ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་རྣམ་བཤད།

༄༅། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་རྣམ་བཤད་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་ཞེས་བྱ་བ་བཞུགས་སོ།།

«རོང་སྟོན་སྨྲ་བའི་སེང་གེས་བརྩམས། »  ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་རྣམ་བཤད་ལེགས་པར་འདོམས་པ་ལྷའི་རྔ་བོ་ཆེ་ཞེས་བྱ་བ། ལྷག་པའི་ལྷ་གངས་རིའི་མདོག་ཅན་ལ་ཕྱག་འཚལ་ལོ། །རབ་ཡངས་མཁྱེན་པའི་གདུགས་དཀར་ཟླ་བའི་འོད། །འཇིག་རྟེན་ལྷ་བརྒྱའི་གཙུག་ན་ངལ་གསོ་ཞིང༌། །ཚད་མེད་ཕྲིན་ལས་འོད་ཀྱི་ཁོར་ཡུག་ཅན། །ཐུབ་དབང་སྨྲ་བའི་ཟླ་བ་གཙུག་གིས་མཆོད། །ཚད་མེད་ཐུགས་རྗེའི་གླིང་ནས་ལེགས་བགྲོད་ཅིང༌། །རིགས་ལྡན་དགའ་བར་བདུད་རྩིའི་དགའ་སྟོན་འགྱེད། །ལེགས་བཤད་སྤྲིན་གྱི་རྔ་སྒྲ་མངོན་པར་མཐོ། །རྒྱལ་སྲས་ཐུ་བོ་མི་ཕམ་རྒྱལ་གྱུར་ཅིག །རབ་དཀར་ལྷག་བསམ་གངས་རི་མངོན་མཐོ་ཞིང༌། །གསུང་རབ་མང་ཐོས་ཟླ་བའི་གོས་བཟང་ལྡན། །བསམ་བྱུང་བསིལ་བྱེད་ཆུ་བོའི་རྒྱུན་འབབ་པ། །དཔལ་ལྡན་བླ་མ་གངས་རིའི་དབང་པོ་རྒྱལ། །ལེགས་བཤད་འོད་ཀྱི་དྲ་བའི་ཕྲེང་ལྡན་ཞིང༌། །དོན་ཟབ་ཕུལ་བྱུང་ངག་གི་རྣམ་འགྱུར་གཡོ། །རྣམ་མང་དོན་གྱི་འཇའ་རིས་རྣམ་བཀྲ་བ། །ཟབ་སྙན་ལེགས་བཤད་ཕྲེང་བ་སྤེལ་བར་བྱ། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལ་དོན་གཉིས་ཏེ། མཚན་དོན་བཤད་པ་དང༌། བསྟན་བཅོས་ཀྱི་རང་བཞིན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། དྷརྨཱ་དྷརྨ་ཏཱ་བི་བྷཾ་ག་ཞེས་བྱ་བ་ལ། བོད་སྐད་དུ་དྷཱརྨ་ནི་ཆོས་རྣམས། དྷརྨ་ཏཱ་ནི་ཆོས་ཉིད་དོ། །བི་བྷཾ་ག་ནི་རྣམ་པར་འབྱེད་པའོ། །དེ་ལ་ཆོས་ནི་འཁོར་བས་བསྡུས་པ་དང༌། ཆོས་ཉིད་ནི་མྱ་ངན་ལས་འདས་པས་བསྡུས་པ་སྟེ། རྣམ་པར་འབྱེད་པ་ནི་འཁོར་འདས་གཉིས་པོ་དེ་ཞིབ་མོར་སྟོན་པའོ། །མགོན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙཱ་བས་བཀོད་པའོ། །གཉིས་པ་བསྟན་བཅོས་ཀྱི་རང་བཞིན་ལ་གཉིས་ཏེ། བསྟན་བཅོས་ཀྱི་དགོས་འབྲེལ་དང༌། དགོས་འབྲེལ་དང་ལྡན་པའི་བསྟན་བཅོས་སོ། །དང་པོ་ནི། བསྟན་བཅོས་འདི་བརྩམས་སོ་ཞེས་བྱ་བ་བཤད་པའི་གཞིའོ། །རྒྱུ་གང་ལ་བརྟེན་ནས་ཤེ་ན། འཁོར་འདས་དེ་དག་གི་མཚན་ཉིད་རྣམ་པར་དབྱེ་བར་བྱེད་པར་འདོད་ནས་སོ། །དགོས་པ་ཅིའི་ཕྱིར་དུ་བརྩམས་ཤེ་ན། འཁོར་བ་གང་ཞིག་ཤེས་ནས་ཡོངས་སུ་སྤང་བར་བྱ་ཞིང༌། གཞན་འགའ་ཞིག་སྟེ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བ་ཡིན་པ་དེས་ན་དེའི་ཆེད་དུའོ། །གཉིས་པ་ལ། འཁོར་འདས་མདོར་བསྟན་པ། གཉིས་པོ་རྒྱས་པར་བཤད་པ། གཉིས་པོ་མཚོན་པའི་དཔེ་བསྟན་པའོ། །དང་པོ་ནི། གསུང་རབ་ཀྱི་བརྗོད་བྱ་འདི་དག་ཐམས་ཅད་མདོར་བསྡུ་ན། འཁོར་འདས་རྣམ་པ་གཉིས་སུ་འདུས་པར་ཤེས་པར་བྱ་སྟེ། ཆོས་འཁོར་བ་དང༌། དེ་བཞིན་དུ་ཆོས་ཉིད་མྱ་ངན་ལས་འདས་པ་གཉིས་ཀྱིས་ཤེས་བྱའི་གནས་ཐམས་ཅད་བསྡུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཆོས་ནི་རང་གི་མཚན་ཉིད་འཛིན་པ་སྟེ། སྤྱི་སྒྲ་བྱེ་བྲག་ལ་ཞུགས་པའོ། །མྱ་ངན་ལས་འདས་པ་ལ་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ་ཆོས་ཉིད་རྟོགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །འཁོར་འདས་གཉིས་ཡོད་པ་དེ་ལ་ཆོས་ཀྱིས་རབ་ཏུ་ཕྱེ་བ་ནི་ཆོས་ཅན། འཁོར་བ་ཡིན་ཏེ། རང་གི་མཚན་ཉིད་འཛིན་པའི་ཕྱིར་དང༌། ཆོས་དབྱིངས་དེ་ལ་བརྟེན་པའི་ཆོས་ཡིན་པའི་ཕྱིར་དང༌། ཡང་ན་ཆོས་གཟུང་འཛིན་གཉིས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ནི་ཆོས་ཅན། ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། ཆོས་ཉིད་རྟོག་པས་མྱ་ངན་ལས་འདས་པའི་གྲངས་སུ་འགྲོ་བའི་ཕྱིར་རོ། །འཁོར་འདས་གཉིས་ཀྱི་མཚན་ཉིད་ངོས་གཟུང་བ་ལ། འཁོར་འདས་གཉིས་ཡོད་པ་དེ་ལ་འཁོར་བས་བསྡུས་པའི་ཆོས་ཀྱི་མཚན་ཉིད་ནི། གཟུང་འཛིན་གཉིས་སུ་སྣང་བའི་རྟོག་བཅས་དང་རྟོག་མེད་གཉིས་ལས། གཉིས་སུ་སྣང་བ་ཙམ་གྱི་རྟོག་མེད་ཀྱི་ཤེས་པ་སྟེ་སྒོ་ལྔའི་རྣམ་ཤེས་སོ། །སྒྲ་སྤྱི་དང་དོན་སྤྱི་ཇི་ལྟར་མངོན་པར་བརྗོད་པར་སྣང་བ་ནི་རྟོག་བཅས་ཀྱི་ཡིད་དོ། །སྒོ་ལྔའི་གཟུང་འཛིན་གཉིས་སྣང་ནི་ཆོས་ཅན། ཡང་དག་པ་མ་ཡིན་ཏེ། གཉིས་སུ་སྣང་བ་ལྟར་གཉིས་སུ་མེད་པ་དེས་ནའོ། །མངོན་པར་བརྗོད་པར་སྣང་བའི་ཡིད་དེ་ཡང་ཆོས་ཅན། ཡང་དག་པ་མ་ཡིན་ཏེ། ཐམས་ཅད་དོན་དུ་མེད་པ་ཅན་ཡིན་པའི་ཕྱིར་རོ། །ཅིང་ནི་སྡུད་ཚིག་གོ །གཉིས་སུ་སྣང་བ་དང་མངོན་པར་བརྗོད་པར་སྣང་བ་གཉིས་ཀ་ཆོས་ཅན། །ཀུན་ཏུ་རྟོག་པ་ཞེས་བྱ་སྟེ། དོན་མེད་པ་སྟེ། དེ་བཞིན་ཉིད་ཡིན་ནོ། །དེ་བཞིན་ཉིད་ཆོས་ཅན། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་ཏེ། གཟུང་བ་དང་འཛིན་པ་དང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་སོགས་ཀྱིས་ཁྱད་པར་དུ་བྱར་མེད་པའི་རྟོག་པ་ཙམ་ཡིན་པའི་ཕྱིར། འདིས་ནི་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་འཁོར་བར་བསྟན་ཏོ། །གཞན་ཡང་ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བའི་མྱང་འདས་ཀྱི་མཚན་ཉིད་ནི། གཟུང་བ་དང་འཛིན་པ་གཉིས་དང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་སོགས་ཐམས་ཅད་ཀྱིས་ཁྱད་པར་དུ་བྱར་མེད་པའི་སྟོང་པ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །འཁོར་བའི་མཚན་ཉིད་སྒྲུབ་པ་ནི། གཟུང་འཛིན་གཉིས་སུ་སྣང་བ་ནི་ཆོས་ཅན། འཁྲུལ་པ་ཡིན་ཏེ། དོན་ལ་མེད་པའི་གཟུང་འཛིན་གཉིས་སུ་སྣང་བའི་ཕྱིར། དཔེར་ན་ཟླ་བ་གཉིས་སྣང་བཞིན་ནོ། །གཉིས་སྣང་དེ་ཉིད་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་ཡིན་ཏེ། གཉིས་སུ་སྣང་བ་ལ་བརྟེན་ནས་གཉིས་སུ་ཞེན་པ་སྐྱེ་ལ་དེ་ལ་བརྟེན་ནས་ཆགས་སོགས་སྐྱེ་བའི་ཕྱིར་རོ། །དཔེར་ན་སྒྱུ་མའི་གླང་པོ་ཆེར་སྣང་བ་དང༌། རྨི་ལམ་དུ་རྟ་གླང་སྣང་བ་སོགས་ལ་རྟེན་ནས་ཞེན་པ་སྐྱེས་ཏེ་ཀུན་ནས་ཉོན་མོངས་པ་འབྱུང་བ་བཞིན་ནོ། །འཁྲུལ་པའི་གཏན་ཚིགས་གཉིས་པ་སྟོན་པ་ནི། ཡོད་པའི་བདག་མེད་མི་སྣང་བའི་ཕྱིར་ཡང་འཁྲུལ་པར་གྲུབ་བོ། །དཔེར་ན་ཡོད་པའི་ཐོ་ཡོར་མི་འཛིན་པ་མེད་པའི་མིར་འཛིན་པ་བཞིན་ནོ། །དོན་ལ་མེད་པ་དང་སྣང་ཙམ་དུ་ཡོད་པ་ཡ་བྲལ་བ་ལས་འཁྲུལ་པ་མི་སྐྱེ་བས་འཁྲུལ་པ་སྐྱེ་བ་ལ་གཉིས་ཀ་ཚོགས་དགོས་པར་བསྟན་པ་ནི། མེད་པ་འབའ་ཞིག་ལའང་ཡོད་པར་འཛིན་པའི་འཁྲུལ་པ་མི་འབྱུང་སྟེ། མེད་པ་ལ་མེད་པ་ཉིད་དུ་འཛིན་པ་ནི་མ་ནོར་བ་ཡིན་པའི་ཕྱིར་རོ། །ཡོད་པ་འབའ་ཞིག་ལ་ཡོད་པར་འཛིན་པའི་འཁྲུལ་པ་མི་འབྱུང་སྟེ། ཡོད་པ་ལ་ཡོད་པར་འཛིན་པ་འཁྲུལ་པ་མ་ཡིན་པའི་ཕྱིར་རོ། །དེས་ན་དོན་ལ་མེད་པ་དང་སྣང་ཙམ་དུ་ཡོད་པའི་གཉིས་ཚོགས་ལས་དོན་ལ་མེད་པ་ལ་ཡོད་པར་འཛིན་པ་སྐྱེ་དགོས་སོ། །དོན་ལ་མེད་པ་དང་སྣང་ཙམ་དག་ལས་གང་ཡང་རུང་བ་ཞིག་མེད་ན་མེད་པ་ལ་ཡོད་པར་འཛིན་པའི་འཁྲུལ་པ་མི་འབྱུང་ངོ༌། །དེ་བཞིན་དུ་གཟུང་འཛིན་གཉིས་མེད་ཀྱང་གཉིས་སུ་སྣང་བའི་འཁྲུལ་པ་མེད་ན་རྒྱུ་མེད་པས་ཀུན་ནས་ཉོན་མོངས་འབྱུང་བ་ཡང་མི་འཐད་དོ། །འཁྲུལ་པ་མེད་ན་འཁྲུལ་པའི་གཉེན་པོ་མ་འཁྲུལ་བ་ཡང་མེད་པས་དེ་ལས་བྱུང་བའི་རྣམ་པར་བྱང་བ་ཡང་མི་འཐད་དོ། །གལ་ཏེ་འཁོར་འདས་གཉིས་གྲུབ་ན་གཅིག་གམ་ཐ་དད་ཅེ་ན། འཁོར་འདས་གཉིས་པོ་དེ་དག་ནི་ཆོས་ཅན། གཅིག་ནི་མིན་ཏེ། མྱང་འདས་དོན་ལ་ཡོད་པ་དང་འཁོར་བ་དོན་ལ་མེད་པ་དག་གི་ཁྱད་པར་ཡོད་པའི་ཕྱིར། ཇི་ལྟར་འཁོར་བ་དོན་ལ་མེད་ཅེ་ན། དོན་དམ་པར་གཟུང་འཛིན་མེད་ལ། དེ་མེད་པས་འཁོར་བར་འཇོག་པའི་ཆོས་མེད་པའི་ཕྱིར་རོ། །འཁོར་འདས་ངོ་བོ་སོ་སོ་བ་ཡང་མིན་ཏེ། མྱ་ངན་ལས་འདས་པ་ནི་འཁོར་བའི་ཆོས་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར། མདོ་སྡེའི་རྒྱན་ལས། དེ་ཕྱིར་ཐར་པ་ནོར་བ་ཟད་ཙམ་ཡིན། །ཞེས་བཤད་པ་ལྟར་རོ། །གཉིས་པ་འཁོར་འདས་གཉིས་རྒྱས་པར་བཤད་པ་ལ་གཉིས་ཏེ། འཁོར་བའི་ཆོས་རྒྱས་པར་བཤད་པ་དང༌། མྱང་འདས་ཀྱི་ཆོས་རྒྱས་པར་བཤད་པའོ། །དང་པོ་ལ་ཡང་གཉིས་ལས། སྤྱིར་བསྟན་པ་ནི། རྣམ་པ་དྲུག་གིས་འཁོར་བའི་ཆོས་དག་ལ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྒོ་ནས་འཇུག་པ་བླ་ན་མེད་པ་ཡིན་ཏེ། མཚན་ཉིད་དང་གྲུབ་པའི་ཚུལ་ངེས་པར་བྱེད་པ་དང༌། གཅིག་དང་ཐ་དད་མིན་པའི་ཚུལ་དང༌། གནས་ཐུན་མོང་དང་ཐུན་མོང་མིན་པ་གཉིས་སུ་རྣམ་པར་གཞག་པ་དང༌། གཟུང་བ་དང་འཛིན་པར་སྣང་བ་མེད་པ་ལ་རབ་ཏུ་འཇུག་པ་རྣམ་པ་དྲུག་གིས་བསྟན་ཏོ། །ཆོས་རྣམ་པ་དྲུག་པོ་འདི་དག་གི་སྒོ་ནས་འཁོར་བའི་ཆོས་ཐོས་བསམ་གྱིས་གཏན་ལ་ཕབ་པས་འཁོར་བའི་ཆོས་ཇི་སྙེད་ཕྱིན་ཅི་མ་ལོག་པར་རྟོགས་པས་འཇུག་པ་བླ་ན་མེད་པ་ཞེས་བསྟན་ཏོ། །གཉིས་པ་སོ་སོར་བཤད་པ་ལ་དྲུག་ཏུ་བསྟན་པ་དེ་ལ། མཚན་ཉིད་དང་གྲུབ་པའི་ཚུལ་དང་གཅིག་དང་ཐ་དད་མིན་པ་གསུམ་ནི་མདོར་བསྟན་དུ་ཇི་ལྟར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །བཞི་པ་དང་ལྔ་པ་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ནི། གང་ཞིག་འཁོར་བ་དང༌། གནས་གང་དུ་འཁོར་བ་དེ་ནི་འཁོར་བའི་ཆོས་ཀུན་ཏུ་ཁྱབ་པར་གནས་པ་སྟེ། གནས་ནི་ཁམས་སོ། །དེ་ལ་རྟེན་སྣོད་ཀྱི་ཁམས་དང་བརྟེན་པ་སེམས་ཅན་གྱི་ཁམས་དང་གཉིས་སོ། །སྣོད་ཀྱི་ཁམས་ནི་ཆོས་ཅན། ཐུན་མོང་བའི་ཆོས་ཡིན་ཏེ། བག་ཆགས་མཐུན་པར་སད་པའི་སེམས་ཅན་རྣམས་ལ་ཐུན་མོང་བ་ལྟ་བུར་རྣམ་པར་རིག་པ་ལ་ཐུན་མོང་དུ་སྣང་བའི་ཕྱིར། ལྟ་བུའི་སྒྲས་ནི་བག་ཆགས་མཐུན་པར་སད་པ་ལ་ཐུན་མོང་གི་ཐ་སྙད་བྱེད་པ་ཡིན་གྱི་གནས་ཚུལ་ལ་མེད་པར་སྟོན་ཏོ། །ཡང་ན་ཐུན་མོང་གི་ཆོས་ཡིན་ཏེ། བག་ཆགས་མཐུན་པར་སད་པའི་རྣམ་པར་རིག་པ་ལ་ཐུན་མོང་དུ་སྣང་བའི་ཕྱིར། དཔེར་ན་ཐུན་མོང་དུ་སྣང་བའི་ཡུལ་ལྟར་རོ། །བརྟེན་པ་སེམས་ཅན་གྱི་ཁམས་ནི་གཉིས་ཏེ། ཐུན་མོང་གི་ཆོས་དང་ཡང་ཐུན་མོང་མིན་པའི་ཆོས་སོ། །ཐུན་མོང་དང་ཐུན་མོང་མིན་པ་གཉིས་ཡོད་པ་དེ་ལ་ཐུན་མོང་ནི། སེམས་ཅན་གྱི་སྐྱེ་བ་དང༌། ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་ཐ་སྙད་དང༌། གང་ཟག་གཞན་གྱིས་རྗེས་སུ་གཟུང་བ་དང༌། ཚར་གཅད་པ་དང༌། གཞན་ལ་ཕན་པ་དང༌། གནོད་པ་དང༌། ཐོས་སོགས་ཀྱི་ཡོན་ཏན་དང༌། ཆགས་སོགས་ཀྱི་སྐྱོན་རྣམས་ནི་ཆོས་ཅན། ཐུན་མོང་བའི་ཆོས་ཡིན་ཏེ། ཕན་ཚུན་གཅིག་གིས་གཅིག་གི་རྒྱུད་དང་འབྲེལ་བའི་རྒྱུ་བྱེད་པ་ཡིན་པའི་ཕྱིར་ཏེ། ཕན་ཚུན་བདག་པོའི་རྐྱེན་བྱེད་པ་ཉིད་ཀྱིས་སོ། །དེ་ལ་སྐྱེ་བ་ཐུན་མོང་བ་ནི། ལས་ཀྱི་རྒྱུ་བྱས་ཕ་མ་གཉིས་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ཐུན་མོང་བའི་འབྲས་བུ་འགྲུབ་པ་ལྟ་བུའོ། །ཐ་སྙད་ཐུན་མོང་བ་ནི། གཞན་གྱི་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་བསྐུལ་ནས་གཞན་བྱ་བ་ལ་འཇུག་པ་ལྟ་བུ་དང༌། གཞན་གྱི་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྐུལ་ནས་གཞན་སྨྲ་བ་ལ་འཇུག་པ་ལྟ་བུ་སྟེ། གཞན་གྱིས་བདག་རྐྱེན་བྱེད་ལ། རང་རྒྱུད་ཀྱི་ཆོས་ཀྱི་རྒྱུའི་གཙོ་བོ་བྱས་ནས་འབྲས་བུ་ཐུན་མོང་བ་འགྲུབ་པ་ལྟ་བུའོ། །རྗེས་སུ་གཟུང་བ་དང་ཚར་གཅད་ཐུན་མོང་བ་ནི། གང་ཟག་གཞན་གྱིས་རྗེས་སུ་གཟུང་བའི་སྒོ་ནས་ཕ་རོལ་པོ་ལ། གཞན་གྱིས་བདག་རྐྱེན་དང༌། རང་གི་ཆོས་ཀྱི་རྒྱུ་བྱེད་པའི་འབྲས་བུ་ཐུན་མོང་བ་འགྲུབ་པ་ལྟ་བུའོ། །ཚར་གཅད་ཐུན་མོང་བ་ནི། གཞན་གྱིས་ཚར་གཅད་པས་གཅིག་གིས་བདག་རྐྱེན་དང༌། གཞན་ལ་དེའི་འབྲས་བུ་གྲུབ་པ་འབྲས་བུ་ཐུན་མོང་བ་དང༌། གཞན་གྱིས་གཞན་ལ་ཕན་པ་བྱེད་པ་དང༌། གནོད་པ་བྱེད་པ་ཡང་གཅིག་གིས་བདག་རྐྱེན་དང༌། གཅིག་གིས་རྒྱུའི་གཙོ་བོ་བྱས་པས་འབྲས་བུ་ཐུན་མོང་བ་འགྲུབ་པ་ལྟ་བའོ། །འདི་དག་ནི་འབྲས་བུ་ཐུན་མོང་བའི་ལྡོག་པ་ནས་ཐུན་མོང་བར་བསྟན་ཏོ། །གཉིས་པ་ཐུན་མོང་མིན་པ་ནི། གནས་ཀུན་གཞི་དང༌། རྣམ་པར་རིག་པ་རྣམ་ཤེས་ཚོགས་བདུན་དང༌། སོ་སོའི་བདེ་སྡུག་དང༌། ལས་སེམས་པ་དང༌། སོ་སོའི་འཆི་འཕོ་དང༌། སོ་སོ་སྐྱེ་བ་དང༌། བཅིངས་པ་དང༌། གྲོལ་བ་རྣམས་ནི་ཆོས་ཅན། ཐུན་མོང་མིན་པ་ཞེས་བྱ་སྟེ། ངོ་བོའི་ཆ་ནས་གང་ཟག་སོ་སོའི་ཐུན་མོང་མིན་པའི་ཆོས་ཡིན་པའི་ཕྱིར། དེ་ནི་གནས་ཐུན་མོང་མིན་པ་ཞེས་བྱའོ། །ལང་ཀར་གཤེགས་པ་ལས། ཀུན་གཞི་རྒྱ་མཚོ་རྟག་གནས་པ། །ཡུལ་གྱི་རླུང་གིས་རབ་བསྐྱོད་ནས། །སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས། །གང་ཞིག་རབ་ཏུ་འཇུག་པར་འགྱུར། །རྒྱ་མཚོ་དང་ནི་རྦ་རླབས་རྣམས། །ཇི་ལྟར་བྱེ་བྲག་མེད་པ་བཞིན། རྣམ་ཤེས་སེམས་ཀྱང་དེ་བཞིན་དུ། །ཐ་དད་པ་ཡང་མ་དམིགས་སོ། །ཞེས་སོ། །ཐུན་མོང་དང་ཐུན་མོང་མིན་པ་བཤད་པ་འདི་དག་གིས་ཀུན་གཞི་ལ་བག་ཆགས་བཞག་ནས་ཐུན་མོང་དང་ཐུན་མོང་མིན་པར་སྣང་བ་འབྱུང་བའི་ཕྱིར་གནས་ཞེས་བསྟན་ཏོ། །དྲུག་པ་གཟུང་འཛིན་སྣང་བ་མེད་པ་ལ་འཇུག་པ་སྟོན་ལ་གསུམ་སྟེ། གཟུང་བ་མེད་པར་བསྟན། འཛིན་པ་མེད་པར་བསྟན། བསྟན་པས་གྲུབ་པའི་དོན་ནོ། །དང་པོ་ལ་གཉིས་ཏེ། ཐུན་མོང་གི་གཟུང་བ་གཞན་མེད་པ་དང༌། ཐུན་མོང་མིན་པའི་གཟུང་བ་གཞན་མེད་པའོ། །དང་པོ་ནི། ཕྱི་རོལ་གྱི་གཟུང་བ་རི་ལ་སོགས་པར་སྣང་བ་ཆོས་ཅན། རྣམ་པར་ཤེས་པ་ལས་ཕྱི་རོལ་དུ་གྱུར་པའི་དོན་ཡོད་པ་མིན་ཏེ། རང་གི་ཤེས་པ་ཉིད་ཐུན་མོང་བ་ཉིད་དུ་སྣང་བ་ཙམ་ཡིན་པའི་ཕྱིར། ཤེས་པ་གང་ལས་དོན་གཞན་དུ་མེད་ཅེ་ན། རང་འཛིན་པའི་རྣམ་པར་རིག་པའི་ཆ་ལས་དོན་གཞན་དུ་མེད་དོ། །གཉིས་པ་ནི། ཐུན་མོང་གི་གཟུང་བ་ལས་ཅིག་ཤོས་ཐུན་མོང་མིན་པའི་གཟུང་བ་གཞན་གྱི་སེམས་ལ་སོགས་པ་རྣམ་པར་རིག་པའི་དོན་ནི། ཐུན་མོང་མིན་པའི་གཟུང་བ་ཡིན་ལ། དེ་གཞན་དུ་མེད་པའི་ཚུལ་ནི། མཉམ་པར་མ་བཞག་པ་དང་བཞག་པའི་སེམས་གཉིས་ཕན་ཚུན་གཅིག་གི་གཟུང་ཡུལ་དུ་གཅིག་འགྱུར་བ་མིན་ཏེ། མཉམ་པར་མ་བཞག་པའི་སེམས་འཛིན་པའི་རྣམ་པར་རིག་པ་ལའང་མཉམ་པར་བཞག་པའི་སེམས་གཟུང་བ་དོན་གཞན་དུ་མེད་ཅིང༌། མཉམ་པར་བཞག་པའི་སེམས་འཛིན་པའི་རྣམ་པར་རིག་པ་ལའང་མཉམ་པར་མ་བཞག་པའི་སེམས་གཟུང་བ་དོན་གཞན་མེད་པའི་ཕྱིར་ཏེ། མཉམ་པར་མ་བཞག་པའི་སེམས་དག་ལ་ནི་རང་གི་བདག་ཉིད་ཀྱི་རྣམ་པར་རྟོག་པ་ཉིད་ཡུལ་དུ་སྣང་བའི་ཕྱིར་དང༌། མཉམ་པར་བཞག་པའི་སེམས་དག་ལ་ནི་ཏིང་ངེ་འཛིན་དེའི་སྤྱོད་ཡུལ་དུ་གཞན་གྱིས་སེམས་ཀྱི་ངོ་བོར་མི་སྣང་བར་དེའི་གཟུགས་བརྙན་ཙམ་ཞིག་རབ་ཏུ་སྣང་བའི་ཕྱིར་རོ། །གཉིས་པ་འཛིན་པ་མེད་པ་ནི། ཤེས་པས་ཡུལ་འཛིན་པ་ནི་ཆོས་ཅན། འཛིན་པར་སྣང་བ་དོན་གཞན་མེད་པར་གྲུབ་སྟེ། རང་གི་སེམས་ཉིད་ཡུལ་དུ་སྣང་བར་ཟད་ཀྱི་གཟུང་བར་སྣང་བ་དོན་གཞན་མེད་པར་གྲུབ་པའི་ཕྱིར་རོ། །གསུམ་པ་ནི། དོན་དམ་པར་གཟུང་འཛིན་གཉིས་མེད་པར་བསྟན་པ་དེ་ལས་ཀྱང་ནི་གཟུང་བ་དང་འཛིན་པར་སྣང་བ་མེད་པ་ལ་འཇུག་པ་གྲུབ་སྟེ། གཟུང་འཛིན་མེད་པར་ཐོས་བསམ་གྱིས་གཏན་ལ་ཕབ་ཅིང་བསྒོམས་པས་གཟུང་འཛིན་གཉིས་སུ་མེད་པའི་དོན་མངོན་དུ་འགྱུར་བའི་ཕྱིར། མདོ་སྡེའི་རྒྱན་ལས། འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང༌། །སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད། །འོན་ཀྱང་དགེ་བའི་ལས་རྣམས་བྱེད་པ་དག །སྐྱེ་བ་ཟད་པས་ཞི་བ་ཐོབ་པར་བཤད། །ཅེས་སོ། །དོན་དམ་པར་གཟུང་འཛིན་གཉིས་མེད་ན་གཟུང་འཛིན་གཉིས་སུ་སྣང་བ་འདི་རྒྱུ་གང་ལས་བྱུང་ཞེ་ན། ཐོག་མ་མེད་པ་ནས་གཟུང་འཛིན་དུ་མངོན་པར་ཞེན་པའི་བག་ཆགས་ལས་གྲུབ་པ་ཡིན་ཏེ། དེ་ལས་གཟུང་འཛིན་དུ་ཞེན་པ་ཀུན་ནས་ལྡང་བ་གྲུབ་པས་སོ། །འོ་ན་སྤོང་མི་ནུས་སོ་སྙམ་ན་སྤོང་ནུས་ཏེ། གཟུང་འཛིན་གཉིས་སུ་འཛིན་པ་གནས་ཚུལ་ལ་མ་ཞུགས་ལ། གཟུང་འཛིན་གཉིས་སུ་མེད་པར་རྟོགས་པ་གནས་ཚུལ་ལ་ཞུགས་པའི་ཕྱིར་ཏེ། གཟུང་འཛིན་གཉིས་སུ་བདེན་པར་ཡོངས་སུ་མ་གྲུབ་པར་གཟུང་འཛིན་གཉིས་མེད་དུ་རབ་ཏུ་གྲུབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་མྱང་འདས་ཀྱི་མཚན་ཉིད་རྒྱས་པར་བཤད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། དང་པོ་ནི། དོན་རྣམ་པ་དྲུག་གིས་ཆོས་ཉིད་ལ་འཇུག་པ་བླ་ན་མེད་པ་བསྟན་ཏེ། དོན་དྲུག་ཁོང་དུ་ཆུད་པས་མྱ་ངན་ལས་འདས་པའི་ཆོས་མ་ལུས་པ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར། དོན་དྲུག་གང་ཞེ་ན། ཤེས་བྱའི་མཚན་ཉིད་དང༌། ཤེས་བྱའི་གཞི་ཀུན་ཏུ་གནས་པ་དང༌། ཆོས་ཉིད་ངེས་པར་འབྱེད་པ་དང༌། ཆོས་ཉིད་ལ་མངོན་སུམ་དུ་རེག་པ་དང༌། རྗེས་སུ་དྲན་པ་དང༌། དྲན་པ་དེའི་བདག་ཉིད་ཉེ་བར་སོན་པ་ལ་འཇུག་པས་དོན་དྲུག་བསྟན་ཏོ། །གཉིས་པ་སོ་སོར་བཤད་པ་ལ། དང་པོ་རྣམ་བྱང་གི་མཚན་ཉིད་ནི། མདོར་བསྟན་གྱི་སྐབས་སུ་ཇི་ལྟར་བསྟན་པ་བཞིན་རིག་པར་བྱའོ། །གཉིས་པ་རྣམ་བྱང་གི་གནས་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་ཐམས་ཅད་ཡིན་ཏེ། འདི་དག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ་ལས་རྣམ་བྱང་ཐོབ་དགོས་པའི་ཕྱིར་རོ། །གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་མདོ་སྡེ་ཐམས་ཅད་ཀྱང་རྣམ་བྱང་གི་གནས་སུ་བརྗོད་དེ། དེ་དག་ལ་དམིགས་ནས་ལམ་སྒྲུབ་དགོས་པའི་ཕྱོར་རོ། །གསུམ་པ་ངེས་པར་འབྱེད་པའི་རྟོག་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་པའི་ཚུལ་བཞིན་ཡིད་ལ་བྱེད་པའི་ཐོས་པ་དང་བསམ་པ་དང་བསྒོམ་པས་བསྡུས་པའི་སྦྱོར་བ་ཐམས་ཅད་དེ། ཚོགས་སྦྱོར་གཉིས་སོ། །བཞི་པ་རེག་པ་ནི། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཐོབ་པའི་ཕྱིར་མཐོང་ལམ་གྱིས་མངོན་སུམ་གྱི་ཚུལ་དུ་དེ་བཞིན་ཉིད་མཐོང་སྤང་གི་དྲི་མས་དག་པ་ཐོབ་ཅིང་ཉམས་སུ་མྱོང་བའོ། །ལྔ་པ་རྗེས་སུ་དྲན་པ་ནི། སྒོམ་ལམ་སྟེ། དེའི་མི་མཐུན་ཕྱོགས་ཀྱི་དྲི་མ་དྲུང་ནས་དབྱུང་བའི་དོན་དུ་མཐོང་ལམ་གྱིས་ཇི་ལྟར་མཐོང་བའི་དོན་ཉིད་ལ་དམིགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པའི་སྒོམ་པའི་ལམ་ཐམས་ཅད་དོ། །དྲུག་པ་ཉེ་བར་སོན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། གནས་གྱུར་རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་དབྱིངས་གོམས་པར་བྱེད་པ་སྒོམ་ལམ། དེའི་བདག་ཉིད་གོམས་པ་མཐར་ཐུག་པའི་གནས་སུ་ཉེ་བར་སོན་པ་ནི་མི་སློབ་ལམ་སྟེ། དེ་བཞིན་ཉིད་དྲི་མ་མེད་པར་གནས་གྱུར་པ་ཐོབ་པའོ། །གནས་གྱུར་ཐོབ་པ་ན་གཟུང་འཛིན་གཉིས་ཀྱི་སྣང་བ་ནུབ་ནས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་སྣང་བས་ཏེ། དེ་ཡང་གནས་ཡོངས་སུ་གྱུར་པ་ཡོངས་སུ་གྲུབ་པ་ཡིན་ནོ། །སྐུ་གསུམ་ལ་འཇུག་པ་ལས། དྲི་མེད་དེ་བཞིན་ཉིད་དང་ནི། །མི་རྟོག་ཡེ་ཤེས་མ་གཏོགས་པ། །སངས་རྒྱས་རྣམས་ཀྱི་ཆོས་གཞན་ནི། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་གནས་གྱུར་རྒྱས་པར་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྣམ་པ་བཅུས་གནས་ཡོངས་སུ་གྱུར་པ་ལ་འཇུག་པ་བླ་ན་མེད་པར་བསྟན་ཏེ། ངོ་བོ་དང༌། རྫས་དང༌། གང་ཟག་དང༌། ཁྱད་པར་དང༌། དགོས་པ་དང༌། གནས་དང༌། ཡིད་ལ་བྱེད་པ་དང༌། སྦྱོར་བ་དང༌། ཉེས་དམིགས་དང༌། ཕན་ཡོན་ལ་འཇུག་པས་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་ཡོད་པ་དེ་ལས། དང་པོ་ངོ་བོའམ་རང་བཞིན་ལ་འཇུག་པ་ནི། གློ་བུར་གྱི་དྲི་མ་མི་སྣང་བ་དང༌། དེ་བཞིན་ཉིད་སྣང་བའི་དོན་ཏེ། དེ་བཞིན་ཉིད་དྲི་མ་མེད་པ་གང་ཡིན་པའོ། །གཉིས་པ་དངོས་པོའམ་རྫས་ལ་འཇུག་པ་ནི། ཐུན་མོང་བ་སྣོད་དང༌། ལུས་ཀྱི་རྣམ་པར་རིག་པའི་དེ་བཞིན་ཉིད་གནས་ཡོངས་སུ་གྱུར་པ་དང༌། ངག་གིས་བསྡུས་པ་མདོ་སྡེའི་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་གནས་གྱུར་པ་དང༌། ཐུན་མོང་མིན་པ་སེམས་ཅན་གྱི་ཁམས་ཀྱི་རྣམ་པར་རིག་པ་སེམས་དང་སེམས་ལས་བྱུང་བའི་དེ་བཞིན་ཉིད་གནས་གྱུར་པའོ། །གསུམ་པ་གང་ཟག་ལ་འཇུག་པ་ནི། དེ་བཞིན་ཉིད་དང་པོ་གཉིས་གནས་གྱུར་པའི་འབྲས་བུ་ནི་གཉིས་ལས། སྣོད་དང་ལུས་ཀྱི་དེ་བཞིན་ཉིད་གནས་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་སྐུ་འཐོབ་སྟེ་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །མདོ་སྡེའི་དེ་བཞིན་ཉིད་གནས་གྱུར་པ་ལས་ནི། ལོངས་སྐུ་འཐོབ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཕྱི་མ་སེམས་དང་སེམས་བྱུང་གི་དེ་བཞིན་ཉིད་གནས་གྱུར་པ་ལས་ནི་སྤྲུལ་པའི་སྐུ་འཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིའང་སྤྱོད་ཡུལ་ལོ། །བཞི་པ་ཁྱད་པར་ལ་འཇུག་པ་ནི། ཉན་རང་གི་འབྱོར་བ་ལས་ཁྱད་པར་དུ་འཕགས་པའི་གནས་གྱུར་མཐར་ཐུག་པའི་འབྱོར་པའི་ཁྱད་པར་བཞི་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཞིང་ཡོངས་སུ་དག་པའི་ཁྱད་པར་དང༌། ཆོས་སྐུ་ཐོབ་པས་ཤེས་བྱ་ཐམས་ཅད་ལ་གཟིགས་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ངོ་མཚར་བ་འདོམས་པ་དང༌། སྤྲུལ་པའི་སྐུ་ཐོབ་པས་གཞན་གྱི་དོན་ལ་དབང་འབྱོར་བ་འཐོབ་པའི་ཁྱད་པར་ལས་ཉན་ཐོས་ལས་ཁྱད་པར་འཕགས་ཏེ། ཉན་རང་ལ་ཁྱད་པར་གྱི་ཆོས་བཞི་པོ་མེད་པའི་ཕྱིར་རོ། །ལྔ་པ་དགོས་པ་ལ་འཇུག་པ་ནི། བསམ་པ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་ལམ་གྱི་ཁྱད་པར་ལས་དང༌། ཐེག་པ་ཆེན་པོ་སྟོན་པའི་གསུང་རབ་ལ་དམིགས་པས་དམིགས་པའི་ཁྱད་པར་ལས་དང༌། རིག་པའི་གནས་ལྔ་ལ་སོགས་པའི་ཤེས་བྱ་རྟོགས་པ་དང༌། སྤང་བྱ་སྤོང་བའི་དོན་དུ་ས་བཅུ་རྣམས་སུ་སྦྱོར་བའི་ཁྱད་པར་ལས་ཉན་རང་ལས་འཕགས་སོ། །དྲུག་པ་གནས་སམ་རྟེན་ལ་འཇུག་པ་ནི། གནས་གྱུར་ཐོབ་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་རྣམ་པ་དྲུག་གིས་ཤེས་པར་བྱས་ཏེ། དམིགས་པ་ཐེག་ཆེན་ལ་འཇུག་པ་དང༌། འགལ་རྐྱེན་མཚན་མ་སྤངས་པ་ལ་འཇུག་པ་དང༌། ཡེ་ཤེས་ལ་ཡང་དག་པར་སྦྱོར་བ་ལ་འཇུག་པ་དང༌། ཡེ་ཤེས་ཀྱི་མཚན་ཉིད་ལ་འཇུག་པ་དང༌། ཡེ་ཤེས་ཀྱི་ཕན་ཡོན་ལ་འཇུག་པ་དང༌། ཡེ་ཤེས་ཡོངས་སུ་ཤེས་པ་ལ་འཇུག་པ་དྲུག་ལས་ཤེས་པར་བྱའོ། །དེ་ལ་དང་པོ་དམིགས་པ་ཐེག་ཆེན་ལ་འཇུག་པ་ནི། རྣམ་པ་བཞི་སྟེ། ཐོག་མར་ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང༌། དེས་བསྟན་པའི་ཆོས་དེ་ལ་མོས་པ་དང༌། མོས་པའི་རིགས་པས་ངེས་པ་དང༌། ངེས་པའི་དོན་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ཚོགས་ཡོངས་སུ་རྫོགས་པས་ན་དོན་བཞིས་དམིགས་པ་ལ་འཇུག་གོ །གཉིས་པ་མཚན་མ་སྤངས་པ་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། ཆགས་སོགས་མི་མཐུན་ཕྱོགས་ལ་ཞེན་པའི་མཚན་མ་དང༌། སྤོང་བྱེད་གཉེན་པོ་ལ་ཞེན་པའི་མཚན་མ་དང༌། དམིགས་པ་དེ་བཞིན་ཉིད་ལ་ཞེན་པའི་མཚན་མ་དང༌། ཡུལ་ཅན་རྟོག་པའི་ཆོས་ལ་ཞེན་པའི་མཚན་མ་སྟེ་བཞི་པོ་སྤངས་པས་མཚན་མ་སྤངས་པའི་གནས་གྱུར་ཐོབ་བོ། །འདིས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཞེན་པའི་མཚན་མ་དང་པོ་སྤངས་པ་ནི་རགས་པའི་མཚན་མ་སྤངས་པ་ཡིན་ལ། གཉིས་པ་སྤངས་པ་ནི་འབྲིང་དང༌། གསུམ་པ་སྤངས་པ་ནི་ཕྲ་མོ་དང༌། བཞི་པ་སྤངས་པ་ནི་རིང་དུ་རྗེས་སུ་འབྲེལ་བའི་མཚན་མ་སྤངས་པ་སྟེ། འདི་དག་ནི་མཚན་མ་ཡོངས་ལ་སྤངས་པ་རྣམས་བརྗོད་པ་ཡིན་ནོ། །རྟོག་པའི་མཚན་མ་ལ་རིང་དུ་རྗེས་སུ་འབྲེལ་པ་ཞེས་བརྗོད་པ་ནི། ས་བདུན་པའི་བར་དུ་རྗེས་སུ་འབྲེལ་པས་དེ་སྐད་ཅེས་བརྗོད་དོ། །གསུམ་པ་ཡང་དག་པའི་སྦྱོར་བ་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། སེམས་ཙམ་ལ་དམིགས་པའི་སྦྱོར་བ་དང༌། ཕྱི་རོལ་གྱི་དོན་མི་དམིགས་པའི་སྦྱོར་བ་དང༌། དོན་ལ་དམིགས་པ་འཛིན་པ་མི་དམིགས་པའི་སྦྱོར་བ་དང༌། གཟུང་འཛིན་གཉིས་ཀ་མི་དམིགས་པའི་དེ་བཞིན་ཉིད་ལ་དམིགས་པའི་སྦྱོར་བས་ཡང་དག་པར་སྦྱོར་རོ། །བཞི་པ་མཚན་ཉིད་ལ་འཇུག་པ་ནི་རྣམ་པ་གསུམ་གྱིས་བསྟན་ཏེ། དང་པོ་ཆོས་ཉིད་ལ་གནས་པ་ལས་གནས་གྱུར་ཐོབ་པ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཆོས་ཉིད་ལ་གནས་པ་ཡིན་ཏེ། གཟུང་འཛིན་གཉིས་སུ་མེད་ཅིང་བརྗོད་དུ་མེད་པའི་ཆོས་ཉིད་ལ་རབ་ཏུ་གནས་པའི་ཕྱིར་རོ། །གཉིས་པ་མི་སྣང་བ་ལས་གནས་གྱུར་ཐོབ་པ་ནི། གཟུང་འཛིན་གཉིས་མི་སྣང་བ་ཡིན་ཏེ། རྟོག་མེད་ཀྱི་གཟུང་འཛིན་གཉིས་དང༌། ཇི་ལྟར་མངོན་པར་བརྗོད་པར་སྣང་བའི་ཡིད་ཀྱི་གཟུང་འཛིན་གཉིས་དང༌། དབང་པོ་དང༌། ཡུལ་དང༌། རྣམ་པར་རིག་པ་དང༌། སྣོད་ཀྱི་འཇིག་རྟེན་གྱི་སྣང་བ་ནུབ་ནས་ཐམས་ཅད་དུ་སྣང་བ་མེད་པའི་ཕྱར་རོ། །གཟུང་འཛིན་གཉིས་དང་མངོན་པར་བརྗོད་པ་མི་སྣང་བའི་ཚིག་གིས་ཀུན་བཏགས་མི་སྣང་བར་བསྟན་ལ། ཚིག་ལྷག་མ་རྣམས་ཀྱིས་གཞན་དབང་མི་སྣང་བར་བསྟན་པ་དེ་ལྟ་བས་ན། གཉིས་པོ་ནི་བརྗོད་པ་ཡིན་ནོ་ཞེས་སྦྲེལ་ལོ། །གང་བརྗོད་ན། གཟུང་འཛིན་གཉིས་མི་སྣང་བར་བསྟན་པས་ནི། གཟུང་འཛིན་གཉིས་བརྟག་ཏུ་མེད་པར་བསྟན་པ་ཡིན་ལ། མངོན་པར་བརྗོད་པར་མི་སྣང་བས་ནི་བསྟན་དུ་མེད་པ་དང༌། དབང་པོ་མི་སྣང་བས་ནི་མིག་སོགས་གང་ལ་ཡང་མི་གནས་པ་དང༌། ཡུལ་མི་སྣང་བས་ནི་སྣང་བ་མེད་པ་དང༌། རྣམ་པར་རིག་པ་མི་སྣང་བས་ནི་རྣམ་པར་རིག་པ་མེད་པ་དང༌། སྣོད་ཀྱི་འཇིག་རྟེན་མི་སྣང་བས་ནི་གནས་མེད་པ་ཞེས་བྱ་བས་ན། ཡུལ་གང་ཡང་མི་སྣང་བར་སྟོན་པའི་ཚིག་འདིས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་མདོ་ཇི་ལྟ་བ་བཞིན་དུ་བརྗོད་པ་ཡིན་ནོ། །གསུམ་པ་སྣང་བ་ལས་ཡེ་ཤེས་ཀྱི་མཚན་ཉིད་བསྟན་པ་ནི། མཉམ་པར་བཞག་ལ་ནི་དེ་བཞིན་ཉིད་འབའ་ཞིག་སྣང་སྟེ། ཆོས་ཐམས་ཅད་ནམ་མཁའ་དཀྱིལ་ལྟར་མཉམ་པར་སྣང་བའི་ཕྱིར། རྗེས་ཐོབ་ལ་ནི་སྣང་བ་བདེན་པ་མེད་པར་སྣང་སྟེ། འདུ་བྱེད་ཐམས་ཅད་སྒྱུ་མ་ལ་སོགས་པ་ལྟ་བུར་སྣང་བའི་ཕྱིར་རོ། །ལྔ་པ་ཡེ་ཤེས་ཀྱི་ཕན་ཡོན་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཅན། ཕན་ཡོན་དང་ལྡན་པ་ཡིན་ཏེ། སྒྲིབ་གཉིས་སྤངས་པས་ཆོས་སྐུ་རྫོགས་པར་ཐོབ་པ་དང༌། ཟག་བཅས་ཀྱི་བདེ་བ་སྤངས་པས་ཟག་མེད་ཀྱི་བདེ་བར་གནས་པ་མཆོག་ཐོབ་པ་དང༌། ཤེས་བྱ་མ་ལུས་པ་གཟིགས་པ་ཉིད་ལ་དབང་འབྱོར་བ་ཐོབ་པ་དང༌། ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་དབང་འབྱོར་བ་ཐོབ་པས་སོ། །དྲུག་པ་ཡེ་ཤེས་ཡོངས་སུ་ཤེས་པ་ལ་འཇུག་པ་ལ་རྣམ་པ་བཞི་སྟེ། མི་མཐུན་ཕྱོགས་ལྔའི་གཉེན་པོ་བྱེད་ཚུལ་ཡོངས་སུ་ཤེས་པ་དང༌། མི་རྟོག་པ་ལྔ་དང་བྲལ་བའི་མཚན་ཉིད་ཡོངས་སུ་ཤེས་པ་དང༌། ཉན་རང་ལས་ཁྱད་པར་བྱེད་ཆོས་ལྔ་ཡོངས་སུ་ཤེས་པ་དང༌། ཡེ་ཤེས་ཀྱི་བྱེད་ལས་ལྔ་ཡོངས་སུ་ཤེས་པ་ལས་རིག་པར་བྱའོ། །དེ་ལ་དང་པོ་གཉེན་པོ་བྱེད་ཚུལ་ཡོངས་སུ་ཤེས་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཆོས་ཅན། ཁྱོད་སྤང་བྱ་ལྔའི་གཉེན་པོ་ཡིན་ཏེ། མེད་པ་འཛིན་པ་རྣམ་པ་ལྔའི་གཉེན་པོ་ཡིན་པའི་ཕྱིར། མེད་པ་འཛིན་པ་ལྔ་ནི། གཟུགས་སོགས་ཀྱི་ཆོས་དང༌། གང་ཟག་དང༌། ཡོངས་སུ་འགྱུར་བ་སྐྱེ་འགག་སོགས་དོན་ལ་མེད་པ་ལ་ཡོད་པར་འཛིན་པ་དང༌། ཆོས་ཅན་དང་ཆོས་ཉིད་དོན་ལ་ཐ་དད་མེད་པ་ཐ་དད་དུ་ཡོད་པར་འཛིན་པ་དང༌། སྣང་བ་ཙམ་ཐ་སྙད་དུ་མེད་ཅེས་སྐུར་པ་འདེབས་པ་སྟེ་ལྔའོ། །དང་པོ་བཞི་ནི། དོན་ལ་མེད་པ་ལ་ཡོད་པར་འཛིན་པས་སྒྲོ་འདོགས་ཡིན་ལ། ཕྱི་མ་ནི་སྐུར་འདེབས་སོ། །ཐམས་ཅད་ཀྱང་མི་བདེན་པ་ལ་ཞུགས་པས་མེད་པར་འཛིན་པ་ཞེས་བསྟན་ཏོ། །གཉིས་པ་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་ཡོངས་སུ་ཤེས་པ་ནི། མི་མཐུན་ཕྱོགས་རྣམ་པ་ལྔ་སྤངས་པའི་རང་གི་མཚན་ཉིད་གཏན་ལ་ཕབ་པ་ཉིད་ཀྱིས་ཤེས་པར་བྱའོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་སྤྲོས་པ་ཡིད་ལ་མི་བྱེད་པས་ཀྱང་མི་རྟོག་ཡེ་ཤེས་སུ་འགྱུར་བ་མིན་ཏེ་བྱིས་པ་ཆུང་ངུའི་ཤེས་པ་བཞིན་ནོ། །རྟོག་དཔྱོད་ལས་ཡང་དག་པར་འདས་པས་ཀྱང་མིན་ཏེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཤེས་པ་བཞིན་ནོ། །རྟོག་པ་ཉེ་བར་ཞི་བས་ཀྱང་མིན་ཏེ། འགོག་སྙོམས་བཞིན་ནོ། །མི་རྟོག་པའི་ངོ་བོ་ཉིད་ཀྱི་དོན་ཡིན་པས་ཀྱང་མིན་ཏེ། མིག་སོགས་དབང་པོ་བཞིན་ནོ། །རྣམ་པར་རྟོག་པར་མི་བྱའོ་སྙམ་དུ་མངོན་རྟགས་སུ་འཛིན་པས་ཀྱང་མིན་ཏེ། དེ་ནི་མཚན་མར་འཛིན་པ་ཡིན་པའི་ཕྱིར་རོ། །གསུམ་པ་ཁྱད་པར་བྱེད་ཆོས་ལྔ་ཡོངས་སུ་ཤེས་པ་ནི། འཁོར་འདས་ལ་བླང་དོར་ཐ་དད་དུ་རྣམ་པར་མི་རྟོག་པ་དང༌། སྤངས་རྟོགས་ཉི་ཚེ་བ་མ་ཡིན་པ་ཉིད་དང༌། སྲིད་ཞི་ལ་མི་གནས་པ་ཉིད་དང༌། གཞན་དོན་དུའང་རྟག་ཏུ་བཞུགས་པས་གཏན་དུ་བ་ཉིད་དང༌། འདིའི་གོང་ན་གཞན་མེད་པས་བླ་ན་མེད་པ་ཉིད་དེ་དེས་ན་ཁྱད་པར་རྣམ་པ་ལྔའོ། །བཞི་པ་ཡེ་ཤེས་ཀྱི་བྱེད་ལས་རྣམ་པ་ལྔ་ཡོངས་སུ་ཤེས་པ་ནི། རྣམ་པར་རྟོག་པ་མངོན་དུ་རྒྱུ་རིང་དུ་བྱེད་པ་དང༌། ཉན་རང་ལས་ཁྱད་པར་དུ་འཕགས་པའི་ཟག་མེད་ཀྱི་བདེ་བ་སྒྲུབ་པར་བྱེད་པ་དང༌། སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དང་འབྲལ་བར་བྱེད་པ་སྟེ། དེ་གསུམ་ནི་རིམ་པ་བཞིན་དང་པོ་སྐྱེས་བུ་བྱེད་པའི་འབྲས་བུ། གཉིས་པ་བདག་པོའི་འབྲས་བུ། གསུམ་པ་བྲལ་བའི་འབྲས་བུའོ། །མཉམ་བཞག་དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པར་བྱེད་པ་ནི་རྒྱུ་མཐུན་གྱི་འབྲས་བུའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྒྱུད་ལ་གཏོད་པར་བྱེད་པ་ནི་རྣམ་སྨིན་གྱི་འབྲས་བུའོ། །དེས་ན་འབྲས་བུ་སྐུ་གསུམ་འགྲུབ་པར་བྱེད་པའི་ལས་ཀྱི་ཁྱད་པར་ལྔའོ། །བདུན་པ་ཡིད་ལ་བྱེད་པ་ལ་འཇུག་པ་སྟོན་པ་ལ། གཉིས་སྣང་གི་འཁོར་བ་ཡིད་ལ་བྱེད་པའི་ཚུལ། གཉིས་སྣང་སྤོང་བའི་རྣལ་འབྱོར་སྒོམ་པའི་ཚུལ། དེ་ལས་གཉིས་མེད་ཀྱི་ཡེ་ཤེས་འཆར་བའི་ཚུལ་ལོ། །དང་པོ་ལ། ཡིད་ལ་བྱེད་པའི་ཚུལ་དངོས་དང༌། དེ་ལ་བརྟེན་ནས་ཡེ་ཤེས་ལ་འཇུག་པར་སྣང་བའོ། །དང་པོ་ནི། མ་རིག་པ་ལས་གཟུང་འཛིན་གཉིས་སུ་སྣང་བ་ཡིད་ལ་བྱེད་པའི་ཚུལ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེ་ཅི་ནས་ཀྱང་འདི་སྙམ་དུ་ཐོག་མ་མེད་པའི་དུས་ཅན་གྱི་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་གཟུང་འཛིན་གཉིས་སུ་སྣང་བ་ཅན་གྱིས་བག་ཆགས་བཞག་པའི་ས་བོན་ཐམས་ཅད་པའི་ཀུན་གཞི་མེད་པའི་གཟུང་འཛིན་གཉིས་སུ་སྣང་བའི་རྒྱུ་དང༌། ཀུན་གཞི་དེ་ལ་བརྟེན་པའི་རྒྱུད་གཞན་ནམ་ཐ་དད་པའི་འཇུག་ཤེས་ནི། དེ་བཞིན་ཉིད་མ་ཤེས་པའི་མ་རིག་པ་ལས་འབྱུང་བ་ཡིན་ཏེ། འབྱུང་བ་དེའི་ཕྱིར། རྒྱུ་ཀུན་གཞི་དང་བཅས་པའི་འབྲས་བུ་གཟུང་འཛིན་གཉིས་སུ་སྣང་བ་ནི། འཁྲུལ་ངོར་སྣང་དུ་ཟིན་ཀྱང་ཇི་ལྟར་སྣང་བ་ལྟར་ཡོད་པ་མིན་ནོ་ཞེས་ཡིད་ལ་བྱེད་དོ། །གཉིས་སྣང་གིས་ཆོས་ཉིད་ལ་སྒྲིབ་ཚུལ་ཡིད་ལ་བྱེད་པ་ནི། གཟུང་འཛིན་རྒྱུ་དང་བཅས་པས་སྣང་བ་ནི། གཉིས་མེད་ཀྱི་ཆོས་ཉིད་མི་སྣང་ཞིང༌། གཟུང་འཛིན་གཉིས་པོ་དེ་མི་སྣང་བས་ནི་ཆོས་ཉིད་སྣང་བ་ཡིན་ནོ་ཞེས་ཡིད་ལ་བྱེད་དོ། །གཉིས་པོ་འདིས་ཡིད་ལ་བྱེད་ཚུལ་དངོས་བསྟན་ཏོ། །གཉིས་པ་ནི། དེ་ལྟར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཡིན་ནོ། །གཉིས་པ་གཉིས་སྣང་སྤོང་བའི་རྣལ་འབྱོར་སྒོམ་ཚུལ་ནི། གོང་དུ་སེམས་ཙམ་དུ་གཏན་ལ་ཕབ་པ་དེ་ལྟར། གཟུང་འཛིན་གཉིས་མི་དམིགས་པ་ལས་ནི་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་འཇུག་གོ །རྣམ་པར་རིག་པ་ཙམ་དུ་དམིགས་པ་ལས་ནི་ཕྱི་རོལ་གྱི་དོན་ཐམས་ཅད་མི་དམིགས་པ་ལ་འཇུག་གོ །གཟུང་བྱའི་དོན་ཐམས་ཅད་མི་དམིགས་པ་ལས་ནི་ཡུལ་ཅན་འཛིན་པའི་རྣམ་པར་རིག་པ་ཙམ་ཡང་མི་དམིགས་པ་ལ་འཇུག་གོ །སྦྱོར་ལམ་གྱི་གནས་སྐབས་སུ་གཟུང་འཛིན་གཉིས་པོ་དེ་མི་དམིགས་པ་ལས་ནི་ཟུང་འཛིན་གཉིས་པོས་ཁྱད་པར་དུ་བྱར་མེད་པའི་དེ་བཞིན་ཉིད་ཙམ་དམིགས་པ་ལ་འཇུག་གོ །གསུམ་པ་དེ་ལས་གཉིས་མེད་ཀྱི་ཡེ་ཤེས་འཆར་བའི་ཚུལ་ནི། དེ་ལས་གཟུང་འཛིན་གཉིས་མི་དམིགས་པའི་དེ་བཞིན་ཉིད་ཙམ་སྣང་བ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། གཟུང་འཛིན་གཉིས་ཀྱི་སྤྲོས་པའི་མཚན་མ་ཐམས་ཅད་མ་དམིགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཡེ་ཤེས་དེ་ཡང་ཁྱད་པར་གཉིས་དང་ལྡན་པ་སྟེ། ཡུལ་གཟུང་འཛིན་གཉིས་མེད་ཅིང་བློས་ཀྱང་དམིགས་པ་མེད་པ་ཡིན་ནོ། །བརྒྱད་པ་སྦྱོར་བས་ས་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། གཟུང་འཛིན་གཉིས་མེད་ཀྱི་དོན་མངོན་སུམ་དུ་མ་རྟོགས་ཀྱང༌། མོས་པའི་སྒོ་ནས་སྦྱོར་བ་ནི། མོས་པས་སྤྱོད་པའི་ས་ལ་སྟེ། དེ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྐབས་སོ། །རབ་ཏུ་རྟོགས་པའི་སྦྱོར་བ་ནི་ས་དང་པོ་སྟེ། དེ་ནི་ཆོས་ཉིད་ལ་མངོན་སུམ་དུ་རེག་པའི་གནས་སྐབས་སོ། །སྒོམ་པའི་སྦྱོར་བ་ནི། ཡོངས་སུ་མ་དག་པའི་ས་དྲུག་གི་གནས་སྐབས་ཏེ། ས་གཉིས་པ་ནས་བདུན་པའི་བར་རོ། །དེ་དག་གི་གནས་སྐབས་ནི་མ་དག་པ་ཞེས་བྱ་སྟེ། མི་འདོད་བཞིན་དུ་སྤྲོས་པའི་མཚན་མ་འབྱུང་བའི་ཕྱིར། ཡོངས་སུ་དག་པ་ནི་དག་པས་གསུམ་སྟེ། སྤྲོས་པའི་མཚན་མས་ཀུན་ཏུ་མི་སྤྱོད་པའི་ཕྱིར། ས་ལྷག་མ་དགུ་པོའི་གནས་སྐབས་དེ་ནི་རྗེས་སུ་དྲན་པའི་སྐབས་སོ། །མཐར་ཐུག་པའི་སྦྱོར་བ་ནི། སངས་རྒྱས་ཀྱི་ས་ལ་སྦྱོར་བ་སྟེ། ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པར་འཐོབ་པའི་ཕྱིར་ཏེ། སྦྱོར་བ་དེ་ཡང་སྒྲིབ་པ་མ་ལུས་པར་སྤངས་པའི་ཡེ་ཤེས་དེའི་བདག་ཉིད་དུ་ཉེ་བར་སོན་པའི་གནས་སྐབས་སོ། །དགུ་པ་ཉེས་དམིགས་ལ་འཇུག་པ་བསྟན་པ་ནི། སྒྲིབ་པ་སྤངས་པའི་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་མེད་པའི་ཉེས་དམིགས་རྣམ་པ་བཞི་སྟེ། སྒྲིབ་པ་སྤངས་པའི་གནས་ཡོངས་སུ་གྱུར་པ་མེད་ན། ཉོན་མོངས་པ་མི་འཇུག་པའི་རྟེན་མེད་པའི་ཉེས་པ་ཡོད་དེ། ཉོན་མོངས་པ་མི་འཇུག་པའི་རྟེན་ནི་སྒྲིབ་པ་སྤངས་པའི་ཡེ་ཤེས་ཡིན་ལ། གནས་གྱུར་མེད་ན་སྒྲིབ་པ་སྤངས་པ་མི་རུང་བའི་ཕྱིར་རོ། །སྒྲིབ་པ་སེལ་བྱེད་ཀྱི་ལམ་འཇུག་པའི་རྟེན་མེད་པའི་ཉེས་པ་ཡོད་དེ། གནས་གྱུར་མེད་ན་སྒྲིབ་པ་དག་པ་མི་རུང་བས་དྲི་མ་སེལ་བྱེད་ཀྱི་ལམ་མི་རུང་བའི་ཕྱིར་རོ། །མྱ་ངན་ལས་འདས་པའི་གང་ཟག་གདགས་པའི་གཞི་མེད་པའི་ཉེས་པ་ཡོད་དེ། མྱ་ངན་ལས་འདས་པའི་གང་ཟག་ནི་དྲི་མ་མེད་པའི་གནས་གྱུར་ཐོབ་པ་ལ་གདགས་པའི་ཕྱིར་རོ། །བྱང་ཆུབ་གསུམ་གྱི་ཁྱད་པར་གདགས་པའི་གཞི་མེད་པའི་ཉེས་པ་ཡང་ཡོད་དེ། བྱང་ཆུབ་གསུམ་ནི་གནས་གྱུར་གྱི་ཁྱད་པར་ལས་ཕྱེ་བའི་ཕྱིར་རོ། །བཅུ་པ་ཕན་ཡོན་ལ་འཇུག་པ་ནི། གནས་ཡོངས་སུ་གྱུར་པ་ཡོད་ན་ཕན་ཡོན་རྣམ་པ་བཞི་ཡོད་པ་ཉིད་རིག་པར་བྱ་སྟེ། ཉེས་དམིགས་ལས་བཟློག་པས་བསྟན་པ་དག་གོ །བཞི་པོ་གང་ཞེ་ན། རྟེན་གཉིས་འཐད་པ་དང༌། གང་ཟག་གཉིས་འཐད་པ་སྟེ་བཞིའོ། །དེ་ལྟར་དོན་བཅུས་གནས་ཡོངས་སུ་གྱུར་པ་བསྟན་ཟིན་ཏོ། །གསུམ་པ་འཁོར་འདས་གཉིས་པོ་མཚོན་པའི་དཔེ་ལ། དང་པོ་འཁོར་བ་མཚོན་པ། གནས་ཚུལ་ལ་མེད་པའི་གཟུང་འཛིན་གཉིས་སྣང་བའི་དཔེ་ནི། སྒྱུ་མ་དང༌། རྨི་ལམ་དང༌། ཆུ་ཟླ་ལ་སོགས་པ་ཡིན་ཏེ། གནས་ཚུལ་ལ་མེད་ཀྱང་འཁྲུལ་ངོར་སྣང་བའི་ཕྱིར། གནས་ཡོངས་སུ་གྱུར་པའི་གཞི་རང་བཞིན་གྱིས་མྱ་ངན་ལས་འདས་པའི་དཔེ་ནི། ནམ་མཁའ་དང༌། གསེར་དང༌། ཆུ་ལ་སོགས་པ་ཡིན་ནོ། །དེ་ལ་ནམ་མཁའ་ནི་སྤྲིན་དང་བཅས་ཀྱང་ནམ་མཁའ་སྤྲིན་དང་སྤྲིན་ཀྱང་ནམ་མཁའི་ངོ་བོ་མིན་པས་འབྲལ་རུང་གི་ཚུལ་དུ་ཡོད་པའི་ཕྱིར། ནམ་མཁའ་སྤྲིན་གྱི་རང་བཞིན་གྱིས་དག་སྤྲིན་ནམ་མཁའི་རང་བཞིན་གྱིས་དག་པས། རང་བཞིན་གྱིས་རྣམ་པར་དག་པ་ཞེས་བརྗོད་པ་ཡིན་ནོ། །ལྷག་མ་གསེར་གཡའ་དང་བཅས་པ་དང༌། ཆུ་རྙོག་མ་དང་བཅས་པ་ལའང་དེ་བཞིན་དུ་རིག་པར་བྱ་བ་ཡིན་ནོ། །ཡང་ན་གནས་ཡོངས་སུ་གྱུར་པའི་དཔེ་ནི། སྔར་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་གློ་བུར་གྱི་དྲི་མ་དང་བཅས་པས་མ་དག་པ་ཡིན་ལ། ཕྱིས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་གློ་བུར་གྱི་དྲི་མས་རྣམ་པར་དག་པས། གནས་གྱུར་ཐོབ་པར་བརྗོད་པ་ཡིན་ཏེ། དཔེར་ན་ནམ་མཁའ་སྔར་རང་བཞིན་གྱིས་རྣམ་པར་དག་པ་ཕྱིས་སྤྲིན་རྣམ་པར་དག་པ་དང༌། གསེར་དང་ཆུ་ལ་སོགས་པ་གཡའ་དང་རྙོག་མ་དང་བྲལ་བའི་ཚུལ་ཇི་ལྟ་བ་བཞིན་ནོ། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ་བསྟན་ཟིན་ཏོ། །རྒྱུ་བླ་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་འདི་གཉིས་སྔོན་ཡུན་རིང་དུ་ནུབ་པ་ལས་ཕྱིས་པཎྜི་ཏ་བྱམས་པ་མགོན་པོའི་སློབ་མ་ཨ་ཎ་རཀྵི་ཏས་ཙན་དན་གྱི་མཆོད་རྟེན་བང་རིམ་བཞི་པ་སྒྲ་དང་འོད་འབྱུང་བ་ཞིག་ལས་བཏོན་པ། བླ་མ་སཛྫ་ནས་ཞུས་ཏེ། སྲས་མ་ཧཱ་ཛ་ན་ལ་བྱིན་ནོ། །འདི་སྐ་ཅོག་གི་དུས་ན་མེད་པ་ཕྱིས་བསྒྱུར་བ་ཡིན་ནོ། །མི་ཕམ་གསུང་རབ་ལྷ་ཡི་རྔ་བོ་ཆེ། །ཟབ་མོའི་གསུང་རབ་སྟོན་པ་སྙན་པའི་སྒྲ། །ས་གསུམ་ཁྱོན་དུ་གྲགས་པའི་འོད་འབར་ཞིང༌། །མཁས་པའི་དེད་དཔོན་འཇུག་ངོགས་ཆུ་གཏེར་ཆེ། །ལེགས་བཤད་དྲི་བསུང་ལྡན་པ་པད་མོའི་མཚོ། །རྣམ་དཔྱོད་ཉི་མོར་བྱེད་པའི་འོད་ཟེར་གྱིས། །དགོངས་དོན་གེ་སར་སྙིང་པོ་རྣམ་ཕྱེ་ཞིང༌། །ཐར་པའི་གྲོང་ཁྱེར་ལམ་བཟང་སྟོན་མཛད་པ། །གཞུང་ལུགས་པད་རྫིང་ལུང་རིགས་རྦ་རླབས་གཡོ། །དོན་ཟབ་དྲི་ལྡན་མཁས་པའི་བུང་བ་ཡིས། །ནམ་ཡང་མི་འདོར་རྣམ་དཔྱོད་ཡིད་འཛིན་ཅིང༌། །དཔག་ཡས་འབྱོར་པའི་ཡོན་ཏན་མི་ཟད་པ། །རྣམ་བཤད་འདི་ནི་སྔོན་མེད་གངས་ཆེན་མཚོ། །ཟབ་དོན་སྙན་པའི་སྒྲ་ཡི་ཆུ་རིས་གཡོ། །ཚུལ་འདི་མང་ཐོས་ཆུ་ཡི་ཁུར་ལྡན་ཞིང༌། །སྒྲ་ཚད་ཟུང་གི་འདབ་མ་རབ་བསྐྱོད་པས། །གཞུང་ལུགས་རྒྱ་མཚོའི་ཕ་རོལ་བགྲོད་གྱུར་པ། །སྨྲ་བའི་དབང་པོ་རོང་སྟོན་གཞུང་བརྒྱ་པ། །བློ་གྲོས་ཀླུ་ཡི་དབང་པོས་སྔོན་མེད་སྤེལ། །འདི་སྦྱར་དགེ་ཚོགས་རབ་བྱམས་རྒྱ་མཚོའི་ཁྱོན། །ཞིང་གི་རྡུལ་སྙེད་གྲངས་ལྡན་ཐོབ་པ་ཡིས། །རྣམ་མང་འགྲོ་བ་གངྒཱའི་རྡུལ་སྙེད་རྣམས། །དལ་འབྱོར་ལུས་ཀྱི་པདྨོའི་མཚོ་སྐྱེད་ཅིང༌། །ཡོན་ཏན་འབྱོར་པས་བློ་གྲོས་གཏམས་གྱུར་ནས། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་འཇུག་གྱུར་ཅིག།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*