དབུ་མའི་ལྟ་ཁྲིད་ཀྱི་བསྡུས་དོན་སྙིང་པོའི་གསལ་བྱེད།

༄༅། །དབུ་མའི་ལྟ་ཁྲིད་ཀྱི་བསྡུས་དོན་སྙིང་པོའི་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།

ཨོཾ་སྭསྟི། དབུ་མའི་ལྟ་ཁྲིད་ཀྱི་བསྡུས་དོན་སྙིང་པོའི་གསལ་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དབུ་མའི་ལྟ་ཁྲིད་ཀྱི་བསྡུས་པའི་དོན་ནི། ལྟ་བས་སྤྲོས་པ་མཐའ་དག་ཐག་བཅད། སྒོམ་པས་དོན་ཉམས་སུ་བླང༌། སྤྱོད་པས་བོགས་དབྱུང་བའི་མན་ངག་གོ །སྒོམ་པས་དོན་ཉམས་སུ་བླང་བ་ལ་གཉིས་ཏེ། ཞི་གནས་དང༌། ལྷག་མཐོང་ངོ༌། །ལྷག་མཐོང་ལའང་གཉིས་ཏེ། གང་ཟག་གི་བདག་མེད་བསྒོམ་པ་དང༌། ཆོས་ཀྱི་བདག་མེད་བསྒོམ་པའོ། །འདི་གཉིས་ཀྱིས་ནི། ཕྱི་སྟོང་པ་ཉིད་དང༌། ནང་སྟོང་པ་ཉིད་དང༌། གཉིས་ཀ་སྟོང་པ་ཉིད་བསྒོམ་པ་བསྟན་ཏོ། །བདག་མེད་གཉིས་ལ་བདེན་པར་ཞེན་པ་ཡང་གཅོད་དགོས་པའི་ཕྱིར་ན། གཉིས་ཀ་རང་བཞིན་མེད་པར་བསྒོམ་དགོས་པས་སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པ་བསྟན་ཏོ། །སྟོང་ཉིད་བཞི་པོ་བསྒོམ་པ་འདིར་སྟོང་ཉིད་རྟོགས་པའི་ལྟ་བ་བསྒོམ་པ་ཐམས་ཅད་མ་ཚང་བ་མེད་པར་འདུས་སོ། །སྟོང་ཉིད་དང་པོ་གསུམ་བསྒོམས་པས་ནི་ཆོས་ཅན་ལ་སྒྲོ་འདོགས་གཅོད་ལ། སྟོང་པ་ཉིད་སྟོང་པ་ཉིད་བསྒོམས་པས་ནི་ཆོས་ཉིད་ལ་སྒྲོ་འདོགས་གཅོད་དོ། །ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་སོ། །དབུ་མའི་ལྟ་ཁྲིད་ཀྱི་བསྡུས་དོན་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བ་མངྒ་ལཾ།།  ༄༅། །ཨོཾ་སྭ་སྟི། དབུ་མའི་ལྟ་ཁྲིད་ཟབ་དོན་སྙིང་པོར་དྲིལ་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་རྗེ་བཙུན་གངས་རིའི་མདོག་ཅན་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཀུན་མཁྱེན་ཡེ་ཤེས་ཕུང་པོའི་དཀྱིལ་འཁོར་ཅན། །ཕྲིན་ལས་འོད་ཀྱིས་ཁམས་གསུམ་མུན་པ་སེལ། །འགྲོ་བ་མ་ལུས་ཡོངས་སུ་སྐྱོབ་པའི་དབང༌། །ཐུབ་པའི་དབང་པོ་མཆོག་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་མཁྱེན་རབ་མ་ལུས་པ། །གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་དབྱངས་དང༌། །དབུ་མའི་རིང་ལུགས་མཆོག་ཏུ་གསལ་མཛད་པ། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །ཟབ་མོ་ལྟ་བའི་གནད་ཀྱི་མན་ངག་རྣམས། །དབུ་མ་རིགས་པའི་ཚོགས་ལ་སོགས་པའི་དོན། །རྣལ་འབྱོར་དམ་པ་རྣམས་ཀྱི་འཇུག་ངོགས་ཆེ། །ངེས་དོན་སྙིང་པོ་རབ་ཏུ་གསལ་བར་བྱ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕངས་ཐོབ་པར་འདོད་པ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བ་དབུ་མའི་ལྟ་བའི་ཁྲིད་འདི་ལ་འཇུག་པར་འདོད་པ་རྣམས་ཀྱི་ལམ་གྱི་རིམ་པའི་ཚུལ་ལ། སྔོན་འགྲོའི་ཆོས་དང༌། དངོས་གཞི་ལྟ་བ་བསྒོམ་པའི་རིམ་པ་གཉིས་ལས། དང་པོ་ལ། ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་པ་གལ་ཆེ་སྟེ། དེས་ནང་པའི་གྲལ་དུ་ཚུད། ལམ་ཉམས་སུ་ལེན་པའི་དུས་སུའང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། དེས་ལམ་གྱི་བར་ཆད་སེལ། བསླབ་པ་ལེན་པའི་དུས་སུའང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། དེས་བསླབ་པའི་གཞི་འཛིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་སུའང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། དེས་ཐེག་ཆེན་གྱི་བློ་སྦྱོང་ངོ༌། །མདོར་ན་ངན་འགྲོའི་འཇིགས་པ་ལས་ཐར་པར་འདོད་པ་དང༌། སྡིག་པ་སྦྱང་བ་དང༌། དགེ་བ་སྤེལ་བ་ལ་འདི་མེད་པའི་ཐབས་མེད་པས་དུས་རྟག་ཏུ་སྐྱབས་འགྲོ་ལ་བརྩོན་པར་བྱའོ། །སྐྱབས་འགྲོ་བྱས་པས་རིགས་སད་དེ་དགེ་བའི་ས་བོན་བརྟས་པར་འགྱུར་རོ། །དེ་ནས་ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། སྒོམ་པའི་ཚུལ་ནི། རིགས་དྲུག་གི་སྡུག་བསྔལ་དམིགས་ནས་དེ་དག་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་དང་ཆགས་སྡང་མེད་པའི་བཏང་སྙོམས་ལ་རྒྱུན་དུ་གནས་པར་གྱུར་ཅིག་སྙམ་པའི་བློ་བསྐྱེད་པར་བྱའོ། །བློ་དེ་སྐྱེས་པ་ན་གཞན་གྱི་སྡུག་བསྔལ་སེལ་བ་དང་བདེ་བ་བསྐྱེད་པའི་ཐབས་ལ་རྟོག་པར་བྱའོ། །ཐབས་ནི། མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བའང་མིན། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར། གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་གཞན་གྱི་སྡུག་བསྔལ་སེལ་བ་དང་བདེ་བ་བསྐྱེད་པའི་ཐབས་ཀྱི་མཆོག་ཏུ་ཤེས་པར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་དགོས་ལ། དེ་ལ་གཞན་དོན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པས། མདུན་གྱི་ནམ་མཁར་སངས་རྒྱས་བྱང་སེམས་ཐམས་ཅད་དངོས་སུ་བཞུགས་པར་མོས་ལ། དེ་ལ་དངོས་སམ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ་ནས། ཡན་ལག་བདུན་པ་བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཤླཽ་ཀ་གསུམ་མམ། ཡང་ན། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཞེས་སོགས་ཤླཽ་ཀ་གསུམ་པོ་འདི་ལན་གསུམ་བརྗོད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་འཇུག་སྡོམ་ལེན་པ་གལ་ཆེ་སྟེ། འཇུག་སྡོམ་མེད་པའི་སེམས་ཅན་ཐམས་ཅད་ཀྱིས་དགེ་རྩ་རྒྱ་ཆེན་བསགས་པ་ལས་འཇུག་སྡོམ་ལྡན་པའི་སེམས་ཅན་གཅིག་གིས་དགེ་རྩ་ཕྲ་མོ་ཙམ་བྱས་པ་ཡང་བསོད་ནམས་ཆེས་ལྷག་པར་རིན་པོ་ཆེའི་ཕུང་པོའི་མདོ་ལས་གསུངས་པ་ཀླུ་སྒྲུབ་ཀྱིས་མདོ་ཀུན་ལས་བཏུས་སུ་དྲངས་པ་ལྟར་རོ། །དེས་ན་ཐོག་མར་སྐྱབས་འགྲོ་དང༌། དེ་ནས་བྱམས་སོགས་ཚད་མེད་བཞི་དང་དེ་ནས་སེམས་བསྐྱེད་བསྒོམ་པའི་རིམ་པ་འདི་ནི་རྩིག་པའི་རྨང་དང་འདྲ་བས་ཐོག་མར་འདི་ལ་བློ་སྦྱོང་བ་གལ་ཆེའོ། །ལྟ་བ་སྒོམ་པའི་རིམ་པ་དངོས་ལ། ཐོག་མར་ཡང་དག་པའི་ལྟ་བས་སྤྲོས་པ་གཅོད་པ་དང༌། སྒོམ་པས་དོན་ཉམས་སུ་ལེན་ཚུལ་ལོ། །སྤྲོས་པ་གཅོད་པའི་རིམ་པ་ལ་གཉིས་ཏེ། རིགས་པས་སྒྲོ་འདོགས་གཅོད་པ་དང༌། མན་ངག་གིས་སྤྲོས་པ་གཅོད་པའོ། །དང་པོ་ལ་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བ་དང༌། ཡོད་མེད་གཉིས་ཀའི་སྤྲོས་པ་གཅོད་པའོ། །དང་པོ་ལ། སཱ་ལུ་ལྗང་པའི་མདོ་ལས་གསུངས་པའི་རྡོ་རྗེ་གཟེག་མའི་རིགས་པ་དང༌། ལང་ཀར་གཤེགས་པའི་མདོ་ལས་གསུངས་པའི་གཅིག་དུ་བྲལ་དང༌། ཡོད་མེད་སྐྱེ་འགོག་གི་རིགས་པ་གཉིས་དང༌། མདོ་གཉིས་ཀ་ལས་གསུངས་པ་མུ་བཞི་སྐྱེ་བྲལ་གྱི་རིགས་པའོ། །རིགས་པ་བཞི་པོ་འདིས་ནི་དངོས་སྨྲ་བས་རང་བཞིན་གྱིས་ཡོད་པར་སྒྲོ་འདོགས་པ་སེལ་བས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་ལོ། །གཉིས་པ་ཡོད་མེད་གཉིས་ཀའི་སྤྲོས་པ་གཅོད་པ་ནི། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་གསུངས་པ་རྟེན་འབྲེལ་གྱི་རིགས་པའོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་གཞན་ལ་རག་ལུས་པ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་པས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་གཞན་ལ་རག་ལུས་པ་ཡིན་པའི་ཕྱིར་ཐ་སྙད་དུ་མེད་པ་མ་ཡིན་པས་ཆད་པ་སྐུར་འདེབས་ཀྱི་མཐའ་སེལ་ལོ། །འདིས་ནི་སྒྲོ་སྐུར་གྱི་མཐའ་གཉིས་ཀ་སེལ་བའི་ཕྱིར་རིགས་པ་གཞན་ལས་རྨད་དུ་བྱུང་བར་བཤད་དེ། རིགས་པ་དྲུག་ཅུ་པའི་མཆོད་བརྗོད་དུ། གང་གིས་སྐྱེ་དང་འཇིགས་པ་དག །འདི་ཡི་ཚུལ་གྱིས་སྤངས་གྱུར་པ། །རྟེན་ཅིང་འབྲེལ་འབྱུང་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་བ། །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། དཔལ་ལྡན་ཟླ་བ་གྲགས་པས་ཀྱང་དོན་འདི་ཚད་མར་བྱས་ནས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་སོ། །དབུ་མ་རྩ་བ་ལས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་གཞིར་བྱས་ནས་དེས་སྤྲོས་བྲལ་དུ་གཏན་ལ་ཕབ་བོ། །འདི་དག་ནི་རིགས་པས་གཏན་ལ་དབབ་པའི་ཚུལ་ལོ། །རིགས་པ་གཞན་གྱིས་གོ་དཀའ་བས་གཉིས་པ་མན་ངག་གི་སྒོ་ནས་སྤྲོས་པ་གཅོད་ཚུལ་ལ། ཕྱི་སྣང་སྟོང་དབྱེར་མེད་དུ་གཏན་ལ་དབབ་པ་དང༌། ནང་རིག་སྟོང་དབྱེར་མེད་དུ་གཏན་ལ་དབབ་པའི་ཚུལ་ལོ། །དང་པོ་ནི། དཔེ་རྨི་ལམ་དང་སྦྱར་ཏེ་བཤད་ན། རྨི་ལམ་གྱི་གནས་སྐབས་སུ་ཁང་པ་བཟང་པོའི་ནང་དུ་ཕྱིན་པ་དང༌། གྲོགས་བཟང་པོ་དང་ཕྲད་པ་དང༌། ནོར་བཟང་པོ་རྙེད་པ་ལ་སོགས་པ་རྨིས་པའི་དུས་སུ་ད་ལྟར་གྱི་སྣང་བ་དང་ཁྱད་མེད་པ་འབྱུང་ལ། དེ་སྣང་བཞིན་པའི་དུས་ནས་དེར་ཡོད་པ་མ་ཡིན་ཏེ། ཡོད་ན་སད་པའི་དུས་སུའང་དམིགས་པར་རིགས་པ་ལས་མ་དམིགས་པའི་ཕྱིར། བློ་ལ་སྣང་བ་ཙམ་དུ་ཟད་ཀྱི། ཡུལ་གྱི་སྡོད་ཚུལ་ལ་མེད་པར་ངེས་སོ། །དཔེ་དེ་ཉིད་ངེས་པར་བྱས་ནས་ད་ལྟར་གྱི་སྣང་བ་ཐམས་ཅད་དང་སྦྱར་ཏེ་ཤེས་པར་བྱའོ། །སྡུག་བསྔལ་གྱི་རྨི་ལམ་དང་སྦྱར་ཏེ་བཤད་པ་ནི། རྨི་ལམ་གྱི་དུས་སུ་གཡང་ལ་མཆོང་བ་དང༌། དགྲ་དང་ཕྲད་པ་དང༌། མི་བསད་པ་ལ་སོགས་པའི་རྨིས་པའི་ཚོན་ད་ལྟར་གྱི་སྣང་བ་དང་ཁྱད་མེད་པར་འབྱུང་ངོ༌། །དེ་ཡང་བློ་ལ་སྣང་བཞིན་པའི་དུས་སུ་སྣང་བ་ཙམ་དུ་ཟད་ཀྱི། ཡུལ་གྱི་སྡོད་ཚུལ་ལ་མེད་པར་ངེས་སོ། །དཔེ་དེ་བཞིན་དུ་ད་ལྟར་གྱི་སྣང་བ་ཐམས་ཅད་དང་སྦྱར་ནས་ཤེས་པར་བྱའོ། །བཏང་སྙོམས་ཀྱི་རྨི་ལམ་དང་སྦྱར་ཏེ་བཤད་པ་ནི། རྨི་ལམ་གྱི་དུས་སུ་འགྲོ་འོང་དང་གནས་སྐབས་ཀྱི་བྱ་བ་བྱེད་པ་ལ་སོགས་པ་སྣང་བའི་ཚེ་སྣང་བ་ཙམ་དུ་ཟད་ཀྱི། ཡུལ་གྱི་སྡོད་ཚུལ་ལ་མེད་པར་ངེས་སོ། །དཔེ་དེ་བཞིན་དུ་ད་ལྟར་གྱི་སྣང་བའང་ཤེས་པར་བྱའོ། །ཡང་ཆུ་ཟླའི་དཔེ་དང་སྦྱར་ནས་བཤད་ན། ཆུ་ནང་དུ་ཟླ་བའི་གཟུགས་བརྙན་སྣང་བའི་ཚེ་བསྙོན་དུ་མེད་པར་ཐམས་ཅད་ལ་ཟླ་བར་སྣང་ལ། ཟླ་བར་སྣང་བཞིན་པའི་དུས་ན་ཟླ་བའི་ངོ་བོའམ་མཚན་ཉིད་ཅུང་ཟད་ཀྱང་མེད་པས་སྣང་ལ་རང་བཞིན་མེད་པ་ཞེས་བྱའོ། །དཔེ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྣང་བའི་དུས་དེ་ཉིད་ནས་རང་བཞིན་མེད་པའོ། །སྣང་ལ་རང་བཞིན་མེད་ཅེས་པའི་དོན་ཡང་འདི་ལྟར་ཤེས་པར་བྱའོ། །ཡང་འཇའ་ཚོན་གྱི་དཔེས་གཏན་ལ་དབབ་པ་ནི། འཇའ་ཚོན་ཤིན་ཏུ་བཀྲ་བ་གཟུང་རྒྱུ་ཡོད་པ་ལྟར་སྣང་ཡང་ཅུང་ཟད་ཀྱང་གཟུང་དུ་མེད་དོ། །དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་ཀྱང་ཤེས་པར་བྱའོ། །ཡང་གཟུགས་བརྙན་གྱི་དཔེས་བསྟན་པ་ནི། མེ་ལོང་གི་ནང་དུ་མིའི་གཟུགས་ཇི་ལྟ་བ་བཞིན་དུ་སྣང་ཡང་དེར་ཡོད་པ་མ་ཡིན་ནོ། །དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་ཀྱང་ཤེས་པར་བྱའོ། །སྨིག་རྒྱུའི་དཔེས་བསྟན་པ་ནི། སོས་ཀའི་དུས་སུ་ཐང་ཆེན་པོ་ལ་ཕྱིན་པ་ན་སྨིན་རྒྱུ་ལ་ཆུ་ཇི་ལྟ་བ་བཞིན་སྣང་ཡང་ཆུ་ཐིགས་པ་ཙམ་ཡང་མེད་དོ། །དཔེ་དེ་བཞིན་དུ་སྣང་བ་ཐམས་ཅད་ཀྱང་ཤེས་པར་བྱའོ། །སྒྱུ་མའི་རྟ་གླང་གི་དཔེས་བསྟན་པ་ནི། སྒྱུ་མ་མཁན་གྱིས་སྔགས་དང་རྫས་ལ་བརྟེན་ནས་རྟ་གླང་དུ་སྤྲུལ་པ་བྱས་པའི་ཚེ་རྟ་གླང་དུ་སྣང་བཞིན་པའི་དུས་ན་རྟ་གླང་དུ་གདོད་མ་ནས་གྲུབ་པ་མེད་དོ། །དཔེ་དེ་བཞིན་དུ་དམྱལ་བ་ནས་འོག་མིན་གྱི་མཐར་ཐུག་པའི་བར་དང༌། ད་ལྟ་འོ་སྐོལ་ལ་སྣ་ཚོགས་སུ་སྣང་བ་ཐམས་ཅད་དཔེ་དེ་བཞིན་དུ་ཤེས་པར་བྱའོ། །མདོ་དང་བསྟན་བཅོས་ལས་སྒྱུ་མའི་དཔེ་བཀོད་པ་སོགས་ལ་སྒྱུ་མའི་དཔེ་ལེན་ཚུལ་མ་ནོར་བར་བྱའོ། །དཔེ་ལེན་ཚུལ་མ་ཤེས་ན་དོན་ལོག་པར་འགྱུར་རོ། །ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །ཇི་བཞིན་སྣང་ཡང་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། ཇི་ལྟར་ནམ་མཁའ་དྭངས་བར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭང་བའི་མཚོར་སྣང་ཡང༌། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པ་དང༌། སྐྱེས་བུ་སྐོམ་པ་ཆུ་ཡིས་གདུངས་པ་ལ། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་སྣང༌། །ཇི་བཞིན་སྣང་ཡང་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །དཔེ་དེ་བཞིན་དུ་གཞན་ལ་སྦྱར་བའི་ཚུལ་ཡང་གསུངས་མོད་སྔ་མ་དག་གིས་གོ་བས་འདིར་མ་བཀོད་དོ། །དཔེ་འདི་དག་ལས་སྣང་སྟོང་དབྱེར་མེད་དུ་ཤེས་པར་གྱིས་ཤིག མངོན་རྟོགས་རྒྱན་གྱི་ཕྲིན་ལས་ཀྱི་སྐབས་སུ། འདུས་བྱས་འདུས་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །ཞེས་འབྱུང་ངོ༌། །ཤེས་རབ་སྙིང་པོ་ལས་ཀྱང༌། གཟུགས་སྟོང་པའོ་ཞེས་པས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་ལ། སྟོང་པ་ཉིད་གཟུགས་སོ་ཞེས་པས་མེད་པ་སྐུར་འདེབས་ཀྱི་མཐའ་སེལ་ལོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་པས་ནི་བདེན་གཉིས་དབྱེར་མེད་དུ་བསྟན་ཏོ། །ཕྱི་སྣང་སྟོང་དབྱེར་མེད་དུ་གཏན་ལ་དབབ་པ་བསྟན་ཟིན་ཏོ། །གཉིས་པ་ནང་རིག་སྟོང་དབྱེར་མེད་དུ་གཏན་ལ་དབབ་པ་ནི། རང་གི་རྒྱུད་ལ་འདོད་ཆགས་དང་ཞེ་སྡང་སོགས་གང་སྐྱེས་ཀྱང་དེ་དག་རེ་རེ་ནས་བྱ་ར་བའི་ཚུལ་གྱིས་རིག་པར་བྱས་ནས། དང་པོར་གང་ནས་བྱུང་བ་དང༌། ཕྱི་དང་ནང་གང་ན་འདུག་པ་དང༌། དབྱིབས་དང་ཁ་དོག་གང་དུ་གྲུབ་པ་སོགས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཁོར་ཡུག་ཏུ་བཙལ་བས་མི་རྙེད་པ་ནི་འདོད་ཆགས་སོགས་དེ་དང་དེའི་གནས་ཚུལ་ལོ། །བརྟགས་ན་མི་རྙེད་ཅིང་མ་བརྟགས་ན་སྣང་བས་རིག་སྟོང་དབྱེར་མེད་དོ། །དེ་བཞིན་དུ་དགེ་བའི་རྟོག་པ་དང༌། མི་དགེ་བའི་རྟོག་པ་དང༌། ལུང་མ་བསྟན་གྱི་རྟོག་པ་ལའང་བྱར་བའི་ཚུལ་གྱིས་དེ་དག་སོ་སོར་རིག་པར་བྱས་ནས་སྔ་མ་བཞིན་དུ་བྱའོ། །རྟོག་པ་གང་སྐྱེས་སོ་སོར་རིག་པ་འདི་གནད་དུ་ཆེའོ། །ལྟ་བས་སྤྲོས་པ་གཅོད་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་སྒོམ་པས་དོན་ཉམས་སུ་བླང་བ་ལ། ལྟ་བས་སྤྲོས་བ་གཅོད་པ་སྔོན་དུ་བཏང་ནས། ཞི་གནས་དང༌། ལྷག་མཐོང་གཉིས་ལས། ཐོག་མར་ཞི་གནས་སྦྱང་དགོས་པར་བཤད་དོ། །སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱ་སྟེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་འབྱུང་ངོ༌། །གོ་རིམ་འདི་བཞིན་བྱས་ན་ལེགས་སོ་ཞེས་པའི་དོན་ཡིན་གྱི། མངོན་པ་ཀུན་ལས་བཏུས་ལས། གོ་རིམ་ངེས་པ་མེད་པར་བཤད་དོ། །ཞི་གནས་སྒོམ་པའི་ཚུལ་ནི་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བསམ་གཏན་གྱི་སྒྲོན་མའི་འགྲེལ་པར་ཁོ་བོས་རྒྱས་པར་བསྟན་ཟིན་པས་དེར་ཁོང་དུ་ཆུད་པར་བྱའོ། །འདིར་ནི་ལྷག་མཐོང་གཙོ་བོར་བསྟན་གྱི་ཞི་གནས་གཙོ་བོར་མི་བསྟན་ན། དེའང་ལྷག་མཐོང་གི་རྒྱུ་གང་ཞེ་ན། མང་དུ་ཐོས་པ་བཙལ་བའོ་ཞེས་དགོངས་འགྲེལ་ལས་གསུངས་སོ། །ལྷག་མཐོང་གི་ངོ་བོ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྟེ། མདོ་སྡེ་རྒྱན་ལས། སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་འདོད། །ཅེས་སོ། །དབྱེ་ན་ཡུལ་ཇི་སྙེད་པ་རྣམ་པར་འབྱེད་པ་དང༌། ཇི་ལྟ་བ་རྣམ་པར་འབྱེད་པའོ། །དང་པོ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོ་སོར་རྣམ་པར་འབྱེད་པའོ། །གཉིས་པ་ནི། གང་ཟག་གི་བདག་མེད་རྟོགས་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་དབྱེ་བས་གཉིས་སོ། །ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་རྟོག་པ་དང་དཔྱོད་པའོ། །རྟོག་ཚུལ་ནི། དགོངས་པ་ངེས་པར་འགྲེལ་པ་ལས། རབ་ཏུ་རྟོག་པ་དང༌། ངེས་པར་རྟོག་པ་དང༌། རབ་ཏུ་འཇལ་བ་དང༌། ཉེ་བར་འཇལ་བའོ་ཞེས་གསུངས་སོ། །སྦྱོར་བ་དང་དངོས་གཞིའི་དབྱེ་བས་གཉིས་ཏེ། སྦྱོར་བའི་སྐབས་སུ་སོ་སོར་རྟོག་པའི་ལྷག་མཐོང་དང༌། དངོས་གཞིའི་སྐབས་སུ་རྣམ་པར་མི་གཡོ་བའི་ལྷག་མཐོང་ངོ༌། །ལྷག་མཐོང་རྒྱུད་ལ་སྐྱེད་པའི་ཚུལ་ནི། ཐོག་མར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཅན་སོ་སོ་ལ་དམིགས་དགོས་ཏེ། ཁྱད་གཞི་མ་བཟུང་བར་ཁྱད་ཆོས་ལ་སྒྲོ་འདོགས་མི་ཆོད་པའི་ཕྱིར་རོ། །ཐོག་མར་སྒྲོ་འདོགས་གཅད་པར་བྱ་བའི་ཡུལ་གསལ་བཏབ་ནས། དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ཏེ་སྣང་ལ་རང་བཞིན་མེད་པར་གཏན་ལ་ཕབ་བོ། །ཏིང་ངེ་འཛིན་གྱིས་ཡུལ་དེ་ལ་མ་ཡེངས་པར་གཟུང་བར་བྱའོ། །ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་བའི་ཡུལ་དེ་ཉིད་སྣང་ལ་རང་བཞིན་མེད་པར་རྟོགས་པར་བྱའོ། །དེས་ན་ཏིང་ངེ་འཛིན་དང་ཤེས་རབ་གཉིས་དམིགས་པ་གཅིག་ཏུ་དྲིལ་ཏེ་ཟུང་འཇུག་ཏུ་བྱའོ། །མངོན་པ་ལས། ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ་ཞེས་པའི་དོན་ནོ། །ཐོག་མར་འདི་ལ་གོམས་པ་བསྐྱེད་པར་བྱའོ། །འདི་ནི་གཟུང་བ་མི་དམིགས་པའི་རྣལ་འབྱོར་རོ། །དེ་ནས་སྣང་བ་ཙམ་ཡང་མི་དམིགས་པར་ནམ་མཁའི་དཀྱིལ་ལྟར་དུ་བསྒོམ་པར་བྱའོ། །སློབ་དཔོན་ཆེན་པོ་ཀཱ་མ་ལ་ཤཱི་ལས། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཁུངས་སུ་བྱས་ནས་མཉམ་གཞག་གིས་ནི་ནམ་མཁའི་དཀྱིལ་ལྟར་དུ་མཁྱེན་ཏོ། །རྗེས་ཐོབ་ཀྱིས་ནི་སྒྱུ་མ་ལྟ་བུར་གཟིགས་སོ་ཞེས་འབྱུང་ངོ༌། །དབུ་མ་སྣང་བཅས་པས་ནི་སྒྱུ་མ་ལྟ་བུར་བསྒོམ་པའི་ཚུལ་ལ་འཇུག་གོ །དབུ་མ་སྣང་མེད་པས་ནི་ནམ་མཁའི་དཀྱིལ་ལྟར་དུ་སྒོམ་པ་ལ་འཇུག་གོ །འོན་ཀྱང་གཉིས་ཀ་ལ་སྦྱང་དགོས་པར་བསྟན་ཏོ། །ནང་རིག་སྟོང་དབྱར་མེད་དུ་བསྒོམ་པ་ནི། ཞེ་སྡང་ལྟ་བུ་གཅིག་རྒྱུད་ལ་སྐྱེས་པ་ན་དེ་ལ་གསལ་བཏབ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དང་པོར་གང་ནས་བྱུང་བའི་རྒྱུ་ལ་བརྟག བར་དུ་ཕྱི་ནང་གང་ན་གནས་པ་དང༌། ངོ་བོ་དབྱིབས་དང་ཁ་དོག་སོགས་གང་དུ་འདུག་བརྟགས་པས་གང་དུའང་མ་རྙེད་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །ཚུལ་འདི་ནི་རྩ་ཉོན་དྲུག་པོ་གང་སྐྱེས་ལ་སྦྱར་ནས་བསྒོམ་པར་བྱའོ། །ལུང་མ་བསྟན་གྱི་རྟོག་པ་སོགས་རྟོག་པ་གང་སྐྱེས་ཐམས་ཅད་ཀྱང་རིག་པར་བྱས་ནས་ཚུལ་དེ་བཞིན་དུ་བསྒོམ་པར་བྱའོ། །སྣང་སྟོང་དབྱེར་མེད་དང་རིགས་སྟོང་དབྱེར་མེད་དུ་བསྒོམ་པ་གཉིས་ཀའི་སྐབས་སུ་དམིགས་པ་མི་གསལ་ན་བྱིངས་བ་ཡིན་པས་སླར་ཡང་དམིགས་པ་གསལ་གདབ་པར་བྱའོ། །གང་བསྒོམ་པར་འདོད་པའི་ཡུལ་ལ་སེམས་མི་གསལ་བར་གཞན་དུ་འཕྲོས་ན་རྒོད་པ་ཡིན་པས་སླར་ཡང་སེམས་བཀུག་ནས་དམིགས་པ་དེ་ཉིད་ལ་སེམས་གཏོད་པར་བྱའོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བ་ལས། སེམས་ཀྱི་གླང་པོ་ཡན་པ་འདི། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ཏེ། །ཤེས་རབ་ལྕགས་ཀྱུའི་རིང་དབང་བྱ། །ཞེས་སོ། །སྒོམ་པའི་དགྲ་བྱིངས་རྒོད་གཉིས་ཞེས་འབྱུང་བས་ཤེས་བཞིན་གྱི་བྱ་ར་བས་བྱུང་མ་བྱུང་བརྟགས་ཏེ། ནམ་བྱུང་པའི་དུས་སུ་བསལ་བར་བྱའོ། །ཉོན་མོངས་པ་གང་སྐྱེས་དང༌། རྟོག་པ་གང་སྐྱེས་ལ་སྦྱར་ནས་བསྒོམ་ན་རྟོག་པ་འཕྲོ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། འདིའི་གནས་སྐབས་སུ་མཉམ་གསུམ་འབྱུང་བར་བཤད་དེ། ཆུ་ཟངས་སུ་ཐིགས་པ་བབ་པ་ལྟ་བུ་དང༌། རུས་སྦལ་མཁར་གཞོང་དུ་བཞག་པ་ལྟ་བུ་དང༌། ཆུའི་གཏིང་དུ་ཉ་ཞུགས་པ་ལྟ་བུའོ། །དང་པོ་ནི། གང་ལ་འཕྲོས་པའི་ཡུལ་དེ་ཉིད་སྟོང་པ་ཉིད་དུ་ཝལ་ཝལ་གྱིས་འཆར་ན་རྟོག་པ་འཕྲོ་འཕྲོ་འདྲ་ཡང་ཆོས་ཉིད་ཀྱི་ངང་ནས་མི་གཡོ་བའོ། །དཔེར་ན་ཆུ་ཟངས་སུ་ཐིགས་པ་བབ་པ་ན་ཆུའི་ཁ་ན་གཡོ་བ་ལྟར་སྣང་ཡང་གཏིང་མི་གཡོ་བ་ལྟ་བུའོ། །གཉིས་པ་ནི། རུས་སྦལ་མཁར་གཞོང་དུ་བཞག་པ་ན་སྡེར་མོ་གྱོང་བས་བཟུང་ས་མ་རྙེད་པར་མཁར་གཞོང་གི་དཀྱིལ་དུ་ལྷན་ནེ་བསྡོད་པ་ལྟར་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་བདེན་པར་བཟུང་སའི་ཡུལ་མ་རྙེད་པར་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་ལྷན་ནེ་བསྡོད་པའོ། །ཇོ་བོས། རྟོག་མེད་ཚུལ་གྱིས་རྟོགས་པ་ལ། །དོན་དེ་རྟོགས་ཞེས་ཐ་སྙད་གདགས། །ཞེས་དང༌། ཀླུ་སྒྲུབ་ཀྱིས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་སོ། །གསུམ་པ་ནི། ཆུ་གཏིང་དུ་ཉ་ཞུགས་པ་ན་ཆུའི་སྟེང་མི་གཡོ་བ་ལྟར་སྣང་ཡང་ཆུའི་གཏིང་འཁྲུགས་པ་ལྟར་རྟོག་པ་འོག་འགྱུར་སོང་བ་མ་ཚོར་བའོ། །སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་ན་རྟོག་པ་ཅི་ཙམ་སྐྱེས་ཀྱང་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བས་སྐྱོན་དུ་མི་ལྟ་སྟེ། མདོ་ལས། ཉོན་མོངས་རྣམ་རྟོག་བུད་ཤིང་གིས། །ཡེ་ཤེས་མེ་ལྕེ་འཕེལ་བར་བྱེད། །ཅེས་པ་དང༌། ཇི་ལྟར་གྲོང་ཁྱེར་སྲང་གི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་གི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང༌། དཀོན་མཆོག་བརྩེགས་པ་ལས་ཀྱང༌། བརྟག་པ་མཐའ་བཟུང་སྟེ། མེ་དང་རྩྭ་ཤིང་འཐབ་པར་བརྩམས་པ་ན་འགའ་ཞིག་གིས་མེའི་གམ་དུ་ཕྱིན་ཏེ། རྩྭ་ཤིང་གི་དཔུང་མང་པོ་བསྡུས་འདུག་པ་ལ་ཁྱོད་ཅིའི་ཕྱིར་དཔུང་མི་སྡུད་ཅེས་དྲིས་པ་ན། མེས་སྨྲས་པ། རྩྭ་ཤིང་གི་དཔུང་ཇི་ཙམ་ཆེ་བ་དེ་ཉིད་བདག་གི་དཔུང་ཡིན་ཏེ་ཞེས་སོགས་གསུངས་པ་ལྟར་རོ། །དེས་ན་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཇི་ཙམ་སྐྱེས་ཀྱང་རེ་རེ་ནས་སྟོང་ཉིད་རྟོགས་པའི་ལྟ་བས་བཅོམ་ན་ཡེ་ཤེས་སྐྱེ་བའི་གྲོགས་སུ་འགྱུར་རོ། །གཞི་ལམ་འབྲས་བུ་གསུམ་ཡང་འདི་ལ་ཚང་སྟེ། སྒྲོ་འདོགས་གཅད་པར་བྱ་བའི་ཡུལ་ནི་གཞིའོ། །སྟོང་ཉིད་རྟོགས་པའི་ལྟ་བས་སྒྲོ་འདོགས་གཅོད་པར་བྱེད་པ་ནི་ལམ་མོ། །སྒྲོ་འདོགས་བཅད་ནས་སྤྲོད་པ་ཞི་བ་ནི་འབྲས་བུའོ། །བླ་མ་བརྒྱུད་པའི་རིམ་པ་ལས་འདས་པ། །ཡང་དག་ལྟ་བ་ཟབ་མོ་སྒོམ་པའི་ཚུལ། །ཚུལ་བཞིན་མ་ནོར་གསལ་བར་བཀོད་པ་འདི། །དད་ལྡན་དོན་གཉེར་རྣམས་ཀྱི་དོན་དུ་བཤད། །འདི་སྦྱར་དགེ་བ་འོད་སྟོང་ལྡན་པ་དེས། །འགྲོ་བའི་དངོས་འཛིན་མུན་པ་ཀུན་བསལ་ནས། །ཡང་དག་ལྟ་བའི་སྣང་བ་རབ་རྒྱས་ཏེ། །སྤྲོས་པ་ཉེར་ཞིའི་ཆོས་སྐུ་ཐོབ་པར་ཤོག །སྒོམ་དོན་འདི་ལས་བཤད་པ་ཇི་བཞིན་དུ། །ཚུལ་བཞིན་སྒོམ་པར་བྱེད་པའི་རྣལ་འབྱོར་ལ། །སྒོམ་གྱི་གོལ་ས་དམིགས་པར་ག་ལ་འགྱུར། །སངས་རྒྱས་གསུང་རབ་དཔང་པོར་གནས་པ་ཡིན། །རིང་དུ་བརྟགས་ཀྱང་རྟོགས་པར་དཀའ་བའི་དོན། །རིང་ནས་སྦྱངས་པའི་བློ་གྲོས་ཕུལ་བྱུང་གིས། །ལེགས་པར་རྟོགས་ནས་ཚུལ་བཞིན་བཤད་པའི་མཐུས། །འགྲོ་ཀུན་རྣམ་མཁྱེན་མྱུར་དུ་ཐོབ་པར་ཤོག །ཅེས་དབུ་མའི་ལྟ་ཁྲིད་ཟབ་དོན་གནད་ཀྱི་ཟླ་ཟེར་འདི་ཡང་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་ཆོས་སྡེ་ཆེན་པོར་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན། །དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་གྱུར་ཅིང༌། །སྤྲུལ་པའི་གདུང་བརྒྱུད་རྒྱུན་ཆད་མེད་པ་དང༌། །ཀུན་ཀྱང་ཕྲིན་ལས་ནམ་མཁར་མཉམ་པར་ཤོག །དགེའོ། །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*