏམ་རྫོགས་པ་རེ་ཆོས་ཕུང་རེའི་ཞེས་ཟེར་རོ། །རང་ལུགས་དགོས་ཆེད་ཀྱི་སྒོ་ནས་ཚད་བསྟན་པ་ནི། སེམས་ཅན་རྣམས་ཀྱི་སྤྱོད་པ་དུག་གསུམ་དང་ང་རྒྱལ་ལ་སོགས་ལ་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་པོ་རྣམས་ཀྱི་གཉེན་པོར་ཆོས་ཀྱི་ཕུང་པོ་ཡང་མི་མཐུན་ཕྱོགས་ལ་སྤྱོད་པའི་གྲངས་དང་མཐུན་པར་བརྒྱད་ཁྲི་གསུངས་སོ། །སྡེ་པ་གཞན་གྱི་ལུང་ལས་ནི་བརྒྱད་ཁྲི་བཞི་སྟོང་ཞེས་འབྱུང་ངོ༌། །གཉིས་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ཕུང་པོར་བསྡུས་པ་དེ་བཞིན་དུ་མདོ་གཞན་ལས་གཞན་ཡང་ཅི་རིགས་པར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་འབྱུང་བ་རྣམས་རང་རང་གི་མཚན་ཉིད་ལེགས་པར་དཔྱད་དེ་ཇི་སྐད་བཤད་པའི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོར་བསྡུ་བར་བྱ་སྟེ། ཕུང་པོའི་མིང་ཅན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ལས་དང་པོ་ལུས་ངག་གི་ལས་ཡིན་པས་གཟུགས་ཕུང་དང༌། ལྷག་མ་སེམས་བྱུང་ཡིན་པས་འདུ་བྱེད་ཕུང་པོས་བསྡུས་པ་སོགས་དང༌། ཟད་པར་གྱི་སྐྱེ་མཆེད་དང་པོ་བརྒྱད་མ་ཆགས་པ་ཡིན་པས་ཆོས་ཀྱི་སྐྱེ་མཆེད་དང༌། ཕྱི་མ་གཉིས་དང་གཟུགས་མེད་ཀྱི་སྐྱེ་མཆེད་བཞི་ནི་སེམས་དང་སེམས་བྱུང་གི་ངོ་བོ་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པ་སོགས་དང༌། འདོད་པ་དང་གནོད་སེམས་དང་རྣམ་འཚེའི་ཁམས་ནི་སེམས་བྱུང་ཡིན་པས་ཆོས་ཁམས་ཀྱིས་བསྡུས་པ་སོགས་སོ། །གསུམ་པ་ནི། འོ་ན་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་གསུངས་པས་ན་ནམ་མཁའ་ཉིད་ནམ་མཁའི་ཁམས་དང༌། རྣམ་ཤེས་ཐམས་ཅད་རྣམ་ཤེས་ཀྱི་ཁམས་ཡིན་ནམ་ཞེ་ན། སྔ་མ་བཞི་བཤད་ཟིན་ཅིང་རེག་བྱའི་ཁམས་སུ་འདུས་པས་མ་བྲིས་སོ། །སྐར་ཁུང་ཁ་སྣ་སོགས་ཀྱི་བུ་ག་ནི་ནམ་མཁའི་ཁམས་ཞེས་བྱའོ། །བུ་ག་ཅི་ཞེ་ན། ཉིན་པར་སྣང་བ་དང་མཚན་མོ་མུན་པའི་རང་བཞིན་ཡིན་པས་གཟུགས་ཀྱི་ཁམས་ཀྱིས་བསྡུས་སོ། །ལོ་ཞེས་པ་མདོ་སྡེ་པ་ཐོགས་བཅས་ཀྱི་གཟུགས་མེད་ཙམ་གྱིས་རབ་ཏུ་ཕྱེ་བའི་འདུས་མ་བྱས་ལ་ནམ་མཁའི་ཁམས་སུ་བརྗོད་པས། ཆོས་ཁམས་སུ་འདུས་པར་སྟོན་པའོ། །ཟག་པ་དང་བཅས་པའི་རྣམ་ཤེས་ཁོ་ན་ནི་འདིར་རྣམ་ཤེས་ཀྱི་ཁམས་ཡིན་ནོ། །ཅིའི་ཕྱིར་ཟག་མེད་ཀྱི་རྣམ་ཤེས་ལ་མི་བྱ་ཞེ་ན། ཁམས་དྲུག་ནི་ཉིང་མཚམས་སྦྱོར་བ་ནས་འཆི་བའི་བར་གྱི་སེམས་སྐྱེ་བའི་རྟེན་ཡིན་ལ་ཟག་མེད་ནི་དེ་ལྟ་མ་ཡིན་པས་སོ། །བཞི་པ་ཁམས་ཀྱི་རྣམ་པའི་རབ་དབྱེ་ལ་བདུན་ཏེ། གཉིས་ཚན་དང༌། གསུམ་ཚན་དང༌། བཅས་མ་བཅས་དང༌། གཟུགས་ཅན་གྱི་དབྱེ་བ་དང༌། བྱུང་བ་གསུམ་དང༌། ཐོབ་པའི་ཁྱད་པར་དང༌། ཕྱི་ནང་ལ་སོགས་པའི་དབྱེ་བའོ། །དེ་ལ་རྣམ་པའི་རབ་དབྱེ་ནི། གདུལ་བྱ་རྣམས་ཆོས་ཀྱི་དབྱེ་བ་ལ་མཁས་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་རྒྱུར་འགྱུར་བའི་ཆེད་དོ། །འདིར་ཁམས་ལ་རྣམ་པའི་རབ་དབྱེ་མཛད་པ་ནི། གཟུགས་དང་སེམས་གཉིས་ཀའི་རབ་དབྱེ་ལ་མཁས་པར་བྱ་བའི་དོན་ནོ། །དང་པོ་གཉིས་ཚན་ནི། ཁམས་བཅོ་བརྒྱད་ལས་ཐོགས་བཅས་བསྟན་དུ་ཡོད་པ་རྣམས་ནི་དུ། བསྟན་དུ་མེད་པ་ནི་དུ་ཞིག་ཅེ་ན། འདི་ནི་འདི་ནའོ་ཞེས་གཞན་ལས་བསྟན་དུ་ཡོད་པ་ནི་འདིར་གཟུགས་ཀྱི་ཁམས་གཅིག་པུ་སྟེ། ལྷག་མ་བཅུ་བདུན་ནི་བསྟན་དུ་མེད་པའོ། །ཁམས་བཅོ་བརྒྱད་ལས་ཐོགས་མེད་དུ་ཞེ་ན། རང་གི་གོ་སར་གཟུགས་ཅན་གཞན་འབྱུང་བའི་གེགས་བྱེད་པས་ཐོགས་པ་དང་བཅས་པ་སྟེ་གཟུགས་ཅན་གྱི་ཁམས་བཅུ་ཉིད་དོ། །སེམས་ཁམས་བདུན་དང་ཆོས་ཁམས་ནི་ཐོགས་མེད་དེ། རྡུལ་ཕྲན་བསགས་པ་མ་ཡིན་པས་སོ། །སྤྱིར་ཐོགས་པ་གསུམ་སྟེ། སྒྲིབ་ཐོགས་དང༌། ཡུལ་ཐོགས་དང༌། དམིགས་ཐོགས་སོ། །འདིར་ནི་སྒྲིབ་ཐོགས་ལ་ཐོགས་བཅས་སུ་བྱས་པའོ། །གསུམ་ཚན་ནི། དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་དུ་ཞེ་ན། ལུང་མ་བསྟན་བརྒྱད་དེ། དགེ་མི་དགེའི་ངོ་བོར་ལུང་དུ་མ་བསྟན་པས་སོ། །འགའ་ཞིག་རྣམ་སྨིན་འདི་འབྱིན་ནོ། །ཞེས་ལུང་བསྟན་དུ་མེད་པ་ལ་འདོད་དོ། །བརྒྱད་པོ་ནི་ཐོགས་བཅས་བཅུ་པོ་དེ་དག་ཉིད་ལས། གཟུགས་སྒྲ་གཉིས་མ་གཏོགས་པའི་ལྷག་མའོ། །བརྒྱད་པོ་ལས་གཞན་ཁམས་ལྷག་མ་བཅུ་པོ་རྣམས་ལ་དགེ་བ་དང་མི་དགེ་བ་དང༌། ལུང་མ་བསྟན་གསུམ་ཀ་ཡོད་དོ། །འདོད་པ་དང༌། གཟུགས་དང༌། གཟུགས་མེད་པར་གཏོགས་པ་དུ་ཞེ་ན། འདོད་ཁམས་སུ་གཏོགས་པ་ཁམས་བཅོ་བརྒྱད་པོ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་ཁམས་བཅུ་བཞི་སྟེ། དྲི་རོ་གཉིས་དང་སྣའི་རྣམ་ཤེས་དང་ལྕེའི་རྣམ་ཤེས་ཀྱི་ཁམས་མ་གཏོགས་པའི་ལྷག་མའོ། །དྲི་རོ་གཉིས་མེད་དེ། ཁམ་ཟས་ལས་འདོད་ཆགས་དང་བྲལ་བའི་ཕྱིར། དམིགས་རྐྱེན་དེ་གཉིས་མེད་པས་ཡུལ་ཅན་སྣ་ལྕེའི་རྣམ་ཤེས་གཉིས་ཀྱང་མེད་དོ། །སློབ་དཔོན་དབྱིག་གཉེན་ནི། སྣ་ལྕེའི་དབང་རྟེན་ཙམ་ཡོད་ཀྱི་དབང་པོའི་ངོ་བོ་མེད་པར་བཞེད་དེ། ཡུལ་དྲི་རོ་མེད་པས་ཡུལ་ཅན་རྣམ་ཤེས་མེད་པའི་རིགས་པ་འདི་ལ་ཡང་མཚུངས་པའི་ཕྱིར། ཞེས་འདོད་དོ། །འཕགས་པ་ཐོགས་མེད་དང་བྱེ་བྲག་ཏུ་སྨྲ་བ་ནི་རྟེན་མཛེས་པ་དང་ཚིག་བརྗོད་པ་ལ་དགོས་པ་དང་སྲེད་པའི་དབང་གིས་འཕངས་པས་སྣ་ལྕེའི་དབང་པོ་ཡོད་པར་འཆད་དོ། །གལ་ཏེ་རྟེན་མཛེས་པ་ནི་དབང་རྟེན་གྱིས་བྱེད་ཀྱི་དབང་པོས་མི་བྱེད་དོ། །ཞེ་ན། དབང་པོ་མེད་ན་དབང་རྟེན་ཡང་མཛེས་པར་མི་འགྱུར་ཏེ། ཤི་བའི་ལུས་བཞིན་ནོ། །དབང་པོ་ལྔ་ལ་སྲེད་པ་ཡོད་པས་སྲེད་པས་འཕངས་པར་ཡང་འཐད་དོ། །གལ་ཏེ་དབང་པོ་ལྔ་ལ་སྲེད་པ་མེད་ན་ཡུལ་གཟུགས་སོགས་ལྔ་ལ་དང་པོ་ནས་ཆགས་པ་དང་བྲལ་ཟིན་པས་གཟུགས་ལ་འདོད་ཆགས་བྲལ་བ་ཉིད་དུ་ཐལ་ལོ། །གཟུགས་མེད་ཁམས་ན་གཟུགས་ཅན་གྱི་ཁམས་བཅུ་དང་སྒོ་ལྔའི་རྣམ་ཤེས་མ་གཏོགས་པ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་མོ། །གསུམ་པ་བཅས་མ་བཅས་ལ། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དུ་ཞེ་ན། ཁམས་ཐ་མ་དེ་གསུམ་ནི་ཟག་བཅས་དང་ཟག་པ་མེད་པ་གཉིས་ཀ་ཡོད་ལ་དེ་གསུམ་མ་གཏོགས་པའི་ལྷག་མ་བཅོ་ལྔ་ནི་མཐའ་གཅིག་ཏུ་ཟག་བཅས་སོ། །རྟོག་དཔྱོད་གཉིས་ཀ་དང་བཅས་པ་དང་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་བཅས་པ་དང༌། རྟོག་དཔྱོད་གཉིས་ཀ་མེད་པ་དུ་ཞེ་ན། རྣམ་པར་ཤེས་པའི་ཁམས་དང་པོ་ལྔ་ནི་རྟོག་དཔྱོད་གཉིས་ཀ་དང་བཅས་པ་སྟེ། ཁ་ཕྱི་རོལ་གྱི་དོན་ལ་བལྟས་པས་སོ། །ཐ་མ་ཡིད་དང་ཆོས་དང་ཡིད་ཤེས་གསུམ་ནི་རྟོག་དཔྱོད་གཉིས་ཀ་དང་བཅས་པ་དང༌། རྟོག་དཔྱོད་གཉིས་ཀ་མེད་པ་དང༌། རྟོག་མེད་དཔྱོད་ཙམ་དང་བཅས་པ་སྟེ་རྣམ་པ་གསུམ་མོ། །དེ་ཡང་འདོད་པ་དང༌། བསམ་གཏན་དང་པོའི་དངོས་བཞི་ཙམ་པོ་ལ་ནི་རྟོག་དཔྱོད་གཉིས་ཀ་དང་བཅས་ལ། ཁྱད་པར་ཅན་ལ་ནི་རྟོག་མེད་དཔྱོད་ཙམ་དང་བཅས་ཤིང༌། དེ་ཡན་ཆད་ཀྱི་ཆོས་གསུམ་ལ་ནི་རྟོག་དཔྱོད་གཉིས་ཀ་མེད་དོ། །ལྷག་མ་གཟུགས་ཅན་བཅུ་པོ་རྣམས་ནི་རྟོག་དཔྱོད་གཉིས་ཀ་དང་ལྡན་པ་སྤངས་སོ། །འོ་ན་ཆོས་མངོན་པ་ལས་རྣམ་པར་ཤེས་པའི་ཁམས་ལྔ་རྟོག་མེད་དུ་བཤད་པ་དང་འགལ་ལོ་ཞེ་ན། རྟོག་པ་གསུམ་ལས་ངོ་བོ་ཉིད་ཀྱི་རྟོག་པ་ཡོད་ཀྱི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་སྟེ། རྟ་རྐང་གཅིག་པ་ལ་རྐང་མེད་ཅེས་པ་བཞིན་ནོ། །རྟོག་པ་ཐ་མ་དེ་གཉིས་ཀྱི་ངོ་བོ་ཅི་ཞེ་ན། དེ་དག་ནི་ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་མཉམ་པར་མ་བཞག་པས་གཡེང་བ་ནི་ངེས་རྟོག་ཡིན་ལ། ཡིད་ཀྱི་དྲན་པ་མཉམ་པར་བཞག་མ་བཞག་ཐམས་ཅད་ནི་རྗེས་སུ་དྲན་པ་ཉིད་དོ། །དམིགས་པ་དང་བཅས་པ་དང་དམིགས་པ་མེད་པ་དུ་ཞེ་ན། དམིགས་བཅས་ནི་སེམས་ཀྱི་ཁམས་བདུན་དང་ཆོས་ཁམས་ཀྱི་ཕྱེད་སེམས་བྱུང་རྣམས་ཀྱང་ངོ༌། །གཟུགས་ཅན་བཅུ་དང་ཆོས་ཁམས་ཀྱི་ལྡན་མིན་འདུ་བྱེད་དང༌། འདུས་མ་བྱས་ནི་དམིགས་པ་མེད་པའོ། །བཞི་པ་གཟུགས་ཅན་གྱི་དབྱེ་བ་ནི། ཟིན་པ་དང་མ་ཟིན་པ་དུ་ཞེ་ན། མ་ཟིན་པ་དགུ་སྟེ། དམིགས་བཅས་བརྒྱད་པོ་དེ་རྣམས་དང་སྒྲ་ཡང་ངོ༌། །ས་སྡེའི་འགྲེལ་པར། དབང་པོ་དང་ཚོགས་པ་ཐ་མི་དད་དུ་གནས་པའི་སྒྲ་དེ་ཟིན་པར་ཡང་བཤད་སྣང་ངོ༌། །དེ་ལས་གཞན་གཟུགས་ཅན་དགུ་པོ་ལ་ནི་ཟིན་མ་ཟིན་རྣམ་པ་གཉིས་ཆར་ཡོད་དེ། འདས་མ་འོངས་ཀྱི་དབང་པོ་ལྔ་དང༌། ད་ལྟར་ལ་ཡང་དབང་པོའི་ཚོགས་པ་སེམས་མེད་པའི་གཟུགས་དང་དྲི་རོ་རེག་བྱ་ཡང་མ་ཟིན་པ་དང༌། ད་ལྟའི་དབང་པོ་དང་དེའི་ཚོགས་པ་ན་ཡོད་པའི་གཟུགས་སོགས་བཞི་ནི་ཟིན་པའོ། །མངོན་པ་གོང་མ་བ་ནི་དབང་པོ་ལྔ་ནི་ཟིན་པ་ཁོ་ནར་འཆད་དོ། །འབྱུང་བ་དང་འབྱུང་འགྱུར་དུ་ཞེ་ན། རེག་བྱའི་ཁམས་ནི་འབྱུང་བ་དང་འབྱུང་འགྱུར་གཉིས་ཀ་ཡིན་ཏེ། ལྷག་མ་གཟུགས་ཅན་གྱི་ཁམས་དགུ་པོ་ནི་འབྱུང་འགྱུར་ཁོ་ན་དང་དེར་མ་ཟད་ཆོས་ཁམས་ཀྱི་ཕྱོགས་གཅིག་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་འབྱུང་འགྱུར་ཉིད་དེ། སེམས་ཀྱི་ཁམས་བདུན་དང་ཆོས་ཁམས་ཕལ་ཆེ་བ་ནི་གཉིས་ཀ་མ་ཡིན་པའོ། །བསགས་པ་དང་བསགས་པ་མིན་པ་དུ་ཞེ་ན། གཟུགས་ཅན་གྱི་ཁམས་བཅུ་ནི་བསགས་པ་ཡིན་ཏེ། རྡུལ་ཕྲ་རབ་འདུས་པས་སོ། །ལྷག་མ་བརྒྱད་ནི་བསགས་པ་མིན་པའོ། །གཅོད་བྱེད་དང་གཅད་བྱ་སོགས་གང་ཞེ་ན། གཅོད་བྱེད་དགྲ་སྟྭ་ལྟ་བུ་དང་གཅད་བྱ་ཤིང་ལྟ་བུ་ཉིད་ནི་ཕྱི་རོལ་གྱི་ཁམས་གཟུགས་དྲི་རོ་རེག་བྱ་བཞི་ཁོ་ན་ཡིན་ལ། གཅོད་བྱེད་དང་གཅད་བྱ་ཁམས་བཞི་ཡིན་པ་དེ་བཞིན་དུ་བསྲེག་བྱ་བུད་ཤིང་ལྟ་བུ་དང་འཇལ་བྱེད་སྲང་ལྟ་བུ་ཡང་ཁམས་དེ་བཞིའོ། །སྲེག་བྱེད་དང་གཞལ་བྱ་ལ་མི་མཐུན་པར་སྨྲ་སྟེ། ཁ་ཅིག་ཁམས་བཞི་ཉིད་དེ་དག་ཏུ་སྨྲ་ལ། ཁ་ཅིག་རྒྱུའི་རེག་བྱ་མེ་དང་འབྲས་བུའི་རེག་བྱ་ལྕི་བ་ཉིད་རིམ་པ་བཞིན་དེ་དག་ཏུ་སྨྲའོ། །གཞན་དབང་པོ་ལྔ་ནི་དྭངས་ཤིང་སྒྲ་ལ་རྒྱུན་མེད་ལ་ཁམས་ཐོགས་མེད་བརྒྱད་རྡུལ་ཕྲན་བསགས་པ་མ་ཡིན་པས། གཅོད་བྱེད་སོགས་མ་ཡིན་ནོ། །ལྔ་པ་བྱུང་བ་གསུམ་ལ་གཉིས་ཏེ། སྤྱིར་བཏང་དང༌། དམིགས་བསལ་ལོ། །དང་པོ་ནི། རྣམ་སྨིན་སྐྱེས་དང༌། རྒྱས་བྱུང་དང༌། རྒྱུ་མཐུན་ལས་བྱུང་བ་དུ་ཞེ་ན། བར་གྱི་ཚིག་མི་མངོན་པར་བྱས་ནས་རྣམ་སྨིན་གྱི་རྒྱུ་ལས་སྐྱེས་པའོ། །འབྲས་བུའི་དུས་སུ་བྱིན་པའི་ལས་ནི་རྣམ་སྨིན་ཏེ་དེ་ལས་སྐྱེས་པའམ། རྒྱུ་དགེ་མི་དགེ་ལ་འབྲས་བུའི་མིང་གིས་བཏགས་ནས་རྣམ་སྨིན་ཞེས་བྱ་ལ། དེ་ལས་སྐྱེས་པས་རྣམ་སྨིན་སྐྱེས་ཞེས་པ་དང༌། གཉིད་དང་ཏིང་ངེ་འཛིན་དང་ཟས་དང་ལེགས་པར་སྦྱར་བ་སྟེ་རྒྱས་པའི་རྒྱུ་བཞི་ལས་བྱུང་བ་མིག་སོགས་ནང་གི་ཁམས་ལྔའོ། །དབང་པོ་ལྔ་ལ་རྣམ་སྨིན་སྐྱེས་དང་རྒྱས་བྱུང་གཉིས་སུ་འདུས་པའི་རྒྱུ་མཐུན་ཡོད་ཀྱང་དེ་གཉིས་ལས་གཞན་པའི་རྒྱུ་མཐུན་ནི་མེད་དེ། ཤི་བ་ལ་མིག་སོགས་རྗེས་སུ་མི་འཇུག་པས་སོ། །དེས་ན་རྒྱུ་མཐུན་ལས་བྱུང་བར་མ་བཤད་དོ། །སྒྲ་ནི་རྒྱས་པ་ལས་བྱུང་བ་དང༌། རྒྱུ་མཐུན་ལས་སྐྱེས་པ་ཡིན་གྱི་རྣམ་སྨིན་ལས་སྐྱེས་པ་མ་ཡིན་ཏེ། འདོད་རྒུར་འབྱུང་བས་སོ། །འོ་ན་གདགས་པ་ལས། ཚིག་རྩུབ་སྤངས་པས་ཚངས་པའི་དབྱངས་འགྲུབ་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་རྣམ་སྨིན་ལས་བརྒྱུད་དེ་འབྱུང་བ་ལ་དགོངས་པ་སྟེ། རྣམ་སྨིན་དངོས་ནི་མགྲིན་པར་ལས་འབྱུང་བ་ཁྱད་པར་ཅན་འགྲུབ་པའོ། །རྒྱུ་མཐུན་ལས་སྐྱེས་པ་ནི་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ཅི་རིགས་པས་བསྐྱེད་པ་ཙམ་ལ་བྱའོ། །ཐོགས་པ་མེད་པ་བརྒྱད་པོ་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་བྱུང་བ་ནི། རྒྱུ་མཐུན་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་ཡོད་ལ། རྒྱས་བྱུང་ནི་མེད་དེ། ཐོགས་མེད་ཡིན་པས་རྒྱས་པའི་རྒྱུས་རྒྱས་པར་བྱར་མེད་པས་སོ། །གཞན་གཟུགས་དང་དྲི་རོ་རེག་བྱ་ལ་བྱུང་བ་རྣམ་པ་གསུམ་ཀ་ཡོད་དེ། རྣམ་སྨིན་སྐྱེས་ནི་ཟིན་པའི་ཆ་ཁོ་ན་ལ་ཡོད་ལ། བྱུང་བ་གཞན་གཉིས་ནི་ཟིན་མ་ཟིན་གཉིས་ཀ་ལ་ཡོད་དོ། །གཉིས་པ་དམིགས་བསལ་ནི། རྟག་པའི་རྫས་དང་ལྡན་པ་ནི་ཆོས་ཁམས་གཅིག་པུ་སྟེ། འདུས་མ་བྱས་ནི་ཆོས་ཁམས་གཅིག་པུས་བསྡུས་པས་སོ། །རྒྱུ་མཐུན་ལས་མ་བྱུང་བ་ནི་ཁམས་ཐ་མ་གསུམ་གྱི་ཆ་སྡུག་བསྔལ་ལ་ཆོས་བཟོད་ཀྱི་ཚོགས་པས་བསྡུས་པའོ། །ཡང་ན་རྟག་རྫས་དང་ལྡན་པ་ནི་གང༌། རྒྱུ་མཐུན་ལས་མ་བྱུང་བ་ནི་གང་ཞེ་ན། རྟག་རྫས་དང་ལྡན་པ་ནི་ཆོས་ཁམས་གཅིག་པུ། རྒྱུ་མཐུན་ལས་མ་བྱུང་བ་ནི་སྡུག་བསྔལ་ཆོས་བཟོད་ཀྱི་སྐད་ཅིག་མའི་ཚོགས་པ་ན་ཡོད་པ་ཁམས་ཐ་མ་གསུམ་གྱི་ཆའོ། །འདུས་བྱས་གཞན་ནི་རྒྱུ་མཐུན་ལས་མ་བྱུང་བ་མེད་དོ། །དྲུག་པ་ཐོབ་པའི་ཁྱད་པར་ནི། གང་མིག་གི་ཁམས་སྔར་མི་ལྡན་པ་ལས་གསར་དུ་ཐོབ་པ་གང་ཡིན་པ་དེས་མིག་ཤེས་ཀྱང་སྔར་མི་ལྡན་པ་ལ་གསར་དུ་ཐོབ་བམ་ཞེ་ན། མིག་དང་མིག་གི་རྣམ་ཤེས་ཀྱི་ཁམས་དག་ལ་སོ་སོར་ཐོབ་པ་དང༌། ལྷན་ཅིག་ཏུ་ཐོབ་པ་དང་ཡང་གི་སྒྲས་གཉིས་ཀ་མ་ཐོབ་པ་ཡང་ཡོད་ཅེས་མུ་བཞིའོ། །མུ་དང་པོ་ནི་གཟུགས་མེད་ནས་ཚེ་འཕོས་ནས་བསམ་གཏན་གཉིས་པ་ཡན་ཆད་ཀྱི་བར་སྲིད་དུ་སྐྱེས་པ་ན་མིག་གསར་དུ་ཐོབ་ཅིང་མིག་གི་ཤེས་པ་དེ་རྣམས་ནི་མེད་པས་མ་ཐོབ་པ་ལྟ་བུའོ། །མུ་གཉིས་པ་ནི་བསམ་གཏན་གཉིས་པ་ཡན་ཆད་ཀྱི་གཟུགས་ཀྱི་ལྷས་འོག་སའི་མིག་ཤེས་མངོན་དུ་བྱས་པ་ན་མིག་ཤེས་གསར་དུ་ཐོབ་ལ། མིག་སྔར་ནས་ཡོད་པས་གསར་དུ་མ་ཐོབ་པ་ལྟ་བུའོ། །མུ་གསུམ་པ་ནི་གཟུགས་མེད་ནས་ཚེ་འཕོས་ནས་འདོད་པ་དང་བསམ་གཏན་དང་པོའི་བར་སྲིད་དུ་སྐྱེས་པ་ན་གཉིས་ཀ་གསར་དུ་ཐོབ་པ་ལྟ་བུའོ། །མུ་བཞི་པ་ནི་གཟུགས་མེད་ནས་གཟུགས་མེད་དུ་སྐྱེས་པ་ན་གཉིས་ཀ་མི་ཐོབ་པ་ལྟ་བུའོ། །བདུན་པ་ཕྱི་ནང་ལ་སོགས་པའི་དབྱེ་བ་ནི། ནང་གི་ཁམས་དང་ཕྱིའི་ཁམས་དུ་ཞེ་ན་ནང་གི་ཁམས་བཅུ་གཉིས་ཏེ། གཟུགས་སོགས་ཡུལ་དྲུག་མ་གཏོགས་པའི་ལྷག་མ་རྣམས་སོ། །ཕྱི་ནང་གི་ཁྱད་པར་ལ་སྐྱེ་མཆེད་ཀྱི་དབང་དུ་བྱས་པ་དང་རྒྱུ་དང་འབྲས་བུ་དང༌། བདག་དང་བདག་གི་ཡུལ་གྱི་དབང་དུ་བྱས་པ་བཞི་ལས། འདིར་ནི་སྐྱེ་མཆེད་ཀྱི་ཕྱི་ནང་ངོ༌། །མིག་སོགས་དབང་པོ་ལྔ་ནི་སེམས་ཀྱི་རྟེན་དུ་ཉེ་བས་ནང་ངོ༌། །སེམས་ནི་ངར་འཛིན་གྱི་རྟེན་ཡིན་པའི་ཕྱི་ནང་ཞེས་བྱའོ། །གཟུགས་སོགས་ཡུལ་དྲུག་ནི་ཕྱིའི་ཁམས་སོ། །རྟེན་བཅས་དང་དེ་མཚུངས་དུ་ཞེ་ན། ཆོས་ཀྱི་ཁམས་ཞེས་བྱ་བ་ནི་གཅིག་ཏུ་བརྟེན་པ་དང་བཅས་པ་ཡིན་ཏེ། འཕགས་པ་ཐམས་ཅད་ཆོས་ཐམས་ཅད་བདག་མེད་དོ་སྙམ་དུ་ངེས་པར་ཡིད་ལ་བྱེད་པས་སོ། །ཁམས་ལྷག་མ་བཅུ་བདུན་ནི་དེ་མཚུངས་དང༌། ཀྱང་གི་རྟེན་བཅས་ཏེ་དེ་གཉིས་ཀ་ཡིན་ནོ། །དེ་མཚུངས་ཞེས་པ་ཅི་ཞེ་ན། ཁམས་གང་ཞིག་རང་གི་ལས་མི་བྱེད་པ་སྟེ། དེས་ན་གང་རང་གི་ལས་བྱེད་པ་དེ་རྟེན་བཅས་སུ་བཤད་དོ། །དེ་ལ་ནང་གི་ཁམས་དྲུག་གི་ལས་ནི་ཡུལ་གྱི་ཡུལ་ཅན་དང་རྣམ་ཤེས་ཀྱི་རྟེན་བྱེད་པ་དང༌། ཡུལ་གྱི་ཁམས་དྲུག་གི་ལས་ནི་དབང་པོའི་ཡུལ་དང༌། རྣམ་ཤེས་ཀྱི་དམིགས་ཡུལ་བྱེད་པ་དང༌། རྣམ་ཤེས་ཀྱི་ཁམས་དྲུག་གི་ལས་ནི་དབང་པོའི་བརྟེན་པ་དང༌། ཡུལ་གྱི་ཡུལ་ཅན་བྱེད་པ་ཡིན་པས་ལས་དེ་དག་བྱེད་པ་དང་མི་བྱེད་པ་ནི་རྟེན་བཅས་དང་དེ་མཚུངས་ཡིན་ཞིང༌། མི་སྐྱེ་བའི་ཆོས་དེ་མཚུངས་དང༌། སྐྱེས་པ་དང་སྐྱེ་འགྱུར་རྟེན་བཅས་སོ། །གོང་མ་བ་ནི་དབང་པོ་དང་པོ་ལྔ་ཁོ་ན་ལ་རྟེན་བཅས་དང༌། དེ་མཚུངས་གཉིས་གཉིས་བྱེད་ཀྱི་གཞན་ལ་མ་ཡིན་ནོ། །མཐོང་སྤང་དང༌། སྒོམ་སྤང་དང༌། སྤང་བྱ་མིན་པ་དུ་ཞེ་ན། གཟུགས་ཅན་བཅུ་ནི་སྒོམ་པས་སྤང་བྱ་ཡིན་ཞིང༌། དེར་མ་ཟད་རྣམ་ཤེས་ཀྱི་ཁམས་དང་པོ་ལྔ་ཡང་ཡིན་ནོ། །ཁམས་ཐ་མ་གསུམ་ལ་ནི་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་རྣམ་པ་གསུམ་ཀ་ཡོད་དོ། །དེ་ལ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་ཐོབ་པ་དང་བཅས་པ་ནི་མཐོང་སྤང་སྟེ། དེ་ལས་གཞན་པའི་ཟག་བཅས་ནི་སྒོམ་སྤང་ངོ༌། །ཟག་མེད་ནི་སྤང་བྱ་མ་ཡིན་པའོ། །གནས་མ་བུའི་སྡེ་བ་དག་སོ་སོ་སྐྱེ་བོ་དང་ངན་སོང་དུ་སྐྱེ་བའི་རྒྱུ་ལུས་ཀྱི་ལས་དང་ངག་གི་ལས་ཀྱང་མཐོང་སྤང་ཡིན་ཏེ། མཐོང་ལམ་སྐྱེས་པ་ན་དེ་དག་བཟློག་པས་སོ་ཞེ་ན། སོ་སྐྱེ་ནི་མཐོང་སྤང་མ་ཡིན་ཏེ་ཉོན་མོངས་ཅན་མ་ཡིན་པའི་ཕྱིར། འདི་ནི་དགེ་བ་ཡང་མ་ཡིན་ཏེ། དགེ་རྩ་ཆད་པ་ལ་ལྡན་པའི་ཕྱིར། མི་དགེ་བ་མ་ཡིན་ཏེ། ཁམས་གོང་མར་སྐྱེས་པ་ལ་ལྡན་པའི་ཕྱིར། ངན་སོང་དུ་སྐྱེ་བའི་རྒྱུ་ལུས་ངག་གི་ལས་ཀྱང་མཐོང་སྤང་མ་ཡིན་ཏེ། གཟུགས་ཡིན་པའི་ཕྱིར། དྲུག་པ་ཡིད་ཀྱི་རྣམ་ཤེས་མིན་པ། སྒོ་ལྔའི་རྣམ་ཤེས་ལས་སྐྱེས་པ་ཡང་མཐོང་སྤང་མ་ཡིན་ཏེ། བདེན་པ་ལ་ལོག་པར་མི་རྟོག་པའི་ཕྱིར། འདིར་བྲལ་ལ་མ་སྤངས་པ་དང༌། སྤངས་ཀྱང་མ་བྲལ་བ་དང༌། གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་ལས། དང་པོ་ནི་མཐོང་ལམ་ཐོབ་པ་ན་སོ་སྐྱེ་ལྟ་བུའོ། །གཉིས་པ་ནི། དགྲ་བཅོམ་པའི་དབང་པོ་གཟུགས་ཅན་ལྟ་བུའོ། །གསུམ་པ་ནི། མཐོང་ལམ་ཐོབ་པ་ན་མཐོང་སྤང་ལྟ་བུའོ། །བཞི་པ་ནི་དེ་དག་ལས་གཞན་པ་དག་གོ །ལྟ་བ་དང་ལྟ་བ་མ་ཡིན་པ་དུ་ཞེ་ན། ལྟ་བ་ནི་མིག་གི་ཁམས་དང་ཆོས་ཁམས་ཀྱི་ཕྱོགས་གཅིག་རྣམ་པ་བརྒྱད་ནི་ལྟ་བ་ཡིན་ནོ། །བརྒྱད་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་སོགས་ལྔ་དང༌། འཇིག་རྟེན་པ་དང༌། སློབ་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བའོ། །ལྷག་མ་ཁམས་ཕྱེད་དང་བཅུ་བདུན་ནི་ལྟ་བ་མ་ཡིན་པའོ། །ཅིའི་ཕྱིར་ཡིད་ཤེས་དང་མཚུངས་ལྡན་ཁོ་ན་ལྟ་བ་ཡིན་གྱི། སྒོ་ལྔའི་རྣམ་ཤེས་ཀྱི་འཁོར་ལྟ་བ་མ་ཡིན་ཞེ་ན། རྣམ་ཤེས་དང་པོ་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་ཆོས་ཅན། ཡང་དག་པའི་ལྟ་བ་མ་ཡིན་ཏེ། ཡུལ་ལ་ངེས་པར་རྟོག་པ་མེད་པའི་ཕྱིར། འོ་ན་མིག་ཀྱང་ལྟ་བ་མ་ཡིན་པར་འགྱུར་རོ་ཞེ་ན། མིག་ནི་རྟོག་པར་བྱེད་པས་ལྟ་བ་མ་ཡིན་ཀྱང༌། གཟུགས་ལ་བལྟ་བའི་ཆ་ནས་ལྟ་བ་སྟེ། མིག་གི་གཟུགས་རྣམས་མཐོང་ངོ༌། །མིག་ཐམས་ཅད་ཀྱིས་མཐོང་ངམ་ཞེ་ན། མ་ཡིན་ཏེ། རྣམ་ཤེས་རྟེན་པ་དང་བཅས་པ་ཁོ་ནས་མཐོང་ངོ༌། །འོ་ན་མིག་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བར་འགྱུར་རོ་ཞེ་ན། མིག་དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་མཐོང་བ་མ་ཡིན་ཏེ། གང་གི་ཕྱིར་ཞེ་ན། རྩིག་པ་ལ་སོགས་པས་བར་དུ་ཆོད་པའི་གཟུགས་མཐོང་བ་མ་ཡིན་པའི་ཕྱིར། རྣམ་ཤེས་ཁོ་ནས་མཐོང་ན་ཐོགས་མེད་ཡིན་པས་གཟུགས་སྒྲིབ་པའང་མཐོང་བར་འགྱུར་རོ། །ཞེས་སོ། །ལོ་ཞེས་པ་མདོ་སྡེ་པ་རྣམ་ཤེས་ཁོ་ནས་མཐོང་བར་འདོད་པ་འཐད་པར་སྟོན་པའོ། །ཅི་མིག་གཅིག་གིས་གཟུགས་མཐོང་ངམ་འོན་ཏེ་གཉིས་ཀས་མཐོང་ཞེ་ན། མིག་ནི་གཉིས་ཀ་དག་གིས་ཀྱང་མཐོང་སྟེ། གཉིས་ཀ་ཕྱེ་ན་གསལ་བར་མཐོང་བའི་ཕྱིར་རོ། །དཔེར་ན་ཁང་པ་གཅིག་ཏུ་མར་མེ་གཉིས་བྱས་ན་ཤིན་ཏུ་གསལ་བ་བཞིན་ནོ། །ཀྱང་གིས་གཅིག་གིས་ཀྱང་མཐོང་བར་བསྟན་ཏོ། །ཅི་དབང་པོ་དྲུག་གིས་ཡུལ་ཕྲད་པ་ཞིག་འཛིན་ནམ། འོན་ཏེ་མ་ཕྲད་པར་འཛིན་ཞེ་ན། མིག་དང་ཡིད་དང་རྣ་བ་གསུམ་ནི་ཡུལ་དང་མ་ཕྲད་པར་འཛིན་ལ། ཁ་གཅིག་ནི། རྣ་བས་ཕྲད་ནས་ཀྱང་འཛིན་པར་འདོད་དོ། །སྣ་ལྕེ་ལུས་གསུམ་ནི་མ་ཕྲད་པ་ལས་གཞན་ཡུལ་དང་ཕྲད་ནས་འཛིན་ནོ། །ཅི་དབང་པོ་དྲུག་ཡུལ་མཉམ་པའམ་འོན་ཏེ་མི་མཉམ་པ་ཞིག་འཛིན་ཞེ་ན། སྣ་སོགས་གསུམ་གྱིས་ནི་དབང་པོའི་རྡུལ་ཕྲན་ཇི་སྙེད་པའི་ཡུལ་གྱི་རྡུལ་མཉམ་པར་འཛིན་པར་འདོད་དེ། ཕྲད་ནས་འཛིན་པའི་ཕྱིར། མིག་སྣ་གཉིས་ནི་ཡུལ་མཉམ་པར་མ་ངེས་ཤིང་ཡིད་ནི་ལུས་ཅན་མ་ཡིན་པས་ཡུལ་ལ་མི་གནས་པའི་ཕྱིར། ཚུལ་དེ་ལྟར་མི་དཔྱོད་དོ། །གལ་ཏེ་དབང་པོས་ཡུལ་ཕྲད་ནས་འཛིན་པ་མི་འཐད་དེ། རྡུལ་འདུས་པ་རྣམས་ནི་བསྐོར་བ་བར་བཅས་ཡིན་པས་ཕན་ཚུན་ཕྲད་པ་མེད་པའི་ཕྱིར་ཞེ་ན། རྡུལ་ཕན་ཚུན་འདབ་ཉེ་བ་ལ་ཕྲད་པའི་ཐ་སྙད་བྱས་པའོ། །ཕན་ཚུན་རེག་པ་ནི་མ་ཡིན་ཏེ། བྱེ་བྲག་པས་རྡུལ་རྣམས་ཕྲད་ནས་རགས་པ་རྩོམ་པར་འདོད་པ་ལ་བརྗོད་པའི་སྐྱོན་ཡོད་པས་སོ། །ཕན་ཚུན་མ་རེག་པར་བར་སྟོང་དང་བཅས་པ་ནི་རང་གི་གྲུབ་མཐའོ། །འོ་ན་རྡུལ་རྣམས་ཕན་ཚུན་སོ་སོར་འགྱེས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རླུང་གིས་བསྡམས་པའི་ཕྱིར། འོ་ན་རླུང་གིས་གཏོར་བར་ཡང་འགྱུར་ཏེ་བར་དུ་རླུང་ཞུགས་པའི་ཕྱིར། བར་སྣང་ལ་ཐལ་བ་གཏོར་བ་བཞིན་ནོ། །ཞེ་ན། རླུང་ནི་གཉིས་ཏེ། འཛིན་བྱེད་ཀྱི་རླུང་དང་འཐོར་བྱེད་ཀྱི་རླུང་གཉིས་སོ། །དང་པོ་ནི་བསྐལ་པ་ཆགས་པའི་དུས་རླུང་ལྟ་བུ། གཉིས་པ་ནི་བསྐལ་པ་འཇིག་དུས་ཀྱི་རླུང་ལྟ་བུ་ཡིན་ལ། འདིར་ནི་འཛིན་བྱེད་ཀྱི་རླུང་ངོ༌། །ཅི་རྣམ་ཤེས་དྲུག་གི་ནང་ནས་དང་པོ་ལྔའི་ཡུལ་ད་ལྟར་བ་ཡིན་ལ། ཐ་མའི་ཡུལ་དུས་གསུམ་ཡིན་པ་ལྟར་རྟེན་ཀྱང་དེ་ལྟར་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཐ་མ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ནི་འགགས་མ་ཐག་པའི་ཡིད་ཡིན་པས་འདས་པ་ཁོ་ན་དང་སྒོ་ལྔའི་རྣམ་ཤེས་དེ་དག་རྣམས་ཀྱི་རྟེན་ནི་ལྷན་ཅིག་སྐྱེས་པའི་དབང་པོ་ཡིན་ལ། འང་གི་སྒྲས་འདས་པའི་ཡིད་ཀྱང་བདག་རྐྱེན་ཞེས་སོ། །རྣམ་ཤེས་སྐྱེ་བ་ཡུལ་དབང་གཉིས་ཀ་ལ་རག་ལས་པ་མ་ཡིན་ནམ་མིག་ལ་སོགས་པ་ཁོ་ན་ལ་རྟེན་ཞེས་བྱའི། གཟུགས་ལ་སོགས་པ་ལ་མི་བརྗོད་པ་ཅི་ཞེ་ན། རྟེན་མིག་དབང་སོགས་དེ་དག་གསལ་མི་གསལ་དུ་གྱུར་པས་རྣམ་ཤེས་གསལ་མི་གསལ་དུ་འགྱུར་བའི་ཕྱིར། མིག་ལ་སོགས་པ་ནི་རྣམ་ཤེས་ཀྱི་རྟེན་ཡིན་ལ། གཟུགས་སོགས་ནི་དེ་ལྟ་མ་ཡིན་པས་རྟེན་དུ་མ་བཤད་དོ། །ཡང་གཟུགས་ཀྱང་ཤེས་ན་གཟུགས་ཤེས་ཞེས་མི་བརྗོད་པར་མིག་ཤེས་ཞེས་བརྗོད་པ་ཅི་ཡིན་ཞེ་ན། རྟེན་ཡིན་པ་དེའི་ཕྱིར་དང་གཟུགས་ནི་ཡིད་དང་དབང་ཤེས་གཉིས་ཀའི་ཐུན་མོང་གི་ཡུལ་དང་གང་ཟག་རང་གཞན་གཉིས་ཀའི་མཐོང་བྱ་ཡིན་པས་ཐུན་མོང་བ་ཡིན་ལ། མིག་སོགས་དབང་པོ་རྣམས་ནི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པའི་ཕྱིར། ཡང་མིག་སོགས་དེ་དག་ཉིད་ཀྱི་སྒོ་ནས་རྣམ་ཤེས་ཀྱི་ཐ་སྙད་བསྟན་ལ། གཟུགས་སོགས་ཡུལ་གྱི་སྒོ་ནས་མ་བསྟན་ཏེ། རྔའི་སྒྲ་དང་ནས་ཀྱི་མྱུ་གུ་བཞིན་ནོ། །ལུས་གང་ལ་གནས་ཏེ་མིག་གིས་གཟུགས་ལ་ལྟ་བ་ནི་ཅི་ལུས་དང་མིག་དང་གཟུགས་དང་རྣམ་པར་ཤེས་པ་དེ་རྣམས་ས་གཅིག་པ་ཁོ་ན་ཡིན་ནམ་འོན་ཏེ་གཞན་གྱི་ས་པ་ཡང་ཡིན་ཞེ་ན། ས་གཅིག་པ་དང་མི་གཅིག་པ་ཅི་རིགས་པ་ཡོད་དེ། དེ་ལ་ལུས་དང་མིག་དང་གཟུགས་གསུམ་ནི་འདོད་པ་དང་བསམ་གཏན་བཞིའི་ས་པ་ཡིན་པས་ས་ལྔ་པའོ། །མིག་གི་རྣམ་ཤེས་ནི་འདོད་པ་དང་བསམ་གཏན་དང་པོ་གཉིས་ཀྱི་ས་པ་ཡིན་པས་ས་གཉིས་པ་ཅན་ནོ། །བསམ་གཏན་གཉིས་པ་ཡན་ཆད་ན་མེད་དེ། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་པ་ལྟར་མིག་ཤེས་ནི་རྟོག་དཔྱོད་གཉིས་ཀ་དང་བཅས་པ་ཡིན་ལ། དེ་ཡན་ཆད་ན་རྟོག་དཔྱོད་གཉིས་ཀ་མེད་པའི་ཕྱིར་རོ། །འོག་མ་འོག་མའི་ལུས་ལ་གོང་མ་གོང་མའི་མིག་བརྟེན་ཏེ། འདོད་པའི་ལུས་ལ་ས་གོང་མ་བཞི་ཀའི་མིག་བསྒྲུབ་ཏུ་རུང་བ་ལྟ་བུའོ། །གོང་མའི་རྟེན་ལ་འོག་མའི་མིག་མི་བརྟེན་ཏེ། རང་ས་ལ་མིག་མཆོག་ཡོད་པས། འོག་མའི་མིག་མངོན་དུ་བྱེད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །འོ་ན་གོང་མའི་ལུས་ལ་འོག་མའི་རྣམ་ཤེས་ཀྱང་མི་བརྟེན་པར་འགྱུར་ཞེ་ན། བསམ་གཏན་གཉིས་པ་ཡན་ཆད་ན་རང་སས་བསྡུས་པའི་མིག་ཤེས་མེད་པས་གཟུགས་ལ་ལྟ་བ་ན་འོག་ས་བསམ་གཏན་དང་པོའི་མིག་ཤེས་མངོན་དུ་བྱེད་དགོས་པའི་ཕྱིར། གོང་མའི་ལུས་ལ་འོག་མའི་མིག་ཤེས་ནི་བརྟེན་ནོ། །གོང་མ་གོང་མའི་མིག་གིས་འོག་མ་འོག་མའི་གཟུགས་མཐོང་ལ། འོག་མའི་མིག་གིས་གོང་མའི་གཟུགས་མི་མཐོང་སྟེ། འོག་མའི་མིག་རགས་ཤིང་གོང་མའི་གཟུགས་ཕྲ་བ་ཡིན་པའི་ཕྱིར། ཚིག་གི་དོན་ནི་གོང་མའི་ལུས་ལ་འོག་མའི་མིག་བརྟེན་པ་མ་ཡིན་ཏེ། རང་ས་ན་མིག་མཆོག་ཏུ་གྱུར་པ་ཡོད་པའི་ཕྱིར། འོག་མའི་མིག་གིས་གོང་མའི་གཟུགས་མཐོང་བ་མ་ཡིན་ཏེ། འོག་སའི་མིག་དམན་ཅིང་གོང་སའི་གཟུགས་མཆོག་ཡིན་པའི་ཕྱིར། འདིས་ཤུགས་ལ་གོང་སའི་མིག་གིས་འོག་སའི་གཟུགས་མཐོང་བར་བསྟན་ཏོ། །གོང་སའི་མིག་གི་རྣམ་པར་ཤེས་པ་དག་ཀྱང་འོག་མའི་མིག་ལ་མི་བརྟེན་ཏེ། སེང་གེའི་འོ་མ་སྣོད་ངན་པ་ལ་རྟེན་མི་རུང་བ་བཞིན་ནོ། །འདིས་ཤུགས་ལ་འོག་མའི་མིག་ཤེས་གོང་མའི་མིག་ལ་བརྟེན་པར་བསྟན་ཏོ། །རྣམ་ཤེས་དེའི་ཡུལ་གཟུགས་ནི་རང་ས་དང་གོང་ས་དང་འོག་ས་ཐམས་ཅད་དེ་བསམ་གཏན་དང་པོའི་མིག་ཤེས་ཀྱི་ཡུལ་དུ་ས་གོང་འོག་གི་གཟུགས་ཐམས་ཅད་འབྱུང་བ་ལྟ་བུའོ། །འོ་ན་འོག་མའི་མིག་གིས་གོང་མའི་གཟུགས་མི་མཐོང་བར་བཤད་པ་དང་འགལ་སྙམ་ན། མི་འགལ་ཏེ། མིག་ཤེས་དམན་ཡང་མིག་མཆོག་ལ་བརྟེན་པའི་ཕྱིར་མཐོང་བར་ནུས་ཏེ། མི་ཕལ་པས་ཀྱང་རྒྱལ་པོ་ལ་བརྟེན་ན་བྱ་བ་སྟོབས་ཅན་འགྲུབ་པ་བཞིན་ནོ། །ལུས་རྟེན་ཁོག་པ་ཡང་གཟུགས་དང་རྣམ་ཤེས་གཉིས་ཀ་གོང་འོག་དང་རང་ས་ཐམས་ཅད་ཀྱི་གཟུགས་མཐོང་བའི་རྟེན་དུ་རུང་སྟེ། བསམ་གཏན་དང་པོའི་ལུས་ནི་བསམ་གཏན་དང་པོའི་རྣམ་ཤེས་ཀྱིས་བསམ་གཏན་དང་པོའི་གཟུགས་དང་འདོད་ཁམས་ཀྱི་གཟུགས་དང༌། བསམ་གཏན་གཉིས་པ་ཡན་ཆད་ཀྱི་གཟུགས་མཐོང་བའི་རྟེན་དང༌། ཡང་འདོད་པའི་ལུས་ནི་རང་སའི་རྣམ་ཤེས་དང༌། བསམ་གཏན་དང་པོའི་རྣམ་ཤེས་ཀྱིས་གཟུགས་མཐོང་བའི་རྟེན་བྱེད་ལ་བསམ་གཏན་གཉིས་པ་སོགས་ཀྱི་ལུས་ནི་འོག་ས་བསམ་གཏན་དང་པོའི་རྣམ་ཤེས་ཀྱི་གཟུགས་གོང་འོག་ཐམས་ཅད་མཐོང་བའི་རྟེན་དུ་རུང་བ་ལྟ་བུའོ། །མིག་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་རྣ་བ་ལ་ཡང་སྦྱར་ཏེ། ལུས་ལ་འོག་མའི་རྣ་བ་མིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་སྒྲ་འདི་ཡི། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་སོ། །སྣ་ལྕེ་ལུས་གསུམ་དག་ནི་རྟེན་དང་དབང་པོ་དང་ཡུལ་དང་རྣམ་ཤེས་བཞི་པོ་ཐམས་ཅད་རང་གི་ས་པ་ཉིད་དེ། ཞེས་སྤྱིར་བསྟན་ནས་དམིགས་བསལ་ལ་ལུས་ཀྱི་རྣམ་ཤེས་ཁ་ཅིག་ནི་རང་གི་ས་པ་ཡིན་ཏེ། འདོད་པའི་ཁམས་དང་བསམ་གཏན་དང་པོར་སྐྱེས་པ་རྣམས་ཀྱི་ལུས་ཤེས་ལྟ་བུའོ། །ཁ་ཅིག་ནི་འོག་མའི་ས་པ་ཡིན་ཏེ། བསམ་གཏན་གཉིས་པ་ཡན་ཆད་དུ་རེག་བྱ་རེག་པའི་ཚེ། བསམ་གཏན་དང་པོའི་ལུས་ཤེས་མངོན་དུ་བྱེད་པ་ལྟ་བུའོ། །ཡིད་ནི་ས་མ་ངེས་ཏེ། རེས་འགའ་ནི་ལུས་དང་རྣམ་ཤེས་དང་ཡུལ་ཆོས་དང་ས་མཚུངས་ལ། རེས་འགའ་ནི་ས་གོང་མའི་ས་པ་དང༌། འོག་མའི་ས་པ་ཡིན་ཏེ། ས་ལྔ་པོའི་ལུས་ཀྱི་རྟེན་ལ་སྙོམས་པར་འཇུག་པ་དང་སྐྱེ་བའི་ཚེ་ཡིད་ཀྱིས་ས་གོང་འོག་ཐམས་ཅད་དུ་མཚམས་སྦྱོར་བས་སོ། །ཁམས་རྣམས་རྣམ་ཤེས་གང་གིས་ཤེས་པར་བྱ་བ་ཡིན་ཞེ་ན། གཟུགས་སོགས་ཕྱིའི་ཡུལ་ལྔ་ནི་རྣམ་ཤེས་གཉིས་གཉིས་ཀྱིས་ཤེས་པར་བྱ་བ་ཡིན་ཏེ། རང་རང་གི་ཡུལ་ཅན་གྱི་དབང་ཤེས་དང་ཡིད་ཤེས་གཉིས་ཀྱིས་ཤེས་བྱ་ཡིན་པས་སོ། །ཁམས་རྣམས་ལས་རྟག་པ་དང་མི་རྟག་པ་དུ་ཞེ་ན། ཆོས་ཁམས་ཀྱི་ཕྱོགས་གཅིག་འདུས་མ་བྱས་གསུམ་ནི་རྟག་པ་ཡིན་ལ། ཁམས་ལྷག་མ་ཕྱེད་དང་བཅོ་བརྒྱད་ནི་མི་རྟག་པའོ། །ཁམས་རྣམས་ལས་དབང་པོ་དང་དབང་པོ་མིན་པ་དུ་ཞེ་ན། ཆོས་ཁམས་ཀྱི་ཕྱེད་སྲོག་དང་ཚོར་བ་ལྔ་དང༌། དད་སོགས་ལྔ་དང་དབང་པོ་ཐ་མ་གསུམ་གྱི་ཆ་རྣམས་དང་ཁམས་གང་དག་ནང་གི་ཁམས་སུ་བཤད་པ་བཅུ་གཉིས་པོ་དབང་པོ་ཡིན་ཏེ། མིག་ལ་སོགས་པ་རང་མིང་གི་སྨོས་པ་ལྔ་དང༌། ཡིད་ཀྱི་དབང་པོ་དང༌། སེམས་ཀྱི་ཁམས་བདུན་དང༌། ལུས་ཀྱི་ཕྱོགས་གཅིག་ཕོ་དབང་དང་མོ་དབང་ངོ༌། །ལྷག་མ་གཟུགས་སོགས་ཕྱིའི་ཁམས་ལྔ་དང༌། ཆོས་ཁམས་ཀྱི་ཕྱེད་ནི་དབང་པོ་མ་ཡིན་པར་གྲུབ་བོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་ལས་ཁམས་བསྟན་པ་ཞེས་བྱ་བ་གནས་དང་པོའི་བཤད་པའོ།།  །།ཁམས་བསྟན་པའི་མཐར་དབང་པོ་ཞེས་སྨོས་པའི་དོན་བསྟན་པ་ལ་གསུམ་སྟེ། དབང་པོའི་རང་བཞིན། འདུས་བྱས་ཀྱི་སྐྱེ་ཚུལ། རྒྱུ་རྐྱེན་འབྲས་བུ་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། དབང་པོ་སོ་སོར་ངོས་བཟུང་བ། རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། ལྷག་པར་དབང་བྱེད་པ་ནི་དབང་པོའི་དོན་ནོ། །གང་ཞིག་གང་ལ་དབང་བྱེད་ཅེ་ན། མིག་སོགས་དབང་པོ་ལྔ་པོ་རྣམས་ནི་རྟེན་མཛེས་པ་དང༌། ལུས་བསྲུང་བ་དང༌། རང་རང་གི་རྣམ་ཤེས་སྐྱེད་པ་དང༌། རང་རང་གི་ཡུལ་འཛིན་པ་སྟེ། དོན་བཞི་བཞི་ལ་དབང་བྱེད་དོ། །ཕོ་མོའི་དབང་པོ་གཉིས་དང་སྲོག་ཡིད་གཉིས་ཏེ། བཞི་ནི་དོན་གཉིས་གཉིས་ལ་དབང་བྱེད་དེ། ཕོ་མོའི་དབང་པོ་གཉིས་ཀྱིས་ནི་འདི་ནི་ཕོའོ་འདི་ནི་མོའོ་ཞེས་སེམས་ཅན་གྱི་བྱེ་བྲག་དང༌། དབྱིབས་དང་ང་རོ་ལ་སོགས་པ་སེམས་ཅན་གྱི་ཁྱད་པར་ལ་དབང་བྱེད་དོ། །སྲོག་གི་དབང་པོས་ནི་རིགས་མཐུན་སྔ་ཕྱི་མཚམས་སྦྱོར་དང༌། རིགས་མཐུན་གནས་པ་ལ་དབང་བྱེད། ཡིད་ཀྱི་དབང་པོས་ནི་སྲིད་པར་ཉིང་མཚམས་སྦྱོར་བ་དང༌། ལུས་ངག་གི་ལས་ཡིད་དང་རྗེས་སུ་མཐུན་པར་འཇུག་པ་ལ་དབང་བྱེད་པས་སོ། །ལོ་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་ཚུལ་མི་འཐད་པར་སྟོན་པའོ། །བདེ་སོགས་ལྔ་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་དེ། ཚོར་བ་བདེ་བ་དང་ཡིད་བདེ་བ་དག་ལས་འདོད་ཆགས་དང༌། སྡུག་བསྔལ་དང་ཡིད་མི་བདེ་བ་དག་ལས་ཞེ་སྡང་དང༌། བཏང་སྙོམས་ལས་གཏི་མུག་འཕེལ་བར་གསུངས་པས་སོ། །དད་སོགས་ལྔ་དང་དབང་པོ་ཐ་མ་གསུམ་སྟེ་བརྒྱད་པོ་དེ་རྣམས་ནི་རྣམ་བྱང་ལ་དབང་བྱེད་དེ། བྱེ་བྲག་ཏུ་སྨྲ་བའི་འདོད་ཚུལ་ལོ། །མདོ་སྡེ་པའི་འདོད་ཚུལ་ནི། རང་རང་གི་དོན་ལ་དམིགས་པ་དང་དོན་ཐམས་ཅད་ལ་དམིགས་པར་དབང་བྱེད་པའི་ཕྱིར། ནང་གི་དབང་པོ་དྲུག་སྟེ་ལྷག་པར་དབང་བྱེད་པ་ཡིན་པས་ཕྱིའི་དོན་ནི་དབང་པོ་མིན་ནོ། །ཕོ་ཉིད་དེ་རང་བཞིན་གྱི་ང་རོ་གསང་མཐོ་བ་དང་གཡོ་བ་དང་མོ་ལ་སེམས་པ་དང༌། མོ་ཉིད་དེ་ལས་ལྡོག་པའི་ང་རོ་ལ་སོགས་པ་ལ་དབང་བྱེད་པའི་ཕྱིར། དབང་པོའི་རེག་བྱ་འཛིན་པས་ལུས་ཀྱི་དབང་པོ་ལས་ཐ་དད་མེད་ཀྱང་ཕོ་དབང་དང་མོ་དབང་དག་རྣམ་པར་བཞག་གོ །རིགས་མཐུན་དུ་གནས་པ་དང་སྔར་ལྟར་ཀུན་ནས་ཉོན་མོངས་དང་ཉོན་མོངས་པའི་མགོ་གནོན་ཅིང་ལམ་འདྲེན་པས་རྣམ་བྱང་ལ་དབང་བྱེད་པའི་ཕྱིར་རིམ་པ་བཞིན་སྲོག་དང་ཚོར་བ་ལྔ་རྣམས་དང་དད་སོགས་དབང་པོ་ལྔར་འདོད་དོ། །དང་པོ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་པོ་གཉིས་ཀྱིས་རང་རང་གི་གོང་མ་འཐོབ་པ་དང༌། ཀུན་ཤེས་ལྡན་པའི་དབང་པོས་མྱང་འདས་ལ་དབང་བྱེད་པ་དང༌། སོགས་པས་རིམ་པ་བཞིན་མཐོང་སྤང་དང་སྒོམ་སྤང་སྤོང་བ་དང་མཐོང་ཆོས་ལ་བདེ་བར་གནས་པ་ལ་དབང་བྱེད་པའི་ཕྱིར། ཀུན་ཤེས་བྱེད་པ་དང༌། ཀུན་ཤེས་པ་དང༌། ཀུན་ཤེས་ལྡན་པའི་དབང་པོའོ། །དེ་བཞིན་ཞེས་པ་ཟག་མེད་གསུམ་ཡང་སོ་སོར་དབང་པོ་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་དབང་པོ་ཉི་ཤུ་རྩ་གཉིས་སུ་གྲངས་ངེས་ཤེ་ན། བྱེ་བྲག་ཏུ་སྨྲ་བ་ལྟར་ན་སེམས་ཀྱི་རྟེན་ལ་བལྟོས་ནས་མིག་སོགས་དབང་པོ་དྲུག་རྣམ་པར་བཞག་གོ །ཕོ་མོའི་དབང་པོས་ནི་རྟེན་སེམས་ཅན་དེའི་བྱེ་བྲག་འབྱེད་ལ། སྲོག་གིས་ནི་སེམས་ཅན་དེ་གནས་པར་བྱེད་དོ། །དབང་པོ་དགུ་པོ་འདི་ནི་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་གཉིས་ཀའི་ཐུན་མོང་གི་གཞིའོ། །ཚོར་བ་ལྔས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཉིད་བྱེད་དོ། །དད་སོགས་ལྔས་རྣམ་བྱང་གི་ཚོགས་གསོག་པར་བྱེད་དོ། །དབང་པོ་ཐ་མ་གསུམ་གྱིས་ནི་རྣམ་པར་བྱང་བར་བྱེད་པས་དབང་བསྒྱུར་བྱ་ཇི་སྙེད་པ་ལ་བལྟོས་ནས་དབང་པོ་དག་ཀྱང་དེ་སྙེད་དུ་འདོད་དེ། བྱེ་བྲག་སྨྲ་བའི་ལུགས་བསྟན་ཏོ། །མདོ་སྡེ་པའི་ལུགས་འཆད་པས་ན་ཡང་ན་ཞེས་སྨོས་ཏེ། འཁོར་བར་འཇུག་པ་དང་འཁོར་བ་ལས་བཟློག་པའི་དབང་དུ་བྱས་ནས་དབང་པོ་ཉི་ཤུ་རྩ་གཉིས་སུ་བཤད་དེ། འཁོར་བར་འཇུག་པའི་རྟེན་ལ་བལྟོས་ནས་མིག་སོགས་དབང་པོ་དྲུག་གོ །སེམས་ཅན་སྐྱེ་གནས་སུ་སྐྱེ་བར་བྱེད་པ་ལ་བལྟོས་ནས་ཕོ་མོའི་དབང་པོ་གཉིས་དང༌། སྐྱེས་པ་གནས་པར་བྱེད་པ་སྲོག་དང༌། ཡུལ་ལ་ཉེ་བར་སྤྱོད་པ་ཚོར་བ་ལྔ་སྟེ། འཁོར་བར་འཇུག་པའི་ཕྱོགས་ལ་དབང་པོ་བཅུ་བཞིའོ། །འཁོར་བར་འཇུག་པའི་ཕྱོགས་ལ་དབང་པོ་བཞག་པ་དེ་བཞིན་དུ་འཁོར་བ་ལས་བཟློག་པ་ལ་ཡང་ཀུན་ནས་ཉོན་མོངས་ཀྱི་དབང་པོ་ལས་གཞན་རྣམ་པར་བྱང་བའི་དབང་པོ་རྣམས་བཞག་པ་ཡིན་ནོ། །དེ་ལ་མྱང་འདས་ཀྱི་རྟེན་དད་སོགས་ལྔ་དང༌། དང་པོར་ཟག་མེད་སྐྱེ་བ་ལ་དབང་བྱེད་པ་ཀུན་ཤེས་བྱེད་པ་དང༌། རྒྱུན་གནས་པར་བྱེད་པ་ཀུན་ཤེས་པ་དང༌། རྣམ་གྲོལ་གྱི་བདེ་བ་ལ་ཉེ་བར་སྤྱོད་པར་བྱེད་པ་ཀུན་ཤེས་ལྡན་པའི་དབང་པོ་སྟེ། དེ་ལྟར་ན་རྣམ་བྱང་ལ་དབང་བྱེད་པའི་དབང་པོ་བརྒྱད་དོ། །དབང་པོ་འགའ་ཞིག་བཤད་ཟིན་ཅིང༌། འགའ་ཞིག་ཕྱིས་འཆད་པར་འགྱུར་བས་འདིར་དབང་པོ་བརྒྱད་འཆད་པ་ལས། ཚོར་བ་ལྔ་སོ་སོའི་ངོ་བོ་ནི་ལུས་ནི་འདིར་དབང་པོ་གཟུགས་ཅན་ཏེ། དེ་ལ་བརྟེན་པའི་ཚོར་བ་སིམ་པ་མ་ཡིན་པར་གནོད་པར་བྱེད་པ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོའོ། །ལུས་ཚོར་སིམ་པ་ཕན་འདོགས་པ་ནི་བདེ་བའི་དབང་པོའོ། །བསམ་གཏན་གསུམ་པ་ན་སེམས་ནི་ཡིད་ཤེས་ཏེ་དེའི་འཁོར་གྱི་ཚོར་བ་སིམ་པ་དེ་ནི་བདེ་བའི་དབང་པོ་སྟེ། དགའ་བ་ལས་འདོད་ཆགས་དང་བྲལ་བས་ཡིད་བདེ་བ་མ་ཡིན་ལ། སྒོ་ལྔའི་རྣམ་ཤེས་མེད་པས་ལུས་ཚོར་ནི་མེད་དོ། །མདོ་སྡེ་པ་ནི་དེ་ལུས་ཚོར་དང༌། ཉན་སར་ཚོར་བ་དང་ཤིན་ཏུ་སྦྱངས་པའི་བདེ་བར་བཤད་དོ། །བསམ་གཏན་གསུམ་པ་ལས་གཞན་འདོད་པ་དང་བསམ་གཏན་འོག་མ་གཉིས་ན་སེམས་ཚོར་སིམ་པར་མྱོང་བ་གང་ཡིན་པ་དེ་ཡིད་བདེ་བའི་དབང་པོ་ཡིན་ནོ། །སེམས་ཀྱི་ཚོར་བ་སིམ་པ་མ་ཡིན་པ་གདུང་བར་མྱོང་བ་གང་ཡིན་པ་དེ་ཡིད་མི་བདེ་བའི་དབང་པོའོ། །བཏང་སྙོམས་ཀྱི་དབང་པོ་ནི་སིམ་གདུང་བར་མ་མྱོང་བའོ། །འདི་ནི་སིམ་གདུང་གི་རིས་སུ་མ་ཆད་པའི་དོན་ནོ། །ལུས་སེམས་གང་གི་བར་མ་ཡིན་ཞེ་ན་གཉིས་ཀའི་བར་མའོ། །གཉིས་ཀའི་ཡིན་ན་དབང་པོ་གཅིག་ཏུ་བྱེད་པ་ཅི་ཞེ་ན། མི་རྟོག་པ་ཁོ་ནར་ངང་གིས་སྐྱེ་བའི་ཕྱིར་རོ། །དབང་པོ་ཐ་མ་གསུམ་གྱི་ངོ་བོ་ལ་བཏགས་གཞི་དད་སོགས་ལྔ་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་གཙོ་བོ་ཡིད་བྱེད་དགུ་པོ་ཅི་རིགས་པ་ལ་དབང་པོ་ཕྱི་མ་གསུམ་འཇོག་སྟེ། མཐོང་ལམ་ལ་བདེན་བཞི་སྔར་མངོན་སུམ་དུ་མི་ཤེས་པ་བྱེད་པ་ཀུན་ཤེས་པར་བྱ་བ་ལ་ཞུགས་པས་ཀུན་ཤེས་བྱེད་པའི་དབང་པོ་ཡིན་ལ། སྒོམ་ལམ་ལ་བདེན་བཞི་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པས་ཀུན་ཤེས་པའི་དབང་པོ་དང༌། མི་སློབ་ལམ་ལ་བདེན་པ་ཀུན་ཤེས་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་ལྡན་པས་ཀུན་ཤེས་ལྡན་པའི་དབང་པོའོ། །མངོན་པ་གོང་མ་བ་ནི། གོང་མ་གཉིས་ལ་ཡིད་མི་བདེ་ཡང་ཡོད་པར་འདོད་པས་དབང་པོ་བཅུའོ། །ས་མཚམས་ལ་བསྡུ་བ་ལས། ཚོགས་ལམ་ནས་ཀྱང་ཡོད་པར་བཤད་ལ་ཀུན་ལས་བཏུས་སུ་ཐོག་མ་སྦྱོར་ལམ་ནས་འཛིན་ཅིང་འདིར་མཐོང་ལམ་ཁོ་ན་ཡོད་པར་འདོད་དོ། །གཉིས་པ་དབང་པོ་གཏན་ལ་དབབ་པ་ལ་ལྔ་སྟེ། རྣམ་པའི་རབ་དབྱེ་བསྟན་པ་དང༌། ཇི་ལྟར་རྙེད་པའི་ཚུལ་དང༌། ཇི་ལྟར་གཏོང་བའི་ཚུལ་དང༌། འབྲས་བུ་དབང་པོ་དུས་ཐོབ་པ་དང༌། དབང་པོའི་ལྡན་ཚུལ་ལོ། །དང་པོ་ནི། དབང་པོ་ཉི་ཤུ་རྩ་གཉིས་ལས། ཟག་བཅས་དང་ཟག་མེད་དུ་ཞེ་ན། ཀུན་ཤེས་བྱེད་པ་སོགས་ཐ་མ་གསུམ་ནི་དྲི་མ་མེད་པ་སྟེ་ཟག་མེད་ཁོ་ནའོ། །དབང་པོ་གཟུགས་ཅན་བདུན་དང་སྲོག་དབང་དང་སྡུག་བསྔལ་དང་ཡིད་མི་བདེ་སྟེ་བཅུ་པོ་ནི་ཟག་པ་དང་བཅས་པ་ཁོ་ནའོ། །དད་སོགས་ལྔ་དང་བདེ་བ་དང་ཡིད་བདེ་དང་བཏང་སྙོམས་དང་ཡིད་དེ་དགུ་ལ་ཟག་བཅས་ཟག་མེད་གཉིས་ཀ་ཡོད། མངོན་པ་གོང་མ་བ་ནི་ཀུན་ཤེས་བྱེད་པ་ལ་ཡང་ཟག་བཅས་ཟག་མེད་གཉིས་ཡོད་པར་འདོད་དེ། ཚོགས་སྦྱོར་ན་ཡོད་པ་ཟག་བཅས་དང་མཐོང་ལམ་ན་ཡོད་པ་ཟག་མེད་ཡིན་པའི་ཕྱིར་རོ། །དབང་པོ་དག་ལས། རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པ་དུ་ཞེ་ན། སྲོག་ནི་མཐའ་གཅིག་ཏུ་རྣམ་སྨིན་ནོ། །འོ་ན་དགྲ་བཅོམ་པ་སྐུ་ཚེའི་གཏོང་འཇོག་བྱེད་པའི་སྲོག་དེ་གང་གི་རྣམ་སྨིན་ཡིན་ཞེ་ན། ཁ་ཅིག་དགེ་འདུན་ལ་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཕུལ་བའི་ལས་ཀྱི་འབྲས་བུ་ཚེ་འདིར་སྨིན་པའོ། །ཞེས་དང༌། གཞན་དག་ནི་སྐྱེ་བ་སྔ་མའི་ཚེ་ལྷག་ཡོད་པ་ཏིང་ངེ་འཛིན་གྱི་མཐུས་དྲངས་པས་སྔ་མའི་རྣམ་སྨིན་གྱི་ལྷག་མར་བཞེད་དོ། །བཙུན་པ་དབྱངས་སྒྲོགས་ནི། དགྲ་བཅོམ་པ་རྣམས་ཏིང་ངེ་འཛིན་གྱི་མཐུས་གནས་པ་ཡིན་པས། དེའི་སྲོག་རྣམ་སྨིན་མ་ཡིན་པར་འདོད་དོ། །ཚེའི་འདུ་བྱེད་བྱིན་གྱིས་རློབ་པ་ནི་གཞན་ལ་ཕན་པའི་དོན་ནོ། །གནས་ནི་གླིང་གསུམ་དག་ཏུའོ། །དགྲ་བཅོམ་པ་གང་གིས་སྐུ་ཚེ་གཏོང་འཇོག་བྱེད་ཅེ་ན། མིའི་རྟེན་ཅན་གྱི་དགྲ་བཅོམ་བསམ་གཏན་རབ་མཐའ་ཐོབ་པ་དག་གིས་ཏེ། ཏིང་ངེ་འཛིན་ལ་མངའ་བརྙེས་པའི་ཕྱིར། འོ་ན་བཅོམ་ལྡན་འདས་ཀྱིས་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ཚེའི་འདུ་བྱེད་གཏོང་ཞེས་གསུངས་ན་ཚེ་དང་སྲོག་གི་ཁྱད་པར་ཅི་ཞེ་ན། འགའ་ཞིག་ཁྱད་པར་མེད་དེ། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེའོ་ཞེས་འབྱུང་བས་སོ་ཞེས་འདོད། འགའ་ཞིག་ནི་ཚེ་ནི་སྔོན་གྱི་ལས་ཀྱི་འབྲས་བུ་ཡིན། སྲོག་ནི་ད་ལྟར་གྱི་ལས་ཀྱི་འབྲས་བུ་ཡིན་ཞེས་འདོད་དེ། ཕུང་པོ་སྐད་ཅིག་སྔ་ཕྱི་རྒྱུན་མ་ཆད་པར་རིགས་མཐུན་དུ་གནས་པ་ཚེའི་འདུ་བྱེད་དག་ཡིན་ལ། ལས་ཀྱི་མཐུས་ལོ་སུམ་ཅུའམ་བརྒྱའམ་ཞེས་སོགས་གནས་པའི་དུས་ངེས་པ་ནི་སྲོག་གི་འདུ་བྱེད་དག་ཡིན་ནོ་ཞེས་འདོད་པས་སོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་དོན་ཅི་ཞེ་ན། རྫུ་འཕྲུལ་གྱི་རྐང་པ་ལ་མངའ་བརྙེས་པར་བསྟན་པའི་ཕྱིར་རོ། །བྱེ་བྲག་སྨྲ་བ་ནི་ཕུང་པོའི་བདུད་ལས་རྒྱལ་བར་བསྟན་པའི་དོན་ནོ་ཞེས་འདོད། དབང་པོ་བཅུ་གཉིས་ལ་རྣམ་པར་སྨིན་པ་དང་རྣམ་པར་སྨིན་པ་མ་ཡིན་པ་གཉིས་ཀ་ཡོད་དེ། བཅུ་གཉིས་གང་ཞེ་ན། ཐ་མ་བརྒྱད་དགེ་བ་ཁོ་ན་དང་ཡིད་མི་བདེ་དགེ་མི་དགེ་གང་རུང་དུ་ངེས་པས་དེ་རྣམས་མ་གཏོགས་པའི་ལྷག་མ་རྣམས་ཏེ། གཟུགས་ཅན་བདུན་དང་ཡིད་དང་ཚོར་བ་བཞིའོ། །དབང་པོ་རྣམས་ལས་རྣམ་སྨིན་དང་བཅས་མ་བཅས་དུ་ཞེ་ན། ཡིད་མི་བདེ་དེ་གཅིག་པུ་ནི་དགེ་བ་ཟག་བཅས་སམ་མི་དགེ་བ་ཁོ་ནར་ངེས་པས་རྣམ་པར་སྨིན་པ་དང་བཅས་པ་སྟེ། ཀུན་སློང་གི་རྣམ་པར་རྟོག་པའི་ཁྱད་པར་གྱིས་དགེ་མི་དགེ་གང་རུང་གཅིག་ཏུ་བསྐྱེད་པས་ལུང་མ་བསྟན་མེད་ཅིང༌། རྟོག་པས་བསྐྱོད་པས་མཉམ་བཞག་མིན་པའི་ཕྱིར་ཟག་མེད་ཀྱང་མེད་དོ། །དབང་པོ་བཅུ་རྣམ་སྨིན་དང་བཅས་མ་བཅས་གཉིས་ཀ་ཡོད་དེ། བཅུ་གང་ཞེ་ན། ཡིད་དབང་དང༌། ཚོར་བ་ཡིད་མི་བདེ་ལས་གཞན་བཞི་དང༌། དད་པ་ལ་སོགས་པ་དབང་པོ་ལྔའོ། །ལྷག་མ་གཟུགས་ཅན་བདུན་དང་སྲོག་ནི་ལུང་མ་བསྟན་ཡིན་ཅིང༌། དབང་པོ་ཐ་མ་གསུམ་ནི་ཟག་མེད་ཡིན་པས་རྣམ་སྨིན་གྱི་རྒྱུ་མ་ཡིན་པའི་ཕྱིར། རྣམ་སྨིན་དང་བཅས་པ་མ་ཡིན་པའོ། །དབང་པོ་རྣམས་ལས་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་དུ་ཞེ་ན། དགེ་བར་ངེས་པ་ནི་དད་སོགས་ལྔ་དང་ཐ་མ་གསུམ་སྟེ་བརྒྱད་དོ། །ཡིད་མི་བདེ་ནི་དགེ་མི་དགེ་རྣམ་པ་གཉིས་ཁོ་ནར་ཁ་ཆེ་བ་འདོད་ལ། གཞན་དག་ནི་ལུང་མ་བསྟན་ཡང་ཡོད་པར་འདོད་དོ། །ཡིད་དང་ཚོར་བ་གཞན་བཞི་ལ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་དང༌། གཞན་མིག་སོགས་བདུན་དང་སྲོག་ནི་རྣམ་པ་གཅིག་སྟེ་ལུང་མ་བསྟན་ཁོ་ནའོ། །དབང་པོ་རྣམས་ལས་ཁམས་གསུམ་དུ་གཏོགས་པ་དུ་མ་གཏོགས་པ་དུ་ཞེ་ན། དྲི་མེད་གསུམ་མ་གཏོགས་པ་བཅུ་དགུ་ནི་འདོད་ཁམས་སུ་གཏོགས་སོ། །འཁྲིག་པའི་འདོད་ཆགས་དང་བྲལ་ཞིང་རྟེན་མི་མཛེས་པའི་ལས་སྤངས་པས་ཕོ་མོའི་དབང་པོ་དང༌། ལུས་དྭངས་ཤིང་མི་དགེ་བ་སྤངས་པས་རྒྱུ་མཐུན་སྐྱེས་དང་རྣམ་སྨིན་སྐྱེས་ཀྱི་སྡུག་བསྔལ་དང༌། རྒྱུད་ཞི་གནས་ཀྱིས་བརླན་ཅིང་ཀུན་ནས་མནར་སེམས་ཀྱི་གཞི་མེད་པས་ཡིད་མི་བདེ་བ་སྟེ། དག་ནི་གཉིས་ཚིག་གོ །དྲི་མེད་དང་དེ་བཞི་མ་གཏོགས་པ་བཅོ་ལྔ་ནི་གཟུགས་ཁམས་སུ་གཏོགས་སོ། །དེ་རྣམས་ཀྱི་སྟེང་དུ་དབང་པོ་གཟུགས་ཅན་ལྔ་དང་བདེ་བ་དང་ཡིད་བདེ་དག་མ་གཏོགས་པ་སྲོག་ཡིད་བཏང་སྙོམས་དད་སོགས་ལྔ་སྟེ་བརྒྱད་གཟུགས་མེད་ཁམས་སུ་གཏོགས་སོ། །མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་དུ་ཞེ་ན། ཡིད་དང་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ནི་མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་དང༌། དེ་ལས་གཞན་པའི་ཟག་བཅས་སྒོམ་སྤང་དང༌། ཟག་མེད་དག་སྤང་བྱ་མ་ཡིན་པ་སྟེ་རྣམ་པ་གསུམ་མོ། །མཐོང་སྒོམ་གཉིས་ཀྱི་སྤང་བྱ་ནི་ཡིད་མི་བདེ་དང༌། གཟུགས་ཅན་བདུན་དང༌། སྲོག་དང༌། སྡུག་བསྔལ་ཏེ་དགུ་ནི་སྒོམ་པས་སྤང་བྱ་ཉིད་དད་སོགས་ལྔ་པོ་ནི་ཟག་མེད་ཀྱི་ཆ་སྤང་བྱ་མ་ཡིན་པ་དང༌། ཡང་གིས་ཟག་བཅས་ཀྱི་ཆ་སྒོམ་སྤང་ངོ༌། །ཐ་མ་གསུམ་ནི་སྤང་བྱ་མིན་པ་ཁོ་ནའོ། །གོང་མ་བ་ནི་གཟུགས་ཅན་བདུན་དང༌། ཚོར་བ་ལྔ་དང་སྲོག་ཡིད་གཉིས་ཏེ་བདུན། དེ་ལྟར་བཅུ་བཞིའི་ཕྱོགས་ནི་མཐོང་སྤང་དང༌། ཐ་མ་གཉིས་བོར་བའི་ཉི་ཤུའི་ཕྱོགས་གཅིག་སྒོམ་སྤང་དང༌། ཡིད་དང་ཡིད་མི་བདེ་བོར་བའི་ཚོར་བ་བཞི་དང༌། དད་སོགས་ལྔ་དང་ཀུན་ཤེས་བྱེད་པ་སྟེ། བཅུ་གཅིག་གི་ཕྱོགས་གཅིག་སྤང་བྱ་མ་ཡིན་པ་དང༌། ཐ་མ་གཉིས་སྤང་བྱ་མ་ཡིན་པ་ཁོ་ནར་འཆད་དོ། །ངན་སོང་བའི་སྲོག་དང་གཟུགས་དང་སྡུག་བསྔལ་རྣམས་མཐོང་སྤང་དུ་འདོད་པ་དང་མི་འདོད་པའི་ལུགས་སོ། །གཉིས་པ་རྙེད་ཚུལ་ནི། ཁམས་གསུམ་གང་དུ་རྣམ་སྨིན་གྱི་ངོ་བོའི་དབང་པོ་ཐོག་མར་དུ་ཞིག་ལྷན་ཅིག་ཏུ་རྙེད་ཅེ་ན། འདོད་པར་རྫུས་སྐྱེས་མ་ཡིན་པའི་སྐྱེ་གནས་གཞན་གསུམ་གྱིས་ནི་དང་པོར་རྣམ་སྨིན་གྱི་ངོ་བོ་ལུས་སྲོག་གཉིས་ལྷན་ཅིག་ཏུ་རྙེད་དེ། གཞན་རྣམས་ནི་དང་པོར་དེ་གཉིས་དང་ལྷན་ཅིག་རྙེད་པ་མ་ཡིན་ནོ། །དེའི་ཚེ་ཡིད་དང་བཏང་སྙོམས་ཀྱང་རྙེད་མོད་ཀྱི། ཉིང་མཚམས་སྦྱོར་བའི་ཚེ་ཡིད་དང་བཏང་སྙོམས་གཉིས་ཉོན་མོངས་ཅན་དུ་ངེས་པས་རྣམ་སྨིན་གྱི་ངོ་བོ་མ་ཡིན་ནོ། །བརྫུས་ཏེ་སྐྱེ་བས་ནི་དང་པོར་རྣམ་སྨིན་གྱི་ངོ་བོ་དབང་པོ་གཉིས་ཁོ་ན་ལྷན་ཅིག་ཏུ་རྙེད་པ་མིན་ཏེ། འོ་ན་ཅི་ཞེ་ན། རྫུས་སྐྱེས་དེ་ཡིས་དྲུག་གམ་བདུན་ནམ་བརྒྱད་དང་པོར་ལྷན་ཅིག་རྙེད་དོ། །དེ་ཡང་བསྐལ་པ་དང་པོའི་མི་ལྟ་བུ་མཚན་མེད་ཀྱིས་མིག་སོགས་ལྔ་དང་སྲོག་སྟེ་དྲུག་དང༌། འདོད་ཁམས་ཀྱི་ལྷ་མཚན་གཅིག་པ་ཡིན་པས་སྔ་མ་དྲུག་དང་མཚན་དེ་ཉིད་དེ་བདུན་དང༌། ངན་འགྲོའི་སེམས་ཅན་མཚན་གཉིས་པ་ནི་སྔ་མ་དྲུག་དང་མཚན་གཉིས་ཏེ་བརྒྱད་ལྷན་ཅིག་ཏུ་རྙེད་དོ། །གཟུགས་ཁམས་ན་མིག་སོགས་ལྔ་དང༌། སྲོག་སྟེ་དྲུག་ལྷན་ཅིག་ཏུ་རྙེད་དོ། །གོང་མ་གཟུགས་མེད་པར་རྣམ་སྨིན་གྱི་ངོ་བོ་སྲོག་གཅིག་པུ་དང་པོར་རྙེད་དོ། །གསུམ་པ་ནི། ཁམས་གསུམ་གང་དུ་འཆི་བ་ན་དབང་པོ་དུ་ཞིག་ཐམས་ཅད་ཀྱི་ཐ་མར་འགག་ཅེ་ན། གཟུགས་མེད་དག་ཏུ་འཆི་བ་ནི། སྲོག་དང་ཡིད་དང་བཏང་སྙོམས་གསུམ་པོ་ཉིད་ཐམས་ཅད་ཀྱི་ཐ་མར་འགག་པར་འགྱུར་རོ། །གཟུགས་ཁམས་ན་འཆི་བ་དག་ལ་ནི་ཐམས་ཅད་ཀྱི་ཐ་མར་དབང་པོ་བརྒྱད་འགག་སྟེ། གསུམ་པོ་དེ་དག་ཉིད་དང་མིག་སོགས་དབང་པོ་ལྔའོ། །བརྫུས་ཏེ་སྐྱེ་བ་ཐམས་ཅད་ནི་དབང་པོ་གཟུགས་ཅན་རྣམས་ཅིག་ཅར་སྐྱེ་འགག་བྱེད་དོ། །འདོད་པར་ངན་འགྲོའི་རྫུས་སྐྱེས་མཚན་གཉིས་པ་ཅིག་ཅར་དབང་པོ་འགག་ཅིང་འཆི་བ་ལ་ནི་སྔ་མ་བརྒྱད་དང་ཕོ་མོའི་དབང་པོ་སྟེ་བཅུའམ། མཚན་གཅིག་པ་ལ་དགུའམ། མཚན་མེད་པ་ལ་བརྒྱད་ལྷན་ཅིག་འགག་གོ །རིམ་གྱིས་འཆི་བ་མངལ་སྐྱེས་དང་སྒོང་སྐྱེས་ལྟ་བུ་ལ་ནི། ལུས་དང་སྲོག་ཡིད་བཏང་སྙོམས་ཏེ་བཞི་ལྷན་ཅིག་ཏུ་འགག་གོ །དགེ་བའི་སེམས་ལ་གནས་ཏེ་འཆི་ན། གནས་སྐབས་ཐམས་ཅད་དུ་སྔར་གྱི་དབང་པོ་གང་དང་ལྡན་པ་དང༌། དད་སོགས་ལྔ་ཡང་ལྷག་པར་འགག་པར་འགྱུར་ཏེ། དགེ་བའི་སེམས་དང་ལྡན་པ་ལ་དད་སོགས་ལྔ་གདོན་མི་ཟ་བར་ཡོད་པའི་ཕྱིར། བཞི་པ་ནི། དབང་པོའི་སྐབས་སུ་དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་སྟེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་གང་ཞིག་དབང་པོ་དུས་ཐོབ་ཅེ་ན། འབྲས་བུ་ཐོག་མཐའ་གཉིས་དགུས་འཐོབ། །ཞེས་འགྱུར་བཅོས་ཏེ། འབྲས་བུ་ཐོག་མ་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། ཐ་མ་དགྲ་བཅོམ་པའི་འབྲས་བུ་གཉིས་ནི་དབང་པོ་དགུ་དགུས་འཐོབ་སྟེ། དད་སོགས་ལྔ་དང་ཡིད་དང་བཏང་སྙོམས་དང༌། བར་ཆད་མེད་ལམ་གྱི་དུས་སུ་ཀུན་ཤེས་བྱེད་པ་དང༌། རྣམ་གྲོལ་ལམ་གྱི་དུས་སུ་ཀུན་ཤེས་པའི་དབང་པོ་དང་དགུའོ། །རྒྱུན་ཞུགས་ཀྱི་འབྲས་བུ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་ཚོར་བ་ནི་བཏང་སྙོམས་ཁོ་ནའོ། །དགྲ་བཅོམ་པའི་འབྲས་བུ་ནི་དད་སོགས་ལྔ་དང་ཡིད་དང་ཉེར་བསྡོགས་དང༌། བསམ་གཏན་བཞི་པ་ལ་བརྟེན་ན་ཚོར་བ་བཏང་སྙོམས་དང༌། བསམ་གཏན་དང་པོ་གཉིས་ཀྱི་དངོས་གཞི་ལ་བརྟེན་ན་ཡིད་བདེ་བ་དང༌། གསུམ་པ་ལ་བརྟེན་ན་ཚོར་བ་སེམས་བདེའོ། །བར་ཆད་མེད་ལམ་གྱི་དུས་སུ་ཀུན་ཤེས་པ་དང༌། རྣམ་གྲོལ་ལམ་གྱི་དུས་སུ་ཀུན་ཤེས་ལྡན་པའི་དབང་པོ་སྟེ་དགུས་འཐོབ་བོ། །བར་མ་ཕྱིར་འོང་དང་ཕྱིར་མི་འོང་གཉིས་ནི་འཇིག་རྟེན་པའི་ལམ་གྱིས་ཐོབ་ན་དད་སོགས་ལྔ་དང༌། ཡིད་དང་བཏང་སྙོམས་ཏེ་བདུན་ནམ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་ན་བདུན་པོ་དེ་དག་དང་ཀུན་ཤེས་པའི་དབང་པོ་སྟེ་བརྒྱད་དམ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་འབྲས་བུ་ཡིན་ན། རྒྱུན་ཞུགས་ཐོབ་བྱེད་ཀྱི་དབང་པོ་དགུ་དང་དོན་གཅིག་གོ །ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་དབང་པོ་གཞན་བརྒྱད་རྒྱུན་ཞུགས་ཐོབ་བྱེད་དང་འདྲ་ཞིང༌། ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ལས་གང་རུང་གཅིག་སྟེ་དགུས་ཐོབ་བོ། །ཚོར་བའི་ཁྱད་པར་ནི་དགྲ་བཅོམ་པའི་སྐབས་བཞིན་ནོ། །འོ་ན་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས། དགྲ་བཅོམ་པ་དབང་པོ་བཅུ་གཅིག་གིས་ཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་དབང་པོ་བཅུ་གཅིག་དག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བཤད་པ་ཉིད་ནི། དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་ཞིག་གིས་འབྲས་བུ་ལས་ཉམས་ནས་སླར་འབྲས་བུ་སོར་ཆུད་པར་བྱེད་པ་ལ་དབང་པོ་བཅུ་གཅིག་གིས་ཐོབ་པ་སྲིད་པ་ཙམ་ལ་དགོངས་ནས་བཤད་པ་ཡིན་ནོ། །ཇི་ལྟར་སྲིད་ཅེ་ན་དབང་བརྟུལ་འགའ་ཞིག་བཏང་སྙོམས་ཀྱི་ཚོར་བས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལས་ཉམས་ནས། བསམ་གཏན་དང་པོ་གཉིས་གང་རུང་ལ་བརྟེན་ཏེ། སོར་ཆུད་ན་ཡིད་བདེ་དང༌། སླར་ཡང་ཉམས་ཏེ་གསུམ་པ་ལ་བརྟེན་ཏེ་སོར་ཆུད་པར་བྱེད་ན་བདེ་བས་ཐོབ་པ་ལྟ་བུའོ། །སླར་ཡང་ཉམས་ཏེ་སོར་ཆུད་པར་བྱེད་ན་བཅུ་གཉིས་སུ་འགྱུར་སྙམ་ན། མི་འགྱུར་ཏེ། ཚོར་བ་གསུམ་པོ་དེའི་རིགས་ལས་མ་འདས་པའི་ཕྱིར་དང༌། གསུམ་ཀ་དུས་གཅིག་པ་ཡང་མི་སྲིད་དེ། རྫས་མཚུངས་ཉམས་པར་འགྱུར་བས་སོ། །ལྔ་པ་ལ་གསུམ་སྟེ། ངེས་ལྡན་དང༌། ཉུང་ལྡན་དང༌། མང་ལྡན་ནོ། །དང་པོ་ནི། དབང་པོ་གང་དང་ལྡན་པ་ལ་ཟླའི་དབང་པོ་དུ་དང་ལྡན་པར་ངེས་ཤེས་ན། བཏང་སྙོམས་དང་སྲོག་དང་ཡིད་གསུམ་ལས་གང་རུང་གཅིག་ལྡན་པ་ལ་ངེས་པར་གསུམ་དང་ལྡན་ལ། ལྷག་མ་རྣམས་ནི་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་པས་མ་ངེས་སོ། །འོ་ན་འགོག་པ་ལ་སྙོམས་པར་འཇུག་པ་ལ་ཡིད་དང་བཏང་སྙོམས་གཉིས་ལྡན་པར་ཐལ། སྲོག་དབང་ལྡན་པའི་ཕྱིར། གཞན་དུ་ན་ངེས་ལྡན་ཉམས་སོ། །ཡིད་དང་ཚོར་བ་བཏང་སྙོམས་ཡོད་པ་ཡང་མ་ཡིན་ཏེ། སེམས་མེད་པའི་ཕྱིར་ཞེ་ན། ཡིད་ཀྱི་ལྡན་པ་ཡོད་པས་ཡིད་ཡོད་མི་དགོས་ཏེ། གཟུགས་མེད་དུ་སྐྱེས་པའི་འཕགས་པ་ལ་ཟག་མེད་ཀྱི་གཟུགས་ཀྱི་ལྡན་པ་ཡོད་ཀྱང༌། གཟུགས་ཡོད་མི་དགོས་པ་བཞིན་ནམ། འཕགས་པ་ལ་སྦྱོར་ལམ་གྱི་ཐོབ་པ་ཡོད་ཀྱང་སྦྱོར་ལམ་མེད་པ་བཞིན་ནོ། །བདེ་བ་དང་ལུས་དབང་དག་རེ་རེ་དང་ལྡན་པ་ལ་ངེས་ལྡན་གསུམ་དང་རང་རང་བསྣན་པས་བཞི་དང་ལྡན་ནོ། །འོ་ན་བདེ་བ་དང་ལྡན་པ་དེ་ལ་ལུས་དབང་དང་ལྡན་པར་ངེས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཟུགས་མེད་དུ་སྐྱེས་པའི་འཕགས་པ་ལ་བདེ་བ་ཟག་མེད་ཀྱི་བདེ་བ་ཐོབ་པ་ཡོད་ཀྱང་ལུས་དབང་དང་མི་ལྡན་པའི་ཕྱིར། མིག་དང་སོགས་པས་རྣ་བ་དང་སྣ་དང༌། ལྕེ་དང་བཞི་པོ་རེ་རེ་དང་ལྡན་པ་ལ་ངེས་ལྡན་གསུམ་དང༌། ལུས་དང་རང་རང་བསྣན་པས་ལྔ་དང་ལྡན་ནོ། །ཡིད་བདེ་ལྡན་པ་ཡང་ལྔ་དང་ལྡན་ཏེ། ངེས་ལྡན་གསུམ་དང་བདེ་བ་དང་རང་ཉིད་དེ་ལྔའོ། །གལ་ཏེ་བསམ་གཏན་དང་པོ་མན་ཆད་ན་ལུས་བདེ་ཡོད་པས་ཡིད་བདེ་མི་ལྡན་པ་ལ་བདེ་བ་དང་ལྡན་པར་ངེས་སུ་ཆག་ཀྱང་བསམ་གཏན་གཉིས་པ་ན་ཡིད་བདེ་ཡོད་ཀྱང་བདེ་བ་མེད་པས་མ་ངེས་སོ་སྙམ་ན། གསུམ་པའི་བདེ་བ་ཉོན་མོངས་ཅན་དང་ལྡན་པས་མ་ངེས་པ་མེད་དོ། །དེ་ཡང་ཉོན་མོངས་ཅན་མ་སྤངས་པས་དེ་དང་ལྡན་དགོས་པ་ཡིན་ནོ། །སྡུག་བསྔལ་དང་ལྡན་པ་ནི་ཚོར་བ་བཞི་དང་ལུས་དང་སྲོག་ཡིད་དེ་བདུན་དང་ལྡན་ནོ། །ཡིད་མི་བདེ་ནི་འདོད་པའི་རྟེན་ཅན་ཆགས་བྲལ་ལ་མི་ལྡན་པས་མ་སྨོས་ཤིང༌། སྡུག་བསྔལ་ནི་ཁམས་གོང་མར་སྐྱེས་པ་ལ་མེད་པས་འདོད་པའི་རྟེན་ཅན་ཁོ་ནའོ། །མོའི་དབང་པོ་དང་སོགས་པ་ཕོའི་དབང་པོ་དང་ཡིད་མི་བདེ་དང་དད་སོགས་དབང་པོ་ལྔ་ནི་རེ་རེ་དང་ལྡན་པ་ལ་བརྒྱད་དང་ལྡན་ཏེ། ཕོ་དབང་མོ་དབང་དང་ཡིད་མི་བདེ་བ་དང་ལྡན་པ་ལ་སྔ་མ་བདུན་དང༌། རང་རང་བསྣན་པས་སོ། །དད་སོགས་ལྔ་དང་ལྡན་པ་ལ་ནི་ལྔ་པོ་དེ་དང་ངེས་ལྡན་གསུམ་དང་བརྒྱད་དོ། །ཀུན་ཤེས་པའི་དབང་པོ་དང༌། ཀུན་ཤེས་ལྡན་པའི་དབང་པོ་རེ་རེ་དང་ལྡན་པ་ལ་ངེས་ལྡན་གསུམ་དང༌། བདེ་བ་དང་ཡིད་བདེ་དང་དད་སོགས་ལྔ་དང་རང་རང་བསྣན་པས་བཅུ་གཅིག་དང་ལྡན་ནོ། །ཀུན་ཤེས་བྱེད་པའི་དབང་པོ་དང་ལྡན་པ་ནི་ལུས་དང་སྲོག་ཡིད་དང་ཡིད་མི་བདེ་མ་གཏོགས་པའི་ཚོར་བ་བཞི་དང་དད་སོགས་ལྔ་དང་རང་ཉིད་དེ་བཅུ་གསུམ་དང་ལྡན་ནོ། །འདི་ནི་འདོད་པའི་རྟེན་ཅན་ཡིན་པས་སྡུག་བསྔལ་དང་ཡང་ལྡན་ནོ། །གཉིས་པ་ཉུང་ལྡན་ནི། དབང་པོ་ཉུང་བ་དང་ལྡན་པ་དེ། དབང་པོ་དུ་དང་ལྡན་ཞེ་ན། ཐམས་ཅད་ཀྱི་ནང་ན་དབང་པོ་ཉུང་བ་དང་ལྡན་པ་དེ་དགེ་རྩ་ཆད་ཅིང་མེད་པ་ནི། ལུས་དང༌། ཚོར་བ་ལྔ་དང༌། སྲོག་དང་ཡིད་དེ་བརྒྱད་དང་ལྡན་ནོ། །གཟུགས་མེད་ཀྱི་བྱིས་པའང་གྲངས་དེ་བཞིན་དུ་བརྒྱད་ལྡན་ནོ། །བརྒྱད་གང་ཞེ་ན། བཏང་སྙོམས་དང་སྲོག་དང་ཡིད་དང་དགེ་བ་དད་སོགས་ལྔ་རྣམས་སོ། །བྱིས་པ་ནི་སོ་སྐྱེའོ། །གསུམ་པ་མང་ལྡན་ནི། དབང་པོ་མང་བ་དང་ལྡན་པ་དབང་པོ་དུ་ཞིག་དང་ལྡན་ཞེ་ན། མང་པོར་ལྡན་པ་ལ་དབང་པོ་བཅུ་དགུ་ལྡན་ཏེ། དབང་པོ་དྲི་མ་མེད་པ་གསུམ་པོ་རྣམས་མ་གཏོགས་པའི་ལྷག་མ་རྣམས་སོ། །དེ་དང་ལྡན་པ་གང་ཞེ་ན། དབང་པོ་གཞན་ཚང་བའི་མཚན་གཉིས་པ་ཅན་ནོ། །གཞན་ཡང་འཕགས་པ་ཆགས་བཅས་ཀྱང་དབང་པོ་བཅུ་དགུ་དང་ལྡན་པ་སྲིད་དེ། ཕོ་མོའི་མཚན་མ་གང་རུང་གཅིག་དང་དྲི་མ་མེད་པ་ཀུན་ཤེས་ལྡན་པའི་དབང་པོ་མ་གཏོགས་ཤིང༌། ཀུན་ཤེས་པའི་དབང་པོ་དང་ཀུན་ཤེས་བྱེད་པ་གཉིས་ལས་གང་རུང་གཅིག་སྟེ་ཟག་མེད་ཀྱི་དབང་པོ་གཉིས་མ་གཏོགས་སོ། །བསྡུ་བ་ལས། འཆིང་བ་ཀུན་ལྡན་འདོད་ཁམས་སུ་སྐྱེས་པ་དང་མི་དང་ལྷར་སྐྱེས་པ་དང་དགེ་རྩ་མ་ཆད་པ་རྣམས་ཡིན་པར་གསུངས་སོ། །གཉིས་པ་འདུས་བྱས་ཀྱི་སྐྱེ་ཚུལ་ནི། བྱེ་བྲག་ཏུ་སྨྲ་བ་ལྟར་ན་ཆོས་ཐམས་ཅད་ཤེས་བྱ་གཞི་ལྔར་ངེས་ཏེ། གཟུགས་དང་སེམས་དང་སེམས་བྱུང་དང་ལྡན་མིན་འདུ་བྱེད་དང་འདུས་མ་བྱས་ཀྱི་གཞིའོ། །དང་པོ་གཞི་འདུས་བྱས་ཡིན་པས་དེའི་སྐྱེ་ཚུལ་ལ། གཟུགས་ཅན་གྱི་སྐྱེ་ཚུལ་དང༌། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ནི་གཟུགས་ཅན་ལ་གཉིས་ཏེ། རྡུལ་ཕྲ་རབ་དང་རགས་པའོ། །རྡུལ་ཕྲ་རབ་ནི་གཉིས་ཏེ་རྫས་ཀྱི་རྡུལ་ཕྲ་རབ་དང་བསགས་པའི་རྡུལ་ཕྲ་རབ་བོ། །དང་པོ་ནི་གཟུགས་ཅན་ཐམས་ཅད་ཀྱི་ཆུང་མཐའ་ཡིན་ལ། གཉིས་པ་ནི་རགས་པའི་ནང་གི་ཆུང་མཐའོ། །རགས་པ་ནི་མདོ་ལས་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ། །ཞེས་གསུངས་པའོ། །འདིའི་དོན་བྱེ་བྲག་སྨྲ་བས་འབྱུང་བ་བཞི་ཆར་དངོས་སུ་ཚང་བ་རྒྱུར་བྱས་པར་འདོད་ལ། མདོ་སྡེ་པ་ནི་བཞི་པོ་གང་རུང་ཅིག་རྒྱུར་བྱས་པ་ལས་མ་འདས་པའི་དོན་ཡིན་ཅིང༌། གང་དམིགས་པ་དེ་མངོན་དུ་ཡོད་ཅིང་གཞན་རྣམས་ས་བོན་ནུས་པའི་སྒོ་ནས་ཡོད་དེ། ཤིང་གི་ཕུང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ། །ཞེས་གསུངས་པ་ལྟར་རོ། །ཞེས་འདོད་དོ། །འོ་ན་གཟུགས་ཅན་ཐམས་ཅད་ལ་འབྱུང་བ་བཞི་ཆར་དངོས་སུ་ཡོད་པར་ཅི་ཤེས་ཤེ་ན། འདི་ནི་འབྱུང་བ་རང་རང་གི་བྱེད་ལས་ཀྱི་སྒོ་ནས་ཤེས་ཏེ། བྱེད་ལས་ནི། འཛིན་པ་ལ་སོགས་ལས་སུ་གྲུབ། །ཅེས་གསུངས་པ་ལྟར་རོ། །གལ་ཏེ་བསགས་རྡུལ་ཕྲ་རབ་ལ་རྫས་བརྒྱད་ཡོད་ན་རླུང་ལ་ཁ་དོག་ཇི་ལྟར་ཡོད་ཅེ་ན། རླུང་ནི་དྲི་དང་ལྡན་ལ་དྲིའི་རྟགས་ལས་གཟུགས་ཡོད་པར་དཔག་གོ །དེ་ལྟར་འདུས་པ་རེ་ལ་རྫས་བརྒྱད་མཉམ་པར་ཡོད་ཀྱང་སྲ་གཤེར་སོགས་འགའ་ཞིག་ཁོ་ན་དམིགས་པ་ནི་ཆེས་གསལ་ཞིང་ནུས་པ་ཆེ་བ་དེ་དམིགས་པ་སྟེ། ཕྱེ་དང་ལན་ཚྭའི་ཕྱེ་མ་བསྲེས་པའི་རྫས་མཉམ་ཡང་ལན་ཚྭའི་རོ་གསལ་བར་དམིགས་པ་བཞིན་ནོ། །འདིར་རྫས་ཀྱི་དོན་ཡང་འབྱུང་བཞི་ནི་རྫས་ཀྱི་རང་གི་མཚན་ཉིད་ཀྱི་རིགས་དང་གཞན་ནི་སྐྱེ་མཆེད་ཀྱི་རང་མཚན་ནོ། །གསལ་བར་མ་དམིགས་པའི་འབྱུང་བ་རྣམས་རྐྱེན་དང་ཕྲད་ན་མངོན་དུ་ཡང་འགྱུར་ཏེ། ལྕགས་མེ་དང་ཕྲད་ན་ནལ་ནལ་པོ་དང༌། ཆུ་གྲང་རེག་དང་ཕྲད་ན་སྲ་བ་དང༌། ཤིང་དྲུད་ན་མེ་དམིགས་པས་སོ། །ཞེས་འདོད་དོ། །སྡེ་པ་འདི་གཉིས་ནི་འདུས་པ་གཅིག་ལ་ཡོད་པའི་རྡུལ་རྫས་བརྒྱད་སོགས་གོ་ས་གཅིག་ན་བསྐོར་བ་བར་བཅས་སམ་བར་མེད་དུ་གནས་པ་འཛིན་པར་བྱེད་པའི་རླུང་གིས་བཟུང་བས་ཕན་ཚུན་མི་འགྱེས་པར་འདོད་དོ། །མངོན་པ་གོང་མ་བས་ནི་རྡུལ་ཕྲ་རབ་ནི་གཉིས་ཏེ། རགས་པས་བློས་ཕྱེ་ནས་ཆུང་མཐར་བཞག་པའི་དང༌། རྫས་ཀྱི་རྡུལ་ཕྲ་རབ་བོ། །དང་པོ་ནི་རིལ་བོར་འཛིན་པ་སོགས་སྤངས་པའི་དོན་དུ་རྣམ་པར་བཞག་གི། རྫས་སུ་མེད་པས་འདུས་པ་ལ་མི་དམིགས་ཤིང་ཆ་ཤས་ཀྱང་མེད་དོ། །གཉིས་པ་ནི་བཅོ་ལྔ་སྟེ། འབྱུང་བ་བཞི་དང་དབང་དོན་བཅུ་དང༌། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རྫས་སུ་ཡོད་པའི་རྡུལ་ཕྲ་རབ་གཅིག་གོ །དེ་རྣམས་ནི་ཕལ་ཆེར་མི་ལྟོས་པའི་རྫས་ཡོད་ཡིན་པས། ཐ་མ་མ་གཏོགས་པའི་བཅུ་བཞི་འདུས་པ་ལ་དམིགས་ཏེ། དེ་ཡང་འདུས་པ་གང་ལ་འབྱུང་བ་དང༌། འབྱུང་འགྱུར་གང་དམིགས་པ་དེ་ཉིད་ཡོད་ཀྱི་གཞན་ནི་མ་ཡིན་ཏེ། ཡོད་པའི་དོན་ནི་བློས་དམིགས་པ་ཡིན་པས་སོ། །དེ་ལ་འབྱུང་བ་གཅིག་པའི་འདུས་པ་ས་རྡོག་སྐམ་པོ་ལྟ་བུ་དང༌། གཉིས་པ་དེ་ཉིད་གཤེར་བ་དང༌། གསུམ་པ་དེ་ཉིད་དྲོ་བ་དང༌། ཐམས་ཅད་པ་དེ་ཉིད་འདྲིལ་ཞིང་དྲོ་བའོ། །དེ་བཞིན་དུ་འབྱུང་འགྱུར་གཅིག་པའི་འདུས་པ་འོད་ལྟ་བུ་དང༌། གཉིས་པ་སྒྲ་དང་དྲི་དང་བཅས་པའི་རླུང་ལྟ་བུ་དང༌། གསུམ་པ་གཟུགས་དྲི་རོ་རེག་བྱ་ཡོད་པ་ཅན་གྱི་དུ་བ་ལྟ་བུ་དང༌། བཞི་པ་ཨ་ཀ་རུའི་གོང་བུ་དང༌། ལྔ་པ་དེ་ཉིད་སྒྲ་དང་བཅས་པའོ། །དེ་ལྟར་འདུས་པ་གཅིག་ལ་ཡོད་པའི་འབྱུང་བ་དང་འབྱུང་འགྱུར་ཇི་སྙེད་པ་རྣམས་ནི་འདུས་པ་གཞན་ལ་ལྟོས་ནས་ཐོགས་བཅས་ཡིན་གྱི་རང་གི་ཚོགས་པ་ལ་ལྟོས་ནས་ནི་མ་ཡིན་ཏེ། འདུས་པ་གཅིག་ལ་གནས་པ་རྣམས་གོ་ས་གཅིག་ཏུ་གནས་པར་དབང་ཤེས་ཀྱིས་དམིགས་པའི་ཕྱིར། ལུས་ཤེས་ལ་སྲ་བར་དམིགས་པ་ཉིད་ཀྱི་དུས་སུ་གཟུགས་དྲི་སོགས་དབང་ཤེས་གཞན་གྱིས་དམིགས་པའི་ཕྱིར། དེས་ན་ཐ་དད་མེད་པས་མཚུངས་པར་ལྡན་པ་ཞེས་བྱའོ། །འོན་ཀྱང་སོ་སོའི་མཚན་ཉིད་འདྲེས་པ་མ་ཡིན་ཏེ། རང་རང་གི་དབང་ཤེས་ཀྱིས་རྣམ་པ་སོ་སོར་མ་འདྲེས་པར་དམིགས་པའི་ཕྱིར། དབང་ཤེས་ཀྱིས་མ་དམིགས་པ་རྣམས་ཀྱང་ཁམས་ཀྱི་ཚུལ་གྱིས་ནི་ཡོད་པ་སྲིད་དེ། དབང་པོ་དང་དེའི་གནས་འབྱུང་བ་རྣམས་ཁམས་བཅུ་བཞི་ཆར་དང་ལྡན་ཞིང་འདུས་པ་གཞན་རྣམས་དབང་པོ་ལྔ་མ་གཏོགས་པ་དགུའི་ཁམས་དང་ལྡན་ལ། འབྱུང་བཞིའི་ཁམས་ནི་འདུས་པ་ཀུན་ལ་རྟག་ཏུ་ཡོད་པས་སོ། །འོན་ཀྱང་ཡོད་པའི་ཐ་སྙད་ནི་མི་ཐོབ་སྟེ། ཧ་ཅང་ཐལ་བའི་ཕྱིར་རོ། །ཅི་སྟེ་འདུས་པ་གཅིག་གི་རྡུལ་རྫས་རྣམས་གོ་ས་གཅིག་ཏུ་གནས་ན་ཐོགས་བཅས་སུ་འགལ་ལོ་ཞེ་ན། ཕྱིའི་དོན་བདེན་ན་འགལ་ཡང་འཁྲུལ་པ་ལ་ཇི་ལྟར་སྣང་བ་བཞིན་འཇོག་པས་སྐྱོན་མེད་དེ། རྨི་ལམ་ན་ཁང་མིག་ཆུང་ངུར་རི་རླུང་སོགས་སྣང་བ་བཞིན་ནོ། །རྫས་ཀྱི་རྡུལ་ཕྲན་དེ་རྣམས་ནི་ཡན་ལག་ཅན་ཞེས་ཀྱང་བྱ་ལ། ཆ་ཤས་དང་བཅས་པ་སྟེ་དེ་རྣམས་འདུས་པའི་གོང་བུ་ནི་རགས་པ་དང་ཡན་ལག་ཅན་ཞེས་བྱའོ། །འོན་ཀྱང་རྡུལ་དེ་རྣམས་ཀྱི་རགས་པ་བརྩམས་པ་ནི་མ་ཡིན་ཏེ། འདུས་པ་རྣམས་རང་གི་ས་བོན་ལས་ཆུང་འབྲིང་སོགས་སུ་སྐྱེ་བར་ཟད་དོ་ཞེས་འཆད་དོ། །གཟུགས་ཅན་གྱི་སྐྱེ་ཚུལ་སྤྱིའི་དོན་ནོ། །གཉིས་པ་གཞུང་གི་དོན་ནི་དེ་ལ་འདོད་ཁམས་ན་དབང་པོ་མེད་ཅིང་སྒྲ་ཡང་མེད་པའི་བསགས་པའི་རྡུལ་ཕྲ་རབ་ལ་འབྱུང་བ་བཞི་དང༌། གཟུགས་དྲི་རོ་རེག་བྱ་སྟེ་རྫས་བརྒྱད་ངེས་པར་ལྷན་ཅིག་སྐྱེའོ། །ལུས་ཀྱི་དབང་པོ་དང་ལྡན་པ་ལ་བརྒྱད་པོ་དེ་དང་རང་ཉིད་དེ་རྫས་དགུ་ལྷན་ཅིག་སྐྱེ་སྟེ། དབང་པོ་གཞན་མིག་རྣ་བ་སྣ་ལྕེ་དང་ལྡན་པ་ལ་གོང་གི་དགུ་དང་རང་རང་སྟེ་རྫས་བཅུ་སྐྱེ་ཞིང་དེ་རྣམས་ལ་སྒྲ་ཡོད་ན་རེ་རེ་བསྣན་ནོ། །གཟུགས་ཁམས་ན་དྲི་རོ་གཉིས་མེད་པས་གཟུགས་ན་དབང་པོ་མེད་པ་ལ། སྒྲ་མེད་ཕྲ་རབ་རྡུལ་རྫས་དྲུག་ཅེས་སོགས་སྦྱར་རོ། །གཉིས་པ་གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། མིག་གི་རྣམ་ཤེས་ནི་མིག་ཁོ་ན་ལ་བརྟེན་པ་དང༌། གཟུགས་ཁོ་ན་ལ་དམིགས་པ་ཡིན་ལ། སེམས་བྱུང་ཚོར་བ་སོགས་ནི་གཙོ་བོ་སེམས་དེ་མིག་ལ་བརྟེན་པ་དང༌། གཟུགས་ལ་དམིགས་པའི་མཐུ་ལས་མིག་ལ་བརྟེན་པ་དང་གཟུགས་ལ་དམིགས་པ་ཡིན་གྱི་རང་དབང་དུ་ནི་མ་ཡིན་ཏེ། རེས་འགའ་ཉན་ཤེས་ཀྱི་འཁོར་དུ་ཡང་འབྱུང་བའི་ཕྱིར། དེས་ན་མིག་ལ་བརྟེན་པ་དང༌། གཟུགས་ལ་དམིགས་པ་རེས་འགའ་བ་ཙམ་ཡིན་པས། མིག་ལ་བརྟེན་ཡང་མིག་གི་རྣམ་ཤེས་ཞེས་ཐ་སྙད་མ་བྱས་ཤིང༌། མིག་ལ་བརྟེན་པ་དང་གཟུགས་ཀྱི་ཡུལ་ཅན་དུ་འགྱུར་བ་རྣམ་ཤེས་ལ་རག་ལས་པས། སེམས་ལས་བྱུང་བ་ཞེས་སོ། །དཔེར་ན་གྲོང་དཔོན་ནི་རང་སྟོབས་ཀྱིས་གྲོང་ལ་དབང་བྱེད་ལ། བྲན་ནི་རང་དབང་གིས་མ་ཡིན་པར་གྲོང་དཔོན་ལ་བརྟེན་པའི་སྒོ་ནས་དབང་བྱེད་པ་བཞིན་ནོ། །ཡུལ་རྟོགས་ཚུལ་གྱི་ཁྱད་པར་ནི། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་དབུས་མཐར་གསུངས་ལ། དེའི་འགྲེལ་པར། དབྱིག་གཉེན་གྱིས་དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །ཞེས་བཤད་པས་འདིའི་དོན་ལ་འགའ་ཞིག་གིས། རྣམ་ཤེས་ཀྱིས་དོན་གྱི་ངོ་བོ་རིག་ལ་སེམས་བྱུང་གིས་དོན་གྱི་ཁྱད་པར་རིག་གོ །ཞེས་འདོད་དོ། །དེ་ལྟར་ན་དོན་གྱི་ངོ་བོ་དང་ཁྱད་པར་རྫས་གཅིག་གམ་ཐ་དད། རྫས་གཅིག་ན་གཉིས་ཀས་གཉིས་ཀ་རིག་པས་སེམས་ཀྱང་སེམས་བྱུང་དུ་ཐལ་ཞིང༌། སེམས་བྱུང་ཡང་སེམས་སུ་ཐལ་བར་འགྱུར་བས། དེ་གཉིས་ཀྱི་ཁྱད་པར་མི་འབྱེད་དོ། །རྫས་ཐ་དད་ན་དམིགས་པ་སོ་སོར་སོང་བས་ཡུལ་གཅིག་ལ་དམིགས་པའི་དམིགས་པ་མཚུངས་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་གཉིས་ཀས་གཉིས་ཀ་རིག་པར་འདྲ་ཡང་སེམས་ཀྱི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ལ། ཁྱད་པར་གཞན་སྟོབས་ཀྱིས་རིག་ཅིང་སེམས་བྱུང་གི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་དང༌། དོན་གྱི་ངོ་བོ་གཞན་སྟོབས་ཀྱི་རིག་པའི་ཁྱད་པར་ཡོད་དོ་ཞེ་ན། གཉིས་ཀས་གཉིས་ཀ་རིག་པར་འདྲ་ན་རང་སྟོབས་དང་གཞན་སྟོབས་ཀྱི་ཁྱད་པར་གང་ལས་རྙེད། སེམས་ཀྱི་དོན་གྱི་ཁྱད་པར་རིག་ན་འགྲེལ་བཤད་ལས། ཙམ་ནི་བྱེ་བྲག་སེལ་བའི་སྒྲ་སྟེ་དོན་གྱི་ངོ་བོ་ཙམ་དམིགས་ཀྱི་ཁྱད་པར་མ་དམིགས་སོ་ཞེས་བཤད་པ་དང་འགལ་ཞིང༌། དོན་གྱི་ངོ་བོ་ལས་ལོགས་ཤིག་ཏུ་དོན་གྱི་ཁྱད་པར་རིག་རྒྱུ་ཡང་མེད་དོ། །དེས་ན་ལུང་གི་དོན་ནི། སེམས་དང་སེམས་བྱུང་གཉིས་དམིགས་པ་གཅིག་ལ་རྣམ་པ་མཚུངས་པར་སྐྱེ་ཡང་སེམས་ལ་འཛིན་སྟངས་མི་འདྲ་བའི་ཁྱད་པར་མེད་པས་སེམས་ཙམ་ཞེས་སྨོས་ལ། སེམས་བྱུང་ནི་གཙོ་བོ་སེམས་ལས་ལྷག་པའི་འཛིན་སྟངས་མི་འདྲ་བ་རེ་རེ་ཡོད་དེ། ཚོར་བས་ཉམས་སུ་མྱོང་བའི་ཚུལ་གྱིས་རིག འདུ་ཤེས་ཀྱིས་མཚན་མར་འཛིན་པའི་ཚུལ་གྱིས་རིག་པས་དེའི་ཁྱད་པར་སེམས་ལས་བྱུང་ཞེས་གསུངས་སོ། །གཞན་གྱིས་འབད་ཀྱང་མ་རྟོགས་པ། །ཤིན་ཏུ་རྟོགས་པར་དཀའ་བའི་དོན། །ལག་མཐིལ་གནས་པའི་སྐྱུ་རུ་ར། །ཇི་བཞིན་རབ་ཏུ་གསལ་བར་བྱས། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཅི་འདུས་བྱས་རྣམས་མཚན་ཉིད་ཐ་དད་པ་བཞིན་དུ་ཐ་དད་པར་སྐྱེའམ། ཁ་ཅིག་ངེས་པར་ལྷན་ཅིག་ཏུ་སྐྱེ་བའང་ཡོད་ཅེ་ན། ཡོད་དེ། སེམས་དང་སེམས་བྱུང་གཉིས་ངེས་པར་ལྷན་ཅིག་ཏུ་སྐྱེ་ལ་གཟུགས་སོགས་སྐྱེ་བ་ཅན་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་སོགས་དང་ངེས་པར་ལྷན་ཅིག་ཏུ་སྐྱེ་ཞིང༌། སེམས་ཅན་དུ་སྟོན་པ་ཐོབ་པ་དང་ཡང་ལྷན་ཅིག་ཏུ་སྐྱེའོ། །འམ་ནི་སེམས་ཅན་དུ་མི་སྟོན་པ་རྣམས་ཐོབ་པ་དང་ལྷན་ཅིག་མི་སྐྱེའོ་ཞེས་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སེམས་དང་མཚུངས་ལྡན་རྒྱས་པར་བཤད། མི་ལྡན་པའི་འདུ་བྱེད་རྒྱས་པར་བཤད་དོ། །དང་པོ་ལ་བསྟན་བཤད་གཉིས་ཀྱི་དབྱེ་བས་བསྟན་པ་ནི། སེམས་བྱུང་ཞེས་པ་དེ་ལ་ངེས་པའི་སྡེ་ཚན་རྣམ་པ་ལྔ་སྟེ། སྤྱིའི་ས་མང་པོ་བ་དང༌། སོགས་པས་དགེ་བའི་དང༌། ཉོན་མོངས་པའི་དང༌། མི་དགེ་བའི་ས་མང་པོ་བ་དང༌། ཉོན་མོངས་ཆུང་ངུའི་ས་པ་སྟེ། དེའི་དབྱེ་བ་ལས་སོ། །གཉིས་པ་བཤད་པ་ནི། ཚོར་བ་མྱོང་བ་དང༌། སེམས་མངོན་པར་འདུ་བྱེད་པའི་སེམས་པ་དང༌། ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་དང༌། བྱེད་འདོད་པའི་འདུན་པ་དང༌། ཡུལ་དང་དབང་པོ་དང་རྣམ་ཤེས་གསུམ་འདུས་པ་ལས་སྐྱེས་པའི་རེག་པ་དང༌། བློ་གྲོས་ཏེ་ཤེས་རབ་དང༌། དྲན་པ་དམིགས་པ་མི་བརྗེད་པ་དང༌། ཡིད་ལ་བྱེད་པ་སེམས་ཀྱི་འཇུག་པ་དང༌། མོས་པ་འདོད་པ་དང༌། ཏིང་ངེ་འཛིན་སེམས་རྩེ་གཅིག་པ་སྟེ། བཅུ་པོ་དེ་ནི་སེམས་ཐམས་ཅད་ལ་འབྱུང་བའི་ས་མང་བའོ། །སེམས་དང་བ་ནི་དང་བ་སྟེ་དེ་དང་ལྡན་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྙོག་པ་དྭངས་པར་འགྱུར་བ་ནོར་བུ་ཆུ་དྭངས་ལྟ་བུའོ། །བག་ཡོད་པ་དགེ་བའི་ཆོས་བསྒོམ་ཞིང་གཅེས་སྤྲས་སུ་བྱེད་པ་དང༌། ཤིན་ཏུ་སྦྱངས་པ་སེམས་ལས་སུ་རུང་བ་དང༌། བཏང་སྙོམས་སེམས་མཉམ་ཞིང་ལྷུན་གྱིས་གྲུབ་པ་དང༌། འོག་ཏུ་འཆད་པའི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་དང༌། དགེ་བའི་རྩ་བ་མ་ཆགས་པ་དང་ཞེ་སྡང་མེད་པ་གཉིས་དང༌། གཏི་མུག་མེད་པ་ནི་ཤེས་རབ་ལ་བཏགས་པས་སྤྱིའི་ས་མང་པོའོ། །རྣམ་པར་མི་འཚེ་བ་གཞན་ལ་ཐོ་མི་འཚམས་པ་དང༌། བརྩོན་འགྲུས་དགེ་བ་ལ་སྤྲོ་བ་སྟེ། བཅུ་ནི་རྟག་ཏུ་དགེ་སེམས་ལ་འབྱུང་བའི་ས་མང་པོའོ། །རྨོངས་པ་ནི་འོག་ཏུ་འཆད་པའི་མ་རིག་པ་དང༌། བག་མེད་པ་དགེ་བའི་ཆོས་མི་བསྒོམས་པ་དང༌། ལེ་ལོ་དགེ་བ་ལ་མི་སྤྲོ་བ་དང༌། མ་དད་པ་སེམས་མ་དྭངས་པ་དང༌། རྨུགས་པ་ལུས་སེམས་ལས་སུ་མི་རུང་བ་སྟེ། ལུས་སེམས་ལྕི་བ་དང༌། རྒོད་པ་སེམས་རྣམ་པར་མ་ཞི་བ་སྟེ། དེ་དྲུག་ནི་ཉོན་མོངས་ཅན་གྱི་ས་མང་པོ་བ་སྟེ། ཉོན་མོངས་ཅན་གྱི་སེམས་ལ་རྟག་ཏུ་འབྱུང་བའི་ཕྱིར། མི་དགེ་བའི་ས་མང་པོ་བ་ནི་འོག་ནས་འཆད་པའི་ཁྲེལ་མེད་པ་དང༌། ངོ་ཚ་མེད་པའོ། །མི་དགེ་བའི་སེམས་ལ་རྟག་ཏུ་འབྱུང་བའི་ཕྱིར། སྡེ་ཚན་དེ་བཞི་ནི་རྣམ་ཤེས་དྲུག་ཆར་གྱི་འཁོར་དང༌། ཡུལ་དྲུག་ཆར་ལ་དམིགས་པར་མི་འགལ་ལ། ཁྲོ་བ་དང་འཁོན་དུ་འཛིན་པ་དང༌། གཡོ་དང་ཕྲག་དོག་དང་འཚིག་པ་དང༌། འཆབ་པ་དང་སེར་སྣ་དང་སྒྱུ་དང་རྒྱགས་པ་དང༌། རྣམ་པར་འཚེ་བ་སྟེ་བཅུ་ནི་མ་རིག་པ་ཙམ་དང༌། སྒོམ་སྤང་དང་ཡིད་ཀྱི་ས་པ་ཁོ་ན་དང་མཚུངས་པར་ལྡན་པས་ཉོན་མོངས་ཆུང་ངུའི་ས་པ་རྣམས་སོ། །མ་ངེས་པའི་ས་པ་བརྒྱད་ནི། དབྱིག་བཤེས་ཀྱི་སྡོམ་ཚིག་ཏུ། རྟོག་དང་དཔྱོད་དང་འགྱོད་པ་དང༌། །གཉིད་དང་ཁོང་ཁྲོ་ཆགས་ཉིད་དང༌། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་ཞེས་བཤད། །ཅེས་པ་ལྟར་རོ། །དེ་ལྟར་ཞེ་དྲུག་དང་ལྟ་བ་སྟེ་ཞེ་བདུན་རྩ་བར་དངོས་སུ་བཤད་ཅིང༌། རྒྱལ་པོ་སྲས་ཀྱིས་ལྟ་བའང་མ་ངེས་པ་ཡིན་པས། སྡོམ་ཚིག་དེ་རྣ་བར་མི་འོང་ཞེས་བཤད་ཀྱང༌། དེ་ཤེས་རབ་ལ་བཏགས་པས་སྡོམ་ཚིག་རིགས་སོ། །དེས་ན་ཞེ་དྲུག་རྫས་ཡོད་དང༌། ལྟ་བ་དང་འབྲེལ་བར་འབྱུང་བ་དྲུག་ནི་བཏགས་ཡོད་དེ། བརྗེད་ངས་དྲན་པ་ཉོན་མོངས་ཅན་དང༌། རྣམ་གཡེང་ཏིང་ངེ་འཛིན་ཉོན་མོངས་ཅན་དང༌། གཏི་མུག་མེད་པ་དང་ཤེས་བཞིན་མ་ཡིན་པ་ཤེས་རབ་དང༌། ཚུལ་མིན་ཡིད་བྱེད་ནི་ཡིད་ལ་བྱེད་པ་ཉོན་མོངས་ཅན་དང༌། ལོག་པར་མོས་པ་ནི་མོས་པ་ཉོན་མོངས་ཅན་ཡིན་པས། རྫས་ལོགས་ན་མེད་པའི་ཕྱིར། སེམས་བྱུང་དེ་རྣམས་ལས་དུ་ཞིག་སེམས་གང་དང་གང་གི་འཁོར་དུ་འབྱུང་ཞེ་ན། འདོད་པའི་ཁམས་ཀྱི་དགེ་བའི་སེམས་ལ་ནི་སྡེ་ཚན་དང་པོ་གཉིས། རྟོག་དཔྱོད་དང་བཅས་པ་འབྱུང་བའི་ཕྱིར། སེམས་བྱུང་ཉི་ཤུ་རྩ་གཉིས་ཏེ། འདོད་སེམས་ནི་ངེས་པར་རྟོག་དཔྱོད་དང་བཅས་པ་ཡིན་པས་སོ། །ཐམས་ཅད་དུ་ནི་མ་ཡིན་གྱི། ལ་ལ་དག་ཏུ་ནི་དགེ་བ་མ་བྱས་པ་དང་མི་དགེ་བ་བྱས་པ་ལ་འགྱོད་པ་དེ་བསྣན་ནོ། །མི་དགེ་ནི་ཆགས་སོགས་ཉོན་མོངས་པ་གཞན་དང་མ་འདྲེས་ཤིང་མ་རིག་པ་ཙམ་དང་ལྡན་པ་དང༌། ལྟ་བ་ལོག་ལྟ་དང་མཆོག་འཛིན་གཉིས་དང་ལྡན་པ་ལ་སྡེ་ཚན་དང་པོ་དང༌། གསུམ་པ་དང་བཞི་པ་དང་རྟོག་དཔྱོད་དེ་ཉི་ཤུ་འབྱུང་ཞིང་ལྟ་བ་ཉིད་ནི་ཤེས་རབ་ཏུ་འདུའོ། །ཆགས་སྡང་གཉིས་དང་ང་རྒྱལ་ཐེ་ཚོམ་གཉིས་ཏེ་ཉོན་མོངས་པ་བཞི་དང་ཁྲོ་བ་སོགས་ཉོན་མོངས་ཆུང་ངུའི་ས་པ་སོགས་བཅུ་དང༌། དགེ་བ་བྱས་པ་དང་སྡིག་པ་མ་བྱས་པ་ལ་འགྱོད་པ་རྣམས་དང་ལྡན་པའི་མི་དགེ་བའི་སེམས་ལ་སྔ་མ་ཉི་ཤུ་དང༌། རང་རང་སྟེ་ཉི་ཤུ་རྩ་གཅིག་འབྱུང་ངོ༌། །སྒྲིབ་པ་ལ་ལུང་མ་བསྟན་འདོད་པའི་འཇིག་མཐར་གཉིས་དང་ལྡན་པའི་སེམས་ལ་དང་པོ་བཅུ་དང༌། ཉོན་མོངས་པའི་ས་མང་དྲུག་དང༌། རྟོག་དཔྱོད་གཉིས་ཏེ་བཅོ་བརྒྱད་འབྱུང་ངོ༌། །ལུང་མ་བསྟན་བསྒྲིབས་པ་ལས་གཞན་མ་བསྒྲིབས་པ་ལ་དང་པོ་བཅུ་དང་རྟོག་དཔྱོད་དེ་བཅུ་གཉིས་དག་ཏུ་འདོད་དོ། །ཉི་འོག་པ་འགྱོད་པ་ལུང་བསྟན་ཡང་འདོད་པས་དེའི་ལྟར་ན་བཅུ་གསུམ་ཡང་སྲིད་དོ། །གཉིད་ནི་རྨི་ལམ་རྨིས་པའི་གནས་སྐབས་ཏེ་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད་པས་སེམས་ཀུན་ལ་མི་འགལ་བའི་ཕྱིར། གང་ལ་ཡོད་པ་དེ་དག་བསྣན་པས་ཉེར་གསུམ་སོགས་སོ། །འདོད་པའི་མཚུངས་ལྡན་དེ་ལས་ཡིད་ལ་བཅགས་པའི་འགྱོད་པ་དང༌། གཉིད་དང་མི་དགེ་བ་གཡོ་སྒྱུ་རྒྱགས་པ་བོར་བའི་ཁྲོ་སོགས་བདུན་དང༌། ཁོང་ཁྲོ་དང་ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་རྣམས་བསམ་གཏན་དང་པོ་དག་ན་མེད་དོ། །དེ་རྣམས་དང་རྟོག་པའང་བསམ་གཏན་ཁྱད་པར་ཅན་ན་མེད་ལ་དེའི་གོང་བསམ་གཏན་གཉིས་པ་ཡན་ཆད་ན་དཔྱོད་པ་མེད་ཅིང༌། ཡང་གི་གཡོ་སྒྱུ་ཡང་མེད་པར་བསྟན་ཏོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན་ཡོན་ཏན་དང་ཡོན་ཏན་ཅན་རྣམས་ལ་མ་གུས་པ་ནི་ངོ་ཚ་མེད་པ་ཡིན་ལ། ཁྲེལ་མེད་པ་ནི་ཁ་ན་མ་ཐོ་བ་མི་དགེ་བ་ལ་འཇིགས་པར་མི་ལྟ་བ་སྟེ། དེ་དག་ལས་བཟློག་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ། །དགའ་བ་དང་གུས་པ་གཉིས་ཀྱི་ཁྱད་པར་ཅི་ཡོད་ཅེ་ན། དགའ་བ་ཉོན་མོངས་ཅན་མ་ཡིན་པ་ནི་དད་པ་སྟེ། ཉོན་མོངས་ཅན་ནི་སྲེད་པའོ། །གུས་པ་ཉིད་ནི་ངོ་ཚ་ཤེས་པ་སྟེ་དགའ་གུས་དེ་གཉིས་འདོད་པ་དང་གཟུགས་དག་ན་ཡོད་ཀྱི་གཟུགས་མེད་ན་མེད་དེ། འདིར་ནི་གང་ཟག་ལ་དམིགས་པའི་དགའ་གུས་ལ་བསམས་པས་སོ། །རྟོག་པ་དང་དཔྱོད་པ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། རྟོག་པ་དང་དཔྱོད་པ་རིམ་པ་བཞིན་སེམས་རྩིང་པ་དང་ཞིབ་པ་ཉིད་དོ། །ང་རྒྱལ་དང་རྒྱགས་པའི་ཁྱད་པར་ཅི་ཞེ་ན། ང་རྒྱལ་ནི་ཕ་རོལ་པོ་ལས་བདག་ལྷག་ཅེས་སེམས་ཁེངས་པ་སྟེ། རྒྱགས་པ་ནི་རང་གི་ཆོས་ལ་ཆགས་པའི་སེམས་ནི་ཡོངས་སུ་གཏུགས་པའོ། །དེས་ན་དེ་རྣམས་ནི་དོན་ཐ་དད་དོ། །འབྱེད་པས་ན་སེམས་དང༌། ཤེས་པས་ན་ཡིད་དང་རྣམ་པར་ཤེས་པས་ན་རྣམ་ཤེས་ཏེ་གསུམ་ནི་མིང་ཐ་དད་པར་ཟད་ཀྱི་དོན་གཅིག་གོ །དེ་གསུམ་དོན་གཅིག་པ་ལྟར་སེམས་དང་སེམས་བྱུང་རྣམས་དབང་པོ་ལ་བརྟེན་པས་རྟེན་དང༌། ཡུལ་འཛིན་པས་དམིགས་པ་དང༌། དམིགས་པ་དེ་ཉིད་ལ་རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་སྤྱོད་པས་རྣམ་པ་དང་བཅས་དང༌། མཉམ་པར་ལྡན་པས་མཚུངས་པར་ལྡན་པའང་དོན་གཅིག་གོ །མཚུངས་ལྡན་དེ་ཡང་རྣམ་པ་ལྔ་སྟེ། སེམས་དང་སེམས་བྱུང་གཉིས་དབང་པོ་གཅིག་ལ་བརྟེན་པས་རྟེན་དང༌། ཡུལ་གཅིག་ལ་དམིགས་པས་དམིགས་པ་དང༌། སེམས་སྔོན་པོའི་རྣམ་ལྡན་དུ་སྐྱེས་པ་ཡིན་ན་དེའི་འཁོར་ཚོར་བ་སོགས་ཀྱང་སྔོན་པོའི་རྣམ་ལྡན་ཡིན་པ་སོགས་རྣམ་པ་དང༌། དུས་གཅིག་པས་དུས་དང༌། རིགས་འདྲ་རྫས་རེ་རེ་བར་འདྲ་བས་རྫས་མཚུངས་པའོ། །གཉིས་པ་མི་ལྡན་པའི་འདུ་བྱེད་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། ཆོས་ཀྱི་ཁྱད་པར་གཞན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། མདོར་འདུ་བྱེད་ཕུང་པོ་ཐ་དད་དུ་གསུངས་པ་ལ་བརྟེན་ནས་མངོན་པ་བ་ཐམས་ཅད་ལྡན་མིན་འདུ་བྱེད་ནི་བེམ་རིག་གང་ཡང་མིན་པའི་འདུས་བྱས་སུ་བཞེད་ལ། དེ་ལས་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་གཟུགས་སེམས་སེམས་བྱུང་ལས་རྫས་གཞན་པ་དང༌། མདོ་སྡེ་པ་དང་སེམས་ཙམ་པ་རྣམས་ཀྱིས་དེ་གསུམ་གྱི་གནས་སྐབས་བཏགས་ཡོད་ཡིན་པས་རྫས་སུ་མ་གྲུབ་པའི་ཕྱིར། རང་གི་གནས་སྐབས་ཅན་ལས་རྫས་གཅིག་དང་ཐ་དད་གང་ཡང་མ་ཡིན་ཏེ། གཅིག་ཡིན་ན་གནས་སྐབས་མི་རྟག་པ་སོགས་དུ་མ་ཡིན་པ་བཞིན་དུ། གནས་སྐབས་ཅན་སེམས་སོགས་ཀྱང་དུ་མར་ཐལ་ཞིང་གནས་སྐབས་ཅན་སེམས་ནི་གཅིག་ཡིན་པ་ལྟར་དེའི་གནས་སྐབས་སྐྱེ་འཇིག་སོགས་ཀྱང་གཅིག་ཏུ་ཐལ་བའི་ཕྱིར་རོ། །གཞན་ཡིན་ན་འདུས་བྱས་རྟག་པར་ཐལ་ཞིང་གཟུགས་དང་སེམས་དང་སེམས་བྱུང་གསུམ་ལས་རྫས་གཞན་དུ་ཚད་མས་ཀྱང་མ་དམིགས་པའི་ཕྱིར་རོ། །ཞེས་འཆད་དོ། །རིགས་པའི་བསྟན་བཅོས་ལྟར་ན། བེམ་རིག་དུ་མ་འདུས་པའི་འདུས་བྱས་མི་འཐད་ཅིང༌། གནས་སྐབས་དང་གནས་སྐབས་ཅན་རྫས་གཅིག་ལ་ལྡོག་པ་ཐ་དད་པ་སྟེ། མདོར་ཕུང་པོ་ཐ་དད་དུ་གསུངས་པའང་སེམས་དང་དེའི་མི་རྟག་པ་སོགས་རྟོག་ངོར་ལྡོག་པ་ཐ་དད་པ་ལ་དགོངས་སོ། །དེས་ན་སེམས་ཀྱི་སྐྱེ་འཇིག་སོགས་སེམས་ཉིད་དུ་བཞེད་དོ། །ཞེས་པ་སྤྱིའི་དོན་ནོ། །གཞུང་གི་དོན་ནི། སེམས་དང་མཚུངས་པར་མི་ལྡན་ཞིང་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་ལ། རྒྱུ་རྐྱེན་གྱིས་འདུས་བྱས་པའི་འདུ་བྱེད་རྣམས་ནི་བཅུ་བཞི་སྟེ། ཐོབ་པ་དང་མ་ཐོབ་པ་དང༌། སྐལ་མཉམ་དང༌། འདུ་ཤེས་མེད་པ་དང༌། འགོག་པའི་སྙོམས་འཇུག་དག་དང༌། སྲོག་དང་མཚན་ཉིད་སྐྱེ་སོགས་བཞི་པོ་རྣམས་དང༌། མིང་གི་ཚོགས་དང༌། སོགས་པས་ཚིག་དང་ཡི་གེའི་ཚོགས་རྣམས་སོ། །ཡང་ནི་དགེ་འདུན་གྱི་དབྱེན་སོགས་གཞན་ཡང་སྡུད་པ་སྟེ། མངོན་པ་གོང་མར་ཆ་མཐུན་དགུ་དང༌། ལ་ལར་མཚན་མ་དང་ཆུད་མི་ཟ་བ་སོགས་དང༌། མདོར་མི་ལྡན་པའི་འདུ་བྱེད་བདུན་བརྒྱ་བཀའ་སྩལ་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་ཏེ། ཐོབ་མ་ཐོབ་དང༌། སྐལ་མཉམ་དང༌། འདུ་ཤེས་མེད་པ་དང༌། སྙོམས་འཇུག་དང༌། སྲོག་དང༌། མཚན་ཉིད་དང༌། མིང་གི་ཚོགས་སོགས་རྒྱས་པར་བཤད་པའོ། །དང་པོ་ཐོབ་པ་ནི། གང་ཟག་ལ་ཐོབ་བྱའི་ཆོས་ལྡན་པར་བྱེད་པའི་རྫས་གཞན་གླང་ལ་ཁལ་ལྡན་བྱེད་ཐག་པའམ། འབྱར་བྱེད་སྤྱིན་ལྟ་བུའོ། །དབྱེ་ན་གསར་དུ་རྙེད་པ་དང་དེའི་རྒྱུན་ལྡན་པ་གཉིས་སོ། །གསར་རྙེད་ལ་ཡང་ཟག་མེད་དང་པོའི་ཐོབ་པ་ལྟ་བུ་སྔར་གཏན་ནས་མ་ཐོབ་པ་ལས་རྙེད་པ་དང༌། བསམ་གཏན་སོགས་སྔར་ཐོབ་པ་ཉམས་ནས་སླར་ཐོབ་པའི་སྐད་ཅིག་དང་པོ་ལྟ་བུ་རྣམ་པར་ཉམས་པ་ལས་གསར་རྙེད་གཉིས་སོ། །གཉིས་པ་རྒྱུན་ལྡན་ནི་སྐད་གཅིག་གཉིས་པ་སོགས་ཀྱི་རྒྱུན་དང་ལྡན་པ་དང༌། སོ་སྐྱེ་ལ་སྲིད་རྩེའི་ཉོན་མོངས་ཡེ་ནས་ལྡན་པ་སྟེ། དེ་ལྟར་ན་བཞིའོ། །མ་ཐོབ་པ་ནི་ཐོབ་བྱ་ལྡན་པའི་གེགས་སུ་གྱུར་པའོ། །དེ་ཡང་གསུམ་སྟེ། འདོད་ཉོན་ཅན་གྱི་བསམ་གཏན་ལྟ་བུ་རྣམ་པར་ཉམས་ནས་མ་རྙེད་པ་དང༌། དེའི་རྒྱུན་མི་ལྡན་པ་དང༌། སོ་སྐྱེ་ལ་ཟག་མེད་ཀྱི་ལམ་ལྟ་བུ་ཡེ་མི་ལྡན་པའོ། །ཐོབ་པ་དང་མ་ཐོབ་པ་འདི་དག་གང་ཡིན་ཞེ་ན། ཐོབ་པ་དང་མ་ཐོབ་པ་ནི་རང་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཀྱི་སྟེ། གཞན་རྒྱུད་དང་སེམས་ཅན་གྱི་རྒྱུད་མ་ཡིན་པའི་ཆོས་རང་རྒྱུད་ལ་ཐོབ་མ་ཐོབ་ཀྱི་རྣམ་དབྱེ་མི་རུང་བས་སོ། །ཕྱི་རོལ་གྱི་དངོས་པོ་ལ་ཐོབ་མི་ཐོབ་ཀྱི་རྣམ་དབྱེ་མི་བཞག་སྟེ། ལྷ་སྦྱིན་གྱི་ལག་ན་ཡོད་པའི་བུམ་པ་ལྟ་བུ་དེ་མ་ཐག་ཏུ་གཞན་གྱིས་བདག་གིར་བྱ་བར་འགྱུར་བས་མཐའ་གཅིག་ཏུ་གཅིག་ཁོ་ན་ལ་ལྡན་པ་དང་མི་ལྡན་པའི་རྣམ་དབྱེ་ངེས་པ་མི་རུང་བས་སོ། །རྒྱུད་དུ་གཏོགས་པ་ལ་ཡང༌། གཞན་གྱི་རྒྱུད་ཀྱི་ཆོས་ནི་རང་རྒྱུད་ལ་ལྡན་མི་ལྡན་གྱི་རྣམ་དབྱེ་མི་རུང་བས་རང་རྒྱུད་དུ་གཏོགས་པ་ཞེས་སྨོས་སོ། །གལ་ཏེ་ཐོབ་བྱའི་ཆོས་རང་རྒྱུད་ལ་རུང་མོད་ཀྱི། མ་ཐོབ་པའི་ཆོས་རང་རྒྱུད་ལ་ཇི་ལྟར་རིགས་ཤེ་ན། མ་ཐོབ་པ་ཡོད་པ་དེ་སྲིད་དུ་རང་རྒྱུད་ལ་མེད་ཀྱང་མ་ཐོབ་པ་དང་བྲལ་བ་ན་རང་རྒྱུད་ལ་ངེས་པར་ལྡན་དགོས་པས། རང་རྒྱུད་དུ་གཏོགས་པ་རྣམས་ཀྱིའོ་ཞེས་སྨོས་སོ། །གང་དག་མ་ཐོབ་པ་ཡོད་ན་མ་ཐོབ་པའི་ཆོས་རང་རྒྱུད་ལ་ཡོད་པས་སངས་རྒྱས་བཅོམ་ལྡན་འདས་ལ་ཉོན་མོངས་པ་ཡོད་ཅེས་སྨྲ་བས་ནི་རང་གི་དེ་ཉིད་བསྟན་པ་ཡིན་ནོ། །དམིགས་བསལ་ནི་སོ་སོར་བརྟགས་འགོགས་དང་བརྟགས་མིན་གྱི་འགོག་པ་དག་རང་རྒྱུད་དུ་མ་གཏོགས་ཀྱང་འགོག་པ་གཉིས་ཀྱི་དགག་བྱ་རྒྱུད་དུ་གཏོགས་པས་ཏེ་འགོག་པའི་ཐོབ་མ་ཐོབ་ཡོད་དོ། །ཐོབ་པ་དང་མ་ཐོབ་པའི་ཆོས་ཀྱི་ཁྱད་པར་ལ། དང་པོ་ཐོབ་པའི་ཁྱད་པར་ནི། ཐོབ་བྱའི་ཆོས་དུས་གསུམ་པའི་ཐོབ་པ་ཡང་དུས་ཀྱི་དབྱེ་བས་རྣམ་པ་གསུམ་སྟེ། ཐོབ་བྱའི་ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་དང་ད་ལྟར་བ་དང་མ་འོངས་པ་དང་རྣམ་པ་གསུམ་མོ། །ཐོབ་བྱའི་ཆོས་ད་ལྟར་བའི་ཡང་དེ་བཞིན་དུ་གསུམ་དང༌། ཐོབ་བྱའི་ཆོས་མ་འོངས་པའི་ཡང་དེ་བཞིན་དུ་གསུམ་མོ། །དེ་ལ་མཐོང་ལམ་སྐྱེ་བའི་ཚེ་ངེས་འབྱེད་ཆ་མཐུན་ནི་འདས་པ་ཡིན་ལ། དེའི་ཐོབ་པ་ཞག་སྔ་མར་འདས་པ་ནི། ཐོབ་པ་འདས་པ་དང༌། ད་ལྟར་བའི་གནས་སྐབས་སུ་ཡོད་པ་ནི་ད་ལྟར་བ་དང༌། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །ཟག་མེད་ཀྱི་སྡོམ་པ་ད་ལྟར་བའི་ཐོབ་པ་ཞག་སྔ་མར་འདས་པ་ནི་འདས་པ་དང༌། རང་དང་དུས་མཉམ་པ་ནི་ད་ལྟ་བ་དང༌། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །བསམ་གཏན་གྱི་སྡོམ་པ་ལ་ཐོབ་པ་སྔར་སྐྱེ་ཡོད་པས་བསམ་གཏན་གྱི་སྡོམ་པ་མ་འོངས་པའི་ཐོབ་པ་ཞག་སྔ་མར་འདས་པ་ནི་འདས་པ་དང༌། དེ་རིང་ཡོད་པ་ནི་ད་ལྟ་བ་དང༌། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །མཁས་རློམ་བྱེ་བ་འདུས་པའི་བློས། །ཅུང་ཟད་ཙམ་ཡང་མ་རྟོགས་པ། བདག་བློའི་ཉིན་བྱེད་དཀྱིལ་འཁོར་གྱིས། །སྔོན་མེད་རབ་ཏུ་གསལ་པར་བྱས། །ཆོས་དགེ་བ་དང་སོགས་པས་མི་དགེ་བ་དང་ལུང་མ་བསྟན་གྱི་ཐོབ་པ་རིམ་པ་བཞིན་དགེ་མི་དགེ་ལུང་མ་བསྟན་ཏོ། །ཁམས་གསུམ་ལས་གང་རུང་དེར་གཏོགས་པའི་ཆོས་རྣམས་ཀྱི་ཐོབ་པ་རང་ཁམས་པ་ཁོ་ནའོ། །ཁམས་གསུམ་དུ་མ་གཏོགས་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་ཁམས་གསུམ་དུ་གཏོགས་པ་དང་ཟག་མེད་དེ་རྣམ་པ་བཞིའོ། །དེ་ཡང་བཏགས་མིན་གྱི་ཁམས་གསུམ་དང༌། བརྟགས་འགོག་ཟག་བཅས་ཀྱིས་ཐོབ་པ་ཁམས་གོང་མ་གཉིས་དང༌། དེ་ཟག་མེད་ཀྱིས་ཐོབ་པ་དང༌། ལམ་བདེན་གྱིས་ཐོབ་པ་ཟག་མེད་དོ། །སློབ་པའི་ཆོས་ཀྱི་ཐོབ་པ་སློབ་པ་དང༌། མི་སློབ་པའི་ཆོས་ཀྱི་ཐོབ་པ་མི་སློབ་པ་ཡིན་ལ། སློབ་པ་དང་མི་སློབ་པ་གཉིས་ཀ་མིན་པའི་ཆོས་ཀྱི་ཐོབ་པ་སློབ་པ་དང༌། མི་སློབ་པ་དང༌། གཉིས་ཀ་མ་ཡིན་པའི་གསུམ་སྟེ། བརྟགས་འགོག་སློབ་ལམ་གྱིས་ཐོབ་པ་སློབ་པ་དང༌། དེ་མི་སློབ་ལམ་གྱིས་ཐོབ་པ་མི་སློབ་པ་དང༌། དེ་སོ་སྐྱེས་ཐོབ་པ་བརྟགས་མིན་དང་ཟག་བཅས་ཀྱིས་ཐོབ་པ་གཉིས་ཀ་མིན་ནོ། །མཐོང་སྤང་གི་ཐོབ་པ་མཐོང་སྤང་དང༌། སྒོམ་སྤང་གི་ཐོབ་པ་སྒོམ་སྤང་ཡིན་ལ། སྤང་བྱ་མིན་པ་ནི་བརྟགས་མིན་གྱི་ཐོབ་པ་དང་བརྟགས་འགོགས་སོ་སྐྱེས་ཐོབ་པ་སྒོམ་སྤང་དང༌། དེ་ཟག་མེད་ཀྱིས་ཐོབ་པ་དང་ལམ་བདེན་གྱིས་ཐོབ་པ་སྤང་བྱ་མིན་པ་གཉིས་སུ་འདོད་དོ། །ཡང་དུས་གསུམ་པ་ཡི་ཞེས་པའི་དམིགས་བསལ་ནི། མ་བསྒྲིབས་ལ་ལུང་མ་བསྟན་ཡིན་པའི་ཐོབ་པ་ནི་སྟོབས་ཆུང་བས་ལྷན་ཅིག་སྐྱེ་བ་ཁོ་ན་སྟེ། སྔ་ཕྱིར་སྐྱེ་བ་མེད་པས་འདས་པའི་འདས་པ་ཁོ་ན་སོགས་མེད་དོ། །ཐམས་ཅད་དམ་ཞེ་ན། མངོན་ཤེས་ལུང་མ་བསྟན་གཉིས་དང་སྒོམ་བྱུང་གི་སྤྲུལ་སེམས་མ་གཏོགས་པ་སྟེ། དེ་དག་སྟོབས་ཆུང་བས་སྔ་ཕྱི་ལྷན་ཅིག་སྐྱེ་བ་གསུམ་ཀ་ཡོད་དེ། མ་བསྒྲིབས་པར་མ་ཟད། བསྒྲིབས་པའི་ལུང་མ་བསྟན་ཚངས་པ་ཆེན་པོའི་གཡོས་ཀུན་ནས་བསླངས་པའི་གཟུགས་ཀྱི་རིག་བྱེད་ཀྱིས་ཀྱང་ཐོབ་པ་ལྷན་ཅིག་སྐྱེ་བ་ཁོ་ན་སྟེ། ཀུན་སློང་སྟོབས་ཆུང་བས་སོ། །ཅི་ལུང་མ་བསྟན་གྱི་ཐོབ་པ་ལ་བྱེ་བྲག་ཡོད་པ་ལྟར་དགེ་མི་དགེའི་ཐོབ་པ་ལ་ཡང་བྱེ་བྲག་ཡོད་དམ་ཞེ་ན། ཡོད་དེ། འདོད་པ་ན་དགེ་མི་དགེའི་གཟུགས་ཀྱི་ཐོབ་པ་ནི་སེམས་ཀྱི་རྗེས་འབྲང་ཡིན་པས་ཐམས་ཅད་དུ་སྔར་སྐྱེ་བ་ནི་མེད་ཀྱི་ལྷན་ཅིག་དང་ཕྱིས་སྐྱེ་བ་ནི་ཡོད་དོ། །མ་ཐོབ་པ་ཐམས་ཅད་མ་བསྒྲིབས་ལུང་མ་བསྟན་ཉིད་དེ། དགྲ་བཅོམ་པ་དང་དགེ་རྩ་ཆད་པ་ལ་ཡང་ཡོད་པས་སོ། །དུས་ནི་འདས་པ་དང་མ་སྐྱེས་པའི་ཆོས་ཀྱི་མ་ཐོབ་པ་དེ་ནི་སྔ་ཕྱི་ལྷན་ཅིག་པ་གསུམ་སྟེ། ཆོས་རང་ཡོད་དུས་ན་མ་ཐོབ་པ་མི་སྲིད་པས་ཆོས་ད་ལྟར་བ་ལ་མ་ཐོབ་པ་ད་ལྟར་བ་མེད་དོ། །འདོད་པ་སོགས་ཁམས་གསུམ་དང་དྲི་མེད་ཀྱིའང་མ་ཐོབ་པ་ཁམས་གསུམ་ན་རེ་རེ་སྟེ། མ་ཐོབ་པ་ནི་རྟེན་དབང་བཙན་གྱི། ཐོབ་པ་བཞིན་ཆོས་དབང་མི་བཙན་པས་འདོད་པའི་རྟེན་ཅན་གྱི་ཆོས་གསུམ་དང་ཟག་མེད་ཀྱི་མ་ཐོབ་པ་བཞི་ནི་འདོད་པ་ན་སྤྱོད་པ་དང༌། གཟུགས་དང་གཟུགས་མེད་ཀྱི་རྟེན་ཅན་གཉིས་ལའང་སྦྱར་བས་གསུམ་ཚན་བཞིའོ། །མ་ཐོབ་པ་ཟག་མེད་ནི་འགའ་ཡང་མེད་དེ། ཟག་མེད་ཀྱི་ལམ་ཡེ་མ་ཐོབ་པ། སོ་སོ་སྐྱེ་བོར་བྱེ་བྲག་ཏུ་སྨྲ་བ་འདོད་ལ། སོ་སྐྱེ་ནི་ཟག་མེད་དུ་མི་འོས་པས་སོ། །མ་ཐོབ་པ་དེ་ཇི་ལྟར་ཉམས་པར་འགྱུར་ཞེ་ན། ཆོས་གང་གི་མ་ཐོབ་པ་དེ་ཆོས་དེ་ཐོབ་པ་དང༌། ས་གོང་འོག་ཏུ་འཕོས་ནས་ནི་རྣམ་པར་ཉམས་ཤིང་མ་ཐོབ་པ་འཆད་པར་འགྱུར་ཏེ། དཔེར་ན་མ་རྙེད་པའི་མཚན་ཉིད་ཅན་གྱི་སོ་སོ་སྐྱེ་བོ་ནི་འཕགས་ལམ་རྙེད་པས་ཉམས་ལ། འདོད་པའི་སོ་སྐྱེ་ནི་བསམ་གཏན་དང་པོར་འཕོས་པས་དང༌། སྲིད་རྩེའི་སོ་སྐྱེ་ནི་ཅི་ཡང་མེད་པར་སྐྱེས་པས་ཉམས་ཏེ་ས་འཕོས་པའི་སོ་སྐྱེར་གྱུར་པ་ལྟ་བུའོ། །དེ་ལྟ་བུའི་ཐོབ་པ་དང་མ་ཐོབ་པ་གཉིས་ཀ་ལ་ཡང་གཉིས་ཀ་ཡོད་པས་ཆོས་དེ་དང་དེའི་ཐོབ་པ་དང་ཐོབ་པའི་ཐོབ་པ་སྟེ་གསུམ་ཡོད་ཅིང༌། ཐོབ་པས་ཆོས་དེ་དང་ཐོབ་པའི་ཐོབ་པ་དག་ལྡན་པར་འགྱུར་ལ། ཐོབ་པའི་ཐོབ་པས་ནི་ཐོབ་པ་ཁོ་ན་ལྡན་པར་བྱེད་པས་ཐུག་མེད་དུ་མི་འགྱུར་བར་འདོད་དོ། །གོང་མ་བ་ནི་ཆོས་རྣམས་ཀྱི་འཕེལ་འགྲིབ་ཀྱི་གནས་སྐབས་ལ་འཆད་དོ། །གཉིས་པ་སྐལ་མཉམ་བཤད་པ་ནི། སྐལ་མཉམ་ཞེས་པ་ཅི་ཞེ་ན། སྐལ་མཉམ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་འདྲ་བའི་རྫས་ཏེ། རིགས་མཐུན་པ་ཞེས་ཀྱང་བྱའོ། །དབྱེ་ན་གཉིས་ཏེ་སེམས་ཅན་ཙམ་དུ་འདྲ་བའི་ཕྱིར་སྤྱི་དང༌། ལྷ་སོགས་སུ་འདྲ་བའི་ཕྱིར་བྱེ་བྲག་སྟེ། སེམས་ཅན་གྱི་སྤྱི་དང་བྱེ་བྲག་གི་ཆོས་མི་འདྲ་བ་དུ་མ་ལ་སེམས་ཅན་གྱི་སྒྲ་བློ་མཚུངས་པར་འཇུག་པའི་རྒྱུ་མཚན་དུ་འདོད་ལ། གོང་མ་བས་ནི་སེམས་ཅན་གྱི་གནས་སྐབས་ཕུང་པོ་འདྲ་བ་ལ་བཞེད་དོ། །གསུམ་པ་ནི། འདུ་ཤེས་མེད་པ་བ་ཞེས་བྱ་བ་ཅི་ཞེ་ན། འདུ་ཤེས་མེད་པ་བ་ཞེས་པའི་རྫས་ནི། འདུ་ཤེས་མེད་པའི་ལྷར་སྐྱེས་པའི་རྟེན་ལ་མ་འོངས་པའི་སེམས་དང་སེམས་བྱུང་རྣམས་དུས་གཞན་གྱི་བར་དུ་སྐྱེ་བར་མི་སྟེར་པར་འགོག་པའོ། །དེ་ཡང་གཅིག་ཏུ་འདུ་ཤེས་མེད་པའི་སྙོམས་འཇུག་གི་རྣམ་སྨིན་ནོ། །དེའི་ལྷ་དེ་འབྲས་བུ་ཆེ་བའི་ཕྱོགས་གཅིག་ཏུ་འཁོད་པས་འབྲས་བུ་ཆེ་བ་ཞེས་བྱའོ། །བཞི་པ་ནི། སྙོམས་འཇུག་དག་ཅེས་པ་ནི་ཅི་ཞེ་ན། སྙོམས་འཇུག་གཉིས་ལས་འདུ་ཤེས་མེད་པའི་སྙོམས་འཇུག་ནི། འདུ་ཤེས་མེད་པ་བ་དེ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་འཇུག་ཀྱང་སེམས་དང་སེམས་བྱུང་འགོག་པའོ། །ས་བསམ་གཏན་ཐ་མ་བཞི་པར་གཏོགས་ཤིང་ཡིད་བྱེད་ནི་འཁོར་བ་ལས་ངེས་འབྱུང་ཐར་པ་འདོད་པས་འཇུག་གོ །འདུ་ཤེས་མེད་པ་བ་ནི་ལུང་མ་བསྟན་ཁོ་ན་དང་འདི་ནི་དགེ་བ་ཁོ་ནའོ། །འབྲས་བུ་ནི་སྐྱེས་ནས་མྱོང་འགྱུར་ཉིད་ཁོ་ན་སྟེ་ཉམས་ཀྱང་ངེས་པར་སྐྱེད་ནས་འདུ་ཤེས་མེད་པ་བར་སྐྱེ་བས་སོ། །འཇུག་པའི་གང་ཟག་ནི་སོ་སྐྱེ་སྟེ། འཕགས་པ་ནི་འདི་ལ་ལྟུང་བའི་གནས་ལྟ་བུར་གཟིགས་པས་སྙོམས་པར་འཇུག་པ་མ་ཡིན་ནོ། །ཅི་བསམ་གཏན་ལྟར་དུས་གསུམ་པ་ཐོབ་བམ་ཞེ་ན། འབད་པས་སྒྲུབ་དགོས་པ་དང་སེམས་མེད་པས་སྐད་ཅིག་དང་པོ་ལ་དུས་གཅིག་པ་སྟེ་ད་ལྟར་བ་ཁོ་ན་དང༌། སྐད་ཅིག་གཉིས་པ་ཕན་ཆད་འདས་པ་དང་ལྡན་གྱི། སེམས་མེད་པས་མ་འོངས་པ་མི་ཐོབ་སྟེ། སོ་ཐར་གྱི་སྡོམ་པ་བཞིན་ནོ། །གཉིས་པ་འགོག་པའི་སྙོམས་འཇུག་ནི་འགོག་པའི་སྙོམས་འཇུག་ཅེས་བྱ་བའང་སྔ་མ་དེ་བཞིན་དུ་སེམས་དང་སེམས་བྱུང་རྣམས་འགོག་པའོ། །སྙོམས་འཇུག་སྔ་མ་དང་ཁྱད་པར་ནི་འདི་ནི་ཚོར་འདུས་སྐྱོ་ནས་དེ་དག་ཞི་བར་གནས་པའི་དོན་དུ་འཇུག་གི་ངེས་འབྱུང་གི་ཡིད་བྱེད་ཀྱིས་མི་འཇུག་གོ །ས་སྲིད་རྩེ་ལས་སྐྱེས་པ་དང་ངོ་བོ་དགེ་བ་དང༌། སྐྱེས་ནས་དང༌། ལན་གྲངས་གཞན་གཉིས་སུ་མྱོང་འགྱུར་དང༌། མྱོང་བར་མ་ངེས་པ་སྟེ་གསུམ་མོ། །གང་ཟག་འཕགས་པའི་སྐྱེ་བོ་སྟེ་འཕགས་ལམ་གྱི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རོ། །སྦྱོར་བ་འབད་པས་ཐོབ་ཀྱི་འདོད་ཆགས་དང་བྲལ་བ་ཙམ་གྱིས་མ་ཡིན་པས་སྔ་མ་བཞིན་དང་པོར་ད་ལྟར་བ་དང་ཕྱི་མ་འདས་པ་དང་ལྡན་གྱི་མ་འོངས་པ་མི་ཐོབ་བོ། །དམིགས་བསལ་ཐོབ་པའི་འགོག་པ་ནི་སྦྱོར་བས་མིན་གྱི་ཟད་ཤེས་དང་དུས་མཉམ་དུ་བྱང་ཆུབ་ཀྱིས་ཐོབ་ཅེས་བྱའོ། །ཁ་ཆེའི་ཡུལ་གྱི་ནུབ་ཕྱོགས་པ་དག་དང་པོར་ཏེ་མཐོང་སྤང་སྐྱེས་ནས་འགོག་པ་ལ་ཞུགས་པ་ལས་ལངས་ཏེ་སྲིད་རྩེའི་སྒོམ་སྤང་སྤངས་ཏེ་སངས་རྒྱས་སོ་ཞེས་ཟེར་རོ། །ཁ་ཆེ་བས་ནི་དེ་ལྟ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བདེན་པ་མངོན་པར་རྟོགས་པ་བཅུ་དྲུག་དང༌། སྲིད་རྩེའི་གཉེན་པོ་བར་ཆད་མེད་ལམ་དགུ་དང༌། རྣམ་གྲོལ་གྱི་ལམ་དགུ་ཏེ། སྐད་ཅིག་མ་སུམ་ཅུ་རྩ་བཞི་བར་མ་ཆད་པར་བསྒོམས་པས་བྱང་ཆུབ་ཐོབ་པའི་ཕྱིར་ཏེ། འོག་ས་བརྒྱད་ཀྱི་སྤང་བྱ་སྤངས་ཟིན་པས་སྲིད་རྩེའི་སྤང་བྱ་ལས་མེད་ལ། བར་དེར་འགོག་པ་བསྐྱེད་ན་བསམ་པ་ལྡང་བ་ཅན་དུ་འགྱུར་པ་ལས་དེ་ལྟར་མ་ཡིན་པས་སོ། །སྙོམས་འཇུག་དེ་གཉིས་ཀ་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི། གཟུགས་མེད་ཀྱི་རྟེན་ཅན་མ་ཡིན་ལ་ཁྱད་པར་ནི་འགོག་པ་དང་པོ་སྐྱེད་པ་ནི་དཀའ་བས་བློ་གསལ་བ་མིའི་ནང་དུ་བསྐྱེད་ཅིང་ཕྱིས་ནི་གཟུགས་ཁམས་སུ་ཡང་བསྐྱེད་དོ། །སྔ་མ་ནི་འདྲིས་པས་སྐྱེ་སླ་བའི་ཕྱིར་དང་པོར་འཇུག་པའི་ཚེ་ཡང་གཉིས་ཀའི་རྟེན་ཅན་ནོ། །གལ་ཏེ་གཟུགས་ཀྱི་རྟེན་ཅན་གྱི་འགོག་སྙོམས་མི་སྲིད་པར་ཐལ། དང་པོར་མིའི་རྟེན་ལ་སྐྱེད་དགོས་ཤིང༌། མིའི་རྟེན་ལ་འགོག་སྙོམས་ཐོབ་པ་གཟུགས་ཁམས་སུ་སྐྱེ་བ་མི་སྲིད་པའི་ཕྱིར་ཏེ། གཟུགས་ལ་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར་ཞེ་ན། ཟག་བཅས་ཞི་རགས་ཀྱི་རྣམ་པ་ཅན་གྱི་གཟུགས་ལས་འདོད་ཆགས་དང་བྲལ་ནས་སྲིད་རྩེའི་སེམས་ཐོབ་པའི་ཕྱིར་མི་འོང་ཞིག་གིས་འགོག་པ་ལ་སྙོམས་པར་འཇུག་པ་དག་ཕྱིས་གཟུགས་མེད་ལ་འདོད་ཆགས་དང་བྲལ་བ་ལས་ཉམས་པ་གཟུགས་ཁམས་སུ་སྐྱེས་ནས་སླར་འགོག་པ་མངོན་དུ་བྱེད་པའི་དབང་དུ་བྱས་པས་སྐྱོན་མེད་དོ། །འོ་ན་འཕགས་པའི་མངོན་རྟོགས་ལྡོག་སྲིད་པར་འགྱུར་རོ། །ཞེ་ན་བྱེ་བྲག་ཏུ་སྨྲ་བས། འཕགས་པའི་མངོན་རྟོགས་ལས་བཟློག་སྲིད་པར་འདོད་དེ། དགྲ་བཅོམ་པ་ཉམས་པའི་ཆོས་ཅན་བཞིན་ནོ། །མདོ་སྡེ་པས་ནི་ཟག་མེད་ཀྱི་ལམ་གྱིས་སྤངས་པ་ནི་མི་ལྡོག་གོ །ཟག་བཅས་ཀྱི་ལམ་གྱིས་སྤངས་པ་ལྡོག་སྲིད་པར་འདོད་དོ། །ལྡང་སེམས་ནི་བྱེ་བྲག་ཏུ་སྨྲ་བས་འཇུག་སེམས་འདས་པ་རྫས་གྲུབ་ལས་སྐྱེ་བར་འདོད་ལ། མདོ་སྡེ་པས་དབང་པོ་དང་བཅས་པའི་ལུས་ལ་སེམས་ཀྱི་ས་བོན་ཡོད་པ་དེ་ལས་སྐྱེ་བར་འདོད་ཅིང༌། དབྱིག་བཤེས་ནི་ཡིད་ཤེས་མི་གསལ་བ་ཡོད་པས་དེ་ལས་སྐྱེ་བར་འདོད་དོ། །ས་སྡེ་ལས་ཀུན་གཞི་མ་བཞག་ན་མདོ་སྡེ་པ་དང་མཐུན་ལ། ཀུན་གཞི་བཞག་ན་དེ་ལ་ཡོད་པའི་སེམས་ཀྱི་ས་བོན་ལས་སྐྱེ་བར་འཆད་དོ། །བསྡུ་བ་ལས་ཀུན་གཞི་བཞག་ན་གཟུགས་མེད་ཁམས་སུ་ཡང་མངོན་དུ་བྱེད་ཅེས་གསུངས་པ་ནི་ནུས་པ་ཡོད་པ་ཙམ་ལ་དགོངས་ཀྱི་གཟུགས་མེད་ཀྱི་རྟེན་ལ་འགོག་པ་དངོས་སུ་བསྐྱེད་པ་མེད་དོ། །གཟུགས་མེད་ཞི་བའི་རྣམ་ཐར་གྱི་རྣམ་པར་སྨིན་པས་གནས་པ་ནི་ཚོར་འདུ་རགས་པ་ཞི་བའི་དོན་དུ་འགའ་ཡང་འབད་པ་མི་བྱེད་པའི་ཕྱིར་ཞེས་ཀུན་ལས་བཏུས་སུ་བཤད་པ་བཞིན་ནོ། །ལྔ་པ་སྲོག་གི་ངོ་བོ་ནི། ཕུང་པོ་རིས་མཐུན་གནས་པའི་རྟེན་གྱི་རྫས་ཏེ། གདགས་པ་ལས་སྲོག་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འདི་ནི་འདོད་གཟུགས་གཉིས་སུ་དྲོད་ཀྱི་རྟེན་བྱེད་ལ། གཟུགས་མེད་དུ་རྣམ་ཤེས་ཀྱི་རྟེན་བྱེད་པ་གང་ཡིན་པའོ། །འོ་ན་སྲོག་གི་རྟེན་ཡང་དེ་གཉིས་ཡིན་པས་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་ཕྱིར་ནམ་ཡང་བཟློག་པ་མེད་པར་འགྱུར་ཞེ་ན། སྲོག་གི་རྟེན་ནི་ལས་ཡིན་པས་ལས་ལྡོག་པ་ན་སྲོག་ཀྱང་ལྡོག་པར་འགྱུར་བས་ཉེས་པ་མེད་དོ། །འོ་ན་རྣམ་ཤེས་ཀྱི་རྟེན་ཡང་ལས་སུ་ཅིའི་ཕྱིར་མི་འདོད་ཅེ་ན། མ་ཡིན་ཏེ། སྐྱེས་ནས་མ་ཤིའི་བར་དུ་རྣམ་ཤེས་དེ་རྣམ་སྨིན་གྱི་ངོ་བོར་གནས་པར་ཐལ་བས་རྣམ་ཤེས་དགེ་བ་དང་མི་དགེ་བར་འགྱུར་བའི་ཕྱིར། འོ་ན་དྲོད་ཀྱི་རྟེན་ཡང་རྣམ་ཤེས་སུ་ཅིའི་ཕྱིར་མི་འདོད། གསུང་རབ་ཀྱི་དགོངས་པ་འདོད་པའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ཞེས་གཞན་དག་ཟེར་རོ། །མདོ་སྡེ་པ་ནི། ལས་ཀྱིས་འགྲོ་བ་རིགས་མཐུན་དུ་འཕངས་པའི་གནས་པའི་དུས་ངེས་པ་ལ་འདོད་དོ། །དྲུག་པ་མཚན་ཉིད་ནི། འདུས་བྱས་ཀྱི་མཚན་ཉིད་རྣམས་ནི་སྐྱེ་བ་དང༌། རྒ་བ་དང༌། གནས་པ་དང་མི་རྟག་པ་ཉིད་དོ། །འོ་ན་བཞི་པོ་ལ་འདུས་བྱས་ཀྱི་མཚན་ཉིད་ཡོད་དམ་མེད། ཡོད་ན་མཚན་ཉིད་ཐུག་མེད་དུ་འགྱུར་ཞིང༌། མེད་ན་འདུས་བྱས་མ་ཡིན་པར་འགྱུར་རོ་ཞེ་ན། དེ་རྣམས་ལ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡོད་དེ། སྐྱེ་བའི་སྐྱེ་བ་དང༌། རྒ་བའི་རྒ་བ་དང༌། གནས་པའི་གནས་པ་དང༌། མི་རྟག་པའི་མི་རྟག་པའོ། །ཐུག་མེད་དུ་ཡང་མི་འགྱུར་ཏེ། ཕན་ཚུན་གཅིག་གིས་གཅིག་མཚོན་པས་མཚན་ཉིད་གཞན་མི་དགོས་པས་སོ། །དེ་ཡང་ཕན་ཚུན་ཇི་ལྟར་འཇུག་ཅེ་ན། རྩ་བའི་མཚན་ཉིད་བཞི་པོ་དེ་བརྒྱད་ལ་འཇུག མཐུན་པའི་མཚན་ཉིད་བཞི་པོ་དེ་རྩ་བའི་མཚན་ཉིད་ཀྱི་ཆོས་གཅིག་སྟེ་རེ་རེ་ལ་འཇུག་གོ །དེ་ལ་སྐྱེ་བ་ནི་མཚན་གཞི་འདུས་བྱས་དང༌། རྩ་བའི་མཚན་ཉིད་གཞན་གསུམ་དང་རྗེས་མཐུན་གྱི་མཚན་ཉིད་བཞི་ལ་འཇུག་པས་བརྒྱད་ལ་འཇུག་སྟེ། བརྒྱད་པོ་མ་འོངས་པ་ནས་ད་ལྟར་དུ་འདྲེན་པའི་ཕྱིར། སྐྱེ་བའི་སྐྱེ་བས་ནི་སྐྱེ་བ་ཁོ་ན་ད་ལྟར་དུ་འདྲེན་པར་བྱེད་དོ། །དེ་བཞིན་དུ་རྒ་བས་ཆོས་བརྒྱད་རྙིང་པར་བྱེད་ལ། རྒ་བའི་རྒ་བས་རྒ་བ་གཅིག་པུ་རྙིང་པར་བྱེད་དོ། །གནས་པས་ཆོས་བརྒྱད་གནས་པར་བྱེད་ལ། གནས་པའི་གནས་པས་གནས་པ་གཅིག་པུ་གནས་པར་བྱེད་དོ། །རྩ་བའི་མི་རྟག་པས་དོན་བརྒྱད་འཇིག་པར་བྱེད་ལ། མི་རྟག་པའི་མི་རྟག་པས་མི་རྟག་པ་གཅིག་པུ་འཇིག་པར་བྱེད་དོ། །འོ་ན་འདུས་བྱས་མི་སྐྱེ་བའི་ཆོས་ཅན་འདུས་བྱས་མ་ཡིན་པར་འགྱུར་ཏེ། མཚན་ཉིད་སྐྱེ་བ་མ་ཚང་བས་སོ། །གལ་ཏེ་ཚང་ན་སྐྱེ་བས་སྐྱེ་བར་འགྱུར་བས་མི་སྐྱེ་བ་ཞེས་ཇི་ལྟར་བྱ་ཞེ་ན། སྐྱེ་བ་ཚང་ཡང་བྱ་བ་མི་བྱེད་པར་གནས་པས་སྐྱོན་མེད་དོ། །གལ་ཏེ་སྐྱེ་བས་མ་འོངས་པ་སྐྱེད་པ་ཡིན་ན་མ་འོངས་པ་ཅིག་ཅར་སྐྱེ་བར་འགྱུར་ཞེ་ན། རྒྱུ་དང་རྐྱེན་ཚོགས་པ་མེད་པར་སྐྱེ་བ་ཁོ་ནས་བསྐྱེད་བྱ་མ་འོངས་པ་རྣམས་སྐྱེད་པར་བྱེད་པ་མིན་པས་སྐྱོན་མེད་དོ། །མདོ་སྡེ་པ་རྣམས་ནི་འདུས་བྱས་ཀྱི་རྒྱུན་ལ་ལྟོས་ནས་སྐྱེ་བ་སོགས་བཞི་པོ་བཞག་པ་ཡིན་གྱི། སྐད་ཅིག་རེ་ལ་བཞི་ཚང་བ་མི་འདོད་དེ། ཇི་སྐད་དུ། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །རྒྱུན་གནས་དེ་ཆད་འཇིག་པ་ཡིན། །རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་གིས། །གནས་པ་གཞན་དུ་འགྱུར་པར་འདོད། །ཅེས་སོ། །མངོན་པ་ཀུན་ལས་བཏུས་ལྟར་ན། ཕུང་པོའི་དོན་ལ་སྐྱེ་རྒ་སོགས་འདོད་ཀྱི་ཕྱི་རོལ་ལ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཕྱི་རོལ་ནི་འཇིག་ཆགས་ཀྱི་རབ་ཏུ་ཕྱེ་བར་གསུངས་པའི་ཕྱིར། མིང་གི་ཚོགས་ལ་སོགས་པ་གསུམ་ནི་གཟུགས་དང་སྒྲ་ཞེས་པ་ལྟ་བུ་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་དང༌། འདུ་བྱེད་མི་རྟག་ཅེས་པ་ལྟ་བུ་དོན་སྤྱི་ཙམ་གྱིས་དོན་རྟོགས་ཤིང་བྱ་བ་དང་ཡོན་ཏན་དང་དུས་དང་འབྲེལ་བའི་ཁྱད་པར་རྟོགས་པར་འགྱུར་བ་ཚིག་དང་ཨཱ་ལི་སོགས་དོན་མི་སྟོན་པའི་སྒྲ་སྤྱི་ནི་ཡི་གེའོ། །ཚོགས་ནི་དུ་མའོ། །མིང་ཚིག་སོགས་གསུམ་པོ་ཡང་རྣ་བས་ཐོས་པའི་སྒྲ་མ་ཡིན་གྱི་ཉན་ཤེས་ཀྱི་རྗེས་སུ་སྐྱེས་པའི་ཡིད་ལ་སྣང་བ་སྒྲ་ལས་རྫས་གཞན་ལྡན་མིན་འདུ་བྱེད་དོ། །སྒྲ་མ་ཡིན་ཏེ། དེའི་དུས་སུ་སྒྲ་འགགས་པའི་ཕྱིར། ཉན་ཤེས་དང་ཡིད་ཀྱང་མ་ཡིན་ཏེ། ཤེས་པ་མ་ཡིན་པའི་ཕྱིར། དེས་ན་གཟུགས་སེམས་གཉིས་ཀ་མ་ཡིན་པའི་འདུས་བྱས་དོན་གཞན་ནོ། །མདོ་སྡེ་པ་ནི་ཉན་ཤེས་ཀྱིས་ཐོས་པའི་སྒྲ་ཡིན་པས་གཟུགས་ཕུང་གིས་བསྡུས་པར་འདོད་དོ། །དེ་རྣམས་འདོད་པ་དང་གཟུགས་ཁོ་ནར་གཏོགས་ཏེ། སྒྲ་སྤྱི་ཡིན་པའི་ཕྱིར། རྒྱུད་ཀྱིས་བསྡུས་པས་སེམས་ཅན་དུ་སྟོན་པ་དང༌། བྱུང་བ་གསུམ་ལས་སྐལ་མཉམ་གྱི་རྒྱུ་ལས་བྱུང་བས་རྒྱུ་མཐུན་དང༌། འདོད་རྒུར་འབྱུང་བས་རྣམ་སྨིན་མ་ཡིན་ཞིང༌། གཟུགས་ཅན་མ་ཡིན་པས་རྒྱས་བྱུང་མ་ཡིན་ནོ། །དགེ་རྩ་ཆད་པ་དང་ཉོན་མོངས་སྤངས་པ་ལ་ཡང་ལྡན་པས་དགེ་མི་དགེ་ལུང་བསྟན་པ་མ་ཡིན་པའི་ཕྱིར་མ་བསྒྲིབས་པ་ཁོ་ནའོ། །ཇི་ལྟར་མིང་ཚིག་སོགས་སེམས་ཅན་དུ་སྟོན་པ་དང་རྒྱུ་མཐུན་དང་མ་བསྒྲིབས་པ་ཡིན་པ་དེ་བཞིན་དུ་སྐལ་མཉམ་ཡང་གསུམ་པོ་དེ་དག་སྟེ་རྣམ་སྨིན་གྱི་འདྲ་བའི་ཆ་རྣམ་པར་སྨིན་པ་ལས་སྐྱེས་པའང་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཡོད་པས་ཁམས་གསུམ་པའོ། །འང་ནི་རྒྱུ་མཐུན་དུ་མ་ཟད་ཅེས་པའོ། །ཐོབ་པ་ནི་རྣམ་སྨིན་གྱི་ཐོབ་པ་རྣམ་སྨིན་སྐྱེས་དང་ཆོས་གཞན་གྱི་ཐོབ་པ་རྒྱུ་མཐུན་སྐྱེས་ཏེ་རྣམ་པ་གཉིས་སོ། །ཁྱད་པར་གཞན་ནི་རང་རྒྱུད་དུ་གཏོགས་པ་ཞེས་དང༌། དེར་གཏོགས་རྣམས་ཀྱི་རང་ཁམས་པ་ཞེས་དང༌། དགེ་ལ་སོགས་ཀྱི་དགེ་ལ་སོགས། ཞེས་བཤད་ཟིན་ཏོ། །མཚན་ཉིད་རྣམས་ཀྱང་ཐོབ་པ་བཞིན་རྣམ་པ་གཉིས་ཏེ། རྣམ་སྨིན་སྐྱེས་ཀྱི་མཚན་ཉིད་རྣམ་སྨིན་སྐྱེས་དང་གཞན་རྣམས་ཀྱི་མཚན་ཉིད་རྒྱུ་མཐུན་ལས་བྱུང་བ་སྟེ། ཟག་མེད་སྐད་ཅིག་དང་པོ་དམིགས་བསལ་ལོ། །དགེ་བ་སོགས་གསུམ་ཀ་ཡོད་དེ། འདུས་བྱས་ཐམས་ཅད་ལ་ཁྱབ་པར་ཡོད་པས་སོ། །སྙོམས་འཇུག་གཉིས་ནི་དགེ་བ་ཡིན་པས། རྣམ་སྨིན་མ་ཡིན་ཞིང་གཟུགས་ཅན་མ་ཡིན་པ་དང་རྒྱས་འབྱུང་མ་ཡིན་པས་རྒྱུ་མཐུན་ལས་བྱུང་བ་ཁོ་ནའོ། །སེམས་ཅན་གྱི་རྒྱུད་ལ་ལྡན་པས་སེམས་ཅན་དུ་སྟོན་པར་ཡང་གྲུབ་བོ། །མི་ལྡན་པ་ཡང་གཟུགས་ཅན་མ་ཡིན་པས་རྒྱས་བྱུང་མ་ཡིན་ལ། སྔོན་གྱི་ལས་ཀྱིས་བྱས་པ་མ་ཡིན་པས་རྣམ་སྨིན་སྐྱེས་མ་ཡིན་པས་ན་རྒྱུ་མཐུན་ལས་བྱུང་བ་ཁོ་ནའོ། །སེམས་ཅན་དུ་སྟོན་པ་དང་ཁམས་སུ་གཏོགས་པ་དང་ལུང་མ་བསྟན་ཡིན་པར་བཤད་ཟིན་ལ། འདུ་ཤེས་མེད་པ་དང་སྲོག་གི་ཁྱད་པར་ཡང་སྔར་བཤད་དོ། །གསུམ་པ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་ལ་བཞི་སྟེ། རྒྱུ་བཤད་པ་དང༌། འབྲས་བུ་བཤད་པ་དང༌། རྒྱུ་འབྲས་གཉིས་ཀྱི་ཐུན་མོང་གི་ཆོས་བཤད་པ། རྐྱེན་བཤད་པའོ། །དང་པོ་ནི། རྒྱུ་དང་རྐྱེན་དག་མེད་པར་ནི། །ཞེས་བཤད་པའི་རྒྱུ་གང་ཞེ་ན། །འདི་ལ་གཉིས་ཏེ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། རྒྱུ་ལ་ཐུན་མོང་གི་རྒྱུ་དང་སོ་སོར་ངེས་པའི་རྒྱུ་གཉིས་ཡོད་པའི་དང་པོ་ནི་བྱེད་རྒྱུ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཐུན་མོང་ཡིན་པའི་ཕྱིར། གཉིས་པ་ནི། འདུས་བྱས་ཁོ་ན་སྟེ་རྒྱུ་ཕྱི་མ་འདི་རྣམས་ལ་འདུས་མ་བྱས་མི་རུང་བའི་ཕྱིར་རོ། །དེ་ལ་རྒྱུ་འབྲས་དུས་མཉམ་པ་དང་མི་མཉམ་པ་གཉིས་ཏེ། མཉམ་པ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཡིན་ལ། མི་མཉམ་པ་ནི་གཞན་གསུམ་མོ། །མཉམ་པ་ལ་ཡང་ལྷན་ཅིག་འབྱུང་རྒྱུ་སྤྱི་ཡིན་ལ། མཚུངས་ལྡན་ནི་དེའི་བྱེ་བྲག་གོ །མི་མཉམ་པ་ལ་ཡང་རྒྱུ་འབྲས་རིགས་འདྲ་བ་དང་མི་འདྲ་བ་གཉིས་སོ། །འདྲ་བ་ནི་སྐལ་མཉམ་དང་ཀུན་འགྲོ་གཉིས། དེ་ཡང་སྤྱི་འདྲ་བ་དང་བྱེ་བྲག་འདྲ་བའི་སྒོ་ནས་གཉིས་སུ་ཕྱེའོ། །འབྲས་བུ་དང་མི་འདྲ་བ་ནི་རྣམ་སྨིན་གྱི་རྒྱུའོ། །དེ་ཡང་བྱེད་རྒྱུ་ནུས་མེད་ནི་རང་ལས་གཞན་པའི་འདུས་བྱས་སྐྱེ་བ་ལ་གེགས་མི་བྱེད་པ་སྟེ་འདུས་མ་བྱས་ལྟ་བུའོ། །བྱེད་རྒྱུ་ནུས་བཅས་ནི་ས་བོན་གྱིས་མྱུ་གུ་སྐྱེད་པ་ལྟ་བུའོ། །ལྷན་ཅིག་འབྱུང་རྒྱུ་ནི་རང་རང་གི་མཚན་ཉིད་སྐྱེ་སོགས་དང་རང་གི་རིགས་འདྲ་ཕྱི་མ་སྐྱེས་པ་ལ་ལྟོས་ཏེ་བྱེད་རྒྱུ་དང༌། སྐལ་མཉམ་གྱི་རྒྱུ་གཉིས་ཀྱང་ཡིན་མོད་ཀྱི་འདིར་དང་ལྷན་ཅིག་པའི་ཆོས་གཞན་སྐྱེ་བའི་གྲོགས་སུ་གྱུར་པ་ལ་ལྟོས་ནས་ལྷན་ཅིག་འབྱུང་རྒྱུ་ཞེས་པ་ཐ་སྙད་བྱས་སོ། །རང་རང་གི་འདུས་བྱས་ཀྱི་མཚན་ཉིད་རིགས་འདྲ་ཕྱི་མ་ལ་ལྟོས་ཏེ་རྒྱུ་ལྔ་པོ་ཐམས་ཅད་བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་དང་སྐལ་མཉམ་གསུམ་ཀ་ཡིན་ཡང་རང་རང་གི་བྱེད་ལས་ཐུན་མོང་མ་ཡིན་པ་རེ་ལ་ལྟོས་ནས་ཐ་སྙད་སོ་སོར་བྱའོ། །དེ་ལ་འབྱུང་བ་རྣམས་ནི་རང་དང་ཚོགས་པ་གཅིག་པའི་ཟླའི་འབྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་རྒྱུ་ཡིན་ལ་ལྷན་ཅིག་པའི་འབྱུང་གྱུར་རྣམས་ཀྱི་ལྷན་ཅིག་འབྱུང་རྒྱུ་མ་ཡིན་ཏེ། འབྱུང་བའི་ནུས་པས་ལྷན་ཅིག་པའི་འབྱུང་གྱུར་སྐྱེད་པ་ཡིན་གྱི་འབྱུང་འགྱུར་དང་འགྲོགས་སྟོབས་ཀྱིས་འབྱུང་འགྱུར་གྱི་ནུས་པ་འབྱུང་བ་ལ་འཇུག་པ་མ་ཡིན་པའི་ཕྱིར། འབྱུང་གྱུར་ནང་ཕན་ཚུན་ལྷན་ཅིག་འབྱུང་རྒྱུ་ཡིན་པ་ནི་བསམ་གཏན་གྱི་སྡོམ་པའི་སྤོང་བ་བདུན་པོ་ནང་ཕན་ཚུན་དང་ཟག་མེད་ཀྱི་སྡོམ་པའི་སྤོང་བ་བདུན་ཕན་ཚུན་ནོ། །དེ་ལས་གཞན་པའི་འབྱུང་འགྱུར་ཕན་ཚུན་ལྷན་ཅིག་འབྱུང་རྒྱུ་ཡིན་པ་མེད་དོ། །འབྱུང་འགྱུར་གྱི་འབྱུང་བའི་ལྷན་ཅིག་འབྱུང་རྒྱུ་མི་བྱེད་ཅེས་བཤད་ཀྱི། སྤྱིར་འབྱུང་འགྱུར་གྱིས་འབྱུང་བ་མི་སྐྱེད་ཅེས་སྨྲ་བ་མ་ཡིན་ཏེ། འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག་ཅེས་འབྱུང་བས་སོ། །མཚུངས་ལྡན་གྱི་རྒྱུ་ནི་སེམས་དང་སེམས་བྱུང་གིས་བསྡུས་པ་ཁོ་ན་སྟེ་ལྡན་མིན་འདུ་བྱེད་དང༌། གཟུགས་ཅན་རྣམས་ལ་མཚུངས་ལྡན་གྱི་དོན་མེད་པས་སོ། །མཚུངས་པ་ལྔས་མཚུངས་ལྡན་གྱི་སྒོ་ནས་ཕན་ཚུན་གྲོགས་སུ་གྱུར་པས་མཚུངས་ལྡན་གྱི་རྒྱུ་སྟེ་འདི་ནི་ལྷན་ཅིག་འབྱུང་རྒྱུའི་བྱེ་བྲག་གོ །ལྷན་ཅིག་འབྱུང་བ་ཡིན་ལ་ལྷན་ཅིག་འབྱུང་རྒྱུ་མ་ཡིན་པ་ནི་མཐུན་པའི་མཚན་ཉིད་ཀྱི་མཚན་གཞི་འདུས་བྱས་ཀྱི་ལྷན་ཅིག་འབྱུང་རྒྱུ་མི་བྱེད་པ་ལྟ་བུའོ། །སྐལ་མཉམ་གྱི་རྒྱུ་ནི་རིགས་འདྲ་སྔ་མས་རིགས་འདྲ་ཕྱི་མ་སྐྱེད་པ་ལ་ལྟོས་ནས་སྐལ་མཉམ་ཞེས་བྱ་སྟེ། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་མ་བསྡུས་གཉིས་ཀ་ཡོད་དེ། དང་པོ་ནི། དགེ་བ་སྦྱོར་བྱུང་གིས་རང་དང་མཉམ་པ་དང་ཁྱད་པར་ཅན་གཉིས་ཀྱི་རྒྱུ་བྱེད་པ་དང༌། ཉོན་མོངས་པ་ཅན་རྣམས་ཀྱིས་ཉོན་མོངས་ཅན་ཕྱི་མ་དང་ལུང་མ་བསྟན་ལ་ཡང་དེ་བཞིན་ནོ། །སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པ་ཡང་ནས་ཀྱིས་ནས་དང༌། སྲན་མས་སྲན་མའི་རྒྱུ་བྱེད་ཅིང་གོ་འབྱེད་པ་ལྟ་བུའོ། །འདྲ་བ་ཐམས་ཅད་འདྲ་བ་ཐམས་ཅད་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་ནམ་ཞེ་ན། སྤང་བྱ་ནི་རིགས་ལྔ་སྟེ། སྡུག་བསྔལ་མཐོང་སྤང་དང་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་སྤང་དང་སྒོམ་སྤང་ངོ༌། །སྡུག་བསྔལ་མཐོང་སྤང་གིས་སྡུག་བསྔལ་མཐོང་སྤང་ཁོ་ནའི་དང་སྤང་བྱ་ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །འོ་ན་འདོད་པའི་སྡུག་བསྔལ་རྣམས་དང་གོང་མའི་སྡུག་བསྔལ་རྣམས་སྤང་བྱ་རིགས་གཅིག་ཡིན་པས་ཕུན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་ནམ་སྙམ་ན། ས་མི་གཅིག་པ་རྣམས་ཕན་ཚུན་སྐལ་མཉམ་གྱི་རྒྱུ་མ་ཡིན་ཏེ། ཟག་བཅས་རྣམས་ནི་སྲེད་པའི་རིགས་སུ་བཅད་པའི་ཕྱིར། ཟག་མེད་རྣམས་ནི་ལུགས་མཐུན་དུ་སྙོམས་པར་འཇུག་པའི་ཚེ་ས་འོག་མའི་ལམ་གྱིས་ས་གོང་མའི་ལམ་གྱི་སྐལ་མཉམ་གྱི་རྒྱུ་བྱེད་ལ་ལུགས་མི་མཐུན་དུ་ཞུགས་པའི་ཚེ་ས་གོང་མའི་ལམ་གྱིས་ས་འོག་མའི་ལམ་གྱི་རྒྱུ་བྱེད་དོ། །དེ་ཡང་དབང་རྟུལ་གྱི་ལམ་གྱིས་དེ་ཉིད་དང་དབང་པོ་འཕོ་བའི་ཚེ་དབང་རྣོན་གྱི་ལམ་གྱི་སྐལ་པ་མཉམ་པའི་རྒྱུ་ཡང་བྱེད་དོ། །རྣོན་པོས་ནི་རྣོན་པོ་ཁོ་ནའི་བྱེད་ཀྱི་བརྟུལ་པོ་དང་འབྲིང་མི་བྱེད་དོ། །ཀུན་འགྲོའི་རྒྱུ་ནི་རང་དང་ས་གཅིག་པའི་ཉོན་མོངས་ཅན་ཕྱི་མ་སྐྱེ་བའི་གོ་འབྱེད་པ་ལ་ལྟོས་ནས་ཀུན་འགྲོའི་རྒྱུ་སྟེ་འདིས་ནི་སྐལ་མཉམ་ལྟར་སྤང་བྱ་རིགས་མཐུན་ཁོ་ནའི་རྒྱུ་བྱེད་པ་མ་ཡིན་གྱི་སྤང་བྱ་རིགས་ལྔ་ཆར་གྱི་རྒྱུ་བྱེད་པས་ཀུན་འགྲོ་ཞེས་བྱའོ། །རྣམ་སྨིན་གྱི་རྒྱུ་ནི་མི་དགེ་བ་དང་དགེ་བ་ཟག་བཅས་ཁོ་ན་སྟེ། ལུང་མ་བསྟན་སྟོབས་ཞན་པས་རྣམ་སྨིན་སྐྱེད་མི་ནུས་པའི་ཕྱིར་དང༌། ཟག་མེད་ནི་སྲིད་པའི་རླན་དང་བྲལ་བས་རྣམ་སྨིན་མི་འཛིན་པའི་ཕྱིར། འགའ་ཞིག་མཚུངས་ལྡན་གྱི་རྩ་བའི་མཚན་ཉིད་བཞི་པོ་ཡང་མཚུངས་ལྡན་གྱི་རྒྱུ་ཡིན་ཏེ། མཚུངས་ལྡན་གྱི་བྱེད་རྒྱུ་ཡིན་པའི་ཕྱིར་རོ་ལོ། །འོ་ན་སེམས་དང་སེམས་བྱུང་གང་རུང་ཡིན་པར་ཐལ། མཚུངས་ལྡན་གྱི་རྒྱུ་ཡིན་པའི་ཕྱིར། ཁྱབ་པར་མ་ངེས་ན། མཚུངས་ལྡན་རྒྱུ་ནི་ཞེས་སོགས་དང་འགལ་ལོ། །དེ་བཞིན་དུ་རྣམ་སྨིན་གྱི་རྒྱུའི་འདུས་བྱས་ཀྱི་མཚན་ཉིད་རྣམ་སྨིན་དུ་འདོད་པ་ཡང་རིགས་པ་འདིས་ཁེགས་སོ། །གཉིས་པ་ཚིག་གི་དོན་ལ་རྒྱུ་རྣམ་པ་དྲུག་སྟེ། དྲུག་གང་ཞེ་ན། བྱེད་རྒྱུ་དང༌། ལྷན་ཅིག་འབྱུང་བའི་རྒྱུ་དང༌། སྐལ་མཉམ་གྱི་རྒྱུ་དང༌། མཚུངས་པར་ལྡན་པའི་རྒྱུ་དང༌། ཀུན་ཏུ་འགྲོ་བའི་རྒྱུ་དང༌། རྣམ་སྨིན་གྱི་རྒྱུ་ཞེས་བྱ་བ་རྣམས་སོ། །དེ་ལ་བྱེད་རྒྱུ་ནི། རང་ཉིད་རང་ལ་བྱེད་པ་འགལ་བས་རང་ལས་གཞན་པ་ཐམས་ཅད་ནི་འདུས་བྱས་ཀྱི་བྱེད་རྒྱུ་སྟེ། དེ་ཡང་ནུས་མེད་དང་ནུས་བཅས་གཉིས་སོ། །ལྷན་ཅིག་འབྱུང་རྒྱུ་ནི། ཆོས་གང་ཕན་ཚུན་ཟླ་དང་བཅས་པ་གཅིག་གི་འབྲས་བུ་གཅིག་ཡིན་ཏེ། དཔེར་ན་ཚོགས་པ་གཅིག་པའི་འབྱུང་བ་བཞི་ནང་ཕན་ཚུན་རྒྱུ་འབྲས་སུ་གྱུར་པ་བཞིན་དང༌། སེམས་ཀྱི་རྗེས་འཇུག་དང་སེམས་གཉིས་བཞིན་དང༌། འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་བཞི་དང༌། མཚན་གཞི་འདུས་བྱས་བཞིན་ཏེ། ལྷན་ཅིག་འགྲོགས་སྟོབས་ཀྱིས་གཅིག་གིས་གཅིག་སྐྱེ་བའི་རྐྱེན་བྱས་པས་སོ། །སེམས་ཀྱི་རྗེས་འཇུག་གང་ཞེ་ན། སེམས་ལས་བྱུང་བ་ཐམས་ཅད་དང༌། སྡོམ་པ་བསམ་གཏན་དང་ཟག་པ་མེད་པ་གཉིས་དང༌། སེམས་ཀྱི་མཚན་ཉིད་སྐྱེ་སོགས་བཞི་དང༌། སེམས་བྱུང་དང་སྡོམ་གཉིས་དེ་དག་གི་མཚན་ཉིད་སྐྱེ་སོགས་ནི་སེམས་ཀྱི་རྗེས་འཇུག་ཡིན་ཏེ། ཇི་ལྟར་འཇུག་ཅེ་ན། མདོར་བསྡུ་ན་བཅུ་སྟེ། དུས་ལས་སེམས་དང་སྐྱེ་འགག་གནས་གསུམ་གཅིག་པ་དང༌། དུས་ཙམ་གཅིག་པ་སྟེ་བཞི་དང་སྐྱེས་བུ་བྱེད་པ་དང༌། བྲལ་བའི་འབྲས་བུ་དང་སོགས་པས་རྒྱུ་མཐུན་དང་རྣམ་སྨིན་གཅིག་པ་སྟེ་གསུམ་དང༌། དགེ་བ་དང་སོགས་པས་མི་དགེ་བ་དང་ལུང་མ་བསྟན་དུ་གཅིག་པས་སོ། །བཅུ་ནི་རིགས་ཀྱི་དབང་དུ་བྱས་ཀྱི་བཅུ་ཆར་སེམས་གཅིག་ལ་ཡོད་པ་མ་ཡིན་ཏེ། དགེ་སོགས་གསུམ་འགལ་བ་སོགས་ཀྱི་ཕྱིར། གསུམ་པ་སྐལ་མཉམ་གྱི་རྒྱུ་ནི། འདྲ་བས་སྔ་མས་ཕྱི་མ་སྐྱེད་ཅིང་གོ་འབྱེད་པའོ། །དེ་ཡང་ཟག་བཅས་ལ་ནི་སྤང་བྱ་རིགས་ལྔ་ལས། རང་རིག་དང་དེ་ཡང་རང་གི་ས་པ་དང་འབྲས་བུའི་སྔར་སྐྱེས་པའི་འདས་པ་དང་ད་ལྟར་རྣམས་ཕྱིས་སྐྱེས་པ་དང་མ་སྐྱེས་པའོ། །རང་སར་ངེས་སམ་ཞེ་ན། ཟག་བཅས་ལ་ངེས་པ་མི་ལྕོགས་མེད་ནས་ཅི་ཡང་མེད་པའི་བར་ས་དགུའི་ལམ་བདེན་ནི་ཕན་ཚུན་དུ་རང་དང་མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་ཡིན་གྱི་དམན་པའི་མ་ཡིན་ནོ། །ནི་ཞེས་པ་དགར་བའོ། །འཇིག་རྟེན་པའི་སྦྱོར་བྱུང་ཡང་མཉམ་པ་དང་ཁྱད་པར་ཅན་དེ་གཉིས་ཁོ་ནའི་ཡིན་གྱི་དམན་པའི་མ་ཡིན་ཏེ། དཔེར་ན་ཐོས་པ་དང་བསམ་བྱུང་དང༌། སོགས་པས་སྒོམ་བྱུང་རྣམས་མཉམ་པ་དང༌། ཁྱད་པར་ཅན་གྱི་རྒྱུ་ཡིན་གྱི་དམན་པའི་མིན་པ་བཞིན་ནོ། །བཞི་པ་མཚུངས་ལྡན་གྱི་རྒྱུ་ནི་སེམས་དག་དང་སེམས་བྱུང་རྟེན་དབང་པོ་མཚུངས་པ་ཅན་ཏེ། དོན་མཚུངས་ལྡན་རྣམ་པ་ལྔས་མཚུངས་པ་རྣམས་སོ། །ལྔ་པ་ཀུན་འགྲོའི་རྒྱུ་ནི་ཉོན་མོངས་ཅན་ཕྱི་མ་རྣམས་ཀྱི་རྒྱུ་རང་སའི་ཀུན་འགྲོ་སྔར་སྐྱེས་པ་རྣམས་ཏེ། དྲུག་པ་རྣམ་སྨིན་གྱི་རྒྱུ་ནི་མི་དགེ་བ་དང༌། དགེ་བ་ཟག་བཅས་རྣམས་ཁོ་ནའོ། །ཀུན་འགྲོ་དང་སྐལ་མཉམ་འདས་པ་དང་ད་ལྟར་ཏེ་དུས་གཉིས་པ་སྟེ། དེ་དག་རྒྱུ་མཐུན་གྱི་འབྲས་བུ་ཅན་ཡིན་ལ། མ་འོངས་པ་འཆོལ་བ་ཡིན་པས་སྔ་ཕྱི་མེད་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བ་མཚུངས་ལྡན་རྣམ་སྨིན་གསུམ་པོ་རྣམས་ནི་དུས་གསུམ་པའོ། །བྱེད་རྒྱུ་ནི་དུས་ཐམས་ཅད་པ་དང་དུས་དང་བྲལ་བ་ཡང་ཡིན་ནོ། །གཉིས་པ་འབྲས་བུ་ལ་བསྟན་བཤད་གཉིས་ཀྱི་དང་པོ་ནི། རྒྱུ་དེ་རྣམས་ཀྱི་འབྲས་བུ་གང་ཞེ་ན། བསྟན་བཅོས་ལས། འདུས་བྱས་ཐམས་ཅད་དང་བྲལ་བ་སོ་སོར་བརྟགས་འགོག་དང་བཅས་པ་ནི་འབྲས་བུར་བཤད་དོ། །འདུས་མ་བྱས་ལ་རྒྱུ་དང་འབྲས་བུ་དེ་དག་མེད་དེ། རྒྱུ་དྲུག་དང་འབྲས་བུ་ལྔ་མི་སྲིད་པའི་ཕྱིར་ཏེ། སྐྱེ་མི་སྲིད་པས་སྐྱེ་བ་ལ་གེགས་མི་བྱེད་ཙམ་གྱི་བྱེད་རྒྱུ་ཡང་མེད་ལ། དུས་ལས་གྲོལ་བ་ལ་འབྲས་བུ་འཛིན་འབྱིན་གྱི་མཐུ་མེད་པས་འབྲས་བུ་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྒྱུ་གང་གི་འབྲས་བུ་གང་ཡིན་པ་དང༌། འབྲས་བུ་ལྔའི་ངོ་བོའོ། །དང་པོ་ནི། འབྲས་བུ་གང་རྒྱུ་གང་གི་ཡིན་ཞེ་ན། རྣམ་སྨིན་གྱི་འབྲས་བུ་ནི་རྒྱུའི་གྲངས་ཐ་མ་རྣམ་སྨིན་གྱི་རྒྱུའི་འབྲས་བུ་ཡིན་ལ། བདག་པོའི་འབྲས་བུ་ནི་རྒྱུའི་གྲངས་དང་པོ་བྱེད་རྒྱུ་འབྲས་བུ་ཡིན་ཅིང་རྒྱུ་མཐུན་གྱི་འབྲས་བུ་ནི་སྐལ་མཉམ་དང་ཀུན་འགྲོའི་འབྲས་བུའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱིའང་འབྲས་བུ་ཡིན་ནོ། །གཉིས་པ་ནི། རྣམ་སྨིན་གྱི་འབྲས་བུ་སོགས་ལྔ་པོ་སོ་སོའི་ངོ་བོ་ཅི་ཞེ་ན། རྣམ་སྨིན་མ་བསྒྲིབས་ལུང་དུ་མ་བསྟན་པའི་ཆོས་དང༌། སེམས་ཅན་དུ་སྟོན་པ་དང་རྒྱུ་ལུང་བསྟན་པ་དགེ་མི་དགེ་ལས་ཕྱིས་འབྱུང་བ་ཡིན་གྱི། ལྷན་ཅིག་དང་དེ་མ་ཐག་ཏུ་འབྱུང་བ་མ་ཡིན་ནོ། །རྒྱུ་མཐུན་གྱི་འབྲས་བུ་ནི་རྒྱུ་དང་འདྲ་བར་ཕྱིས་འབྱུང་བ་སྟེ། དེ་ཡང་ཉོན་མོངས་ཅན་དང་མ་བསྒྲིབས་ལུང་མ་བསྟན་པ་དང༌། དགེ་བ་ཟག་བཅས་དང་ཟག་མེད་འདུས་བྱས་ཏེ་བཞི་པོ་གང་རུང་དུ་འདྲ་བའོ། །བྲལ་བའི་འབྲས་བུ་ནི་བར་ཆད་མེད་པའི་ལམ་གྱི་བློ་སྟེ་ཤེས་རབ་ཀྱི་སྤང་བྱ་ཟད་པ་སོ་སོར་བརྟགས་འགོག་སྟེ་ཟག་བཅས་དང་ཟག་མེད་ཀྱི་ལམ་གཉིས་ཀའི་ཡོད་པར་གཞུང་འདི་དང་བསྡུ་བར་བཤད་དོ། །རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་སྐྱེ་བའམ་ཐོབ་པའི་འབྲས་བུ་དེ་སྐྱེས་བུའི་བྱེད་པ་ལས་བྱུང་བ་ལྟ་བུར་རྒྱུ་ནུས་བཅས་ལས་སྐྱེ་བའམ་ཐོབ་པས་དེ་སྐད་ཅེས་བརྗོད་དེ། སྨན་བྱ་རོག་རྐང་བཞིན་ནོ། །དེ་ལ་སྐྱེ་བ་ནི་ས་འོག་མའི་སྦྱོར་བའི་སེམས་ཀྱིས་གོང་མའི་ཏིང་ངེ་འཛིན་ལྟ་བུ་དང༌། འཐོབ་པ་ནི་བར་ཆད་མེད་ལམ་གྱི་བརྟགས་འགོག་གོ །རྒྱུ་ལས་སྔ་བའི་འབྲས་བུ་མེད་པས་རྒྱུའི་སྔོན་དུ་བྱུང་བ་མ་ཡིན་པ་དུས་མཉམ་པ་དང་ཕྱིས་ཀྱི་འདུས་བྱས་རྣམས་ནི་འདས་པ་དང་ད་ལྟར་གྱི་འདུས་བྱས་ཁོ་ནའི་བདག་པོའི་འབྲས་བུའོ། །གསུམ་པ་རྒྱུ་འབྲས་གཉིས་ཀྱི་ཐུན་མོང་གི་ཆོས་ལ་གཉིས་ཐེ། རྒྱུས་འབྲས་བུ་འཛིན་འབྱིན་གྱི་དུས། འབྲས་བུ་གང་རྒྱུ་དུས་བསྐྱེད་པའོ། །དང་པོ་ནི། རྒྱུ་གང་གིས་དུས་གང་གི་ཚེ་འབྲས་བུ་འཛིན་པ་དང་འབྱིན་པ་ཡིན་ཞེ་ན། རྒྱུ་ཕྱི་མ་ལྔ་པོ་ད་ལྟར་བས་འབྲས་བུ་སྐྱེད་པའི་ནུས་པ་དངོས་སུ་འཛིན་ལ་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གཉིས་ནི་རྒྱུ་འབྲས་དུས་མཉམ་པས་ད་ལྟར་བའི་དུས་ཁོ་ནར་འབྲས་བུ་རབ་ཏུ་འབྱིན་པར་བྱེད་དོ། །སྐལ་མཉམ་དང་ཀུན་འགྲོ་གཉིས་དག་གི་སྐད་ཅིག་གཞན་གྱིས་བར་མ་ཆོད་པའི་དུས་གཉིས་པ་ལ་འབྲས་བུ་འབྱིན་ན་ད་ལྟར་བས་འབྲས་བུ་འབྱིན། བར་དུ་ཆོད་པས་སྐྱེད་ན་འདས་པས་འབྱིན་ནོ། །གཅིག་སྟེ་རྣམ་སྨིན་གྱི་རྒྱུ་ནི་ལྷན་ཅིག་གམ་དེ་མ་ཐག་རྣམ་སྨིན་འབྱིན་པ་མེད་པས་འདས་པ་ཁོ་ནས་རྣམ་སྨིན་འབྱིན་ནོ། །བྱེད་རྒྱུ་ནི་འབྲས་བུ་འཛིན་པ་དང་འབྱིན་པ་དག་རྒྱུ་ལྔའི་ཁོངས་སུ་འདུས་ལ། གཞན་ལ་ནི་འབྲས་བུ་འཛིན་འབྱིན་གྱི་མཐུ་མེད་དོ། །འབྲས་བུ་འཛིན་པ་དང་འབྱིན་པ་གཉིས་ཀྱི་ཁྱད་པར་གང་ཞེ་ན། འཛིན་པ་ནི་འབྲས་བུ་སྐྱེད་པའི་ནུས་པ་ཡོད་པ་ཡིན་ལ། འབྱིན་པ་ནི་ནུས་པ་དེས་འབྲས་བུ་མངོན་གྱུར་དུ་བསྒྲུབས་པའོ། །གཉིས་པ་ནི། འབྲས་བུ་གང་ཞིག་རྒྱུ་དུས་སྐྱེད་ཅེ་ན། མདོར་བསྡུ་ན་ཆོས་བཞི་ཡིན་ལ། དེ་ལ་ཉོན་མོངས་ཅན་མི་དགེ་བ་དང༌། སྒྲིབ་པ་གཉིས་དང་རྣམ་སྨིན་སྐྱེས་དང་ལྷག་མ་རྣམ་སྨིན་མ་ཡིན་པའི་ལུང་མ་བསྟན་གསུམ་དང༌། ཟག་མེད་དང་པོ་མ་ཡིན་པའི་དགེ་བ་དང༌། དང་པོའི་འཕགས་པ་སྟེ་ཟག་མེད་སྐད་ཅིག་དང་པོ་རྣམས་གོ་རིམ་བཞིན་དུ་རྣམ་སྨིན་མ་ཡིན་པ་ལྔ་ལས་དང༌། ཀུན་འགྲོ་མ་ཡིན་པ་ལྔ་ལས་དང༌། རྣམ་སྨིན་ཀུན་འགྲོ་དེ་གཉིས་མ་ཡིན་པ་བཞི་ལས་དང༌། དེ་གཉིས་དང་སྐལ་མཉམ་སྟེ་གསུམ་མ་གཏོགས་པ་ལྷག་མ་གསུམ་ལས་སྐྱེ་སྟེ། ཆོས་དེ་བཞི་སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་པ་ཡིན་ནོ། །འོ་ན་གཟུགས་དང་ལྡན་མིན་རྣམས་ཇི་ལྟར་སྐྱེ་ཞེ་ན། མཚུངས་ལྡན་གྱི་རྒྱུ་མ་གཏོགས་པ་གཞན་དེ་བཞིན་ཏེ། ཆོས་བཞི་པོ་རྣམས་རྒྱུ་བཞི་དང་བཞི་དང་གསུམ་དང་གཉིས་ལས་སྐྱེའོ། །གཉིས་པ་རྐྱེན་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྐྱེན་གང་ཞེ་ན། རྐྱེན་ནི་རྒྱུ་དང་དེ་མ་ཐག་པ་དང༌། དམིགས་པ་དང་བདག་པོའི་རྐྱེན་ཏེ། མདོ་ལས་བཞི་པོ་དག་ཏུ་གསུངས་སོ། །གསུངས་ཞེས་པ་མདོ་སྡེ་པ་ཡང་འདོད་པས་མཐུན་པར་སྟོན་པའོ། །རྒྱུ་དང་རྐྱེན་ནི་བྱེ་བྲག་ཏུ་སྨྲ་བས་རྣམ་གྲངས་སུ་འདོད་དོ། །གཉིས་པ་ལ་བཞི་སྟེ། རྐྱེན་བཞི་སོ་སོའི་རང་བཞིན། རྐྱེན་གང་དུས་གང་ལ་བྱ་བ་བྱེད་པ། དངོས་པོ་གང་རྐྱེན་དུ་ལས་སྐྱེ་བ། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྒྱུའི་རྐྱེན་ཞེས་བྱ་བ་བྱེད་རྒྱུ་མ་ཡིན་པའི་རྒྱུ་ཕྱི་མ་ལྔ་ཡིན་ནོ། །གོང་མ་བ་ནི། ཀུན་གཞིའི་འཁོར་བའི་རྒྱུ་མཐུན་གྱི་བག་ཆགས་དང༌། ཟག་མེད་ཀྱི་ས་བོན་ནི་རིམ་པ་ལྟར། ཟག་བཅས་དང་ཟག་མེད་ཀྱི་རྒྱུའི་རྐྱེན་ཏེ། རྐྱེན་འདི་ཉེར་ལེན་དང་གཞན་གསུམ་ལྷན་ཅིག་བྱེད་རྐྱེན་འབྲས་བུ་སྐྱེ་བའི་ཐབས་ཙམ་དུ་བཞེད་པས་འབྲས་བུ་སྐྱེད་བྱེད་ཡིན་པའི་ངེས་པ་མེད་པར་འཆད་དོ། །དེ་མ་ཐག་རྐྱེན་ནི་སེམས་དང་སེམས་བྱུང་སྟེ། དེ་ཡང་སེམས་དང་སེམས་བྱུང་རེ་རེས་རེ་རེའི་དེ་མ་ཐག་རྐྱེན་བྱེད་པ་ཡིན་གྱི། རེ་རེས་དུ་མའི་དང༌། དུ་མས་རེ་རེའི་དེ་མ་ཐག་རྐྱེན་བྱེད་པ་མ་ཡིན་ཏེ། འདིར་དེ་མ་ཐག་རྐྱེན་རེ་རེ་ལས་རྣམ་ཤེས་རེ་རེ་སྐྱེ་བར་འདོད་ཀྱི་རྣམ་ཤེས་དུ་མ་ཅིག་ཅར་དུ་སྐྱེ་བར་མི་འདོད་པས་སོ། །དེ་མ་ཐག་རྐྱེན་དང་མཚུངས་པ་དེ་མ་ཐག་རྐྱེན་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། སྙོམས་འཇུག་གཉིས་དེ་མ་ཐག་རྐྱེན་སེམས་ལས་སྐྱེ་བར་འདོད་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་ལས་མ་ཡིན་ཏེ། སྙོམས་པར་འཇུག་སེམས་ལས་སྐྱེ་བས་དེ་མ་ཐག་རྐྱེན་ལས་སྐྱེ་ལ། རྒྱུ་འབྲས་རིགས་གཅིག་པར་མི་མཚུངས་པས་མཚུངས་པ་དེ་མ་ཐག་རྐྱེན་ལས་སྐྱེ་བ་བཀག་པས་སོ། །དེ་མ་ཐག་ཅེས་པ་ནི་རྒྱུ་འབྲས་གཉིས་ཀྱི་བར་དུ་ཆོས་གཞན་གྱིས་མ་ཆོད་པ་ལ་བྱའོ། །དེ་མ་ཐག་རྐྱེན་དེ་ཡང་འབྲས་བུའི་སྔར་སྐྱེས་པ་སྟེ། འབྲས་བུ་ཕྱི་མའི་གོ་འབྱེད་པ་ཡིན་པའི་ཕྱིར་དང༌། དུས་མཉམ་དང་ཕྱིས་འབྱུང་གི་གོ་མི་འབྱེད་པས་སོ། །རྣམ་ཤེས་ཚོགས་དྲུག་ཅིག་ཅར་སྐྱེ་བར་འདོད་པ་ལྟར་ན། རྣམ་ཤེས་རིགས་མཐུན་ཁོ་ནས་དེ་མ་ཐག་རྐྱེན་བྱེད་ཀྱི་རིགས་མི་མཐུན་གྱིས་མི་བྱེད་དེ། རང་འགགས་སྟོབས་ཀྱིས་རྣམ་ཤེས་ཕྱི་མ་སྐྱེ་བའི་གོ་ཕྱེ་བ་མ་ཡིན་པའི་ཕྱིར་ཏེ། རྣམ་ཤེས་དུ་མ་ཅིག་ཅར་སྐྱེ་བ་འགལ་བ་མེད་པའི་ཕྱིར། འདིར་ནི་རེ་རེ་ཁོ་ན་སྐྱེ་བར་འདོད་པས། རེས་འགའ་རིགས་མཐུན་གྱི་གོ་འབྱེད་པ་དང༌། རེས་འགའ་རིགས་མི་མཐུན་གྱི་གོ་འབྱེད་པ་ཡིན་ནོ། །དགྲ་བཅོམ་པའི་སེམས་ཐ་མ་ནི་དེ་མ་ཐག་རྐྱེན་མ་ཡིན་ཏེ། རིགས་པ་ཕྱི་མའི་གོ་འབྱེད་པ་མ་ཡིན་པའི་ཕྱིར། འོ་ན་དགྲ་བཅོམ་པའི་ཡིད་ཐ་མ་དེ་ཡིད་མ་ཡིན་པར་ཐལ། རྣམ་ཤེས་ཕྱི་མ་སྐྱེ་བའི་གོ་མི་འབྱེད་པའི་ཕྱིར། ཞེ་ན། ཡིད་དབང་འདས་པ་ལ་བརྟེན་པའི་རྣམ་ཤེས་ཡིན་པས་ཡིད་དུ་འཐད་དོ། །དེས་ན་དགྲ་བཅོམ་པའི་སེམས་ཐ་མ་མ་ཡིན་པའི་སེམས་དང་སེམས་བྱུང་རྣམས་དེ་མ་ཐག་རྐྱེན་ནོ། །དམིགས་པའི་རྐྱེན་ནི་མིག་ཤེས་ཀྱི་གཟུགས་ཡིན་པ་ནས་ཡིད་ཤེས་ཀྱི་ཆོས་ཐམས་ཅད་ཀྱི་བར་རོ། །བྱེད་རྒྱུ་ཞེས་བྱ་བ་བདག་པོའི་རྐྱེན་དུ་བཤད་དོ། །གཉིས་པ་ནི། རྐྱེན་གང་དུས་གང་ལ་བྱ་བ་ཞེ་ན། རྒྱུའི་རྐྱེན་ལྔ་ལས་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་པོ་དག་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བ་ལ་བྱ་བ་བྱེད་དོ། །སྐལ་མཉམ་ཀུན་འགྲོའི་རྣམ་སྨིན་གསུམ་པོ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་འོངས་པ་ལ་བྱ་བ་བྱེད་དོ། །རྒྱུའི་རྐྱེན་དེ་ལས་གཞན་པ་དེ་མ་ཐག་རྐྱེན་དང་དམིགས་རྐྱེན་དག་དེ་ལས་གོ་རིམ་ཟློག་སྟེ་བྱ་བ་བྱེད་པ་ཡིན་ནོ། །དེ་མ་ཐག་རྐྱེན་ནི་གོ་འབྱེད་པས་སྐྱེ་བ་ལ་དང༌། དམིགས་རྐྱེན་ནི་ད་ལྟར་གྱི་ཤེས་པས་འཛིན་པས་འགག་པ་ལ་བྱ་བ་བྱེད་ལ། བདག་རྐྱེན་ནི་དུས་ཀུན་ཏུ་མི་སྒྲིབ་པའི་བྱ་བ་ཅན་ནོ། །གསུམ་པ་ནི། ཡང་རྐྱེན་དུ་ཞིག་གིས་ཆོས་གང་སྐྱེད་ཅེ་ན། རྐྱེན་བཞི་ཡིས་སེམས་དང་སེམས་བྱུང་རྣམས་སྐྱེད་ལ། དམིགས་རྐྱེན་མིན་པ་གསུམ་གྱིས་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་གཉིས་སྐྱེད་ལ། དེ་དག་ཤེས་པ་མ་ཡིན་པས་དམིགས་རྐྱེན་ལས་མི་སྐྱེ་ཞིང་སྙོམས་པར་འཇུག་པའི་སེམས་ཀྱི་མངོན་པར་འདུ་བྱེད་ལས་སྐྱེས་པས་དེ་མ་ཐག་རྐྱེན་ཅན་ཡིན་གྱི། རང་ཉིད་དེ་མ་ཐག་རྐྱེན་ནི་མ་ཡིན་ནོ། །གཞན་ལྡན་མིན་ལྷག་མ་དང་གཟུགས་ནི་རྒྱུ་དང་བདག་རྐྱེན་གཉིས་པོ་དག་ལས་སྐྱེའོ། །དངོས་པོ་རྣམས་ནི་ཇི་སྐད་བཤད་པའི་རང་གི་རྒྱུ་རྐྱེན་རྣམས་ལས་སྐྱེ་ཡི། །དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་སོགས་རྟག་པ་གཅིག་པུས་སྐྱེད་པ་མ་ཡིན་ཏེ། རྟག་པ་ལས་སྐྱེ་ན་ནུས་པ་ལ་སྔ་ཕྱི་བྱེ་བྲག་མེད་པས་ཅིག་ཅར་སྐྱེ་བར་འགྱུར་པ་ལས། མ་ཡིན་ཏེ། རིམ་གྱིས་སྐྱེ་བ་མཐོང་བའི་ཕྱིར། སོགས་པའི་སྒྲས་ནི་ཉེས་པ་གཞན་ཡང་བསྡུའོ། །གཞན་ནི་གཉིས་པོ་དག་ལས་སྐྱེ་ཞེས་བཤད་ན། གཟུགས་ཅན་རྣམས་རྒྱུ་གང་ལས་སྐྱེ་ཞེ་ན། འབྱུང་བ་རྣམས་ནི་འབྱུང་བ་དེའི་རྒྱུ་རྣམ་པ་གཉིས་ལས་སྐྱེ་སྟེ། རིགས་འདྲ་ཕྱི་མ་འབྱུང་བའི་ཚེ་སྐལ་མཉམ་དང༌། དུས་མཉམ་རྣམས་ལྷན་ཅིག་འབྱུང་བའི་རྒྱུ་ལས་སྐྱེའོ། །འབྱུང་འགྱུར་འབྱུང་བ་ལས་སྐྱེ་ན། འབྱུང་བས་འབྱུང་འགྱུར་ལ་བྱེད་རྒྱུ་གཅིག་པུའི་སྒོ་ནས་ཕན་འདོགས་ཚུལ་རྣམ་པ་ལྔ་བྱེད་དེ། སྐྱེད་ཕྱིར་རྟེན་ཕྱིར་གནས་ཕྱིར་དང༌། །སྟོན་པའི་ཕྱིར་དང་འཕེལ་བྱེད་ཕྱིར། །ཞེས་པ་སྟེ། འབྲས་གཟུགས་སྔར་མེད་གསར་དུ་སྐྱེད་པ་དང༌། སྐྱེས་ཟིན་འབྱུང་བའི་རྗེས་སུ་མཐུན་པར་བྱེད་པ་དང༌། རྟེན་དང་བརྟེན་པར་གནས་པ་དང༌། །རྒྱུན་མི་ཆད་པའི་རྒྱུ་ཡིན་པ་དང༌། འབྱུང་འགྱུར་འཕེལ་བར་བྱེད་པ་ཡིན་ནོ། །འབྱུང་བས་འབྱུང་འགྱུར་སྐྱེད་པ་ན། བྱེད་རྒྱུ་གཅིག་པུ་ཡོད་ཀྱི་རྒྱུ་གཞན་ལྔ་པོ་མེད་དོ། །འབྱུང་འགྱུར་རྣམས་ཕན་ཚུན་རྒྱུ་དང་རྒྱུ་ཅན་དུ་སྦྱར་ན་རྒྱུའི་རྐྱེན་རྣམ་པ་གསུམ་སྟེ། སྔ་མས་ཕྱི་མ་སྐྱེད་པ་སྐལ་མཉམ་དང་ལུས་ངག་གི་ལས་དགེ་མི་དགེ་ལས་ཕྱི་མའི་མིག་སོགས་འབྱུང་བ་རྣམ་སྨིན་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ཀྱི་སྤང་བ་བདུན་སོགས་ཕན་ཚུན་ལྷན་ཅིག་འབྱུང་རྒྱུའོ། །འབྱུང་བ་རྣམས་ཀྱི་རྒྱུ་འབྱུང་འགྱུར་གྱིས་བྱེད་ན་དེ་ལ་ནི་རྒྱུ་རྣམ་པ་གཅིག་སྟེ། རྣམ་སྨིན་གྱི་རྒྱུ་སྟེ་ལུས་ངག་གི་ལས་དགེ་བ་དང་མི་དགེ་བས། དབང་པོ་དང་ཚོགས་པ་གཅིག་པའི་འབྱུང་བའི་རྣམ་སྨིན་སྐྱེད་པས་སོ། །བཞི་པ་ལ་བཞི་སྟེ། སེམས་བཅུ་གཉིས་སུ་དབྱེ་བ། བཅུ་གཉིས་པོ་གང་ལས་གང་རྙེད་པ། སེམས་ཉི་ཤུར་དབྱེ་བ། སེམས་ཉོན་མོངས་ཅན་གྱི་རྙེད་ཚུལ་ལོ། །དང་པོ་ནི། སྤྱིར་སེམས་བཅུ་གཉིས་ཏེ། འདོད་པའི་ཁམས་ན་ཡིད་དགེ་བ་དང་མི་དགེ་བ་དང༌། བསྒྲིབས་ལ་ལུང་མ་བསྟན་དང་མ་བསྒྲིབས་ལུང་མ་བསྟན་ཏེ་བཞི་དང༌། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་མི་དགེ་བའི་སེམས་མ་གཏོགས་པ་གསུམ་གསུམ་སྟེ་ཟག་བཅས་བཅུ་དང༌། སློབ་པ་དང་མི་སློབ་པ་སྟེ། ཟག་མེད་གཉིས་སོ། །གཉིས་པ་ནི། གནས་སྐབས་བརྒྱད་ཀྱིས་ཤེས་པར་བྱ་སྟེ། རིགས་འདྲ་འབྱུང་བ་རྒྱུན་གྱི་ཚེ་དང༌། ས་གཅིག་པའི་རིགས་མི་འདྲ་བ་འབྱུང་བ་ས་མཚུངས་པའི་ཚེ་དང༌། ཁམས་གསུམ་གྱི་སེམས་གང་ལས་ཤི་འཕོས་ཏེ་ཉིང་མཚམས་སྦྱོར་བའི་ཚེ་སྐྱེ་སེམས་ཉོན་མོངས་ཅན་ཁོ་ན་འབྱུང་བ་དང༌། ཁམས་གསུམ་གྱི་དགེ་བ་དང༌། དགེ་བ་ཟག་མེད་སྐྱེས་པ་མཉམ་བཞག་ལ་སྙོམས་པར་འཇུག་པའི་ཚེ་དང༌། མཉམ་བཞག་ལས་ལྡང་བའི་ཚེ་དང༌། གོང་མའི་སྙོམས་འཇུག་ཉོན་མོངས་ཅན་གྱིས་བསླད་པའི་ཚེ་དང༌། གཟུགས་ཀྱི་དགེ་བས་འདོད་གཟུགས་ཀྱི་སྤྲུལ་སེམས་ལ་འཇུག་པའི་ཚེ་དང་སྤྲུལ་སེམས་ལས་ལྡང་བའི་ཚེའོ། །འདི་གཉིས་སྙོམས་པར་འཇུག་ལྡང་གིས་བསྡུས་སོ། །དེ་ལ་ཉིང་མཚམས་སྦྱོར་བའི་སེམས་ནི་ཉོན་མོངས་ཅན་ཁོ་ན་ཡིན་ཞིང༌། འོག་སའི་དགེ་སེམས་དང་མ་བསྒྲིབས་པ་ལས་ཤི་བ་གོང་མར་སྐྱེ་ཡང༌། འོག་མའི་ཉོན་མོངས་ཅན་ལས་ཤི་བ་གོང་མར་མི་སྐྱེ་བ་ནི་ངེས་པའོ། །ཚིག་གི་དོན་ནི། འདོད་སེམས་དགེ་བ་ལས་མཇུག་ཐོགས་སུ་སེམས་དགུ་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི་དང༌། དགེ་བ་སྐྱེས་ཐོབ་ལས་ཤི་ནས་གོང་དུ་ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་བསྒྲིབས་པ་གཉིས་དང༌། དགེ་བ་སྦྱོར་བྱུང་ལས་སྙོམས་པར་འཇུག་པའི་ཚེ། གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས་སོ། །གོང་མའི་མ་བསྒྲིབས་པ་གཉིས་མི་འབྱུང་ལ། གཟུགས་མེད་ཀྱི་དགེ་བ་མི་འབྱུང་སྟེ། རིང་བ་བཞིས་རིང་བའི་ཕྱིར་རོ། །འདོད་སེམས་དགེ་བ་དེ་ནི་བརྒྱད་ཀྱི་འཇུག་རྒྱུ་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་བཞི་དང་སྙོམས་འཇུག་ལས་ལྡང་བའི་ཚེ། གཟུགས་ཀྱི་དགེ་བ་དང་ཟག་མེད་གཉིས་དང༌། ཉོན་མོངས་ཅན་གྱིས་བསླད་པའི་ཚེ་གཟུགས་ཀྱི་སྒྲིབ་པ་ལས་སོ། །ཁོ་ནའི་སྒྲས་གཟུགས་ཀྱི་མ་བསྒྲིབས་པ་དང་གཟུགས་མེད་ཀྱི་གསུམ་ཀ་ལས་མི་འབྱུང་བར་བསྟན་ཏོ། །མི་དགེ་བའི་སེམས་ནི་ཟག་མེད་གཉིས་མ་གཏོགས་པ་བཅུ་ལས་ཏེ་རང་སའི་བཞི་དང༌། ཉིང་མཚམས་སྦྱོར་བའི་ཚེ་གོང་མ་གཉིས་ཀྱི་སེམས་དྲུག་ལས་སོ། །མི་དགེ་བ་དེ་ལས་རང་སའི་བཞི་ཁོ་ན་སྟེ། དེ་ལས་གོང་མའི་སེམས་འབྱུང་བའི་གནས་སྐབས་མེད་པའི་ཕྱིར་རོ། །འདོད་པའི་བསྒྲིབས་པའང་དེ་བཞིན་ཏེ། དེ་བཅུ་ལས་རང་སའི་དེ་ལས་བཞིའོ། །འདོད་པའི་མ་བསྒྲིབས་པ་ནི་རང་སའི་བཞི་དང་སྤྲུལ་པ་ལ་འཇུག་པའི་ཚེ། གཟུགས་ཀྱི་དགེ་བ་སྟེ་ལྔ་ལས་སོ། །དེ་ལས་མཇུག་ཐོགས་སུ་རང་སའི་བཞི་དང༌། ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་བསྒྲིབས་པ་གཉིས་དང༌། སྤྲུལ་པ་ལས་ལྡང་བའི་ཚེ་གཟུགས་ཀྱི་དགེ་བ་སྟེ་སེམས་བདུན་ནོ། །གཟུགས་ཁམས་ན་ཡོད་པའི་དགེ་བའི་སེམས་ལས་གཟུགས་མེད་ཀྱི་མ་བསྒྲིབས་པ་མ་གཏོགས་པ་བཅུ་གཅིག་འབྱུང་སྟེ། རྒྱུན་དང་ས་མཚུངས་པའི་ཚེ་རང་སའི་གསུམ་དང༌། སྙོམས་འཇུག་ལས་ལྡང་བའི་ཚེ་འདོད་པའི་དགེ་བ་དང༌། སྤྲུལ་པ་ལ་འཇུག་པའི་ཚེ་འདོད་པའི་མ་བསྒྲིབས་པ་དང༌། ཉིང་མཚམས་སྦྱོར་བའི་ཚེ་གོང་འོག་གི་ཉོན་མོངས་ཅན་གསུམ་དང༌། སྙོམས་འཇུག་གི་ཚེ་གཟུགས་མེད་ཀྱི་དགེ་བ་དང༌། ཟག་མེད་གཉིས་སོ། །གཟུགས་ཀྱི་དགེ་བ་དེ་ནི་དགུའི་མཇུག་ཐོགས་སུ་འབྱུང་སྟེ། རང་སའི་གསུམ་དང་སྙོམས་འཇུག་གི་ཚེ་འདོད་པའི་དགེ་བ་དང༌། སྤྲུལ་པ་ལས་ལྡང་བའི་ཚེ། འདོད་པའི་མ་བསྒྲིབས་པ་དང༌། སྙོམས་འཇུག་ཉོན་མོངས་ཅན་གྱིས་བསླད་པའི་ཚེ་གཟུགས་མེད་ཀྱི་བསྒྲིབས་པ་དང༌། ལྡང་བའི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས་ལས་སོ། །འདོད་པའི་ཉོན་མོངས་ཅན་གཉིས་དང་གཟུགས་མེད་ཀྱི་མ་བསྒྲིབས་པ་ནི་དེའི་སྦྱོར་བར་མི་འོས་པའོ། །གཟུགས་ཀྱི་བསྒྲིབས་པའི་སེམས་ནི་བརྒྱད་ལས་འབྱུང་སྟེ། རང་སའི་གསུམ་དང་ཉིང་མཚམས་སྦྱོར་བའི་ཚེ་འོག་མའི་སེམས་ཉོན་མོངས་ཅན་མ་གཏོགས་པ་གཉིས་དང༌། གོང་མའི་གསུམ་ལས་སོ། །འདོད་པའི་ཉོན་མོངས་ཅན་གཉིས་དང༌། ཟག་མེད་གཉིས་མི་འབྱུང་སྟེ། འདོད་ཉོན་མ་སྤངས་པར་གཟུགས་སུ་ཉིང་མཚམས་མི་སྦྱོར་ཞིང༌། ཟག་མེད་ལས་གཟུགས་ཀྱི་བསྒྲིབས་པར་ལྡང་མི་སྲིད་པའི་ཕྱིར་རོ། །གཟུགས་ཀྱི་བསྒྲིབས་པ་དེ་ལས་དྲུག་འབྱུང་སྟེ། རང་སའི་གསུམ་དང་ཉིང་མཚམས་སྦྱོར་བའི་ཚེ་འདོད་པའི་ཉོན་མོངས་ཅན་གཉིས་དང༌། སྙོམས་འཇུག་ཉོན་མོངས་ཀྱིས་བསླད་པའི་ཚེ་འདོད་པའི་དགེ་བའོ། །གཟུགས་ཀྱི་མ་བསྒྲིབས་པ་ནི་རང་སའི་གསུམ་ལས་འབྱུང་ངོ༌། །མ་བསྒྲིབས་པ་དེ་ལས་དྲུག་འབྱུང་སྟེ། རང་སའི་གསུམ་དང་ཉིང་མཚམས་སྦྱོར་བའི་ཚེ་གོང་འོག་གི་ཉོན་མོངས་ཅན་གསུམ་མོ། །གཟུགས་མེད་ཀྱི་མ་བསྒྲིབས་པའང་རང་སའི་གསུམ་ལས་དང༌། དེ་ལས་རང་སའི་གསུམ་དང་ཉིང་མཚམས་སྦྱོར་བའི་ཚེ། འོག་མའི་ཉོན་མོངས་ཅན་གསུམ་འབྱུང་བས་གྲངས་དེའི་ཚུལ་ལོ། །གཟུགས་མེད་ཀྱི་དགེ་སེམས་ལས་སེམས་དགུ་འབྱུང་སྟེ། རང་སའི་གསུམ་དང་ཉིང་མཚམས་སྦྱོར་བའི་ཚེ་འོག་མའི་ཉོན་མོངས་ཅན་གསུམ་དང་ལྡང་བ་དང་ལུགས་ལྡོག་ཏུ་འཇུག་པའི་ཚེ། གཟུགས་ཀྱི་དགེ་བ་དང་སྙོམས་འཇུག་གི་ཚེ་ཟག་མེད་གཉིས་སོ། །ཤིན་ཏུ་བསྐལ་ཤིང་ལུང་མ་བསྟན་ནི་མི་གསལ་བས་འདོད་པའི་དགེ་བ་དང༌། འདོད་གཟུགས་ཀྱི་མ་བསྒྲིབས་པ་གཉིས་ཏེ་གསུམ་གྱིས་དེའི་སྙོམས་འཇུག་ལས་ལྡང་མི་སྲིད་པས་མི་འབྱུང་ངོ༌། །དེ་ནི་དྲུག་གི་མཇུག་ཏུ་འབྱུང་སྟེ། རང་སའི་གསུམ་དང་སྙོམས་འཇུག་གི་ཚེ་གཟུགས་ཀྱི་དགེ་བ་དང་ལྡང་བའི་ཚེ་ཟག་མེད་གཉིས་ལས་སོ། །གཟུགས་མེད་ཀྱི་བསྒྲིབས་པ་ལས་བདུན་ཏེ། རང་སའི་གསུམ་དང་སྙོམས་འཇུག་ཉོན་མོངས་ཀྱིས་བསླད་པའི་ཚེ་གཟུགས་ཀྱི་དགེ་བ་དང་ཉིང་མཚམས་སྦྱོར་བའི་ཚེ་འོག་གི་ཉོན་མོངས་ཅན་གསུམ་མོ། །དེ་ཡང་གྲངས་དེ་བཞིན་དུ་བདུན་ལས་ཏེ། རང་སའི་གསུམ་དང་ཉིང་མཚམས་སྦྱོར་བའི་ཚེ་འདོད་གཟུགས་ཀྱི་དགེ་བ་གཉིས་དང་མ་བསྒྲིབས་པ་གཉིས་ཏེ་བཞི་ལས་སོ། །འོག་མའི་ཉོན་མོངས་ཅན་གསུམ་སྤངས་པས་ཉིང་མཚམས་མི་སྦྱོར་ཞིང༌། འདིས་ཟག་མེད་གཉིས་ལས་ལྡང་མི་སྲིད་པས་དེ་ལྔ་ལས་མི་འབྱུང་ངོ༌། །སློབ་པའི་སེམས་ནི་བཞི་ལས་ཏེ། རྒྱུན་གྱི་ཚེ་རང་དང་སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་ལས་སོ། །དེ་ལས་ནི་ལྔ་སྟེ། རྒྱུན་གྱི་ཚེ་རང་དང༌། མི་སློབ་པ་དང༌། ལྡང་བའི་ཚེ་ཁམས་གསུམ་གྱི་དགེ་བའོ། །མི་སློབ་པའི་སེམས་ནི་ལྔ་པོ་དེ་ལས་ཏེ། རྒྱུན་གྱི་ཚེ་རང་དང་སློབ་པ་དང་སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་ལས་སོ། །དེ་ལས་སེམས་ནི་བཞི་དག་འབྱུང་སྟེ། རྒྱུན་གྱི་ཚེ་རང་དང་ལྡང་བའི་ཚེ་ཁམས་གསུམ་གྱི་དགེ་བའོ། །གསུམ་པ་སེམས་ཉི་ཤུར་དབྱེ་བ་ནི། སེམས་བཅུ་གཉིས་པོ་དེ་དག་ཕྱེ་ན་ཉི་ཤུར་ཡང་འགྱུར་ཏེ། ཁམས་གསུམ་དུ་སྐྱེ་བའི་ཚེ་ཐོབ་པ་འབྱུང་བ་སྐྱེས་ནས་ཐོབ་པ་དང༌། ཐོབ་པ་འབྱུང་བའང་འབད་པ་ལ་ལྟོས་པ་སྦྱོར་བྱུང་སྟེ། དགེ་བ་རྣམ་པ་གཉིས་སུ་ཕྱེ་ན་དྲུག་དང༌། རྣམ་སྨིན་གྱི་རྒྱུ་ལས་ངང་གིས་སྐྱེས་པ་དང༌། འགྲོ་འཆག་སོགས་སྤྱོད་ལམ་པ་དང༌། བཟོའི་ཡུལ་ལ་དམིགས་པ་བཟོའི་གནས་པ་དང༌། སྤྲུལ་པའི་དུས་ཀྱི་ཡུལ་ལ་དམིགས་པ་སྤྲུལ་པའི་སེམས་དང་བཅས་པ་འདོད་པ་ན་མ་བསྒྲིབས་པ་ལུང་མ་བསྟན་བཞི་དང༌། གཟུགས་ན་བཟོ་བྱེད་པ་མེད་པས་བཟོ་གནས་མ་གཏོགས་པ་གསུམ་དང༌། གཟུགས་མེད་ན་རྣམ་སྨིན་སྐྱེས་གཅིག་པུ་སྟེ། དེས་ན་འདོད་པ་ན་བརྒྱད། གཟུགས་ན་དྲུག གཟུགས་མེད་ན་བཞི། ཟག་མེད་གཉིས་ཏེ་ཉི་ཤུའོ། །བཅུ་གཉིས་དང་ཁྱབ་གང་ཆེ་སྙམ་ན། བཅུ་གཉིས་ཁྱབ་ཆེ་སྟེ། བཞིར་མ་བསྡུས་པའི་མ་བསྒྲིབས་པ། །དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་དང༌། སྨྲར་འཇུག་པ་ནི་འོག་མས་ཀྱང༌། །ཞེས་དང༌། བཙུན་པ་གོ་ཆ་མཐའ་ཡས་ཀྱིས་ཀྱང༌། བཞིར་མ་འདུས་པའི་མ་བསྒྲིབས་པ་ཡོད་པར་འཆད་པས་སོ། །འོན་ཀྱང་ཉི་ཤུར་འབྱེད་པ་ནི་སྙོམས་པར་འཇུག་སེམས་ཐམས་ཅད་དགེ་བ་སྦྱོར་བྱུང་ཁོ་ན་དང་ལྡང་སེམས་ཀྱང་ཕལ་ཆེར་སྦྱོར་བྱུང་ཡིན་ལ། འདོད་པའི་དགེ་བ་སྐྱེས་ཐོབ་ནི་གསལ་བས་མཉམ་བཞག་ལྔ་ཆར་གྱི་ལྡང་སེམས་སུ་བཤད་དོ། །འཆི་སེམས་ཀྱི་དགེ་བ་ནི་སྐྱེས་ཐོབ་དང༌། མ་བསྒྲིབས་པ་ནི་རྣམ་སྨིན་སྐྱེས་དང༌། སྤྱོད་ལམ་པ་ཉིད་དེ་དགེ་བ་སྦྱོར་བྱུང་དང༌། ལུང་མ་བསྟན་བཟོ་གནས་དང༌། སྤྲུལ་སེམས་ནི་འཆི་སེམས་སུ་མི་རུང་ལ། འདོད་པའི་སྤྲུལ་སེམས་ནི་གཟུགས་ཀྱི་དགེ་བ་སྦྱོར་བྱུང་གི་འབྲས་བུར་བསྟན་ཅིང༌། དགེ་བ་དང་མ་བསྒྲིབས་པ་ཁོ་ནས་ཕྱེ་ནས་ཉི་ཤུར་བཤད་པའོ། །བཞི་པ་སེམས་ཉོན་མོངས་ཅན་སོགས་ཀྱི་རྙེད་ཚུལ་ནི། སྐྱེ་དང་སྙོམས་པར་འཇུག་པ་དང༌། །འདོད་ཆགས་བྲལ་དང་ཡོངས་ཉམས་དང༌། །དགེ་བ་ཉིང་མཚམས་སྦྱོར་བའི་ཚེ། །སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་པས་ཚེའམ་གནས་སྐབས་ལྔ་སྟེ་ཁམས་གོང་ནས་འོག་ཏུ་སྐྱེ་བ་དང་ཟག་བཅས་དང་ཟག་མེད་ལ་སྙོམས་པར་འཇུག་པ་དང་ས་དང་ས་ལས་འདོད་ཆགས་དང་བྲལ་བ་དང༌། དེ་ལས་ཡོངས་སུ་ཉམས་པ་དང་དགེ་བ་ཉིང་མཚམས་སྦྱོར་བ་རྣམས་ཀྱི་ཚེ་སེམས་དེ་དང་དེ་སྔར་ལྡན་པ་མིན་པ་ལས་གསར་དུ་རྙེད་དོ། །དེ་ལ་ཁམས་གསུམ་ལས་འདོད་པའི་སེམས་ཉོན་མོངས་ཅན་མངོན་དུ་འགྱུར་བས་དྲུག་རྙེད་དོ། །གོང་མ་གཉིས་ནས་འདོད་པར་སྐྱེ་བའི་ཚེ། འདོད་པའི་ཉོན་མོངས་ཅན་གཉིས་པོ་གང་མངོན་དུ་གྱུར་ཀྱང་དེ་གཉིས་དང་དགེ་བ་སྐྱེས་ཐོབ་ཀྱིས་ཐོབ་པ་དང་མི་དགེ་བས་དགྲ་བཅོམ་ལས་ཉམས་པའི་ཚེ། གོང་མའི་བསྒྲིབས་པ་གཉིས་དང་སློབ་པ་རྙེད་དོ། །གཟུགས་ཀྱི་སེམས་ཉོན་མོངས་ཅན་མངོན་དུ་གྱུར་པས་ཀྱང་དྲུག་རྙེད་དོ། །གཟུགས་མེད་ནས་གཟུགས་སུ་སྐྱེ་བའི་ཚེ། གཟུགས་ཀྱི་བསྒྲིབས་པ་མངོན་དུ་གྱུར་པ་དེ་ཉིད་དང༌། གཟུགས་ཀྱི་དགེ་བ་སྐྱེས་ཐོབ་དང༌། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་ཏེ་བཞིའི་ཐོབ་པ་དང༌། བསྒྲིབས་པ་དེས་དགྲ་བཅོམ་ལས་ཉམས་པའི་ཚེ། གཟུགས་མེད་ཀྱི་བསྒྲིབས་པ་དང་སློབ་པ་རྙེད་དོ། །གཟུགས་མེད་ཀྱི་ཉོན་མོངས་ཅན་མངོན་དུ་གྱུར་པ་ན་གཉིས་རྙེད་དོ། །དེས་དགྲ་བཅོམ་ལས་ཉམས་པའི་ཚེ། དེ་ཉིད་དང་སློབ་པ་རྙེད་དོ་གཟུགས་སུ་སྐྱེས་པའི་དགེ་བ་ལས་དེ་ཉིད་དང༌། འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་ཏེ་གསུམ་དག་རྙེད་དོ། །སློབ་པའི་སེམས་མངོན་དུ་གྱུར་པས་བཞི་རྙེད་དོ། །ཟག་མེད་དང་པོའི་སྙོམས་འཇུག་གི་ཚེ་དེ་ཉིད་དང༌། ཟག་མེད་མི་ལྕོགས་མེད་པས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པའི་ཚེ་འདོད་གཟུགས་ཀྱི་སྤྲུལ་སེམས་གཉིས་དང༌། ཟག་མེད་ཀྱི་གཟུགས་ལས་འདོད་ཆགས་དང་བྲལ་བའི་ཚེ། གཟུགས་མེད་ཀྱི་དགེ་བ་རྙེད་དོ། །ལྷག་མ་འདོད་པ་དང་གཟུགས་མེད་ཀྱི་དགེ་བ་དང་མ་བསྒྲིབས་པ། གཟུགས་ཀྱི་མ་བསྒྲིབས་པ། མི་སློབ་པ་སྟེ། དྲུག་ལས་གང་མངོན་དུ་གྱུར་པ་དེ་ཉིད་ཀྱི་ཐོབ་པ་འབྱུང་གི་གཞན་མི་ཐོབ་བོ། །མཁས་པ་ཀླུ་དབང་རྣམ་པར་རོལ་པའི་མཚོ། །ཆོས་མངོན་ཤེས་བྱའི་པདྨོ་རབ་རྒྱས་པ། །རྣམ་མང་ངོ་མཚར་དོན་གྱི་སྙིང་པོ་ཅན། །བློ་གྲོས་ཉི་མའི་འོད་ཀྱིས་རབ་གསལ་བྱས། །ཆོས་མངོན་པར་མཛོད་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་ལས་དབང་པོ་བསྟན་པ་ཞེས་བྱ་བ་གནས་གཉིས་པའི་དོན་བཤད་པའོ།།  ༈ །གསུམ་པ་འཇིག་རྟེན་བསྟན་པ་ལ་གཉིས་ཏེ་སེམས་ཅན་གྱི་འཇིག་རྟེན་དང༌། སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་ལ་ལྔ་སྟེ། སེམས་ཅན་སྐྱེ་བ་པོ་འགྲོ་བའི་དབྱེ་བ། སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན། སྐྱེས་པ་གནས་པའི་རྐྱེན། གནས་པ་འཆི་འཕོ་བའི་སེམས། སེམས་ཅན་གྱི་ཚུལ་ཚོགས་གསུམ་དུ་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བ། སྐྱེ་གནས་བཞིར་དབྱེ་བའོ། །དང་པོ་ནི། ཁམས་གསུམ་གྱི་ངེས་པས་སེམས་ཅན་སོགས་བསྟན་པ་ལ་འདོད་ཁམས་ནི་བསོད་ནམས་མ་ཡིན་པས་དེར་ཁྲིད་པའམ། སློབ་དཔོན་འདུས་བཟང་ལྟར་ན་སྐྱབས་མི་རྙེད་པས་དམྱལ་བ་དང༌། སྐོམ་པ་དང་ལྡན་པས་ཡི་དྭགས་དང༌། མི་ལྟར་འགྲེངས་ཏེ་མི་འགྲོ་བའི་དུད་དེ་འགྲོ་བས་དུད་འགྲོ་དང༌། ཡིད་ཤས་ཆེ་བས་སམ། སྐྱེ་དགུའི་བདག་པོ་ཤེད་ཀྱི་བུ་ཡིན་པས་མི་རྣམས་དང༌། འདི་དག་ལ་ཁྱིམ་ནམ་མཁའ་ལ་ཡོད་པས་ལྷ་སྟེ། རྒྱལ་ཆེན་བཞིའི་རིགས་སུ་གཏོགས་པས་རྒྱལ་ཆེན་བཞི་པ་དང་ལེགས་བྱས་ལྷན་ཅིག་བྱས་པ་རྣམས་དེར་སྐྱེ་བས་སམ། འཇིག་རྟེན་པ་ལྟར་ཉི་མ་བཅུ་གཉིས་དྲག་པོ་བཅུ་གཅིག་ནོར་ལྷ་བརྒྱད། ཐ་སྐར་གྱི་བུ་གཉིས་ཏེ་གཙོ་བོ་སུམ་ཅུ་རྩ་གསུམ་ཡོད་པས་སུམ་ཅུ་རྩ་གསུམ་པ་དང༌། ལྷ་དང་ལྷ་མིན་འཐབ་པ་དང་བྲལ་བས་འཐབ་བྲལ་དང༌། ཆོས་ཀྱི་དགའ་བདེ་ལྷག་པར་ཆེ་བས་དགའ་ལྡན་དང༌། རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་དགའ་བར་བྱེད་པས་འཕྲུལ་དགའ་དང༌། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བསྒྱུར་བས་གཞན་སྤྲུལ་དབང་བྱེད་དེ། དྲུག་པོ་དེ་རྣམས་སྣོད་དང་བཅས་པ་འདོད་པ་དང་ལྡན་པའི་ཁམས་ཡིན་ནོ། །དེ་ལ་གནས་དུ་ཞིག་ཡོད་ཅེ་ན། དམྱལ་བ་ལ་ཚ་དམྱལ་བརྒྱད་དང༌། མི་ལ་གླིང་བཞིར་དབྱེ་བ་ལས་ངན་འགྲོ་དང་བདེ་འགྲོའི་གནས་བཅུ་བཅུ་སྟེ། འདོད་ཁམས་ཏེ་གནས་རིགས་ཉི་ཤུའོ། །སའི་དངོས་གཞིར་ཚ་དམྱལ་བརྒྱད་དང༌། གྲང་དམྱལ་བརྒྱད་དང༌། ཡི་དྭགས་དང་ལྷ་མིན་དང་གླིང་བཞི་གླིང་ཕྲན་བརྒྱད་འདོད་ལྷ་དྲུག་སྟེ། ངན་འགྲོ་དང་བདེ་འགྲོའི་གནས་བཅོ་བརྒྱད་རེ་སྟེ་སོ་དྲུག་ཡིན་ལ་དུད་འགྲོ་ནི་གནས་ངེས་པ་མེད་པར་བཤད་དོ། །འདོད་ཁམས་ལས་གོང་མའི་གནས་དག་བཅུ་བདུན་ནི། གཟུགས་དང་ལྡན་པའི་ཁམས་ཡིན་ཏེ། ཇི་ལྟར་ཞེ་ན། གཟུགས་ཁམས་དེར་བསམ་གཏན་དང་པོ་གསུམ་སོ་སོའི་ས་ནི་ཆུང་འབྲིང་ཆེན་པོའི་བྱེ་བྲག་གིས་གསུམ་གསུམ་པ་ཡིན་ཏེ། བཞི་པ་ནི་ཆུང་འབྲིང་ཆེན་པོ་དང༌། ཆེན་པོ་ཉིད་སྤེལ་མ་ཤིན་ཏུ་ཆེན་པོ་དང༌། ཆེས་ཤིན་ཏུ་ཆེན་པོ་དང༌། ལྔའི་བྱེ་བྲག་གིས་ལྔ་སྟེ་ས་བརྒྱད་པ་སྟེ། དེ་ལ་བསམ་གཏན་དང་པོ་ནི་སྡིག་པའི་ཆོས་བསལ་བས་ཚངས་པ་སྟེ། དེའི་རིགས་སུ་གཏོགས་པ་ཚངས་རིས་དང༌། ཚངས་པ་ཆེན་པོའི་མདུན་དུ་འདུག་སྟེ་ཚིག་འདོན་པས་ཚངས་པ་མདུན་ན་འདོན་དང༌། ཚེ་དང་གཟི་བརྗིད་ཚངས་པ་གཞན་ལས་ཆེ་བས་ཚངས་ཆེན་ནོ། །གཉིས་པ་ནི་གོང་ས་ལ་ལྟོས་ན་འོད་ཆུང་བས་འོད་ཆུང་དང༌། ས་འོག་མས་འོད་ཚད་བཟུང་མི་ནུས་པས་ཚད་མེད་འོད་དང༌། གནས་གཞན་ཀུན་གསལ་བར་བྱེད་པས་འོད་གསལ་ལོ། །གསུམ་པ་ནི། སེམས་ཀྱི་བདེ་བ་ལ་དགེ་བར་བཏགས་ཏེ་དེ་གོང་ས་ལས་ཆུང་བས་དགེ་ཆུང་དང༌། བདེ་བ་ས་འོག་མས་ཚད་བཟུང་དུ་མེད་པས་ཚད་མེད་འོད་དང༌། བདེ་བ་ཆེར་རྒྱས་པས་དགེ་རྒྱས་སོ། །བཞི་པ་ནི། ས་གཞི་སྤྲིན་ལྟར་འདབ་ཆགས་པ་མེད་པས་སྤྲིན་མེད་དང༌། མི་གཡོ་བའི་ལས་ཀྱིས་བསྐྱེད་པས་བསོད་ནམས་སྐྱེས་དང༌། གནས་གཞན་དང་འབྲེལ་བའི་བྱིས་པ་ཀུན་གྱི་ནང་ནས་འབྲས་བུ་ཆེ་བས་འབྲས་བུ་ཆེ་བ་སྟེ། སོ་སྐྱེའི་གནས་གསུམ་དང༌། སོ་སྐྱེ་དང་མ་འདྲེས་པའི་གནས་གཙང་མ་གོང་མ་རྣམས་ལས་ལུས་ཚད་སོགས་མི་ཆེ་བས་མི་ཆེ་བ་དང༌། ཏིང་ངེ་འཛིན་ཁྱད་པར་ཅན་གྱི་མཐུས་ཉོན་མོངས་པའི་གདུང་བ་མེད་པས་མི་གདུང་བ་དང༌། རབ་ཏུ་ཞི་ཞིང་མིག་སྔར་མཛེས་པས་གྱ་ནོམ་སྣང་བ་དང༌། མཐོང་བའི་ལྟ་བ་ཤིན་ཏུ་རྣམ་པར་དག་པས་ཤིན་ཏུ་མཐོང་བ་དང༌། གནས་གཞན་ཡོད་པ་ལ་ཆུ་ཞེང་ལ་སོགས་པ་འདི་ལས་མཆོག་ཏུ་གྱུར་པ་མེད་པས་འོག་མིན་ཏེ། དེ་ལྟར་ཉི་འོག་པས་བཅུ་བདུན་དང༌། ཁ་ཆེ་བས་ཚངས་ཆེན་དང་མདུན་ན་འདོན་གནས་གཅིག་པས་བཅུ་དྲུག་ཏུ་སྨྲའོ། །སའི་དངོས་གཞིར་འོག་མིན་འདིའི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཞེས་པ་བྱང་སེམས་ས་བཅུ་པ་ཁོ་ན་བཞུགས་པ་སྟེ་བཅོ་བརྒྱད་དུ་འཆད་དོ། །གཟུགས་མེད་ཁམས་ན་གནས་གོང་འོག་དང་ཕན་ཚུན་མེད་དེ། གང་དུ་ཤི་བ་དེ་ཉིད་དུ་སྐྱེ་ལ་རྒྱུ་སྙོམས་འཇུག་བཟང་ངན་གྱི་འབྲས་བུ་སྐྱེ་བ་ལས་ནི་རྣམ་པ་བཞི་སྟེ། སྙོམས་འཇུག་གི་སྦྱོར་བའི་དུས་སུ་ནམ་མཁའ་མཐའ་ཡས་སོ་སྙམ་པའི་རྣམ་པར་ཡིད་ལ་བྱེད་ཅིང༌། ལམ་དེ་ཉིད་སྐྱེ་མཆེད་ཡིན་པ་དང༌། དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སོ་སྙམ་པ་དང༌། ཅི་ཡང་མེད་དོ་སྙམ་པའི་རྣམ་པར་ཡིད་ལ་བྱེད་པ་དང༌། འདུ་ཤེས་ནི་འབྲས་དང་ཟུག་རྔུ་ལྟ་བུའོ། །འདུ་ཤེས་མེད་པ་ནི་ཀུན་དུ་རྨོངས་པའོ་སྙམ་ནས་འདུ་ཤེས་དམན་པ་འབྱུང་བས། འབྲས་བུ་སྐྱེ་བ་ལའང་དེ་སྐད་བཏགས་པའི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སོགས་བཞིའོ། །ཅི་སེམས་ཀྱི་རྒྱུད་འདོད་གཟུགས་ན་གཟུགས་ལ་བརྟེན་ན་གཟུགས་མེད་ན་ཅི་ལ་བརྟེན་ཞེ་ན། གཟུགས་མེད་དེར་ནི་རིགས་མཐུན་པ་དང་སྲོག་དང༌། ཡང་གིས་སོ་སྐྱེ་དང༌། ཐོབ་པ་དང་སྐྱེ་སོགས་ལ་སེམས་ཀྱི་རྒྱུད་བརྟེན་ནས་འཇུག་སྟེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་སྙོམས་འཇུག་གི་ཁྱད་པར་ལས་སྐྱེས་པས་སྟོབས་དང་ལྡན་པས་སོ། །དེ་ལྟ་བུའི་ཁམས་གསུམ་ལ་མཐའ་མེད་པས་འཁོར་བ་ལའང་མཐའ་མེད་ཅིང༌། སྣོད་གཅིག་གི་སྟེང་འོག་ན་སྣོད་མེད་ཀྱི་ཐད་ཀར་མཐའ་མེད་དུ་གནས་ཏེ། མདོར་ཆགས་འཇིག་ཕྱོགས་བཞིར་བར་མཚམས་མེད་པར་གསུངས་ཀྱི། སྟེང་འོག་ཏུ་མ་གསུངས་པས་སོ་ཞེའོ། །གཉིས་པ་འགྲོ་བ་ལྔར་དབྱེ་བ་ནི། ཁམས་གསུམ་པོ་དེར་ནི་དམྱལ་བ་དང་སོགས་པས་ཡི་དྭགས་དུད་འགྲོ་མི་ལྷ་སྟེ། འགྲོ་བ་ལྔ་རང་རང་གི་མིང་གིས་བསྟན་ཏེ། འདོད་པ་ན་འགྲོ་བ་བཞི་རིལ་པོ་དང༌། ལྷའི་ཕྱོགས་གཅིག་དང་གོང་མ་གཉིས་ན་ལྷའི་ཕྱོགས་གཅིག་གོ །ལྷ་མིན་ནི་མདོར་དུད་འགྲོ་དང་ཡི་དྭགས་སོགས་སུ་གསུངས་ཀྱང༌། སའི་དངོས་གཞིར་གཡོ་སྒྱུ་ཤས་ཆེ་བས་ལྷ་བཞིན་དཀར་པོའི་ཆོས་ཀྱི་སྣོད་མིན་པའི་ཕྱིར། མདོ་གཞན་ལས་འགྲོ་བ་ཐ་དད་པར་བསྟན་གྱི། དོན་ལ་ལྷའི་འགྲོ་བས་བསྡུས་པར་བཤད་པ་ཚད་མའོ། །ཡང་གྲུལ་བུམ་ཤ་ཟ་འབྱུང་པོ་སྲུལ་པོ་ལུས་སྲུལ་པོ་མྱོས་བྱེད་རྗེད་བྱེད། སྐེམ་བྱེད་གྲིབ་གནོན། སྲིན་པོའི་གདོན། ནམ་གྲུའི་གདོན་དང་བྱའི་གདོན་རྣམས་ཡི་དྭགས་ཡིན་ལ། སྲིན་པོ་མིའི་བྱེ་བྲག་གོ །ལྟོ་ཕྱེ་ཆེན་པོ་ནི་དུད་འགྲོའོ། །ཁམས་གསུམ་དེར་ནི་ཞེས་པ་ཅི་འགྲོ་བར་མ་གཏོགས་པའི་ཁམས་ཡོད་དམ་ཞེ་ན། ཡོད་དེ། ཁམས་ནི་དགེ་བ་དང་ཉོན་མོངས་ཅན་དང་སྣོད་དང་བར་སྲིད་ཀྱང་ཡིན་ལ། འགྲོ་བ་ནི་ཉོན་མོངས་ཅན་མ་ཡིན་ལ། ལུང་བསྟན་དགེ་བའང་མིན་པས་མ་བསྒྲིབས་ལུང་མ་བསྟན་ཏོ། །གཞན་དག་དགེ་བ་དང་ཉོན་མོངས་ཅན་ཡང་ཡོད་པར་འདོད། དེ་ཡང་སྣོད་མིན་གྱི་སེམས་ཅན་ཞེས་བྱ་བའོ། །རྒྱུད་བླའི་འགྲེལ་པར། གང་ཟག་དང་ཆོས་ཀྱི་འགྲོ་བ་གཉིས་སུ་བཤད་དོ། །འོན་ཀྱང་བར་སྲིད་ནི་འགྲོ་བ་མ་ཡིན་ཏེ། མདོ་དང༌། གདགས་པ་དང༌། ཆོས་ཀྱི་ཕུང་པོར་བར་སྲིད་འགྲོ་བ་ལྔ་ལས་ཐ་དད་པར་བཤད་པས་སོ། །འགྲོ་བ་ལྔ་ལས་ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ་ནི་མི་དང་འདོད་ལྷ་དང༌། བསམ་གཏན་དང་པོར་ཕྱིས་སྐྱེས་པ་རྣམས་དང༌། ལུས་ཀྱི་ཆུ་ཞེང་དང་དབྱིབས་ཐ་དད་ཀྱང་རྒྱུ་མིན་རྒྱུར་འཛིན་པའི་འདུ་ཤེས་གཅིག་པ་བསམ་གཏན་དང་པོར་སྔར་སྐྱེས་པ་རྣམས་དང་བཟློག་པ་ལུས་ཀྱི་མདོག་དབྱིབས་འདྲ་བས་གཅིག་ཅིང་འདུ་ཤེས་བདེ་བས་སྐྱོ་ནས་བཏང་སྙོམས་དང༌། དེས་སྐྱོ་ནས་བདེ་བ་མངོན་དུ་བྱེད་པས་ཐ་དད་པ་བསམ་གཏན་གཉིས་པའི་ལྷ་སྟེ། ས་དེའི་བདེ་བ་མི་བརྟན་པས་སོ། །ལུས་འོད་དུ་འདྲ་བས་གཅིག་པ་དང་འདུ་ཤེས་བདེ་བར་གཅིག་པ་ནི་བསམ་གཏན་གསུམ་པའི་ལྷ་སྟེ། ས་དེའི་བདེ་བ་བརྟན་པས་སོ། །དེ་བཞི་དང་གཟུགས་ཅན་མ་ཡིན་པ་དང་པོ་གསུམ་པོ་དག་སྟེ། དེ་ལྟར་ན་བདུན་ནི་རྣམ་ཤེས་གནས་པའོ། །ལྷག་མ་ངན་སོང་དང་བསམ་གཏན་བཞི་པ་དང་སྲིད་རྩེ་རྣམས་རྣམ་ཤེས་ཀྱི་གནས་པ་མ་ཡིན་ཏེ། རིམ་པ་ལྟར་རྣམ་ཤེས་དེ་འཇོམས་བྱེད་སྡུག་བསྔལ་དང༌། འདུ་ཤེས་མེད་པ་རྒྱུ་འབྲས་དང་འགོག་སྙོམས་དང་ལྡན་པས་སོ། །དེ་བདུན་དང་སྲིད་རྩེ་དང་འདུ་ཤེས་མེད་པའི་སེམས་ཅན་ཏེ་དགུ་ནི་སེམས་ཅན་གྱི་ནི་གནས་དགུར་མདོ་ལས་བཤད་དེ། དེ་རྣམས་སུ་རང་ཉིད་དགའ་བཞིན་དུ་སེམས་ཅན་རྣམས་གནས་པས་སོ། །མི་འདོད་བཞིན་དུ་ལས་ཀྱིས་གནས་པའི་ཕྱིར་གཞན་ངན་འགྲོ་ནི་སེམས་ཅན་གྱི་གནས་མ་ཡིན་ཏེ་བཙོན་ར་བཞིན་ནོ། །རྣམ་ཤེས་གནས་པ་དག་ནི་བདུན་ལས་ཚུལ་གཞན་ཡང་རྣམ་ཤེས་གནས་པ་གཟུགས་སུ་ཚོར་བར་འདུ་ཤེས་སུ། འདུ་བྱེད་དུ་ཉེ་བར་འགྲོ་བ་བཞི་སྟེ། དེ་རྣམས་ནི་རིམ་པ་བཞིན་ཟག་པ་དང་བཅས་པའི་ཕུང་པོ་དང་པོ་བཞི་རང་གི་ས་པ་ཉིད་དེ། འདིར་གནས་པ་ནི་སྲེད་པའི་དབང་གིས་བརྟེན་པ་ཡིན་ལ། ཟག་མེད་དང་ས་གཞན་གྱི་ཕུང་པོ་ལ་སྲེད་པའི་དབང་གིས་མི་བརྟེན་པས་སོ། །གནས་པ་པོ་རྣམ་ཤེས་འབའ་ཞིག་ནི་རྣམ་ཤེས་ཀྱི་གནས་པར་མ་བཤད་དེ། རྒྱལ་པོ་ཉིད་རྒྱལ་པོའི་སྟན་མིན་པ་བཞིན་ནོ། །འོ་ན་རྣམ་ཤེས་ཀྱི་གནས་པ་བདུན་གྱིས་བཞི་བསྡུས་སམ། བཞིས་བདུན་བསྡུས་ཤེ་ན། བསྡུ་བ་དཔྱད་ན་མུ་བཞི་སྟེ། བདུན་གྱི་བསྡུས་ལ་བཞིས་མ་བསྡུས་པ་བདུན་པོའི་རྣམ་ཤེས་དང༌། བཟློག་པ་ངན་སོང་དང༌། བསམ་གཏན་བཞི་པ་དང༌། སྲིད་རྩེ་རྣམ་ཤེས་མིན་པའི་ཕུང་པོ་ཟག་བཅས་བཞི་དང་གཉིས་ཀས་བསྡུས་པ་བདུན་པོའི་ཕུང་པོ་ཟག་བཅས་དང་པོ་བཞི་དང༌། གཉིས་ཀས་མ་བསྡུས་པ་ངན་སོང་སོགས་གསུམ་གྱི་རྣམ་ཤེས་དང་ཟག་མེད་དོ། །གསུམ་པ་སྐྱེ་གནས་བཞིར་དབྱེ་བ་ལ་གསུམ་སྟེ། གང་དུ་འཇུག་པའི་སྐྱེ་གནས་དབྱེ། གང་གི་འཇུག་པའི་བར་སྲིད་བཤད། དེ་ཡིས་སྐྱེས་གནས་སུ་བགྲོད་ཚུལ་ལོ། །དང་པོ་ནི། ཁམས་གསུམ་པོ་དེར་ནི་སྒོ་ང་ལས་སྐྱེས་པ་དང༌། སོགས་པས་མངལ་དང་དྲོད་གཤེར་དང་རྫུས་སྐྱེས་ཏེ། སེམས་ཅན་གྱི་སྐྱེ་གནས་བཞི་རྣམས་སོ། །འགྲོ་བ་གང་ན་སྐྱེས་གནས་དུ་ཡོད་ཅེ་ན། མི་དང་དུད་འགྲོ་ལ་རྣམ་པ་བཞི་སྟེ། མི་སྒོང་སྐྱེས་ནི་ཁྲུང་ཁྲུང་གི་སྒོང་ལས་སྐྱེས་པ་བྲག་དང་ཉེ་བའི་བྲག་ལྟ་བུའོ། །དྲོད་གཤེར་སྐྱེས་ནི་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས། ང་ལས་ནུ་དང༌། དེའི་བརླ་གཡས་པ་ལས་མཛེས་པ་དང༌། གཡོན་པ་ལས་ཉེར་མཛེས་དང༌། རྒྱལ་པོ་ཚངས་བྱིན་གྱི་བྲང་གི་ཤ་འབུར་ལས་ཐི་བའི་ཕྲེང་བ་ཅན་དང༌། ཨ་མྲ་སྐྱོང་མ་ཆུ་ཤིང་གི་སྡོང་པོ་ལས་སྐྱེས་པ་ལྟ་བུའོ། །རྫུས་སྐྱེས་ནི་བསྐལ་པ་དང་པོའི་མི་རྣམས་དང༌། སློབ་དཔོན་འཕགས་པ་ལྷ་སིངྒ་གླིང་གི་རྒྱལ་པོའི་ལྡུམ་རྭར་པདྨ་ལས་སྐྱེས་པ་ལྟ་བུའོ། །དུད་འགྲོ་ནི་གསུམ་སྣང་བར་ཟད་ལ། རྫུས་སྐྱེས་ནི་ཀླུ་དང་མཁའ་ལྡིང་སོགས་སོ། །དམྱལ་བ་རྣམས་དང་ལྷ་རྣམས་དང་སྲིད་པ་བར་མ་ནི་རྫུས་ཏེ་སྐྱེ་བ་ཁོ་ནའོ། །ཡི་དྭགས་ནི་ཕལ་ཆེ་བ་མངལ་ནས་སྐྱེ་བ་དང༌། འང་གིས་འགའ་ཞིག་རྫུས་སྐྱེས་སོ། །སྐྱེ་གནས་བཞི་ལས་རྫུས་སྐྱེས་བཟང་ངོ༌། །འོ་ན་རྒྱལ་བུ་དོན་གྲུབ་མངལ་སྐྱེས་མཛད་པ་ཅི་ཞེ་ན། ཉེ་དུ་ཤཱཀྱའི་རིགས་ཆེན་ཆོས་ལ་གཟུད་པ་དང༌། འདི་འཁོར་ལོ་བསྒྱུར་བའི་རིགས་སོ་ཞེས་གུས་པ་བསྐྱེད་དུ་ཞུགས་པ་དང༌། མུ་སྟེགས་ན་རེ།              རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*