དབུ་མ་རིགས་པའི་ཚོགས་ཀྱི་དཀའ་བའི་གནད་བསྟན་པ་རིགས་ལམ་ཀུན་གསལ།

༄༅། །དབུ་མ་རིགས་པའི་ཚོགས་ཀྱི་དཀའ་བའི་གནད་བསྟན་པ་རིགས་ལམ་ཀུན་གསལ་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭསྟི། དབུ་མ་རིགས་པའི་ཚོགས་ཀྱི་དཀའ་བའི་གནད་བསྟན་པ་རིགས་ལམ་ཀུན་གསལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། མཁྱེན་པའི་དཀྱིལ་འཁོར་སྨོན་ལམ་རྟ་བདུན་ཅན། །རྣམ་དག་མཁའ་ལ་སྣ་ཚོགས་གདུལ་བྱའི་ངོར། །དམ་ཆོས་འོད་ཟེར་ཡོངས་སུ་འགྱེད་མཛད་པ། །ཐུབ་དབང་ཉིན་མོར་བྱེད་པ་དེ་ལ་འདུད། ཐུབ་པས་ལུང་བསྟན་ཐུབ་པའི་གསུང་རབ་རྒྱ་མཚོའི་དོན། །རིགས་པས་རྣམ་པར་འབྱེད་པ་རིགས་པ་སྨྲ་བ་གཅིག་པུ་པ། །ཡང་དག་ལྟ་བས་ལྟ་ངན་མུན་པ་འཐིབས་པོ་རབ་བསལ་ཏེ། །སྨྲ་ངན་འཇོམས་མཛད་སྨྲ་བའི་ཉི་མ་ཀླུ་སྒྲུབ་རྒྱལ་གྱུར་ཅིག །གངས་རིའི་ཁྲོད་འདིར་མཁས་རློམ་བརྒྱ་ཕྲག་གིས། །རིང་དུ་འབད་ཀྱང་རྟོགས་པར་དཀའ་བའི་དོན། །ངོ་བོ་ཉིད་མེད་སྨྲ་བའི་བཞེད་གཞུང་གི །དཀའ་བའི་གནས་རྣམས་ཅུང་ཟད་བརྗོད་པར་བྱ། །འདིར་དབུ་མ་ཞེས་བྱ་བའི་དོན་རྟག་ཆད་ཀྱི་མཐའ་དང་བྲལ་བ་ཡིན་ལ། གྲུབ་མཐའ་སྨྲ་བ་བཞི་ཀས་ཀྱང་རྟག་ཆད་དང་བྲལ་བའི་དབུ་མའི་དོན་ཞལ་གྱིས་བཞེས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྟག་ཆད་སྤངས་པ་དབུ་མའི་ལམ་ལ་བསྔགས་པ་མཛད་པའི་རྗེས་སུ་འཇུག་པར་འདོད་པའི་ཕྱིར། དེ་ལ་གྲུབ་མཐའ་སྨྲ་བ་བཞི་ཀས་ཀྱང་རྟག་ཆད་སྤང་ཚུལ་གྱི་རྣམ་གཞག་མཛད་ལ། དེ་ལ་གང་ཟག་དང་ཆོས་ལ་རྟག་ཆད་ཀྱི་སྐྱོན་སྤང་ཚུལ་གཉིས། ཆོས་ལ་ཡང་སྤྱིར་རྒྱུ་འབྲས་དང༌། བྱེ་བྲག་ཏུ་ལས་རྒྱུ་འབྲས་ལ་རྟག་ཆད་སྤང་ཚུལ་གཉིས་ཡོད་པ་ལས། བྱེ་བྲག་སྨྲ་བས་གང་ཟག་ལ་རྟག་ཆད་ཀྱི་མཐའ་སྤང་ཚུལ་ནི། སྐྱེ་གནས་གཅིག་ནས་གཅིག་ཏུ་སྐྱེ་བ་ལེན་པས་ཆད་པ་མ་ཡིན་ལ། འཆི་འཕོ་བའི་རིམ་པ་ཡོད་པས་རྟག་པ་མ་ཡིན་ནོ། །ཡང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་པོའི་གང་ཟག་ཡོད་པ་དང༌། གཞན་གྱིས་བཏགས་པའི་གང་ཟག་གིས་སྟོང་པའི་ཕྱིར་ཆད་པ་དང་རྟག་པ་གཉིས་ཀ་མ་ཡིན་ནོ། །ཆོས་ལ་ཡང་སྤྱིར་རྒྱུ་འབྲས་ལ་རྟག་ཆད་ཀྱི་མཐའ་སྤང་ཚུལ་ནི། རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བའི་ཕྱིར་ཆད་པ་མ་ཡིན་ལ། འབྲས་བུ་སྐྱེས་པའི་ཚེ་རྒྱུ་འགགས་པས་རྟག་པ་ཡང་མ་ཡིན་ནོ། །ལས་རྒྱུ་འབྲས་ལ་རྟག་ཆད་སྤང་ཚུལ་ནི། ལས་བྱས་མ་ཐག་འགགས་པས་རྟག་པ་ཡང་མིན་ལ། ལས་བྱས་པ་ན་བུ་ལོན་གྱི་དཔང་རྒྱ་དང་འདྲ་བའི་ལས་ཀྱི་ཆུད་མི་ཟ་ཞེས་བྱ་བ་སྐྱེ་ལ། དེས་མ་འོངས་པ་ན་རྣམ་པར་སྨིན་པ་འབྱིན་པར་བྱེད་པའི་ཕྱིར་ཆད་པ་ཡང་མ་ཡིན་ཞེས་འདོད་དོ། །མདོ་སྡེ་པའི་བཞེད་ཚུལ་གཞན་སྔར་དང་འདྲ་ལ། ལས་བྱས་མ་ཐག་འགགས་པས་རྟག་པ་ཡང་མ་ཡིན་ཞིང༌། ལས་བྱས་པ་ན་སེམས་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཞེས་བྱ་བ་སྐྱེ་ལ། དེ་ལས་རྣམ་པར་སྨིན་པ་སྐྱེ་བར་འདོད་ཀྱི། བྱེ་བྲག་སྨྲ་བ་ལྟར་ཆུད་མི་ཟ་ལྡན་མིན་འདུ་བྱེད་རྫས་གྲུབ་པ་མི་འདོད་དོ། །སེམས་ཙམ་པས་ཀྱང་གང་ཟག་ལ་རྟག་ཆད་ཀྱི་མཐའ་སྤང་ཚུལ་སྔར་ལྟར་བཞེད་ལ། ཆོས་ལ་རྟག་ཆད་སྤང་ཚུལ་ལ། ཀུན་བཏགས་རང་བཞིན་གྱིས་ཡོད་པ་མིན་པས་རྟག་པ་མིན་ཞིང༌། གཞན་དབང་དང་ཡོངས་གྲུབ་བདེན་པར་ཡོད་པས་ཆད་པ་མིན་ཏེ། དབུས་མཐའ་ལས། ཡོད་པས་མེད་པས་ཡོད་པ་ན། །འདི་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །རྒྱུ་འབྲས་ལ་རྟག་ཆད་སྤང་ཚུལ་སྔར་ལྟར་བཞེད་ཅིང༌། ལས་འབྲས་ལ་རྟག་ཆད་སྤང་ཚུལ་ནི། ལས་བྱས་མ་ཐག་འགགས་པས་རྟག་པ་མ་ཡིན་ཞིང༌། ལས་འགག་བཞིན་པའི་དུས་སུ་ཀུན་གཞི་ལ་བག་ཆགས་བཞག་ནས། དེ་ཉིད་རྐྱེན་གྱིས་གསོས་བཏབ་པ་ལས་རྣམ་པར་སྨིན་པ་འབྱུང་བའི་ཕྱིར་ཆད་པ་མིན་ནོ། །དངོས་སྨྲ་བ་འདི་དག་གིས་རྡུལ་དང་སྐད་ཅིག་དོན་དམ་པར་ཡོད་པས་ཆད་པ་མིན་ལ། རྒྱུན་དང་རགས་པ་དོན་དམ་པར་ཡོད་པ་མིན་པས་རྟག་པ་མིན་ནོ་ཞེས་ཀྱང་འདོད་དོ། །འདི་དག་གིས་ནི་རྟག་ཆད་ཀྱི་སྐྱོན་སྤང་ཚུལ་བྱེད་པ་ཙམ་དུ་ཟད་མོད། རྟག་ཆད་ཀྱི་སྐྱོན་ལས་གྲོལ་བ་ནི་མ་ཡིན་ཏེ། དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་པའི་ཕྱིར་རོ། །རང་བཞིན་གྱིས་ཡོད་ན་མི་འགྱུར་བས་རྟག་པར་འགྱུར་ལ། དེ་ཉིད་འགགས་པ་ན་ཆད་པར་འགྱུར་ཏེ། སྔར་རང་བཞིན་གྱིས་ཡོད་པ་འགགས་པ་ལ་ཆད་པར་བཤད་པའི་ཕྱིར་ཏེ། རྩ་བ་ལས། གང་དག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེ་ནི་ཆད་པར་ཐལ་བར་འགྱུར། །ཞེས་དང༌། །དངོས་པོར་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་སོ། །དབུ་མ་པའི་འདོད་ཚུལ་ལ་གང་ཟག་ལ་རྟག་ཆད་སྤང་ཚུལ་ནི་སྔ་མ་དང་འདྲ་ལ། ཆོས་ལ་རྟག་ཆད་སྤང་ཚུལ་ལ། ཀུན་རྫོབ་དང༌། དོན་དམ་དང༌། དེ་གཉིས་ཕན་ཚུན་ལྟོས་ནས་རྟག་ཆད་སྤང་ཚུལ་གསུམ་ལས། དང་པོ་ནི། རྒྱུའི་རྗེས་སུ་འབྲས་བུ་འབྱུང་བ་དང༌། རྒྱུ་ལོག་ན་འབྲས་བུ་ལོག་པའི་ཕྱིར་ཀུན་རྫོབ་ཏུ་ཡང་རྟག་ཆད་དང་བྲལ་ལ། གཉིས་པ་ནི། དོན་དམ་པར་ནི་ཆོས་ཅུང་ཟད་ཀྱང་ཡོད་པ་མིན་པས་གང་ཞིག་རྟག་པ་དང་ཆད་པར་འགྱུར། གསུམ་པ་ནི། དོན་དམ་པར་ཡོད་པ་མིན་ལ། ཀུན་རྫོབ་ཏུ་མེད་པ་མིན་པའི་ཕྱིར་བདེན་གཉིས་ཕན་ཚུན་ལྟོས་ནས་ཀྱང་རྟག་ཆད་དང་བྲལ་ལོ། །དབུ་མ་པ་ཐམས་ཅད་མཐུན་པར་གཞི་དབུ་མ། ལམ་དབུ་མ། འབྲས་བུ་དབུ་མ་གསུམ་ལས། གཞི་དབུ་མ་བདེན་གཉིས་ཟུང་འཇུག ལམ་དབུ་མ་ཐབས་ཤེས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གོ །བདེན་པ་གཉིས་ནི་གཞི་ཡིན་ཏེ། ཐོས་བསམ་གྱིས་སྒྲོ་འདོགས་གཅད་པར་བྱ་བ་ཡིན་པའི་ཕྱིར་དང༌། ལམ་གྱིས་ཀྱང་འདི་ལ་དམིགས་ནས་ཉོན་མོངས་པ་རིམ་གྱིས་སྤང་བ་ཡིན་པའི་ཕྱིར་རོ། །བདེན་པ་གཉིས་གཏན་ལ་དབབ་པ་ལ་གསུམ་སྟེ། དབྱེ་གཞི། དབྱེ་ངོ༌། དབྱེ་བ་སོ་སོའི་རྣམ་གཞག་གོ །དང་པོ་ལ། འགའ་ཞིག་དབྱེ་གཞི་མེད་དེ། བདེན་པ་མི་སྲིད་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། དབྱེ་གཞི་མེད་པའི་དབྱེ་བ་མི་འབྱུང་བའི་ཕྱིར་རོ། །སྔ་རབས་པ་འགའ་ཞིག་ཤེས་བྱ་ཙམ་དབྱེ་གཞིར་འདོད་པ་ལ། དོན་དམ་བདེན་པ་ཤེས་བྱ་མིན་པའི་ཕྱིར། ཤེས་བྱ་ལས་ཕྱེ་བའི་དབྱེ་བར་མི་འབྱུང་ངོ་ཞེས་སྨྲ་བ་སྣང་མོད་ཀྱི། ཤེས་བྱ་མིན་ན་མཚན་ཉིད་དང་དབྱེ་བ་སོགས་བཞག་པ་མི་འབྱུང་བས་མི་འཐད་པ་ཁོ་ནའོ། །འགའ་ཞིག་བདེན་པ་ཙམ་དབྱེ་གཞི་ཡིན་ཟེར་བ་ཡང་མི་འཐད་དེ། ཀུན་རྫོབ་དང་དོན་དམ་གཉིས་ཀ་བདེན་པ་མི་རུང་བའི་ཕྱིར་རོ། །དེས་ན་ཆོས་ཙམ་ལ་མཐོང་ཚུལ་གཉིས་ཡོད་པའི་དབྱེ་བས་བདེན་པ་གཉིས་སུ་གཞག་པའི་ཆོས་ཙམ་ཞིག་དབྱེ་གཞིར་རིགས་སོ། །དབྱེ་བ་ལ། ཐལ་འགྱུར་དང༌། རང་རྒྱུད་ཀྱི་བཞེད་ཚུལ་གཉིས་ལས། དང་པོ་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །ཀུན་རྫོབ་ཀྱི་མཚན་ཉིད་གནས་ཚུལ་ལ་མ་ཞུགས་པའི་བློས་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད་གནས་ཚུལ་ལ་ཞུགས་པའི་བློས་རྙེད་དོན་ཏེ། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་པ་ལྟར་རོ། །སྒྲ་དོན་ལ། ཡུལ་ཅན་གྱི་ཀུན་རྫོབ་ནི་གནས་ཚུལ་གྱི་དོན་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་སྟེ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པ་ལྟར་རོ། །ཡུལ་ཡུལ་ཅན་གཉིས་ཀའི་ཐུན་མོང་གི་སྒྲ་དོན་ནི། ཕན་ཚུན་ལྟོས་ནས་བློས་བཞག་པ་ཙམ་ཡིན་པས་ཀུན་རྫོབ། བརྡ་དང་བཏགས་པ་དང་ཐ་སྙད་ཙམ་ཡིན་པས་ཀུན་རྫོབ་སྟེ། ཕྱི་མ་འདི་གཉིས་ཚིག་གསལ་ལས་བཤད་དོ། །བརྡ་ཞེས་པ་ནི་ངག་གི་ཐ་སྙད་ཡིན་ལ། བཏགས་པ་ནི་ཡུལ་དང་ཐ་སྙད་གཉིས་ཀའི་དབང་དུ་བྱའོ། །དོན་དམ་གྱི་སྒྲ་དོན་ནི། དོན་དང་དམ་པ་དང་བདེན་པ་གསུམ་གཞི་མཐུན་གྱིས་བསྡུ་བར་འདོད་པས་སྟོང་པ་ཉིད་ལ་དོན་དང་དམ་པ་དང་བདེན་པ་གསུམ་ཀ་བཤད་དོ། །འདིར་སྟོང་ཉིད་བདེན་པར་བཤད་པ་ཡང་ཐ་སྙད་པའི་བློས་རྙེད་ཚུལ་ལ་ལྟོས་ནས་གཞག་པ་ཡིན་གྱི་ཡང་དག་པར་མ་ཡིན་ནོ། །དེ་སྐད་རིགས་པ་དྲུག་ཅུ་པ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་གསུངས་པའང་དགོངས་པ་དེ་ཉིད་དོ། །མདོ་ལས་ཀྱང༌། བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །ཡང་ན་བདེན་པའི་སྒྲ་དོན་གཉིས་ལ་འཇུག་སྟེ། མི་བསླུ་བ་ལ་བདེན་པའི་སྒྲ་བརྗོད་པ་དང༌། གནས་ཚུལ་ལ་གྲུབ་པ་ལ་བདེན་པའི་སྒྲ་བརྗོད་པའོ། །སྟོང་ཉིད་ལ་བདེན་པའི་སྒྲ་བརྗོད་པ་ནི་དང་པོའི་དབང་དུ་བྱས་པས་དགག་བྱ་མིན་ལ། དགག་བྱར་བཟུང་བ་ནི་ཕྱི་མའི་དབང་དུ་བྱས་སོ། །བདེན་པ་གཉིས་པོ་ཡང་ཡུལ་ལ་ཆོས་གཉིས་ཡོད་པའི་དབང་གིས་གཞག་པ་མིན་གྱི། ཤེས་ངོ་གཉིས་ལ་ལྟོས་ནས་གཞག་པ་སྟེ། མཐོང་བ་ཡང་དག་པ་དང༌། མཐོང་བ་བརྫུན་པའི་རྙེད་ཚུལ་ལས་གཞག་པའི་ཕྱིར་རོ། །ཀུན་རྫོབ་ལ་ཡང་འཇིག་རྟེན་པའི་བློ་ལ་ལྟོས་ནས་ཡང་དག་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་བདེན་པ་གཉིས་གཞག་སྟེ། སྣང་བ་འདི་ལ་འཇིག་རྟེན་པས་ཡང་དག་པ་དང་ལོག་པའི་ཐ་སྙད་བྱེད་པ་གཉིས་སུ་མཐོང་བའི་ཕྱིར་རོ། །འགའ་ཞིག་ལོག་པའི་ཀུན་རྫོབ་བདེན་པ་ཞེས་བཞག་པར་མི་རུང་སྟེ། ལོག་པ་ཡིན་ན་བདེན་པར་འགལ་བའི་ཕྱིར་རོ་ཞེས་འདོད་པ་ལྟར་ན་ཀུན་རྫོབ་བདེན་པ་ཞེས་གཞག་པར་མི་རུང་སྟེ། ཀུན་རྫོབ་ཡིན་ན་བདེན་པར་འགལ་བའི་ཕྱིར་རོ། །དེས་ན་ཀུན་རྫོབ་ནི་རིགས་པའམ་འཕགས་པའི་རྗེས་ཐོབ་ལ་ལྟོས་ནས་གཞག་པ་ཡིན་ལ། བདེན་པ་ནི་བདེན་འཛིན་ཅན་གྱི་བློའི་ངོ་ནས་བཞག་པའི་ཕྱིར་རོ། །བློ་སོ་སོ་ལ་ལྟོས་ནས་ཀུན་རྫོབ་བདེན་པ་ཞེས་བརྗོད་ཀྱི་གཞི་མཐུན་གྱི་ཚུལ་དུ་འཇོག་པ་ནི་མིན་ནོ། །བློ་ལ་སྣང་ཚུལ་ལ་ལྟོས་ནས་ལོག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་བཤད་དེ། མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུང༌། །མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་འབྱུང་བས་ན་མཐོང་བ་བརྫུན་པའི་ཡུལ་ཐམས་ཅད་ཀུན་རྫོབ་བདེན་པར་བཟུང་ནས་ཡང་ལོག་གཉིས་སུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ལོག་པའི་ཀུན་རྫོབ་ལ་ཡང་སྣང་ལོག་ཀུན་རྫོབ་དང༌། བཏགས་ལོག་ཀུན་རྫོབ་གཉིས་སོ། །དང་པོ་ནི། སྨིག་རྒྱུ་སོགས་ལ་ཆུར་བཏགས་པ་དང༌། གཉིས་པ་ནི་བདག་དང་གཙོ་བོ་ལ་སོགས་པར་བཏགས་པའོ། །དང་པོ་ནི་འཁྲུལ་རྒྱུའི་དབང་གིས་ལོག་པར་སྣང་བ་ལ་བརྟེན་ནས་ཐ་མལ་པས་ཀྱང་སྣང་བ་ལྟར་བདེན་པར་འཛིན་པའི་ཕྱིར་སྣང་ལོག་ཀུན་རྫོབ་ཅེས་བྱ་ལ། གཉིས་པ་ནི་གྲུབ་མཐའ་ལ་ཞུགས་པ་ཁོ་ནས་སྒྲོ་བཏགས་པའི་ཕྱིར་བཏགས་ལོག་ཀུན་རྫོབ་ཅེས་བྱའོ། །འདི་ལ་ཡང་ཡུལ་དང་ཡུལ་ཅན་གྱི་ཡང་ལོག་གཉིས་གཉིས་ཡོད་ཅིང༌། ལོག་པ་ལ་ཡང་ཡུལ་དང་ཡུལ་ཅན་གྱི་ལོག་པ་གཉིས་གཉིས་སུ་ཕྱེའོ། །བོད་དག་ཡུལ་ལ་ལོག་པར་བཞག་པར་བྱ་བ་ཡིན་གྱི། ཡུལ་ཅན་ནི་ཤེས་པ་ཡིན་པས་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཡང་དག་པ་ཡིན་གྱི་ལོག་པ་མིན་ཞེས་ཟེར་རོ། །འོ་ན་བདེན་འཛིན་ཡང་ཤེས་པ་ཡིན་པས་ཡང་དག་པ་ཉིད་དུ་འགྱུར་གྱི། ལོག་པའི་ཐ་སྙད་བྱེད་པ་ཇི་ལྟར་འགྱུར། དེས་ན་དངོས་པོ་ཡིན་མིན་གྱི་ཆ་ནས་ཡང་ལོག་གི་ཐ་སྙད་བྱེད་པ་མིན་ཏེ། རྟག་འཛིན་སོགས་དངོས་པོར་གྲུབ་པ་ལ་ཡང་ཕྱིན་ཅི་ལོག་གི་ཐ་སྙད་བྱེད་པར་མཐོང་བའི་ཕྱིར་རོ། །འཁྲུལ་རྒྱུས་བསླད་པའི་དབང་གིས་སྨིག་རྒྱུ་ལ་ཆུར་སྣང་བས་ཕྱིན་ཅི་ལོག་ཏུ་སྣང་བ་དང༌། བློས་ཀྱང་སྣང་བ་ལྟར་འཛིན་པས་ཡུལ་ཡུལ་ཅན་གཉིས་ཀ་ལ་ལོག་པའི་ཐ་སྙད་བྱེད་ཅིང༌། འཇིག་རྟེན་ནའང་ཡུལ་ལོག་གི་ཡུལ་ཅན་ནི་མ་ལོག་པའོ་ཞེས་ཐ་སྙད་བྱེད་པ་མེད་ལ། མིག་འཁྲུལ་ནས་དུང་སེར་པོར་མཐོང་ཞེས་ཐ་སྙད་བྱེད་པ་ཡིན་ནོ། །འཇིག་རྟེན་པས་གང་བསླུ་བ་ལོག་པ་དང༌། མི་བསླུ་བ་ལ་ཡང་དག་པའི་ཐ་སྙད་བྱེད་ལ། སྨིག་རྒྱུ་ལ་ཆུར་འཛིན་ནི་སྨིག་རྒྱུ་ལ་ཆུར་འཛིན་གྱི་བློའི་རྗེས་སུ་འབྲང་བས་མངོན་པར་འདོད་པའི་དོན་མི་ཐོབ་པས་བསླུ་བའི་ཕྱིར་ལོག་པའི་ཐ་སྙད་བྱེད་པས་ན་ཡུལ་ཡུལ་ཅན་གཉིས་ཀ་ལོག་པར་རྣམ་པར་གཞག་གོ །དེ་ཉིད་ཀྱི་ཕྱིར་འཇུག་པ་ལས། སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་གསུངས་སོ། །གལ་ཏེ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་ན་ཡང་དག་དང་བདེན་པ་ལ་ཁྱད་པར་མེད་ན་ཟློས་ཤིང་ཡོད་ན་ཇི་ལྟ་བུ། ལོག་པའི་ཀུན་རྫོབ་ཅེས་པའི་ཚིག་གི་ཟུར་དུ་སྨྲོས་པའི་བདེན་པ་དང༌། ཡང་དག་ཀུན་རྫོབ་ཀྱི་ཟུར་དུ་སྨྲོས་པའི་བདེན་པ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཡང་ལོག་གཉིས་ནི་རྣམ་པར་དཔྱོད་པའི་རྗེས་ཀྱི་བློ་གཞན་ནམ། འཇིག་རྟེན་པས་བསླུ་བ་དང་མི་བསླུ་བར་མཐོང་བའི་བྱེ་བྲག་ལས་ཡང་ལོག་གི་ཐ་སྙད་བཞག་པ་ཡིན་ལ། བདེན་པ་ནི་བདེན་པར་སྣང་བའི་བློ་དེ་ཉིད་ཀྱི་ངོས་ནས་འཇོག་པ་ཡིན་ཏེ། འཇུག་པ་ལས། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །ཞེས་པ་ལྟར་རོ། །ཡང་ཀུན་རྫོབ་ལ་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་གཉིས་སུ་ཕྱེ་སྟེ། དང་པོ་ལ་སོ་སོ་སྐྱེ་བོའི་ཀུན་རྫོབ་དང༌། ཕྱི་མ་ལ་འཕགས་པའི་ཀུན་རྫོབ་ཅེས་ཐ་སྙད་བྱའོ། །ཀུན་རྫོབ་ཙམ་བདེན་པ་གཉིས་གང་གི་ནང་དུ་འདུ། དོན་དམ་བདེན་པར་མི་འཐད་དེ། ཀུན་རྫོབ་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པར་འདུ་ན་ལོགས་སུ་བཞག་པར་དོན་མེད་པར་འགྱུར་རོ་ཞེ་ན། སོ་སོ་སྐྱེ་བོས་སྣང་བ་ལྟར་རྗེས་ཀྱི་བདེན་ཞེན་དང་བཅས་པའི་ཕྱིར་དེའི་ངོར་ཀུན་རྫོབ་བདེན་པ་ཞེས་བརྗོད་ལ། འཕགས་པ་ལ་སྣང་ཡང་བདེན་ཞེན་མེད་པའི་ཕྱིར་ཀུན་རྫོབ་ཙམ་ཞེས་བྱའོ། །འོ་ན་སྔར་བློ་ལ་སྣང་ཚུལ་ལ་ལྟོས་ནས་བདེན་པར་བརྗོད་པ་དང༌། འདིར་རྗེས་ཀྱི་ཤེས་པ་ལ་ལྟོས་ནས་བདེན་པར་གཞག་པ་གཉིས་འགལ་ལོ་ཞེ་ན། ཀུན་རྫོབ་ཙམ་གྱི་ཟླས་ཕྱེ་བའི་ཀུན་རྫོབ་བདེན་པ་དང༌། སྔར་གྱི་ཀུན་རྫོབ་བདེན་པའི་འཇོག་ཚུལ་མི་འདྲ་བ་གཞན་དུ་གསུངས་པ་ཡིན་ནོ། །དེས་ན་འཕགས་པ་ལ་རྗེས་ཀྱི་བདེན་ཞེན་མེད་པའི་ཕྱིར་ཀུན་རྫོབ་ཙམ་ཞེས་གསུངས་སོ། །འདི་ལ་ནི་དབུ་མའི་ཀུན་རྫོབ་ཅེས་ཀྱང་བྱ་སྟེ། རྨ་བྱས་འཕགས་པའི་རྗེས་ཤེས་ཀྱི་ངོར་ཡང་ལོག་གི་དབྱེ་བ་མེད་པའི་ཕྱིར་ཙམ་གྱི་སྒྲ་སྨྲོས་པར་འདོད་དོ། །འོན་ཀྱང་དགོས་པ་གཉིས་ཀའི་དོན་དུ་སྨྲོས་པར་རིགས་པར་བྱའོ། །ཀུན་རྫོབ་ཙམ་ཞེས་གསུངས་པ་འདི་ཡང་བློ་སོ་སོའི་འཛིན་ཚུལ་ལ་ལྟོས་ནས་གཉིས་གཉིས་སུ་སྨྲོས་ཀྱི། ཀུན་རྫོབ་བདེན་པ་སོ་སོ་སྐྱེ་བོའི་བློ་ལ་ལྟོས་ནས་བཞག་པ་ཡིན་ལ། འདི་ཡང་སོ་སྐྱེའི་བློ་ལ་ལྟོས་ནས་ནི་ཀུན་རྫོབ་བདེན་པ་ཁོ་ནའོ། །འགའ་ཞིག་གིས་སོ་སྐྱེའི་བློ་ལ་ལྟོས་ནས་ཀུན་རྫོབ་བདེན་པར་བཞག་པ་ཡིན་གྱི། དབུ་མ་པ་རང་ལུགས་ལ་མི་བཞེད་དོ་ཞེས་ཟེར་རོ། །འོ་ན་རང་ལུགས་ལ་བདེན་གཉིས་མི་བཞེད་པས་གསུང་རབ་ཀྱི་བརྗོད་བྱའི་དོན་སླང་བར་འགྱུར་བ་ཡིན་ཏེ། དེ་བཞིན་གཤེགས་པས་ཆོས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་བརྗོད་བྱ་བདེན་པ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་མེད་པར་དོན་དམ་པའི་བདེན་པ་ཁོ་ན་རྣམ་པར་གཞག་པར་མི་ནུས་པའི་ཕྱིར། ཡང་ལོག་གཉིས་མི་བཞེད་ཟེར་བ་ཡང་མི་འཐད་དེ། འཇིག་རྟེན་པའི་བློ་ལ་ལྟོས་ན་ཡང་ལོག་གཉིས་ཡོད་པར་བཞེད་པའི་ཕྱིར། དེས་ན་རང་ལུགས་ཀྱི་བཞེད་ཚུལ་ནི་འཕགས་པའི་ཀུན་རྫོབ་ཡིན་ལ། གཞན་ངོ་ལ་ལྟོས་ནས་བཞེད་ཚུལ་ནི་གཉིས་པའོ། །སློབ་དཔོན་ཟླ་བས་འཇིག་རྟེན་གྱི་ཀུན་རྫོབ་དང་ཀུན་རྫོབ་བདེན་པ་ལ་ཡང་ཁྱད་པར་འབྱེད་དེ། མིག་སེར་དང་རབ་རིབ་ལ་སོགས་པས་དཀྲུགས་པ་ཡུལ་ཡུལ་ཅན་དང་བཅས་པ་ཀུན་རྫོབ་ཀྱི་བདེན་པར་འདོད་ཀྱི། འཇིག་རྟེན་གྱི་ཀུན་རྫོབ་ཏུ་མི་འདོད་པའི་ཕྱིར་ཏེ། ཚིག་གསལ་ལས། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་ན་འཇིག་རྟེན་མིན་པའི་ཀུན་རྫོབ་ཀྱང་ཡོད་དམ་ཞེ་ན། ཡོད་དེ། མིག་སེར་དང་རབ་རིབ་ལ་སོགས་པས་དཀྲུགས་པ་གང་ཡིན་པ་ཞེས་གསུངས་པ་ལྟར་རོ། །འཇུག་པ་ལས། གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་མིན་ནོ་ཞེས་གསུངས་པ་དེ་ནི་ཡང་དག་ཀུན་རྫོབ་ཀྱི་བདེན་པ་མིན་ཞེས་པའི་དོན་ཡིན་ཞིང༌། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཞེས་གསུངས་པ་དང་ཡང་དག་ཀུན་རྫོབ་དོན་གཅིག་ཏུ་འདོད་པར་མངོན་ནོ། །ཀུན་རྫོབ་ཀྱི་བདེན་པ་བསྟན་ཟིན་ཏོ། །དོན་དམ་པའི་བདེན་པ་ནི། ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པའི་ཕྱིར་དང༌། ཡུལ་ཅན་གྱི་བློའི་འཛིན་ཚུལ་གྱི་རིམ་པ་མེད་པ་ལ་དགོངས་ནས་དབྱེ་བ་མ་གསུངས་སོ། །མཚན་གཞིའི་ངོ་བོ་ནི། ཆོས་ཐམས་ཅད་ལ་ཡང་སྣང་ཚུལ་དང་གནས་ཚུལ་གཉིས་གཉིས་ཡོད་པས། སྣང་ཚུལ་གྱི་ལྡོག་པ་ནས་ཀུན་རྫོབ་དང༌། གནས་ཚུལ་གྱི་ལྡོག་པ་ནས་དོན་དམ་པའི་བདེན་པར་འཇོག་པ་ཡིན་ནོ། །བདེན་པ་གཉིས་ཀྱང་འཇིག་རྟེན་པའི་བློ་ལ་ལྟོས་ནས་གཞག་པ་ཡིན་གྱི། རང་ལུགས་ལ་མི་བཞེད་དོ་ཞེ་ན། འཇིག་རྟེན་ན་མི་བསླུ་བ་ལ་དོན་དམ་དང༌། བསླུ་བ་ལ་ཀུན་རྫོབ་ཏུ་གྲགས་པའི་རྗེས་སུ་འབྲངས་ནས་འདིར་ཡང་བསླུ་བ་དང་མི་བསླུ་བའི་བྱེ་བྲག་ལས་བདེན་པ་གཉིས་ཀྱི་ཐ་སྙད་མཛད་མོད། ངོས་འཛིན་ཚུལ་མི་འདྲ་སྟེ། འཇིག་རྟེན་པས་སྣང་བ་འདི་ཉིད་ལ་བསླུ་མི་བསླུ་གཉིས་སུ་ཕྱེ་ནས་མི་བསླུ་བ་ལ་དོན་དམ་དང༌། བསླུ་བ་ལ་ཀུན་རྫོབ་ཏུ་འཇོག་ལ། དབུ་མ་པས་ནི་འཇིག་རྟེན་པས་ཀུན་རྫོབ་དང་དོན་དམ་འདོད་པའི་གཞི་སྣང་བ་རིལ་པོ་ཀུན་རྫོབ་ཏུ་འཇོག་ཅིང༌། དེའི་གནས་ལུགས་སྟོང་པ་ཉིད་ལ་དོན་དམ་དུ་འཇོག་པའི་ཕྱིར་རོ། །སློབ་དཔོན་ཟླ་བའི་བདེན་གཉིས་བཞེད་ཚུལ་བསྟན་ཟིན་ཏོ། །སློབ་དཔོན་ཞི་བ་ལྷའི་བཞེད་ཚུལ་ནི། འཇིག་རྟེན་པའི་བློའི་སྤྱོད་ཡུལ་ལས་འདས་པའི་སྟོང་ཉིད་ལ་དོན་དམ་བདེན་པ་དང༌། འཇིག་རྟེན་པའི་བློའི་སྤྱོད་ཡུལ་གང་ཡིན་པ་ལ་ཀུན་རྫོབ་བདེན་པར་བརྗོད་དེ། དོན་དམ་ནི་ནམ་མཁའ་ལྟར་རོ་གཅིག་པས་དབྱེ་བ་མ་བརྗོད་ལ། བདེན་གཉིས་མཐོང་བ་པོའི་གང་ཟག་ཀྱང་གཉིས་ཏེ། རྣལ་འབྱོར་པ་དང་འཇིག་རྟེན་ཕལ་པའོ། །རྣལ་འབྱོར་པས་དོན་དམ་ཡུལ་དུ་བྱེད་ལ། འཇིག་རྟེན་ཕལ་པས་ཀུན་རྫོབ་ཡུལ་དུ་བྱེད་པ་ཡིན་ནོ། །རྣལ་འབྱོར་པའི་རྗེས་ཤེས་ཀྱི་ཡུལ་ལ་རྣལ་འབྱོར་པའི་ཀུན་རྫོབ་ཅེས་བྱ་ལ། འཇིག་རྟེན་ཕལ་པའི་ཡུལ་ལ་འཇིག་རྟེན་པའི་ཀུན་རྫོབ་ཅེས་བྱའོ། །སློབ་དཔོན་འདིས་ཀྱང་ཀུན་རྫོབ་རིགས་པའི་རྣམ་དཔྱད་མེད་པའི་ཡུལ་ལ་འཇོག་པར་བྱེད་དེ། འབྲས་བུའི་དོན་དུ་མ་དཔྱད་ཕྱིར། །ཞེས་གསུངས་པའོ། །རྣལ་འབྱོར་པའི་ཀུན་རྫོབ་ཅེས་པའི་ཐ་སྙད་ནི། སློབ་དཔོན་འདི་དང༌། སེངྒེ་བཟང་པོ་གཉིས་བཞེད་མོད། གཞན་ལ་མི་སྣང་ངོ༌། །འོན་ཀྱང་ཀུན་རྫོབ་ཙམ་དང་རྣལ་འབྱོར་པའི་ཀུན་རྫོབ་དང་དབུ་མའི་ཀུན་རྫོབ་རྣམས་དོན་གཅིག་པར་སྣང་ངོ༌། །སློབ་དཔོན་འདིས་ཡང་ལོག་གི་དབྱེ་བ་མཛད་པ་མེད་ཅིང༌། གཞན་ཕལ་ཆེར་སྔ་མ་དང་མཐུན་ནོ། །སློབ་དཔོན་ཡེ་ཤེས་སྙིང་པོའི་བཞེད་ཚུལ་ལ། དོན་དམ་པའི་བདེན་པ་ནི། འཇིག་རྟེན་པའི་ཐ་སྙད་ཀྱི་ཡུལ་ལས་འདས་པའི་སྟོང་ཉིད་ཡིན་ལ། ཀུན་རྫོབ་བདེན་པ་ནི་འཇིག་རྟེན་ཐ་སྙད་ཀྱི་ཡུལ་ལོ། །དེ་ལས་མདོ་ཁུངས་སུ་མཛད་པ་ནི། ཀུན་རྫོབ་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང་ཡི་གེ་དང་སྐད་དང་བརྡ་བསྟན་པ་དག་གོ །དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་པ་དྲངས་པ་ཡིན་ནོ། །འདི་ལ་སེམས་ཙམ་པ་དག་གིས་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དོན་དམ་དུ་བསམ་ནས་སེམས་ཀྱི་རྒྱུ་བ་ཡང་མེད་ཅེས་པའི་དོན་རྣམ་པར་རྟོག་པའི་རྒྱུ་བ་མེད་པ་ལ་འཆད་པར་བྱེད་པ་ཡིན་ཏེ། དེ་ལྟར་མིན་ན་གཞན་དབང་དོན་དམ་པར་སེམས་ཀྱི་སྤྱོད་ཡུལ་མིན་པར་འགྱུར་རོ་ཞེས་སྨྲའོ། །དེ་ནི་མིན་ཏེ། དེ་ལྟར་ཡིན་ན་རྣམ་པར་རྟོག་པའི་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཞེས་ཅིའི་ཕྱིར་མ་སྨྲོས། གལ་ཏེ་སྤྱི་སྒྲ་བྱེ་བྲག་ལ་ཞུགས་པ་ཡིན་ནོ་ཞེ་ན། མི་འཐད་དེ། དོན་གྱི་ཤུགས་ཀྱིས་སྤྱི་སྒྲ་བྱེ་བྲག་ལ་འཇུག་པ་དང༌། སྐབས་ཀྱིས་སྤྱི་སྒྲ་བྱེ་བྲག་ལ་འཇུག་པ་གཉིས་ཀ་མེད་པའི་ཕྱིར་རོ། །དེས་ན་སྤྱིར་འཇིག་རྟེན་པའི་རྟོག་བཅས་དང༌། རྟོག་མེད་གཉིས་ཀའི་ཡུལ་ཡིན་པ་བཀག་པའི་དོན་དུ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཞེས་སྤྱི་ལྡོག་ནས་སྨྲོས་པ་ཡིན་ནོ། །འཇིག་རྟེན་པའི་ཤེས་པ་ཙམ་གྱི་ཡུལ་ཡིན་པ་བཀག་པས་རྟོག་པའི་ཡུལ་མིན་པར་གྲུབ་ཅིང༌། དེར་གྲུབ་པས་རྗོད་བྱེད་ཀྱི་སྒྲའི་ཡུལ་མིན་པར་ཐེ་ཚོམ་མེད་པར་གྲུབ་པས་ན་མཇུག་ཐོགས་སུ་ཡི་གེ་རྣམས་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་གསུངས་པ་ཡིན་ནོ། །འཇིག་རྟེན་པའི་རྟོག་བཅས་རྟོག་མེད་ཀྱི་ཤེས་པ་གཉིས་ཀའི་ཡུལ་མིན་པར་བསྟན་པའི་ཤུགས་ལས་རང་གི་མཚན་ཉིད་ཀྱི་དངོས་པོ་རྣམས་ཀྱང་དོན་དམ་མིན་པར་གྲུབ་པས་ན་གཞན་དབང་ཡང་ཀུན་རྫོབ་ཏུ་ངེས་པ་ཡིན་ནོ། །འཕགས་པའི་ཡེ་ཤེས་ཀྱི་ཡུལ་མིན་པར་བསྟན་པ་ནི་མིན་ཏེ། རིན་ཆེན་ཕྲེང་བར། གང་གིས་མཐོང་བར་འགྱུར་ཞེ་ན། །ཐ་སྙད་དུ་ནི་སེམས་ལ་བརྗོད། །ཅེས་སོ། །འདིར་ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང་ཡི་གེ་དང་སྐད་དང་བརྡ་བསྟན་པ་དག་གོ་ཞེས་གསུངས་པ་ན། འཇིག་རྟེན་གྱི་སྒྲས་འཇིག་རྟེན་གྱི་ཤེས་པའི་ཡུལ་གང་ཡིན་པ་ལ་ཀུན་རྫོབ་ཏུ་བསྟན་པ་ན་དོན་དམ་འཇིག་རྟེན་གྱི་ཐ་སྙད་ཀྱི་ཡུལ་ལས་འདས་ཞེས་ཤུགས་ལ་གསུངས་པར་འགྱུར་རོ། །འཇིག་རྟེན་གྱི་ཤེས་པའི་ཡུལ་མིན་པར་གསུངས་པས་འཇིག་རྟེན་ལས་འདས་པའི་བློའི་ཡུལ་དུ་དོན་གྱིས་བསྟན་པ་ཡིན་ཏེ། ཡུལ་ཅན་ཡོད་ལ་གཞན་མེད་པའི་ཕྱིར་རོ། །སློབ་དཔོན་ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་དགོངས་པའང་འདི་ཉིད་དོ། །དོན་དམ་ལ་དངོས་དང༌། ཕྱོགས་མཐུན་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ཚུལ་ལ་འཇིག་རྟེན་པའི་ཤེས་པ་དང་ངག་གི་ཐ་སྙད་ཀྱི་ཡུལ་ལས་འདས་པ་སྟེ། བདེན་གཉིས་ལས། ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ཡི་ཕྱིར་ན་དེ་སྟོང་མིན། །མི་སྟོང་མ་ཡིན་ཡོད་མེད་མིན། །མི་སྐྱེ་མ་ཡིན་སྐྱེ་མེད་མིན། །དེ་ལ་སོགས་པ་བཅོམ་ལྡན་གསུངས། །ཞེས་གསུངས་སོ། །ངག་གིས་ཇི་ལྟར་གནས་པ་བཞིན་བརྗོད་པར་མི་ནུས་པས་ན་འཇམ་དཔལ་གྱིས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་དེ་ཁོ་ན་ཉིད་ཀྱི་དོན་དྲིས་པའི་ཚེ། ཅི་ཡང་མི་གསུང་པར་བཞུགས་སོ། །དེ་ཉིད་ཀྱི་དབང་དུ་བྱས་ནས། བདེན་གཉིས་ལས། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་དང༌། མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་བདག་ཅག་གིས་ནི་རང་རང་གི་བསྟན་པ་བཤད་ཟིན་ན། ཁྱོད་ཀྱང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་པར་མཛོད་ཅིག དེ་ནས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ཅང་མི་སྨྲ་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལིཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་གང་ལ་ཡི་གེ་དང་སྐད་དང་རྣམ་པར་རིག་བྱེད་འཇུག་པ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཉིས་སུ་མེད་པའི་སྒོ་ལ་འཇུག་པ་སྟེ། ལེགས་སོ་ཞེས་བྱ་བ་ལྟར་རོ། །གཉིས་པ་ཕྱོགས་མཐུན་ནི། རིགས་པས་ཡང་དག་པར་སྐྱེ་བ་བཀག་པ་ལ་མཐུན་པའི་དོན་དམ་དུ་འདོད་དེ། དོན་དམ་དང་སྐྱེ་བའི་སྤྲོས་པ་དང་བྲལ་བར་མཐུན་པའི་ཕྱིར་རོ། །རིགས་པས་དཔྱད་ན་འདི་ཡང་ཀུན་རྫོབ་ཡིན་ཏེ། དགག་བྱ་གཞན་གྱིས་བཏགས་པ་ཉིད་ཡིན་པས་བཀག་པ་ཡང་བཏགས་པར་འགྱུར་བའི་ཕྱིར་ཏེ། དགག་བྱ་མེད་ན་འདི་བཀག་པའི་བཀག་པ་ཡང་མི་འབྱུང་བའི་ཕྱིར། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །བཏགས་པའི་རང་གི་ངོ་བོ་ཡི། །བཀག་པ་བཏགས་མིན་ཇི་ལྟར་འགྱུར། །ཞེས་གསུངས་སོ། །དོན་དམ་བདེན་པར་བཞག་པའི་སྒྲ་དོན་ནི། ཡུལ་ཅན་ལ་དོན་དམ་པར་བརྗོད་པའི་སྒྲའི་དོན་དང༌། ཡུལ་ལ་དོན་དམ་བརྗོད་པའི་སྒྲའི་དོན་ནོ། །དང་པོ་ནི་མཐར་ཐུག་དཔྱོད་པའི་ཚད་མ་ཉིད་ལ་དོན་དམ་ཞེས་བྱ་སྟེ། བསླུ་བ་མེད་པའི་ཕྱིར་ཏེ། ཇི་ལྟར་ངེས་པ་ལྟར་ཡིད་ལ་བྱས་པས་དོན་དུ་གཉེར་བའི་མཐར་ཐུག་གི་ཡོན་ཏན་ཐོབ་པས་བསམ་པའི་དོན་ལ་མི་བསླུ་བས་སོ། །གཉིས་པ་ནི་དེས་གཞལ་བའི་སྟོང་པ་ཉིད་དེ་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་ཏེ། འདི་ལ་དམིགས་པས་སྒྲིབ་པ་སྤོང་བའི་ཕྱིར་རོ། །དེས་ན་གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ནི་རིགས་པ་ཡིན་ལ། རྟགས་ལ་བརྟེན་པའི་རྗེས་དཔག་ནི་རིགས་པའི་ཤེས་པའོ། །བོད་དག་གིས་རིགས་པ་དང་རིགས་ཤེས་ཁྱད་མ་ཕྱེད་ཅིང༌། འཕགས་པའི་མཉམ་གཞག་རིགས་ཤེས་སུ་སྨྲ་བ་ཡང་འཁྲུལ་པ་ཡིན་ལ། བརྡ་ཁྱད་ཀྱང་རང་རྒྱུད་ཀྱི་གཞུང་ལ་སྣང་གི་སློབ་དཔོན་ཟླ་བའི་གཞུང་ལས་མ་བཤད་དོ། །ཚུལ་གསུམ་པའི་རྟགས་ལ་སོགས་པའི་རིགས་པ་ལ་བརྟེན་པའི་ཤེས་པ་ནི། དོན་ཡང་ཡིན་དམ་པ་ཡང་ཡིན་པས་དོན་དམ་པའོ། །དེས་གཏན་ལ་ཕབས་པའི་དོན་ཡང་ཡུལ་ཅན་གྱི་མིང་གིས་བཏགས་ནས་དོན་དམ་ཞེས་བརྗོད་དོ། །དེས་ན་དོན་དམ་བདེན་པ་ཞེས་བྱ་བའི་དོན་དམ་ནི་ཡུལ་ཅན་ཡིན་ལ། བདེན་པ་ནི་ཡུལ་མི་བསླུ་བའི་ཕྱིར་རོ། མི་བསླུ་བའི་དོན་ཇི་སྐད་བསྟན་པ་བཞིན་ནོ། །གལ་ཏེ་ཚུལ་གསུམ་པའི་རྟགས་ཀྱི་ཤེས་པ་ཡང་དོན་ཡིན་ལ། དེས་གཏན་ལ་ཕབས་པའི་དོན་ལ་ཡང་དོན་དམ་ཞེས་བརྗོད་ན་སྒྲིབ་པ་ཡང་དོན་དམ་དུ་འགྱུར་ཏེ། རིགས་པས་གཏན་ལ་ཕབས་པའི་དོན་ཡིན་པའི་ཕྱིར་ཞེ་ན། དོན་དམ་པ་ནི་སྤྲོས་པ་མཐའ་དག་དང་བྲལ་བའི་ཕྱིར་དེའང་བརྟག་པའི་སྤྲོས་པ་བཅད་པ་མཐུན་པའི་ཕྱིར་དོན་དམ་ཞེས་འདོགས་སོ། །དེས་ན་དོན་དམ་བདེན་པ་ཞེས་པའི་ཟུར་དུ་སྨྲོས་པའི་དོན་དམ་དང༌། སྤྱིར་དོན་དམ་ཞེས་སྨྲོས་པ་གཉིས་ལ་ཁྱད་པར་ཡོད་དེ། གཅིག་ནི་ཡུལ་ཅན་ཁོ་ན་ལ་འཇུག་ལ། གཞན་ནི་ཡུལ་དང་ཐུན་མོང་དུ་འཇུག་པའི་ཕྱིར་རོ། །དོན་དམ་པ་བཤད་ཟིན་ཏོ། །ཀུན་རྫོབ་ཀྱི་བདེན་པ་ལ་ཡང་དག་ཀུན་རྫོབ་དང༌། ཡང་དག་མིན་པའི་ཀུན་རྫོབ་གཉིས་ཏེ། གཉིས་པོ་སོ་སོའི་དོན་ནི་སྣང་ཚུལ་དང་མཐུན་པར་དོན་བྱེད་ནུས་པ་དང༌། སྣང་ཡང་སྣང་བ་དང་མཐུན་པར་དོན་བྱེད་མི་ནུས་པའོ། །འགའ་ཞིག་གིས་སློབ་དཔོན་ཟླ་བས་འཇིག་རྟེན་པའི་བློ་ལ་ལྟོས་ནས་གཞན་ངོར་ཞལ་གྱིས་བཞེས་ཀྱི། རང་ལུགས་ལ་མིན་ལ། སློབ་དཔོན་འདིས་ནི་གཞན་ལ་མ་ལྟོས་པར་རང་ལུགས་ལ་འདོད་པས་ཡུལ་རང་ངོས་ནས་གྲུབ་པར་བཞེད་དོ་ཞེས་སྨྲ་བ་ནི་བླུན་ཚིག་སྟེ། བདེན་གཉིས་ལས། ཤེས་པ་གསལ་བའི་རྣམ་པ་ཅན་དུ་འདྲ་ཡང་ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་མི་བྱེད་ལ་མི་བསླུ་བ་དང་བསླུ་བ་ཡིན་པར་ངེས་པར་བྱས་ནས་ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་དག་འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མིན་པར་རྟོགས་སོ། །དངོས་སུ་ན་གཉིས་ནི་ངོ་བོ་ཉིད་མེད་པ་ཉིད་དུ་མཚུངས་པ་ཁོ་ནའོ། །ཇི་ལྟར་སྣང་བ་བཞིན་དུ་ནི་རྣམ་པར་གནས་སོ། །དོན་བྱེད་པ་ལ་མི་བསླུ་བ་དང་བསླུ་བར་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། དེ་ཡང་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །སྣང་བ་ལྟར་དོན་བྱེད་མི་བྱེད་ཀྱི་དོན་ཡང་གཟུགས་སུ་སྣང་བ་ལྟར་གཟུགས་ཀྱི་དོན་བྱེད་ནུས་པ་དང༌། ཟླ་བ་གཉིས་སུ་སྣང་ཡང་ཟླ་བ་གཉིས་ཀྱི་དོན་བྱེད་མི་ནུས་པ་ལྟ་བུའོ། །འོ་ན་འཁྲུལ་ངོར་བདེན་པར་སྣང་བ་ལྟར་བདེན་པའི་དོན་བྱེད་པར་འགྱུར་བས་བདེན་པར་ཁས་བླངས་པར་འགྱུར་རོ་ཞེ་ན། འཁྲུལ་ངོར་བདེན་པར་གྲུབ་ཀྱང་བདེན་པར་གྲུབ་མི་དགོས་པས་ཉེས་པ་མེད་དེ། ངོ་བོ་ནི་འཇིག་རྟེན་པའི་རྟོག་བཅས་རྟོག་མེད་ཀྱི་ཤེས་པས་གཟུང་བ་ནི་ཀུན་རྫོབ་ཡིན་ལ། དེའི་གནས་ཚུལ་ནི་དོན་དམ་པའི་བདེན་པའོ། །སྒྲ་དོན་ནི། སློབ་དཔོན་ཟླ་བ་དང་མཐུན་པར་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་སྟེ། བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་སོ། །བདེན་པ་ནི་དེའི་ངོར་བདེན་པ་སྟེ་ཡུལ་ལོ། །ཡུལ་ཡུལ་ཅན་གཉིས་ཀའི་ཐུན་མོང་གི་སྒྲ་དོན་ནི། བརྒྱད་སྟོང་འགྲེལ་ཆེན་ལས། རྣམ་པར་དཔྱོད་པའི་ཡུལ་ཡང་མི་བཟོད་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ་ཞེས་སོ། །བདེན་པའི་ཚུལ་ལ། སློབ་དཔོན་ཟླ་བས་དེ་ཉིད་ལ་བདེན་པར་སྣང་བས་བདེན་པར་བཞག་པ་དང༌། རྗེས་ཀྱི་ཤེས་པས་བདེན་པར་ཞེན་པས་བདེན་པའི་ཚུལ་གཉིས་སུ་གསུངས་ལ། སློབ་དཔོན་འདིས་ནི་བདེན་པར་སྣང་བ་ལྟར་བདེན་པར་ཞེན་པའི་བསམ་ངོས་ནས་བདེན་པར་འཇོག་སྟེ། བདེན་གཉིས་ལས། མཐོང་བ་དང་མཐུན་པར་དངོས་པོའི་དོན་ངེས་པར་འཛིན་པའི་ཕྱིར་ཞེས་གསུངས་སོ། །འགའ་ཞིག་གིས་རང་རྒྱུད་པ་ཐམས་ཅད་ཀྱིས་ཀུན་རྫོབ་རིགས་པས་དཔྱད་ནས་འཇོག་ཟེར་བ་ནི་མི་འཐད་དེ། སློབ་དཔོན་ཟླ་བས། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་པ་དང་མཐུན་པར་སློབ་དཔོན་འདིས་ཀྱང་བཤད་དེ། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །རྣམ་པར་དཔྱོད་པར་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཞེས་དང༌། དེ་ཡི་འགྲེལ་པར། ཇི་ལྟར་སྣང་བའི་ངོ་བོ་ཀུན་རྫོབ་ལ་བརྟེན་ནས་དེ་ལ་ཁྱོད་དཔྱོད་པ་བྱེད་པ་ནི་དོན་གཞན་དུ་འགྲོ་བའི་ཕྱིར་གནོད་པ་འབའ་ཞིག་ཏུ་ཟད་དོ་ཞེས་སོ། །བོད་དག་གིས་རང་རྒྱུད་ཀྱི་གཞུང་ལུགས་མཐའ་དག་མ་མཐོང་བར་འོལ་སྤྱི་ཙམ་བརྗོད་པར་ཟད་དོ། །དེས་ན་དོན་དམ་བདེན་པ་ཞེས་པའི་ཟུར་དུ་སྨྲོས་པའི་དོན་དམ་ནི། བདེན་གཉིས་ལས། གཅིག་དང་དུ་མ་བྲལ་བའི་རྟགས་ལ་བརྟེན་པའི་རྗེས་དཔག་ལ་བཤད་ལ། ཞི་བ་འཚོའི་འགྲེལ་བཤད་དུ། མདོའི་དོན་ཚུལ་གསུམ་གྱི་རྟགས་ཀྱི་མཚན་ཉིད་ཀྱི་རིགས་པ་དོན་དམ་པ་ཡིན་པར་བཤད་དོ་ཞེས་གསུངས་ཤིང༌། བརྒྱད་སྟོང་འགྲེལ་པ་ལས་དེ་ཉིད་དང་མཐུན་པར་རྗེས་དཔག་ལ་དོན་དམ་དུ་བཤད། དབུ་མ་སྣང་བ་ལས། དོན་དམ་པའི་སྒྲས་ཐོས་བསམ་སྒོམ་གསུམ་གྱིས་རང་བཞིན་མེད་པར་རྟོགས་པའི་བློ་གསུམ་ཀ་གཟུང་ངོ༌། །ཀུན་རྫོབ་བདེན་པ་ཞེས་པའི་ཟུར་དུ་སྨྲོས་པའི་ཀུན་རྫོབ་ནི་བློ་འཁྲུལ་པ་ལ་ཐལ་རང་གཉིས་ཀས་བཤད་དོ། །དོན་དམ་གྱི་ཟུར་དུ་སྨྲོས་པའི་བདེན་པ་ནི་མི་བསླུ་བ་ལ་འདོད་དེ་སྔར་བཤད་ཟིན་ཏོ། །ཀུན་རྫོབ་ཀྱི་ཟུར་དུ་སྨྲོས་པའི་བདེན་པ་ནི་གཉིས་ཏེ། བདེན་པར་གནས་པ་དང༌། སྣང་བའོ། །དང་པོ་ནི་རིགས་པའི་དགག་བྱ་ཡིན་ལ། ཕྱི་མ་ནི་ལམ་གྱི་སྤང་བྱའོ། །བདེན་གཉིས་གཅིག་དང་ཐ་དད་བསམ་པ་ལ། དགོངས་འགྲེལ་ལས། ཐ་དད་པ་ལ་སྐྱོན་བཞི། གཅིག་པ་ལ་སྐྱོན་བཞིའོ། །དང་པོ་ནི། དོན་དམ་སྣང་བའི་ཆོས་ཉིད་མིན་པར་ཐལ་བ་དང༌། དོན་དམ་རྟོགས་པས་སྣང་བ་ལ་བདེན་འཛིན་གྱི་སྒྲོ་འདོགས་མི་ཆོད་པར་ཐལ་བ་དང༌། ཀུན་རྫོབ་རིགས་པས་མ་རྙེད་པ་ཉིད་དོན་དམ་མ་ཡིན་པར་ཐལ་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་དུས་གཅིག་ཏུ་ཐལ་བར་འགྱུར་རོ། །སྔ་མ་གསུམ་རྟོགས་སླ་ལ། ཕྱི་མའི་དོན་ནི་བདེན་གཉིས་སོ་སོ་ཡིན་ན་དོན་དམ་རྟོགས་ཀྱང་ཀུན་རྫོབ་ལ་སྒྲོ་འདོགས་མི་ཆོད་པས་ཀུན་རྫོབ་ལ་དམིགས་ནས་འཕེལ་བར་འགྱུར་བའི་ཀུན་ནས་ཉོན་མོངས་ཀྱི་གཉེན་པོ་མེད་པའི་ཕྱིར། དོན་དམ་རྟོགས་ཀྱང་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གཉིས་དུས་ཅིག་ཅར་འཕེལ་བར་འགྱུར་ཞེས་པའི་དོན་ཡིན་ནོ། །བོད་འདིར་འདིའི་དོན་ཇི་བཞིན་རྟོགས་པ་གཞན་མི་སྣང་ངོ༌། །གཉིས་པ་ལ་སྐྱོན་བཞི་ནི། ཀུན་རྫོབ་མཐོང་བས་དོན་དམ་མཐོང་བར་འགྱུར་བ་དང༌། ཀུན་རྫོབ་ལ་དམིགས་ནས་ཀུན་ནས་ཉོན་མོངས་འཕེལ་བར་འགྱུར་བ་ལྟར་དོན་དམ་ལ་དམིགས་ནས་ཀུན་ནས་ཉོན་མོངས་འཕེལ་བར་འགྱུར་བ་དང༌། ཀུན་རྫོབ་ལས་ལོགས་སུ་དོན་དམ་ཐོས་བསམ་གྱིས་བཙལ་དུ་མེད་པར་འགྱུར་བ་དང༌། ཀུན་རྫོབ་རྣམ་པ་སྣ་ཚོགས་པའི་སྤྲོས་བཅས་ཡིན་པ་བཞིན་དུ་དོན་དམ་ཡང་རྣམ་པ་སྣ་ཚོགས་པའི་སྤྲོས་བཅས་སུ་འགྱུར་བའོ། །འདི་ལ་སྔ་རབས་པས་བདེན་གཉིས་ངོ་བོ་ཐ་དད་པ་ལ་བརྗོད་པའི་སྐྱོན་ཕྱི་མ་མི་འཐད་དེ། ཀུན་རྫོབ་ལ་དམིགས་པས་ཀུན་ནས་ཉོན་མོངས་པ་འཕེལ་བར་མ་ངེས་པའི་ཕྱིར། འཕགས་པ་བཞིན་ནོ། །ངོ་བོ་གཅིག་ན་དོན་དམ་ལ་དམིགས་པས་ཀུན་ནས་ཉོན་མོངས་འཕེལ་བར་འགྱུར་ཞེས་པ་ཡང་མི་འཐད་དེ། སྔོན་པོ་དང་མི་རྟག་པ་ངོ་བོ་གཅིག་ཀྱང་སྔོན་པོ་ལ་དམིགས་པས་ཆགས་པ་བསྐྱེད་པ་ལྟར་སྐད་ཅིག་མ་ལ་དམིགས་པས་ཆགས་པ་བསྐྱེད་པར་མ་ངེས་པའི་ཕྱིར། དེས་ན་མདོའི་དགོངས་པ་ནི་ངོ་བོ་ཐ་དད་པ་ལ་ལྡོག་པ་ཐ་མི་དད་པ་ཙམ་ལ་སྐྱོན་བརྗོད་པ་ཡིན་ནོ། །གནས་པའི་ཕྱོགས་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་པས་ཕྱོགས་གཉིས་ཀྱི་སྐྱོན་ལས་གྲོལ་ལོ་ཞེས་འདོད་དོ། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཞེས་བྱ་བ་ཡང་རྟོག་གེའི་བརྡ་ཆད་ཡིན་གྱི་གཞུང་ལུགས་འདིར་མི་འབྱུང་ལ། ངོ་བོ་གཅིག་པ་འཐད་པ་མིན་ཏེ། ཀུན་རྫོབ་སྐྱེ་འགག་བྱེད་པ་ན་དོན་དམ་སྐྱེ་འགག་བྱེད་པར་འགྱུར་བའི་ཕྱིར། གཉིས་ཀ་ལ་ངོ་བོ་མེད་པའི་ཕྱིར། གཉིས་ཀ་ལ་ངོ་བོ་ཡོད་ན་ངོ་བོ་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ལ་ཡོད་ཀྱི་གཞན་ལ་མི་འདོད་ན་གང་ལ་ཡོད་པ་སྨྲ་དགོས་ལ། སྨྲ་བར་ནུས་པ་ཡང་མིན་ནོ། །དེས་ན་དོན་དམ་མཐོང་བས་སྒྲིབ་པ་ཟད་པར་འགྱུར་བའི་ཕྱིར་རྣམ་བྱང་གི་དམིགས་པར་བཤད་ལ། ཀུན་རྫོབ་ལ་དམིགས་ནས་ཉོན་མོངས་འཕེལ་བར་འགྱུར་བའི་ཕྱིར་སྤྱི་ཙམ་ལ་བསམ་ནས་ཀུན་ནས་ཉོན་མོངས་པའི་དམིགས་པར་བརྗོད་ཀྱི། དེར་ངེས་པས་ཁྱབ་པར་སྨྲ་བ་ནི་མིན་པས་ཉེས་པ་མེད་དོ། །འོན་ཀྱང་འདི་ནི་ངོ་བོ་དང་ལྡོག་པས་ཁྱད་པར་དུ་མ་བྱས་པར་སྤྱིར་གཅིག་དང་ཐ་དད་དུ་འདོད་པ་ལ་སྐྱོན་བརྗོད་པར་སྣང་ངོ༌། །དགོས་པ་ནི་རང་བཞིན་སེམས་པའི་རིགས་པས་གནས་ཚུལ་ལ་གཅིག་དང་ཐ་དད་དུ་གྲུབ་པ་འགོག་པ་ཡིན་ཏེ། རིགས་པས་བརྟགས་ན་ཁྱད་གཞི་བདེན་པ་གཉིས་མེད་པས་གཅིག་དང་ཐ་དད་དུ་བརྟག་ཏུ་ག་ལ་ཡོད་ཅེས་དགོངས་སོ། །ཐ་སྙད་དུ་གཅིག་པ་བཀག་པའི་ཐ་དད་དེ། སྐྲ་ཤད་དང་སྐྲ་ཤད་ཀྱིས་དབེན་པའི་ཐ་དད་བཞིན་ནོ། །འདིའི་ཐ་དད་ཀྱང་རིགས་པས་བརྟགས་ནས་གྲུབ་པ་མིན་ནོ། །གྲོགས་ནི་ཡུལ་ཅན་གྱི་བློ་ལ་གནས་ཚུལ་ལ་ཞུགས་མ་ཞུགས་གཉིས་སུ་ངེས་པའི་དབང་གིས་ཡུལ་གཉིས་སུ་ངེས་པར་བཞག་སྟེ། ཕུང་པོ་གསུམ་པ་གཞན་མེད་པའི་ཕྱིར་བློ་ལ་ལྟོས་ནས་བདེན་པ་གཉིས་སུ་ངེས་སོ། །བདེན་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ལ་གཉིས་ཏེ། ཐ་སྙད་དཔྱོད་པ་དང༌། མཐར་ཐུག་དཔྱོད་པའི་རིགས་པའོ། །དང་པོས་ཀུན་རྫོབ་གཏན་ལ་འབེབས་ཤིང༌། ཕྱི་མས་དོན་དམ་གཏན་ལ་འབེབས་པ་ཡིན་ལ། གཉིས་པོའི་ཁྱད་པར་ལ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས། དང་པོ་ནི་གཞན་དག་གིས་ཀུན་རྫོབ་ཏུ་འདོད་པ་དཔྱད་གཞིར་བཟུང་ནས་དེ་ལ་དཔྱོད་པའི་རིགས་པ་ཡིན་ལ། གཉིས་པ་ནི་གཞན་གྱིས་དོན་དམ་དུ་འདོད་པ་དཔྱད་གཞིར་བཟུང་ནས་དེ་ལ་དཔྱོད་པའི་རིགས་པ་ཡིན་ནོ་ཞེས་གྲག་གོ །ཞང་ཐང་སག་པས། དོན་དམ་དང་ཀུན་རྫོབ་གང་དུ་འདོད་ཀྱང་སླའི། ཀུན་རྫོབ་དང་དོན་དམ་དཔྱད་གཞིར་བཟུང་ནས་དེ་ལ་དཔྱད་པའི་རིགས་པ་ལ་འདོད་དོ། །འགའ་ཞིག་སྣང་བ་བདེན་མེད་གཏན་ལ་འབེབས་པ་དང༌། དོན་དམ་བདེན་མེད་དུ་གཏན་ལ་འབེབས་པ་ལ་འདོད་དེ། གཉིས་ཀས་ཀྱང་དཔྱད་གཞི་ལས་འབྱེད་པས་ཕུགས་གཅིག་པར་སྣང་ངོ༌། །ས་སྐྱ་པས་ཀུན་རྫོབ་རྙེད་པའི་རིགས་པ་དང༌། དོན་དམ་རྙེད་པའི་རིགས་པ་ལ་བཞེད་པ་ཉིད་རིགས་པར་སྣང་ངོ༌། །འདིའི་དོན་ནི་དེ་ཁོ་ན་ཉིད་ལ་གཉིས་ཏེ། ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དང༌། དོན་དམ་གྱི་དེ་ཁོ་ན་ཉིད་དོ། །དང་པོ་ནི། དབུ་མ་རྩ་བ་ལས། གང་ལ་བརྟེན་དེ་གང་ཡིན་པ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མིན་པའི་ཕྱིར། །དེ་ཕྱིར་ཆད་མིན་རྟག་པའང་མིན། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ནི། གཞན་ལས་ཤེས་མིན་ཞི་བ་དང༌། །ཞེས་སོགས་ཀྱིས་བསྟན་པ་ཡིན་ཏེ། གཞུང་གཉིས་པོའི་མཚམས་སྦྱར་དུ། ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། དོན་དམ་གྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས་གསུངས་པས་སོ། །གཞན་གྱིས་བཏགས་པས་དབེན་པའི་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་ཙམ་ནི་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དེ། ཀུན་རྫོབ་པའི་ཆོས་ཉིད་ཡིན་པའི་ཕྱིར་ཏེ། བདེན་གཉིས་ལས། བདེན་པའི་ཡུལ་ཅན་གྱི་བློ་འཁྲུལ་པ་ལ་ཀུན་རྫོབ་དང༌། ཡུལ་ལ་ཀུན་རྫོབ་པ་ཞེས་བྱའོ། །འདི་ཉིད་བྱང་ཆུབ་སེམས་འགྲེལ་ལས་ཀྱང་བསྟན་ཏེ། མེ་ཡི་རང་བཞིན་ཚ་བ་དང༌། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བརྗོད། །ཅེས་དཔེར་བཀོད་པའང་དེ་ཉིད་དོ། །དེས་ན་ཀུན་རྫོབ་ཀྱི་གནས་ཚུལ་གཏན་ལ་འབེབས་པར་བྱེད་པ་ལ་ཐ་སྙད་དཔྱོད་པའི་རིགས་པ་ཞེས་བརྗོད་དོ། །འདི་འཇིག་རྟེན་གྲགས་པ་ལ་རང་བཞིན་ཞེས་བརྗོད་ཀྱི། རང་བཞིན་དངོས་ནི་མིན་ནོ། །རང་བཞིན་མཚན་ཉིད་པ་ནི་སྟོང་པ་ཉིད་ཡིན་ལ། དེ་གཏན་ལ་འབེབས་པ་ལ་མཐར་ཐུག་དཔྱོད་པའི་རིགས་པ་ཞེས་བྱ་སྟེ། ཡིན་ལུགས་སེམས་པའི་རིགས་པ་ཡིན་པའི་ཕྱིར། དེས་ན་ཀུན་རྫོབ་གཏན་ལ་འབེབས་པ་ལ་འཐད་པ་སྒྲུབ་པའི་རིགས་པ་གཙོ་ཆེ་ལ། དོན་དམ་གཏན་ལ་འབེབས་པའི་རིགས་པ་ལ་ཆོས་ཉིད་ཀྱི་རིགས་པ་ཞེས་སློབ་དཔོན་ཞི་བ་འཚོས་གསུངས་སོ། །རྟོགས་ཚུལ་གྱི་རིམ་པ་ལ། འགའ་ཞིག་དོན་དམ་ཐོག་མར་རྟོགས་ནས་ཀུན་རྫོབ་རྗེས་སུ་རྟོགས་ཏེ། རིགས་པས་སྣང་བ་བདེན་མེད་དུ་རྟོགས་པའི་རྗེས་སུ་སྣང་ལ་རང་བཞིན་མེད་པ་ཁོང་དུ་ཆུད་པའི་ཕྱིར་དང༌། རང་བཞིན་དང་བྲལ་བའི་སྣང་ཙམ་ལ་ཀུན་རྫོབ་ཏུ་འཇོག་པའི་ཕྱིར་རོ། །འགའ་ཞིག་ཀུན་རྫོབ་ཏུ་བསྒྲུབ་པ་ལ་རིགས་པ་མི་དགོས་ཏེ། ཐ་མལ་པའི་བློ་ཉིད་ཀྱིས་གྲུབ་པའི་ཕྱིར་ཞེས་འདོད་པ་ནི་མི་འཐད་དེ། སྣང་ཙམ་གྱི་ལྡོག་པ་གྲུབ་ཀྱང་དེ་ཙམ་གྱིས་ཀུན་རྫོབ་ཏུ་མི་འགྲུབ་སྟེ། སྣང་བ་ལ་དོན་དམ་དུ་སྒྲོ་འདོགས་པའི་ཕྱིར་རོ། །དེས་ན་སྣང་ཙམ་དུ་བསྒྲུབ་པ་ལ་མི་དགོས་ཀྱང་བརྫུན་པར་བསྒྲུབ་པ་ལ་དགོས་སོ། །རྟོགས་བྱེད་ཀྱི་བློ་ཡི་རིམ་པ་ལ་ཡང་གསུམ་སྟེ། སྣང་ལྡོག་ལ་དམིགས་པའི་ཐ་སྙད་པའི་བློ་དང༌། སྟོང་ལྡོག་ལ་དམིགས་པའི་རིགས་ཤེས་དང༌། ཐ་སྙད་དུ་སྣང་ལ་དོན་དམ་པར་མི་དམིགས་པར་བསྡུས་ནས་འཛིན་པའི་རྗེས་ཀྱི་བློའོ། །དང་པོས་ནི་དཔྱད་གཞི་འཛིན་པར་བྱེད་ལ། གཉིས་པས་ནི་དཔྱད་གཞིའི་གནས་ཚུལ་འཛིན་པ་ཡིན་ནོ། །གསུམ་པས་ནི་གཉིས་ཀ་འཛིན་པ་ཡིན་ནོ། །དོན་དམ་གཏན་ལ་འབེབས་པའི་རིགས་པ་ལ་རང་རྒྱུད་པ་དང༌། ཐལ་འགྱུར་བའི་ལུགས་གཉིས་འབྱུང་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་བའི་དོན་ཐལ་འགྱུར་གྱི་སྒོ་ནས་འཆད་ལ། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་སོ་སྐྱེས་སྟོང་པ་ཉིད་ཀྱི་དོན་ཚད་མས་རྟོགས་པར་བྱེད་དགོས་ལ། མངོན་སུམ་གྱིས་མི་རྟོགས་པས་རྗེས་དཔག་གིས་རྟོགས་པར་བྱ་དགོས་པའི་ཕྱིར་རྗེས་དཔག་གི་རྟེན་ཚུལ་གསུམ་ཚང་བའི་རྟགས་གདོན་མི་ཟ་བས་ཁས་བླངས་དགོས་པར་དགོངས་ནས་རང་རྒྱུད་ཀྱི་རྟགས་ཀྱིས་འཆད་པའི་ཕྱིར་འགྲེལ་ལུགས་མི་འདྲ་བ་གཉིས་བྱུང་བ་ལ་ཐལ་རང་གཉིས་སུ་གྲགས་སོ། །གཏན་ལ་འབེབས་བྱེད་ཀྱི་རིགས་པའི་ཚུལ་མི་འདྲ་ཡང་གཏན་ལ་དབབ་བྱའི་དོན་སྟོང་པ་ཉིད་ལ་མི་མཐུན་པ་མེད་དེ། རྟགས་ལས་རྟོགས་པ་དང་ཐལ་འགྱུར་ལས་རྟོགས་ཚུལ་མི་འདྲ་བ་ཙམ་དུ་ཟད་ཀྱི་རྟོགས་བྱའི་དོན་གཅིག་པའི་ཕྱིར་རོ། །འདི་ཙམ་གྱི་སྒོ་ནས་ཁྱད་པར་བཞག་པ་ཡིན་གྱི། ལྟ་བ་ལ་བཟང་ངན་འདོད་པ་ནི་རང་རྒྱུད་ཀྱི་གཞུང་ལུགས་ཁོང་དུ་མ་ཆུད་པར་གདོན་གྱིས་བཏབ་པའི་བབ་ཅོལ་འབའ་ཞིག་གོ །གཞུང་གི་ཆ་ཤས་ཀྱི་འཆད་ཚུལ་ཅུང་ཟད་མི་འདྲ་བ་དང༌། ཐ་སྙད་ཀྱི་རྣམ་གཞག་ཅུང་ཟད་མི་འདྲ་བ་ཙམ་གྱིས་ཐལ་རང་གི་ཁྱད་པར་བྱེད་པ་མིན་ཏེ། སློབ་དཔོན་ཟླ་གྲགས་ཀྱིས་གང་ཟག་དང་ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་དང་མཐུན་པའི་ཕྱིར་དང༌། ཐ་སྙད་ཀྱི་རྣམ་གཞག་རང་རྒྱུད་པ་འགའ་ཞིག་དང་མི་མཐུན་ཡང་ཡེ་ཤེས་སྙིང་པོ་དང་མཐུན་པར་སྣང་བའི་ཕྱིར་དང༌། ཀུན་གཞི་ཁས་ལེན་མི་ལེན་གྱིས་འབྱེད་པ་ཡང་མིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས་ཀུན་གཞི་ཞལ་གྱིས་བཞེས་ཤིང༌། སློབ་དཔོན་ཟླ་བས་ཀྱང་ཀུན་གཞིའི་རྣམ་ཤེས་དྲང་དོན་དུ་འདོད་ཅིང༌། རི་བོང་གི་རྭ་ལྟར་མེད་པར་མི་སྨྲ་བའི་ཕྱིར་ཏེ། འཇུག་པ་ལས། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། །རིགས་པར་མི་འགྱུར་གང་ཡིན་དེ་ལ་འོ། །ཞེས་གསུངས་སོ། །གལ་ཏེ་དྲང་དོན་དུ་གསུངས་པས་མི་བཞེད་པར་འགྱུར་ན་གང་ཟག་དང་ཕུང་པོ་ཉིད་ཀྱང་མི་བཞེད་པར་བྱ་དགོས་ཏེ་མཉམ་པར་གསུངས་པའི་ཕྱིར། གལ་ཏེ་འཇུག་འགྲེལ་ལས། དབང་ཕྱུག་ཀུན་གྱི་བྱེད་པ་པོར་སྨྲ་བ་དང༌། ཀུན་གཞི་ཀུན་གྱི་བྱེད་པ་པོར་སྨྲ་བ་གཉིས་ལ་རྟག་པ་དང་མི་རྟག་པ་འདོད་པའི་ཁྱད་པར་ཙམ་དུ་ཟད་དོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ནི་ཐམས་ཅད་ཀྱི་བྱེད་པ་པོར་འདོད་པ་མཚུངས་པར་སྟོན་པ་ཙམ་ཡིན་གྱི། ཡོད་མེད་ཀྱི་ཁྱད་པར་མེད་པར་བསྟན་པ་ནི་མིན་ཏེ། གཞན་དུ་ན་མདོའི་དོན་འགོག་དགོས་ཏེ། རྒྱན་སྟུག་པོ་བཀོད་པ་ལས། ཇི་ལྟར་ཟླ་བ་སྐར་ཚོགས་དང༌། །ལྷན་ཅིག་མཁའ་ལ་གནས་པ་ལྟར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང༌། །རྣམ་ཤེས་བདུན་དང་ལྷན་ཅིག་གནས། །ཞེས་གསུངས་པའི་དོན་ཀྱང་འགོག་དགོས་པས་སོ། །ཡིད་ཀྱི་ཤེས་པ་གཅིག་ལ་ལྡོག་པ་ཐ་དད་ཀྱི་སྒོ་ནས་འབྱེད་དོ་སྙམ་ན། འོ་ན་ཀུན་གཞིའི་རྣམ་ཤེས་བཞེད་པས་ཐལ་འགྱུར་བ་མིན་པར་འགྱུར་ཞིང་མདོའི་དཔེའི་དོན་ལས་ལྡོག་པ་ཐ་དད་པ་ཙམ་ཡང་མིན་པར་གསལ་ཞིང༌། གསེར་འོད་དམ་པ་ལས་རྣམ་ཤེས་ཚོགས་བརྒྱད་ཀྱི་གནས་གྱུར་ཐ་དད་དུ་གསུངས་པས་འདིའི་དོན་ཀྱང་འགོག་པར་བྱེད་དམ། དེས་ན་ཀུན་གཞི་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་པ་ཡང་རྨོངས་པར་ཟད་དོ། །རང་རྒྱུད་ཀྱི་རྟགས་ལ་གཅིག་དང་དུ་བྲལ། ཡོད་མེད་སྐྱེ་འགོག རྡོ་རྗེ་གཟེག་མ། མུ་བཞི་སྐྱེ་འགོག རྟེན་འབྲེལ་གྱི་རྟགས་སོ། །དེ་ལ་ཡོད་མེད་སྐྱེ་འགོག་སོགས་གསུམ་གྱིས་ནི་སྐྱེ་བ་ལ་བདེན་འཛིན་གྱི་སྤྲོས་པ་ཙམ་གཅོད་པར་བྱེད་ཀྱི། བདེན་པ་སྤྱི་ལྡོག་ནས་བཅད་པ་མེད་པས་དབུ་མའི་ལུས་ཡོངས་སུ་རྫོགས་པར་གཏན་ལ་ཕབ་པ་མིན་ལ། གཅིག་དང་དུ་བྲལ་གྱིས་བདེན་པ་སྤྱི་ལྡོག་ནས་བཀག་པས་སྟོང་པ་ཉིད་ཀྱི་དོན་རྫོགས་པར་གཏན་ལ་ཕབ་པ་ཡིན་ནོ། །འོན་ཀྱང་གཏན་ཚིགས་བཞི་ཀས་ཀྱང་ཡོད་པ་སྒྲོ་འདོགས་ཀྱི་གཉེན་པོ་བྱེད་ཀྱི། མེད་པ་སྐུར་འདེབས་ཀྱི་གཉེན་པོ་བྱེད་པ་མིན་ལ། རྟེན་འབྲེལ་གྱི་རྟགས་ཀྱིས་ནི་གཉིས་ཀའི་གཉེན་པོ་བྱེད་པས་གཏན་ཚིགས་གཞན་པས་ནུས་པ་ལྷག་པ་ལ་དགོངས་ནས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པ་ཡིན་ནོ། །ཇི་ལྟར་གཉིས་ཀའི་གཉེན་པོ་བྱེད་ཅེ་ན། མེད་པ་མིན་ཏེ་རྟེན་འབྲེལ་ཡིན་པའི་ཕྱིར། རང་བཞིན་གྱིས་ཡོད་པ་མིན་ཏེ་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་ཚུལ་གྱིས་སོ། །མདོ་ལས་མཉམ་པ་ཉིད་བཅུ་གསུངས་པ་ལས། སྐྱེ་བ་མེད་པ་མཉམ་པ་ཉིད་གཏན་ལ་ཕབ་པ་ན་གཞན་རྣམས་གོ་སླ་བ་ལ་དགོངས་ནས་ཐོག་མར་སྐྱེ་བ་དགག་པའི་དོན་དུ་བདག་ལས་མིན་ཞེས་སོགས་གསུངས་པས་སོ། །གོ་སླ་བའི་ཚུལ་ནི་སྐྱེ་བ་དགག་པས་འགག་པ་ཁེགས་པ་ཡིན་ཏེ། འགག་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། སྐྱེ་འགག་ཁེགས་པ་ན་འདུས་བྱས་འགག་པ་ཡང་གྲུབ་སྟེ། འདུས་བྱས་ནི་སྐྱེ་འགག་གིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །དེས་ན་འདུས་མ་བྱས་ཀྱང་ཁེགས་ཏེ། ཕན་ཚུན་ལྟོས་བཞག་ཡིན་པའི་ཕྱིར། རྩ་བ་ལས། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་གསུངས་སོ། །དེས་ན་དངོས་སུ་བདེན་པ་སྤྱི་ལྡོག་ནས་བཀག་པ་མིན་ཡང༌། དེ་ལ་བརྟེན་ནས་ཤུགས་ལ་འགྲུབ་པ་ལ་དགོངས་སོ། །བོད་དག་གིས་འདི་ཙམ་ཡང་མ་རྟོགས་སོ། །རྟགས་དང་པོ་གཅིག་དང་དུ་བྲལ་ལ། ཆོས་ཅན་དང༌། བསྒྲུབ་བྱ་དང༌། དགག་བྱ་དང༌། གཏན་ཚིགས་དང༌། རྗེས་དཔག་གི་གཞལ་བྱ་དཔྱད་པའོ། །དང་པོ་ལ། འགའ་ཞིག་དགག་པའི་གཏན་ཚིགས་ལ་ཆོས་ཅན་གྲུབ་མི་དགོས་སོ་ཟེར་བ་མི་འཐད་དེ། སྔར་རྒོལ་གྱི་ངོར་མ་གྲུབ་ན་ཁྱད་པར་གྱི་ཆོས་ལ་དཔག་འདོད་མི་འབྱུང་ཞིང༌། ཕྱིར་རྒོལ་གྱི་ངོར་མ་གྲུབ་ན་ཁྱད་པར་གྱི་ཆོས་ལ་ཤེས་འདོད་མི་འབྱུང་བའི་ཕྱིར་དང༌། ཆོས་ཅན་མེད་པའི་ཕྱོགས་ཆོས་ཀྱང་མི་འབྱུང་བའི་ཕྱིར་རོ། །དེས་ན་རྒོལ་བ་གཉིས་ཀ་ལ་གྲུབ་པ་འཛིན་དགོས་པ་ལ་དགོངས་ནས། བདེན་གཉིས་ལས། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང༌། །ཞེས་དང༌། དབུ་མ་རྒྱན་ལས། གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། །ཆོས་ཅན་སྤངས་ནས་མཁས་པ་དང༌། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །བསྒྲུབ་དང་གྲུབ་པའི་དངོས་པོ་ནི། །མ་ལུས་ཡང་དག་འཇུག་པར་འགྱུར། །དེ་ལྟར་མིན་ན་གཞི་མ་གྲུབ། །ལ་སོགས་ལན་ནི་ཇི་ལྟར་གདབ། །ཅེས་གསུངས་སོ། །མཐོང་བའི་ཆོས་ཅན་གཅིག་ལ་བདེན་པ་བཀག་པ་ན་མ་མཐོང་བའི་ཡུལ་ལ་ཡང་ཁེགས་ཏེ། རྟེན་འབྱུང་དུ་མཚུངས་པའི་ཕྱིར། རིགས་གང་གང་ལས་གྲུབ་པ་དེ། །ཁྱད་པར་མེད་དེ་མི་ཤིང་བཞིན། །ཞེས་པ་ལྟར་རོ། །གཉིས་པ་བསྒྲུབ་བྱ་ལ། སྒྱུ་མ་ལྟ་བུ་དང༌། མེད་དགག་བསྒྲུབ་བྱར་འདོད་པའི་ཕྱོགས་གཉིས་ལས། དང་པོ་ལ། སྔ་རབས་པས་འདི་ནི་སྒྱུ་མ་རིགས་གྲུབ་ཏུ་འགྱུར་བས་བདེན་པ་ཉིད་དུ་འགྱུར་ལ། དེ་ལྟར་ན་བདེན་པ་མི་ཁེགས་པར་འགྱུར་རོ་ཞེ་ན། སྣང་བ་དང་བདེན་པས་སྟོང་པའི་ཚོགས་དོན་ནི་སྒྱུ་མ་ལྟ་བུ་ཡིན་ལ། དེ་ནི་རིགས་པས་གྲུབ་སྟེ། སྣང་བ་རང་བཞིན་མེད་པར་གྲུབ་པའི་ཕྱིར་རོ། །རིགས་པས་གྲུབ་ཙམ་གྱིས་དགག་བྱའི་བདེན་པར་མི་འགྱུར་ཏེ། བདག་མེད་གཉིས་ཀྱང་རིགས་པས་གྲུབ་པའི་ཕྱིར། དེས་ན་རིགས་པས་གྲུབ་པ་དང༌། རིགས་པས་དཔྱད་བཟོད་ཀྱི་ཁྱད་པར་ཤེས་པར་བྱ་དགོས་སོ། །འོན་ཀྱང་མ་ཡིན་དགག་ནི་རྟགས་ཀྱི་བསྒྲུབ་བྱ་མིན་ཏེ། མཐར་ཐུག་དཔྱོད་པའི་རིགས་ངོར་ཡོངས་གཅོད་དུ་གྲུབ་པའི་བསྒྲུབ་བྱར་མི་འཐད་པའི་ཕྱིར་རོ། །དེས་ན་ཆོས་ཅན་སྣང་བ་ལ་བདེན་པ་རྣམ་པར་དཔྱད་ཙམ་བསྒྲུབ་བྱར་གཟུང་ངོ༌། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མེད་པ་དགག་པ་བསྒྲུབ་བྱ་འདོད་པའི་ཕྱིར་ཞེས་པའི་དོན་ནོ། །གསུམ་པ་དགག་བྱ་ལ། འགའ་ཞིག་བློ་ལ་མ་ལྟོས་པ་ཡུལ་རང་ངོས་ནས་གྲུབ་པ་བདེན་པའི་དོན་ཡིན་པས་དེ་དགག་གོ །རང་རྒྱུད་པས་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པས་ན། ཡུལ་རང་ངོར་ནས་གྲུབ་པར་ཁས་བླངས་པའི་ཕྱིར་བདེན་དངོས་ཁས་བླང་པར་འགྱུར་བས་དབུ་མ་པ་སྐྱོན་མེད་མིན་ལ། ཐལ་རང་གི་ཁྱད་པར་ཡང་འདི་ཉིད་དོ་ཞེས་ཟེར་བ་ནི་དབུ་མའི་གཞུང་ལུགས་ལ་མ་སྦྱངས་པར་རང་བཟོའི་བླུན་ཚིག་ལྷུར་བྱེད་པ་སྟེ། རང་གི་མཚན་ཉིད་ཅེས་པ་འཇོག་བྱེད་ལ་འདོད་དམ། བདེན་པ་ལ་འདོད། དང་པོ་ལྟར་ན་སློབ་དཔོན་ཟླ་བས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་གི་མཚན་ཉིད་གསུངས་པས་རང་རྒྱུད་པར་འགྱུར་ལ། ཕྱོགས་གཉིས་པ་ཡང་མི་འཐད་དེ། སློབ་དཔོན་སེངྒེ་བཟང་པོས། མི་མཐུན་པ་འཁོར་བ་དང༌། གཉེན་པོ་རྣམ་པར་བྱང་བ་སྣང་བརྙན་ཙམ་གྱི་ངོ་བོས་ཞེས་པ་དང༌། སྣང་བ་ཙམ་དུ་ཟད་པའི་ཕྱིར་ཆོས་སུ་བཏགས་པ་དང༌། བཏགས་པའི་བདག་སྣོད་ཀྱི་འཇིག་རྟེན་དང་དོན་དམ་པ་དང་འདུས་བྱས་དང་འདུས་མ་བྱས་ཞེས་སོགས་ཀྱི་ཐ་སྙད་བཏགས་པ་ཙམ་དུ་གསུངས་པའི་ཕྱིར་དང༌། ཡེ་ཤེས་སྙིང་པོས་རིགས་པས་དཔྱད་བཟོད་ཀྱི་སྐྱེ་བ་ཐ་སྙད་ཙམ་དུ་ཡང་མེད་པར་གསུངས་པའི་ཕྱིར། གལ་ཏེ་རིགས་པའི་སྟོབས་ཀྱིས་ནི། །ཀུན་རྫོབ་ཏུ་ཡང་མི་སྐྱེ་ཟེར། །དེ་བདེན་དེ་ཡི་ཕྱིར་ན་འདི། །ཇི་ལྟར་སྣང་བཞིན་ཡིན་པར་གསུངས། །ཞེས་པ་ལྟར་རོ། །འཇུག་པ་ལས། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེ་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་པ་དང་མཐུན་པར་སྣང་ངོ༌། །གལ་ཏེ་བཏགས་ཡོད་དུ་བཞེད་ཚུལ་མི་འདྲ་སྟེ། འདིས་གདགས་གཞི་རྫས་ཡོད་ལ་བཏགས་པའི་ཕྱིར་རོ་ཞེ་ན། འདི་ཤིན་ཏུ་འཁྲུལ་ཏེ། རྟོག་གེའི་སྙིང་པོ་ལས། རྫས་ཡོད་མ་མཐོང་ནགས་ཚལ་བཞིན། །ཞེས་དང༌། བདེན་གཉིས་ལས། བཏགས་པ་གཞི་དང་བཅས་པ་ནི། །འགའ་ཡང་གང་ནའང་མི་སྣང་ངོ༌། །ཤིང་ལ་སོགས་པ་འདི་ཡང་ནི། །གཞི་ལ་ལྟོས་པ་མ་ཡིན་ཉིད། །ཅེས་དང༌། འགྲེལ་པ་ལས། ཤིང་ལ་སོགས་པ་བཏགས་པའི་རྒྱུ་ནི་ཡལ་ག་ལ་སོགས་པ་ཡིན་ལ། དེ་ཡང་གཞན་ཡིན་ཏེ། རིམ་གྱིས་རྡུལ་ཕྲ་རབ་ཀྱི་བར་དུ་ཡིན་ལ། དེ་ཡང་ཕྱོགས་ཐ་དད་པས་དཔྱད་ན་མེད་པ་ཁོ་ན་ཡིན་ལ། ཤིང་ལ་སོགས་པའི་གདགས་པའི་རྒྱུ་དངོས་པོ་ཡོད་པ་དེ་ལྟ་ག་ལ་ཡོད་ཅེས་སོ། །གལ་ཏེ་ཡུལ་རང་ངོས་ནས་གྲུབ་པ་བཞེད་དེ། སྣང་བ་ལྟར་དོན་བྱེད་ནུས་པར་བཞེད་པའི་ཕྱིར་ཞེ་ན། འོ་ན་སློབ་དཔོན་ཟླ་བས་ཀྱང་ཀ་བར་སྣང་བ་ལྟར་ཀ་བའི་དོན་བྱེད་ནུས་པར་བཞེད་ན་ཡུལ་རང་ངོས་ནས་གྲུབ་པར་བཞེད་པར་འགྱུར་ལ། མི་བཞེད་ན་ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་པར་འདོད་པའི་གྲུབ་མཐའ་གཏིང་ནས་ཉམས་སོ། །གཞན་ཡང་དངོས་པོར་སྨྲ་བ་དང་ཁྱད་པར་མེད་པར་འགྱུར་ཏེ། བདེན་དངོས་འདོད་པའི་ཕྱིར། དེ་ལྟ་ན་དབུ་མ་པར་འདོད་པ་ཉམས་པ་ཡིན་ནོ། །གལ་ཏེ་དོན་དམ་དང་ཀུན་རྫོབ་ཏུ་འདོད་པའི་ཁྱད་པར་ཡོད་དོ་ཞེ་ན། མི་འཐད་དེ། མིང་ཐ་དད་པར་ཟད་ཀྱི། དངོས་སྨྲ་བས་ཀྱང་དོན་དམ་དུ་ཡོད་པའི་དོན་འདི་བས་ལྷག་པ་གཞན་མི་འདོད་པའི་ཕྱིར་ཏེ། ཡུལ་རང་ངོས་ནས་གྲུབ་པ་དེ་ཙམ་ལ་དོན་དམ་ཞེས་བརྗོད་པའི་ཕྱིར་རོ། །རིགས་པས་དཔྱད་བཟོད་དང་དཔྱད་མི་བཟོད་དུ་འདོད་པའི་ཁྱད་པར་རོ་ཞེ་ན། རང་གི་ངོ་བོས་གྲུབ་པར་འདོད་ན་དཔྱད་མི་བཟོད་དུ་འདོད་པ་འགལ་བ་ཡིན་ཏེ། རང་གི་ངོ་བོས་གྲུབ་ན་རིགས་པས་དཔྱད་ན་རྙེད་རིགས་པ་ལས་མི་རྙེད་པས་རང་གི་ངོ་བོས་མ་གྲུབ་ཅེས་སྨྲ་དགོས་པའི་ཕྱིར་རོ། །གལ་ཏེ་རང་གི་ངོ་བོས་གྲུབ་པར་འདོད་ཅིང་དཔྱད་མི་བཟོད་དུ་འདོད་ན། དངོས་པོར་སྨྲ་བ་ལས་དམན་པར་འགྱུར་ཏེ། བདེན་དངོས་ཡོད་པར་འདྲ་ཞིང་འགལ་བ་ལྷག་པ་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་བདེན་པ་འགོག་གམ། བཏགས་པ་འགོག་ཅེ་ན། བློས་བདེན་པར་བཟུང་བ་ལ་བརྟེན་ནས་བདེན་པ་འགོག་ཅེས་བརྗོད་ཅིང༌། རྣམ་དཔྱོད་ཀྱི་བློ་གཞན་གྱི་ངོར་མེད་པ་ལ་ཡོད་པར་བཏགས་པ་མིན་པས་བཏགས་པ་འགོག་ཅེས་བརྗོད་དོ། །གནས་ཚུལ་ལ་བཏགས་པ་དང་བདེན་པ་གང་ཡང་མེད་པས་ཅི་ཡང་བཀག་པ་མེད་དོ། །དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་པ་ལྟར་རོ། །དགག་བྱ་ཅི་ཡང་མེད་པས་དེ་བཀག་པའི་བཀག་པ་ཡང་ཡང་དག་པར་མེད་པ་ལ་དགོངས་ནས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་བཀག་མེད་གསལ། །ཞེས་གསུངས་སོ། །རྒྱས་པར་འོག་ཏུ་འཆད་དོ། །འདིར་དགག་བྱ་ནི་གཉིས་ཏེ། དངོས་དང༌། ཆེད་དུ་བྱ་བའོ། །དང་པོ་ལ་ཡང༌། གཏན་ཚིགས་དང༌། ཐལ་འགྱུར་གྱི་དགག་བྱ་གཉིས་སོ། །དེ་ལ་བདེན་པའི་སྒྲ་མི་བསླུ་བ་དང༌། གནས་ཚུལ་ལ་གྲུབ་པར་འཇུག་པ་གཉིས་ལས། དང་པོ་དགག་བྱ་མིན་པས་ཕྱི་མ་ཉིད་དོ། །དེ་ཡང་བདེན་འཛིན་གྱི་བློས་འཛིན་ཅིང་ཞེན་པའི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་ལ། འདི་ཐ་མལ་པ་དང་མཐུན་པར་བློས་བཟུང་ནས་བདེན་པ་འཇོག་བྱེད་བཙལ་བ་ན་རིགས་པས་དཔྱད་བཟོད་པས་ལྷག་པ་གཞན་མེད་པར་མཐོང་ནས་གྲུབ་མཐའ་སྨྲ་བ་རང་རང་གིས་སྦྱར་བའི་རིགས་པས་དཔྱད་བཟོད་ནི་བདེན་པའི་དོན་དུ་འདོད་པ་ན། རིགས་པས་དཔྱད་བཟོད་བཀག་པ་ན་བསྒྲུབ་བྱ་བདེན་པ་མི་འཐད་པར་རྟོགས་ནས་བདེན་འཛིན་ལྡོག་པ་ཡིན་ནོ། །གནད་འདི་མ་རྟོགས་པར་དཔྱད་བཟོད་འགོག་པ་ལ་དགག་བྱ་རྒྱ་ཆུང་ངོ་ཞེས་པ་ཡང་བཞད་གད་ཀྱི་གནས་སོ། །གལ་ཏེ་གྲུབ་མཐའ་སྨྲ་བའི་ངོར་ཁེགས་ཀྱང་གཞན་དུ་མི་ཁེགས་སོ་ཞེ་ན། རིགས་པ་སྨྲ་བའི་ངོར་དགག་སྒྲུབ་བྱེད་ཀྱི། རིགས་པ་མི་ཤེས་པ་ལ་རིགས་པའི་དགག་སྒྲུབ་ཅི་ཞིག་བྱར་ཡོད། དེས་ན་དངོས་ཀྱི་དགག་བྱའི་ངོ་བོ་ཡང་ལྷན་སྐྱེས་ཀྱི་བདག་འཛིན་གྱི་གཟུང་བ་དང༌། ཀུན་བཏགས་ཀྱི་བདག་འཛིན་གྱི་གཟུང་བ་གཉིས་ཡོད་ལ། གང་གིས་ལྟ་བའི་མེ་མདག་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུད་ཤིང་དང་ནི་འཇིག་རྟེན་གྱི། །ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །ཅེས་གསུངས་སོ། །འདིས་ལྷན་སྐྱེས་ཀྱི་འཛིན་པ་དང་ཀུན་བཏགས་ཀྱི་འཛིན་པའི་ཡུལ་གཉིས་འགོག་པར་བསྟན་ཏོ། །དེས་ན་བསྒྲུབ་བྱ་བདེན་པ་འགོག་པས་ནི། ལྷན་སྐྱེས་ཀྱི་འཛིན་པ་སེལ་ལ། སྒྲུབ་བྱེད་རིགས་པས་དཔྱད་བཟོད་པ་བཀག་པས་ནི་ཀུན་བཏགས་ཀྱི་འཛིན་པ་ཁེགས་པ་ཡིན་ཏེ། དེ་ལ་རྟགས་ཀྱིས་ནི་གཙོ་བོར་ལྷན་སྐྱེས་ཀྱི་འཛིན་པའི་ཡུལ་འགོག་ལ། ཐལ་འགྱུར་གྱིས་ཀུན་བཏགས་ཀྱི་འཛིན་པའི་ཡུལ་གཙོ་བོར་འགོག་གོ །དེ་ཡང་དཔེར་ན་ཀུན་བཏགས་ཀྱི་འཛིན་པས་བདག་ལས་སྐྱེ་བ་ལ་སོགས་པར་གཟུང་བ་ཉིད་བཀག་པས་ལྷན་སྐྱེས་ཀྱི་སྐྱེ་བ་བདེན་པར་འཛིན་པ་ཉིད་འགོག་པ་བཞིན་ནོ། །འགའ་ཞིག་ཏུ་ཕྱོགས་ཆོས་ངེས་བྱེད་ཀྱི་ཚད་མས་ཀུན་བཏགས་ཀྱི་འཛིན་པ་བཀག་ནས་བསྒྲུབ་བྱ་འཛིན་པའི་བློས་ལྷན་སྐྱེས་ཀྱི་འཛིན་པ་འགོག་པ་ཡང་ཡོད་དོ། །ཀུན་བཏགས་ཀྱི་མཐའ་བཞིས་སྐྱེ་བ་བཀག་པས་བདེན་པ་ཁེགས་པའི་འབྲེལ་ཡང་ལྷན་སྐྱེས་ཀྱི་བདེན་པར་བཟུང་བའི་སྒྲུབ་བྱེད་ཀུན་བཏགས་ཀྱི་བློས་རིགས་པས་དཔྱད་བཟོད་དུ་སྦྱར་བ་ལ་ཐུག་གོ །འགའ་ཞིག་ལྷན་སྐྱེས་ཀྱི་བདེན་འཛིན་གྱི་ཡུལ་དགག་དགོས་པ་ཡིན་གྱི། ཀུན་བཏགས་ཀྱི་བདེན་འཛིན་གྱི་ཡུལ་བཀག་པས་བདེན་འཛིན་མི་ལྡོག་གོ །ཞེས་སྨྲ་བ་ཡང་ཇི་སྐད་བཤད་པའི་རིགས་པས་བསལ་བ་ཡིན་ནོ། །སྔ་རབས་པ་འགའ་ཞིག་རིགས་པས་གྲུབ་ན་རིགས་པས་དཔྱད་བཟོད་དུ་གྲུབ་དགོས་ལ། རིགས་པས་དཔྱད་བཟོད་གང་ཡིན་པ་ལ་བདེན་པས་ཁྱབ་སྟེ། བདེན་པའི་འཇོག་བྱེད་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ན་རྟགས་ཀྱི་དགག་བྱར་འགྱུར་བས་སྒྱུ་མ་རིགས་གྲུབ་ཏུ་སྨྲ་བ་མི་འཐད་དོ་ཞེས་འདོད་དོ། །འདིས་ནི་རིགས་པས་གྲུབ་པ་དང་རིགས་པས་དཔྱོད་བཟོད་ཀྱི་ཁྱད་པར་མ་ཕྱེད་པར་སྣང་སྟེ། རིགས་པས་དཔྱད་བཟོད་མི་སྲིད་ལ། རིགས་པས་གྲུབ་པའི་དོན་ཁས་ལེན་དགོས་ཏེ། བདག་མེད་གཉིས་ལུང་རིགས་གཉིས་ཀས་གྲུབ་པའི་ཕྱིར་རོ། །འགའ་ཞིག་རིགས་པས་བདེན་པའི་སྐྱེ་བ་འགོག་པ་ཡིན་གྱི། སྐྱེ་བ་ཙམ་ནི་འགོག་པ་མིན་ཞེས་ཟེར་བ་ཡང་བརྟག་པར་བྱ་སྟེ། རིགས་ངོར་ནི་སྐྱེ་བ་ཙམ་ཡང་དགག་པར་བྱ་བ་ཡིན་ཏེ། རིགས་ངོར་སྐྱེ་བ་གྲུབ་ན་བདེན་པའི་སྐྱེ་བར་འགྱུར་བའི་ཕྱིར་དང༌། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོར་སྐྱེ་བ་ཙམ་ཡང་བཞག་ཏུ་མེད་པའི་ཕྱིར་ཏེ། ཚིག་གསལ་ལས། རིགས་པས་བརྟགས་ནས་གྲུབ་ན་དེ་ཁོ་ན་ཉིད་དུ་འགྱུར་ཞེས་པའི་དོན་ཡང་འདི་ཡིན་ལ། རིགས་དེ་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་པའི་དོན་ཡང་འདི་ཡིན་ནོ། །དེས་ན་ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་པར་མེད་པའི་འཇོག་མཚམས་མ་ཤེས་པ་ཡིན་ཏེ། དོན་དམ་དུ་མེད་པ་ཞེས་པ་ནི་གནས་ཚུལ་ལ་མེད་པ་དང༌། རིགས་པས་དཔྱད་ན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ཡོད་པ་ནི་སྣང་ཚུལ་ལ་ཡོད་པ་དང༌། རིགས་པས་རྣམ་དཔྱད་མེད་པར་འཇུག་པའི་བློ་ངོར་ཡོད་པའོ། །འཇུག་པ་ལས། རྣམ་པ་བདུན་གྱིས་བཙལ་ན་འགྲུབ་འགྱུར་མེད་མོད་ཀྱི། །དེ་ལས་གཞན་དུ་གྱུར་པ་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་དང༌། བདེན་གཉིས་ལས། རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང༌། དམ་པའི་དོན་དུ་མ་སྐྱེས་པ། །ཚིག་དོན་འདི་ནི་རིགས་པ་ཡི། །རྗེས་སུ་འབྲང་ན་སྐྱེ་བ་མེད། །གཞན་ལ་དེ་བཞིན་སྦྱར་བར་གྱིས། །ཞེས་དང༌། འཇུག་པ་ལས། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དང༌། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་གསུངས་སོ། །གཞན་ཡང་དོན་དམ་པར་སྐྱེ་བ་ཡོད་དམ་མེད། ཡོད་ན་དབུ་མ་པའི་རིགས་པས་སྐྱེ་བ་གང་ཞིག་འགོག་པར་བྱེད། མེད་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་སྐྱེ་ཙམ་ཡོད་པ་འགལ་བ་ཡིན་ནོ། །ཁྱེད་ཀྱི་ཕྱོགས་ལ་དོན་དམ་པར་བདེན་པའི་སྐྱེ་བ་མེད་ཅེས་བརྗོད་པར་བྱ་ཡི། དོན་དམ་པར་སྐྱེ་བ་མེད་ཅེས་བརྗོད་མི་རུང་བར་འགྱུར་རོ། །གལ་ཏེ་གནས་ཚུལ་ལ་སྐྱེ་ཙམ་ཡང་ཁས་མི་ལེན་པས་ཉེས་པ་མེད་དོ་ཞེ་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ངོར་ཡོད་པར་ཁས་བླངས་ནས་གནས་ཚུལ་ལ་མེད་པར་འདོད་པ་ཡང་བཞད་གད་ཀྱི་གནས་སོ། །དེས་ན་དོན་དམ་དཔྱོད་བྱེད་ཀྱི་རྣམ་པར་དཔྱད་པའི་རིགས་ངོར་སྐྱེ་ཙམ་ཡང་རྙེད་པ་མིན་པས་དོན་དམ་པར་མེད་པའི་ཚུལ་དང༌། ཐ་སྙད་དུ་ཡོད་པར་འཇོག་ཚུལ་གྱི་གནད་མ་ཤེས་སོ། །དེས་ན་རིགས་པས་དཔྱད་ན་སྐྱེ་བ་ཙམ་ཡང་མེད་པས་རིགས་པས་དཔྱད་བཟོད་མེད་ཅེས་པ་ཡིན་ནོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་སྐྱེ་བ་ཡོད་ན་རིགས་ངོར་ཡོངས་གཅོད་དུ་གྲུབ་པའི་དོན་ཡོད་པར་འགྱུར་བས་བདེན་སྐྱེ་ཁེགས་པར་ཇི་ལྟར་འགྱུར། དགག་བྱ་བསྟན་ཟིན་ཏོ། །རྟགས་ནི་བདེན་པའི་གཅིག་དང་དུ་བྲལ་ཏེ། འདིས་ནི་བདེན་པ་སྤྱི་ལྡོག་ནས་འགོག་ནུས་པའི་ཕྱིར་རོ། །གཅིག་དང་དུ་མ་དང་བྲལ་ཙམ་ནི་མིན་ཏེ། ཕྱོགས་ཆོས་མ་གྲུབ་པའི་ཕྱིར་རོ། །རྟགས་འགོད་ཚུལ་ནི། ཕྱི་དང་ནང་གི་དངོས་པོ་འདི་དག་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར། གཟུགས་བརྙན་བཞིན་ནོ་ཞེས་པའོ། །ཚུལ་སྒྲུབ་པ་ལ་རྡུལ་ཕྲ་རབ་གཅིག་ཏུ་བདེན་ནོ་ཞེ་ན། གཅིག་ཏུ་མི་བདེན་ཏེ། དུ་མ་དང་བཅས་པའི་ཕྱིར། ནམ་མཁའི་སྐར་ཚོགས་བཞིན་ནོ། །འགའ་ཞིག་དུ་མར་སྣང་བ་རྟགས་སུ་དགོད་པ་ཡིན་ཏེ། དུ་མར་འགྱུར་བས་ཕྱོགས་མེད་དོ་ཞེས་ཟེར་བ་མི་འཐད་དེ། སྣང་ཚུལ་ལ་དུ་མར་སྣང་ཡང་གནས་ཚུལ་གཅིག་ཏུ་རྟོགས་པ་ཡོད་པའི་ཕྱིར། ཟླ་བ་གཉིས་སྣང་བཞིན། སྣ་ཚོགས་གཉིས་མེད་སྨྲ་བས་ཀྱང་དུ་མར་སྣང་བ་གཅིག་ཏུ་སྒྲོ་འདོགས་པར་མཐོང་བའི་ཕྱིར། འོན་ཀྱང་ཆ་དང་བཅས་པ་ཉིད་རྟགས་སུ་བཀོད་པ་ཉིད་ལེགས་ཏེ། ཆ་བཅས་སུ་གྲུབ་པ་ལ་ཡན་ལག་ཏུ་གྲུབ་པས་ཡང་དག་པར་བདེན་པ་ཁེགས་པའི་ཕྱིར་རོ། །རྡུལ་ཕྲ་རབ་གཅིག་ཏུ་བདེན་པ་བཀག་པས་རགས་པ་བདེན་པ་ཡང་ཁེགས་ཏེ། ཚོགས་པ་ཅན་མེད་ན་ཚོགས་པ་བདེན་པར་མི་འགྲུབ་པའི་ཕྱིར་རོ། །རྡུལ་ཕྲ་རབ་དང་རགས་པ་གཉིས་ཀ་ཁེགས་པས་གཟུགས་ཅན་གྱི་ཁམས་བཅུ་པོ་ཡང་ཁེགས་ལ། དེ་ཁེགས་པས་ཀྱང་རྣམ་ཤེས་ཚོགས་ལྔ་ཁེགས་ཏེ། དམིགས་རྐྱེན་མེད་པའི་ཕྱིར། དེ་མེད་པས་ཡིད་ཤེས་ཀྱང་མེད་དེ། དེ་མ་ཐག་རྐྱེན་མེད་པའི་ཕྱིར། ཀུན་གཞི་དང་ཉོན་ཡིད་ཀྱང་མེད་དེ། བག་ཆགས་སོག་པ་པོ་མེད་པའི་ཕྱིར་དང༌། ཉོན་ཡིད་ཀྱི་དམིགས་པ་ཡང་ཁེགས་པའི་ཕྱིར་རོ། །རྣམ་ཤེས་བཀག་པས་འཁོར་གྱི་སེམས་བྱུང་མེད་པ་ཡང་འགྲུབ་བོ། །གལ་ཏེ་རྡུལ་ཕྲ་རབ་ཆ་དང་བཅས་པ་ཉིད་མི་འགྲུབ་བོ་ཞེ་ན། རྡུལ་ཁས་ལེན་པ་དེ་སྲིད་དུ་ཆ་བཅས་ཁས་ལེན་དགོས་ཏེ། དབུ་མ་རྒྱན་ལས། འབྱར་བ་དང་ནི་བསྐོར་བ་འམ། །བར་མེད་རྣམ་པར་གནས་ཀྱང་རུང༌། །དབུས་ན་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་ས་ཡང༌། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟར་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །རྡུལ་ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུར། །གཅིག་བུ་ཆ་ཤས་མེད་པར་འགྱུར། །ཞེས་པ་ལྟར་རོ། །གཅིག་ཁེགས་པས་དུ་མ་དང་བྲལ་བ་ཡང་འགྲུབ་སྟེ། དུ་མ་ནི་གཅིག་བསགས་པ་ལས་བྱུང་བའི་ཕྱིར་རོ། །དཔེ་ལ་རྗེས་འགྲོ་སྒྲུབ་ཚུལ་ནི། འགའ་ཞིག་གཟུགས་བརྙན་བདེན་མེད་དུ་མངོན་སུམ་དུ་རྟོགས་པས་རྟགས་ལ་མི་ལྟོས་སོ། །འོ་ན་ཆོས་གཅིག་སྟོང་ཉིད་དུ་རྟོགས་ན། ཐམས་ཅད་སྟོང་ཉིད་དུ་རྟོགས་དགོས་ཞེས་གསུངས་པས། དཔེ་མངོན་སུམ་གྱིས་གྲུབ་ན་བསྒྲུབ་བྱ་ཡང་རྟོགས་པའི་ཕྱིར། སོ་སྐྱེ་ལ་སྟོང་ཉིད་མངོན་སུམ་རྟོགས་པའི་སྐྱོན་འོང་ངོ་སྙམ་ན། དཔེ་ལེན་པའི་ཚུལ་བདེན་པར་སྣང་ཡང་བདེན་པར་མེད་དེ། བྱད་བཞིན་དུ་སྣང་ཡང་རང་བཞིན་གྱིས་སྟོང་པ་བཞིན་ནོ་ཞེས་འགོད་པར་བྱེད་པས་སྐྱོན་མེད་དོ། །འོ་ན་བུམ་པ་ཀ་བས་སྟོང་པ་ཅིའི་ཕྱིར་ལེན་པར་མི་བྱེད་སྙམ་ན། བུམ་པ་ཀ་བར་སྣང་ཡང་ཀ་བས་སྟོང་པ་བཞིན་ཞེས་དཔེར་ལེན་དུ་མི་རུང་བས་མི་མཚུངས་སོ་ཞེས་གང་ཤེས་གསུངས་ཀྱང་ཞི་བ་འཚོས་རྗེས་དཔག་ཏུ་བཞེད་པ་ཉིད་ལེགས་སོ། །རྗེས་དཔག་གིས་སྒྲུབ་པའི་ཚུལ་ནི། གཟུགས་བརྙན་ཆོས་ཅན། བདེན་པར་མེད་དེ། འདུས་བྱས་དང་འདུས་མ་བྱས་གང་དུ་ཡང་བདེན་པར་མ་གྲུབ་པའི་ཕྱིར། རི་བོང་གི་རྭ་བཞིན། འདུས་མ་བྱས་སུ་མི་བདེན་ཏེ། དབང་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། འདུས་བྱས་སུ་མི་བདེན་ཏེ། དོན་ཤེས་གང་དུ་ཡང་མ་གྲུབ་པའི་ཕྱིར། འདུས་མ་བྱས་ཀྱི་ནམ་མཁའ་བཞིན་ནོ། །དོན་ཤེས་གཉིས་སུ་མ་གྲུབ་པའི་ཚུལ་ནི་ཤེས་པར་མི་བདེན་ཏེ། ཕྱི་རོལ་དུ་སྣང་བའི་ཕྱིར། དོན་དུ་མི་བདེན་ཏེ། མེ་ལོང་དང་དེ་བས་གཞན་དུ་ཡང་མི་འཐད་པའི་ཕྱིར། མེ་ལོང་དང་གཅིག་ཏུ་བདེན་ཏེ། གཟུགས་བརྙན་གཡོ་ཡང་མེ་ལོང་གི་ཆ་ཤས་ཙམ་ཡང་མི་གཡོ་བའི་ཕྱིར། གལ་ཏེ་གཟུགས་བརྙན་གཞན་ཞིག་མེ་ལོང་གི་ནང་དུ་དམིགས་སོ་ཞེ་ན། མེ་ལོང་དང་གོ་ས་གཅིག་ན་གནས་པ་དང༌། གཞན་ན་གནས་པ་མི་འཐད་པའི་ཕྱིར་རོ། །གཟུགས་བརྙན་རྫས་ཐ་དད་པ་གཉིས་གོ་ས་གཅིག་ན་གནས་པ་ཡང་མེད་དེ། ཐོགས་བཅས་མ་ཡིན་པར་ཐལ་བའི་ཕྱིར་རོ། །ལྡོག་ཁྱབ་ངེས་པ་ཡིན་ཏེ། བདེན་པར་གྲུབ་ན་བདེན་པའི་གཅིག་དང་དུ་མ་གང་རུང་ལས་མི་འདའ་བའི་ཕྱིར་རོ། །གལ་ཏེ་བདེན་པའི་གཅིག་དང་དུ་མ་གཉིས་ལས་གཉིས་མ་ཡིན་གྱི་ཕུང་པོ་གསུམ་པ་མེད་ན་བདེན་པའི་གཅིག་དང་བྲལ་བར་བསྒྲུབས་པས་བདེན་པའི་དུ་མ་ཉིད་དུ་འགྱུར་ལ། དུ་མ་དང་བྲལ་བར་བསྒྲུབས་པས་གཅིག་ཏུ་འགྱུར་བས་རྟགས་གང་རུང་ཞིག་བསྒྲུབ་ན་ཅིག་ཤོས་མི་འགྲུབ་པར་འགྱུར་རོ། །ཕུང་པོ་གསུམ་པ་ཡོད་ན་བདེན་པའི་ཕྱོགས་གཉིས་བཀག་ཀྱང་བདེན་པ་མཐའ་དག་མི་ཁེགས་པས་བདེན་པའི་ལྷག་མ་ལུས་པར་འགྱུར་རོ་ཞེ་ན། བདེན་པར་གྲུབ་ན་གཉིས་པོ་ལས་མི་འདའ་བས་གཉིས་པོ་བཀག་པ་ན་བདེན་པའི་ལྷག་མ་མ་ལུས་ཤིང༌། སྣང་བ་ནི་བདེན་པའི་ཁོངས་སུ་མ་གཏོགས་པའི་ཕྱིར། བདེན་པའི་གཅིག་དང་བྲལ་བར་བསྒྲུབ་པས་ཅིག་ཤོས་ཉིད་དུ་མི་འགྱུར་རོ། །རྟགས་འདི་ལས་དབུ་མ་པའི་ལྟ་བ་གང་གི་ཚེ་སྐྱེ་ཞེ་ན། བསྒྲུབ་བྱ་རྟོགས་པའི་ཚེ་སྐྱེ་བར་འདོད་པ་དང༌། ཕྱོགས་ཆོས་ངེས་པའི་ཚེ་སྐྱེ་བར་འདོད་པའི་ཕྱོགས་གཉིས་ལས་དོན་སྒྲུབ་ཏུ་འདོད་ན་སྔ་མ་ལྟར་ཡིན་མོད་ཀྱང༌། ཐ་སྙད་སྒྲུབ་ཡིན་པས་ཕྱི་མ་ལྟར་དོན་ལ་གནས་ཏེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བར་ངེས་ན་བདེན་འཛིན་གྱི་ལྷག་མ་མ་ལུས་པས་སྟོང་ཉིད་རྟོགས་པའི་ལྟ་བ་སྐྱེས་ཟིན་པའི་ཕྱིར། དེ་སྐད་དུ་ཡང་དཔལ་སྦས་ཀྱིས་དབུ་མ་དེ་ཁོ་ན་ཉིད་ལ་འཇུག་པ་ལས། རང་བཞིན་མེད་པའི་ཐ་སྙད་དུ། །རུང་བ་ཉིད་དུ་བསྒྲུབ་པར་བྱེད། །གཅིག་དང་དུ་མའི་རང་བཞིན་ཉིད། །བྲལ་བས་རང་བཞིན་མེད་པ་ཉིད། །ཅེས་དང༌། དབུ་མ་རྒྱན་གྱི་རང་འགྲེལ་ལས། བསྒྲུབ་པའི་ཡུལ་ཅན་གྱི་ཤེས་པ་དང་སྒྲའི་ཐ་སྙད་རྣམས་བསྒྲུབ་པའི་ཕྱིར། དཔེར་ན་འདི་ནི་གླང་སྟེ་ལྐོག་ཤལ་ལ་སོགས་པ་འདུས་པའི་བདག་ཉིད་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ལྔ་པ་རྗེས་དཔག་གི་གཞལ་བྱ་དཔྱད་པ་ལ། འགའ་ཞིག་སྣང་བ་དཔྱད་གཞིར་གཟུང་ནས་རིགས་པས་དཔྱོད་པ་ན་ཡུལ་ཅིར་ཡང་མ་རྙེད་པ་ཙམ་ལ་སྟོང་ཉིད་རྟོགས་སོ་ཞེས་བརྗོད་པ་ཡིན་པས་རིགས་ཤེས་ལ་ཡུལ་མེད་ལ། རྗེས་དཔག་གི་ལྡོག་པས་སྣང་བ་ཁྱད་གཞིར་གཟུང་ནས་ཁྱད་པར་གྱི་ཆོས་ལ་སྒྲོ་འདོགས་གཅོད་པའི་ཕྱིར་རྗེས་དཔག་ལ་ཡུལ་ཡོད་ལ། རིགས་ཤེས་ལ་ཡུལ་མེད་དོ་ཞེས་འདོད་དོ། །འོ་ན་རིགས་ཤེས་ཚད་མ་མིན་པར་འགྱུར་ཏེ། གཞལ་བྱ་མེད་པའི་ཕྱིར་རོ། །རྗེས་དཔག་ལ་རིགས་ཤེས་སུ་མི་འདོད་ན་རིགས་པ་ལ་བརྟེན་ནས་སྒྲོ་འདོགས་གཅོད་བྱེད་ཀྱི་བློ་མིན་པར་འགྱུར་རོ། །གལ་ཏེ་རྗེས་དཔག་ནི་རིགས་ཤེས་མིན་ལ། གལ་ཏེ་ཡིན་ན་ཆོས་ཅན་སྣང་ངམ། མི་སྣང༌། དང་པོ་ལྟར་ན་དོན་དམ་དུ་འགྱུར་ཏེ། མཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་ཆོས་ཅན་མ་བཟུང་བས་ཁྱད་པར་གྱི་ཆོས་ལ་སྒྲོ་འདོགས་མི་ཆོད་དོ་ཞེ་ན། འདི་ལ་སྣང་བཅས་པའི་ཕྱོགས་དང༌། སྣང་མེད་པའི་ཕྱོགས་གཉིས་ལས། དང་པོ་ནི། སྣང་བ་བཟུང་ཡང་དོན་དམ་དུ་མི་འགྱུར་ཏེ། སྣང་བ་བདེན་མེད་ཀྱི་ཚུལ་དུ་འཇལ་བའི་ཕྱིར་དང༌། སྣང་བ་གནས་ཚུལ་དུ་མི་འཐད་པར་རྟོགས་པའི་ཕྱིར་ཡུལ་ལ་ཡང་གཉིས་ཏེ། དམིགས་ཡུལ་དང་འཛིན་སྟངས་ཀྱི་གཟུང་བྱའོ། །དམིགས་ཡུལ་ཡིན་པ་ཙམ་གྱིས་དོན་དམ་དུ་མི་འགྱུར་ཏེ། དོན་དམ་ནི་གཞལ་བྱའམ་འཛིན་སྟངས་ཀྱི་ལྡོག་པ་ནས་འཇོག་པའི་ཕྱིར། གནད་འདི་མ་རྟོགས་པས་རྗེས་དཔག་ལ་རིགས་ཤེས་སུ་མི་འདོད་པར་རིགས་ཤེས་ལོགས་སུ་ཚོལ་བའི་ངལ་བ་རྩོམ་པ་དོན་མེད་དོ། །སྣང་མེད་པས་ནི་རིགས་ཤེས་རྣམ་པར་དཔྱད་ནས་འཇུག་པའི་བློ་ཡིན་ལ། དཔྱད་ན་སྣང་བ་ཙམ་ཡང་མི་རྙེད་པའི་ཕྱིར་ཆོས་ཅན་ཡང་མི་སྣང་ལ། དེ་མི་སྣང་བས་དོན་དམ་དུ་ཐལ་བའི་སྐྱོན་ལས་གྲོལ་ལོ། །སྤྲོས་པ་གཅོད་པའི་རྗེས་དཔག་ལ་ཡུལ་གྱི་སྣང་བ་མི་མངའ་བས་མཉམ་བཞག་སྣང་མེད་ཡིན་པའི་གནད་ཀྱང་དེ་ཡིན་ཏེ། རིགས་ཤེས་ཀྱི་རྙེད་དོན་དེ་ཉིད་ལ་མཉམ་པར་འཇོག་པའི་ཕྱིར་ཞེས་འདོད་དོ། །འདི་དག་རྒྱས་པར་ནི་ལམ་གྱི་སྐབས་སུ་འཆད་དོ། །གང་ཤེས་སོགས་ནི། སྣང་བ་བདེན་པར་ཡོད་པ་ལ་གནོད་བྱེད་ཐེངས་པ་ཙམ་གྱིས་སྣང་བ་བདེན་མེད་འཇལ་ལོ་ཞེས་བརྗོད་པ་ཙམ་ཡིན་ལ། མཚན་མར་གྲུབ་པའི་ཡུལ་དུ་གཟུང་བྱ་མེད་པ་ཙམ་ལ་ཡུལ་མེད་པ་ཞེས་འདོགས་པར་ཟད་ཀྱི། གཞལ་བྱ་གཏན་མེད་པ་ནི་མིན་ནོ་ཞེས་གསུངས་སོ། །བོད་དག་གིས་འཁྲུལ་གཞི་ནི། ཆོས་ཅན་ལ་སྤྲོས་པ་རྣམ་པར་བཅད་ཙམ་རིགས་ཤེས་ཀྱི་ཡུལ་ཡིན་ན་རིགས་པས་གྲུབ་པས་བདེན་པ་ཉིད་དུ་འགྱུར་ཏེ། བདེན་པའི་དོན་དེ་ལས་གཞན་མེད་པའི་ཕྱིར་ཏེ། དེ་ལྟར་ན་དགག་བྱ་ལོག་པའི་སྐྱོན་ཡོད་སྙམ་དུ་བསམ་པ་ཡིན་ནོ། །བདེན་པའི་སྒྲ་མི་བསླུ་བར་བརྗོད་པ་དང༌། རིགས་པས་དཔྱད་བཟོད་དམ་གནས་ཚུལ་ལ་གྲུབ་པ་གཉིས་ལས། སྣང་བའི་སྟེང་དུ་དགག་པ་ནི་ཕྱི་མ་ཡིན་ལ། དང་པོ་ནི་དགག་བྱ་མིན་པར་བསྟན་ཟིན་ཏོ། །རིགས་པས་གྲུབ་པས་དགག་བྱར་འགྱུར་ན་བདག་མེད་གཉིས་ཀྱང་རིགས་པས་གྲུབ་པས་དགག་བྱ་ཉིད་དུ་འགྱུར་རོ། །འགའ་ཞིག་རིགས་ཤེས་ཀྱི་ཡུལ་སྐྱེ་མེད་ནི་ཡུལ་གྱི་གནས་ཚུལ་གྱི་དོན་དམ་དུ་འདོད་དགོས་ལ། བཏགས་པ་བར་བཤད་པ་མི་འཐད་ཅེས་སྨྲ་བ་ནི་ནོར་བ་ཁོ་ན་སྟེ། བདེན་གཉིས་ལས། ཡུལ་ཅན་རིགས་ཤེས་ནི་དོན་དམ་པ་ཡིན་ལ། དེའི་མིང་གིས་སྐྱེ་མེད་སོགས་ལ་བཏགས་པར་བཤད་པ་དང༌། ཡང་དག་པ་དང་མཐུན་པའི་ཕྱིར་དོན་དམ་ཡིན་པར་ཁོ་བོ་ཅག་འདོད་དོ་ཞེས་དང༌། རིགས་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། ཅིའི་ཕྱིར་ཞེ་ན། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་གསུངས་སོ། །གཞུང་འདིས་ཀུན་རྫོབ་ཏུ་ཡོད་པར་གསུངས་པ་ཡིན་གྱི། ཀུན་རྫོབ་ཏུ་གསུངས་པ་མིན་ཞེས་པ་ཡང་བཞད་གད་ཀྱི་གནས་སོ། །སྐྱེ་བ་ལ་སོགས་བཀག་པ་ཡང༌། །ཞེས་པའི་ཡང་གི་སྒྲ་གསུངས་པ་ཡང་རྣམ་རིག་པ་དག་གིས་སྐྱེ་བ་བཀག་པ་ཡང་དག་པ་ཁོ་ནར་འཛིན་པས་དེ་ཕྱོགས་མཐུན་གྱི་དོན་དམ་དུ་བསྡུ་བའི་དོན་དུ་ཡང་གི་སྒྲ་སྨྲོས་ཞེས་པའི་དོན་དང་འགལ་བ་ཡིན་ནོ། །རྗེས་དཔག་གི་ཡུལ་གྱི་སྐྱེ་མེད་དོན་དམ་བཏགས་པ་བ་ཡིན་ལ། འཕགས་པའི་ཡེ་ཤེས་ཀྱི་ཡུལ་གྱི་སྐྱེ་མེད་ནི་མཚན་ཉིད་པའོ་ཞེས་བཤད་ནས། ཡང་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ཉིད་བསྒོམ་པར་བྱེད་ཅིང༌། འབྲས་བུའི་དུས་སུ་ཡང་དེ་ཉིད་མངོན་སུམ་དུ་འགྱུར་བ་ཡིན་ནོ་ཞེས་པ་ཡང་འགལ་བ་ཡིན་ཏེ། བསྒོམ་བྱའི་དོན་དམ་བཏགས་པ་བ་དང་མངོན་དུ་གྱུར་པའི་དོན་དམ་མཚན་ཉིད་པ་དོན་མི་གཅིག་པར་སོང་བའི་ཕྱིར་རོ། །སྤྲོས་པ་གཅོད་པའི་རྗེས་དཔག་དོན་དམ་མཚན་ཉིད་པ་མིན་ཏེ། རྟོག་པ་ཡིན་པས་སོ། །འཕགས་པའི་ཡེ་ཤེས་དོན་དམ་མཚན་ཉིད་པ་ཡིན་ཏེ། སྤྲོས་མེད་ཡིན་པའི་ཕྱིར་ཞེས་པ་ཡང་བརྟག་པར་བྱ་སྟེ། མཐར་ཐུག་གི་མངོན་པར་འདོད་པའི་དོན་ལ་མི་བསླུ་བ་ལ་དོན་དམ་དུ་འཇོག་ལ། སྤྲོས་པ་གཅོད་པའི་རིགས་ཤེས་ལ་འདི་ཡོད་པས་ཅིའི་ཕྱིར་དོན་དམ་མིན། བདེན་གཉིས་དང༌། བརྒྱད་སྟོང་འགྲེལ་ཆེན་དང༌། དབུ་མ་སྣང་བ་གསུམ་ཀ་ལས་དོན་དམ་མཚན་ཉིད་པར་གསུངས་པ་དང་འགལ་བར་སྣང་སྟེ། ལུང་ནི་སྔར་དྲངས་ཟིན་ཏོ། །དེས་ན་རྟོག་པ་ཡོད་མེད་ཀྱི་སྒོ་ནས་དོན་དམ་མཚན་ཉིད་པ་དང་བཏགས་པ་བར་འཇོག་པ་མ་ཡིན་གྱི། མཐར་ཐུག་གི་དོན་ལ་བསླུ་མི་བསླུའི་སྒོ་ནས་འཇོག་པ་ཡིན་ཏེ། མདོ་ལས། བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ་ཞེས་གསུངས་པ་ལྟར་རོ། །འདིར་མི་བསླུ་བ་ཞེས་པས་བདེན་པ་དམ་པར་འཇོག་པའི་དོན་བསྟན་ལ། མྱ་ངན་ལས་འདས་པ་ཞེས་པ་ནི་མཚན་ཉིད་ངོས་གཟུང་བ་ཡིན་ནོ། །མྱང་འདས་ཀྱང་གཉིས་ཏེ། རང་བཞིན་གྱིས་སྟོང་ཉིད་ལ་བརྗོད་པ་དང༌། གློ་བུར་དྲི་བྲལ་ལ་བརྗོད་པ་གཉིས་ལས་འདི་དང་པོའི་དབང་དུ་བྱས་པར་སློབ་དཔོན་ཟླ་བས་བཤད་དོ། །ཡང་འགའ་ཞིག་གིས་རིགས་ཤེས་ལ་རྟོག་བཅས་རྟོག་མེད་གཉིས་སུ་ཕྱེ་ནས་འཕགས་པའི་མཉམ་གཞག་ཐམས་ཅད་རིགས་ཤེས་སུ་འདོད་པ་ནི་ཤིང་རྟའི་སྲོལ་འབྱེད་གང་ནས་ཀྱང་མི་འབྱུང་ཞིང༌། རིགས་ཤེས་ཀྱི་སྒྲ་དོན་ལ་དཔྱད་པ་མ་ཞུགས་པ་ཞིག་གོ །གལ་ཏེ་རིགས་པ་ཡང་ཡིན་ལ་ཤེས་པ་ཡང་ཡིན་པས་རིགས་ཤེས་སོ་སྙམ་ན། རིགས་པ་བཞི་གང་ཡིན། ལྟོས་པ་དང་བྱ་བ་བྱེད་པའི་རིགས་པ་མི་འཐད་དེ། ཀུན་རྫོབ་པའི་ཡུལ་ཡིན་པའི་ཕྱིར། འཐད་པ་སྒྲུབ་པའི་རིགས་པ་ཡང་མི་འཐད་དེ། ཐལ་འགྱུར་དང་གཏན་ཚིགས་གང་ཡང་མིན་པའི་ཕྱིར། ཆོས་ཉིད་ཀྱི་རིགས་པ་ཡང་མི་འཐད་དེ། དོན་དམ་དཔྱོད་བྱེད་མིན་པའི་ཕྱིར། ཆོས་ཉིད་རྟོགས་པའི་བློ་ཡིན་པས་དོན་དམ་དཔྱོད་བྱེད་དོ་ཞེ་ན། དཔྱོད་པ་ཞེས་པའི་མིང་དོན་ལ་བློ་ཁ་མ་ཕྱོགས་པར་ཟད་དོ། །གཅིག་དང་དུ་བྲལ་གྱི་རྟགས་བསྟན་ཟིན་ཏོ། །གཉིས་པ་ཡོད་མེད་སྐྱེ་འགོག་ནི། ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། རྒྱུ་དུས་སུ་ཡོད་པ་སྐྱེ་བ་ཡང་མ་ཡིན། རྒྱུའི་དུས་སུ་མེད་པ་སྐྱེ་བ་ཡང་མ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ། །རྒྱུའི་དུས་སུ་ཡོད་པ་སྐྱེ་ཟེར་ན། འདི་ལ་རྒྱུ་འབྲས་འཆོལ་བར་ཐལ་བ་དང༌། རྒྱུ་མེད་པར་ཐལ་བ་དང༌། ཐུག་པ་མེད་པ་ཐལ་བ་དང་གསུམ་ལས། དང་པོ་ནི། བསྐྱེད་བྱ་དང་སྐྱེད་བྱེད་གང་ཡིན་སོ་སོར་གཟུང་དུ་མེད་པར་ཐལ་བར་འགྱུར་ཏེ། གཉིས་ཀ་གྲུབ་ཟིན་པ་ཁྱད་མེད་པའི་ཕྱིར། དེས་ན་གྲུབ་ཟིན་མཉམ་པོ་སྐྱེད་བྱེད་གང་དང་བསྐྱེད་བྱ་གང་དུ་འཛིན་པར་འགྱུར། གཉིས་པ་ནི། རྒྱུས་སྐྱེ་བ་ལ་ཕན་མ་བཏགས་པར་འགྱུར་ཏེ། རྒྱུ་དུས་སུ་རང་གི་ངོ་བོ་ཐོབ་ཟིན་པའི་ཕྱིར། དེ་ལྟར་ན་རྒྱུས་ཕན་མ་བཏགས་པས་རྒྱུ་མེད་དུ་ཐལ་བར་འགྱུར་རོ། །གསུམ་པ་ནི། གྲུབ་ཟིན་པ་ཡང་སླར་སྐྱེ་དགོས་ན་ཐུག་མེད་དུ་ཐལ་བར་འགྱུར་རོ། །རྒྱུའི་དུས་སུ་མེད་པ་སྐྱེ་ཟེར་ན། འདི་ལ་ཡང་བསྐྱེད་བྱར་མི་འཐད་པ་དང༌། རྒྱུའི་ནུས་པ་འཇུག་པའི་ཡུལ་མིན་པ་དང༌། ཧ་ཅང་ཐལ་བའི་སྐྱོན་དང་གསུམ་མོ། །དང་པོ་ནི། རྒྱུའི་དུས་སུ་བསྐྱེད་བྱར་མི་འཐད་དེ། མེད་པའི་ཕྱིར། འབྲས་བུའི་དུས་སུ་བསྐྱེད་བྱའོ་ཞེ་ན། མི་འཐད་དེ། རྒྱུ་འགགས་ཟིན་པས་གང་ཞིག་གང་གིས་བསྐྱེད་པར་བྱེད། རྒྱུའི་དུས་དང་འབྲས་བུའི་དུས་གང་དུ་ཡང་བསྐྱེད་བྱ་མ་ཡིན་ན་བསྐྱེད་པའི་དུས་མི་རྙེད་དེ། དེ་གཉིས་ལས་མ་གཏོགས་པའི་བསྐྱེད་པའི་དུས་མི་སྲིད་པའི་ཕྱིར། གཉིས་པ་ནི། རྒྱུའི་དུས་སུ་ཕན་འདོགས་པའི་ཡུལ་མེད་དེ། འབྲས་བུ་མེད་པའི་ཕྱིར་རོ། །གལ་ཏེ་མ་འོངས་པ་ན་འབྱུང་བར་འགྱུར་བ་བློ་ཡུལ་དུ་བསམ་ནས་འདི་ཡིས་འདི་ལ་ཕན་འདོགས་སོ་ཞེས་བརྗོད་དོ་ཞེ་ན། དེ་ལྟར་ན་རྟོག་པས་གཟུང་བར་ཟད་ཀྱི་དོན་དམ་དུ་ཇི་ལྟར་འགྱུར། གསུམ་པ་ནི། རི་བོང་གི་རྭ་ཡང་བསྐྱེད་བྱར་འགྱུར་བའམ། ཡང་ན་འབྲས་བུ་ཡང་བསྐྱེད་བྱ་མ་ཡིན་པར་འགྱུར་ཏེ། རྒྱུའི་དུས་སུ་མེད་པར་མཚུངས་པས་སོ། །ཚུལ་མི་འདྲ་སྟེ། འབྲས་བུ་ལ་ཡོད་ལ། ཅིག་ཤེས་ལ་མེད་པའི་ཕྱིར་རོ་ཞེ་ན། གཉིས་ཀ་མེད་པར་འདྲ་ན་འདི་འདིའི་རྒྱུ་ཡིན་ལ་འདིའི་མིན་ནོ་ཞེས་གང་གིས་བཞག་པར་ནུས། གཞན་ཡང་རྒྱུའི་དུས་ན་སྐྱེ་བའི་བྱ་བ་མེད་དེ། སྐྱེ་བ་པོ་མེད་པའི་ཕྱིར། སྐྱེ་བ་པོ་མེད་པའི་སྐྱེ་བའི་བྱ་བ་འགལ་བ་ཡིན་ནོ། །དེས་ན་སྐྱེ་བའི་བྱ་བ་མེད་པས་འབྲས་བུ་སྐྱེ་བ་ཡང་མི་འཐད་པ་ཉིད་དུ་གྲུབ་བོ། །འདིས་ནི་ཕྱོགས་ཆོས་ཐལ་བས་བསྒྲུབས་ནས། རྩ་བའི་གཏན་ཚིགས་ཀྱི་བསྒྲུབ་བྱ་ངེས་པར་བྱེད་པ་ཡིན་ནོ། །ཡོད་མེད་སྐྱེ་འགོག་བསྟན་ཟིན་ཏོ། །གསུམ་པ་རྡོ་རྗེ་གཟེག་མའི་གཏན་ཚིགས་ནི། རྡོ་རྗེའི་ཆ་ཤས་རེ་རེས་ཀྱང་བྲག་རི་འཇོམས་པར་བྱེད་པ་ལྟར་འདིའི་རིགས་པའི་ཆ་ཤས་རེ་རེས་ཀྱང་དངོས་པོར་སྨྲ་བའི་ལོག་རྟོག་གི་བྲག་རི་འཇོམས་པར་བྱེད་པའི་ཕྱིར་རྡོ་རྗེ་གཟེག་མ་ཞེས་བྱའོ། །རིགས་པ་གཞན་རྣམས་ལ་དགག་བྱ་འགོག་ཚུལ་གྱི་སྒོ་ནས་མིང་བཏགས་ལ། འདི་ནི་དཔེའི་སྒོ་ནས་བཏགས་པར་མངོན་ནོ། །འདི་ལ་བདག་ལས་མིན་ཞེས་བྱ་བའི་དམ་བཅའ་བཞི་བྱས་ནས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་རྟགས་སྒྲུབ་པར་བྱེད་ལ། སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ཟླ་བས་ནི་དམ་བཅའ་བཞི་པོའི་ལོག་ཕྱོགས་ལ་གནོད་བྱེད་ཀྱི་ཐལ་བ་བརྗོད་པའི་སྒོ་ནས་ངེས་པར་བྱེད་དོ། །དེས་ཕྱོགས་ཆོས་བསྒྲུབས་ནས་རྩ་བའི་གཏན་ཚིགས་ལ། ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། སྐྱེ་བའི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པར་མི་སྐྱེ་བའི་ཕྱིར་ཞེས་འགོད་པར་བྱེད་ལ། ཕྱོགས་ཆོས་རང་རྒྱུད་དང་ཐལ་འགྱུར་པས་སྒྲུབ་ཚུལ་གྱི་ཁྱད་པར་ཡོད་ལ། རྩ་བའི་གཏན་ཚིགས་དགོད་ཚུལ་འདྲ་སྟེ། འཇུག་པ་ལས། གང་གི་ཕྱིར་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེས་དང༌། །རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། །ཞེས་པ་ལྟར་རོ། །ཕྱོགས་ཆོས་བསྒྲུབས་པ་ལ་སློབ་དཔོན་གསུམ་ཀས་ཀྱང་དམ་བཅའ་བཞི་མཛད་ནས་རེ་རེ་ནས་རིགས་པས་བསྒྲུབས་པར་མཐུན་པར་སྣང་ངོ༌། །ག་ལས་འཇིགས་མེད་ལས་ཀྱང་དམ་བཅའ་བཞི་མཛད་ནས་སྒྲུབ་བྱེད་ཟུར་དུ་མི་སྨྲོས་པར་གཞུང་འོག་མ་རྣམས་ཀྱིས་འཆད་པར་བཞེད་དོ། །དེ་ལ་རང་རྒྱུད་ཀྱིས་སྒྲུབ་ཚུལ་ནི། ཕྱི་ནང་གི་སྐྱེ་མཆེད་ནི་དོན་དམ་པར་བདག་ལས་སྐྱེ་བ་མེད་དེ། རྒྱུའི་དུས་སུ་ཡོད་པའི་ཕྱིར། ཤེས་པ་ཡོད་པ་བཞིན་ནོ། །དོན་དམ་པར་རྐྱེན་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། བུམ་པ་བཞིན་ནོ། །འདིའི་གཏན་ཚིགས་ཚད་མས་གྲུབ་པར་ཁས་ལེན་དགོས་པས་འབྲས་བུ་རྒྱུ་ལས་གཞན་དུ་འདོད་པ་གསལ་ཞིང༌། ཀཱ་མ་ལ་ཤཱི་ལས་དབུ་མ་སྣང་བར་སྦྱོར་བ་འདི་བཀོད་ནས་ཐ་སྙད་པའི་གཞན་སྐྱེ་ཞལ་གྱིས་བཞེས་གསུངས་སོ། །གཉིས་ཀ་ལས་སྐྱེ་བ་མ་ཡིན་པ་ནི་གཏན་ཚིགས་སྔ་མ་བཞིན་ཏེ། བདག་དང་གཞན་ལས་སྐྱེ་བ་བཀག་པས་གཉིས་ཀ་བཀག་པར་འགྲུབ་པའི་ཕྱིར། རྒྱུ་མེད་པར་སྐྱེ་བ་མེད་དེ། སྤྱི་དང་ཁྱད་པར་དང་ལྡན་པའི་ཕྱིར། མྱུ་གུ་བཞིན་ནོ། །རྡོ་རྗེའི་གཟེག་མ་བསྟན་ཟིན་ཏོ། །བཞི་པ་མུ་བཞི་སྐྱེ་འགོག་ནི། རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་པ་མིན་ཏེ། གཞན་དུ་ན་འབྲས་བུ་གཅིག་སྐྱེ་བ་ལ་ཡང་རེ་རེས་ཕན་བཏགས་པའི་ཆ་དུ་མ་ཁས་བླངས་དགོས་པས་འབྲས་བུ་དུ་མར་བསྐྱེད་པའི་མུར་འགྱུར་རོ། །གལ་ཏེ་དེས་ཕན་བཏགས་པའི་ཆ་དུ་མ་ཁས་མི་ལེན་ན། གང་འབྲས་བུ་ལ་ཕན་བཏགས་པའི་ཆ་མེད་པ་དེ་རྒྱུ་མིན་པས་རྒྱུ་དུ་མར་མི་འགྱུར་རོ། །གལ་ཏེ་དུ་མས་འབྲས་བུ་དུ་མ་བསྐྱེད་ན་ཡང༌། རྒྱུ་ངོ་སྐལ་རེ་རེ་ལས་འབྲས་བུ་ངོ་སྐལ་རེ་རེ་སྐྱེད་ན་གཅིག་གིས་གཅིག་བསྐྱེད་པའི་མུར་འགྱུར་ལ། རྒྱུ་དུ་མའི་ནང་ནས་གཅིག་གིས་ཀྱང་འབྲས་བུ་དུ་མ་ལ་ཕན་འདོགས་ན་སྐྱེད་བྱེད་ཀྱི་རྒྱུ་གཅིག་པོ་དེ་ཡང་འབྲས་བུ་དུ་མ་ཡོད་པས་གཅིག་གིས་དུ་མ་བསྐྱེད་པའི་ཕྱོགས་སུ་ལྷུང་ངོ༌། །གཅིག་གིས་གཅིག་བསྐྱེད་པ་དང་གཅིག་གིས་དུ་མ་བསྐྱེད་པ་གཉིས་པོ་དགག་སླ་སྟེ། ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་གཉིས་མེད་པར་འབྲས་བུ་སྐྱེ་བ་གང་ཡང་མ་དམིགས་པས་སོ། །ཡང་ན་རྒྱུ་དུ་མས་འབྲས་བུ་གཅིག་མི་བསྐྱེད་དེ། རྒྱུ་ཐ་དད་པ་ནི་འབྲས་བུ་ཐ་དད་པའི་བྱེད་པ་པོ་མིན་པའི་ཕྱིར། ལྡོག་པའི་བྱེ་བྲག་གིས་ཐ་དད་པར་འདོད་ན་ནི། ཀུན་རྫོབ་པའི་དུ་མ་ཁོ་ནར་འགྱུར་གྱི། དོན་དམ་པའི་དུ་མར་མི་འགྱུར་རོ། །གཅིག་ལས་དུ་མ་སྐྱེ་བ་ཡང་མིན་ཏེ། འབྲས་བུའི་ཐ་དད་པ་རྒྱུའི་ཐ་དད་པས་མ་ཁྱབ་པར་ཐལ་ལོ། །དུ་མ་ལས་དུ་མ་སྐྱེ་བ་ཡང་མིན་ཏེ། རྒྱུ་ངོ་སྐལ་རེ་རེས་འབྲས་བུ་ངོ་སྐལ་རེ་རེ་བསྐྱེད་ན་གཅིག་གིས་གཅིག་བསྐྱེད་པའི་ཕྱོགས་སུ་འགྱུར་ལ། དེ་ནི་མི་འཐད་དེ། རྒྱུ་གཅིག་ཁོ་ནས་འབྲས་བུ་བསྐྱེད་པ་ཡང་མེད་པའི་ཕྱིར་རོ། །རྒྱུ་ཐམས་ཅད་ཀྱིས་འབྲས་བུ་རེ་རེ་ལ་ཕན་འདོགས་ན་དུ་མ་ལས་གཅིག་སྐྱེ་བའི་ཕྱོགས་སུ་འགྱུར་བས་ཉེས་པ་བཤད་ཟིན་ཏོ། །སྐྱེ་བ་བདེན་པ་མེད་དེ། སྐྱེ་ཚུལ་མུ་བཞིར་མི་འཐད་པའི་ཕྱིར་དང༌། དེ་ལས་སྐྱེ་ཚུལ་གཞན་ཡང་མི་འཐད་པའི་ཕྱིར་རོ། །གལ་ཏེ་གཅིག་ལས་དུ་མ་སྐྱེ་བ་དང༌། དུ་མ་ལས་གཅིག་སྐྱེ་བར་མཐོང་བ་མིན་ནམ་ཞེ་ན། མི་མཐོང་ངོ་ཞེས་སུས་སྨྲས། མཐོང་བ་ཙམ་གྱིས་བདེན་པ་མིན་ཏེ། རྨི་ལམ་ལ་སོགས་པའི་ཡུལ་བརྫུན་པ་ཡང་སྣང་བའི་ཕྱིར་རོ། །བདེན་གཉིས་དང༌། ཀཱ་མ་ལ་ཤཱི་ལའི་དགོངས་པ་དཔྱིས་ཕྱིན་པར་བཀོད་དོ། །ཉེ་བར་བསྡུ་བའི་དོན་ནི། སྣང་ཙམ་འགོག་པ་མ་ཡིན་གྱི། །རིགས་པས་དཔྱད་ནས་གྲུབ་པ་འགོག །ཅེས་པའི་དོན་ནོ། །ལྔ་པ་རྟེན་འབྲེལ་གྱི་རྟགས་ལ། ཕྱི་ནང་གི་དངོས་པོ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་རོ། །འདིས་རྟག་ཆད་གཉིས་ཀའི་གཉེན་པོ་བྱེད་པས་གཞན་ལས་ལྷག་གོ་ཞེས་བསྟན་ཟིན་ཏོ། །རྟེན་འབྲེལ་ལ་ཡང་གཉིས་ཏེ། འཁོར་བའི་རྟེན་འབྲེལ་དང༌། རྣམ་བྱང་གི་རྟེན་འབྲེལ་གཉིས་སོ། དང་པོ་ལ་ཡང་ཕྱིའི་རྟེན་འབྲེལ་དང༌། ནང་གི་རྟེན་འབྲེལ་གཉིས་སོ། །དང་པོ་ནི། རྩ་བ་སྡོང་པོ་ཡལ་ག་ལོ་མ་མེ་ཏོག་འབྲས་བུའི་མཐར་ཐུག་པའི་བར་དུ་འབྱུང་བ་ལ་སོགས་པའོ། །གཉིས་པ་ནི། མ་རིག་པ་ལས་འདུ་བྱེད་ནས། རྒ་ཤིའི་མཐར་ཐུག་པའི་བར་དུ་འབྱུང་བའོ། །གཉིས་པ་རྣམ་བྱང་གི་རྟེན་འབྲེལ་ནི། ཚོགས་ལམ་ལས་སྦྱོར་ལམ། དེ་ལས་མི་སློབ་ལམ་གྱི་བར་དུ་འབྱུང་བའོ། །དཔེ་ནི་གཟུགས་བརྙན་ལ་སོགས་པ་སྟེ། དེ་ལ་རྗེས་འགྲོ་སྒྲུབ་ཚུལ་ཡང་བསྟན་ཟིན་ཏོ། །ལྡོག་པ་ནི་རྟེན་འབྲེལ་དང་ངོ་བོ་ཉིད་ཀྱིས་གྲུབ་པ་འགལ་བ་ཡིན་ཏེ། ངོ་བོ་ཉིད་ནི་རྒྱུ་རྐྱེན་གྱིས་མ་བྱས་པ་དང༌། གཞན་ལ་ལྟོས་ནས་བཞག་པ་མིན་པ་དང༌། གནས་སྐབས་གཞན་དུ་མི་འགྱུར་བའི་དོན་གསུམ་ཀ་ལ་འཇོག་པའི་ཕྱིར་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ལྟོས་ནས་བཏགས་པ་དང༌། རྒྱུ་རྐྱེན་ལས་སྐྱེས་པ་ལ་ལྟོས་ནས་བཏགས་པ་གཉིས་ཀ་ལ་ཡང་ངོ་བོ་ཉིད་ཀྱི་དོན་མེད་པའི་ཕྱིར། ཐུང་ངུ་དང་རིང་པོ་ལྟ་བུ་ལྟོས་ནས་བཏགས་པའི་རྟེན་འབྲེལ་ནི་གཞན་ལ་ལྟོས་ནས་བཞག་པའི་ཕྱིར་དང༌། གནས་སྐབས་གཞན་དུ་ཡང་འགྱུར་བའི་ཕྱིར་ཏེ། དཔེར་ན་མཚཾར་སྣོནཾ་ལྟ་བུ་འཕང་ལ་ལྟོས་ཏེ་རིང་པོར་བཞག་པ་དང༌། མདུང་ལ་ལྟོས་ཏེ་ཐུང་བར་བཞག་པ་དང༌། གང་ཟག་གཞན་ལ་ལྟོས་ཏེ་བུར་བཞག་པ་དང༌། ཕྱིས་འབྱུང་གི་གང་ཟག་གཞན་ལ་ལྟོས་ཏེ་ཕར་འགྱུར་བ་བཞིན་ནོ། །རྒྱུ་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་ནི། རྒྱུ་རྐྱེན་གྱིས་བཅོས་པ་དང༌། གཞན་ལ་ལྟོས་པ་དང༌། གཞན་དུ་འགྱུར་བ་ཡང་སྣང་བའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པ་དང་འགལ་བར་སྣང་ངོ༌། །གཉིས་པ་འགལ་བའི་གནད་ཀྱི་དོན་ནི། ཆོས་གང་དང་གང་གི་རང་བཞིན་ཡིན་པ་དེ་ནི་ཆོས་དེ་གང་ཡོད་པ་དེ་ན་ཡོད་པ་དང༌། གང་གྲུབ་པའི་དུས་ན་ཡོད་པ་ཉིད་དེ། རང་གི་རང་བཞིན་སྤངས་ནས་གཞན་དུ་གནས་པ་མི་སྲིད་པའི་ཕྱིར། མེའི་རང་བཞིན་སྤངས་ནས་ཚ་བར་གནས་པ་མི་སྲིད་པ་བཞིན་ནོ། །རྟེན་འབྲེལ་ནི་ཕ་རོལ་ལ་ལྟོས་ནས་ཚུ་རོལ་དུ་བཞག་པ་ཡང་ཚུ་རོལ་ལ་ལྟོས་ནས་ཕ་རོལ་ཏུ་འགྱུར་བས་ན་ཕ་རོལ་གྱི་རང་བཞིན་དུ་གྲུབ་པ་མེད་དོ། །མཚར་སྣོན་ཡང་རིང་པོའི་རང་བཞིན་དུ་གྲུབ་པ་མེད་དེ། མདུང་ལ་ལྟོས་ཏེ་རིང་པོ་འདོར་བའི་ཕྱིར་དང༌། ཐུང་ངུའི་རང་བཞིན་དུ་གྲུབ་པ་ཡང་མེད་དེ། འཕང་ལ་ལྟོས་ཏེ་རིང་པོར་འཇོག་པའི་ཕྱིར་རོ། །གལ་ཏེ་འཕང་ལ་ལྟོས་ཏེ་རིང་བ་དང་མདུང་ལ་ལྟོས་ཏེ་ཐུང་བའི་ཕྱིར་རིང་ཐུང་གཉིས་ཀའི་རང་བཞིན་ཡིན་ནོ་ཞེ་ན། མི་འཐད་དེ། ཆོས་གཅིག་གི་རང་བཞིན་འགལ་བ་གཉིས་འཛིན་པ་ནི་རིགས་པ་མིན་ཏེ། ཆོས་རྣམས་གནས་ལུགས་མི་མཐུན་པ་དུ་མ་མེད་པའི་ཕྱིར། རྒྱུ་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་ཡང་མྱུ་གུ་ལྟ་བུ་ས་བོན་ལ་ལྟོས་ཏེ་བསྐྱེད་བྱར་བཞག་པ་ཡང་ཕྱིས་སྙེ་མ་སོགས་ལ་ལྟོས་ཏེ་སྐྱེད་བྱེད་དུ་བཞག་པའི་ཕྱིར་བསྐྱེད་བྱར་མཐའ་གཅིག་ངེས་པ་མིན་ཏེ། གཞན་ལ་ལྟོས་ཏེ་སྐྱེད་བྱེད་དུ་འགྱུར་བའི་ཕྱིར། སྐྱེད་བྱེད་དུ་མཐའ་གཅིག་ཏུ་ངེས་པ་ཡང་མིན་ཏེ། གཞན་ལ་ལྟོས་ཏེ་བསྐྱེད་བྱར་འགྱུར་བའི་ཕྱིར་རོ། །ཕན་ཚུན་ལྟོས་བཞག་ཡིན་པས་རང་བཞིན་མེད་ཅེས་པའི་དོན་ཡང་འདི་ཁོང་དུ་མ་ཆུད་པ་དེ་སྲིད་དུ་ཚིག་གི་འདོན་པ་ལྷུར་བྱེད་པར་ཟད་དོ། །རྒྱུ་རྐྱེན་གྱིས་བཅོས་པ་ཡང་རང་བཞིན་དུ་འགལ་ཏེ། བཅོས་མའི་ནོར་བུ་ལ་ནོར་བུའི་རང་བཞིན་མ་ཡིན་པར་འཇིག་རྟེན་ན་ཐ་སྙད་བྱེད་པར་མཐོང་བའི་ཕྱིར་དང༌། ངོ་བོ་ཉིད་ཀྱི་དོན་ཡང་མ་བཅོས་པ་ལ་གྲགས་པའི་ཕྱིར་རོ། །འགའ་ཞིག་ཁྱད་པར་གསུམ་ལྡན་གྱི་རང་བཞིན་དགག་བྱར་གཟུང་བ་མི་འཐད་དོ་ཞེས་སྨྲ་བ་ཡང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཆེན་པོ་རྣམས་མ་མཐོང་ཞིང་དགོངས་པ་མ་ཤེས་པར་ཟད་དོ། །དངོས་པོར་སྨྲ་བས་ཕྱི་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པར་ཁས་བླངས་པ་ལ། ངོ་བོ་ཉིད་ཀྱི་དོན་ནི་ཁྱད་པར་གསུམ་ལྡན་ཡིན་པ་ལས། སྣང་བའི་དངོས་པོ་ལ་འདི་མེད་པའི་ཕྱིར་ངོ་བོ་ཉིད་མེད་ཅེས་པ་ལན་གསུངས་པའི་ཕྱིར། གལ་ཏེ་དངོས་པོ་སྨྲ་བས་ཀྱང་རྟེན་འབྲེལ་ཁས་བླངས་པ་མ་ཡིན་ནམ། ཅིའི་ཕྱིར་ངོ་བོ་ཉིད་ཀྱིས་གྲུབ་པར་ཁས་ལེན་ཞེ་ན། རྟེན་འབྲེལ་རྟོགས་ཀྱང་རང་བཞིན་མེད་པས་རྣམ་པ་ཁོང་དུ་མ་ཆུད་དེ། དཔེར་ན་སྒྲ་བྱས་པར་ཁོང་དུ་ཆུད་ཀྱང་མི་རྟག་པའི་རྣམ་པར་ཁོང་དུ་མ་ཆུད་པས་རྟགས་ཀྱིས་སྒྲུབ་དགོས་པ་བཞིན་ནོ། །དེས་ན་རྟེན་འབྲེལ་དུ་ཁས་བླངས་ནས་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་པ་ནི་འགལ་བ་སྨྲས་པ་ཡིན་པས་དེ་ཙམ་གྱིས་རྟེན་འབྲེལ་ངོ་བོ་ཉིད་ཀྱིས་གྲུབ་པ་དང་འགལ་བ་མ་ཡིན་པར་ཇི་ལྟར་འགྱུར། དེས་ན་རྟེན་འབྲེལ་རྟོགས་པས་རང་བཞིན་མེད་པར་རྟོགས་པ་དང༌། ངོ་བོ་ཉིད་ཀྱིས་སྒྲོ་འདོགས་པ་ལྟ་བ་པའི་ཁྱད་པར་ཡིན་ཏེ། དངོས་པོར་སྨྲ་བས་སྣང་བ་ལ་བདེན་པར་ཞེན་པའི་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་རྟེན་འབྲེལ་གྱི་སྒྲ་ཐོས་པའམ་རྟེན་འབྲེལ་གྱི་རྣམ་པར་ཤར་བ་ན་དེ་ལ་བརྟེན་ནས་བདེན་འཛིན་གྱི་བློ་སྐྱེ་ཞིང༌། དབུ་མ་པ་དག་ནི། སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས་པའི་སྟོབས་ཀྱིས་རྟེན་འབྲེལ་གྱི་སྒྲ་ཐོས་པ་ཙམ་གྱིས་རང་བཞིན་མེད་པའི་རྣམ་པ་ཁོང་དུ་ཆུད་ནས་སྟོང་ཉིད་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེད་པའི་ཁྱད་པར་དུ་བྱེད་པ་ཡིན་ནོ། །དེས་ན་གཟུགས་སོགས་ཀྱི་སྣང་བ་འདི་དག་སྐད་ཅིག་གིས་འགྱུར་བར་འཛིན་ཡང༌། རང་བཞིན་གྱིས་ཡོད་པར་སྒྲོ་འདོགས་པའི་འགལ་བ་འཛིན་པའི་བློ་དུ་མ་འབྱུང་བས་རང་ལ་གྲུབ་པའི་གཏན་ཚིགས་ཀྱིས་རང་བཞིན་གྱིས་གྲུབ་པ་ཐ་སྙད་དུ་ཡང་འགོག་པས་ན་ཐ་སྙད་དུ་ཡང་རང་བཞིན་མེད་ཅེས་བསྟན་པ་ཡིན་ནོ། །འཇུག་པ་ལས། བདེན་པ་གཉིས་སུ་རང་བཞིན་མེད་པའི་ཕྱིར། །ཞེས་ཐ་སྙད་དུ་ཡང་རང་བཞིན་མེད་ཅེས་གསུངས་པའི་དོན་ཡང་ཐ་སྙད་པའི་ཤེས་ངོར་གཞན་དུ་འགྱུར་བའི་ཕྱིར་རང་བཞིན་མེད་ཅེས་པའི་དོན་ཡིན་གྱི། ཐ་སྙད་པའམ་བློ་འཁྲུལ་པའི་ངོར་ཡང་བདེན་པར་མེད་ཅེས་པའི་དོན་ནི་མ་ཡིན་ལ། དོན་ནི་གཞན་དུ་འགྱུར་བས་ན་ཐ་སྙད་དུ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་མི་འཐད་ཅེས་པའི་དོན་ཡིན་ནོ། །རྟེན་འབྲེལ་གྱི་རྟགས་བསྟན་ཟིན་ཏོ།།  །།ཐལ་འགྱུར་པའི་ལུགས་བསྟན་པ་ལ། རྡོ་རྗེ་གཟེག་མ་ནི། ཕྱི་ནང་གི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། རྒྱུ་འབྲས་བདག་ཉིད་མི་གཅིག་པའི་ཕྱིར། གལ་ཏེ་གཅིག་ན་ནི་རྒྱུ་དུས་སུ་འབྲས་བུ་གྲུབ་ཟིན་པས་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། གྲུབ་ཟིན་སླར་ཡང་སྐྱེ་དགོས་ན་སྐྱེ་བ་ཐུག་མེད་དུ་འགྱུར་བའི་ཕྱིར། དེས་ན་གྲུབ་ཟིན་པ་སླར་ཡང་སྐྱེ་བ་ལ་དགོས་པ་ཡོད་པ་མ་ཡིན་ནོ་ཞེས་པ་འདི་ནི་དོན་དམ་པར་བདག་ལས་སྐྱེ་བ་འགོག་པའི་རིགས་པའོ། །འདིར་རང་རྒྱུད་ཀྱི་རྟགས་མི་དགོད་པ་ནི་བདག་ལས་སྐྱེ་བ་ལ་གནོད་བྱེད་མཐོང་བ་ཉིད་ཀྱིས་བདག་ལ་སྐྱེ་མེད་ཀྱི་དོན་རྟོགས་པས་རང་རྒྱུད་ཀྱི་རྟགས་མི་དགོས་པར་དགོངས་སོ། །འགའ་ཞིག་གིས་དོན་དམ་པར་བདག་ལས་སྐྱེ་བ་མེད་དེ་ཞེས་པའི་ཚུལ་དུ་དགག་བྱ་དོན་དམ་གྱིས་ཁྱད་པར་དུ་མི་བྱེད་ཅེས་པ་ནི་ནོར་བ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང་བརྟགས་ན་སྐྱེ་བ་མི་འཐད་ལ། སྐྱེ་བ་ཞེས་བྱ་བ་ནི་ཐ་སྙད་པའོ་ཞེས་གསུངས་པས་ན། དོན་དམ་གྱིས་ཁྱད་པར་དུ་བྱས་པར་བཞེད་པ་གསལ་ཏེ། རིགས་པས་བརྟགས་ན་སྐྱེ་བ་མི་འཐད་པ་དང༌། དོན་དམ་པར་མི་འཐད་པ་དོན་གཅིག་པའི་ཕྱིར་རོ། །དོན་དམ་པར་སྐྱེ་བ་དགག་པ་ན་དགག་བྱ་དོན་དམ་གྱིས་ཁྱད་པར་དུ་མ་བྱས་པ་མི་རུང་བའི་ཕྱིར་རོ། །སློབ་དཔོན་ཟླ་བས་ཀྱང༌། དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ནོ། །ཞེས་གསུངས་པའི་གཞུང་དུ་དེ་ཉིད་ཅེས་པའི་སྒྲ་སྦྱར་བའི་ཕྱིར་རོ། །ཐ་སྙད་དུ་ཡང་མཐའ་གཅིག་ཏུ་ངེས་པར་བདག་ལས་སྐྱེ་བ་མེད་དེ། རྒྱུ་ཞིག་ནས་ཀྱང་འབྲས་བུ་མཐོང་བའི་ཕྱིར། ས་བོན་འགགས་ཀྱང་མྱུ་གུ་མཐོང་བའི་ཕྱིར་དང༌། ཕ་ཤི་བའི་འོག་རོལ་དུ་བུ་མཐོང་བའི་ཕྱིར་རོ། །སློབ་དཔོན་ཟླ་བས་ནི་མ་གྲགས་པའི་དོན་མཐོང་བར་ཐལ་བ་དང༌། གྲགས་པའི་དོན་མི་རུང་བར་ཐལ་བ་དང༌། རྟོགས་པ་མཚུངས་པར་ཐལ་བ་དང༌། ཕན་ཚུན་འཆོལ་བར་ཐལ་བ་དང༌། ལས་དང་བྱེད་པ་པོ་གཅིག་པར་ཐལ་བ་དང་ལྔའི་སྒོ་ནས་དགག་པ་བྱེད་པར་སྣང་ངོ༌། །གཞན་ལས་ཀྱང་སྐྱེ་བ་མེད་དེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །བདག་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མེད་དེ། གཉིས་ཀའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དང༌། བརྩམ་པ་ཐམས་ཅད་དོན་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ཞེས་སངས་རྒྱས་བསྐྱངས་ཀྱིས་གསུངས་སོ། །འདི་དག་གི་རྣམ་པར་གཞག་པ་ལ་ལྔ་སྟེ། གཞན་ལ་གྲགས་པའི་རྗེས་དཔག འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ། རང་རྒྱུད་ཀྱི་དམ་བཅའ་འམ་མེད་པའོ། །དང་པོ་བཞི་ནི་གཞན་ཕྱོགས་འཇོམས་བྱེད་མཚོན་ཆ་ལྟ་བུའི་རིགས་པ་དང༌། ལྔ་པ་རང་ཕྱོགས་སྐྱོང་བའི་གོ་ཆའོ། །དང་པོ་སློབ་དཔོན་ཟླ་བའི་བཤད་ཚུལ་ལ། རང་ཕྱོགས་ལ་ཉེས་པ་སྤོང་བ་དང༌། གཞན་ལ་སྐྱོན་གནས་པའི་ཚུལ་གཉིས་ཀྱིས་འཆད་དོ། །བདག་ལས་སྐྱེ་མེད་སྒྲུབ་པ་ལ་གཞན་ལ་གྲགས་ཀྱི་རྗེས་དཔག་ནི། གྲངས་ཅན་པས་འཇིམ་པ་དང་བུམ་པ་བདག་ཉིད་གཅིག་ཏུ་ཁས་བླངས་པ་ལ། འཇིམ་དུས་ཀྱི་བུམ་པ་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེས་པ་དོན་མེད་དེ། གྲུབ་ཟིན་པའི་ཕྱིར། མངོན་གསལ་གྱི་བུམ་པ་བཞིན། རྟགས་དང་མཐུན་དཔེ་ཕ་རོལ་པོའི་ཁས་བླངས་པ་ལ་བརྟེན་པས་གཞན་ལ་གྲགས་ཀྱི་རྗེས་དཔག་གོ །དཔེ་ལ་ཁྱབ་པ་མགོ་སྙོམས་ཀྱིས་གཏན་ལ་འབེབས་ཏེ་ཕ་རོལ་པོས་མངོན་པར་མི་གསལ་བའི་བུམ་པ་སྐྱེ་དགོས་ལ་མངོན་གསལ་གྱི་བུམ་པ་སྐྱེ་མི་དགོས་ཏེ། གྲུབ་ཟིན་པའི་ཕྱིར་ཞེས་སྨྲ་བ་ན། མངོན་པར་མི་གསལ་བའི་བུམ་པ་ཡང་སྐྱེ་བ་དོན་མེད་པར་ཐལ། གྲུབ་ཟིན་པའི་ཕྱིར། གྲུབ་ཟིན་པར་མཚུངས་ཀྱང་སྐྱེ་མི་སྐྱེའི་ཁྱད་པར་ཡོད་ཅེས་སྨྲ་ན། དུ་བར་མཚུངས་ཀྱང་ལའི་དུ་བ་དང་ཚང་བང་གི་དུ་བ་ལ་མེས་ཁྱབ་མ་ཁྱབ་ཀྱི་ཁྱད་པར་ཡོད་པར་འགྱུར་བ་དང༌། བྱས་པར་མཚུངས་ཀྱང་སྒྲའི་བྱས་པ་དང་བུམ་པའི་བྱས་པ་ལ་མི་རྟག་པས་ཁྱབ་མ་ཁྱབ་ཀྱི་ཁྱད་པར་ཡང་ཡོད་ཅེས་སྨྲ་ན་མཚུངས་སོ། །གལ་ཏེ་དུ་བར་མཚུངས་པས་མེས་ཁྱབ་མ་ཁྱབ་ཀྱི་ཁྱད་པར་མེད་པ་དང༌། བྱས་པར་མཚུངས་པས་མི་རྟག་པས་ཁྱབ་མ་ཁྱབ་ཀྱི་ཁྱད་པར་མེད་དོ་ཞེས་འདོད་ན། ཡོད་པར་མཚུངས་པས་སྐྱེ་མི་སྐྱེའི་ཁྱད་པར་མེད་ཅེས་བྱ་སྟེ། རྩོད་ཟློག་ལས། མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་གྱིས། །ཞེས་པ་ལྟར་རོ། །འགལ་བརྗོད་ནི། ཐུག་མེད་དུ་སྐྱེ་བར་ཐལ། གྲུབ་ཟིན་ནས་ཀྱང་སྐྱེ་དགོས་པའི་ཕྱིར། ཡང་གྲུབ་ཟིན་ནས་སྐྱེ་བ་དོན་མེད་པར་ཐལ། སྐྱེ་བ་ཐུག་ཡོད་ཡིན་པའི་ཕྱིར་ཞེས་པ་སྟེ། གྲུབ་ཟིན་པ་དང་སྐྱེ་དགོས་པ་འགལ་བར་བརྗོད་པའོ། །གལ་ཏེ་འཇིམ་དུས་ཀྱི་བུམ་པ་སྐྱེ་དགོས་ཏེ། རྒྱུའི་བདག་ཉིད་དུ་ཡོད་པའི་ཕྱིར་ཞེ་ན། སྒྲུབ་བྱེད་ཉིད་བསྒྲུབ་བྱ་དང་མཚུངས་པར་ཚད་མས་མ་གྲུབ་པས་བསྒྲུབ་བྱ་སྒྲུབ་པ་ལ་མཐུ་མེད་དོ། །གཞན་ལས་སྐྱེ་བ་མེད་པར་སྒྲུབ་པ་ལ་ཡང་བཞི་སྟེ། གཞན་གྲགས་ནི། གལ་ཏེ་རྒྱུ་རྫས་གཞན་ལས་འབྲས་བུའི་རྫས་གཞན་སྐྱེ་བར་རིགས་པས་དཔྱད་བཟོད་ཀྱི་ཚུལ་དུ་ཡོད་ན་མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་བར་རིགས་པས་གནས་པར་ངེས་པར་ཐལ། མུན་པ་ལས་གཞན་ཉིད་ཀྱི་ངོ་བོར་གྲུབ་པའི་ཕྱིར། དཔེར་ན་ས་བོན་མྱུ་གུ་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་ཡང་མྱུ་གུ་སྐྱེད་བྱེད་དུ་རིགས་པས་འཐད་པ་བཞིན། རྟགས་དང་མཐུན་དཔེ་ཕ་རོལ་པོའི་ཁས་བླངས་ལ་བརྟེན་པས་གཞན་ལ་གྲགས་སོ། །གལ་ཏེ་མི་མཚུངས་ཏེ། ས་བོན་མྱུ་གུ་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་ཡང་མྱུ་གུ་བསྐྱེད་ལ། ཅིག་ཤོས་ཀྱིས་མུན་པ་མི་བསྐྱེད་པའི་ཕྱིར་ཞེ་ན། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །གལ་ཏེ་ས་བོན་ལས་མྱུ་གུ་འབྱུང་བར་མཐོང་ལ། མེ་ལྕེ་ལས་མུན་པ་འབྱུང་བ་ནི་འགའ་ཡང་མཐོང་བ་མེད་པའི་ཕྱིར་མི་མཚུངས་སོ་ཞེ་ན། འབྱུང་བར་མཐོང་བ་ཙམ་ཡིན་གྱི། རྫས་གཞན་ལས་སྐྱེ་བར་མཐོང་བ་མ་ཡིན་པས་ཉེས་པ་སྤང་བར་མི་ནུས་སོ། །མཐོང་དུ་ཆུག་ན་ཡང་དེ་ཙམ་གྱིས་བདེན་པར་གྲུབ་པར་མི་འགྱུར་ཏེ། རྨི་ལམ་དུ་དམིགས་པའི་མེ་ལས་ཀྱང་དུ་བ་འབྱུང་བར་མཐོང་བའི་ཕྱིར་རོ། །གལ་ཏེ་ཡུལ་འཁྲུལ་མ་འཁྲུལ་གྱི་ཁྱད་པར་ཡོད་པས་བདེན་མི་བདེན་གྱི་ཁྱད་པར་ཡོད་དོ་ཞེ་ན། ཡུལ་སྣང་ཙམ་དུ་ཡོད་པར་ཁྱད་པར་མེད་ཅིང༌། རིགས་པས་དཔྱད་ན་གནས་ཚུལ་ལ་མ་གྲུབ་པའི་ཕྱིར་འཁྲུལ་མ་འཁྲུལ་གང་གིས་འབྱེད་པར་བྱེད། གལ་ཏེ་ས་བོན་ལས་མྱུ་གུ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ལ། ཅིག་ཤོས་ནི་མིན་པས་མི་མཚུངས་སོ་ཞེ་ན། འབྱུང་བ་ཙམ་ཆོས་ཉིད་ཡིན་དུ་ཆུག་ཀྱང༌། རྫས་གཞན་ལས་སྐྱེ་བར་བདེན་པ་ཆོས་ཉིད་མིན་པས་ལན་མ་ཡིན་པ་ཉིད་དོ། །ཡིན་དུ་ཆུག་ན་ཡང་རིགས་པས་དཔྱད་ན་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་མིན་གྱི་བྱེ་བྲག་ཡོད་པ་ཡང་མི་འཐད་པར་ཐལ། རིགས་ངོར་ས་བོན་ལས་མྱུ་གུ་འབྱུང་བར་བདེན་པར་གྲུབ་ན། མེ་ལྕེ་ལས་མུན་པ་འབྱུང་བ་ཡང་རིགས་པས་གྲུབ་དགོས་པའི་ཕྱིར་ཏེ། ས་བོན་མྱུ་གུ་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་ནོ། །མྱུ་གུ་ཡང་ས་བོན་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་པ་ལྟར་མེ་ལྕེ་ཡང་མུན་པ་ལས་ངོ་བོ་ཉིད་ཀྱིས་གཞན་ཡིན་ཞིང༌། མུན་པ་ཡང་མེ་ལྕེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་གྲུབ་པར་མཚུངས་པའི་ཕྱིར་རོ། །དཔེ་དང་གཏན་ཚིགས་གཉིས་ཀ་གཞན་ལ་གྲགས་སོ། །གལ་ཏེ་ས་བོན་དང་མྱུ་གུ་རྒྱུད་གཅིག་ཏུ་གཏོགས་ལ། མེ་ལྕེ་དང་མུན་པ་ནི་དེ་ལྟར་མ་ཡིན་ནོ་ཞེ་ན། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་རྒྱུད་གཅིག་ཏུ་གཏོགས་མ་གཏོགས་ཀྱི་བྱེ་བྲག་ཀྱང་མི་འཐད་དེ། ངོ་བོ་ཉིད་ཀྱིས་གཞན་དུ་གྲུབ་པར་མཚུངས་པའི་ཕྱིར། སྐྱོན་སྤང་གི་ཁྱད་པར་ཇི་སྙེད་བཀོད་ཀྱང་གཞན་ཡིན་པའི་ཕྱིར་ཞེས་པ་འདིས་འཇོམས་ཏེ། ཟླ་བས། གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། །ཞེས་གསུངས་པ་ལྟར་རོ། །སློབ་དཔོན་ཟླ་བའི། མགོ་སྙོམས་ཀྱི་དོན་མ་རྟོགས་པར། གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་བར་འགྱུར་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་བར་འགྱུར། །ཞེས་པའི་དོན་སུན་འབྱིན་པར་འདོད་ནས། མི་སྨྲ་ཤེས་དོན་གོ་ཡིན་པ་ལྟར་རྟ་ཡང་སྨྲ་ཤེས་དོན་གོ་འགྱུར་ཏེ། སེམས་ཅན་དུ་མཚུངས་པའི་ཕྱིར་ཞེས་པ་དང༌། བདག་སྐྱེ་འགོག་པའི་རིགས་པས་གཞན་སྐྱེ་ཡང་ཁེགས་པར་འགྱུར་ཏེ། རིགས་པ་མཚུངས་པའི་ཕྱིར་ཞེས་སོགས་སྤྲོས་ཏེ་འཆད་པར་བྱེད་དོ། །འདི་ནི་གཞན་སྐྱེ་དོན་དམ་དུ་གྲུབ་པ་འགོག་པ་ཡིན་པས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ན་ས་བོན་རྫས་གཞན་ལས་མྱུ་གུ་འབྱུང་ལ། མེ་ལྕེ་རྫས་གཞན་ལས་མུན་པ་མི་འབྱུང་བའི་བྱེ་བྲག་དོན་དམ་པར་མི་རྙེད་དེ། གཞན་དུ་མཚུངས་པའི་ཕྱིར་ཞེས་པའི་དོན་ཡིན་པས། ཁྱོད་ཀྱིས་ཀྱང་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ན་རིགས་པར་མཚུངས་པའི་ཕྱིར་དང༌། སེམས་ཅན་དུ་མཚུངས་པའི་ཕྱིར་ཞེས་སྨྲ་དགོས་ན་དེ་ལྟར་སྨྲ་བར་མི་ནུས་པས་སྐྱོན་འཇུག་པའི་སྐབས་ག་ལ་ཡོད། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟགས་ན་རིགས་པ་གཉིས་པོ་དང་མི་དང་དུད་འགྲོ་ལ་སོགས་པ་ཡང་རྙེད་པ་མ་ཡིན་ན་ངོ་བོ་ཉིད་ཀྱིས་མཚུངས་པར་གྲུབ་པ་ཙམ་ཡང་ག་ལ་ཡོད། གཞུང་དུ་ཞོའི་གནས་སྐབས་ཀྱིས་འོ་མ་འཇིག་པར་བྱེད་དོ་ཞེས་སྨྲ་བ་ཡང་མི་འཐད་དེ། ཞོ་དུས་སུ་འོ་མ་མེད་པའི་ཕྱིར། མེད་ཀྱང་འཇིགས་པར་བྱེད་ན་བོང་བུའི་རྭའི་རྣོན་པོ་ཡང་འཇིག་པར་བྱེད་པར་འགྱུར་ཏེ། མེད་པའི་ཕྱིར་ཞེས་སོགས་ཀྱི་རིགས་པའི་ཚུལ་མང་དུ་གསུངས་པ་ཡང་མགོ་སྙོམས་ཀྱི་རིགས་པས་རྟོགས་པར་བྱ་དགོས་སོ། །གནད་ཀྱི་དོན་ནི། དངོས་པོར་སྨྲ་བ་དང་བདེན་པར་ཡོད་མེད་རྩོད་པའི་ཚེ་བདེན་པར་བསྒྲུབ་པ་ལ་སྤྱིར་གྲུབ་པ་ཙམ་ཞིག་རྟགས་སུ་བཀོད་ན་ཁྱབ་པ་མ་ངེས་ལ། བདེན་པར་གྲུབ་པ་རྟགས་སུ་བཀོད་ན་མ་གྲུབ་བོ། །རང་ཕྱོགས་བདེན་མེད་དུ་བསྒྲུབ་པ་ལ་ནི་ཆོས་གང་རྟགས་སུ་བཀོད་ཀྱང་ཁྱབ་པ་ངེས་པ་ཡིན་ཏེ། མི་མཐུན་ཕྱོགས་ལས་ལྡོག་པའི་ལྡོག་པ་ངེས་པའི་ཕྱིར་རོ། །མི་མཐུན་ཕྱོགས་བདེན་པ་མེད་པས་དེ་ལ་ཞུགས་པ་མི་སྲིད་དོ། །འདི་ལ་དགོངས་ནས། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་ན། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་པ་དང༌། སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་གི་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་སོ། །འདིར། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །ཞེས་པ་དང༌། སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །ཞེས་དུས་ཀྱི་ཁྱད་པར་གསུངས་པ་ཡང་བདེན་པར་ཡོད་མེད་རྩོད་པའི་དུས་ཀྱི་དབང་དུ་བྱས་པ་ཡིན་པར་བྱེ་བྲག་ཏུ་ངེས་པར་བྱ་དགོས་སོ། །དོན་འདི་ཁོང་དུ་མ་ཆུད་པར་ལྡོག་པ་གཅིག་པའི་དཔུང་འཕུལ་དང༌། རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱི་རྣམ་གཞག་བྱེད་པར་མི་འཐད་ཅེས་སྨྲ་བ་ནི་རྩ་བ་ཤེས་རབ་ཀྱི་རིགས་པའི་རྣམ་གཞག་ཕྱིན་ཅི་མ་ལོག་པ་ཤེས་རེ་སྐན། མར་མེས་མུན་པ་མ་ཕྲད་པར་སེལ་བར་བྱེད་ཅེས་གཞན་གྱིས་སྨྲས་པ་ཡང༌། ཁང་ནང་གི་མར་མེ་འདིས་འཇིག་རྟེན་ཀུན་ན་གནས་པའི་མུན་པ་སེལ་བར་འགྱུར་ཏེ། མ་ཕྲད་པའི་ཕྱིར་ཞེས་བྱ་བ་ཡང་འདི་ལས་རྟོགས་པར་བྱེད་དགོས་སོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ན་སེལ་བ་མི་འཐད་དེ་ཞེས་པའི་དོན་དུ་བཤད་པར་བྱ་སྟེ། ཕ་རོལ་པོས་རིགས་པས་བརྟགས་ནས་བསལ་བྱ་སེལ་བྱེད་དུ་ཁས་བླངས་པའི་ཕྱིར་རོ། །མགོ་སྙོམས་ཀྱི་ཚུལ་ཡང་གཉིས་ཏེ། མཚུངས་ཆོས་རང་གིས་ཁས་བླངས་ནས་མཚུངས་པ་བསྒྲེ་བ་དང༌། རྒྱུ་མཚན་གྱི་སྒོ་ནས་གཞན་ཁས་ལེན་དུ་འཇུག་པ་སྟེ། དང་པོ་ནི་ཁྱོད་ཀྱིས་སྒྲ་བྱས་པར་ཁས་ལེན་ན། ཁོ་བོས་རྒྱུ་རྐྱེན་ལས་སྐྱེས་པར་ཁས་ལེན་ཞེས་པ་ལྟ་བུ་ཡིན་ལ། གཉིས་པ་ནི་རྒྱུ་མཚན་མཚུངས་པས་བུམ་པ་ཡང་བྱས་པར་ཁས་ལེན་དགོས་སོ་ཞེས་པ་ལྟ་བུའོ། །འདི་ནི་མཐུན་དཔེ་དང་རྩོད་གཞི་མགོ་སྙོམས་པས་ན་མགོ་སྙོམས་ཞེས་བྱའོ། །འགལ་བ་བརྗོད་པའི་ཐལ་འགྱུར་ནི། །ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། རང་ལས་རྫས་གཞན་དུ་གྱུར་པའི་རྒྱུ་ལས་སྐྱེ་བ་དོན་མེད་དེ། གཞན་དུ་གྲུབ་ཟིན་པའི་ཕྱིར། ཡང་ན་རྫས་གཞན་དུ་གྲུབ་པར་ཐལ། རྒྱུ་ལས་སྐྱེ་དགོས་པའི་ཕྱིར་ཞེས་པ་སྟེ། འདི་ནི་གཞན་དུ་གྲུབ་ཟིན་པ་དང་སྐྱེ་དགོས་པ་གཉིས་འགལ་བར་སྟོན་པས་ན་འགལ་བ་བརྗོད་དོ། །སྐྱེ་བ་ཙམ་གྱི་སྒྲུབ་བྱེད་དུ་བདེན་པའི་ཆོས་རྟགས་སུ་བཀོད་ན་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །གཞན་སྐྱེ་བཀག་ཟིན་ཏོ། །གཉིས་ཀ་ལས་སྐྱེ་བ་འགོག་པ་ལ། གཞན་ལ་གྲགས་ནི། གཉིས་ཀ་ལས་སྐྱེ་བ་མིན་ཏེ། བདག་ལས་སྐྱེ་བ་ལ་གནོད་བྱེད་ཡོད་ལ། གཞན་ལས་སྐྱེ་བ་ལ་ཡང་གནོད་བྱེད་ཡོད་པའི་ཕྱིར་ཕ་རོལ་པོས་བདག་གཞན་རེ་རེ་ལས་སྐྱེ་བ་ལ་གནོད་བྱེད་ཡོད་པར་འདོད་པས་གཞན་ལ་གྲགས་སོ། །མཐུན་དཔེ་ནི། བྱེ་མ་རེ་རེས་ཏིལ་མར་འབྱིན་མི་ནུས་ན་ཚོགས་པས་ཏིལ་མར་འབྱིན་མི་ནུས་པ་བཞིན་ནོ། །དཔེ་དོན་མི་མཚུངས་ཞེས་ཟེར་ན། མཐུན་དཔེ་ལ་ཁྱབ་པ་མགོ་སྙོམས་ཀྱི་རིགས་པས་གྲུབ་བོ། །འགལ་བརྗོད་ནི། འོ་ན་བདག་ལས་སྐྱེ་བ་འགལ་བར་ཐལ། རྒྱུ་འབྲས་བདག་ཉིད་མི་གཅིག་པའི་ཕྱིར། གཅིག་ན་གཞན་ལས་སྐྱེ་བ་འགལ་ཏེ། རྒྱུ་འབྲས་གཞན་དུ་མ་གྲུབ་པའི་ཕྱིར། གཞན་གྱིས་བཀོད་པའི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའི་ཚུལ་སྔ་མ་བཞིན་ནོ། །རྒྱུ་མེད་ལས་སྐྱེ་བ་འགོག་པ་ལ། གཞན་གྲགས་ནི། ཕྱི་ནང་གི་དངོས་པོ་ཆོས་ཅན། རྒྱུ་མེད་དུ་སྐྱེ་བ་མི་འཐད་དེ། རྒྱུ་ལས་སྐྱེ་བར་མཐོང་བའི་ཕྱིར། རྒྱང་འཕེན་པ་རང་གི་སྔོ་འཛིན་གྱི་བློ་བཞིན་ནོ། །ཁྱབ་པ་དཔེའི་སྟེང་དུ་མགོ་སྙོམས་ཀྱི་རིགས་པས་གཏན་ལ་འབེབས་སོ། །འགལ་བ་བརྗོད་པ་ནི། དུས་རྟག་ཏུ་སྐྱེ་བའམ་ཡང་ན་མི་སྐྱེ་བར་འགྱུར་ཏེ། སྐྱེད་བྱེད་ཀྱི་རྒྱུ་མེད་པའི་ཕྱིར། ཡུལ་ཐམས་ཅད་དུ་སྐྱེ་བའམ་ཡང་ན་མི་སྐྱེ་བར་འགྱུར་ཏེ། རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །རྒྱུ་ལ་མི་ལྟོས་པའི་གཏན་ཚིགས་ཐམས་ཅད་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ། །རིགས་པ་བཞི་པོ་འདི་ནི་ཁྱབ་འཇུག་གི་མདུང་ཐུང་ལྟ་བུ་ཡིན་ཏེ། འདིས་འཇོམས་མི་ནུས་པའི་བདེན་འཛིན་གྱི་ལོག་པར་རྟོག་པ་གང་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཐལ་རང་འདི་གཉིས་དོན་དམ་རིགས་པས་གཏན་ལ་འབེབས་ཚུལ་མི་འདྲ་བ་ཡིན་གྱི། གཏན་ལ་དབབ་བྱའི་དོན་དམ་གྱི་ངོས་འཛིན་ལ་མི་འདྲ་བ་ཅུང་ཟད་ཀྱང་མེད་པས་ལྟ་བ་མི་འདྲ་བའམ་བཟང་ངན་ཡོད་པར་འདོད་པས་ནི་རང་རྒྱུད་པའི་གཞུང་ལུགས་མཐའ་དག་མ་མཐོང་བར་རློམ་ཚོད་ཀྱིས་སྨྲ་བར་ཟད་དོ། །སྟོང་པ་ཉིད་མཐའ་བྲལ་དུ་གཏན་ལ་ཕབ་པ་ལ། ཤེས་བྱའི་གཏན་ཚིགས། ལྟོས་ནས་འཛིན་པའི་གཏན་ཚིགས། ཕན་ཚུན་ལྟོས་པའི་གཏན་ཚིགས། ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས། རྟེན་དང་བརྟེན་པའི་རིགས་པའོ། །དང་པོ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབ་པ་ན་སྟོང་པ་ཉིད་བདེན་པར་ཡོད་དོ་སྙམ་ན་བདེན་པས་སྟོང་པའི་སྟོང་ཉིད་ཀྱང་བདེན་པར་མེད་དེ། ཤེས་བྱ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན། ཁྱབ་པ་དཔེའི་སྟེང་དུ་མགོ་སྙོམས་ཀྱིས་ཀྱང་གཏན་ལ་འབེབས་ལ། ཤེས་བྱ་གང་ཡིན་པ་ནི་ཤེས་བྱེད་ལ་ལྟོས་ཏེ་བློས་ཡོངས་སུ་ཤེས་པས་ཤེས་བྱར་འཇོག་ལ། མ་ཤེས་པ་ནི་ཤེས་བྱར་མི་རུང་བའི་ཕྱིར་རོ། །བསྟོད་པ་ལ། མ་ཤེས་པ་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེས་མེད་པ། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱེད་ཀྱིས་གསུངས། །ཞེས་པ་ལྟར་རོ། །གཉིས་པ་ནི། སྟོང་པ་ཉིད་བདེན་པར་མེད་དེ། དགག་བྱ་བློའི་ཡུལ་དུ་བྱས་ནས་འཛིན་དགོས་པའི་ཕྱིར། དགག་བྱའི་རྣམ་པ་མ་ཤར་བར་རང་དབང་དུ་འཛིན་པ་མི་རུང་བའི་ཕྱིར་ཏེ། དགག་པ་བློས་ངེས་པ་ནི་དགག་བྱའི་རྣམ་པ་ཤར་བ་ལ་ལྟོས་པའི་ཕྱིར། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་བརྟེན་པར། །དེ་ཡིས་དངོས་མེད་འཛིན་མ་ཡིན། །ཞེས་པ་ལྟར་རོ། །གསུམ་པ་ནི། སྟོང་ཉིད་བདེན་པར་མེད་དེ། བློས་ཡུལ་འགའ་ཞིག་ལ་བདེན་པར་བཟུང་ནས་བདེན་པའི་ཐ་སྙད་བྱེད་པ་ལ་ལྟོས་ཏེ་བདེན་མེད་ཀྱི་ཐ་སྙད་བྱེད་པའི་ཕྱིར། བཞི་པ་ནི། གཅིག་དང་དུ་བྲལ་སོགས་ཀྱི་རིགས་པས་བདེན་པ་སྤྱི་ལྡོག་ནས་ཁེགས་པ་ན་སྟོང་ཉིད་ཀྱང་བདེན་པར་གྲུབ་པ་རྣམ་བཅད་ལ་ཁེགས་པ་ཡིན་ནོ། །ལྔ་པ་ནི། ཆོས་ཅན་རིགས་པས་རྣམ་པར་དཔྱད་ནས་ཁེགས་པ་ན་ཆོས་ཉིད་ཀྱང་བདེན་པར་གྲུབ་པ་ཁེགས་ཏེ། ཆོས་ཅན་ལ་མ་བརྟེན་པའི་ཆོས་ཉིད་ཡན་གར་བ་མི་སྲིད་པའི་ཕྱིར་དང༌། རྟེན་མེད་པའི་བརྟེན་པ་མི་སྲིད་པའི་ཕྱིར་ཏེ། དབུ་མ་རྩ་བ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང༌། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང༌། དབུ་མ་རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་པ་ལྟར་རོ། །བདེན་གཉིས་ཀྱི་གཞུང་གི་དོན་ལ། བདེན་པས་སྟོང་པའི་སྟོང་ཉིད་ཀྱང་མེད་དེ། དགག་བྱ་བདེན་པ་མེད་པའི་ཕྱིར་ཞེས་བྱ་བ་ཡིན་པས། དགག་བྱ་བདེན་པ་མེད་ཅེས་པའི་གཏན་ཚིགས་ཚད་མས་མ་གྲུབ་ན་བསྒྲུབ་བྱ་སྒྲུབ་མི་ནུས་ལ། ཚད་མས་གྲུབ་ན་བདེན་པས་སྟོང་པའི་སྟོང་ཉིད་གྲུབ་པ་བཀག་པ་ལ་ཚད་མའི་བསལ་བ་འཇུག་པར་འགྱུར་རོ་ཞེས་སྨྲའོ། །དོན་འདི་ལ་སྔ་རབས་པའི་མཁས་པ་འགའ་ཞིག བདེན་སྟོང་ནི་གསུམ་སྟེ། སྣང་བ་དང་ངོ་བོ་གཅིག་པའི་བདེན་སྟོང་དང༌། སྣང་བ་བདེན་པས་སྟོང་པའི་མེད་དགག་དང༌། བདེན་པ་དང་གསར་དུ་བྲལ་བའི་བདེན་སྟོང་ངོ༌། །དང་པོ་ནི་བདེན་གཉིས་ལས་སྣང་བ་མཐོང་བ་ན་མཐོང་བར་བཤད་པ་ཡིན་ལ། གཉིས་པ་ནི་རྟགས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱའོ། །གསུམ་པ་ནི་དགག་བྱ་ཡོད་པ་མ་ཡིན་པའི་རྟགས་ཀྱིས་དགག་པར་བྱ་བ་སྟེ། དགག་བྱ་བདེན་པ་མེད་ན་བདེན་པ་དང་གསར་དུ་བྲལ་བའི་བདེན་མེད་མི་སྲིད་པའི་ཕྱིར། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་གསུངས་ཤིང༌། འདི་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། སྔ་མ་གཉིས་ནི་དགག་བྱར་མི་བཟུང་སྟེ། འགོག་མི་ནུས་པའི་ཕྱིར་ཞེས་འདོད་དོ། །དེ་མི་འཐད་དེ། འདི་ནི་སྟོང་ཉིད་བདེན་པར་གྲུབ་པ་འགོག་པའི་རིགས་པ་ཡིན་ལ། བདེན་པ་དང་གསར་དུ་བྲལ་བའི་སྟོང་ཉིད་བཀག་པ་ཙམ་གྱིས་སྟོང་ཉིད་སྤྱི་ལྡོག་ནས་བདེན་པར་གྲུབ་པ་མི་ཁེགས་པའི་ཕྱིར་རོ། །དེས་ན་གསུམ་ཀ་བདེན་པར་གྲུབ་པ་ཉིད་དགག་བྱར་གཟུང་ངོ༌། །གལ་ཏེ་སྟོང་པ་ཉིད་ཀྱང་རིགས་པས་འགོག་པར་བྱེད་ན་སྟོང་པ་ཉིད་བདེན་པས་སྟོང་པའི་སྟོང་ཉིད་གསུམ་པ་དེ་ཡང་རིགས་པ་གཞན་གྱིས་དགག་དགོས་པས་དགག་པ་ཐུག་མེད་དུ་འགྱུར་ལ། ཚད་མ་སྔ་མའི་གཞལ་བྱ་རིགས་པ་ཕྱི་མས་སུན་ཕྱུང་བས་ཚད་མ་ལ་ཚད་མ་གཞན་གྱིས་གནོད་པར་ཡང་འགྱུར་རོ་ཞེ་ན། གཅིག་དང་དུ་བྲལ་ལ་སོགས་པའི་རྟགས་ལ་བརྟེན་པའི་ཚད་མའི་གཞལ་བྱ་སྣང་བ་བདེན་པས་སྟོང་པའི་ཆ་རིགས་པ་ཕྱི་མས་མི་འགོག་ལ། ཕྱི་མས་བཀག་པའི་སྟོང་ཉིད་བདེན་པར་གྲུབ་པའི་ཆ་ནི་སྔ་མས་མ་གཞལ་བའི་ཕྱིར་ཚད་མ་སྔ་མའི་གཞལ་བྱ་ཚད་མ་ཕྱི་མས་སུན་ཕྱུང་བར་མི་འགྱུར་ལ། དགག་པ་ཐུག་མེད་དུ་ཡང་མི་འགྱུར་ཏེ། ཆོས་ཅན་སྣང་བའི་ཆ་དང་དེའི་རང་བཞིན་སྟོང་ཉིད་གཉིས་པོ་བདེན་པར་གྲུབ་པ་བཀག་པ་ན་སྟོང་མི་སྟོང་གཉིས་ལས་གཞན་པའི་ཆོས་མེད་པའི་ཕྱིར། དགག་བྱའི་ལྷག་མ་མ་ལུས་པས་གསུམ་པ་ནས་དོན་མེད་པའི་ཕྱིར་རོ། །གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །ཅེས་པའི་རིགས་པ་འདི་ཉིད་ལ་བརྟེན་ནས་སྟོང་པ་ཉིད་ཀྱང་ཀུན་རྫོབ་ཁོ་ནར་གནས་ཏེ། རིགས་པ་དྲུག་ཅུ་པའི་འགྲེལ་པར་སློབ་དཔོན་ཟླ་བས། ཅི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ཏེ་ཞེས་པ་དང༌། བཅོམ་ལྡན་འདས་མ་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། དེ་ལས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་ཁུངས་སུ་མཛད་ནས་གསུངས་སོ། །མདོ་གཞན་ལས་ཀྱང༌། འགོག་པའི་བདེན་པ་རྨི་ལམ་ལྟ་བུ་སྟེ། །མྱ་ངན་འདས་པ་རྨི་ལམ་འདྲ་བར་བརྗོད། །ཅེས་གསུངས་སོ། །འདི་དག་གིས་རྨི་ལམ་དང་སྒྱུ་མའི་དཔེས་བརྫུན་པའི་དོན་ཅན་དུ་བསྟན་པས་ན་སྟོང་ཉིད་བདེན་པར་ཡོད་པ་ཁེགས་ལ། སྟོང་ཉིད་བདེན་པར་ཡོད་མེད་དཔྱོད་པའི་རིགས་པས་ཀྱང་བདེན་པ་ཁེགས་པའི་ཤུགས་ལ་བརྫུན་པའི་དོན་ཅན་དུ་གྲུབ་པས་ཀུན་རྫོབ་བོ། །འོ་ན་སྟོང་ཉིད་དོན་དམ་དུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རིགས་པ་གཞན་ལ་ལྟོས་ནས་དོན་དམ་དུ་གསུངས་པ་ཡིན་ཏེ། རིགས་པ་ལ་ཀུན་བཏགས་ཀྱི་འཛིན་པས་བཏགས་པ་དང༌། ལྷན་སྐྱེས་ཀྱི་འཛིན་པས་བཏགས་པ་དང༌། རྣལ་འབྱོར་པའི་བློས་བཏགས་པ་འགོག་པའི་རིགས་པའོ། །རིགས་པ་དང་པོ་གཉིས་ཀྱིས་དགག་བྱ་ལ་ལྟོས་ནས་དེས་སྟོང་པའི་སྟོང་ཉིད་དོན་དམ་དུ་བཞག་པ་ཡིན་ལ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །མི་སྟོང་ཅུང་ཟད་ཡོད་མིན་ན། །ཞེས་སོགས་ཀྱི་རིགས་པ་ལས་ནི་བརྫུན་པར་གྲུབ་སྟེ། ཐ་སྙད་དུ་ཡོད་ལ་བདེན་པར་གྲུབ་པ་མེད་པའི་ཕྱིར། དཔེར་ན་རྨི་ལམ་གྱི་སྣང་བ་ལྟ་བུའོ། །དེ་ལྟ་བས་ན་ཀུན་རྫོབ་ཡིན་པར་དགོངས་ནས་རིགས་པ་དྲུག་ཅུ་པའི་འགྲེལ་པར། འཇིག་རྟེན་གྱི་ཐ་སྙད་ཁོ་ནས་དོན་དམ་པའི་བདེན་པར་གསུངས་སོ་ཞེས་འབྱུང་ངོ༌། །འགའ་ཞིག་གིས་དོན་འདི་མ་རྟོགས་པར་རིགས་པ་དྲུག་ཅུ་པའི་འགྲེལ་པའི་དོན་སྟོང་ཉིད་ཀུན་རྫོབ་ཏུ་ཡོད་པར་གསུངས་ཀྱི། ཀུན་རྫོབ་ཏུ་གསུངས་པ་ནི་མ་ཡིན་ཞེས་སྨྲ་བ་ལྟར་ན་མྱ་ངན་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེས་དྲིས་པའི་ལན་དུ། ཀུན་རྫོབ་ཏུ་ཡོད་པ་ཡིན་ཞེས་པ་ནི་དྲིས་ལན་མ་འབྲེལ་བར་འགྱུར་ལ། ཇི་སྐད་བཤད་པའི་རིགས་པས་ཀྱང་གནོད་པ་ཡིན་ནོ། །སྟོང་ཉིད་བདེན་པ་འགོག་པའི་རིགས་པ་ལ་ལྟོས་ནས་སྟོང་པ་ཉིད་ཀྱང་བརྫུན་པའི་རང་བཞིན་ཅན་དུ་ཁོང་དུ་མ་ཆུད་པ་དེ་སྲིད་དུ། འོད་སྲུང་གང་ཟག་གི་བདག་ཏུ་ལྟ་བ་རི་རབ་ཙམ་ནི་སླའི། སྟོང་པ་ཉིད་དུ་ལྟ་བ་མངོན་པའི་ང་རྒྱལ་ཅན་ནི་དེ་ལྟར་མ་ཡིན་ནོ་ཞེས་པའི་ལྟ་བ་ལ་གནས་པས། ལྷག་མཐོང་གི་མན་ངག་གིས་མིང་དུ་བཏགས་པའི་བསྟན་བཅོས་བརྩམས་པ་ཡང་མུ་སྟེགས་པའི་བརྟུལ་ཞུགས་ལྟར་ངལ་བ་བརྩམས་པ་འབྲས་བུ་མེད་པར་འགྱུར་རོ། །གངས་རིའི་ཁྲོད་འདིར་མཁས་རློམ་བརྒྱ་ཕྲག་གིས། །རིང་དུ་འབད་ཀྱང་རྟོགས་པའི་མཐུ་མེད་པ། །ཀླུ་སྒྲུབ་དགོངས་པ་ཤིན་ཏུ་ཟབ་པའི་དོན། །ལྷག་པའི་ལྷ་ཡི་མཐུ་ལས་ཁོ་བོས་རྙེད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།ད་ནི་ཀུན་རྫོབ་ཀྱི་བདེན་པའི་འདོད་ཚུལ་གྱི་ཁྱད་པར་བརྗོད་པར་བྱ་སྟེ། འདི་ལ་སློབ་དཔོན་ཟླ་བའི་རྗེས་སུ་འབྲང་བར་འདོད་པ་ཁ་ཅིག རང་རྒྱུད་པ་ལ་རྣལ་འབྱོར་སྤྱོད་པ་དང༌། མདོ་སྡེ་སྤྱོད་པའི་དབུ་མ་པ་གཉིས་ཡོད་པ་ལས། དོན་དམ་པའི་རྣམ་པར་གཞག་པ་ཐལ་འགྱུར་པ་དང་མཐུན་དུ་ཟིན་ཀྱང་ཐ་སྙད་བདེན་པ་ལས་ཉམས་པའི་སྐྱོན་ཡོད་དེ། རྣལ་འབྱོར་སྤྱོད་པ་བས་ཐ་སྙད་ཀྱི་རྣམ་གཞག་སེམས་ཙམ་པ་དང་མཐུན་པར་སྨྲ་བའི་ཕྱིར་དང༌། མདོ་སྡེ་སྤྱོད་པའི་དབུ་མ་པས་ཐ་སྙད་ཀྱི་རྣམ་གཞག་མདོ་སྡེ་པ་དང་མཐུན་པར་སྨྲ་བའི་ཕྱིར་དང༌། གཉིས་ཀས་ཀྱང་ཀུན་རྫོབ་རིགས་པས་དཔྱད་མི་བཟོད་པ་ལ་རིགས་པས་དཔྱད་ནས་འཇོག་པའི་ཕྱིར་ཞེས་འདོད་དོ། །ཡང་བོད་སྔ་རབས་པ་མང་པོས་ཐལ་འགྱུར་བ་ལ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་དང༌། རང་རྒྱུད་པ་ལ་སྔ་མ་ལྟར་རྣལ་འབྱོར་སྤྱོད་པ་དང༌། མདོ་སྡེ་སྤྱོད་པའི་དབུ་མ་པ་ཞེས་གཉིས་སུ་ཕྱེ་ཞིང༌། ཐལ་འགྱུར་བ་ནི་སངས་རྒྱས་བསྐྱངས་དང༌། ཟླ་བ་གྲགས་པ་ལ་སོགས་པ་ཡིན་ལ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ནི་ཞི་བ་འཚོ་དང༌། སེང་གེ་བཟང་པོ་ལ་སོགས་པ་ཡིན་ལ། མདོ་སྡེ་སྤྱོད་པའི་དབུ་མ་པ་ནི། སློབ་དཔོན་ཡེ་ཤེས་སྙིང་པོ་དང༌། ཀཱ་མ་ལ་ཤཱི་ལ་སོགས་པ་ཡིན། སློབ་དཔོན་འདིས་དབུ་མ་རྒྱན་གྱི་འགྲེལ་བཤད་དུ་ཐ་སྙད་ཀྱི་རྣམ་གཞག་སེམས་ཙམ་གྱི་ཚུལ་དུ་བཀྲལ་བ་ནི་དབུ་མ་རྒྱན་གྱི་ཐ་སྙད་ཀྱི་རྣམ་གཞག་སེམས་ཙམ་གྱི་ཚུལ་དུ་བཀྲལ་བའི་དབང་དུ་བྱས་ལ། རང་གར་བརྩམས་པའི་དབུ་མ་སྣང་བ་ལས་ནི་མདོ་སྡེ་སྤྱོད་པའི་ཚུལ་དུ་འབྱུང་ངོ་ཞེས་རྣམ་གཞག་བྱེད་དོ། །ཡེ་ཤེས་སྙིང་པོས་ཐ་སྙད་དུ་ཕྱི་རོལ་གྱི་དོན་མདོ་སྡེ་པ་དང་མཐུན་པར་སྨྲ་བ་མ་ཡིན་ཏེ། མདོ་སྡེ་པས་དོན་ལྐོག་ན་མོའི་ཚུལ་དུ་འདོད་ཅིང༌། རིགས་སྟོབས་ཀྱིས་བདེན་པར་གྲུབ་པར་འདོད་ལ། སློབ་དཔོན་གྱིས་ནི་དོན་ལྐོག་ན་མོའི་ཚུལ་དུ་མི་འདོད་པའི་ཕྱིར་དང༌། རིགས་པས་དཔྱད་བཟོད་ཀྱང་མི་འདོད་པའི་ཕྱིར་ཏེ། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་གསུངས་པ་ལྟར་རོ། །དེས་ན་མདོ་སྡེ་དཔྱོད་པའི་དབུ་མ་པ་ཞེས་བྱ་བའི་ཐ་སྙད་ཀྱང་མི་འཐད་དོ། །ཐ་སྙད་དུ་ཕྱི་རོལ་གྱི་དོན་ཁས་ལེན་པ་ཙམ་གྱིས་མདོ་སྡེ་སྤྱོད་པའི་དབུ་མ་པར་འདོད་ན་ནི་བྱེ་བྲག་སྨྲ་བ་སྤྱོད་པའི་དབུ་མ་པ་ཞེས་པ་ཞིག་ཀྱང་འདོད་དགོས་པར་འགྱུར་རོ། །ཤཱཀྱ་ཐུབ་པ་ཡང་མདོ་སྡེ་སྤྱོད་པའི་དབུ་མ་པར་ཅིའི་ཕྱིར་ཁས་མི་ལེན། དེ་དག་ཀྱང་མ་བརྟགས་པའི་རྣམ་གཞག་ཁོ་ན་ཡིན་ནོ། །སློབ་དཔོན་ཞི་བ་འཚོས་ཀྱང་ཐ་སྙད་ཀྱི་རྣམ་གཞག་གྲུབ་མཐའ་སྨྲ་བའི་སེམས་ཙམ་པ་དང་མཐུན་པར་འཇོག་པ་མ་ཡིན་ཏེ། སེམས་ཙམ་པས་ནི་སེམས་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་དུ་འདོད་པའི་ཕྱིར་དང༌། སྣང་བ་སེམས་སུ་བདེན་པར་འདོད་པའི་ཕྱིར་རོ། །སློབ་དཔོན་ཞི་བ་འཚོས་ནི་ཕྱི་རོལ་གྱི་དོན་མྱོང་བས་མ་གྲུབ་པའི་ཕྱིར་དང༌། རིགས་པས་ཅུང་ཟད་དཔྱད་ན་དོན་དམ་རྣམ་པར་གཞག་པ་མི་རུང་བའི་ཕྱིར་ཕྱི་རོལ་གྱི་དོན་མེད་ལ། ཡུལ་དུ་སྣང་བ་དང་ཡུལ་ཅན་དུ་སྣང་བ་ནི་ཉམས་སུ་མྱོང་བའི་ཕྱིར་ཐ་སྙད་དུ་ཡོད་དོ། །འདི་དག་ཀྱང་མྱོང་བ་ཙམ་ལ་བརྟེན་ནས་སེམས་ཙམ་དུ་འཇོག་སྟེ། དབུ་མ་རྒྱན་ལས། རྒྱུ་དང་འབྲས་བུར་གྲུབ་པ་ནི། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །ཞེས་པ་ལྟར་རོ། །སེམས་ཙམ་པ་དང་མཐུན་པར་སྨྲ་བ་ནི་མི་འཐད་དེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་དུ་མི་འདོད་པའི་ཕྱིར་རོ། །སྣང་བ་སེམས་སུ་སྨྲ་བ་ཙམ་གྱིས་སེམས་སུ་བདེན་པར་ཁས་ལེན་པ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་ཁས་ལེན་པ་ཙམ་གྱིས་ཕྱི་རོལ་གྱི་དོན་བདེན་པར་ཁས་ལེན་པ་མིན་པ་བཞིན་ནོ། །གཞན་དུ་ན་གཟུགས་སོགས་ཕྱི་རོལ་གྱི་དོན་ཁས་ལེན་པས་སློབ་དཔོན་ཟླ་བས་ཀྱང་ཕྱི་རོལ་གྱི་དོན་ཁས་ལེན་པ་ཉིད་དུ་འགྱུར་རོ། །དེས་ན་སློབ་དཔོན་ཞི་བ་འཚོས། ལང་ཀར་གཤེགས་པ་ལས། ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །ཞེས་དང༌། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་དམིགས་པར་གནས་ནས་སུ། །སེམས་ཙམ་ལ་ཡང་ཤིན་ཏུ་ཟླ། །ཞེས་གསུངས་པའི་དོན་དུ་བྱས་ནས། དབུ་མ་རྒྱན་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །ཞེས་དང༌། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུག་བྱེད་པ། །ཞེས་གསུངས་སོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཞེས་པའི་དོན་དང་མཐུན་པར་འདོད་དོ། །དེས་ན་རྣམ་རིག་སྨྲ་བའི་དབུ་མ་པ་དང༌། དོན་སྨྲ་བའི་དབུ་མ་པ་ཞེས་སྨྲ་དགོས་སོ། །འོ་ན་སྔར་རྣལ་འབྱོར་སྤྱོད་པའི་དབུ་མ་པ་བཀག་པ་མ་ཡིན་ནམ་ཞེ་ན། དེ་ནི་སེམས་ཙམ་གྱི་གྲུབ་མཐའ་དང་མཐུན་པར་སྨྲ་བ་བཀག་པ་ཡིན་པས་ཚུལ་མི་འདྲའོ། །སློབ་དཔོན་གྱིས་འདི་ནི་ཐོག་མར་རིགས་པས་རྣམ་པར་དཔྱད་ནས་ཕྱི་རོལ་གྱི་དོན་ལ་དགག་པ་མཛད་ནས་སྣང་ཚུལ་ཙམ་ལ་བརྟེན་ཏེ་རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་སེམས་ཙམ་དུ་གསུངས་པ་ཡིན་གྱི། སེམས་རིགས་པས་དཔྱད་བཟོད་ཀྱི་ཚུལ་དུ་འདོད་པ་ནི་མིན་ནོ། །སློབ་དཔོན་ཟླ་བས་ཀྱང༌། ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོངས་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང༌། །ཞེས་སོགས་ཀྱི་དོན་ཐོག་མར་ཕྱི་རོལ་གྱི་དོན་བཀག་ནས་རྗེས་སུ་སེམས་རང་བཞིན་མེད་པའི་དོན་ལ་རིམ་གྱིས་གཞུག་པའི་དོན་དུ་མཛད་དེ། འཇུག་པ་ལས། ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོ་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གདུལ་བྱའི་བློའི་རིམ་པ་ལ་ལྟོས་ནས་ཇི་ལྟར་སྣང་བཞིན་པ་དང་ཕྱི་རོལ་གྱི་དོན་བཀག་ནས་སེམས་ཙམ་ལ་གཞུག་པ་དང༌། དེ་ནས་སེམས་ཀྱང་རང་བཞིན་མེད་པར་སྒྲུབ་པའི་རིམ་པ་གསུམ་དུ་མཛད་པ་འདི་ནི་མདོའི་བསྟན་ཚུལ་དང་མཐུན་ཏེ། མདོ་ལས། བཅོམ་ལྡན་འདས་མཉམ་གཞག་ལས་ལྡང་བ་ཡོད་པར་ཡང་གསུངས་ཏེ། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་པ་ལྟ་བུའོ། །མཉམ་པར་མ་གཞག་པ་མི་མངའ་བ་ཡང་གསུངས་ཏེ། གླང་ཆེན་བཞེངས་ཀྱང་མཉམ་པར་གཞག །གླང་ཆེན་བཞུགས་ཀྱང་མཉམ་པར་གཞག །ཅེས་པ་ལྟ་བུའོ། །ཡང་སངས་རྒྱས་ཀྱང་མེད་པར་གསུངས་ཏེ། སངས་རྒྱས་ཀྱང་མེད་བྱང་ཆུབ་ཀྱང་མེད་ཅེས་གསུངས་པ་ལྟ་བུའོ། །དེ་ལ་དང་པོ་ནི་དབང་པོ་རྟུལ་པོའི་མཐོང་ཚུལ་དང༌། གཉིས་པ་ནི་དབང་པོ་རྣོན་པོའི་དབང་དུ་བྱས་ཏེ། ཀུན་རྫོབ་དང་དོན་དམ་པའི་རྣམ་པར་གཞག་པ་གཉིས་ལས་ཀུན་རྫོབ་ཀྱི་དབང་དུ་བྱས་སོ། །ཐ་མ་ནི་ངེས་དོན་མཐར་ཐུག་པའི་དབང་དུ་བྱས་ནས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་མདོའི་བསྟན་ཚུལ་རིམ་པ་གསུམ་དུ་བཀྲལ་ཏེ། རྩ་ཤེར་ལས། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང༌། །བདག་མེད་ཅེས་ཡང་བསྟན་པར་འགྱུར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཅེས་དང༌། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །འདི་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་པ་ལྟར་རོ། །འོ་ན་སློབ་དཔོན་ཟླ་བས་སེམས་ཡོད་པ་དེ་སྲིད་དུ་ཕྱི་རོལ་གྱི་དོན་ཁས་ལེན་དགོས་ཏེ། ཆོས་མངོན་པ་ལས་ཕུང་པོ་ལྔ་ཆར་མཉམ་ཡོད་དུ་གསུངས་པའི་ཕྱིར། ཕྱི་རོལ་གྱི་དོན་ཁས་མི་ལེན་པ་དེ་སྲིད་དུ་སེམས་ཀྱང་ཁས་ལེན་པ་མི་སྲིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྔ་ཆར་མཚུངས་པར་བཀག་པའི་ཕྱིར་ཞེས་གསུངས་པས། སློབ་དཔོན་ཟླ་བས་འདི་འགོག་གོ་ཞེ་ན། དེ་ནི་ཕྱི་རོལ་གྱི་དོན་མེད་ལ། སེམས་ནི་བདེན་དངོས་སུ་ཡོད་དོ་ཞེས་གྲུབ་མཐའ་སྨྲ་བའི་སེམས་ཙམ་པ་འགོག་པའི་དབང་དུ་བྱས་པ་ཡིན་ལ། སློབ་དཔོན་ཞི་བ་འཚོས་ནི་སེམས་རིགས་པས་དཔྱད་བཟོད་དུ་མི་བཞེད་པའི་ཕྱིར་དེ་ལ་མི་གནོད་དོ། །གལ་ཏེ་དེ་ལྟར་མ་ཡིན་པར་ཞི་བ་འཚོའི་འདོད་པ་ཡང་འགོག་པར་བྱེད་ན། ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀུན་བཏགས་པའི་སྙིང་པོ་སྟེ། སེམས་ཙམ་དུ་བས་པ་རྫས་མ་མཆིས་པ་སྒྱུ་མ་ལྟར་རྩ་བ་མ་མཆིས་པའོ་ཞེས་དང༌། ལང་ཀར་གཤེགས་པའི་མདོ་ལ་སོགས་པའི་མདོ་སྡེ་དུ་མ་ཞིག་འགོག་དགོས་པར་འགྱུར་རོ། །གལ་ཏེ་མདོ་དེ་དག་དྲང་བའི་དོན་ཡིན་གྱི། ངེས་པའི་དོན་མ་ཡིན་ནོ་ཞེ་ན། སློབ་དཔོན་ཞི་བ་འཚོས་ཀྱང་དྲང་དོན་དུ་བཞེད་པས་ལྷག་པ་ཅི་ཞིག་ཡོད། འོ་ན་སློབ་དཔོན་ཟླ་བས་ཕྱི་རོལ་གྱི་དོན་ཀྱང་མི་བཞེད་པར་འགྱུར་ཏེ། དེ་དག་ཀྱང་དྲང་དོན་དུ་བཞེད་པའི་ཕྱིར། འགའ་ཞིག་སློབ་དཔོན་ཟླ་བའི་བཞེད་པས་སྤྱི་ལྡོག་ཉེ་བར་བཟུང་ནས་ཡུལ་ཡུལ་ཅན་མཉམ་ཡོད་དུ་གསུངས་པའམ། ཡུལ་སྣང་བ་ཅན་དེའི་ངོར་མཛད་ནས་མཉམ་ཡོད་དུ་གསུངས་པ་ཡིན་གྱི། བློ་ཐམས་ཅད་ལ་ཡུལ་ཤེས་མཉམ་དུ་ཡོད་དགོས་པ་མ་ཡིན་ཏེ། བདག་འཛིན་དང༌། ཟླ་བ་གཉིས་སྣང༌། སྨིག་རྒྱུ་ལ་ཆུར་སྣང་ལྟ་བུ་ལ་ཡུལ་མེད་ཀྱང་ཡུལ་ཅན་ཤེས་པ་ཡོད་ཅེས་སྨྲའོ། །འདི་དག་ནི་དོན་མ་གཏོགས་པ་ཁོ་ན་སྟེ། སེམས་ཙམ་པས་ཡུལ་མེད་པའི་ཡུལ་ཅན་ཤེས་པ་ཡོད་པར་ཁས་བླངས་པ་ན་དེའི་དཔེ་ཇི་ལྟ་བུ་ཡོད་ཅེས་དབུ་མ་པས་དྲིས་པའི་ལན། རྨི་ལམ་དང་སྐྲ་ཤ་འཛག་སྣང་དང་ཀེང་རུས་ཀྱི་དཔེས་བསྟན་པ་ན། དེ་དག་ཐམས་ཅད་ཀྱང་ཡུལ་མེད་པའི་ཡུལ་ཅན་ཤེས་པ་ཡོད་པར་འདོད་པ་རིགས་པས་སུན་ཕྱུང་ནས་མཚན་གཞིའི་དཔེ་ཙམ་དུ་ཡང་མི་རྙེད་པར་བསྟན་པས་སོ། །ཡུལ་གྱི་བདག་དང་སྨིག་རྒྱུ་ཆུར་གནས་པ་སོགས་མི་རྙེད་པ་ཙམ་གྱིས་ཀྱང་བདག་འཛིན་དང་སྨིག་རྒྱུ་ཆུར་འཛིན་གྱི་ཡུལ་མེད་པར་མི་འགྱུར་ཏེ། ཡུལ་དུ་བཟུང་བའི་བྱེ་བྲག་གཅིག་མེད་པས་ཡུལ་སྤྱི་ལྡོག་ནས་མེད་པར་མི་འགྲུབ་པའི་ཕྱིར་དང༌། ཡུལ་གྱི་རྣམ་པ་སྣང་བ་ཙམ་བསྙོན་དུ་མེད་པར་འགྲུབ་པའི་ཕྱིར་རོ། །འདི་ཉིད་ཀྱིས་ན་རྣལ་འབྱོར་སྤྱོད་པ་པའི་ཀུན་རྫོབ་ཀྱི་འདོད་ཚུལ་བཀག་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སེམས་ཙམ་པས་ནི་ཕྱི་རོལ་གྱི་དོན་མེད་ལ་ཡུལ་ཅན་ཤེས་པ་རིགས་པས་དཔྱོད་བཟོད་ཀྱི་ཚུལ་དུ་བདེན་པར་ཡོད་པར་འདོད་པས་དེ་བཀག་པ་ཡིན་ལ། རྣམ་རིག་སྨྲ་བའི་དབུ་མ་པས་ཡུལ་ཅན་བདེན་པར་མི་འདོད་པའི་ཕྱིར་དང༌། ཐ་སྙད་ཀྱི་རྣམ་གཞག་སེམས་ཙམ་དང་མཐུན་པར་སྨྲ་བའི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བྱ་བ་ཡང་མི་འདོད་པའི་ཕྱིར། ཐ་སྙད་རྣམ་རིག་ཏུ་སྨྲ་བའི་དབུ་མ་པ་ཡོད་པར་འདོད་པ་ཡང་མཚུངས་སོ་ཞེ་ན། མི་མཚུངས་པའི་ཚུལ་བཤད་ཟིན་ལ། དེ་ལྟར་མ་ཡིན་པར་ཐ་སྙད་དུ་མ་དཔྱད་པ་དང༌། ཅུང་ཟད་དཔྱད་པའི་རིགས་པའི་ཚུལ་གཉིས་བྱས་ནས། ཐོག་མར་ཕྱི་རོལ་གྱི་དོན་ལ་དགག་པ་མཛད་ནས་སྣང་བ་རྣམ་རིག་ཙམ་དུ་སྨྲ་བས་ཉེས་པ་ཡོད་ན། འོ་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐོག་མར་སྣང་བ་བདེན་པར་གྲུབ་པ་བཀག་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་ཕབས་པས་ན་སྟོང་ཉིད་བདེན་པར་སྨྲ་བའི་དབུ་མ་པར་འགྱུར་རོ་ཞེས་སྨྲ་ནའང་མཚུངས་སོ། །དེ་ལྟར་མི་འགྱུར་ཏེ། སྟོང་ཉིད་བདེན་པར་མི་འདོད་པས་སོ་ཞེ་ན། འོ་ན་རྣམ་རིག་ཙམ་དུ་སྨྲ་བའི་དབུ་མ་པ་ཡང་གྲུབ་མཐའ་སྨྲ་བའི་སེམས་ཙམ་པ་དང་མཐུན་པར་མི་འགྱུར་ཏེ། སེམས་བདེན་པར་མི་འདོད་པའི་ཕྱིར་རོ། །དོན་སྨྲ་བའི་དབུ་མ་པ་ལ་ཡང་མདོ་སྡེ་སྤྱོད་པ་དང༌། བྱེ་བྲག་སྨྲ་བ་དང་མཐུན་པར་སྨྲ་བར་མི་འགྱུར་ཏེ། ཕྱི་རོལ་གྱི་དོན་ཁས་ལེན་པ་ཙམ་ཡིན་གྱི། ཕྱི་རོལ་གྱི་དོན་བདེན་པར་ཁས་མི་ལེན་པའི་ཕྱིར་ཞེས་རྒྱས་པར་གོང་དུ་བཤད་ཟིན་ཏོ། །དེས་ན་བོད་དག་གིས་མདོ་སྡེ་སྤྱོད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་པའི་ཐ་སྙད་བྱེད་པ་དང༌། དེ་དག་གི་ཐ་སྙད་ལེགས་སོ་ཞེས་སྨྲ་བ་ཐམས་ཅད་སྤོབས་པ་མེད་པ་ཉིད་དུ་འགྱུར་རོ། །སོ་སོའི་ཀུན་རྫོབ་ཀྱི་འདོད་ཚུལ་ཡང་བསྟན་ཟིན་ཏོ། །ཇི་སྐད་བཤད་པའི་རིགས་པས་གཏན་ལ་ཕབས་པའི་བདག་མེད་གཉིས་བཤད་པར་བྱ་སྟེ། དེ་ལ་དང་པོ་ཆོས་ཀྱི་བདག་མེད་བསྟན་པ་ནི། ཆོས་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་ལ་སོགས་པའི་ཆོས་རྣམས་ལ་བརྗོད་དེ། རང་གི་མཚན་ཉིད་འཛིན་པའི་ཕྱིར། དེ་རང་བཞིན་མེད་པ་ནི་ཆོས་ཀྱི་བདག་མེད་དོ། །རང་བཞིན་གྱི་སྒྲ་ཡང་དོན་གཉིས་ལ་འཇུག་སྟེ། གཞན་གྱིས་བདེན་པར་བཏགས་པ་དང༌། དེས་སྟོང་པའི་སྟོང་ཉིད་དོ། །དང་པོ་ནི་རིགས་པའི་དགག་བྱ་མིན་ལ། གཉིས་པ་ནི་ཆོས་ཉིད་ལ་རང་བཞིན་དུ་བརྗོད་པ་ཡིན་པས། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དོ་ཞེས་གསུངས་པའི་དོན་ནོ། །འདི་ཡང་གཞན་གྱིས་བཏགས་པ་ལ་ལྟོས་ནས་རང་བཞིན་དུ་བརྗོད་ཀྱི། སྟོང་ཉིད་རྣམ་པར་དཔྱོད་པའི་རིགས་པ་ལ་ལྟོས་ནས་ནི་མ་ཡིན་ནོ། །འཇུག་པ་ལས། རང་བཞིན་ཡོད་པར་མ་གྱུར་ན་ཆོས་རྣམས་ཀྱི་རང་བཞིན་རྟོགས་པའི་དོན་དུ་ཐོས་པ་དང་ཚངས་པར་སྤྱོད་པ་ལ་སོགས་པ་དོན་མེད་པར་འགྱུར་རོ་ཞེས་གསུངས་པ་ཡང༌། སྟོང་པ་ཉིད་ལ་རང་བཞིན་དུ་བརྗོད་པ་ནི་མེད་ན་ཚངས་པར་སྤྱོད་པ་ལ་སོགས་པ་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ལ་རང་བཞིན་དུ་གསུངས་པ་ཡང་སྐྱེ་བོ་མངོན་ཞེན་ཅན་གྱི་སྐྲག་པ་སྤང་ཕྱིར་གསུངས་པར་བཤད་དེ། སློབ་དཔོན་སེང་གེ་བཟང་པོས། སྐྱེ་བོ་དམིགས་པ་ཅན་གྱི་ངོར་གཟུགས་ལ་སོགས་པ་དངོས་པོ་མེད་པ་ཉིད་ངོ་བོ་ཉིད་ཅེས་བྱ་བ་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །སློབ་དཔོན་འདིས་གནད་ཀྱི་དོན་ལེགས་པར་རྟོགས་པར་སྣང་སྟེ། སྟོང་པ་ཉིད་ལ་རང་བཞིན་དུ་གསུངས་པ་མཐའ་གཅིག་ཏུ་ངེས་པའི་དོན་དུ་ཡིན་ན་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པ་ཉིད་མ་གྲུབ་སྟེ། སྟོང་པ་ཉིད་ལ་རང་བཞིན་དུ་བརྗོད་པ་ཉིད་གནས་ཚུལ་ལ་གྲུབ་པའི་ཕྱིར་རོ། །འགའ་ཞིག་ཡུལ་རང་ངོས་ནས་གྲུབ་པ་མེད་པས་ཆོས་ཐམས་ཅད་བཏགས་པ་ཙམ་མོ་ཞེས་སྨྲས་ནས། སླར་ཡང་སྟོང་པ་ཉིད་རིགས་པ་གང་ལ་ལྟོས་ནས་ཀྱང་དོན་དམ་དུ་མཐའ་གཅིག་ཏུ་ངེས་པར་སྨྲ་བ་ནི་འགལ་བ་ཁོ་ན་སྟེ། ཆོས་ཐམས་ཅད་བློས་བཏགས་པ་ཡིན་ན་དོན་དམ་པ་ཡང་བློས་བཏགས་པ་ཡིན་ཏེ། བློས་བཅོས་པའི་དོན་དམ་ཡིན་པའི་ཕྱིར། བློས་བཅོས་པ་ནི་དོན་དམ་དངོས་སམ་རང་བཞིན་སྟོང་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། རང་བཞིན་གྱི་དོན་མ་ཚང་བའི་ཕྱིར་རོ། །བརྟེན་ནས་སྐྱེས་པའི་རྟེན་འབྱུང་དང༌། མཐོང་ལམ་ལས་སྒོམ་ལམ་བྱུང་བ་སོགས་ཀྱི་རྟེན་འབྱུང་དང༌། སངས་རྒྱས་ཀྱི་ཕྲིན་ལས་སྔ་ཕྱི་རྒྱུན་མི་འཆད་པ་འབྱུང་བ་ཡང་བློས་བཏགས་པ་ཙམ་དུ་འགྱུར་རོ། །དེ་དག་བློས་བཏགས་པ་ཙམ་དུ་བདེན་པ་ལ་ཉེས་པ་ཅི་ཡོད་ཅེ་ན། རྣམ་པར་རྟོག་པས་སྦྱར་བའི་ཆོས་ཡིན་པའི་ཕྱིར་སྤྲོས་པ་ཁོ་ན་ཉིད་དུ་འགྱུར་རོ། །སྤྲོས་པ་ཞེས་བྱ་བ་ཡང་སྒྲ་དང་རྟོག་པ་གཉིས་ལས། རྟོག་པ་ནི་སྤྲོ་བྱེད་ཡིན་ལ། སྒྲ་ནི་རྟོག་པས་སྤྲོས་པ་ཉིད་ཀྱི་དོན་ལ་འཇུག་པའི་ཐ་སྙད་གཉིས་ཀ་ཡང་སྤྲོས་པར་བསྟན་ཏོ། །གལ་ཏེ་རྟོག་པས་བཀོད་པའི་ཆོས་སུ་མི་འདོད་ན་རྟོག་མེད་ཀྱི་བློས་བཀོད་པའི་ཆོས་ཉིད་དུ་འདོད་དགོས་པས། དེས་ཇི་ལྟར་བཀོད་པའི་ཚུལ་ཡང་སྨྲ་དགོས་ཏེ་སྨྲ་བར་ཡང་མི་ནུས་སོ། །རྟོག་མེད་ཀྱི་བློ་ནི་ཡུལ་སྣང་བ་ཙམ་ཡིན་གྱི། སྤྲོས་ཏེ་འཇུག་པ་ཡང་མ་ཡིན་ནོ། །གཞན་ཡང་བློས་བཀོད་པ་ཙམ་ཡིན་ན་རྣམ་པར་བྱང་བའི་འཕགས་པའི་ཡེ་ཤེས་རྣམས་ཀྱང་རྟོག་བློས་བཀོད་པ་ཙམ་ཡིན་པས་སྤྲོས་བྲལ་མ་ཡིན་པ་ཉིད་དུ་འགྱུར་རོ། །གལ་ཏེ་བློས་བཀོད་པ་མ་ཡིན་ན་བདེན་པར་གྲུབ་པར་འགྱུར་རོ་ཞེ་ན། སྟོང་པ་ཉིད་ཀྱང་བདེན་པར་གྲུབ་པར་འགྱུར་ཏེ། བློས་བཀོད་པ་མ་ཡིན་པའི་ཕྱིར། མདོ་ལས་ཀྱང༌། འཕགས་པ་རྣམས་ཀྱིས་ཤེས་མཐོང་གིས་མ་མཛད་ཅེས་པ་དང༌། ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱིས་དཀྲུག་པར་མི་ནུས་སོ་ཞེས་པ་དང༌། རྩ་བ་ལས། རང་བཞིན་དག་ནི་བཅོས་མིན་དང༌། །ཞེས་སོགས་མདོ་བསྟན་བཅོས་ཐམས་ཅད་མཐུན་པར་བློས་མ་བཅོས་པར་གསུངས་སོ། །རྒྱུ་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་ཡང་བློས་བཀོད་པ་ཙམ་མ་ཡིན་པར་ཤེས་པར་བྱའོ། །འོ་ན་རྩ་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བརྟགས་པ་སྟེ། །ཞེས་བྱ་བ་མ་ཡིན་ནམ་ཞེ་ན། འདི་ནི་བརྟེན་ནས་སྐྱེས་པའི་རྟེན་འབྱུང་དང༌། ལྟོས་ནས་བཏགས་པའི་རྟེན་འབྱུང་གཉིས་སུ་ཕྱེ་ནས་སོ་སོར་བཤད་དགོས་པར་ག་ལས་འཇིགས་མེད་དང༌། འགྲེལ་བ་བུདྡྷ་པ་ལི་ཏ་གཉིས་ཀ་ལས་བཤད་དོ། །དེས་ན་རྒྱུ་དང་རྐྱེན་ལས་སྐྱེས་ཙམ་ནི་བློས་བཏགས་པ་མ་ཡིན་ལ། དེ་ཉིད་བདེན་པར་སྣང་བའི་ཆ་དང༌། སྔ་མ་ལ་ལྟོས་ནས་འབྲས་བུ་དང༌། ཕྱི་མ་ལ་ལྟོས་ནས་རྒྱུར་བཞག་པ་ནི་བློས་བཏགས་པ་ཡིན་པས་དེའི་ལྡོག་པ་ནས་བཏགས་པར་གསུངས་པ་ཡིན་ནོ། །འོ་ན་ཉེ་བ་འཁོར་གྱིས་ཞུས་པ་ལས། མཐོ་རིས་དང་ངན་སོང་གི་སྣོད་ཀྱི་འཇིག་རྟེན་ཡང་རྟོག་པའི་དབང་གིས་བཞག་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་དག་བདེན་པའི་ཆ་དང་བདེན་པར་སྣང་བའི་ཆ་རྟོག་པས་བཀོད་པ་ལ་དགོངས་ནས་གསུངས་ཏེ། བཀོད་པའི་ཚུལ་ཡང་བདེན་པའི་ཆ་ནི་རྟོག་པས་བཟུང་བ་ཙམ་ཡིན་ལ། བདེན་པར་སྣང་བའི་ཆ་ནི་ཐོག་མ་མེད་པ་ནས་བདེན་པར་མངོན་པར་ཞེན་པའི་བག་ཆགས་ཡོངས་སུ་སྨིན་པའི་མཐུ་ལས་ཡོངས་སུ་སྣང་བའོ། །ད་ལྟར་གྱི་ཤེས་པས་ད་ལྟར་གྱི་གཟུགས་སོགས་བདེན་པར་སྣང་བ་བཀོད་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་དེ་དག་མེད་པར་ཡིད་ལ་བྱས་པ་ཙམ་གྱིས་དེ་དག་གི་བདེན་སྣང་ཙམ་ཡང་ལྡོག་པར་ཐལ་བའི་ཕྱིར་རོ། །གཞན་དག་གིས་ནི་བློས་བཏགས་པ་ཙམ་ཞེས་སྨྲ་བར་ཟད་ཀྱི། ཇི་ལྟར་བཏགས་པའི་ཚུལ་ཙམ་ཡང་མ་ཤེས་སོ། །འཇུག་པ་ལས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་བཀོད། །ཅེས་པའི་དོན་ཡང་སེམས་ཀྱིས་ལས་བསགས་པའི་བག་ཆགས་ཀྱི་མཐུ་ལས་སྐྱེས་པ་ཞེས་བསྟན་པ་ཡིན་གྱི། སྔ་མ་ལས་སྐྱེས་པའི་རྟེན་འབྱུང་གི་ཆ་བློས་བཏགས་པ་ཙམ་དུ་སྟོན་པ་མ་ཡིན་ནོ། །དེས་ན་བརྟེན་ནས་སྐྱེས་པའི་རྟེན་འབྱུང་དང༌། ལྟོས་ནས་བཏགས་པའི་རྟེན་འབྱུང་གཉིས་སོ་སོར་ཁོང་དུ་མ་ཆུད་པར་ཐམས་ཅད་བློས་བཏགས་པ་ཙམ་དུ་སྨྲ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་གྱི་སྒོ་རྟེན་ཅིང་འབྲེལ་བར་འབྱུང་བ་རྟོག་པས་བཏགས་པར་སྨྲས་པས་སྡིག་པའི་ཁུར་ཤིན་ཏུ་ཆེན་པོ་ཁྱེར་བས་ངལ་བར་གྱུར་ཏོ། །སྟོང་པ་ཉིད་ཀྱང་གཉིས་ཏེ། བདེན་སྟོང་སྒྱུ་མ་ལྟ་བུ་དང༌། སྣང་སྟོང་ནམ་མཁའ་ལྟ་བུའོ། །ལས་འབྲས་ཀྱི་རྣམ་པར་གཞག་པ་ཐམས་ཅད་ཀྱང་བདེན་སྟོང་ཁས་ལེན་པ་ལ་རུང་གི རང་བཞིན་གྱིས་ཡོད་ན་སྐྱེ་འགག་མི་རུང་བས་ལས་འབྲས་ཀྱི་རྣམ་པར་གཞག་པ་མི་འཐད་ཅེས་གསུངས་པ་ཡང་བདེན་སྟོང་གི་དབང་དུ་བྱས་པ་ཡིན་ལ། སྣང་སྟོང་ནམ་མཁའ་ལྟ་བུ་ནི་ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པས་རྒྱུ་འབྲས་སོ་སོར་གཟུང་དུ་མེད་པའི་ཕྱིར་དང༌། སྣང་བའི་མཚན་མ་ཙམ་ཡང་མི་མངའ་བའི་ཕྱིར་དེ་ལ་ནི་ལས་འབྲས་ཀྱི་རྣམ་པར་གཞག་པ་མི་རུང་ངོ༌། །མདོ་ལས་ཀྱང༌། ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་ཆོས་བསྟན་ཏོ་ཞེས་གསུངས་སོ། །སྟོང་པ་ཉིད་འདི་གཉིས་ཀྱི་ཁྱད་པར་ནི། སྣང་བས་ཁྱད་པར་དུ་བྱས་པ་དང༌། སྣང་བའི་མཚན་མ་ཙམ་ཡང་མི་མངའ་བ་འཕགས་པའི་མཉམ་གཞག་གི་གཟིགས་པ་གང་ཡིན་པའོ། །གཞན་དག་གིས་ནི་ལས་འབྲས་ཀྱི་རྣམ་གཞག་སྟོང་པ་ཉིད་གང་གི་དབང་དུ་བྱས་པ་ཡང་མ་ཕྱེད་པར་སྣང་ངོ༌། །ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་ཡང་རིགས་པ་སོ་སོའི་བྱེད་པས་གཏན་ལ་འབེབས་པ་དང༌། ཐུན་མོང་གི་བྱེད་པས་གཏན་ལ་འབེབས་པའོ། །དང་པོ་ནི། བདག་ལས་སྐྱེ་བ་སོགས་མཐའ་བཞི་འགོག་པའི་རིགས་པས་མཐའ་བཞིའི་སྐྱེ་བ་སོ་སོ་ལ་སྒྲོ་འདོགས་གཅོད་ཅིང༌། གཉིས་པ་ནི། མཐར་ཐམས་ཅད་བསྡོམས་པའི་བྱེད་པས་རང་བཞིན་སྐྱེ་མེད་དུ་གཏན་ལ་ཕབ་པ་ལྟ་བུའོ། །གལ་ཏེ་ཅིར་ཡང་མ་གྲུབ་པ་ཙམ་ལ་སྟོང་པར་འདོད་དམ། ཆོས་གཞན་གྱིས་སྟོང་པ་ལ་འདོད། དང་པོ་ལྟར་ན་རི་བོང་གི་རྭ་ལ་སོགས་པ་ཡང་ཆོས་ཉིད་དུ་འགྱུར་ལ། གཉིས་པ་ལྟར་ན་གཞན་སྟོང་ཙམ་དུ་འགྱུར་བས་དབུ་མའི་ལུགས་ལས་ཉམས་པར་འགྱུར་ཞེ་ན། ཐ་སྙད་དུ་སྣ་ཚོགས་སུ་སྣང་བ་མེད་དེ་གནས་ཚུལ་ལ་མ་གྲུབ་པའི་ལྡོག་པ་ནས་དོན་དམ་དུ་བརྗོད་པར་བྱ་བ་ཡིན་པས་ཅིར་ཡང་མ་གྲུབ་པ་ཙམ་ལ་ཆོས་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །སྟོང་པ་ཉིད་ཀྱི་སྒྲ་འཇུག་པའི་ཡུལ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བཤད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་པ་ལྟར་རོ། །རྟེན་འབྲེལ་ལ་སྟོང་པ་ཉིད་དུ་འཇོག་པའི་ཚུལ་ཡང༌། ཐ་སྙད་དུ་ཡང་བདེན་པར་མེད་དེ། སྐྱེ་འགག་མེད་པའི་ཕྱིར། སྣང་བ་དེ་ཉིད་ལ་རིགས་པས་རྣམ་པར་དཔྱད་པ་ན་རིགས་ངོར་ཅུང་ཟད་ཀྱང་མི་རྙེད་པའི་ཕྱིར། སྣང་ཚུལ་ལ་སྣ་ཚོགས་སུ་སྣང་ཡང་གནས་ཚུལ་ལ་མ་གྲུབ་པའི་ཕྱིར་སྣང་བ་གནས་ཚུལ་ལ་མ་གྲུབ་པ་དེ་ཉིད་ལ་སྟོང་པ་ཉིད་ཀྱི་སྒྲས་བརྗོད་དོ། །དེ་ཡང་རིགས་པས་སྣང་བ་སྔར་ཡོད་བཤིག་ནས་སྟོང་པ་ཉིད་དུ་གསར་དུ་བྱས་པ་མིན་གྱི། སྣང་ཚུལ་ལ་སྣ་ཚོགས་སུ་སྣང་བའི་དུས་ཉིད་ནས་གནས་ཚུལ་ལ་གདོད་མ་ནས་སྟོང་པ་ཉིད་དུ་གནས་པ་ཉིད་རིགས་པས་བློ་ངོ་ན་གསར་དུ་རྙེད་པ་ཙམ་ཡིན་ནོ། །དེ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཉིད་གནས་ཚུལ་ལ་མ་གྲུབ་པ་ལ་དོན་དམ་པའི་སྒྲས་བརྗོད་པས་ཅིར་ཡང་མ་གྲུབ་པ་ཙམ་ལ་མི་འདོད་པས་རི་བོང་གི་རྭ་ལ་སོགས་པ་ཆོས་ཉིད་དུ་ཐལ་བར་མི་འགྱུར་ལ། གལ་ཏེ་སྣང་བ་འདི་ཉིད་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པས་གཞན་སྟོང་ཙམ་དུ་ཡང་མི་སྲིད་དོ། །འདི་དག་ཀྱང་ཐོག་མར་ཕྱོགས་གཉིས་སུ་བརྟགས་པའི་ཚེ་དཔྱོད་པ་ལ་འཇུག་པ་ཙམ་ཡིན་གྱི། དཔྱོད་པའི་བྱ་བ་མ་རྫོགས་པས་གནས་ལུགས་ཀྱི་དོན་དང་ཕྲད་པ་མ་ཡིན་ལ། ཐལ་བར་འགྱུར་བའི་རྗེས་དཔག་གམ་རྟགས་ལ་བརྟེན་པའི་རྗེས་དཔག་སྐྱེས་པ་དེའི་ཚེ་རྣམ་པར་དཔྱོད་པ་མཐར་ཐུག་པས་དེའི་ཚེ་གནས་ལུགས་ཀྱི་དོན་རྙེད་པ་ཡིན་ནོ། །བདེན་གཉིས་རྟོགས་ཚུལ་གྱི་རིམ་པ་ཡང༌། ཐོག་མར་ཀུན་རྫོབ་རྟོགས་ནས་དོན་དམ་ཕྱིས་རྟོགས་པ་ཡིན་ཏེ། ཀུན་རྫོབ་ནི་དོན་དམ་རྟོགས་པའི་ཐབས་ཡིན་ཏེ། ཐ་སྙད་ཀྱི་སྒོ་ནས་དོན་དམ་སྟོན་དགོས་པའི་ཕྱིར་རོ། །དོན་དམ་རྟོགས་པ་ལ་ཀུན་རྫོབ་རྟོགས་པ་སྔོན་དུ་འགྲོ་དགོས་ཏེ། དོན་དམ་རྟོགས་པ་ནི་ཀུན་རྫོབ་རྟོགས་པའི་ཐབས་ལས་བྱུང་བའི་ཕྱིར་རོ། །ཀུན་རྫོབ་ཏུ་རྟོགས་པ་ལ་ནི་ཐོག་མར་སྣང་བ་ལ་དོན་དམ་དུ་འཛིན་པའི་སྒྲོ་འདོགས་པ་བཅད་ནས་བརྫུན་པའི་རང་བཞིན་ཅན་དུ་རྟོགས་དགོས་པའི་ཕྱིར་དོན་དམ་རྟོགས་པ་སྔོན་དུ་འགྲོ་དགོས་སོ། །འོ་ན་ཐོག་མར་སྒྱུ་ལུས་ལ་སྦྱངས་ནས་ཕྱིས་འོད་གསལ་ལ་འཇུག་པའི་རིམ་པ་གསུངས་པ་ཇི་ལྟར་ཞེ་ན། སྔ་མ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་རིམ་པ་ཡིན་ལ། ཕྱི་མ་ནི་སྒོམ་བྱུང་གིས་བདེན་པ་གཉིས་ལ་འཇུག་པའི་རིམ་པ་སྟེ། ཐོག་མར་བདེན་སྟོང་རྟོགས་ནས་ཕྱིས་སྣང་སྟོང་ནམ་མཁའ་ལྟ་བུ་ལ་འཇུག་ཅེས་པའི་དོན་ནོ། །བློའི་རིམ་པ་ལ་བཞི་སྟེ། དགག་བྱའི་བདེན་པ་འཛིན་པ་དང༌། དཔྱད་གཞི་སྣང་ཙམ་འཛིན་པ་དང༌། སྣང་བ་བདེན་སྟོང་འཛིན་པ་དང༌། སྣང་བ་དང་བདེན་སྟོང་སྡོམ་ནས་འཛིན་པའོ། །སྔ་མ་ནི་དགག་བྱའི་འཛིན་པ་ཡིན་ལ། ཕྱི་མ་གསུམ་ལ་སྣང་ཙམ་འཛིན་པ་ནི་ཀུན་རྫོབ་ཀྱི་ངོ་བོ་འཛིན་པ་ཡིན་ལ། སྣང་བ་བདེན་སྟོང་འཛིན་པ་ནི་སྣང་བ་ཀུན་རྫོབ་ཏུ་རྟོགས་པའི་བློའོ། །གསུམ་པ་ནི་སྣང་བ་དང་སྟོང་པ་ཉིད་ཆོས་དང་ཆོས་ཅན་གྱི་ཚུལ་དུ་འཛིན་པའོ། །སྣང་བ་ཙམ་ཡང་མ་རྙེད་པའི་བློ་ནི་མཐར་ཐུག་རྟོགས་པའི་བློའོ། །དེ་ལ་དགག་བྱའི་བདེན་པ་འཛིན་པའི་བློ་ནི་ཐ་མལ་པ་དང་དངོས་སྨྲ་བ་དག་གི་ཐུན་མོང་གི་བློའོ། །སྣང་ཙམ་འཛིན་པ་ནི་དབུ་མ་པ་དང་གསུམ་ཀའི་ཐུན་མོང་གི་བློའོ། །སྟོང་པ་འབའ་ཞིག་འཛིན་པ་ནི་འཕགས་པའི་མཉམ་གཞག་གོ །བློ་ཐ་མ་ནི་གཙོ་བོར་རྗེས་ཐོབ་ཀྱི་བློ་ཡིན་ལ། རིགས་ཤེས་ཀྱི་བློ་ཡང་ཡོད་དོ། །འཛིན་ཚུལ་ལ་སྣང་ཙམ་དུ་འཛིན་པའི་བློས་ཐོག་མར་དཔྱད་གཞི་བཟུང་ནས། དེ་ནས་རིགས་པ་ལ་བརྟེན་པའི་ཤེས་པས་དེའི་གནས་ཚུལ་འཛིན་པ་ཡིན་ལ། དེའི་རྗེས་ཀྱི་ཤེས་པས་ནིཾ་སྣང་བ་ནི་ཆོས་ཅན་ཡིན་ལ། སྣང་བ་དེ་ཉིད་གནས་ཚུལ་ལ་མ་གྲུབ་པ་དེ་ཉིད་ཆོས་ཉིད་ཡིན་པས། དེས་ན་སྣང་ལྡོག་དང་སྟོང་ལྡོག་ལ་དམིགས་པའི་བློ་གཉིས་ནི་ཆོས་དང་ཆོས་ཅན་དུ་འཛིན་པའི་བློ་མ་ཡིན་ལ། ཕྱི་མ་ནི་ཆོས་དང་ཆོས་ཅན་དུ་འཛིན་པའི་བློའོ། །བློའི་འཇུག་ཚུལ་ཕྱེད་པ་ཤིན་ཏུ་གལ་ཆེ་བར་སྣང་ངོ༌། །འཕགས་པའི་མཉམ་གཞག་གིས་ནི་ཆོས་ཉིད་ཀྱི་ངོ་བོ་རྟོགས་ཀྱང་འདིའི་ཆོས་ཉིད་ཅེས་པའི་ཚུལ་གྱིས་མི་འཛིན་ལ། སྣང་ལྡོག་འཛིན་པའི་བློས་ཀྱང་ཆོས་ཅན་གྱི་ངོ་བོ་འཛིན་ཀྱང་སྟོང་ཉིད་འདིའི་ཆོས་ཅན་ནོ་ཞེས་པའི་ཚུལ་གྱིས་འཛིན་པ་མིན་ལ། ཆོས་དང་ཆོས་ཅན་གྱི་ཚུལ་དུ་འཛིན་པ་ནི་རྣམ་པར་དཔྱོད་པའི་བློ་གཞན་ཡིན་ནོ། །ཆོས་ཀྱི་བདག་མེད་བསྟན་ཟིན་ཏོ། །ད་ནི་གང་ཟག་གི་བདག་མེད་བསྟན་པར་བྱ་སྟེ། དེ་ལ་ཟླ་བའི་བཞེད་ཚུལ་དང༌། སློབ་དཔོན་དབྱིག་གཉེན་གྱི་འདོད་ཚུལ་དང༌། སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པའི་བཞེད་ཚུལ་ལོ། །དང་པོ་ནི། གང་ཟག་གི་བདག་ནི་ཕུང་པོ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ངར་འཛིན་གྱི་བློས་བདག་གོ་ཞེས་བཏགས་པའོ། །བརྟེན་ནས་འདོགས་པའི་ཚུལ་ཡང༌། འགའ་ཞིག་སློབ་དཔོན་འདིས། ཕུང་པོ་གདགས་གཞིར་བཟུང་ནས་དེ་ལ་བདག་ཏུ་འདོགས་ཞེས་སྨྲ་བ་ནི། ཕུང་པོ་ལ་བརྟེན་ནས་འདོགས་ཞེས་པའི་ཚིག་གི་ནུས་པ་ཁོང་དུ་མ་ཆུད་པར་ཟད་དོ། །དེས་ན་བརྟེན་ནས་འདོགས་ཞེས་པའི་དོན་ནི། ཐོག་མར་ཕུང་པོ་བློ་ཡུལ་དུ་བྱས་ནས་བདག་ཏུ་རྟོགས་པའི་བློ་སྐྱེ་བ་ཡིན་ལ། བདག་འཛིན་ནི་ནམ་མཁའ་ལ་སྐྲ་ཤད་སྣང་བ་ལྟར་གཞི་མེད་ལ་བདག་གོ་ཞེས་བཟུང་བའི་ཡུལ་ལ་གང་ཟག་གི་བདག་ཅེས་འདོགས་ལ། དེ་ངོ་བོ་ཉིད་ཀྱིས་སྟོང་པ་ལ་གང་ཟག་གི་བདག་མེད་ཅེས་བརྗོད་དོ། །ཕུང་པོ་ལ་བདག་ཏུ་བརྗོད་པར་རིགས་ཏེ། ཕུང་པོ་བདག་ཏུ་འཁྲུལ་བའི་གཞི་ཡིན་པའི་ཕྱིར་རོ་ཞེ་ན། འཁྲུལ་གཞིའི་དོན་ནི་ནམ་མཁའ་ལ་བརྟེན་ནས་བདག་ཏུ་འཛིན་པ་མི་སྐྱེ་བ་ལྟར་ཕུང་པོ་བློ་ཡུལ་དུ་མ་བྱས་པར་བདག་ཏུ་འཛིན་པའི་བློ་མི་སྐྱེ་ལ། ཕུང་པོ་བློ་ཡུལ་དུ་བྱས་པ་ཁོ་ན་ལས་བདག་ཏུ་རྟོགས་པའི་བློ་སྐྱེ་བའི་ཕྱིར་འཁྲུལ་གཞི་ཞེས་བརྗོད་ཀྱི། ཕུང་པོ་ལ་བདག་ཏུ་འཛིན་པ་ནི་མིན་ནོ། །གལ་ཏེ་ཡིན་ན་བདག་ཕུང་གཅིག་ཏུ་འཛིན་པ་ཐལ་བའི་ཕྱིར་དང༌། ལས་དང་བྱེད་པ་པོ་ཡང་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ཕུང་པོ་ནི་ཉེ་བར་བླང་བྱ་ཡིན་ལ། བདག་ནི་ཉེ་བར་ལེན་པ་པོ་ཡིན་པས་གཅིག་ཏུ་རིགས་པ་མིན་ནོ། །འཇུག་པ་ལས། ལེན་ནོ་རང་ཉེར་ལེན་གཅིག་རིགས་དངོས་མིན། །ཞེས་པ་ལྟར་རོ། །གཞན་ཡང་བདག་ཕུང་གཅིག་ཏུ་འདོད་ན་བདག་མེད་པར་མཐོང་བའི་ཚེ་ཕུང་པོ་ཡང་མེད་པར་མཐོང་བར་འགྱུར་བ་ལས་དེ་ལྟར་མིན་ནོ། །གལ་ཏེ་བདག་མེད་མངོན་སུམ་དུ་མཐོང་བའི་ཚེ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་མཐོང་བ་ཡིན་པས། སྐབས་དེར་མེད་པར་མཐོང་བའི་བདག་ནི་ཕུང་པོ་ལ་འཇུག་པ་མིན་ལ། ལས་འབྲས་ཀྱི་སྐབས་སུ་བདག་གི་སྒྲ་ཕུང་པོ་ལ་འཇུག་པའོ་ཞེ་ན། དེར་ཕུང་པོ་ལ་བདག་གི་སྒྲ་འཇུག་པར་འདོད་ན་གཞན་དུ་ཡང་འཇུག་པར་བྱ་དགོས་ཏེ། གསུང་རབ་ཀྱི་དགོངས་པ་འདོད་པའི་རྗེས་སུ་བྱེད་པ་མ་ཡིན་པའི་ཕྱིར་རོ། །གཞན་གྱིས་བཏགས་པའི་བདག་མེད་པ་གོམས་པར་བྱས་པ་ཡང་དོན་མེད་དེ། བདག་མེད་གོམས་པར་བྱས་པའི་དགོས་པ་ནི་འཁོར་བའི་རྩ་བ་བདག་འཛིན་ལྡོག་པའི་ཆེད་ཡིན་ལ། གཞན་གྱིས་བཏགས་པའི་བདག་མེད་བསྒོམས་པས་ནི་འཁོར་བའི་རྩ་བ་བདག་འཛིན་མི་ལྡོག་པའི་ཕྱིར་ཏེ། ལྷན་སྐྱེས་ཀྱི་བདག་འཛིན་ལ་མི་གནོད་པའི་ཕྱིར་རོ། །གལ་ཏེ་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་བསྒོམས་པས་ལྡོག་གོ་ཞེ་ན། ཀུན་བཏགས་ཀྱི་བདག་འཛིན་ལྡོག་ཀྱང་ལྷན་སྐྱེས་ཀྱི་འཛིན་པ་མི་ལྡོག་སྟེ། དེ་མེད་པར་རྟོགས་པས་ལྷན་སྐྱེས་ཀྱི་ཡུལ་མེད་པར་མི་རྟོགས་པའི་ཕྱིར་ཏེ། རྟག་གཅིག་རང་དབང་ཅན་གྱི་བདག་ཏུ་འཛིན་པ་མེད་པའི་དུད་འགྲོ་ལའང་ངར་འཛིན་མཐོང་བའི་ཕྱིར་རོ། །རང་གི་སྡེ་པ་ཁ་ཅིག་ཕུང་པོ་ལྔ་ཆར་ལྷན་སྐྱེས་ཀྱི་བདག་འཛིན་གྱི་དམིགས་པར་འདོད་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྣམ་ཤེས་ལ་དམིགས་པར་འདོད་པ་ལྟར་ན། འོ་ན་ལུས་གཅིག་ལ་ཕུང་པོ་ལྔ་ཡོད་པས་ལུས་གཅིག་ལ་བདག་ཀྱང་མང་པོ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །བདག་འཛིན་ཀྱང་ཡུལ་རྫས་སུ་གྲུབ་པ་ལ་འཇུག་པས་ཕྱིན་ཅི་ལོག་མཐོང་སྤང་མིན་པར་འགྱུར་བ་དང༌། བདག་མེད་མངོན་སུམ་དུ་མཐོང་བའི་ཚེ་ཕུང་པོ་མེད་པར་མཐོང་བར་འགྱུར་བ་དང༌། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཚེ་ཕུང་པོ་རྒྱུན་ཆད་པས་བདག་ཀྱང་རྒྱུན་ཆད་པར་འགྱུར་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་མཐའ་ཡོད་དོ་ཞེས་ལུང་བསྟན་པར་ཡང་འགྱུར་རོ། །འོ་ན་མདོ་ལས། དགེ་སློང་དག་གམ་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་བདག་གམ་བདག་གི་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་རྗེས་སུ་ལྟའོ་ཞེས་གསུངས་པ་མིན་ནམ་ཞེ་ན། མདོ་འདི་ནི་ཕུང་པོ་ལས་དོན་གཞན་པའི་བདག་འགོག་པ་ཡིན་གྱི། བདག་ཕུང་གཅིག་ཏུ་སྟོན་པ་ནི་མིན་ནོ། །འདི་ཇི་ལྟར་ཤེས་པར་བྱ་སྙམ་ན། མདོ་གཞན་ལས། གཟུགས་བདག་མ་ཡིན། ཚོར་བ་བདག་མ་ཡིན་ཞེས་སོགས་གསུངས་པའི་ཕྱིར་དང༌། ཡང་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་འདོགས་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་གསུངས་སོ། །བརྟེན་ནས་འདོགས་ཞེས་པའི་ཚིག་གིས་ནི་ཕུང་པོའི་ཚོགས་པ་བདག་མིན་པར་གསལ་བར་བྱས་སོ། །དེས་ན་བདག་དང་ཕུང་པོ་གཅིག་ཏུ་ཡང་མི་འཐད་ལ། གཞན་དུ་ཡང་མི་འཐད་དེ། ཕུང་པོ་ལས་གཞན་ལ་བདག་ཏུ་འཛིན་པ་འཇུག་པ་མི་དམིགས་པའི་ཕྱིར་རོ། །དེ་དག་གིས་གང་ཟག་གི་བདག་ངོས་གཟུང་ནས། གང་ཟག་གིབདག་མེད་པ་ནི། གང་ཟག་ངོ་བོ་ཉིད་རང་བཞིན་གྱིས་སྟོང་པ་སྟེ། སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ཀྱིས་ཀྱང་སློབ་དཔོན་འདི་དང་མཐུན་པར་བཤད་དེ། ཕུང་པོ་ལ་བརྟེན་ནས་བཏགས་པ་ནི་གང་ཟག་ཡིན་ལ། དེ་ངོ་བོ་ཉིད་ཀྱིས་མེད་པ་ནི་གང་ཟག་གི་བདག་མེད་པའོ། །ཆོས་ནི་གཟུགས་ལ་སོགས་པའི་ཕུང་པོ་ཡིན་ལ། དེ་རང་བཞིན་མེད་པ་ནི་ཆོས་ཀྱི་བདག་མེད་དོ་ཞེས་པ་ལྟར་རོ། །དེས་ན་བདག་ནི་ཕུང་པོ་ཉེ་བར་ལེན་པ་པོ་དང༌། ཕུང་པོ་ནི་བདག་གི་ཉེ་བར་བླང་བྱ་ཡིན་པའི་ཕྱིར་དང༌། ལས་བྱེད་པ་པོ་དང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་པོ་དང༌། གང་ཟག་ནི་ཡོན་ཏན་འདི་ལྟ་བུ་དང་ལྡན་ནོ་ཞེས་དང༌། སྐྱོན་འདི་དང་ལྡན་ནོ་ཞེས་རྣམ་པར་འཇོག་དགོས་པའི་ཕྱིར་རོ། །བདག་ཐ་སྙད་ཙམ་དུ་མེད་པ་མིན་ལ། ངོ་བོ་ཉིད་ཀྱིས་ཡོད་པ་ཡང་མིན་པའི་ཕྱིར་ཐ་སྙད་དུ་བདག་ཡོད་པ་དང་གང་ཟག་གི་བདག་མེད་པ་མི་འགལ་ལོ། །མཁས་པ་དུ་མས་གང་ཟག་གི་བདག་དང་བདག་གཉིས་ཤན་མ་ཕྱེད་པར་སྣང་ཞིང༌། ཡང༌། ཇི་ལྟར་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བརྗོད་དོ། །ཞེས་པའི་མདོས་ཕུང་པོ་ཚོགས་པ་གང་ཟག་གི་གདགས་གཞིར་གསུངས་པ་འདོད་པ་དང༌། མདོ་ལས། འཇིག་ཚོགས་ལ་ལྟ་བས་ཕུང་པོ་ལ་ལྟ་བར་གསུངས་པའི་དོན་ཡང་ཕུང་པོ་ལ་བཏགས་པའི་བདག་ལ་དམིགས་པར་བྱེད་པ་ལ་བཤད་དགོས་སོ་ཞེས་གསུངས་པ་རྣམས་ཀྱང་བབ་ཅོལ་འབའ་ཞིག་སྟེ། སློབ་དཔོན་ཟླ་བས། ཕུང་པོ་ཚོགས་པ་བདག་གི་གདགས་གཞིར་མི་འདོད་པའི་ཕྱིར་དང༌། བདག་ཕུང་པོ་ལ་བཏགས་པ་ཡང་མི་འདོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་མིན་ན་བརྟེན་ནས་འདོགས་ཞེས་པའི་ཚིག་གི་ནུས་པ་ཁོང་དུ་མ་ཆུད་པར་འགྱུར་རོ། །བདག་ཐ་སྙད་དུ་གཞག་པས་ཆད་པར་ལྟ་བ་སྤངས་ལ། རྫས་སུ་ཡོད་པ་བཀག་པས་རྟག་པར་ལྟ་བ་སྤངས་པ་ཡིན་ནོ། །འདི་ནི་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པའི་མདོ་དང༌། དབྱིག་གཉེན་གྱིས་མཛོད་འགྲེལ་ལས་གསུངས་པ་དང་ཡང་མཐུན་པར་སྣང་ཞིང༌། སློབ་དཔོན་ཟླ་བ་གྲགས་པའི་ལུགས་བསྟན་ཟིན་ཏོ། །ད་ནི་སློབ་དཔོན་དབྱིག་གཉེན་གྱི་བཞེད་ཚུལ་བསྟན་པར་བྱ་སྟེ། འདིར་བདག་ཅེས་པའི་སྒྲ་འཇུག་པའི་དོན་ནི་ཕུང་པོའི་རྒྱུན་ཙམ་ལ་འཇུག་སྟེ། ལྷན་སྐྱེས་ཀྱི་ངར་འཛིན་ནི་ཕུང་པོའི་རྒྱུན་ཙམ་ལ་བདག་ཏུ་འདོགས་པའི་ཕྱིར། རྒྱུད་ལས་ཀྱང༌། ཁ་ཡར་བ་དང་ཚོགས་པ་ཅན། །གང་ཟག་མ་ཡིན་དེ་ཡི་ཕྱིར། །རྒྱུན་ལ་གང་ཟག་ཅེས་བརྗོད་དོ། །ཞེས་སོ། །དེ་ཡང་གཟུགས་སོགས་ལྟར་རྫས་སུ་ཡོད་པ་ནི་མ་ཡིན་གྱི། རྡུལ་རྫས་ཚོགས་པ་ལ་འོ་མ་ཞེས་བཏགས་པ་ལྟར་བཏགས་པར་ཡོད་པ་ཡིན་ནོ། །མཛོད་འགྲེལ་ལས། བདག་ཏུ་མངོན་པར་བརྗོད་པ་འདི་ནི་ཕུང་པོའི་རྒྱུན་ཁོ་ན་ལ་འཇུག་གི བརྗོད་པར་བྱ་བ་གཞན་ལ་ནི་མིན་ནོ་ཞེས་གསུངས་པ་དང༌། བཏགས་པར་ཡོད་དོ་ཞེ་ན་ནི་ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲའོ་ཞེས་སོ། །རྫས་སུ་ཡོད་པ་ནི་ཁས་མི་ལེན་ཏེ། རྣམ་པར་དཔྱོད་ན་བདག་ནི་མི་རྙེད་པའི་ཕྱིར་ཏེ། མཛོད་འགྲེལ་དུ་ལུང་ཕྲན་ཚེགས་ཁུངས་སུ་མཛད་ནས། རྒྱ་ཤུག་གི་བུ་ལ་གདམས་པའི་མདོ་དྲངས་པ། བདག་ཉིད་ཀྱིས་ནི་བདག་མེད་དེ། །ཕྱིན་ཅི་ལོག་དེས་རྟོག་པར་བྱེད། །འདི་ལ་བདག་གམ་སེམས་ཅན་མེད། །ཆོས་འདི་ཐམས་ཅད་རྒྱུ་དང་བཅས། །ཞེས་དང༌། རྣམ་པར་བསམ་ནས་འདི་ཀུན་ལ། །གང་ཟག་དམིགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་ཕུང་པོ་རྣམས་གང་ཟག་གོ་སྙམ་ན། ཕུང་པོ་ནི་ཁུར་ཡིན་ལ། གང་ཟག་ནི་ཁུར་ཁྱེར་བ་པོར་གསུངས་པས་ན། ཁུར་དང་དེ་ཁྱེར་བ་པོ་གཅིག་ཏུ་རིགས་པ་ཡང་མིན་ནོ། །ཕུང་པོ་ལས་གཞན་དུ་གྲུབ་པ་ཡང་མིན་ཏེ། མ་དམིགས་པའི་ཕྱིར་དང༌། ཕུང་པོ་ལས་གཞན་དུ་བདག་ཏུ་འཛིན་པ་འཇུག་པ་ཡང་མེད་པའི་ཕྱིར་རོ། །འོ་ན་སེམས་ཅན་སྐྱེ་བ་མེད་པས་ལོག་པར་ལྟ་བ་ཉིད་དུ་འགྱུར་རོ་ཞེ་ན། སེམས་ཅན་སྐྱེ་བ་མེད་པ་སུས་སྨྲས། ཕུང་པོ་ལ་བཏགས་པའི་གང་ཟག་བཏགས་པ་ཙམ་ཞིག་མེད་པར་མི་འདོད་པའི་ཕྱིར་དང༌། ལས་གཅིག་གིས་བསྡུས་པའི་ཕུང་པོ་སྔ་མའི་རྒྱུན་ལས་རྣམ་པར་སྨིན་པའི་ཕུང་པོ་ཕྱི་མ་འབྱུང་བའི་ཕྱིར། དེ་ཡང་མཛོད་ལས། མར་མེ་བཞིན་དུ་མངལ་དུ་འགྲོ། །ཞེས་གསུངས་པས་ན། ཕ་རོལ་པོས་འོ་ན་བདག་ཡོད་པར་ཁས་བླངས་པར་འགྱུར་རོ་ཞེས་བརྩད་པའི་ལན་དུ། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །འདིས་རྫས་སུ་གྲུབ་པའི་བདག་མེད་པར་བསྟན་ནས་ཕུང་པོ་སྔ་མའི་རྒྱུན་ལས་ཕྱི་མ་འབྱུང་བ་ལ་སྐྱེ་བ་ལེན་པ་ཞེས་བསྟན་ཏོ། །དགོངས་པའི་དོན་ནི། ཕུང་པོའི་རྒྱུན་ལ་བདག་ཏུ་མངོན་པར་ཞེན་པས་ཕུང་པོ་སྔ་མའི་རྒྱུན་ལས་ཕྱི་མ་འབྱུང་བ་ཡང་བདག་གམ་གང་ཟག་གིས་ཕུང་པོ་ཕྱི་མ་ལེན་པའམ་སེམས་ཅན་སྐྱེ་བ་ལེན་པར་བྱེད་དོ་ཞེས་མངོན་པར་ཞེན་པའི་བསམ་ངོ་ལ་ལྟོས་ནས་སེམས་ཅན་གྱི་སྐྱེ་བ་ལེན་པའི་ཐ་སྙད་གསུངས་སོ། །གང་ཟག་ཏུ་མངོན་པར་ཞེན་པའི་ཡུལ་ཕུང་པོ་སྔ་མའི་རྒྱུན་ཙམ་ལས་ཕྱི་མ་སྐྱེ་བ་ན་བདག་གམ་གང་ཟག་གི་སྐྱེ་བ་ལེན་པར་ཞེན་པའི་ཕྱིར་ཏེ། ཕུང་པོའི་རྒྱུན་ལ་བདག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །འོ་ན་ཕུང་པོའི་རྒྱུན་ལ་བདག་ཏུ་འདོགས་ན། ཕུང་པོའི་རྒྱུན་ཉིད་བདག་ཏུ་འགྱུར་བས། བདག་འདུས་བྱས་སུ་ཇི་ལྟར་མི་འགྱུར་སྙམ་ན། མདོ་ལས། བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་པས་ན། འཇིག་ལྟས་ཕུང་པོའི་རྒྱུན་ལ་བདག་ཏུ་དམིགས་ལ། འཇིག་ལྟས་བདག་ཏུ་དམིགས་པ་ཙམ་གྱིས་བདག་ཏུ་མི་འགྱུར་ཏེ། བདག་མིན་པའི་ཕུང་པོ་ལ་བདག་ཏུ་འཛིན་པས་འཁྲུལ་བའི་ཕྱིར་རོ། །རིགས་པ་འདིས་ཟླ་བ་གྲགས་པའི་བཞེད་ཚུལ་ལ་གནོད་པར་སྣང་སྟེ། རྒྱས་པར་འོག་ཏུ་སྟོན་ཏོ། །གལ་ཏེ་བདག་རྣམ་པ་ཐམས་ཅད་དུ་རྫས་སུ་གྲུབ་པ་མེད་ན། སྔར་མཐོང་བ་ཕྱིས་ངོ་ཤེས་པ་དང་དྲན་པར་ཡང་མི་འགྱུར་ཞེ་ན། སྔར་ཡང་བདག་གིས་མཐོང་བ་ཕྱིས་བདག་གིས་ཤེས་པ་དང་དྲན་པ་མིན་གྱི། སྔར་ཤེས་པའི་ཁྱད་པར་གྱིས་མཐོང་བ་ལས་དེ་དང་རྒྱུད་གཅིག་པའི་ཤེས་པ་ཕྱི་མས་ངོ་ཤེས་པ་དང་དྲན་པར་འགྱུར་བ་ཡིན་ནོ། །འོན་ཀྱང་བདག་གིས་མཐོང་བ་དང་དྲན་པའི་ཐ་སྙད་བྱེད་པ་ནི་སེམས་སྔ་མ་དང་ཕྱི་མའི་རྒྱུན་ལ་བདག་ཏུ་མངོན་པར་ཞེན་པའི་དབང་གིས་བདག་གིས་མཐོང་བ་དང་དྲན་པའི་ཐ་སྙད་བྱེད་པ་ཡིན་ནོ། །ལས་བྱེད་པ་པོ་དང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བ་པོའི་ཐ་སྙད་འཇོག་པ་ཡང་སྔ་མའི་ལས་ལས་ཕྱི་མའི་རྣམ་པར་སྨིན་པ་འབྱུང་བ་ཡིན་ཡང་རྒྱུད་གཅིག་ཏུ་གཏོགས་པའི་སེམས་རྒྱུད་སྔ་ཕྱི་ལ་བྱེད་པ་པོ་དང་མྱོང་བ་པོའི་ཐ་སྙད་བྱས་པར་ཟད་དོ། །དེས་ན་གང་ཟག་བཏགས་པ་ཙམ་མེད་པ་མིན་ལ། རྫས་སུ་གྲུབ་པ་ཡོད་པ་ཡང་མིན་པས་རྟག་ཆད་ཀྱི་ལྟ་བ་ཡང་སྤང་སྟེ། མཛོད་ལས། བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་སྨྲས་པར་འགྱུར། །ཞེས་དང༌། བཏགས་པའང་མེད་པར་འགྱུར་འོང་ནས། །མེད་དོ་ཞེས་ཀྱང་མ་གསུངས་སོ། །ཕུང་པོའི་རྒྱུན་ནི་གང་ལ་དགེ །མི་དགེའི་འབྲས་བུ་ཡོད་པ་ཉིད། །ཅེས་གསུངས་སོ། །མཛོད་འགྲེལ་ལས་གནས་པའི་མདོ་ཁུངས་སུ་དྲངས་པ་ནི། ཀུན་དགའ་བོ་བདག་ཡོད་དོ་ཞེས་བྱ་བ་ནི་རྟག་པར་འགྱུར་ལ། ཀུན་དགའ་བོ་བདག་མེད་དོ་ཞེས་བྱ་བ་ནི་ཆད་པར་འགྱུར་རོ་ཞེས་གསུངས་སོ། །མདོར་ན་སེམས་རྒྱུན་སྔ་མ་ལ་བདག་ཏུ་ཞེན་ནས་དེ་ལས་ཕུང་པོ་ཕྱི་མ་འབྱུང་བ་ལ་གང་ཟག་གི་ཕུང་པོ་ཕྱི་མ་ལེན་ནོ་ཞེས་མངོན་པར་ཞེན་པའི་དབང་གིས་བསྙད་པ་ཡིན་ལ། ལས་དང་དེའི་རྣམ་པར་སྨིན་པ་མྱོང་བ་པོ་ཡང་ཚུལ་དེ་བཞིན་དུ་ལྟའོ། །གང་ཟག་གི་བདག་མེད་པ་ནི་གང་ཟག་བཏགས་པ་ཙམ་ཡིན་གྱི། རྫས་སུ་གྲུབ་པ་མེད་པ་ལ་འདོད་པས་སྔ་མ་དང་མཐུན་ནོ། །ཁྱད་པར་ནི་འདི་ཡིན་ཏེ། གདགས་གཞི་རྫས་ཡོད་ལ་འདོགས་པར་འདོད་པ་ནི་དངོས་སྨྲ་བའི་ལུགས་ཡིན་ལ། དབུ་མ་པས་བཏགས་ཡོད་ལ་བཏགས་པར་འདོད་དེ། འཇུག་པ་ལས། མི་བདེན་པ་ཡི་རྒྱུ་ལ་བརྟེན་ནས་བྱས། །འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། །ཞེས་དང༌། རྟོག་གེ་འབར་བ་དང་བདེན་གཉིས་ལས་ཀྱང་དེ་དང་མཐུན་པར་བཤད་དེ། ལུང་སྔར་དྲངས་ཟིན་ལ། སློབ་དཔོན་དབྱིག་གཉེན་གྱི་བཞེད་ཚུལ་བསྟན་ཟིན་ཏོ། །ད་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བཞེད་ཚུལ་བསྟན་པར་བྱ། ལྷན་སྐྱེས་ཀྱི་ངར་འཛིན་གྱི་ཡུལ་གྱི་བདག་ཅེས་པའི་སྒྲ་འཇུག་པའི་ཡུལ་ནི་རྣམ་པར་ཤེས་པ་ལ་བརྗོད་དེ། རྣམ་པར་ཤེས་པའི་རྒྱུན་ཡང་སྲིད་ལེན་པ་ལ་འཇུག་པ་ན་བདག་གིས་སྐྱེ་བ་ལེན་ནོ་ཞེས་པའི་ཐ་སྙད་འཇུག་པའི་ཕྱིར། དེས་ན་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་པ་ལྟར་སེམས་ལ་བརྟེན་ནས་བདག་ཏུ་འདོགས་པས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས། སེམས་དུལ་བ་ནི་དགེ་བ་སྟེ། །དུལ་བའི་སེམས་ཀྱིས་བདེ་བ་ཐོབ། །ཅེས་དང༌། ཡང་མདོ་གཞན་ལས། བདག་གི་མགོན་ནི་བདག་ཉིད་ཡིན། །གཞན་ནི་མགོན་དུ་སུ་ཞིག་འགྱུར། །མཁས་པ་བདག་ཉིད་ལེགས་ཐུལ་བས། །མཐོ་རིས་དག་ཀྱང་འཐོབ་པར་འགྱུར། །ཞེས་ཁུངས་སུ་མཛད་ནས་གསུངས་སོ། །འདིའི་དོན་ནི། མདོ་སྔ་མས་སེམས་དུལ་བས་བདེ་བ་ཐོབ་པ་དང༌། མདོ་ཕྱི་མས་སེམས་ལ་བདག་གི་སྒྲས་གསུངས་ནས། བདག་དུལ་བས་མཐོ་རིས་ཐོབ་པར་གསུངས་པས་ན་བདག་གི་སྒྲ་རྣམ་པར་ཤེས་པ་ལ་འཇུག་པར་གསུངས་པས་སེམས་ལ་བདག་གི་ཐ་སྙད་བཏགས་པར་མངོན་ནོ། །སློབ་དཔོན་འདིས་ནི་ཕུང་པོ་ལ་བརྟེན་ནས་བཏགས་ཞེས་པའི་དོན། ཕུང་པོ་ལ་བདག་བཏགས་པ་ཙམ་ཡིན་གྱི། ཕུང་པོ་བདག་ཏུ་གྲུབ་པ་ནི་མེད་དོ་ཞེས་པའི་དོན་དུ་འཆད་པས། བརྟེན་ནས་འདོགས་པའི་ཚུལ་ཟླ་བ་གྲགས་པ་དང་མི་འདྲ་བ་ཡིན་ནོ། །ཤེས་རབ་སྒྲོན་མེ་ལས། ཐ་སྙད་དུ་མིང་དང་གཟུགས་དང་དེ་ལ་བརྟེན་ནས་ཉེ་བར་ལེན་པ་པོར་གདགས་པར་ཟད་ཀྱི་ཞེས་པ་ལྟར་རོ། །ཐ་སྙད་དུ་ལྷན་སྐྱེས་ཀྱི་བདག་འཛིན་གྱི་ཡུལ་ལ་བདག་ཏུ་ཐ་སྙད་བཏགས་པ་ནི་ཡོད་པར་འདོད་དེ། ཤེས་རབ་སྒྲོན་མེ་ལས། ཐ་སྙད་དུ་བདག་སྤྱིར་དམ་འཆའ་བ་ནི་གྲུབ་པ་བསྒྲུབས་པ་ཡིན་ཏེ་ཞེས་པ་ལྟར་རོ། །བདག་ངོ་བོ་ཉིད་ཀྱིས་གྲུབ་པ་འགོག་པར་བྱེད་པས་ན་བདག་གམ་གང་ཟག་ཐ་སྙད་དུ་བཏགས་པ་ཙམ་དུ་ཡོད་ལ། ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པའི་ཕྱིར་རྟག་ཆད་ཀྱི་སྐྱོན་ལས་གྲོལ་བར་བཞེད་དོ། །གཞན་སེམས་ཅན་སྐྱེ་བའི་ཚུལ་དང༌། ལས་དང་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཚུལ་ནི་སློབ་དཔོན་དབྱིག་གཉེན་གྱི་བཞེད་པ་དང་མཐུན་ལ། གང་ཟག་གི་བདག་མེད་པའི་ཚུལ་ནི་གཉིས་ཏེ། ལྷན་སྐྱེས་ཀྱི་ངར་འཛིན་པའི་ཡུལ་ལ་བདག་ཏུ་བྱས་པ་དོན་དམ་པར་མེད་པ་དང༌། གཞན་གྱིས་བཏགས་པའི་རྟག་པ་གཅིག་པུ་རང་དབང་ཅན་གྱི་མཚན་ཉིད་ཅན་ཡིན་པའི་བདག་ཏུ་བཏགས་པ་ནི་ཐ་སྙད་ཙམ་དུ་ཡང་མེད་པའོ། །འདིའི་དགག་བྱའི་གང་ཟག་གི་བདག་ངོས་གཟུང་བ་ནི་ཐོག་མར་ལྷན་སྐྱེས་ཀྱི་འཛིན་པས་བདག་ཏུ་བཟུང་ནས་རྗེས་ཐོག་ཏུ་ཇི་ལྟར་ཡོད་པའི་ཚུལ་བཙལ་བས་རྟག་པ་གཅིག་པུ་རང་དབང་ཅན་གྱི་མཚན་ཉིད་ཅན་དུ་འཐད་པར་མཐོང་ནས་གཉིས་པོ་མཚན་མཚོན་གྱི་ཚུལ་དུ་འབྲེལ་བར་གཞན་གྱིས་བཏགས་པ་སྟེ། བདག་ཙམ་ནི་ཀུན་བརྟགས་ཀྱི་འཛིན་པས་བཏགས་པར་མི་འདོད་པས་བདག་འཛིན་གཉིས་པོའི་བཏགས་པའི་མཚམས་ཕྱེད་པ་གལ་ཆེའོ། །གཞན་གྱིས་བདག་རྟག་པ་ཡིན་ཏེ། མི་རྟག་པ་ཡིན་ན་ད་ལྟར་གྱི་བདག་ཞིག་པ་ན་ཕྱི་མའི་ཕུང་པོ་ལེན་པ་པོ་མེད་པར་འགྱུར་བ་དང༌། སྔར་མཐོང་བ་ཕྱིས་ངོ་ཤེས་མི་འཇུག་པ་དང་མི་དྲན་པ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ཚེ་འདིར་ཡང་སྐྱེས་ནས་མ་ཤིའི་བར་དུ་རྟག་ཏུ་གནས་པར་དམིགས་པའི་ཕྱིར་རོ། །གཞན་ཡང་བདག་མི་རྟག་ན་འཆིང་གྲོལ་གྱི་གཞིར་ཡང་མི་རུང་སྟེ། འཆིང་བའི་གནས་སྐབས་ན་ཡོད་པའི་བདག་གྲོལ་བའི་གནས་སྐབས་སུ་མི་འབྱུང་བའི་ཕྱིར་རོ། །གཅིག་པུ་ཡིན་ཏེ། ལུས་གཅིག་ལ་བདག་གཅིག་དམིགས་ཀྱི་དུ་མ་མ་དམིགས་པའི་ཕྱིར་དང༌། སེམས་ཅན་སྐྱེ་བ་ན་བདག་གཅིག་སྐྱེ་ཞེས་བརྗོད་ཀྱི་དུ་མ་སྐྱེ་ཞེས་མི་བརྗོད་པའི་ཕྱིར། རང་དབང་ཅན་ཡིན་ཏེ། གཞན་ལ་རག་མ་ལས་པར་འཇུག་པའི་ཕྱིར་རོ། །དེས་ན་སྒྲུབ་བྱེད་འདི་དག་གི་སྒོ་ནས་ལྷན་སྐྱེས་ཀྱིས་བཟུང་བའི་བདག་རྟག་པ་གཅིག་པུ་སོགས་ཀྱི་མཚན་ཉིད་ཅན་དུ་སྨྲའོ། །རྟག་སོགས་ཀྱི་མཚན་ཉིད་ཅན་གྱི་བདག་མེད་ནི་གང་ཟག་གི་བདག་མེད་གཉིས་པའོ། །ཀུན་བརྟགས་ཀྱི་བདག་མེད་པ་འདི་ནི་གནས་མ་བུ་པའི་སྡེ་པས་ཀྱང་སྨྲ་བ་ཡིན་པས། ཆོས་ཐམས་ཅད་བདག་མེད་ཅེས་པའི་དོན་ཡང་ཀུན་བརྟགས་ཀྱི་བདག་མེད་པ་ལ་འཆད་དོ། །འགའ་ཞིག་གནས་མ་བུ་པའི་སྡེ་པས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་ཟེར་བ་ཡང་འཁྲུལ་བར་སྣང་ངོ༌། །ད་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་ཚུལ་མི་མཐུན་པ་དུ་མ་འབྱུང་བ་རྣམས་ལ་འཐད་པ་དང་མི་འཐད་པའི་ཕྱོགས་རྣམ་པར་ཕྱེ་སྟེ་བཤད་པར་བྱའོ། །སློབ་དཔོན་ཟླ་བས་ཕུང་པོ་ཙམ་དང་རྣམ་པར་ཤེས་པའི་ཕུང་པོ་ལྷན་སྐྱེས་ཀྱི་བདག་འཛིན་གྱི་དམིགས་པར་འདོད་པ་དགག་པར་འདོད་ནས། ཕུང་པོ་ཙམ་དང་རྣམ་པར་ཤེས་པའི་ཕུང་པོ་བདག་ལྟའི་དམིགས་པར་འགྱུར་ན་ཕུང་པོ་བདག་ཏུ་འགྱུར་བ་དང༌། ཕུང་པོ་མང་བས་བདག་ཀྱང་མང་པོར་ཐལ་བར་འགྱུར་རོ་ཞེས་སྐྱོན་བརྗོད་པ་སློབ་དཔོན་འདིའི་དགོངས་པར་འདོད་ན་མི་འཐད་དེ། འོ་ན་ངར་འཛིན་འཇིག་ཚོགས་ལ་ལྟ་བ་མིན་པར་འགྱུར་ཏེ། འཇིག་ཚོགས་ནི་ཕུང་པོ་ལ་བརྗོད་པར་བྱ་བ་ཡིན་ལ། འདིས་ཕུང་པོ་ལ་མི་ལྟ་བའི་ཕྱིར། དེས་ན་འཇིག་ཚོགས་ལ་ལྟ་བ་ཞེས་གང་གི་སྒོ་ནས་གདགས་པར་བྱེད། བདག་འཛིན་གྱིས་ཕུང་པོ་ལ་བདག་ཏུ་བཟུང་བས་ཕུང་པོ་བདག་ཏུ་ཡང་མི་འགྱུར་ཏེ། ཕུང་པོ་བདག་མིན་པ་ལ་བདག་ཏུ་བཟུང་བས་འཁྲུལ་བར་འཇོག་པའི་ཕྱིར་རོ། །བདག་འཛིན་གྱིས་ཕུང་པོ་བདག་ཏུ་བཟུང་བས་བདག་ཏུ་འགྱུར་ན་བདག་འཛིན་མ་འཁྲུལ་བར་ཁས་ལེན་དགོས་པས་དབུ་མ་པའི་གཞུང་ལུགས་ཡོངས་སུ་བཏང་བར་འགྱུར་རོ། །མདོ་ལས་ཀྱང་སྔར་ལུང་དྲངས་པ་ལྟར་ཕུང་པོ་ལ་བདག་གམ་བདག་གིར་རྗེས་སུ་ལྟ་བར་གསུངས་པ་དང་མི་མཐུན་ནོ། །གལ་ཏེ་ལུང་གི་དགོངས་པ་ནི་ཕུང་པོ་ལས་དོན་གཞན་པའི་བདག་འགོག་པར་དགོངས་པ་ཡིན་གྱི། ཕུང་པོ་བདག་ཏུ་སྟོན་པ་མིན་ཏེ། མདོ་གཞན་ལས། གཟུགས་བདག་མ་ཡིན། ཚོར་བ་བདག་མ་ཡིན་ཞེས་སོགས་གསུངས་པའི་ཕྱིར་རོ་ཞེ་ན། ཕུང་པོ་ལ་བདག་ཏུ་མི་འཛིན་ཞེས་པ་ཡང་མིན་ལ། མདོ་གཞན་ལས་གཟུགས་ལ་སོགས་པ་བདག་ཡིན་པ་བཀག་པས་མི་གནོད་དེ། ཕུང་པོ་བདག་ཡིན་པ་བཀག་པས་ཕུང་པོ་ལ་བདག་ཏུ་འཛིན་པས་མི་གནོད་པའི་ཕྱིར་ཏེ། བདག་མིན་ཡང་དེ་ལ་བདག་ཏུ་འཛིན་པར་འཇུག་པ་མི་འགལ་བའི་ཕྱིར། གཞན་ཡང་མདོ་དེ་ཕུང་པོ་ལས་དོན་གཞན་པའི་བདག་འགོག་པའི་ཆེད་དུ་གསུངས་པ་མིན་ཏེ། བདག་འགོག་པའི་དབང་དུ་བྱས་ནས་མདོ་དེ་གསུངས་པ་མིན་གྱི། བདག་གིར་ལྟ་བའི་ཡུལ་འདི་ཡིན་ནོ་ཞེས་སྟོན་པའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་རོ། །གཟུགས་ལ་སོགས་རེ་རེ་ནས་བདག་ཡིན་པ་བཀག་པས་ཕུང་པོ་ལ་བདག་ཏུ་འཛིན་ཞེས་སྨྲ་བ་ལ་མི་གནོད་དེ། གལ་ཏེ་གནོད་ན་གཟུགས་སོགས་བདག་དང་གཞན་ལས་སྐྱེ་བ་སོགས་རེ་རེ་ནས་བཀག་པས་གཟུགས་སོགས་སྐྱེ་བ་བདེན་པར་ཁེགས་པ་ཡིན་ཞེས་མཚུངས་སོ། །གཟུགས་སོགས་ལ་སྐྱེ་བ་བདེན་པར་འཛིན་པར་མི་འཇུག་པར་འགྱུར་ཏེ། མདོ་ལས་གཟུགས་བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་སོགས་རེ་རེ་ནས་བཀག་པའི་ཕྱིར། གལ་ཏེ་བདག་གིས་བྱས་པ་སོགས་རེ་རེ་ནས་བཀག་ཀྱང་གཟུགས་ལ་སྐྱེ་བ་སོགས་སུ་བདེན་པར་འཛིན་པ་མི་འགལ་ཞེ་ན། འོ་ན་གཟུགས་སོགས་རེ་རེ་ནས་བདག་ཡིན་པ་བཀག་ཀྱང་ཕུང་པོ་ལ་བདག་ཏུ་འཛིན་པ་མི་འགལ་ཞེས་བྱའོ། །མདོར་ན་མདོ་གཞན་ལས་གཟུགས་སོགས་རེ་རེ་ནས་བདག་ཡིན་པ་འགོག་པ་ནི་གནས་ཚུལ་ལ་བདག་ཡོད་མེད་དཔྱོད་པའི་རིགས་པ་ཡིན་པས་གནས་ཚུལ་ལ་བདག་གྲུབ་པ་འགོག་པ་ཡིན་གྱི། བདག་འཛིན་ཕུང་པོ་ལ་འཇུག་པ་འགོག་པའི་ཤེས་བྱེད་དུ་མ་འབྲེལ་ཏེ། གནས་ཚུལ་ལ་མེད་ཀྱང་བློས་འཛིན་པ་མི་འགལ་བའི་ཕྱིར། བདེན་འཛིན་བཞིན་ནོ། །ཀུན་བཏགས་ཀྱི་བདག་བཀག་པས་ལྷན་སྐྱེས་ཀྱི་བདག་འཛིན་མི་ལྡོག་སྟེ། ཀུན་བཏགས་ཀྱི་བདག་འཛིན་མེད་པའི་དུད་འགྲོ་ལ་ཡང་ངར་འཛིན་མཐོང་བའི་ཕྱིར་ཞེས་སྨྲ་བ་ལ་ཡང་བརྗོད་པར་བྱ་སྟེ། འོ་ན་མཐའ་བཞིའི་སྐྱེ་བ་བཀག་པས་བདེན་འཛིན་མི་ལྡོག་པར་ཐལ། མཐའ་བཞིའི་སྐྱེ་བ་བདེན་པར་མི་འཛིན་པའི་ཐ་མལ་པ་ལ་ཡང་བདེན་འཛིན་མཐོང་བའི་ཕྱིར་ཞེས་བརྗོད་ན་ལན་ཅི་ཡོད། གཞན་ཡང་བདག་ཕུང་གཅིག་དང་ཐ་དད་དང་རྟེན་དང་བརྟེན་པ་དང་ལྡན་པ་རྣམ་པ་ལྔའི་སྒོ་ནས་བཀག་པས་བདག་འཛིན་མི་ཁེགས་པར་ཐལ། བདག་ཕུང་གཅིག་ཏུ་འཛིན་པ་སོགས་མཐའ་ལྔ་པོ་གང་དུ་གང་འཛིན་པ་མེད་པའི་ཐ་མལ་པ་ལ་ཡང་ངར་འཛིན་མཐོང་བའི་ཕྱིར། ཐ་མལ་པས་བདག་ཕུང་གཅིག་ཏུ་མི་འཛིན་པ་ཡང་རང་ཉིད་ཀྱིས་འདོད་པ་ཡིན་ནོ། །གལ་ཏེ་གྲུབ་མཐའ་སྨྲ་བའི་ངོར་ཁེགས་ཀྱང༌། ཐ་མལ་པའི་ངོར་མི་ཁེགས་སོ་ཞེ་ན། གྲུབ་མཐའ་སྨྲ་བའི་ངོར་རིགས་པས་དགག་སྒྲུབ་བྱེད་པ་ཡིན་གྱི། ཐ་མལ་པའི་ངོར་བདེན་པའི་རིགས་པས་རྟོགས་པ་ཅི་ཞིག་སྐྱེད་པར་བྱེད། གནད་འདི་མ་ཤེས་པར་ཀུན་བཏགས་ཀྱི་བདག་དགག་བྱར་བཟུང་བ་ལ་སྐྱོན་བརྗོད་པ་ནི་བཞད་གད་ཀྱི་གནས་སོ། །ཀུན་བཏགས་ཀྱི་བདག་མེད་མཐོང་བས་ལྷན་སྐྱེས་ཀྱི་བདག་འཛིན་མི་ལྡོག་པའི་ཕྱིར་ཉོན་མོངས་ཀྱི་གཉེན་པོར་འབྲེལ་བ་མེད་དོ་ཞེས་སྨྲ་བ་ལ་ཡང་བརྗོད་པར་བྱ་སྟེ། འོ་ན་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་བཅོམ་པས་མཐོང་སྤང་གི་ཉོན་མོངས་པ་ལྡོག་པར་གསུངས་པ་ཡང་མི་འཐད་པར་འགྱུར་ཏེ། འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་ནི་ཀུན་བཏགས་ཀྱི་བདག་འཛིན་ཡིན་ལ། ཀུན་བཏགས་ཀྱི་བདག་འཛིན་སྤངས་ཀྱང་ལྷན་སྐྱེས་ཀྱི་ངར་འཛིན་མི་ལྡོག་པར་འདོད་པའི་ཕྱིར། དེ་ལྟར་ན་མདོ་ལས། འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་བོ་ཞེས་གསུངས་པ་དང་ཡང་འགལ་བར་འགྱུར་རོ། །འཇིག་ལྟ་ཉི་ཤུ་ཇི་ལྟར་ན་ཀུན་བཏགས་ཀྱི་བདག་ཏུ་འཛིན་པ་ཡིན་ཞེ་ན། དོན་ནི་འདི་ཡིན་ཏེ། ལྷན་སྐྱེས་ཀྱི་བདག་འཛིན་གྱིས་བདག་ཏུ་བཟུང་བ་ལ་བརྟེན་ནས་རྗེས་ཐོགས་སུ་བདག་ཡོད་པའི་ཚུལ་ལ་དཔྱད་པ་ཞུགས་པ་ན། གཟུགས་བདག་ཡིན་པ་དང༌། གཟུགས་ལ་བདག་གནས་པ་དང༌། བདག་ལ་གཟུགས་གནས་པ་དང༌། བདག་གཟུགས་དང་ལྡན་པར་བཏགས་པ་དང༌། དེ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལ་ཡང་བཞི་བཞིར་ཕྱེ་བས་ཉི་ཤུར་འགྱུར་རོ། །དེ་ལ་དང་པོར་ལྷན་སྐྱེས་ཀྱིས་བཟུང་བའི་བདག་ལ་གང་ཟག་ཅེས་བྱ་བ་ཡིན་པས། འདི་ནི་ལྷན་སྐྱེས་ཀྱིས་བཏགས་པ་ཡིན་ལ། དེའི་འོག་རོལ་དུ་དཔྱད་པ་ཞུགས་ནས་བཏགས་པ་གང་ཡིན་པ་ཀུན་བཏགས་ཀྱི་བདག་སྟེ། ལྟ་ཚུལ་གྱི་དབྱེ་བས་འཇིག་ལྟ་ཉི་ཤུར་འགྱུར་རོ། །དེ་ལྟ་བས་ན་ཀུན་བཏགས་ཀྱིས་བཏགས་པ་དང༌། ལྷན་སྐྱེས་ཀྱིས་བཏགས་པའི་མཚམས་ཕྱེད་པ་ཤིན་ཏུ་གལ་ཆེ་བར་སྣང་ངོ༌། །ཀུན་བཏགས་ཀྱི་བདག་བཀག་པས་ལྷན་སྐྱེས་ཀྱིས་བཏགས་པ་ཡང་ཁེགས་པའི་ཚུལ་ནི། བདག་ཇི་ལྟར་ཡོད་པའི་ཚུལ་གྱི་མཐའ་བཀག་པས་བདག་ཡོད་པའི་འཇོག་བྱེད་མ་རྙེད་པ་ན་བདག་ཡོད་པར་འཛིན་པ་ལྡོག་པ་ཡིན་ནོ། །བདག་ཡོད་ཚུལ་རྣམ་པ་ལྔའི་སྒོ་ནས་བཀག་པས་བདག་ཁེགས་པའི་ཚུལ་ཡང་འདིས་རིག་པར་བྱའོ། །གལ་ཏེ་འཇིག་ལྟའི་རྒྱུའི་བདག་བཀག་པས་ལྷན་སྐྱེས་ཀྱི་འཛིན་པ་ལྡོག་ན་ཡང་རྟག་པ་གཅིག་པུ་རང་དབང་ཅན་གྱི་བདག་བཀག་པས་ནི་མི་ཁེགས་སོ་ཞེ་ན། རྟག་སོགས་ཁྱད་ཆོས་གསུམ་དང་བདག་མཚན་མཚོན་དུ་འབྲེལ་བ་ནི་གཞན་གྱིས་བཏགས་པ་ཙམ་ཡིན་ལ། དེ་བཀག་པས་གྲུབ་མཐའ་སྨྲ་བའི་ངོར་བདག་སྤྱི་ལྡོག་ནས་ཁེགས་པ་ཡིན་ཏེ། མཚན་ཉིད་ཁེགས་པ་ན་མཚོན་བྱ་ཁེགས་པའི་ཕྱིར། དཔེར་ན་དོན་བྱེད་ནུས་པ་ཁེགས་པ་ན་དངོས་པོ་ཁེགས་པ་བཞིན་ནོ། །མི་མཚུངས་ཏེ་བདག་དང་རྟག་སོགས་ལ་མཚན་མཚོན་གྱི་འབྲེལ་པ་གཞན་གྱིས་བཏགས་པ་ཙམ་ཡིན་གྱི། མཚན་མཚོན་གྱི་འབྲེལ་པ་མེད་པའི་ཕྱིར་ཞེ་ན། གྲུབ་མཐའ་སྨྲ་བ་དག་གིས་མཚན་མཚོན་གྱི་འབྲེལ་པ་གྲུབ་པར་འདོད་ཅིང༌། དགག་སྒྲུབ་ཀྱང་དེའི་ངོར་བྱེད་ལ། དེའི་ངོར་བཀག་པས་དགོས་པའི་དོན་འགྲུབ་པའི་ཕྱིར། དོན་ལ་འབྲེལ་པ་ཡོད་མེད་བཏགས་པས་ཅི་ཞིག་བྱ། ལྷན་སྐྱེས་ཀྱི་འཛིན་པ་ཡང་ཕུང་པོ་ལ་དམིགས་ནས་བདག་རྟག་སོགས་སུ་འཛིན་པ་མཐོང་སྟེ། བདག་མི་འཆི་བར་འཛིན་པ་དང༌། ཡུལ་འདི་ན་སུ་ཞིག་གནས་དྲིས་པ་ན་བདག་གཅིག་པུ་གནས་སོ་ཞེས་སྨྲ་བར་མཐོང་བའི་ཕྱིར་དང༌། གཞན་ལ་རག་མ་ལས་པར་བདག་རང་དབང་ཅན་དུ་འཇུག་པ་མཐོང་བའི་ཕྱིར་དང༌། གཞན་ལ་མ་ལྟོས་པར་རང་གར་གྲུབ་པར་འཛིན་པ་ལ་ཡང་མཐོང་བའི་ཕྱིར། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའང་མཐོང་བའི་ཕྱིར། བདག་ལ་རྟག་པར་མི་འཛིན་ན། །གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་པས་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་འདིས་ཅི་ཞིག་བསྟན་པར་འགྱུར་ཤེས་པར་བྱོས་ཤིག ཀུན་བཏགས་ཀྱི་འཛིན་པ་ལ་རྟག་འཛིན་ཡོད་པའི་དབང་དུ་བྱས་སོ་ཞེ་ན། འོ་ན་རྩ་བ་ཤེས་རབ་ཀྱིས་བདག་འགོག་པའི་རིགས་པའི་གཙོ་བོ་འདི་ཡིན་པས་ཀུན་བཏགས་ཀྱི་བདག་དགག་བྱའི་གཙོ་བོ་ཡིན་པའི་གྲུབ་མཐའ་གཏིང་ནས་ཉམས་སོ། །མཚན་མཚོན་གྱི་ཚུལ་དུ་མི་འཛིན་ཡང་ལྷན་སྐྱེས་ལ་ཡང་ཕུང་པོ་ལ་དམིགས་ནས་བདག་རྟག་སོགས་སུ་འཛིན་པ་ཡོད་པས་ན་ཕུང་པོ་ལ་གཞན་གྱིས་བདག་གི་མཚན་ཉིད་དུ་བཏགས་པའི་རྟག་སོགས་ཀྱི་ཁྱད་པར་བཀག་པས་བདག་སྤྱི་ལྡོག་ནས་ཁེགས་པར་འགྱུར་བའི་ཕྱིར། འདི་ལ་དགོངས་ནས་སློབ་དཔོན་ཟླ་བ་མ་གཏོགས་པའི་རྒྱ་གར་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་མང་པོས་ཕུང་པོ་ལ་རྟག་སོགས་ཀྱི་མཚན་ཉིད་བཀག་པའི་སྒོ་ནས་བདག་མེད་སྟོན་པ་ལྷུར་ལེན་པ་ཡིན་ནོ། །མཁས་རློམ་དུ་མས་གནད་འདི་མ་རྟོགས་པར་སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པས་གང་ཟག་གི་བདག་མེད་གཏན་ལ་འབེབས་པའི་ཚུལ་ལ་འབྲེལ་མེད་སྨྲ་བ་ནི་བབ་ཅོལ་འབའ་ཞིག་གོ །ཚུལ་འདི་ནི་སློབ་དཔོན་ལེགས་ལྡན་འབྱེད་དང༌། དཔལ་སྦས་དང༌། སློབ་དཔོན་ཞི་བ་འཚོ་དང༌། ཡེ་ཤེས་སྙིང་པོ་དང༌། ཀཱ་མ་ལ་ཤཱི་ལ་དང༌། སློབ་དཔོན་སེང་གེ་བཟང་པོ་དང༌། སློབ་དཔོན་འཕགས་པ་ཐོགས་མེད་དང༌། སློབ་དཔོན་དབྱིག་གཉེན་ལ་སོགས་པའི་བཞེད་ཚུལ་ཏེ། གངས་རིའི་ཁྲོད་འདིར་སྔོན་ཆད་གཞན་གྱིས་མ་རྟོགས་སོ། །སངས་རྒྱས་གསུང་རབ་བདག་མེད་སེང་གེའི་སྒྲ། །ཤིན་ཏུ་ཟབ་པའི་དགོངས་དོན་ཚུལ་བཞིན་དུ། །རྣམ་དཔྱོད་བློ་གྲོས་ཉི་མ་དེང་འདིར་ཤར། །གཞན་གྱི་ལོག་རྟོག་མུན་པ་རིང་དུ་སྤངས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།སློབ་དཔོན་དེ་དག་གི་བཞེད་པའི་ཚུལ་གྱི་དོན་བསྡུ་བ་ནི། ལྷན་སྐྱེས་ཀྱིས་གཟུང་བའི་བདག་ཡོད་ཚུལ་དཔྱད་པ་ན། རྟག་སོགས་མཐའ་གསུམ་པོ་ལས་མ་འདས་པར་རྟོགས་པས་མཐའ་གསུམ་པོ་བདག་ཏུ་འཁྲུལ་པའི་གཞི་ཕུང་པོའི་སྟེང་དུ་བཀག་པ་ན་ཕུང་པོ་ལ་བདག་ཏུ་འཛིན་པ་ལྡོག་པ་ཡིན་ནོ། །ཀུན་བཏགས་དང་ལྷན་སྐྱེས་ཀྱི་འཛིན་པ་གཉིས་ཀ་ལ་ཕུང་པོ་ལ་དམིགས་ནས་བདག་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་འཛིན་པ་ཡོད་པས་དེ་དག་འགོག་པའི་རིགས་པས་ལྷན་སྐྱེས་ཀྱིས་བཟུང་བའི་བདག་ངོ་བོ་ཉིད་ཀྱིས་གྲུབ་པ་ཡང་ཁེགས་པ་ཡིན་ནོ། །མངོན་པར་རྟོགས་པའི་རྒྱན་ལས་ཀྱང༌། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་སོགས་ཀྱི་གཞུང་གིས་བྱང་ཆུབ་སེམས་དཔའ་རང་གཞན་གྱི་སྡེ་པ་གཉིས་ཀས་བཏགས་པའི་སྤྲོས་བྲལ་གྱི་དོན་མཐོང་བར་བཤད་ཅིང༌། ཤུགས་ལ་ཉན་ཐོས་ཀྱིས་བཏགས་པའི་བདག་གི་སྤྲོས་པ་དང་བྲལ་བ་མཐོང་བར་བཤད་དོ། །འདིར་འཛིན་པ་ལ་ཡང་ལྷན་སྐྱེས་ཀྱི་ཆོས་ཀྱི་བདག་འཛིན་དང༌། ཀུན་བཏགས་ཀྱི་ཆོས་ཀྱི་བདག་འཛིན་གཉིས། དང་པོ་ནི་ཕུང་པོ་ལ་བདེན་པར་འཛིན་པ་ལྟ་བུ་སྟེ། གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་པའི་ཕྱིར། གཉིས་པ་ནི་དེ་ཉིད་རིགས་པས་དཔྱད་བཟོད་དུ་འཛིན་པ་ཡིན་ཏེ། གྲུབ་མཐའ་སྨྲ་བ་ཁོ་ན་ལ་ཡོད་པའི་ཕྱིར་རོ། །བདག་འཛིན་ལ་ཡང་གཉིས་ཏེ། ལྷན་སྐྱེས་ཀྱི་གང་ཟག་གི་བདག་འཛིན་དང༌། ཀུན་བཏགས་ཀྱི་གང་ཟག་གི་བདག་འཛིན་ནོ། །དང་པོ་ནི་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པ་ཡིན་ལ། གཉིས་པ་ནི་བདག་དང་རྟག་སོགས་མཚན་མཚོན་དུ་འབྲེལ་པར་འཛིན་པའོ། །ལྷན་སྐྱེས་ཀྱི་གང་ཟག་གི་བདག་འཛིན་དང༌། བདག་རང་དབང་ཅན་དུ་འཛིན་པ་གཉིས་པོ་ཡང་དོན་གཅིག་པས་ན་རྟག་སོགས་ཆོས་གསུམ་ཁེགས་པས་ལྷན་སྐྱེས་ཀྱི་གང་ཟག་གི་བདག་ཏུ་འཛིན་པ་ཁེགས་པའི་ཕྱིར། རང་རྒྱུད་ཀྱི་སློབ་དཔོན་རྣམས་ཀྱིས་བཤད་པའི་གནད་ཀྱང་ཡིན་ནོ། །ཕུང་པོ་ལ་བདག་ཏུ་འཛིན་ཚུལ་ནི། རེས་འགའ་དམིགས་བསལ་མེད་པར་ཕུང་པོ་སྤྱི་ལ་བདག་ཏུ་འཛིན་ལ། རེས་འགའ་ནི་རྣམ་ཤེས་ལ་བདག་ཏུ་འཛིན་ཅིང༌། ཕུང་པོ་གཞན་བཞི་ལ་བདག་གིར་འཛིན་ནོ། །འདི་ལ་དགོངས་ནས་མདོ་ལས་ཀྱང༌། བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་ཞེས་འཛིན་ཚུལ་གཉིས་སུ་བཤད་པ་ཡིན་ནོ། །དོན་འདི་ལ་མཁས་རློམ་དུ་མས་ཐེ་ཚོམ་ཙམ་ཡང་མ་ཞུགས་པར་སྣང་ངོ༌། །རེས་འགའ་ནི་ཕུང་པོ་ལས་བདག་གུད་དུ་དམིགས་ནས་ཕུང་པོ་ལ་བདག་གིར་འཛིན་པས་ན་ཉེ་བར་བླང་བྱ་དང༌། ཉེ་བར་ལེན་པ་པོའི་ཚུལ་དུ་དམིགས་པ་ཡིན་ནོ། །དེ་ལྟར་ན་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱིས་འཛིན་ཚུལ་ཕྱོགས་རེ་བཟུང་ནས་བཤད་པས་བོད་དག་གིས་དོན་འདི་མ་རྟོགས་པར་ཕྱོགས་རེ་ལ་འཆོལ་བར་སྣང་ངོ༌། །འཇིག་རྟེན་པའི་འཛིན་པ་ལ་ནི་མཐའ་གཅིག་ཏུ་ངེས་པ་མེད་དོ། །དཔེར་ན་རེས་འགའ་ནི་སྲན་མ་ལས་སྲན་མ་དང༌། ནས་ལས་ནས་སྐྱེའོ་ཞེས་བདག་སྐྱེའི་ཚུལ་དུ་ཡང་འཛིན་པ་དང༌། སྔར་ལྕུག་ཕྲན་བཙུགས་པ་ལས་ཕྱིས་ཤིང་སྡོང་ལ་དམིགས་ནས་བདག་གིས་བཙུགས་སོ་ཞེས་ཐ་མི་དད་ཀྱི་ཚུལ་དུ་ཡང་འཛིན་ལ། ཡང་ས་བོན་དང་མྱུ་གུ་སོ་སོར་ཡང་འཛིན་ཏེ། གྲངས་ཅན་གྱིས་ས་མྱུག་གཅིག་ཏུ་ཁས་བླངས་པ་ལ། འོ་ན་ས་བོན་དང་མྱུ་གུ་སོ་སོར་བཟུང་དུ་མེད་པར་འགྱུར་ཞེས་འཇིག་རྟེན་གྱི་མངོན་སུམ་གྱིས་གནོད་པའི་ཐལ་བ་བཀོད་པ་ལྟ་བུའོ། །འཇུག་པ་ལས། གང་ཕྱིར་རྒྱུ་ཞིག་ན་ཡང་དེ་ཡི་འབྲས་བུ་མཐོང་བའི་ཕྱིར། །དེ་དག་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན། །ཞེས་གསུངས་པ་ལྟར་རོ། །དེས་ན་འཇིག་རྟེན་ན་མཐའ་གཅིག་ཏུ་གཅིག་ལས་སྐྱེ་བར་འཛིན་པ་དང༌། མཐའ་གཅིག་ཏུ་གཞན་ལས་སྐྱེ་བར་འཛིན་པར་ངེས་པ་མེད་པས་ཐ་སྙད་དུ་ཡང་བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་མེད་ཅེས་པའི་དོན་ཡང་མཐའ་གཅིག་ཏུ་ངེས་པ་ལ་བཤད་དགོས་སོ། །མཁས་རློམ་གཞན་གྱིས་འདི་ཙམ་གྱི་མཐའ་ཡང་མ་ཆོད་པར་སྣང་ངོ༌། །གྲུབ་མཐའ་སྨྲ་བར་མ་ཟད་ལྷན་སྐྱེས་ཀྱི་འཛིན་པ་ལ་ཡང་ཕུང་པོ་ལ་དམིགས་ནས་བདག་གཙང་བ་དང་རྟག་པ་དང་བདེ་བར་འཛིན་པ་ཡོད་ཅིང༌། ལུས་ལ་བདག་གི་རྟེན་དང༌། ཚོར་བ་ལ་བདག་གི་ལོངས་སྤྱོད་དང༌། སེམས་ལ་བདག་གི་དངོས་པོ་དང༌། འདུ་བྱེད་ལ་བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་འཛིན་པའི་ཕྱིན་ཅི་ལོག་བཞི་ཡོད་པས་གཉེན་པོ་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པར་གསུངས་པས་ན། སེམས་ལ་བདག་ཏུ་འཛིན་པ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཤད་པ་དགག་ཏུ་མེད་དོ། །ད་ནི་གང་ཟག་གི་བདག་འགོག་པའི་རིགས་པ་བཤད་པར་བྱ་སྟེ། སློབ་དཔོན་ཟླ་བས་མུ་སྟེགས་པས་བཏགས་པའི་བདག་དགག་པའི་དབང་དུ་བྱས་ཏེ། མུ་སྟེགས་པས་བཏགས་པའི་ཟ་བ་པོ་སོགས་ཁྱད་ཆོས་ལྔ་ལྡན་གྱི་བདག་ཆོས་ཅན། རྫས་སུ་ཡོད་པ་མ་ཡིན་པར་ཐལ། སྐྱེ་བ་དང་བྲལ་བའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ་ཞེས་སོ། །འདི་ནི་མུ་སྟེགས་རང་ལ་གྲགས་པ་རྟགས་སུ་བཀོད་པ་གཞན་ལ་གྲགས་ཀྱི་རྗེས་སུ་དཔག་གོ །གཏན་ཚིགས་འདིས་ཁྱད་པར་གཞི་ལྡན་གྱི་བདག་བཀག་པས་ཁྱད་ཆོས་ལྔ་ཡང་བདེ་བླག་ཏུ་ཁེགས་སོ། །ལྷན་སྐྱེས་ཀྱིས་བཏགས་པ་འགོག་པ་ནི། ཕུང་པོ་དང་གཅིག་དང་ཐ་དད་དང་རྟེན་དང་བརྟེན་པ་དང་ལྡན་པ་རྣམ་པ་ལྔའི་སྒོ་ནས་བཀག་པ་དང༌། དབྱིབས་ལ་སོགས་པ་གཉིས་བསྣན་ནས་རྣམ་པ་བདུན་གྱི་སྒོ་ནས་བཀག་པ་ཡིན་ནོ། །རྩ་བ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་སོགས་ཀྱི་རིགས་པ་ནི་སྔ་མའི་གཅིག་དང་ཐ་དད་དུ་བརྟགས་པའི་ཁོངས་སུ་འདུ་བས་ཚུལ་བདུན་གྱི་སྒོ་ནས་འགོག་པར་བཤད་པས་བཤད་པར་འགྱུར་བ་ཡིན་ནོ། །སློབ་དཔོན་ཐོགས་མེད་ཀྱི་རིགས་པས་ཀྱང་གཅིག་དང་ཐ་དད་དུ་བརྟགས་ནས་འགོག་སྟེ། བདག་ཕུང་གཅིག་ཏུ་མི་འཐད་དེ། མཚན་ཉིད་མི་མཐུན་པའི་ཕྱིར་དང༌། བདག་མི་རྟག་པར་ཐལ་བར་འགྱུར་བ་དང༌། ཕུང་པོ་རང་དབང་ཅན་མིན་པར་གཞན་དབང་ཅན་ཡིན་པའི་ཕྱིར་བདག་ཀྱང་རང་དབང་ཅན་མིན་པར་ཐལ་བར་འགྱུར་རོ། །གལ་ཏེ་བདག་ཕུང་ཐ་དད་དོ་ཞེ་ན། ལྡོག་པ་ཐ་དད་པ་ཙམ་ནི་མིན་པས་ངོ་བོ་ཐ་དད་དུ་འདོད་དགོས་ལ། འདོད་པ་དེའི་ཚེ་ཕུང་པོ་དང་དེ་བྱུང་དུ་འབྲེལ་པའམ་འབྲེལ་མེད་ཡན་གར་གནས་པ་ཡིན་གྲང༌། དང་པོ་ལྟར་ན་རྟེན་དང་བརྟེན་པའི་དངོས་པོར་གྱུར་པས་ཕུང་པོ་འཇིག་པ་ན་བདག་ཀྱང་འཇིག་པར་འགྱུར་རོ། །གཉིས་པ་ལྟར་ན་བདག་ལ་འཆིང་བྱེད་ཀྱི་ལུས་མེད་པས་འབད་མེད་དུ་གྲོལ་བར་ཡང་འགྱུར་རོ། །སློབ་དཔོན་དབྱིག་གཉེན་གྱིས་གསུངས་པ་ནི། གལ་ཏེ་བཏགས་པ་ཙམ་དུ་འདོད་ན་མི་མཐུན་པ་མེད་ལ། རྫས་སུ་ཡོད་པར་འདོད་ན་མི་འཐད་དེ། ཕུང་པོ་ལས་མ་གཏོགས་པའི་རྫས་སུ་གྲུབ་པ་མེད་པའི་ཕྱིར་དང༌། ཕུང་པོའི་རྫས་སུ་གྲུབ་པ་ཡང་མི་འཐད་པའི་ཕྱིར་ཏེ། ཕུང་པོ་དང་མཚན་ཉིད་མི་མཐུན་པའི་ཕྱིར། ཕུང་པོ་ལས་ལོགས་ཤིག་ཏུ་རྫས་སུ་གྲུབ་པ་ཡང་མི་འཐད་དེ། ཕུང་པོ་ལས་མ་གཏོགས་པའི་རྫས་མེད་པའི་ཕྱིར་དང༌། འདུས་མ་བྱས་སུ་འགྱུར་བས་འཆིང་འགྲོལ་གྱི་གཞིར་མི་རུང་བར་འགྱུར་བའི་ཕྱིར་རོ། །ཤིང་རྟའི་སྲོལ་འབྱེད་དག་རིགས་པའི་འགོད་ཚུལ་མི་འདྲ་བ་ཅུང་ཟད་ཡོད་ཀྱང་གང་ཟག་བདག་མེད་ཀྱི་དོན་ལ་མི་མཐུན་པར་མེད་པར་སྣང་ངོ༌། །གང་ཟག་གི་བདག་འགོག་པའི་དུས་སྐབས་ཀུན་ཏུ་ཕུང་པོ་ཁོ་ན་དགག་གཞིར་བཟུང་ནས་འགོག་པའི་དོན་ཅི་ཡིན་སྙམ་ན། བདག་ཏུ་འཁྲུལ་པའི་གཞི་ཕུང་པོ་ཁོ་ན་ཡིན་པས་འཁྲུལ་གཞི་ལ་བརྟགས་ནས་མ་རྙེད་པ་ན་བདག་མེད་པའི་དོན་རྟོགས་པར་འགྱུར་པའི་ཕྱིར། སློབ་དཔོན་ཐོགས་མེད་ཀྱིས་ནི་འཁྲུལ་གཞི་ཕུང་པོའི་མཚན་ཉིད་གཏན་ལ་ཕབ་པ་ན་ཕུང་པོ་དང་མཚན་ཉིད་མི་མཐུན་པར་རྟོགས་ནས་དེའི་ཤུགས་ལས་བདག་མེད་དུ་ངེས་སོ་ཞེས་འདོད་དོ། །འཁྲུལ་གཞིའི་དོན་ལ་སློབ་དཔོན་ལེགས་ལྡན་འབྱེད་དང་སློབ་དཔོན་ཟླ་བ་མི་མཐུན་ཏེ། ལེགས་ལྡན་འབྱེད་ཀྱིས་ཕུང་པོ་བདག་མིན་པ་ལ་བདག་ཏུ་བཟུང་བ་དང༌། ཕུང་པོ་ལ་དམིགས་པ་ཁོ་ནས་བདག་འཛིན་སྐྱེ་བ་ཡིན་སྙམ་དུ་དགོངས་ལ། སློབ་དཔོན་ཟླ་བའི་བཞེད་ཚུལ་བསྟན་ཟིན་ཏོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཕུང་པོ་ཁོ་ན་དགག་གཞིར་བཟུང་ནས་འགོག་པའི་དོན་ནོ། །ལྷན་སྐྱེས་ཀྱི་འཛིན་པས་ཕུང་པོ་བདག་མིན་པ་ལ་བདག་ཏུ་བཟུང་བ་དེ་བདག་ཡིན་པ་བཀག་པ་ན་བདག་འཛིན་ལྡོག་པ་དགོངས་པ་ཡིན་ནོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མདོའི་དོན་ལེགས་ལྡན་བྱེད་ཀྱིས་བཤད་པ་ལྟར་ཡིན་པར་འདོད་དེ། མཛོད་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་ལས་ཕུང་པོ་རྣམས་ཁོ་ན་གང་ཟག་ཅེས་བྱ་བ་ནི་ངེས་པར་མཛོད་ཅེས་འབྱུང་ངོ༌། །ཚུལ་དང་ཚུལ་མིན་རྣམ་དཔྱོད་ཤེས་རབ་ཀྱིས། །ཤིང་རྟ་ཆེ་རྣམས་ཇི་ལྟར་བཞེད་པའི་ཚུལ། །སྔོན་ཆད་གཞན་གྱིས་མ་རྟོགས་ཟབ་མོའི་དོན། །རིགས་པའི་ཚུལ་དང་འབྲེལ་པའི་ངག་གིས་བཤད། །གཞི་དབུ་མ་ལེགས་པར་བསྟན་ཟིན་ཏོ།།   །།གཉིས་པ་ལམ་དབུ་མ་ལ་བསམ་སྦྱོར་གཉིས་ཏེ། བསམ་པས་དམིགས་པའི་དོན་སྦྱོར་བས་བསྒྲུབས་པས་ལམ་གྱི་བྱ་བ་ཐམས་ཅད་བསྡུས་པའི་ཕྱིར་རོ། །བསམ་པ་ནི་སེམས་བསྐྱེད་ཡིན་ལ། དེ་དང་པོར་སྔོན་དུ་འགྲོ་དགོས་ཏེ། དང་པོར་བྱང་ཆུབ་ཐོབ་པའི་ཐབས་ལ་འཇུག་པའི་སྒོ་ཡིན་པའི་ཕྱིར། གཉིས་པ་སྦྱོར་བ་ནི་ལམ་གྱི་ངོ་བོ་བསླབ་པ་གསུམ་སྟེ། ཚུལ་ཁྲིམས་ལ་གནས་པས་ཏིང་ངེ་འཛིན་བསྒྲུབས་ཏེ་ཤེས་རབ་སྐྱེས་ནས་སྒྲིབ་པ་མཐའ་དག་སྤོང་བ་དང་ཡོན་ཏན་མཐའ་དག་འདྲེན་པའི་ཕྱིར་རོ། །དང་པོ་ལ་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་གཉིས་ཏེ། སོ་ཐར་གྱིས་ལུས་ངག་གི་ཉེས་སྤྱོད་སེལ་ལ། བྱང་སེམས་ཀྱི་སྡོམ་པས་ཡིད་ཀྱི་ཉེས་སྤྱོད་སེལ་བ་ཡིན་ནོ། །གཉིས་པ་ཏིང་ངེ་འཛིན་ཀྱི་བསླབ་པ་ནི་ཡང་དག་པའི་ཞི་གནས་ཡིན་ལ། ཤེས་རབ་ཀྱི་བསླབ་པ་ནི་སྟོང་ཉིད་རྟོགས་པའི་ལྷག་མཐོང་ངོ༌། །འདི་གཉིས་ཀྱི་གོ་རིམ་ལ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ཏེ། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་གྲུབ། །ཅེས་གསུངས་པ་ལ་བརྟེན་ནས། ཐོག་མར་ཞི་གནས་བསྒྲུབས་ཏེ་ཕྱིས་ལྷག་མཐོང་བསྒྲུབ་པའི་གོ་རིམ་ངེས་པ་ཅན་ཡིན་ནོ་ཞེས་འགའ་ཞིག་འདོད་དོ། །འདིའི་དོན་ནི་ལྷག་མཐོང་ལ་བསམ་བྱུང་གིས་བསྡུས་པ་དང༌། སྒོམ་བྱུང་གིས་བསྡུས་པ་གཉིས་ལས། སྒོམ་བྱུང་གི་ལྷག་མཐོང་སྐྱེ་བ་ལ་ཞི་གནས་སྔོན་དུ་བཏང་ན་བསྒྲུབ་སླ་བ་ལ་དགོངས་པ་ཙམ་ཡིན་གྱི། གོ་རིམ་ངེས་པ་ཅན་ནི་མིན་ཏེ། མངོན་པ་ཀུན་ལས་བཏུས་ལས། ཞི་གནས་དང་ལྷག་མཐོང་ལ་བརྟེན་ནས་ལམ་བཞིར་འགྱུར་ཏེ། ལ་ལ་ནི་ཞི་གནས་ཐོབ་པ་ཡིན་གྱི་ལྷག་མཐོང་ནི་མ་ཐོབ་སྟེ། ཞི་གནས་ལ་བརྟེན་ནས་ལྷག་མཐོང་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་ནི་མ་ཐོབ་སྟེ། ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་དོ་ཞེས་གསུངས་ལ། དེའི་འགྲེལ་པ་རྒྱལ་སྲས་མ་ལས་ཀྱང་རྩ་བ་ཇི་ལྟ་བ་བཞིན་བཤད་དོ། །འགའ་ཞིག་གཏན་ལ་དབབ་པ་བསྡུ་བའི་ལུང་དྲངས་ནས་འདི་ལས་ཚུལ་གཞན་དུ་འཆད་པ་ནི་མ་འབྲེལ་ཏེ། དེ་ནི་འདིའི་བཤད་པ་ལས་ཚུལ་གཞན་ཡིན་པའི་ཕྱིར། སློབ་དཔོན་སེང་གེ་བཟང་པོས་ཀྱང་འདོད་པའི་སེམས་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་སྒོམ་ལམ་བསྐྱེད་པར་བཤད་པའི་ཕྱིར་དང༌། ཚོགས་སྒྲུབ་བཅུ་བདུན་གྱི་གོ་རིམ་སྒྲུབ་ཚུལ་བཤད་པ་ལས་ཀྱང༌། ཡེ་ཤེས་ཀྱི་ཚོགས་སྔར་བསྒྲུབས་ནས་ཏིང་ངེ་འཛིན་གྱི་ཚོགས་ཕྱིས་བསྒྲུབ་པར་བཤད་པའི་ཕྱིར་ཏེ། ཡེ་ཤེས་དང་ནི་བསོད་ནམས་དང༌། །ཞེས་པ་ལྟར་རོ། །འདིར་བསོད་ནམས་ཀྱི་སྒྲས་ཏིང་ངེ་འཛིན་བཟུང་བར་མདོ་ལས་བཤད་དོ། །བསམ་བྱུང་གིས་བསྡུས་པའི་ལྷག་མཐོང་གི་སྔོན་དུ་ཏིང་ངེ་འཛིན་འགྲོ་མི་དགོས་པའི་ཕྱིར་གོ་རིམ་ངེས་པ་ཅན་དུ་འདོད་པ་ནི་ནོར་བ་ཁོ་ནའོ། །ཞི་ལྷག་གཉིས་ཡོད་པ་ལས། དང་པོ་ཞི་གནས་གཏན་ལ་དབབ་པར་བྱ་སྟེ། ངོ་བོ་ནི་གང་ལ་དམིགས་པར་འདོད་པའི་ཡུལ་ལས་སེམས་གཞན་དུ་མི་གཡེང་བར་རྒྱུན་ཆགས་སུ་འཇུག་པའོ། །སྒྲ་དོན་ནི་རྣམ་པར་གཡེང་བ་ཞི་ནས་དམིགས་པ་ལ་རྒྱུན་ཆགས་སུ་གནས་པ་ལ་དེ་སྐད་ཅེས་བརྗོད་དོ། །འདིར་སྒྲུབ་པའི་ཐབས་ཀྱི་རབ་ཏུ་དབྱེ་བ་ལྔ་གསུངས་པ་ནི་གང་ཟག་གི་རིགས་ཀྱི་དབྱེ་བས་ལྔར་རྣམ་པར་གཞག་པ་ཡིན་ཏེ། ཉོན་མོངས་པ་སྤྱིའི་གཉེན་པོའི་དབང་དུ་བྱས་ནས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྒོ་ནས་ཞི་གནས་སྒྲུབ་པ་དང༌། ཉོན་མོངས་པའི་རླུང་གི་རྟོག་པ་ཞི་བའི་དབང་དུ་མཛད་དེ་དབུགས་འབྱུང་རྔུབ་ལ་དམིགས་ཏེ་ཞི་གནས་སྒྲུབ་པ་དང༌། འདོད་ཆགས་ཞི་བའི་དོན་དུ་མི་སྡུག་པའི་ཏིང་ངེ་འཛིན་དང༌། ང་རྒྱལ་ཞི་བའི་ཆེད་དུ་ཁམས་ཀྱི་རབ་དབྱེ་ལ་དམིགས་པ་དང༌། ཞེ་སྡང་ཞི་བའི་དོན་དུ་བྱམས་སོགས་ཚད་མེད་པ་ལ་དམིགས་པ་དང༌། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་ཏེ་ཞི་གནས་སྒྲུབ་པ་དང་ལྔའོ། །ཡང་ན་ཁམས་འོག་མ་ལས་འདའ་བའི་དོན་དུ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་སྒོམ་པ་ན། དེ་མཐར་ཕྱིན་པའི་གེགས་ཞི་གནས་ཀྱི་མི་མཐུན་ཕྱོགས་སོ་སོར་བསལ་བ་ལ་ལྟོས་ནས་ལྔར་གསུངས་ལ། མཉམ་པར་འཇོག་པ་ན་བྱིང་བར་གྱུར་པ་དེའི་ཚེ་མཆོག་ཏུ་དགའ་བའི་དངོས་པོ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཡིད་ལ་བྱེད་པའི་བྱིང་བ་སེལ་བའི་དབང་དུ་མཛད་དེ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དམིགས་ཏེ་ཞི་གནས་སྒོམ་པར་གསུངས་ལ། གལ་ཏེ་ཡིད་དུ་འོང་བའི་ཡུལ་ལ་སེམས་རྒོད་པར་འགྱུར་པའི་ཚེ་དེའི་གཉེན་པོར་མི་སྡུག་པའི་ཏིང་ངེ་འཛིན་དང༌། ཡིད་དུ་མི་འོང་བའི་ཡུལ་ལ་ཞེ་སྡང་སྐྱེས་ཏེ་སེམས་རྒོད་པར་གྱུར་པ་དེའི་ཚེ་བྱམས་སོགས་ཏིང་ངེ་འཛིན་བསྒོམ་པ་དང༌། ང་རྒྱལ་གྱིས་ཡུལ་སེམས་རྒོད་པར་གྱུར་པ་དེའི་ཚེ་ཁམས་ཀྱི་རབ་ཏུ་དབྱེ་བའི་ཏིང་ངེ་འཛིན་དང༌། སེམས་ཡུལ་ཡིད་དུ་འོང་མི་འོང་སྣ་ཚོགས་ལ་འཕྲོས་ཏེ་རྟ་རྒོད་ལྟར་འདུལ་དཀའ་བར་མཐོང་བ་དེའི་ཚེ་དབུགས་འབྱུང་རྔུབ་ལ་དམིགས་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་དོ། །སྒོམ་ཚུལ་གྱི་ཡན་ལག་འདི་དག་གིས་ཏིང་ངེ་འཛིན་མཐར་ཕྱིན་པར་འགྱུར་བ་ལ་དགོངས་ནས་སྒོམ་ཚུལ་གྱི་ཡན་ལག་འདི་གསུངས་སོ། །ཐབས་ཀྱི་ཡན་ལག་འདི་དག་གང་ཡང་རུང་བ་ལ་བརྟེན་ནས་ཏིང་ངེ་འཛིན་བསྒྲུབ་པའི་ཚུལ་ལ། དང་པོ་ཞི་གནས་ཀྱི་མི་མཐུན་ཕྱོགས་ངོས་གཟུང་བ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་གསུངས་པ་ལྟར། ལེ་ལོ་དང་གདམས་ངག་བརྗེད་པ་གཉིས་ཀྱིས་སྦྱོར་བའི་གནས་སྐབས་ལ་སྒྲིབ་པར་བྱེད་དེ། ལེ་ལོས་ཏིང་ངེ་འཛིན་སྒོམ་པ་ལ་མི་འཇུག་ཅིང༌། གདམས་ངག་བརྗེད་པས་བསྒོམ་བྱའི་དོན་ལ་ཡང་དག་པར་འཇོག་མི་ནུས་པའི་ཕྱིར་རོ། །བྱིང་རྒོད་གཉིས་ཀྱིས་དངོས་གཞིའི་གནས་སྐབས་ལ་སྒྲིབ་པར་བྱེད་དེ། སེམས་བྱིང་བས་ནི་ཏིང་ངེ་འཛིན་གྱི་དམིགས་རྣམ་གསལ་བར་འཛིན་པ་མི་ནུས་པའི་ཕྱིར་དང༌། སེམས་རྒོད་པས་ཏིང་ངེ་འཛིན་ཡུལ་མ་ཡིན་པ་ལ་སེམས་རྣམ་པར་གཡེང་བའི་ཕྱིར་རོ། །ཐ་མ་གཉིས་ཀྱིས་ཏིང་ངེ་འཛིན་ཁྱད་པར་དུ་འགྲོ་བ་ལ་གེགས་བྱེད་དེ། བྱིང་རྒོད་བྱུང་བར་མཐོང་བའི་ཚེ་གཉེན་པོ་འདུ་མི་བྱེད་ན་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཀྱི་དབང་དུ་སོང་བའི་ཕྱིར། ཏིང་ངེ་འཛིན་གསལ་བའི་དུས་སུ་གཉེན་པོ་མངོན་པར་འདུ་བྱེད་ན་དགོས་པ་མེད་བཞིན་འབད་པའི་རྩོལ་བས་ཏིང་ངེ་འཛིན་བརྟན་པའི་རྒྱུན་གཅོད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་སྐྱོན་གྱི་གཙོ་བོ་བྱིང་རྒོད་གཉིས་སུ་བཤད་པ་ཡང་ལྔ་པོ་འདི་དག་གི་ནང་དུ་འདུས་པས་ལོགས་སུ་བཤད་མི་དགོས་སོ། །ཉེས་པ་འདི་དག་གི་གཉེན་པོ་ལ་སྤོང་བའི་འདུ་བྱེད་བརྒྱད་གསུངས་ཏེ། ལེ་ལོའི་གཉེན་པོ་ནི་དད་པ་འདུན་པ་རྩོལ་བ་ཤིན་སྦྱང་སྟེ་བཞི། དད་པས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་ཡིད་ཆེས་པས་ཏིང་ངེ་འཛིན་སྒོམ་པ་ལ་འདུན་པར་བྱེད་དོ། །འདུན་པས་ནི་གང་ཐོབ་པར་འདུན་པའི་ཡུལ་ལ་བརྩོན་འགྲུས་རྩོམ་པར་བྱེད་དོ། །བརྩོན་འགྲུས་ཀྱིས་ཏིང་ངེ་འཛིན་སྒོམ་པ་ལ་ཡང་དག་པར་སྦྱོར་བས་ཤིན་ཏུ་སྦྱངས་པ་འདྲེན་པར་བྱེད་དོ། །ཤིན་ཏུ་སྦྱངས་པ་ཐོབ་པས་ཏིང་ངེ་འཛིན་གྱི་ཡོན་ཏན་ཉམས་སུ་མྱོང་བས་ཏིང་ངེ་འཛིན་སྒོམ་པ་ལ་ཆེས་སྤྲོ་བར་འགྱུར་བའི་ཕྱིར། དེ་ལྟར་ན་ལེ་ལོའི་གཉེན་པོར་འགྱུར་བ་ཡིན་ནོ། །དྲན་ཤེས་བཞིན་གཉིས་ཀྱིས་གདམས་ངག་བརྗེད་པའི་གཉེན་པོ་བྱེད་དེ། དྲན་པས་དམིགས་པ་མ་བརྗེད་པར་སེམས་རྩེ་གཅིག་པ་ལ་འཇུག་པའི་ཕྱིར་དང༌། ཤེས་བཞིན་གྱིས་མི་མཐུན་ཕྱོགས་བྱིང་རྒོད་གཉིས་བྱུང་བའི་སྐྱོན་རིག་ནས་མི་མཐུན་ཕྱོགས་རྒྱུན་གཅོད་པའི་ཕྱིར་རོ། །སེམས་པས་སེམས་བྱིང་བ་ན་དམིགས་པ་རབ་ཏུ་འཛིན་པའི་སེམས་མངོན་པར་འདུ་བྱེད་ལ། རྒོད་པའི་ཚེ་དམིགས་པ་ལ་སེམས་རབ་ཏུ་འཇོག་པར་འདུ་བྱེད་པའི་ཕྱིར་རོ། །བཏང་སྙོམས་ཀྱིས་གཉེན་པོ་འདུ་མི་བྱེད་པ་དང་འདུ་བྱེད་པའི་གཉེན་པོ་བྱེད་དེ། བྱིང་རྒོད་གཉིས་ཀྱི་གོ་སྐབས་མི་འབྱེད་པར་ཞི་གནས་ཀྱི་མཚན་མའི་རྗེས་སུ་སེམས་ལྷུན་གྱིས་གྲུབ་པར་འཇོག་པའི་ཕྱིར་རོ། །དེ་སྐད་དུ་དབུས་མཐའ་ལས། ཉེས་པ་ལྔ་སྤངས་འདུ་བྱེད་བརྒྱད། །ཅེས་པ་ལྟར་རོ། །སྒྲུབ་ཚུལ་དངོས་ནི་སེམས་གནས་པའི་ཐབས་དགུ་སྟེ། དང་པོ་ཉིད་དུ་དམིགས་པ་ལ་སེམས་རབ་ཏུ་འཇོག་པར་བྱེད་དོ། །དེ་ལ་ཡང་སེམས་ལན་གཅིག་ཙམ་མིན་པར་སེམས་མི་འཕྲོ་བར་མངོན་པར་སྡུད་པའི་ཚུལ་གྱིས་རྒྱུན་དུ་འཇོག་པར་བྱེད་ལ། གལ་ཏེ་ཕྱི་རོལ་དུ་གཡེང་བར་གྱུར་ན་ཡང་སླར་སེམས་བཀུག་སྟེ་དམིགས་པ་ལ་སེམས་གླན་ཏེ་འཇོག་པའོ། །སེམས་ཕྱི་རོལ་དུ་མི་འཕྲོ་བར་བྱ་བའི་ཕྱིར་ཐོག་མ་ཉིད་དུ་དྲན་པ་ཉེ་བར་འཇོག་པའོ། །གལ་ཏེ་གཟུགས་ལ་སོགས་པ་ལ་རྣམ་པར་གཡེང་བར་གྱུར་ན་རྣམ་པར་གཡེང་བའི་ཉེས་དམིགས་ཤེས་པར་བྱས་ནས་སེམས་འཕྲོ་བར་མི་སྟེར་བའི་ཚུལ་གྱིས་འདུལ་བར་བྱེད་པ་དང༌། བྱིང་རྒོད་ལ་ཉེས་དམིགས་སུ་ལྟ་བའི་ཚུལ་གྱིས་འཕྲོ་བར་མི་སྟེར་བའི་སྒོ་ནས་ཞི་བར་བྱེད་པ་དང༌། བྱིང་རྒོད་ཀྱི་གོ་སྐབས་མི་འབྱེད་པས་བརྗེད་ནས་རྣམ་པར་རྟོག་པ་ལ་སོགས་པ་བྱུང་བ་ན་དང་དུ་མི་ལེན་པའི་ཚུལ་གྱིས་ཞི་བར་བྱེད་པ་དང༌། བྱིང་རྒོད་ཀྱི་གོ་སྐབས་མི་འབྱེད་པས་རྣམ་པར་གཡེང་བའི་བར་ཆད་མེད་པར་དམིགས་པ་ལ་སེམས་རྒྱུན་དུ་བསླན་ཏེ་འཇོག་པ་ནི་རྩེ་གཅིག་ཏུ་བྱེད་པའོ། །དེ་ནས་ཤིན་ཏུ་གོམས་པའི་ཕྱིར་བྱིང་རྒོད་མེད་པའི་གནས་སྐབས་ལ་སེམས་ལྷུན་གྱིས་གྲུབ་པར་འཇུག་པའི་ཚུལ་གྱིས་ཏིང་ངེ་འཛིན་གྱི་རྒྱུན་གཡེང་བ་མེད་པར་འཇུག་པ་ནི་མཉམ་པར་འཇོག་པའོ། །སེམས་གནས་པའི་ཡན་ལག་དགུ་པོ་འདིས་ཏིང་ངེ་འཛིན་སྒྲུབ་པའི་ཐབས་མ་ལུས་པ་བསྡུས་པའི་ཕྱིར་འདི་དག་གི་སྒོ་ནས་ཞི་གནས་སྒྲུབ་པར་གསུངས་སོ། །ཞི་གནས་བསྟན་ཟིན་ཏོ། །ད་ནི་ལྷག་མཐོང་བརྗོད་པར་བྱ་སྟེ། ཞི་གནས་ཡོད་ཀྱང་ལྷག་མཐོང་མེད་ན་ཉོན་མོངས་པའི་བག་ལ་ཉལ་ལེགས་པར་འཇོམས་པར་མི་ནུས་པའི་ཕྱིར་རོ། །ངོ་བོ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བོ། །སྒྲ་དོན་ནི་སེམས་གཞན་པས་ཡུལ་མཐོང་ཚུལ་གྱི་ནུས་པ་ལྷག་པའི་ཕྱིར་ལྷག་མཐོང་ཞེས་བྱའོ། །འདི་ལ་ཡུལ་གྱི་སྒོ་ནས་ཇི་སྙེད་པ་རྣམ་པར་འབྱེད་པ་དང༌། ཇི་ལྟ་བ་རྣམ་པར་འབྱེད་པའི་ལྷག་མཐོང་གཉིས་ཏེ། རབ་ཏུ་དབྱེ་བར་བྱ་བའི་ཆོས་ལ་ཆོས་ཅན་དང་ཆོས་ཉིད་གཉིས་སུ་ངེས་པའི་ཕྱིར་རོ། །དང་པོས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ་སོར་འབྱེད་པ་སྟེ། ཕུང་པོ་ཙམ་ཞིག་ཐོག་མར་བློ་ཡུལ་དུ་བྱས་ནས་གཟུགས་ལ་སོགས་པ་ལྔར་སོ་སོར་རྣམ་པར་འབྱེད་པ་དང༌། དེ་ལས་ཀྱང་གཟུགས་ཙམ་ཞིག་དཔྱད་གཞིར་བཟུང་ནས། ཐོགས་བཅས་ཐོགས་མེད་ལ་སོགས་པ་སོ་སོར་རྣམ་པར་འབྱེད་པ་ལྟ་བུ་སྟེ། འདིས་ནི་ཕུང་པོ་ལ་རིལ་པོའི་བདག་ཏུ་འཛིན་པ་འཇིག་གོ །ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་ཡོངས་སུ་རྟོག་པ་དང༌། ཡོངས་སུ་དཔྱོད་པར་བྱེད་པ་གཉིས་ཏེ། དེ་ལ་དང་པོས་ནི་ཡོངས་སུ་དཔྱད་པའི་ཡུལ་གྱི་གཟུགས་ཅན་རགས་པ་ཙམ་ཞིག་ཡུལ་དུ་བྱེད་པ་ཡིན་ལ། ཕྱི་མས་ནི་ཁྱད་པར་གྱི་ཆོས་ལ་ཞིབ་ཏུ་སོ་སོར་འབྱེད་པར་བྱེད་པ་སྟེ། བློའི་འཇུག་ཚུལ་ལ་རགས་པའི་རྣམ་པས་འཇུག་པ་དང༌། ཕྲ་བའི་རྣམ་པས་འཇུག་པ་གཉིས་ལས་མ་འདས་པའི་ཕྱིར་རོ། །ཡོངས་སུ་དཔྱོད་ཚུལ་ཡང་བཞིར་གསུངས་ཏེ། བགྲང་བ་དང༌། འཇལ་བ་དང༌། རྟོག་པ་དང༌། སོ་སོར་རྟོག་པའོ། །བགྲང་བ་ནི་ཕུང་པོ་ལ་སོགས་པའི་གྲངས་བློ་ཡུལ་དུ་འཛིན་པ་མིང་གི་ཡུལ་ཅན་ནོ། །འཇལ་བ་ནི་མིང་དེ་དང་ལྡན་པའི་མཚན་ཉིད་ལ་སྒྲོ་སྐུར་མེད་པ་ཇི་ལྟར་གནས་པའི་ཚུལ་འཛིན་པའོ། །རྟོག་པ་ནི། རིག་པ་ལ་བརྟེན་ནས་དོན་དེ་ཉིད་འཇལ་བར་བྱེད་པའོ། །སོ་སོར་རྟོག་པ་ནི་བགྲང་བ་དང་འཇལ་བ་དང་རྟོག་པའི་དོན་རྣམས་ལ་ཡང་དང་ཡང་དུ་ལྟ་བར་བྱེད་པའོ། །ངོ་བོའི་སྒོ་ནས་སོ་སོར་རྟོག་པ་དང༌། རྣམ་པར་མི་གཡོ་བའི་ལྷག་མཐོང་གཉིས་ཏེ། དང་པོས་ཤེས་བྱའི་ཡུལ་ལ་རིགས་པས་སོ་སོར་རྟོག་པར་བྱེད་ཅིང༌། གཉིས་པས་ཡོངས་སུ་བརྟགས་ནས་རྙེད་པའི་ཡུལ་གྱི་གནས་ཚུལ་གྱི་དོན་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་གཞན་དུ་མི་གཡེང་བར་དམིགས་པ་ཡོངས་སུ་འཛིན་པ་ཡིན་ནོ། །རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང་བསམ་བྱུང་གི་རིགས་ཤེས་ཡིན་པས་སོ་སོར་རྟོག་པའི་ལྷག་མཐོང་ཡིན་ལ། སྒྱུ་མ་སོགས་ཀྱི་དཔེ་བརྒྱད་དམ་བདུན་ལ་བརྟེན་ནས་སྣང་བ་བདེན་མེད་དུ་འཇལ་བའི་ཤེས་རབ་ཀྱང་སོ་སོར་རྟོག་པར་བྱེད་པའི་ལྷག་མཐོང་སྟེ། དཔེ་ཉེར་འཇལ་གྱི་ཚད་མས་ཡུལ་རྟོགས་པའི་ལྷག་མཐོང་ཡིན་པའི་ཕྱིར་རོ། །འགའ་ཞིག་ཐལ་འགྱུར་རམ་རྟགས་གཉིས་པོ་གང་རུང་ཁོ་ནའི་སྒོ་ནས་སྟོང་ཉིད་གཏན་ལ་དབབ་དགོས་པར་བཞེད་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་དཔེ་ཉེར་འཇལ་གྱི་ཚད་མའི་སྒོ་ནས་སྟོང་ཉིད་རྟོགས་པར་གསུངས་པ་ཡང་ཁོང་དུ་མ་ཆུད་པར་ཟད་དོ། །རྩོད་ཟློག་ལས་དཔེ་ཉེར་འཇལ་ལ་སོགས་པའི་ཚད་མ་བཞིའི་སྒོ་ནས་བླང་དོར་གྱི་ཐ་སྙད་བྱེད་པར་གསུངས་པ་ལ་བརྟེན་ནས་སློབ་དཔོན་ཟླ་བས་ཀྱང༌། དངོས་པོར་སྨྲ་བ་རྣམས་དངོས་པོ་རང་བཞིན་མེད་པར་རྟོགས་སུ་གཞུག་པ་ནི་ཤིན་ཏུ་སླ་བ་ཡིན་ཏེ། གཉིས་ཀ་ལ་གྲུབ་པའི་རྨི་ལམ་ལ་སོགས་པ་བདེན་མེད་དུ་གཏན་ལ་འབེབས་པའི་དཔེ་ཡོད་པའི་ཕྱིར་ཞེས་བྱ་བ་ཡང་དཔེ་ཉེར་འཇལ་ལ་དགོངས་སོ། །སྒོམ་བྱུང་གི་དངོས་གཞིའི་ལྷག་མཐོང་ནི་རྣམ་པར་མི་གཡོ་བའི་ལྷག་མཐོང་ངོ༌། །བསམ་བྱུང་དང་སྒོམ་བྱུང་ཡང་རྟོགས་པའི་རིགས་རྒྱུན་གཅིག་སྟེ། བསམ་བྱུང་གིས་གཏན་ལ་ཕབས་པའི་དོན་དེ་ཉིད་ལ་སྒོམ་བྱུང་གིས་ཀྱང་མཉམ་པར་འཇོག་པའི་ཕྱིར་རོ། །དེ་ལ་བསམ་བྱུང་ནི་རྟའི་དཀྱུས་ས་བསྟན་པ་ལྟར་ཡིན་ལ། སྒོམ་བྱུང་ནི་དེ་ལ་བརྟེན་ནས་རྟ་ཐོགས་མེད་དུ་རྒྱུག་པ་བཞིན་ཡིན་ནོ། །གལ་ཏེ་རྗེས་དཔག་ནི་ལོག་ཤེས་ཡིན་པས་དེས་རྟོགས་པའི་རིགས་རྒྱུན་གོམས་པས་ཕྱིན་ཅི་མ་ལོག་པའི་རྟོགས་པ་སྐྱེ་བ་ཇི་ལྟར་འགྱུར་ཞེ་ན། བདག་མེད་པའི་དོན་སྤྱི་ལ་སྤྱིའི་བདག་མེད་དུ་ཞེན་པའི་ཆ་ནས་འཁྲུལ་པའི་ཕྱིར་དེའི་འཛིན་སྟངས་ཀྱི་ཆ་ནས་གོམས་པར་བྱེད་པ་མ་ཡིན་ལ། འོན་ཀྱང་ཡུལ་བདག་མེད་དུ་གནས་པ་ལྟར་རྗེས་དཔག་ཀྱང་བདག་མེད་པའི་རྣམ་པ་ཅན་དུ་སྐྱེ་བའི་འཛིན་སྟངས་ཀྱི་ཆ་ནས་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་པའི་ཕྱིར་དེའི་འཛིན་སྟངས་ཀྱི་ཆ་ནས་གོམས་པར་བྱས་པས་བདག་འཛིན་ལོག་ནས་བདག་མེད་མངོན་སུམ་དུ་རྟོགས་པ་སྐྱེ་བའི་ཕྱིར་ཉེས་པ་ག་ལ་ཡོད། གལ་ཏེ་བདག་མེད་སྒོམ་པའི་བློ་འཁྲུལ་པར་འགྱུར་ཏེ། བདག་ཐ་སྙད་དུ་ཡོད་པའི་ཕྱིར་རོ་ཞེ་ན། བདག་ཐ་སྙད་ཙམ་དུ་ཡོད་ཀྱང་གནས་ཚུལ་ལ་མེད་པ་ཡིན་ལ། བློས་ཀྱང་གནས་ཚུལ་ལ་མཉམ་པར་འཇོག་པས་ཡུལ་གྱི་གནས་ཚུལ་དང་བློའི་འཛིན་སྟངས་མཐུན་པའི་ཕྱིར་གནས་ཚུལ་ལ་ཞུགས་པའི་བློ་ཇི་ལྟར་འཁྲུལ་བར་འགྱུར། དཔེར་ན་ཆོས་ལ་དམིགས་ནས་དེའི་གནས་ཚུལ་བདག་མེད་ལ་མཉམ་པར་འཇོག་པ་བཞིན་ནོ། །གལ་ཏེ་ཆོས་ཀྱི་བདག་མེད་སྒོམ་པའི་ཚེ་བདེན་པའི་རང་བཞིན་མེད་པ་ཡིན་གྱི། ཆོས་ཙམ་ཡོད་པ་ཡིན་ལ། བདག་མེད་སྒོམ་པའི་ཚེ་རང་བཞིན་མེད་པར་མ་ཟད་ཁྱད་གཞིའི་བདག་ཙམ་ཡང་མེད་དོ། །གལ་ཏེ་དེ་ལྟར་མིན་ན་བདག་རང་བཞིན་མེད་པར་སྒོམ་ཞེས་བྱའི། བདག་མེད་སྒོམ་པར་མི་འགྱུར་རོ་ཞེ་ན། མི་མཚུངས་ཏེ། ཆོས་ནི་རིགས་ངོར་མ་རྙེད་ཀྱང་སྣང་ངོར་རྙེད་པ་ཡིན་པས་ཆོས་ལ་དམིགས་ནས་དེའི་གནས་ཚུལ་རང་བཞིན་མེད་པར་སྒོམ་དུ་རུང་ལ། བདག་ནི་ཡིད་ཤེས་འབའ་ཞིག་གིས་བཏགས་པ་ཙམ་དུ་ཟད་པས་བདག་ལ་དམིགས་ནས་བདག་མེད་སྒོམ་དུ་མི་རུང་སྟེ། ཡིད་ཤེས་མཉམ་གཞག་ཏུ་འགྱུར་བས་དེའི་དོན་བདག་ཙམ་ཡང་གཞག་ཏུ་མེད་ལ། ཤེས་པ་གཞན་གྱི་ངོ་ན་ཡང་གཞག་ཏུ་མེད་པའི་ཕྱིར་ཆོས་ནི་རྟོགས་བྱེད་ཡིད་ཤེས་ཀྱི་ངོ་ན་མ་རྙེད་ཀྱང་དབང་ཤེས་ཀྱི་ངོ་ན་མི་ལྡོག་པས་ཁྱད་པར་ཤིན་ཏུ་ཆེའོ། །འགའ་ཞིག་ཆོས་ཀྱི་བདག་མེད་བསྒོམ་པའི་སྐབས་སུ་ཆོས་ལ་དམིགས་ནས་དེ་རང་བཞིན་མེད་པར་བསྒོམ་པ་ལྟར་བདག་མེད་བསྒོམ་པའི་སྐབས་སུ་བདག་ལ་དམིགས་ནས་དེ་རང་བཞིན་མེད་པར་བསྒོམ་པར་འདོད་པ་དག་གིས་འདིའི་ཁྱད་པར་མ་ཕྱེད་པས་ཤིན་ཏུ་འཁྲུལ་ལོ། །དེས་ན་བདག་ཏུ་འཁྲུལ་བའི་གཞི་ཕུང་པོ་ཡིན་པས་ཕུང་པོ་ལ་དམིགས་ནས་བདག་མེད་པར་སྒོམ་པ་ཡིན་ནོ། །ཞི་གནས་དང་ལྷག་མཐོང་འདི་དག་གི་གནས་སྐབས་ལ་ལམ་ལྔར་གཞག་སྟེ། དང་པོ་བསྒོམ་བྱ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་གནས་སྐབས་ལ་ཚོགས་ལམ་དང༌། གཏན་ལ་ཕབ་ནས་དོན་སྤྱིའི་ཚུལ་གྱིས་གོམས་པར་བྱས་ནས་བདེན་པ་མངོན་སུམ་མཐོང་བ་ལ་སྦྱོར་བར་བྱེད་པ་སྦྱོར་ལམ་དང༌། མངོན་སུམ་དུ་མཐོང་བ་ལ་སྦྱོར་བས་རྗེས་ཐོག་ཏུ་བདེན་པ་མངོན་སུམ་དུ་མཐོང་སྟེ་མཐོང་སྤང་སྤོང་བར་བྱེད་པ་མཐོང་ལམ་དང༌། དེ་ནས་བདེན་པ་མཐོང་བས་སྤང་བར་བྱེད་མི་ནུས་པའི་སྒོམ་སྤང་སྤོང་བའི་དོན་དུ་མཐོང་ཟིན་གོམས་པར་བྱེད་པའི་སྒོམ་ལམ་དང༌། སྒོམ་ལམ་གྱིས་སྒོམ་སྤང་སྤངས་ཟིན་པ་ན་སྤང་བྱའི་ལྷག་མ་མ་ལུས་པས་སྤང་བྱའི་གཉེན་པོ་ལ་བསླབ་མི་དགོས་པའི་ཕྱིར་མི་སློབ་པའི་ལམ་མོ། །ལམ་ལྔ་པོ་འདི་དག་གི་སྒོ་ནས་རིགས་ཅན་གསུམ་ཀས་ཀྱང་རང་རང་གི་བྱང་ཆུབ་སྒྲུབ་པ་ལ་ཁྱད་པར་མེད་ལ། འོན་ཀྱང་འགའ་ཞིག་གིས་ཉན་རང་གཉིས་ཇི་ལྟ་བའི་ལྟ་བ་གང་ཟག་གི་བདག་མེད་རྟོགས་པ་ཙམ་ལ་ཁྱད་མེད་ལ། ཇི་སྙེད་རྟོགས་པ་ལ་ཁྱད་པར་ཡོད་དོ་ཞེས་བཤད་དོ། །བྱམས་ཆོས་རྗེས་འབྲང་གི་དབུ་མ་པ་དག་གིས་ནི་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་ཙམ་རྟོགས་ལ། རང་རྒྱལ་གྱིས་དེ་བས་ཀྱང་ལྷག་པ་གཟུང་བ་ཆོས་ཀྱི་བདག་མེད་ཀྱང་རྟོགས་སོ། །བྱང་ཆུབ་སེམས་དཔས་ནི་བདག་མེད་གསུམ་ཀ་རྟོགས་ཞེས་བཞེད་དོ། །སློབ་དཔོན་ཟླ་བས་ནི་རིགས་ཅན་གསུམ་ཀས་ཀྱང་ཆོས་ཀྱི་བདག་མེད་རྟོགས་པར་བཞེད་དེ། འདི་ལ་ལུང་དང་རིགས་པའི་སྒྲུབ་བྱེད་མང་དུ་གསུངས་ཏེ། ཐོག་མར་མདོ་སྡེ་ས་བཅུ་པ་ལས། སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མིན་གྱི་ཞེས་དྲངས་ནས། ལུང་འདི་ལས་ཉན་ཐོས་རྣམས་ལ་ཡང་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་དོ་ཞེས་གསུངས་ནས། ཡང་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་པ་དང༌། ཉན་ཐོས་ལ་བསྟན་པའི་མདོ་ལས། རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་པ་དང༌། ཀཱ་ཏྱཱ་ན་ལ་གདམས་པའི་མདོ་ལས། ཡོད་མེད་ཀྱི་ཕྱོགས་གཉིས་ཀ་ལ་དགག་པ་མཛད་པ་དང༌། སློབ་དཔོན་གྱིས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་ལམ་མེད་པར་གསུངས། །དེ་ཕྱིར་ཁྱེད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་དང༌། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བ་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པས། །བཟོད་པ་འདི་ལ་མ་བརྟེན་འཐོབ་པར་མི་ནུས་ཏེ། །ཞེས་སོ། །འདི་དག་གིས་ལུང་ལས་བསྟན་པའི་ཁུངས་བསྟན་ནས། རིགས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་བ་དང༌། ཕྱི་རོལ་པ་བཞིན་ཕྲ་རྒྱས་ཐམས་ཅད་སྤང་བར་ཡང་མི་འགྱུར་བར་ཐལ། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཕྱིར། གང་ཟག་གི་བདག་མེད་རྟོགས་པར་ཡང་མི་འགྱུར་ཏེ། ཆོས་ཀྱི་བདག་མེད་མ་རྟོགས་པས་བདག་ཏུ་གདགས་པའི་གཞི་ཕུང་པོ་ལ་དམིགས་པའི་ཕྱིར་ཞེས་གསུངས་སོ། །འདི་ཡང་ལུང་རིགས་ཀྱིས་དཔྱད་པར་བྱ་སྟེ། མདོ་སྡེ་ས་བཅུ་པའི་ལུང་གི་དོན་ནི། སེམས་བསྐྱེད་མ་ཐག་ཅེས་པའི་ལུང་གི་སྒྲས་བྱང་སེམས་ལས་དང་པོ་བས་བདག་མེད་ཐོས་བསམ་གྱིས་ཁོང་དུ་ཆུབ་པ་ཙམ་ལས་མེད་པའི་ཕྱིར་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཆ་ནས་ཡུན་རིང་དུ་ཚངས་པར་མཚུངས་པར་སྤྱོད་པའི་ཉན་རང་རྣམས་ཟིལ་གྱིས་གནོན་མི་ནུས་ཏེ། དེ་དག་ལ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར་ཞེས་གསུངས་ཀྱི། ཆོས་ཀྱི་བདག་མེད་རྟོགས་པ་དམིགས་ཀྱིས་བཀར་ནས་གསུངས་པ་ནི་མི་སྣང་ངོ༌། །གལ་ཏེ་ས་བཅུ་པ་ལས། ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ཞེས་གསུངས་པས་ན་ས་བདུན་པ་མ་ཐོབ་ཀྱི་བར་དུ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་པར་ཤུགས་ལ་བསྟན་པས་བྱང་སེམས་ལས་དང་པོ་པས་བདག་མེད་མངོན་སུམ་དུ་རྟོགས་པ་མེད་ལ། ཉན་ཐོས་སོགས་ལ་ཡོད་པའི་ཆ་ནས་ཟིལ་གྱིས་གནོན་མི་ནུས་པར་བསྟན་པ་ཡིན་ནོ་ཞེ་ན། ལུང་དེ་ནི་བྱང་ཆུབ་སེམས་དཔའ་དབང་པོ་ཤིན་ཏུ་རྟུལ་པོས་ཡང་ས་བདུན་པ་ནས་བདག་མེད་རྟོགས་པའི་ཆ་ནས་ཟིལ་གྱིས་གནོན་ནུས་ཏེ། བག་ལ་ཉལ་གྱི་ཉོན་སྒྲིབ་སྤོང་བའི་ནུས་པ་ཤིན་ཏུ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་ནོ། །ས་བདུན་པའི་དུས་སུ་སྤོང་ནུས་ཤིང་ས་བརྒྱད་པའི་དུས་སུ་སྤངས་ཟིན་པ་ཡིན་ཞེས་བཤད་པར་བྱའོ། །དགྲ་བཅོམ་པས་དངོས་པོ་ལ་བདེན་འཛིན་མ་སྤངས་པས་ཉན་ཐོས་ལ་ནི་དགྲ་བཅོམ་ཐོབ་པའི་དུས་སུའང་བག་ལ་ཉལ་གྱི་ཉོན་སྒྲིབ་སྤོང་བའི་ནུས་པ་ཐོབ་པ་མེད་དོ། །དེས་ན་ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཀྱང་བདག་མེད་རྟོགས་པ་ཙམ་གྱི་ལྡོག་པ་ནས་གཉིས་ཀ་ཁྱད་མེད་པའི་ཕྱིར་དང༌། བདག་མེད་རྟོགས་པའི་ཆ་ནས་ས་བདུན་པ་མ་ཐོབ་ཀྱི་བར་དུ་ནི་ཆེ་ཆུང་གི་བྱེ་བྲག་ཀྱང་མེད་པའི་ཕྱིར་ཟིལ་གྱིས་གནོན་མི་ནུས་ལ། ས་བདུན་པ་ནས་ནུས་པ་ཡང་ལྷག་ཅེས་པའི་དོན་ནོ། །ཡང་ན་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཆ་ལ་དགོངས་ཏེ་ས་བདུན་པ་མ་ཐོབ་ཀྱི་བར་དུ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཆ་ནས་ཟིལ་གྱིས་གནོན་མི་ནུས་ལ། ས་བདུན་པ་ནས་བག་ལ་ཉལ་གྱི་སྒྲིབ་པ་སྤོང་ནུས་པའི་ཕྱིར་ནུས་པ་ལྷག་ཅེས་པའི་དོན་དུ་མངོན་ནོ། །འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤངས་པ་ཙམ་ལ་ནི་ཁྱད་པར་མེད་དོ། །རིན་ཆེན་ཕྲེང་བའི་དོན་ཡང༌། ཇི་སྲིད་ཕུང་པོ་ལ་བདེན་འཛིན་ཤས་ཆེ་བ་དེ་སྲིད་དུ་ངར་འཛིན་ཤས་ཆེར་འབྱུང་བ་ཡིན་ལ། ངར་འཛིན་ཤས་ཆེ་བ་དེ་སྲིད་དུ་ལས་སོག་པ་ཤས་ཆེ་ལ། ལས་ལ་བརྟེན་ནས་སྐྱེ་བ་འབྱུང་བ་ཤས་ཆེ་ཞེས་པའི་དོན་ནོ། །ཕུང་པོ་ལ་བདེན་འཛིན་ཡོད་པ་དེ་སྲིད་དུ་ངར་འཛིན་སྐྱེ་བ་ལ་ངེས་པ་ཅན་དུ་སྟོན་པ་ནི་མིན་ནོ། །གལ་ཏེ་ཡིན་ན་ཉན་ཐོས་དགྲ་བཅོམ་པ་ལ་ཡང་དངོས་པོ་ལ་བདེན་འཛིན་ཡོད་པས་ངར་འཛིན་ཡོད་པར་འགྱུར་ལ། དེ་ལྟར་ན་ངར་འཛིན་གྱི་སྟོབས་ཀྱིས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་པར་ཐལ་བ་བཟློག་ཏུ་མེད་དོ། །དགྲ་བཅོམ་གྱིས་དངོས་པོ་ལ་བདེན་འཛིན་སྤངས་པས་ཉེས་པ་དེ་དག་ཏུ་ཐལ་བར་མི་འགྱུར་རོ་ཞེ་ན། འོ་ན་ས་བདུན་པ་ཐོབ་ནས་ཀྱང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་པར་འགྱུར་ཏེ། ཉན་ཐོས་དགྲ་བཅོམ་གྱིས་དངོས་པོ་བདེན་འཛིན་གྱི་གཉེན་པོ་རྫོགས་པར་ཐོབ་ལ་ས་བདུན་པའི་དུས་སུ་དེ་རྫོགས་པར་མ་ཐོབ་པའི་ཕྱིར། གལ་ཏེ་ས་བདུན་པ་བས་ཀྱང་ཐོབ་བོ་སྙམ་ན། འོ་ན་ས་བདུན་པ་ཡན་ཆད་ནས་ཤེས་སྒྲིབ་མངོན་འགྱུར་བ་སྤང་དུ་མེད་པར་འགྱུར་ཏེ། སྒྲིབ་གཉིས་ཀྱི་རྩ་བ་བདེན་འཛིན་མ་ལུས་པ་ས་བདུན་པ་ནས་སྤངས་ཟིན་པའི་ཕྱིར་རོ། །བོད་ཀྱི་བླུན་པོ་འགའ་ཞིག་གིས་ཟླ་གྲགས་ཀྱི་ལུགས་ཚད་མར་ཁས་ལེན་ཅིང༌། བདེན་འཛིན་ལ་ཉོན་མོངས་པ་ཅན་གྱི་མ་རིག་པས་ཁྱབ་པར་ཁས་བླངས་ནས་སླར་ཡང་ཉན་ཐོས་དགྲ་བཅོམ་གྱིས་བདེན་འཛིན་མ་ལུས་པར་སྤངས་ཞེས་སྨྲ་བ་དང༌། ས་བརྒྱད་པའི་བར་དུ་ཉོན་སྒྲིབ་ཁོ་ན་སྤོང་ངོ་ཞེས་འདོད་པ་ནི་འགལ་བ་ཁས་བླངས་པ་ཡིན་ཏེ། དེ་ལྟར་ན་ས་བདུན་པས་ཀྱང་ཤེས་རབ་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་པར་འགྱུར་བའི་ཕྱིར་དང༌། དེ་ཁས་བླངས་ན་ཟླ་གྲགས་ཀྱི་ལུགས་ཚད་མར་བྱེད་པ་ཡང་འགལ་བ་ཡིན་ནོ། །གཞན་ཡང་རྒྱུན་ཞུགས་མཐོང་ཆོས་ཞི་ལ་ཕུང་པོ་བདེན་འཛིན་ཡོད་པས་ངར་འཛིན་གྱི་སྒོ་ནས་ལས་བསགས་ཏེ་འཁོར་བར་སྐྱེ་བར་འདོད་པར་བྱ་དགོས་སོ། །མཐོང་སྤང་འཇུག་པ་གཟུང་རྟོག་ཀྱང་ཉན་ཐོས་དགྲ་བཅོམ་གྱིས་སྤངས་དགོས་ཏེ། དངོས་པོ་བདེན་འཛིན་མ་ལུས་པ་སྤངས་པའི་ཕྱིར། དེ་ལྟར་ན་མཐོང་ལམ་རྩེ་སྦྱོར་ཡང་ཐོབ་པ་ཁོ་ནར་འགྱུར་བས་ཧ་ཅང་ཐལ་བ་ཡིན་ནོ། །རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཞེས་པའི་དོན་ཡང་རྣམ་པར་ཤེས་པ་བདག་ཏུ་མ་གྲུབ་བཞིན་དུ་བདག་ཏུ་སྣང་བའི་ཆ་ནས་སྒྱུ་མ་ལྟ་བུར་གསུངས་པ་ཡིན་ལ། ཉན་ཐོས་ཀྱིས་རྣམ་ཤེས་ལ་བདེན་འཛིན་གྱི་སྒྲོ་འདོགས་མ་ཆོད་ཀྱང་བདག་ཏུ་སྣང་ཡང་བདག་ཏུ་མ་གྲུབ་པར་རྟོགས་པ་ཡོད་པ་ཙམ་ལ་དགོས་སོ། །ཀཱ་ཏྱཱ་ཡ་ནའི་མདོའི་དོན་ཡང་བདག་ངོ་བོ་ཉིད་ཀྱིས་གྲུབ་པར་ལྟ་བ་རྟག་ལྟ་དང༌། ཐ་སྙད་ཙམ་དུ་ཡང་མ་གྲུབ་པར་ལྟ་བ་ལ་ཆད་ལྟར་མཛད་ནས་དེ་གཉིས་ཀ་དགག་པའི་དབང་དུ་བྱས་ཏེ། བདག་ལས་བརྩམས་པའི་རྟག་ཆད་ཀྱི་ལྟ་བ་སྤངས་པའི་དོན་དུ་གསུངས་སོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མཛོད་ལས། བདག་ཡོད་ཉིད་དུ་ཁས་བླངས་ན། །ལྟ་བའི་མཆེ་བས་སྨྲས་པར་འགྱུར། །ཀུན་རྫོབ་རྟོགས་པར་མ་གྱུར་ན། །དགེ་བའི་ཕྲུག་གུ་ཉམས་པར་འགྱུར། །ཞེས་དང༌། མེད་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག །དེ་ཉིད་གཞན་དུ་མ་གསུངས་སོ། །བཏགས་པའང་མེད་དུ་འགྱུར་འོང་བས། །མེད་དོ་ཞེས་ཀྱང་མ་གསུངས་སོ། །ཞེས་གསུངས་སོ། །མཛོད་འགྲེལ་ལས། བདག་རྟག་པར་ཡོད་དོ་ཞེ་ན། ཁོ་བོ་ཅག་ཀྱང་དེ་སྐད་དུ་སྨྲའོ་ཞེས་པ་ལྟར་རོ། །མཚན་མ་མེད་པ་མ་རྟོགས་པར། །ཞེས་སོགས་ཀྱི་དོན་ཡང་བདག་གཉིས་ཀྱི་མཚན་མ་མེད་པ་མ་རྟོགས་པར་སྒྲིབ་གཉིས་ཟད་པའི་ཐར་པ་མི་ཐོབ་པ་དེའི་ཕྱིར་ཐེག་ཆེན་ལས་བདག་མེད་གཉིས་པོ་ཚང་བར་བསྟན་པ་ཡིན་ཞེས་པའི་དོན་ཡིན་པས་ཤུགས་ལ་ཉན་ཐོས་ཀྱི་ཐེག་པ་ལས་ནི་བདག་མེད་རྟོགས་པ་ཙམ་རིགས་ཅན་གསུམ་ཀའི་བགྲོད་པ་གཅིག་པའི་ལམ་དུ་བསྟན་པ་ཡིན་གྱི། ཆོས་ཀྱི་བདག་མེད་བྱེ་བྲག་ཏུ་བཀར་ནས་གསུངས་པ་མིན་ནོ། །རིགས་པ་བརྗོད་དུས། ཆོས་ཀྱི་བདག་མེད་མ་རྟོགས་ན་གང་ཟག་གི་བདག་མེད་རྟོགས་པ་ཡང་མི་འཐད་ཅེས་གསུངས་པ་ཡང་མི་འཐད་དེ། ཉན་ཐོས་མདོ་སྡེ་པས་གང་ཟག་གི་བདག་མེད་ལུང་རིགས་གཉིས་ཀྱིས་ལེགས་པར་གཏན་ལ་ཕབ་ནས་གང་ཟག་གི་བདག་མེད་རྟོགས་ཀྱང་ཕུང་པོ་རང་བཞིན་མེད་པར་ཁོང་དུ་མ་ཆུད་པའི་ཕྱིར། བཏགས་ཆོས་རང་བཞིན་མེད་པར་རྟོགས་པས་གདགས་གཞི་རང་བཞིན་མེད་པར་རྟོགས་ཀྱང་མི་དགོས་ཏེ། གནས་མ་བུ་པའི་སྡེ་བས་བུམ་པ་བཏགས་ཡོད་དུ་འདོད་ཀྱང་གདགས་གཞི་རྡུལ་རྫས་ཡོད་དུ་འདོགས་པའི་ཕྱིར། འཇུག་པ་ལས། གང་ཕྱིར་ཁྱོད་བུམ་དངོས་པོར་མ་གྲུབ་པས། །ངོ་བོ་གཟུགས་སོགས་ལས་བརྗོད་མི་འགྱུར་བས། །བདག་གང་ཕུང་པོ་ལས་བརྗོད་མེད་འགྱུར་ཏེ། །རང་གིས་ཡོད་པར་གྲུབ་པར་རྟོགས་མི་བྱ། །ཞེས་པ་ལྟར་རོ། །ཆོས་རང་བཞིན་མེད་པར་མ་རྟོགས་པས་ཁམས་གསུམ་གྱི་ཕྲ་རྒྱས་མ་སྤངས་པར་མི་འགྱུར་ཏེ། གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱིས་སྤོང་བའི་ཕྱིར་རོ། །སློབ་དཔོན་རང་ཉིད་ཀྱིས་ཀྱང་ཁས་བླངས་ཏེ། འཇུག་འགྲེལ་ལས། བདག་མེད་འདི་ནི་འགྲོ་བ་རྣམས་གྲོལ་ཕྱིར། །ཞེས་པའི་སྐབས་སུ། དེ་ལ་གང་ཟག་གི་བདག་མེད་པ་ནི་རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་ནས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ནི་གཉིས་ཀ་བསྟན་ཏོ་ཞེས་གསུངས་སོ། །ས་བདུན་པ་མ་ཐོབ་པར་བློ་གྲོས་ཀྱི་མཐུས་ཟིལ་གྱིས་གནོན་མི་ནུས་ཞེས་གསུངས་པ་ཡང་གང་ཟག་གི་བདག་མེད་རྟོགས་པ་ཙམ་ལ་དགོངས་ཀྱི། ཆོས་ཀྱི་བདག་མེད་རྟོགས་པའི་དབང་དུ་བྱས་ནས་གསུངས་པ་མིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། ས་དྲུག་པའི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷག་པར་གྱུར་པ་ཡིན་པར་སློབ་དཔོན་རང་ཉིད་ཀྱང་གསུངས་ལ། ཉན་ཐོས་དང་རང་སངས་རྒྱས་ལ་ཤེས་རབ་ལྷག་པར་གྱུར་པ་མེད་པའི་ཕྱིར་རོ། །གཞན་ཡང་ས་བདུན་པ་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་བདག་མེད་རྒྱས་པར་སྒོམ་པ་ཡོད་ལ། ཉན་ཐོས་དང་རང་སངས་རྒྱས་ལ་ནི་རྫོགས་པར་སྒོམ་པ་མེད་པར་འཇུག་འགྲེལ་ལས་བཤད་དོ། །གལ་ཏེ་སྤྱོད་འཇུག་ལས། གང་གི་ཕྱིར་ན་ལམ་འདི་ནི། །མེད་པར་ཐར་ལམ་མེད་པར་གསུངས། །ཞེས་འབྱུང་བ་མ་ཡིན་ནམ་ཞེ་ན། དེ་ནི་སྟོང་ཉིད་མ་རྟོགས་པར་སྒྲིབ་གཉིས་ཟད་པའི་ཐར་པ་མི་ཐོབ་ཅེས་པའི་དོན་དུ་བཤད་དེ། དེ་ཉིད་ལས། མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་བས་སྟོང་ཉིད་བསྒོམ་པར་བྱ། །ཞེས་གསུངས་པས་ངེས་སོ། །བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །ཞེས་པའི་དོན་ཡང་དྲི་མ་བདེན་དངོས་སུ་གྲུབ་ན་ནི་གཉེན་པོས་གཞོམ་དུ་མི་རུང་བས་དྲི་མ་ཟད་པའི་དགེ་སློང་ཉིད་ཀྱང་དཀའ་བར་གནས་སོ་ཞེས་པའི་དོན་ནོ། །རིགས་པ་བསྟན་ཟིན་ནས་ལུང་བརྗོད་པར་བྱེད་དེ། མངོན་པར་རྟོགས་པའི་རྒྱན་ལས་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་མ་རྟོགས་པར་གསུངས་ཏེ། ཆོས་ཀྱི་བདག་མེད་མ་རྟོགས་པར་རྟོགས་པ་ཉི་ཚེ་བར་བཤད་པའི་ཕྱིར། མཐོང་སྤང་ལྡོག་པ་གཟུང་རྟོག་གི་སྐབས་སུ། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་བྱ་བ་དང༌། མདོ་ལས་ཀྱང༌། ཉན་ཐོས་དང་རང་སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་གཞག་སྟེ་ཞེས་གསུངས་པ་དང༌། ལང་ཀར་གཤེགས་པ་ལས་ཀྱང༌། བློ་གྲོས་ཆེན་པོ་ཆོས་ལ་བདག་མེད་པ་མཐོང་བ་མེད་པར་ཐལ་པ་ནི་མེད་དོ། །བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རང་བཞིན་ཅན་རྣམས་ཀྱིས་ངེས་པར་འབྱུང་བ་ནི་མིན་ཏེ་ཞེས་འབྱུང་ངོ༌། །འདིའི་དོན་ནི་ཆོས་ཀྱི་བདག་མེད་མ་རྟོགས་ན་བླ་ན་མེད་པའི་བྱང་ཆུབ་མི་འཐོབ་པར་བསྟན་གྱི། ཉན་ཐོས་ཀྱི་ཐར་པ་མི་འཐོབ་ཅེས་པའི་དོན་ནི་མིན་ནོ་ཞེས་གསལ་བར་མངོན་ནོ། །སྡུད་པ་ལས་ཀྱང༌། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང༌། །ཞེས་གསུངས་སོ། །རིགས་པ་གཞན་ཡང་ས་དང་པོ་ལ་གནས་པས་མཐོང་སྤང་ཤེས་སྒྲིབ་བརྒྱ་རྩ་བརྒྱད་ཀྱི་གཉེན་པོར་ཆོས་ཀྱི་བདག་མེད་རྟོགས་པའི་མཐོང་ལམ་རྫོགས་པར་ཐོབ་ལ། ཉན་ཐོས་དང་རང་སངས་རྒྱས་ལ་དེ་མེད་པའི་ཕྱིར་ས་དང་པོས་ཀྱང་ཆོས་ཀྱི་བདག་མེད་རྟོགས་པའི་བློ་གྲོས་ཀྱི་མཐུས་ཟིལ་གྱིས་གནོན་ནུས་པར་ངེས་སོ། །སྤྲོས་པས་ཆོག་གོ །གལ་ཏེ་འཕགས་པའི་མཉམ་གཞག་གི་གནས་སྐབས་ན་བློ་ཡོད་དམ་མེད། དང་པོ་ལྟར་ན་ཤེས་བྱ་ཤེས་བྱེད་ཀྱི་ཚུལ་གཉིས་མངའ་བས་གཟུང་འཛིན་གཉིས་སྣང་གི་འཁྲུལ་བཅས་སུ་འགྱུར་རོ། །གཉིས་པ་ལྟར་ན་རྟོགས་བྱེད་ཀྱི་བློ་མེད་པས་སྟོང་ཉིད་གང་གིས་རྟོགས་པར་འགྱུར་ཞེ་ན། བོད་ཀྱི་སློབ་དཔོན་འགའ་ཞིག་གིས་ཡུལ་ཆོས་ཀྱི་དབྱིངས་སྤྲོས་པ་བྲལ་བའི་ངང་དུ་ཡུལ་ཅན་གྱི་བློ་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་སོང་བས་བློ་མེད་དེ། ཤེས་བྱའི་ཡུལ་མ་རྙེད་པ་ན་དེ་འཛིན་གྱི་བློ་ལྡོག་པའི་ཕྱིར་རོ། །དེས་ན་སྤྲོས་པ་ཉེ་བར་ཞི་བའི་ངང་ལ་གནས་པ་ཙམ་ལ་མཉམ་གཞག་ཏུ་བརྗོད་དོ། །ཇི་སྲིད་བློ་དང་འབྲེལ་བ་དེ་སྲིད་དུ་ཡུལ་གྱི་མཚན་མ་དང་ཡང་འབྲེལ་བས་གཟུང་འཛིན་གྱི་སྤྲོས་པ་ཉེ་བར་ཞི་བར་མི་འགྱུར་རོ། །བློ་མེད་པ་ཉིད་ཀྱིས་སྣང་བ་ཡང་མི་མངའ་སྟེ། སྣང་བ་ནི་ཀུན་རྫོབ་ལས་མ་འདས་པ་ཡིན་ལ། ཀུན་རྫོབ་ཀྱིས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་སྣང་བ་དེ་སྲིད་དུ་དེ་ཁོ་ན་ཉིད་མི་མཐོང་བའི་ཕྱིར་འཕགས་པའི་མཉམ་གཞག་ན་སྣང་བ་མི་མངའ་བ་ཡིན་ནོ་ཞེས་ཐལ་འགྱུར་བའི་དགོངས་པ་བཞེད་དོ། །སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པ་རང་རྒྱུད་སྣང་བ་མེད་པ་རྣམས་ནི་གཟུང་འཛིན་ཐ་དད་པའི་དབང་གིས་གཉིས་སུ་སྣང་བ་ནུབ་པ་ཡིན་ཡང༌། གཟུང་འཛིན་གཉིས་མེད་ཀྱི་ཤེས་པས་དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་འཇོག་པའི་ཕྱིར་མཉམ་གཞག་ན་བློ་ཡོད་ལ། ཅི་སྟེ་མེད་ན། རྗེས་ཐོབ་ཏུ་གཉིས་སྣང་འབྱུང་བའི་རྒྱུ་ཡང་མེད་པར་འགྱུར་རོ་ཞེས་འདོད་དོ། །གལ་ཏེ་མཉམ་པར་འཇོག་ཁའི་གཉིས་སྣང་ལས་འབྱུང་བས་རྒྱུ་མེད་དུ་མི་འགྱུར་ལ། ལས་འགགས་ནས་ཡུན་རིང་དུ་ལོན་པ་ན་འབྲས་བུ་འབྱུང་བ་བཞིན་ནོ་ཞེ་ན། མི་མཚུངས་ཏེ། ལས་འབྲས་ཀྱི་སྐབས་སུ་ཤེས་པ་སྔ་མས་ཕྱི་མ་ལ་བག་ཆགས་བསྒོས་པའི་རིམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚུལ་གྱིས་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ལ། འདིར་ནི་བར་དུ་རིག་པ་རྒྱུན་ཆད་པའི་ཕྱིར་རོ། །མཉམ་པར་འཇོག་ཁའི་གཉིས་སྣང་ལས་འབྱུང་དུ་ཆུག་ན་ཡང་དེའི་དངོས་ཀྱི་ཉེར་ལེན་དུ་མི་རུང་བས་དངོས་ཀྱི་ཉེར་ལེན་མེད་པའི་ཤེས་པ་སྐྱེ་བ་དང༌། ཤེས་པ་ལ་ཐོག་མ་ཡོད་པ་ཁས་བླངས་པས་རྒྱང་འཕེན་པའི་ཕྱོགས་ལ་གནས་པར་འགྱུར་རོ། །རིག་པ་སྔ་མ་སྔོན་དུ་སོང་ན་རིག་པའི་དང་པོ་ཡིན་པར་འགལ་ལ། མ་སོང་ན་རྒྱུ་མེད་ལས་མ་འདས་པའི་ཕྱིར། དེས་ན་རིག་པ་མེད་པའི་ཕྱོགས་ལ་ཉེས་པ་དུ་མ་ཡོད་པའི་ཕྱིར་སྣང་མེད་ཡིན་ཡང་མཉམ་གཞག་ན་རིག་པ་ཡོད་པ་ཁོ་ནར་འདོད་དོ། །གལ་ཏེ་ཤེས་བྱའི་ཡུལ་མ་རྙེད་པ་ལ་མཉམ་པར་འཇོག་པ་མིན་ནམ། ཡུལ་མེད་ན་དེ་འཛིན་གྱི་བློ་ཡང་མི་འཐད་དེ། བློ་ནི་ཡུལ་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ་ཞེ་ན། ཡུལ་མ་རྙེད་པས་དེ་འཛིན་གྱི་བློ་མེད་ཅེས་པའི་དོན་ཡང་བློ་འཁྲུལ་པའི་སྣང་བའི་ཆོས་གང་ཡང་མ་རྙེད་པས་དེ་འཛིན་གྱི་བློ་ལྡོག་པ་ཡིན་གྱི། འཁྲུལ་སྣང་མ་རྙེད་པའི་དོན་དེ་འཛིན་པའི་བློ་ནི་ཁས་ལེན་དགོས་ཏེ། གཞན་དུ་ན་འཁྲུལ་སྣང་མ་རྙེད་པའི་དོན་དེ་ཤེས་བྱེད་ཀྱི་བློ་མེད་པས་གནས་ཚུལ་ལ་འཁྲུལ་སྣང་མ་རྙེད་ཅེས་བྱ་བ་ཡང་ཇི་ལྟར་ཤེས་པར་འགྱུར། མཉམ་གཞག་གིས་ཀྱང་རིགས་པས་དཔྱད་ནས་མ་རྙེད་པའི་སྟོང་ཉིད་ཀྱི་དོན་རྟོགས་པའི་ཕྱིར་རྟོགས་བྱེད་ཀྱི་བློ་གདོན་མི་ཟ་བར་ཡོད་པར་བྱ་དགོས་ཏེ། རིན་ཆེན་ཕྲེང་བ་ལས། གང་གིས་མཐོང་བར་འགྱུར་ཞེ་ན། །ཐ་སྙད་དུ་ནི་སེམས་ལ་བརྗོད། །ཅེས་གསུངས་སོ། །མཉམ་གཞག་གི་ངོར་ཤེས་བྱ་ཤེས་བྱེད་གཉིས་སུ་སྣང་བ་མིན་པས་གཟུང་འཛིན་ཐ་དད་པའི་སྣང་བ་ཡོད་པར་མི་འགྱུར་ལ། མཉམ་གཞག་ན་སྟོང་ཉིད་རྟོགས་པའི་བློ་ཡོད་པ་ཡང་ཐ་སྙད་པའི་བློ་གཞན་གྱི་ངོས་ནས་རྣམ་པར་འཇོག་པའི་ཕྱིར་བློ་གཞན་ལས་ཤེས་བྱ་ཤེས་བྱེད་གཉིས་སུ་འཇོག་པ་ཡིན་གྱི། མཉམ་གཞག་གི་ངོར་གཟུང་འཛིན་གཉིས་ཀྱི་ཚུལ་དུ་སྣང་བ་ནི་མིན་ནོ། །མཉམ་གཞག་དང་ཡུལ་སྟོང་ཉིད་ནི་སྤྲོས་པའི་ཁོང་དུ་མ་གཏོགས་པའི་ཕྱིར་དེ་གཉིས་ཡོད་པ་ཙམ་གྱིས་སྤྲོས་པ་མ་ཞིག་པར་ཡང་མི་འགྱུར་རོ། །སྤྲོས་པ་ནི་གནས་ཚུལ་ན་ཡོད་པ་མིན་པའི་དོན་ལ་རྣམ་པར་རྟོག་པས་སྣ་ཚོགས་སུ་བློས་སྦྱར་ནས་གཞག་པའི་དོན་ལ་རྗེས་ཀྱི་འཁྲུལ་པས་ཀྱང་ཇི་ལྟར་སྦྱར་བའི་ཚུལ་དུ་མངོན་པར་ཞེན་པས་རྣམ་པར་རྟོག་པས་བློའི་ཡུལ་དུ་སྣ་ཚོགས་སུ་སྦྱར་ཞིང་བཟོས་པའི་དོན་ལ་ངག་གི་ཐ་སྙད་སྦྱར་བའི་དབང་གིས་རྟོག་པས་ཇི་ལྟར་སྦྱར་བའི་ཚུལ་འཇིག་རྟེན་ན་རབ་ཏུ་གྲགས་པ་སྟེ། རྟོག་པ་དང་རྗོད་བྱེད་སྒྲ་ནི་སྤྲོ་བྱེད་ཡིན་ལ་རྟོག་པའི་ཡུལ་ཅན་ནི་སྤྲོ་བྱ་སྟེ། གཉིས་ཀ་ཡང་སྤྲོས་པ་རྣམ་པར་གཞག་གོ །སྤྲོས་པ་ངོས་མ་ཟིན་པར་སྤྲོས་བྲལ་ཞེས་པའི་སྒྲ་ཙམ་གྱིས་ནི་སྤྲོས་བྲལ་གྱི་དོན་ཁོང་དུ་མ་ཆུད་པ་ཡིན་ཏེ། མུན་པའི་ནང་དུ་རྡོ་འབེན་པ་ཡིན་ནོ། །བོད་ཀྱི་མཁས་རློམ་ཐམས་ཅད་ཀྱིས་སྤྲོས་པའི་དོན་ངོས་མ་ཟིན་པ་རྒྱུ་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་ཡང་བློས་བཏགས་པ་འབའ་ཞིག་ཏུ་ཁས་ལེན་པར་སྣང་སྟེ། འགའ་ཞིག་བཏགས་ཡོད་མིང་རྐྱང་ཙམ་ཡིན་ལོ། །འོ་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་པའི་མིང་བཏགས་པའི་ཡུལ་ཡང་མིང་ཙམ་དུ་འགྱུར་བས། བདེན་གཉིས་ལས་བརྡ་བཏགས་པ་དང་བརྡ་གཉིས་ཡུལ་ཡུལ་ཅན་གཉིས་སོ་སོར་གསུངས་ནས་གཉིས་ཀ་ཀུན་རྫོབ་ཏུ་གསུངས་པ་དང་ཡང་འགལ་ལ། སངས་རྒྱས་ཞེས་པའི་མིང་ཐོབ་པ་ཙམ་གྱིས་སངས་རྒྱས་ཐོབ་པར་འགྱུར་བ་དང༌། སངས་རྒྱས་ཀྱི་མི་དགེ་བ་ཞེས་པའི་སྒྲས་གསུངས་པ་ན་མི་དགེ་བར་འགྱུར་བ་དང༌། སྟོང་པ་ཉིད་ཀྱི་མིང་ཁོང་དུ་ཆུད་པ་ཙམ་གྱིས་སྟོང་པ་ཉིད་ཁོང་དུ་ཆུད་པར་འགྱུར་བ་སོགས་ཧ་ཅང་ཐལ་བ་མཐའ་ཡས་སོ། །ཐམས་ཅད་བློས་བཏགས་པ་ཙམ་དུ་འདོད་པ་ལ་ཡང་སངས་རྒྱས་ཀྱིས་སྒྲིབ་གཉིས་མི་སྤངས་པར་མུ་སྟེགས་པའི་བློས་བཏགས་པ་ན་སྒྲིབ་གཉིས་མ་སྤངས་པར་འགྱུར་བ་དང༌། སྒྲིབ་གཉིས་སྤངས་པར་ཡིད་ལ་བྱས་པ་ཙམ་གྱིས་སྒྲིབ་གཉིས་སྤངས་པར་འགྱུར་བ་དང༌། སྟོང་པ་ཉིད་ཀྱང་བློས་བཏགས་པ་ཙམ་ཡིན་པས་ཆོས་རྣམས་ཀྱི་རང་བཞིན་དུ་མི་འགྱུར་རོ། །དེས་ན་མཉམ་གཞག་ན་བློ་དང་ཡུལ་ཡོད་ཀྱང་སྤྲོས་པར་མི་འགྱུར་རོ། །འཕགས་སེང་གཉིས་ཀྱི་བཞེད་པའི་ཚུལ་ནི་མཉམ་གཞག་གིས་སྣང་བ་ལ་དམིགས་ནས་རང་བཞིན་མེད་པའི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར་སྣང་བ་གདོན་མི་ཟ་བར་ཁས་ལེན་དགོས་སོ། །སྣང་བ་ཞེས་བྱ་བ་ཡང་འདུས་བྱས་ཙམ་ལ་བརྗོད་ན་མཉམ་གཞག་ལ་གདོན་མི་ཟ་བར་ཁས་ལེན་དགོས་ཏེ། ཡུལ་ཅན་གྱི་བློ་ཡོད་པའི་ཕྱིར། མིག་ཤེས་ལ་གཟུགས་མི་སྣང་བ་ལྟར་ཕྱིའི་ཡུལ་མི་སྣང་བ་ལ་སྣང་མེད་དུ་འདོད་དོ་ཞེ་ན། གཟུང་འཛིན་ཐ་དད་པའི་རྣམ་པ་ཅན་དུ་མི་སྐྱེ་བ་ཡིན་གྱི། སྣང་བ་ལ་མི་དམིགས་པ་ནི་མིན་ཏེ། སྣང་བ་ལ་མི་དམིགས་ན་སྟོང་པ་ཉིད་འབའ་ཞིག་ལ་དམིགས་པར་འདོད་དགོས་པས་སྟོང་ཉིད་སྒོམ་པའི་ཚེ་སྣང་བ་ལ་བདེན་འཛིན་གྱི་སྒྲོ་འདོགས་གཅོད་པར་མི་འགྱུར་ཏེ། སྤང་གཉེན་གཉིས་དམིགས་པ་གཅིག་ལ་འཛིན་སྟངས་ཐ་དད་ཀྱི་སྒོ་ནས་འཇུག་དགོས་པ་ཡིན་ལ། སྤང་གཉེན་གཉིས་གཅིག་གི་དམིགས་པ་ལ་གཅིག་མི་དམིགས་པའི་ཕྱིར། བདེན་འཛིན་ཀྱང་སྣང་བ་ལ་དམིགས་ནས་སྐྱེ་བ་ཤས་ཆེ་ལ། སྟོང་པ་ཉིད་ལ་ཤས་ཆུང་བའི་ཕྱིར་རོ། །གཞན་ཡང་སྟོང་པ་ཉིད་ནི་ནམ་མཁའ་ལྟར་ཀུན་རོ་གཅིག་པས་གཅིག་ལ་སྒྲོ་འདོགས་བཅད་པ་ན་སྒྲོ་འདོགས་མི་འདྲ་བ་གཞན་གཅད་རྒྱུ་མེད་པའི་ཕྱིར། དམིགས་པ་ལ་སྒྲོ་འདོགས་རིམ་གྱིས་གཅོད་པའི་རིམ་པས་དག་པ་གོང་ནས་གོང་དུ་ཁྱད་པར་འགྲོར་མེད་པར་འགྱུར་བ་དང༌། ཡང་རྣལ་འབྱོར་མངོན་སུམ་མེད་དགག་ལ་དམིགས་པའམ། ཡང་ན་སྟོང་པ་ཉིད་ཡོངས་གཅོད་དུ་གྲུབ་པར་ཐལ་བར་འགྱུར་ཏེ། སྟོང་ཉིད་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར། ཚུལ་འདི་རྣམ་དཔྱོད་ཤིན་ཏུ་ཕྲ་མོ་ཡིས། །རྟོགས་པར་འགྱུར་གྱི་གཞན་གྱི་སྤྱོད་ཡུལ་མིན། །འཕགས་སེང་གཉིས་ཀྱི་དགོངས་པ་ཇི་ལྟ་བར། །ཚུལ་བཞིན་རྟོགས་པར་འགྱུར་བ་གཞན་ཡོད་མིན། །གལ་ཏེ་སྣང་བ་འདི་མ་རིག་པའི་འབྲས་བུ་ཡིན་པས་ཇི་སྲིད་སྣང་བ་མངའ་བ་དེ་སྲིད་དུ་ཡུལ་ཅན་འཁྲུལ་པ་ཁོ་ན་ཡིན་པས་མཉམ་གཞག་འཁྲུལ་པར་ཐལ་བར་འགྱུར་ཞིང༌། སྣང་བ་དོན་དམ་དུ་ཐལ་བར་འགྱུར་ཏེ། མཉམ་གཞག་གི་ཡུལ་ཡིན་པའི་ཕྱིར་ཞེ་ན། སྣང་བ་ཐམས་ཅད་མ་རིག་པའི་འབྲས་བུ་ཡིན་པ་མི་འཐད་དེ། དག་པའི་སྣང་བ་ནི་དེའི་ཁོངས་སུ་མི་འདུ་བའི་ཕྱིར། དེ་ལྟར་མིན་པར་འཁྲུལ་སྣང་ཁོ་ནར་འདོད་ན། ས་བཅུའི་རྗེས་ཐོབ་ཏུ་སངས་རྒྱས་བརྒྱ་སྟོང་གི་ཞལ་མཐོང་བ་སོགས་ཆོས་ཅན་ཇི་སྙེད་པའི་སྣང་བ་གོང་ནས་གོང་དུ་རྒྱ་ཆེར་མཐོང་བའི་ཕྱིར། སྣང་བའི་རྒྱུ་མ་རིག་པའི་ནུས་པ་གོང་ནས་གོང་དུ་རྒྱས་པར་འགྱུར་བས་ས་གོང་མ་གོང་མར་སྒྲིབ་པ་འཕེལ་བ་ཉིད་དུ་འགྱུར་རོ། །དེ་ལྟར་ན་སྒྲིབ་པ་ཤས་ཆེན་པོ་ཡོད་པ་དེ་སྲིད་དུ་ལམ་དམན་པར་འགྱུར་བའི་ཚུལ་ཡིན་པས་གོང་ནས་གོང་དུ་དམན་པར་ཡང་འགྱུར་རོ། །འོག་མིན་ལ་སོགས་པ་དག་པའི་འཇིག་རྟེན་གྱི་ཁམས་ནི་མདོ་ལས་སྨོན་ལམ་དང་དགེ་བའི་རྩ་བའི་འབྲས་བུ་ཡིན་པར་གསུངས་སོ། །སྣང་བ་ལ་དམིགས་པས་ཡུལ་ཅན་འཁྲུལ་པར་ཡང་མི་འགྱུར་ཏེ། སྣང་བའི་གནས་ཚུལ་སྟོང་ཉིད་ཡིན་པ་ལྟར་བློས་ཀྱང་གནས་ཚུལ་ལ་མཉམ་པར་འཇོག་པས་ཡུལ་གྱི་གནས་ཚུལ་དང་བློའི་འཛིན་སྟངས་མཐུན་པའི་ཕྱིར་དང༌། འཁྲུལ་མ་འཁྲུལ་ནི་ཡུལ་འཛིན་སྟངས་དོན་དང་མཐུན་མི་མཐུན་གྱི་རྣམ་པར་འབྱེད་པ་ཡིན་ལ། དམིགས་པའི་སྒོ་ནས་རྣམ་པར་འབྱེད་པ་མིན་པས་སྣང་བ་ལ་དམིགས་པ་ཙམ་གྱིས་འཁྲུལ་པ་ག་ལ་འགྱུར། སྣང་བ་དོན་དམ་དུ་ཐལ་བར་ཡང་མི་འགྱུར་ཏེ། དམིགས་པ་ཡིན་གྱི་འཛིན་སྟངས་ཀྱི་གཟུང་བྱ་མིན་པའི་ཕྱིར་རོ། །འོ་ན་མཉམ་རྗེས་ཁྱད་པར་མེད་པར་འགྱུར་ཏེ། གཉིས་ཀ་སྣང་བ་དང་བཅས་པའི་ཕྱིར་ཞེ་ན། ཁྱད་པར་མེད་པར་མི་འགྱུར་ཏེ། རྗེས་ཐོབ་མཉམ་གཞག་དང་རང་བཞིན་མེད་པའི་རྣམ་པ་ཅན་དུ་མཚུངས་ཀྱང་རྗེས་ཐོབ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དམིགས་པ་ཅིག་ལ་རྒྱུན་ཆགས་སུ་འཇུག་པ་མིན་ལ། མཉམ་གཞག་ནི་དེ་ལས་ལྡོག་སྟེ་འཇུག་པའི་ཕྱིར་རོ། །དེ་བས་ན་སྣང་བ་ལ་དམིགས་ནས་བདེན་འཛིན་གྱི་སྒྲོ་འདོགས་གཅོད་ཅིང་བསྒོམ་པས་ཀྱང་དེ་ཉིད་ལ་དམིགས་ནས་སྒྲོ་སྐུར་གྱི་མཐའ་བསལ་ཏེ། རང་བཞིན་མེད་པའི་རྣམ་པ་ཅན་དུ་སྐྱེས་ནས་རྣམ་པ་དེ་ཉིད་གོམས་པར་བྱེད་པ་ཡིན་ནོ། །དེ་སྐད་དུ་གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་རང་བཞིན་མེད་པ་ལ་སོགས་པར་བཏགས་པར་བྱས་ཏེ་ཞེས་བྱ་བ་ལྟར་རོ། །དོན་ལ་གནས་པའི་ཕྱོགས་གཞག་པ་ནི། མཉམ་གཞག་ཏུ་བློ་མེད་ན་རྗེས་ཐོབ་ལ་ཤེས་བྱ་ལ་སྒྲོ་འདོགས་གཅོད་པའི་བློའི་ནུས་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བར་མེད་པར་འགྱུར་ཏེ། འབྲས་བུའི་འཕེལ་འགྲིབ་རྒྱུའི་རྗེས་སུ་བྱེད་པའི་ཕྱིར། མཉམ་གཞག་གོམས་པ་གོང་ནས་གོང་དུ་ཁྱད་པར་འགྲོ་བར་མེད་པར་འགྱུར་བ་དང༌། སྟོང་ཉིད་དང་པོར་གསར་དུ་མཐོང་བ་དང་མཐོང་ཟིན་གོམས་པར་བྱེད་པའི་བྱེ་བྲག་ཀྱང་མེད་པར་ཐལ། མཐོང་བྱེད་གོམས་བྱེད་ཀྱི་བློ་གཉིས་ཀ་མེད་པའི་ཕྱིར། མཐོང་གོམས་ཀྱི་ལམ་མེད་ན་ཡང་རྫོགས་པའིཾ་བྱང་ཆུབ་ཐོབ་པར་ཇི་ལྟར་འགྱུར། གོང་དུ་རང་རྒྱུད་པའི་སློབ་དཔོན་དག་གིས་བསྟན་པའི་རིགས་པ་ཡང་སྤང་དཀའོ། །སློབ་དཔོན་ཟླ་གྲགས་ཀྱི་དགོངས་པ་ཡང་དེ་ལྟར་མིན་ཏེ། ས་དྲུག་པའི་མཉམ་གཞག་ན་ཤེར་ཕྱིན་ལྷག་པར་ཞལ་གྱིས་བཞེས་ཤིང༌། དེ་ཡང་རིགས་པ་ལས་མ་འདས་པའི་ཕྱིར་རོ། །ས་གསུམ་པའི་མཉམ་གཞག་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལྷག་པར་སྒོམ་པ་ལས་བྱུང་བའི་སྒྲིབ་གཉིས་ཀྱི་བུད་ཤིང་སྲེག་པའི་མེའི་འོད་ལྷག་པར་འཕྲོ་བར་གསུངས་ཏེ། བྱང་ཆུབ་ཕྱོགས་ལྷག་བསྒོམ་པ་ལས་སྐྱེས་པའི། །སྣང་བ་ཟངས་ཀྱི་འོད་པས་ལྷག་འབྱུང་ཞིང༌། །ཞེས་པ་ལྟར་རོ། །དེས་ན་སྦྱོར་བའི་སྐབས་སུ་སོ་སོར་རྟོག་པའི་ལྷག་མཐོང་གིས་ཡོངས་སུ་དཔྱོད་པའི་ཚེ་སྣང་བ་ལ་དམིགས་བཞིན་པའི་ངང་ནས་དཔྱོད་པ་ཡིན་པས་སྣང་བ་མངའ་ཞིང༌། སྣང་བ་ལ་བདེན་འཛིན་མི་ཆོད་པར་ཐལ་བའི་སྐྱོན་ཡང་མེད་ལ། སྤང་གཉེན་གཉིས་དམིགས་པ་སོ་སོར་འགྱུར་བའི་སྐྱོན་ཡང་མེད་དེ། དངོས་གཞིའི་སྐབས་སུ་སྔར་སྦྱོར་བའི་སྐབས་སུ་དམིགས་པའི་དོན་དེ་ཉིད་ལ་རྣམ་པར་དཔྱོད་པ་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་ཤེས་བྱའི་སྣང་བ་མ་རྙེད་པའི་དོན་ལ་རྣམ་པར་མི་གཡོ་བའི་ལྷག་མཐོང་གིས་འཛིན་པའི་དུས་ཡིན་པས་ཡུལ་གྱི་སྣང་བ་ནུབ་པའི་སྣང་མེད་དུ་བཤད་པ་ཡིན་ནོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། རྗེས་ཐོབ་ཀྱིས་ཆུ་ཟླ་ལྟ་བུར་གཟིགས་ལ། མཉམ་གཞག་གིས་ནམ་མཁའི་དཀྱིལ་འཁོར་ལྟར་མཐོང་ཞེས་པའི་དོན་དང་ལེགས་པར་འགྲིག་པ་ཡིན་ནོ། །སྦྱོར་བ་དང་དངོས་གཞིའི་མཚམས་ཀྱང་ཇི་སྲིད་རྣམ་པར་དཔྱོད་པའི་ལྷག་མཐོང་གིས་བརྟགས་ནས་དཔྱད་བྱ་རྣམ་པར་དཔྱོད་པ་མ་རྫོགས་པ་དེ་སྲིད་དུ་སྦྱོར་བའི་གནས་སྐབས་ཀྱིས་བསྡུས་པ་ཡིན་པས་སྣང་བ་མངའ་བ་ཡིན་ལ། དཔྱད་པ་ཡོངས་སུ་རྫོགས་ཟིན་ནས་ཤེས་བྱའི་སྣང་བ་ཙམ་ཡང་མ་རྙེད་པས་གནས་ཚུལ་མཐར་ཐུག་པ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡོངས་སུ་བཟུང་བ་དེའི་ཚེ་ནི་མཉམ་གཞག་གི་དངོས་གཞིར་གཏོགས་པ་ཡིན་ནོ། །སྦྱོར་བའི་གནས་སྐབས་སུ་ལྷག་མཐོང་གི་རྟོགས་ཚུལ་ཡང་གཉིས་ཏེ། བདེན་སྟོང་ཙམ་དུ་རྟོགས་ནས་སྣང་བ་ཙམ་ལྷག་མར་ལུས་པའི་གནས་སྐབས་དང༌། སྣང་བ་ཙམ་ཡང་མ་རྙེད་ནས་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་བའི་གནས་སྐབས་སོ། །གང་དག་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་མཉམ་གཞག་ཏུ་འདོད་པ་ལྟར་ན་མཉམ་བཞག་གིས་སྒྲིབ་པའི་བག་ལ་ཉལ་འཇོམས་པར་མི་ནུས་ཏེ། སྟོང་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བའི་ཕྱིར། འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། སྤྱོད་འཇུག་ལས། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་གསུངས་སོ། །གལ་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་གྱིས་སྤོང་ངོ་ཞེ་ན། གཉིད་དང་བརྒྱལ་བ་ལ་སོགས་པས་ཀྱང་སྤོང་བར་འགྱུར་ཏེ། ཡིད་ལ་མི་བྱེད་པ་ཙམ་འདི་ལ་ཡང་ཡོད་པའི་ཕྱིར། མི་མཚུངས་ཏེ། སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་བཏང་ནས་མཉམ་པར་འཇོག་པའི་ཕྱིར་རོ་ཞེ་ན། འོ་ན་མཉམ་པར་འཇོག་པའི་ཤེས་རབ་ཀྱིས་དམིགས་རྣམ་འཛིན་ནམ་མི་འཛིན། དང་པོ་ལྟར་ན་སྟོང་ཉིད་རྟོགས་པའི་རྣམ་པ་འཛིན་པའི་ཕྱིར་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་མིན་ལ། གཉིས་པ་ལྟར་ན་སོ་སོར་རྟོག་པའི་ཤེས་རབ་སྔོན་དུ་བཏང་བ་དོན་མེད་དེ། དེས་གཏན་ལ་ཕབས་པའི་དོན་མི་སྒོམ་པའི་ཕྱིར། ལྟ་བས་རྟོགས་པའི་དོན་དེ་ཉིད་ལ་མཉམ་པར་མི་འཇོག་པས་སྒོམ་པ་ལ་ལྟ་བ་སྔོན་དུ་བཏང་བ་དོན་མེད་པར་ཡང་འགྱུར་རོ། །བྱིང་རྒོད་ཀྱང་མཉམ་གཞག་གི་སྐྱོན་མིན་པར་འགྱུར་ཏེ། སྟོང་པ་ཉིད་ཀྱི་དམིགས་རྣམ་མི་འཛིན་པར་ཡིད་ལ་མི་བྱེད་པ་ཙམ་མཉམ་གཞག་ཏུ་འདོད་པའི་ཕྱིར། དེས་ན་ཇི་སྲིད་སྟོང་པ་ཉིད་ཀྱི་དམིགས་རྣམ་གསལ་བར་འཛིན་པ་དེ་སྲིད་དུ་ལམ་དུ་གཏོགས་པ་ཡིན་ལ། སྟོང་པ་ཉིད་ཀྱི་རྣམ་པ་མི་གསལ་བ་དེའི་ཚེ་ནི་བྱིང་རྒོད་ཀྱི་དབང་དུ་སོང་བས་ལམ་མིན་ལ། རྣམ་པ་གསལ་མི་གསལ་གྱི་མཚམས་ཀྱང་དྲན་པ་དང་ཤེས་བཞིན་གྱིས་རྣམ་པར་ལྟ་བ་བྱེད་དགོས་པའི་ཕྱིར། སྟོང་པ་ཉིད་ཡོངས་སུ་སྒོམ་པའི་ཚེ་སྐྱོན་ཅུང་ཟད་ཀྱང་རིག་པའི་རྣམ་པར་དཔྱོད་པ་ཤིན་ཏུ་ཕྲ་མོ་དགོས་པའི་ཚུལ་འདི་ནི་ཤིན་ཏུ་ཟབ་པ་ཡིན་པར་རིག་པར་བྱའོ། །ཚོགས་གཉིས་ཤིང་རྟའི་འཁོར་ལོས་ལེགས་དྲངས་ནས། །མྱ་ངན་འདས་པའི་གྲོང་ཁྱེར་འཇུག་པའི་སྒོ། །དབུ་མའི་ལམ་ཚུལ་ཤིན་ཏུ་ཟབ་པའི་དོན། །ལུང་རིགས་བྱེ་བའི་འོད་ཀྱིས་གསལ་བར་བྱས། །ལམ་དབུ་མ་ལེགས་པར་བསྟན་ཟིན་ཏོ།།   །།གསུམ་པ་འབྲས་བུ་དབུ་མ་བསྟན་པ་ནི། རྟེན་སྐུ་དང༌། བརྟེན་པ་ཡེ་ཤེས་དང༌། མཛད་པ་ཕྲིན་ལས་རྣམས་ཏེ། སངས་རྒྱས་ཀྱི་ས་མ་ལུས་པ་འདི་གསུམ་གྱིས་བསྡུས་པའི་ཕྱིར། དེ་ལྟར་ན་ཆོས་སྐུ་ཐོབ་པས་སྲིད་པ་འཁོར་བའི་མཐའ་ལ་མི་གནས་པ། གཟུགས་སྐུས་མཛད་པ་ཕྲིན་ལས་ཀྱི་སྒོ་ནས་གདུལ་བྱའི་དོན་སྒྲུབ་པའི་ཕྱིར་ཞི་བའི་མཐའ་ལ་མི་གནས་པས་འབྲས་བུ་དབུ་མར་གྲུབ་པ་ཡིན་ནོ། །རྟེན་སྐུ་ནི་སློབ་དཔོན་ཀླུས་མཛད་པའི་སྐུ་གསུམ་ལ་བསྟོད་པ་དང་མཐུན་པར་སྐུ་གསུམ་སྟེ། དབྱིངས་དང་ཡེ་ཤེས་དབྱེར་མེད་དྲི་མ་མཐའ་དག་གིས་དག་པ་ཐུགས་སུ་ཆུད་པ་ཆོས་ཀྱི་སྐུ་དང༌། སྔོན་གྱི་སྨོན་པའི་མཐུ་ལས་ཆོས་སྐུ་དེ་ཉིད་ལ་བརྟེན་ནས་གཟུགས་སྐུར་སྣང་བ་འབྱུང་སྟེ། དེ་ཡང་གདུལ་བྱ་ཉེ་རིང་གི་མཐོང་ཚུལ་གྱི་བྱེ་བྲག་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་གཉིས་སུ་སྣང་བ་དེ་ལྟར་ན་སྐུ་གསུམ་མོ། །རྒྱུད་བླ་མ་ལས། དག་ལས་ཉེ་དང་རིང་རྣམས་ལ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །ཞེས་པ་ལྟར་རོ། །ཆོས་སྐུའི་སྒྲ་དོན་ནི། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །བསམ་ཡས་ཡོན་ཏན་ཀུན་བརྟེན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་ཀྱི་སྐུ། །ཞེས་སོ། །རིགས་པའི་རྗེས་འབྲང་ཞེས་པའི་དོན་ནི། འགྲེལ་པ་ལས། རིགས་པས་གནས་པ་ཞེས་བྱ་བའི་དོན་དུ་བཤད་དོ། །དབུ་མ་འཇུག་པ་ལས་ནི། ཆོས་ཀྱི་སྐུ་དང༌། གཟུགས་ཀྱི་སྐུ་དང༌། རྒྱུ་མཐུན་པའི་གཟུགས་ཀྱི་སྐུ་གསུམ་དུ་བཞག་སྟེ། དང་པོ་ནི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ། ཤེས་བྱ་གཟུང་འཛིན་ཐ་དད་དུ་འཛིན་པའི་བུད་ཤིང་སྐམ་པོ་མ་ལུས་པ་གཟུང་འཛིན་གཉིས་མེད་དུ་རྟོགས་པའི་ཡེ་ཤེས་ཀྱི་མེས་བསྲེགས་པ་ལས་ཤེས་བྱ་རང་བཞིན་གྱིས་སྐྱེ་བ་མེད་པའི་རྣམ་པ་ཅན་དུ་གྱུར་པའི་ཡེ་ཤེས་ནི་ཆོས་ཀྱི་སྐུའོ་ཞེས་པ་འཇུག་འགྲེལ་གྱི་དོན་ནོ། །ཡང་འཇུག་པ་ལས། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ན་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་འདིར་ཡང་ཐ་སྙད་བརྟེན་ནས་རིག་པ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལའང་སྣང་བར་འགྱུར། །ཞེས་སོ། །ཚིག་རྐང་དང་པོ་གཉིས་ཀྱིས་རྣམ་པར་མི་རྟོག་བཞིན་དུ་གཞན་དོན་འབྱུང་བ་བསྟན་ལ། གསུམ་པས་ནི་གཞན་དོན་ལ་རྟག་ཏུ་ཞུགས་པར་བསྟན་ཅིང༌། བཞི་པས་ནི་སྤྲོས་བྲལ་གྱི་དོན་རྟོགས་པའི་བློའི་མེ་འོད་ཐོབ་པ་ས་ལ་གནས་པ་ཁོ་ན་ལ་སྣང་གི སོ་སོའི་སྐྱེ་བོ་ལ་མི་སྣང་བར་བསྟན་ཏོ། །རྒྱུ་མཐུན་གྱི་གཟུགས་ཀྱི་སྐུ་ནི། དེ་ཉིད་ལས། ཐུབ་དབང་དུས་གཅིག་ཁོ་ནར་རྒྱུ་མཐུན་གྱི། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འདྲེས་འབྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་བརྟེན་པ་ཡེ་ཤེས་ལ། རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཡོད་མེད་དཔྱད་པ། ཤེས་བྱ་ཇི་ལྟར་མཁྱེན་པའི་ཚུལ་ལོ། །དང་པོ་ལ། འགའ་ཞིག་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་དེ། རྒྱུན་མཐའི་མཇུག་ཐོགས་སུ་ཤེས་བྱ་ཟད་པ་ན་ཤེས་བྱེད་ཀྱི་བློ་ཡང་བུད་ཤིང་ཟད་པའི་མེ་བཞིན་ཉེ་བར་ཞི་བའི་ཕྱིར་ཡེ་ཤེས་མེད་ལ། གལ་ཏེ་ཡོད་ན་ཡེ་ཤེས་ཡོད་པ་དེ་སྲིད་དུ་བློ་ཡོད་དགོས་ལ། བློ་ཡང་ཡུལ་གྱི་རྣམ་པ་དང་འབྲེལ་པ་ཁོ་ན་ཡིན་པའི་ཕྱིར་གཟུང་འཛིན་གཉིས་སྣང་ཅན་དུ་འགྱུར་བས་འཁྲུལ་པ་མ་སྤངས་པར་འགྱུར་རོ། །འདི་ལ་དགོངས་ནས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །ཞེས་གསུངས་སོ། །གལ་ཏེ་ཡེ་ཤེས་མེད་ན་གཞན་དོན་འབྱུང་བར་ཇི་ལྟར་འགྱུར་སྙམ་ན། ནམ་མཁའ་ལྡིང་གི་མཆོད་སྡོང་སྒྲུབ་པ་པོའི་གང་ཟག་འདས་ནས་ཡུན་རིང་དུ་གྱུར་ཀྱང་ཀླུའི་དུག་ནད་སེལ་བའི་ནུས་པ་མཐོང་བ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་མཐུས་འབྱུང་བ་མི་འགལ་ལོ། །གཞུང་ལུགས་རྣམས་སུ་སྐུ་དང་ཡེ་ཤེས་ཀྱི་རྣམ་པར་གཞག་པ་ཇི་སྙེད་གསུངས་པ་རྣམས་ཀྱང་དེའི་སྔོན་གྱི་སྨོན་ལམ་གྱི་མཐུ་དང་གདུལ་བྱའི་སེམས་རྒྱུད་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་གྱིས་གདུལ་བྱའི་ངོར་སྣང་བའི་ཚུལ་བརྟེན་ནས་རྣམ་པར་འཇོག་གོ །དེ་ཉིད་ཀྱི་ཕྱིར་སྤྲོས་པ་ཉེ་བར་ཞི་བའི་ངང་ལ་གནས་པ་ཙམ་ལ་སྐུ་ཐོབ་པ་དང༌། གདུལ་བྱའི་ངོར་སྣང་ཚུལ་ལ་བརྟེན་ནས་གཞན་དོན་བྱེད་པ་དང་ཕྲིན་ལས་འབྱུང་བ་དང་ཤེས་བྱ་མ་ལུས་པ་མངོན་པར་མཁྱེན་ནོ་ཞེས་གསུངས་སོ། །རྒྱུད་ཀྱིས་མ་བསྡུས་པའི་ཡེ་ཤེས་ཡོད་ན་སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པའི་རྣམ་པར་ཤེས་པ་ཡོད་པར་མཚུངས་ཤིང༌། སེམས་ཅན་ལ་རིག་པ་ཡོད་པ་ཡང་གཞན་ངོ་ལ་སྣང་བ་ཙམ་དུ་ཟད་པས་རང་རྒྱུད་ལ་མེད་པ་ཉིད་དུ་འགྱུར་རོ། །གཞན་ཡང་སྣང་བ་ཙམ་གྱི་བློ་ཡང་གཞན་ངོ་ལ་སྣང་བ་ཙམ་དུ་མཚུངས་པས་སེམས་ཅན་སངས་རྒྱས་གང་གི་རྒྱུད་ལ་ཡང་རིག་པ་གཏན་མེད་པ་ཉིད་དུ་འགྱུར་རོ། །རྒྱུན་མཐའི་རྗེས་ཐོགས་སུ་རིག་པ་རྒྱུན་ཆད་པ་ཡང་མི་སྲིད་དེ། རིག་པའི་ཐོག་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པའི་རྣམ་གཞག་ཡོད་པའི་ཕྱིར་དང༌། རིག་པ་ཟད་པར་བྱེད་པའི་གཉེན་པོ་མི་སྲིད་པའི་ཕྱིར། མདོ་ལས། ཇི་ལྟར་རྩི་ཡི་སྦྱོར་བ་ཡིས། །ཟངས་ཀྱི་དྲི་མ་མེད་བྱེད་ཀྱི། །ཟངས་ཉིད་མེད་པར་མི་བྱེད་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །ཞེས་དང༌། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མའི་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །ཞེས་སོ། །རྒྱུད་གང་གིས་ཀྱང་མ་བསྡུས་པའི་རིག་པ་ཡོད་པར་འདོད་ན་ནམ་མཁའ་ལ་ཡང་ཡོད་པར་འདོད་དགོས་པས་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་ཡིན་ནོ་ཞེ་ན། དེ་དག་ཚོགས་གཉིས་ཡོངས་སུ་རྫོགས་པ་མཐར་ཐུག་པ་འཐོབ་པ་འགྱུར་ཏེ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་རང་རྒྱུད་ལ་རྫོགས་པར་ཐོབ་པའི་ཕྱིར། གསུང་རབ་དྲང་བ་དང་ངེས་དོན་གྱི་རྣམ་དབྱེ་ཡང་མེད་པར་འགྱུར་ཏེ། གདུལ་བྱ་རང་རང་གི་སེམས་ཀྱི་སྣང་བ་ཙམ་དུ་གནས་པས་རང་རང་གི་ངོར་ཐམས་ཅད་ཀྱང་ངེས་པའི་དོན་དུ་མཚུངས་པའི་ཕྱིར། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པ་གདུལ་བྱས་བསམ་གྱིས་མི་ཁྱབ་པར་གསུངས་པ་ཡང་མི་འཐད་པར་འགྱུར་ཏེ། རང་རང་གི་སེམས་ཀྱིས་སྣང་བ་རང་གིས་དཔྱོད་ནུས་པའི་ཕྱིར། ཡང་ཐལ་འགྱུར་པའི་དགོངས་པར་རློམ་པ་ཁ་ཅིག་སྣང་བའི་རྒྱུ་མ་རིག་པའི་བག་ཆགས་ཡིན་པས་མ་རིག་པའི་བག་ཆགས་ཀུན་ས་བཅུ་རྒྱུན་མཐའི་ཡེ་ཤེས་ཀྱིས་དྲུངས་ནས་ཕྱུང་བས་རང་དོན་ཆོས་ཀྱི་སྐུ་ལ་སྣང་བའི་མཚན་མ་མེད་དེ། ཤེས་བྱ་དང་ཤེས་པའི་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་ཆོས་དབྱིངས་ལ་རིག་པ་ཆུ་ལ་ཆུ་རླབས་ཉེ་བར་ཞི་བ་བཞིན་དུ་ཆོས་དབྱིངས་ལ་དབྱེ་བ་མེད་པར་ཐིམ་པས་རིག་པའི་རྒྱུ་གཏན་ནས་ལོག་པའི་ཕྱིར་རོ། །འོ་ན་གཞན་དོན་ཕྲིན་ལས་སྒྲུབ་པ་མི་འཐད་དོ་ཞེ་ན། སྔོན་གྱི་བསོད་ནམས་དང་སྨོན་ལམ་གྱི་མཐུ་སྟོབས་ཀྱིས་ནོར་བུ་རྣམ་པར་མི་རྟོག་བཞིན་དུ་འབད་རྩོལ་མེད་པར་འདོད་དོན་སྒྲུབ་པ་ལྟར། གཟུགས་དང་ཡེ་ཤེས་ཕྲིན་ལས་གསུམ་ལས་ཡོངས་སུ་དག་པའི་གདུལ་བྱའི་བློའི་མེ་ལོང་ལ་ཤར་ནས་འབད་པ་མེད་པར་རྟག་ཏུ་གཞན་གྱི་དོན་མཛད་པ་ཡིན་ནོ། །གདུལ་བྱའི་སེམས་ཀྱི་སྣང་བ་ཙམ་ཡིན་ན་ཡང་སེམས་ཀྱི་སྣང་བ་ཙམ་ལས་བྱུང་བ་མིན་གྱི། སྟོན་པའི་སྔོན་གྱི་བསོད་ནམས་དང་སྨོན་ལམ་དང་ཕྲིན་ལས་ཞུགས་པའི་གདུལ་བྱའི་རྒྱུད་ཡོངས་སུ་དག་པའི་ཕྱི་ནང་གི་རྒྱུ་རྐྱེན་ཚོགས་པ་ལ་ལྟོས་པའི་ཕྱིར་ཞེས་འདོད་དོ། །གདུལ་བྱའི་སེམས་ཀྱི་སྣང་བ་ཙམ་དུ་འདོད་པ་ལ་ཇི་སྐད་བཤད་པའི་རིགས་པ་རྒྱ་ཆེན་བཤད་པ་རྣམས་བཟློག་ཏུ་མེད་པས་ཉེས་པ་ལས་མི་གྲོལ་ཞིང༌། ཁྱད་པར་སྣང་བ་མ་རིག་པའི་འབྲས་བུར་འདོད་པ་ལ་ཡང་དགག་པ་བརྗོད་ཟིན་ཏོ། །གཞན་ཡང་གཞིའི་དུས་ཀྱི་བདེན་གཉིས་དང་རྒྱུའི་དུས་ཀྱི་ཉེ་བར་ལེན་པའི་རིགས་གཉིས་དང་ལམ་གྱི་དུས་ཀྱི་ཚོགས་གཉིས་ལས་འབྲས་བུ་སྐུ་གཉིས་རང་རྒྱུད་ལ་ཐོབ་པ་མེད་པ་འགྱུར་བས་ཚོགས་གཉིས་ཆུད་ཟོས་པ་ཉིད་དུ་འགྱུར་ལ། དེས་ན་མངོན་རྟོགས་རྒྱན་ལས། ལས་རྣམས་ཆུད་མི་ཟ་བ་དང༌། །ཞེས་པའི་དོན་དང་འགལ་ལོ། །སློབ་དཔོན་ཡེ་ཤེས་སྙིང་པོ་ནི་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་མ་ལུས་པ་རྒྱུན་མཐར་བག་ལ་ཉལ་དང་བཅས་པ་རྩད་ནས་ཕྱུང་ནས་གཟུང་འཛིན་དུ་མངོན་པར་ཞེན་པ་མི་མངའ་ཞིང༌། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ནི་རིགས་པ་སྔ་མའི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་ཡིན་གྱི། མ་རིག་པའི་འབྲས་བུ་མིན་པས་སངས་རྒྱས་པའི་ཚེ་སྣང་བཅས་དང་སྣང་མེད་ཀྱི་ཡེ་ཤེས་གཉིས་རང་རྒྱུད་ལ་འབྱུང་བར་བཞེད་དོ། །དེ་ལ་སྣང་བཅས་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་ནི་གཞན་གྱིས་བཏགས་པས་དབེན་པའི་རྒྱུ་རྐྱེན་སྔ་མ་ལ་བརྟེན་ནས་སྐྱེས་པའི་རྟེན་འབྱུང་མངོན་སུམ་དུ་གཟིགས་པ་ཡིན་ལ། མཉམ་གཞག་སྣང་མེད་ཀྱི་ཡེ་ཤེས་ཀྱིས་ནི་དེའི་གནས་ཚུལ་རང་བཞིན་གྱིས་སྐྱེ་མེད་མངོན་སུམ་དུ་གཟིགས་ཏེ། བདེན་གཉིས་ལས། བཏགས་པའི་ངོ་བོས་དབེན་པ་ཡི། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་དང༌། གང་ཚེ་ཤེས་དང་ཤེས་བྱ་དང༌། །བདག་ཉིད་རྗེས་སུ་མི་མཐོང་ན། །དེ་ནི་མཚན་མི་འབྱུང་བའི་ཕྱིར། །གནས་པ་བརྟེན་ཕྱིར་མི་བཞེངས་སོ། །ཞེས་དང༌། ཅི་མཉམ་གཞག་དང་རྗེས་ཐོབ་འདི་གཉིས་རེས་འཇོག་གི་ཚུལ་གྱིས་འབྱུང་ངམ། དུས་གཅིག་ཏུ་བློ་ཐ་དད་པ་གཉིས་སམ། བློ་གཅིག་གིས་ཆོས་ཅན་དང་ཆོས་ཉིད་གཉིས་ཀ་ཉེ་བར་རྟོགས་པ་ཡིན་ཞེ་ན། དང་པོ་ལྟར་མིན་ཏེ། མཉམ་གཞག་ལས་ལྡང་བ་མི་མངའ་བའི་ཕྱིར་ཏེ། གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་ལྟར་མིན་ཏེ། རྒྱུའི་དུས་སུ་ཡེ་ཤེས་གཉིས་པོའི་ཉེར་ལེན་རྫས་ཐ་དད་པ་གཉིས་མེད་པས་ཡེ་ཤེས་རྫས་ཐ་དད་པ་གཉིས་དུས་གཅིག་ཏུ་འབྱུང་བ་མི་རིགས་པའི་ཕྱིར། ཕྱོགས་ཕྱི་མ་ལྟར་དུ་བཞེད་དེ། ཆོས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་དེ་ཉིད་ཀྱིས་དེའི་རང་བཞིན་སྟོང་པ་ཉིད་མངོན་སུམ་དུ་མཁྱེན་པ་ཡིན་པའི་ཕྱིར་རོ། །བློ་གཅིག་ལ་སྣང་བཅས་སྣང་མེད་ཇི་ལྟར་རུང་ཞེ་ན། རྟེན་འབྱུང་གིས་ཀུན་རྫོབ་ལ་དམིགས་པའི་ལྡོག་པའི་ཆ་ནས་སྣང་བཅས་སུ་བཤད་ལ། ཤེས་བྱ་ཤེས་བྱེད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་མཁྱེན་པའི་ལྡོག་པ་ནས་སྣང་མེད་དུ་བཤད་པས་ན་དམིགས་པ་ཀུན་རྫོབ་ལ་དམིགས་ནས་རྣམ་པ་དོན་དམ་གྱི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར་དམིགས་པའི་ཆ་ནས་སྣང་བཅས། རྣམ་པའི་ཆ་ནས་སྣང་མེད་དུ་བཟུང་ངོ༌། །དེས་ན་མཁྱེན་ཚུལ་གསུམ་དུ་ལྟ་སྟེ། སྣང་ཙམ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྣང་བའི་ཚུལ་གྱིས་མཁྱེན་ཅིང༌། ཆོས་ཉིད་ནི་སྣང་བ་མེད་པའི་ཚུལ་གྱིས་མཁྱེན་ལ། གཞན་མུ་སྟེགས་སོགས་ཀྱིས་བདག་དང་གཙོ་བོ་སོགས་བཏགས་པའི་ཆ་དང༌། རང་སྡེས་གཟུགས་སོགས་བདེན་པར་བཏགས་པའི་ཆ་རྣམས་རང་ལ་མི་སྣང་ལ། གཞན་གྱི་བློ་འཁྲུལ་པའི་ངོར་སྣང་ཚུལ་མཁྱེན་པ་སྟེ། དཔེར་ན་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཉིད་ཀྱིས་བསླད་པའི་འཁྲུལ་ངོར་སྣ་ཚོགས་སུ་སྣང་བ་མཁྱེན་ཀྱང་དེ་ཉིད་རང་ལ་སྣང་བ་མིན་པ་དང༌། ཆུ་ལ་རིགས་དྲུག་སོ་སོའི་མཐོང་སྣང་དྲུག་ཡོད་པར་མཁྱེན་ཀྱང་ཡེ་ཤེས་ལ་དོན་གཅིག་དྲུག་ཏུ་སྣང་བ་ནི་མིན་ནོ། །ཡང་ན་ཡེ་ཤེས་གཅིག་གིས་རྟེན་འབྲེལ་མཁྱེན་ཅིང༌། དེའི་གནས་ཚུལ་རང་བཞིན་མེད་པའི་ངང་ལ་མཉམ་གཞག་མི་འདོར་བའི་ངང་ནས་གྲུབ་མཐའ་སྨྲ་བ་སོ་སོས་བཏགས་པ་རྣམས་མི་སྣང་ཡང་ཇི་ལྟར་བཏགས་པའི་ཚུལ་ལྟར་རྟོགས་པ་པོ་རང་ལ་སྣང་བར་མཁྱེན་ནོ། །ཚུལ་རོལ་མཐོང་བས་རྟོགས་དཀའ་བ་ཡི་དོན། །སངས་རྒྱས་ཡེ་ཤེས་ཇི་ལྟར་འཇུག་པའི་ཚུལ། །གཞན་གྱི་རྣ་བའི་ལམ་དུ་མ་གྱུར་པ། །སྟོན་པ་གངས་ཅན་འདི་ན་ཁོ་བོ་ཙམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།སློབ་དཔོན་ཟླ་བའི་བཞེད་པ་ནི་སངས་རྒྱས་ཀྱི་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་རོ་གཅིག་པར་ཁོང་དུ་ཆུད་པའི་ངང་ནས་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཤེས་བྱ་མ་ལུས་པ་ཐུགས་སུ་ཆུད་པར་བཞེད་དོ། །དེ་ཡང་སྣང་མེད་ཀྱི་མཉམ་གཞག་གཅིག་གིས་ཆོས་ཉིད་རྣམ་པ་འཛིན་བཞིན་པའི་ངང་ནས་ཆོས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་གཞན་གྱིས་བཏགས་པ་རྣམས་སྣང་བ་མེད་པའི་ཚུལ་དུ་མཁྱེན། ཆོས་ཉིད་ལ་ཅིར་ཡང་སྣང་བ་མེད་ཀྱང་མཁྱེན་པ་མི་གསལ་བ་བཞིན་ནོ། །འཇུག་པ་ལས། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་པ་ལྟར་རོ། །གལ་ཏེ་འདི་སྤྲོས་པ་ཉེ་བར་ཞི་བ་ཡིན་ན་དེ་ལ་བློ་གྲོས་འཇུག་པར་མི་འགྱུར་ལ། བློ་མ་ཞུགས་པར་ཡང་ཤེས་བྱ་འདིའི་ཡུལ་ཅན་ནོ་ཞེས་སུ་ཞིག་གིས་རྟོགས་པར་འགྱུར། གཟུང་བྱའི་ཆོས་ཀྱང་ཤེས་པ་མིན་ན་ཡུལ་ཇི་ལྟར་ཤེས་པར་འགྱུར། སེམས་བསྐྱེད་པ་མེད་པས་ཤེས་པ་པོ་མེད་པའི་ཕྱིར་མཁྱེན་པ་པོ་དང་མཁྱེན་བྱ་འདི་ལྟ་བུའོ་ཞེས་སུ་ཞིག་གིས་བསྟན་པར་ནུས་ཤེ་ན། ཡུལ་རང་བཞིན་གྱིས་སྐྱེ་བ་མེད་པར་གནས་པ་ལྟར་བློ་ཡང་རང་བཞིན་གྱིས་སྐྱེ་བ་མེད་པའི་རྣམ་པ་ཅན་དུ་སྐྱེས་པ་དེའི་ཚེ་བློ་དེས་དེ་ཁོ་ན་ཉིད་རྟོགས་པར་ཐ་སྙད་གདགས་སོ། །དཔེར་ན་མདོ་སྡེ་པས་བློ་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་ན་སྔོན་པོ་རིག་པའི་ཐ་སྙད་གདགས་པ་བཞིན་ནོ། །འགའ་ཞིག་གིས་བློ་དེ་ཉིད་ཡུལ་སྐྱེ་མེད་ཀྱི་ངང་དུ་ཐིམ་མོ་ཞེས་འཆད་པས་དཔེ་དོན་སྦྱར་མ་ཤེས་པར་ཟད་དོ། །དུས་གསུམ་མཁྱེན་པའི་ཚུལ་ལ། འགའ་ཞིག་འདས་པ་འགགས་པ་དང༌། མ་འོངས་པ་མ་སྐྱེས་པའི་ཕྱིར་དུས་གཞན་གཉིས་སྣང་ནས་མཁྱེན་པར་མི་རུང་བས་ད་ལྟར་བ་ལ་དངོས་རྟོགས་དང༌། གཞན་གཉིས་ལ་ཤུགས་རྟོགས་ཞེས་འདོད་ལ། གཞན་དག་ནི་དུས་གསུམ་གཅིག་ཆར་དུ་སྣང་ནས་མཁྱེན་ཏེ། ཤེས་བྱ་ཐམས་ཅད་ལ་མངོན་སུམ་ཡིན་པར་གསུང་པ་ཡང་མི་འཐད་དེ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ལ་ཤུགས་རྟོགས་འདོད་ན་ཤེས་བྱ་མ་ལུས་པ་ལ་མངོན་སུམ་དུ་འདོད་པ་འགལ་བའི་ཕྱིར་དང༌། མཚན་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདས་པ་དང་མ་འོངས་པའི་ཆོས་སྣང་ནས་མཁྱེན་པ་ཡང་མི་འཐད་དེ། འགགས་པ་དང་མ་སྐྱེས་པའི་ཕྱིར་རོ། །འདི་དག་གིས་མངོན་སུམ་དང་མངོན་སུམ་གྱི་ཡུལ་རྟོགས་ཚུལ་རྟོག་གེ་པའི་ལུགས་བཞིན་ཁས་བླངས་པས་སྐྱོན་ཆགས་པ་ཡིན་ནོ། །གཞན་ཡང་ཤུགས་རྟོགས་ཀྱི་དོན་ནི་དོན་འགའ་ཞིག་རྣམ་པ་ཤར་བའི་སྟོབས་ཀྱིས་མི་སྣང་བའི་ཆོས་འགའ་ཞིག་ལ་ངེས་པ་དྲངས་ནས་ཁོང་དུ་ཆུད་པ་ལ་ཤུགས་རྟོགས་སུ་འདོད་པ་ཡིན་ལ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ལ་དེ་མི་རུང་བའི་ཕྱིར། ངེས་པ་དྲངས་པ་ལ་མ་ལྟོས་པར་ཡུལ་ལ་ཉེ་རིང་གི་བྱེ་བྲག་མེད་པར་ཐུགས་སུ་ཆུད་པའི་ཕྱིར། འཐད་པའི་ཕྱོགས་ངོས་གཟུང་བ་ནི་འདས་པ་རྣམས་འགགས་པར་མཁྱེན་ལ། མ་འོངས་པ་ནི་འབྱུང་རུང་དང༌། ད་ལྟར་བ་རྣམས་སྐྱེས་ལ་མ་འགགས་པར་མཁྱེན་ཏོ། །ཡང་ན་འདས་པ་ལ་འདས་པ་དང༌། མ་འོངས་པ་ལ་མ་འོངས་པ་དང༌། ད་ལྟར་བ་ལ་ད་ལྟར་བར་མཁྱེན་ནོ། །མདོ་ལས་ཇི་ལྟར་གསུངས་པ་ལྟ་བུའོ། །འདི་ལ་བུམ་པ་འགགས་སོ་ཞེས་བརྗོད་པ་ན་བུམ་པ་འགགས་པའི་ཆ་དང་བུམ་པའི་ཆོས་གཉིས་ཡོད་པ་ལས། བུམ་པ་འགགས་པའི་ཆ་ལ་བུམ་པ་འགགས་པར་མཁྱེན་པ་འཐད་མོད་ཀྱི། འགགས་པའི་བུམ་པའི་ཆོས་ཇི་ལྟར་མཁྱེན་ཅེ་ན། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པས་སྔོན་གྱི་གནས་མཁྱེན་པའི་ཚུལ་ཇི་ལྟ་བ་བཞིན་དུ་མཁྱེན་ནོ། །མངོན་པར་ཤེས་པ་ཡིན་པས་ཡུལ་མངོན་སུམ་དུ་རིག་པའི་ཕྱིར་འདས་པ་དྲན་པའི་རྣམ་པར་རྟོག་པ་དང་ཡུལ་འཛིན་ཚུལ་མཚུངས་པ་ནི་མིན་ནོ། །མ་འོངས་པ་ན་བུམ་པ་འབྱུང་ངོ་ཞེས་བརྗོད་པའི་ཚེ་འབྱུང་དུ་རུང་བའི་ཚུལ་དུ་མཁྱེན་པ་འཐད་མོད་ཀྱི། འབྱུང་རྒྱུ་བུམ་པའི་ཆོས་ཇི་ལྟར་མཁྱེན་ཅེ་ན། འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པས་མ་འོངས་པ་ན་སྐྱེ་གནས་གང་དང་ཡུལ་གང་དུ་སྐྱེ་བར་འགྱུར་བའི་སྐྱེ་གནས་དང་སྐྱེ་བའི་ཡུལ་རིག་པའི་ཚུལ་ཇི་ལྟ་བ་བཞིན་ནོ། །རྒྱུ་འབྲས་ཀྱི་འབྲེལ་པ་ཤེས་པས་རྒྱུ་འདི་ལ་བརྟེན་ནས་མ་འོངས་པ་ན་འབྲས་བུ་འདི་འབྱུང་ངོ་ཞེས་རྟོགས་པའི་ཚུལ་གྱིས་ནི་མིན་ཏེ། མངོན་ཤེས་ཡིན་པས་ཡུལ་མངོན་སུམ་དུ་རིག་པའི་ཕྱིར་རོ། །འཇུག་པ་ལས། སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཅེས་དང༌། བཅོམ་ལྡན་འདས་ཀྱིས་ཁ་ཆེའི་ཡུལ་ལུང་བསྟན་པ་ལྟ་བུའོ། །དུས་གསུམ་གྱི་ཐ་སྙད་ཀྱང་རྒྱུ་འབྲས་ཀྱི་གོ་རིམ་ལ་བརྟེན་ནས་གདགས་པ་ཡིན་པས། དཔེར་ན་ད་ལྟར་གྱི་མྱུ་གུ་འདི་སྔར་གྱི་ས་བོན་འགགས་པའི་དུས་དང༌། མ་འོངས་པའི་འབྲས་བུ་འབྱུང་རུང་གི་དུས་གཉིས་ཀའི་གདགས་གཞིར་འཇོག་ཏུ་རུང་བ་ལ། འོན་ཀྱང་སྔར་འགགས་པའི་ས་བོན་དང་མ་འོངས་པ་ན་འབྱུང་རུང་གི་ལོ་ཏོག་གཉིས་ལ་བརྟེན་ནས་འདས་པ་དང་མ་འོངས་པའི་དུས་ཀྱི་ཐ་སྙད་འཇོག་པ་ཡིན་ནོ། །སྔར་འགགས་པ་དང་མ་འོངས་པའི་ཆོས་གཉིས་དུས་གཅིག་ཏུ་སྟོན་པ་ནི་མིན་ཏེ། དངོས་པོར་མེད་པའི་ཕྱིར། ད་ལྟར་བའི་དངོས་པོ་ལ་བརྟེན་ནས་ད་ལྟར་བའི་དུས་ཞེས་བཏགས་པའི་ཚེ་ད་ལྟར་བའི་དུས་འདི་ཉིད་ད་ལྟར་བའི་དངོས་པོ་ལ་ལྟོས་ནས་ད་ལྟར་བའི་དུས་དང༌། སྔར་འགགས་པའི་ཆོས་ལ་ལྟོས་ནས་འདས་པའི་དུས་དང༌། མ་འོངས་པ་ན་འབྱུང་རུང་གི་ཆོས་ལ་ལྟོས་ནས་མ་འོངས་པའི་དུས་ཏེ། ལྟོས་པའི་རྒྱུ་འབྲས་དང་ངོ་བོ་གསུམ་ལ་ལྟོས་ནས་དུས་གསུམ་གྱི་ཐ་སྙད་གདགས་པ་བཞིན་ནོ། །དེས་ན་འདས་མ་འོངས་ཀྱི་ཆོས་དང་འདས་མ་འོངས་ཀྱི་དུས་མི་གཅིག་པས་སོ་སོར་ཤེས་པར་བྱ་དགོས་སོ། །མངོན་སུམ་མཁྱེན་པར་བཤད་པ་དེ་ལ་རྟོག་གེ་པས་ཡུལ་ཅན་གྱི་ཤེས་པ་ལ་མངོན་སུམ་དུ་བརྗོད་ལ། དབུ་མ་པས་མངོན་སུམ་གྱི་སྒྲ་ཡུལ་ལ་བརྗོད་ཅིང་ཡུལ་ཅན་ལ་ཡུལ་གྱི་མིང་གིས་བཏགས་པ་ཙམ་མོ་ཞེས་བཞེད་པས། ཡུལ་རང་བཞིན་མེད་པའི་ཆོས་ཉིད་ལ་མངོན་སུམ་དུ་གཞག་ནས་དེ་རྟོགས་པ་ལ་མངོན་སུམ་རྟོགས་སོ་ཞེས་འཇོག་པས་རྟོག་གེ་པ་དང་ཚུལ་མི་འདྲའོ། །ཚུལ་འདི་ལ་ནི་མངོན་སུམ་དུ་རྟོགས་པ་ལ་མིག་ཤེས་ལ་གཟུགས་སྣང་བ་ལྟར་ཡོངས་གཅོད་ཀྱི་ཚུལ་དུ་རྟོགས་དགོས་པ་ནི་མིན་ནོ། །ཚད་མར་འཇོག་པ་ཡང་འདོད་པའི་དོན་ལ་མི་བསླུ་བ་ཙམ་གྱིས་ཚད་མར་གྲུབ་པ་ཡིན་ལ། རྟོག་གེ་བ་ལྟར་སྔར་མ་རྟོགས་པ་གསར་དུ་རྟོགས་དགོས་པ་མི་འདོད་པས་ས་གཉིས་པ་མན་ཆད་ཀྱི་མཉམ་གཞག་མཐོང་ཟིན་གོམས་པར་བྱེད་པ་ཡང་ཚད་མར་མི་འགལ་ལོ། །དབུ་མ་སྨྲ་བའི་བོད་གཞན་དག་ལྟར་ན་བྱང་སེམས་ཀྱི་མཐོང་ལམ་གྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡང་མི་འཐད་དེ། ཆོས་ཉིད་མངོན་སུམ་མིན་པའི་ཕྱིར་རོ། །རྟོག་གེ་པ་དང་དབུ་མ་པའི་ཚད་མའི་འཇོག་མཚམས་མ་འདྲེས་པ་གལ་ཆེ་བར་སྣང་ངོ༌། །འབྲས་བུ་དབུ་མ་ལེགས་པར་བཤད་ཟིན་ཏོ། །ཐུབ་པ་མཆོག་གིས་གདུལ་བྱའི་དབང་པོའི་རིམ་པ་བཞིན། །མཐའ་ཡས་གསུང་རབ་རྒྱ་མཚོ་ཡོངས་སུ་བསྒྲགས་པ་ལས། །ཤིན་ཏུ་ཟབ་པ་ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །ཀླུ་སྒྲུབ་སྙིང་པོས་རིགས་པའི་ཚོགས་ཀྱིས་རྣམ་ཕྱེ་བ། །ཤིང་རྟ་ཆེན་པོའི་ལམ་གྱི་རྗེས་སུ་ལེགས་ཞུགས་ནས། །དགོངས་འགྲེལ་མཛད་པ་རྣམས་ཀྱིས་ཇི་བཞིན་ཕྱེ་བའི་དོན། །མང་དུ་ཐོས་པའི་བློ་གྲོས་མིག་གིས་ལེགས་མཐོང་ནས། །མཁས་རློམ་བྱེ་བས་བརྩོན་པས་ཡུན་དུ་འབད་ན་ཡང༌། །མ་རྟོགས་ལེགས་བཤད་རི་མོ་རྣམ་པར་བཀྲ་བའི་གཟུགས། །རང་བཞིན་གྱིས་གྲུབ་སྤོབས་པའི་གཞལ་མེད་ཁང་བཟང་ལ། །རྣམ་དཔྱོད་ཤིན་ཏུ་མྱུར་བའི་འདུ་བྱེད་པིར་གྱིས་བྲིས། །ཞི་གནས་ལྷག་མཐོང་མན་ངག་ཟབ་མོའི་གནད་ཀྱི་དོན། །མ་རྟོགས་ལོག་རྟོག་ཚིག་གི་སྤྲོས་པ་མང་པོ་ཡིས། །སྐལ་བཟང་སྐྱེ་བོ་བློ་གྲོས་ངལ་བར་བྱེད་མཐོང་ནས། །གཞན་གྱིས་མ་རྟོགས་ལེགས་བཤད་ཚུལ་འདི་བདག་གིས་བཤད། །ངེས་དོན་སྦྲང་རྩི་ལྡན་པ་ལེགས་བཤད་འདབ་བརྒྱའི་ཚལ། །བདག་བློ་ཉིན་མོར་བྱེད་པའི་འོད་ཀྱིས་རྣམ་པར་ཕྱེ། །ཀླུ་སྒྲུབ་བཞེད་ཚུལ་སྨྲ་བར་འདོད་པ་མང་ན་ཡང༌། །དགོངས་འགྲེལ་སོ་སོས་བཀྲལ་བའི་བཞེད་ཚུལ་ཇི་ལྟ་བར། །མ་འདྲེས་སོ་སོར་ཇི་བཞིན་རྟོགས་པ་གཞན་ཡོད་མིན། །ཚུལ་འདི་སྐུ་བཞིའི་ཡེ་ཤེས་དོན་ཕྱིར་མང་ཐོས་ཅན། །བསྟན་པའི་རྒྱལ་མཚན་ལེགས་འཛིན་གསུང་གིས་བསྐུལ་བའི་ངོར། །ལུང་དང་རིགས་པ་བྱེ་བའི་འོད་སྟོང་རབ་འབར་བ། །ལེགས་བཤད་ཉིན་མོར་བྱེད་པའི་ཚུལ་འདི་བདག་གིས་བསྒྲུབས། །འདིར་འབད་དགེ་བ་སྟོན་ཀའི་ཟླ་འོད་ལྟར་དཀར་བ། །གང་ཞིག་ཐོབ་པ་དེས་ནི་སྲིད་ན་གནས་པ་ཀུན། །སྲིད་པ་གསུམ་གྱི་མུན་པ་མ་ལུས་རབ་སྤངས་ནས། །སྒྲིབ་གཉིས་སྤྲིན་བྲལ་ཆོས་སྐུའི་མཁའ་ལ་བགྲོད་པར་ཤོག །རང་དང་གཞན་གྱི་གྲུབ་པའི་མཐའ་གང་ལ་ཡང་འཇིགས་པ་མེད་པ་དབུ་མ་རིགས་པའི་ཚོགས་ཀྱི་དཀའ་བའི་གནད་ཤིན་ཏུ་ཟབ་པའི་བློ་གྲོས་ཀྱིས་རྟོགས་པར་བྱ་བ་མཁས་རློམ་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་རིགས་ལམ་ཀུན་གསལ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་བློ་ཅན་ལུང་དང་མངོན་པར་རྟོགས་པ་དུ་མ་ལ་མངའ་འབྱོར་བའི་བདག་ཉིད་ཆེན་པོ་སློབ་དཔོན་ཡེ་ཤེས་རྒྱལ་མཚན་པ་ལ་སོགས་པའི་མཁས་པ་དུ་མ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་པའི་བློ་ཅན་གཡུང་པ་དཔོན་དགེ་སྦྱོང་པས་མཐུན་རྐྱེན་སྦྱར་ནས་ཡོངས་སུ་བསྐུལ་བའི་ངོར། དཔལ་ས་སྐྱའི་པཎྜི་ཏ་གཉིས་པ་འགྲན་པའི་ཟླ་ཐམས་ཅད་དང་གྲལ་བའི་མཁས་གྲུབ་བུདྡྷ་ཤྲཱི་དང༌། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་འོད་ཀྱི་ལེགས་བཤད་ཀྱི་བདུད་རྩིས་བློ་གྲོས་ཀྱི་དབང་པོ་རབ་ཏུ་རྒྱས་པ་ཟླ་གྲགས་གསར་མའི་ཞབས་རྡུལ་སྤྱི་བོས་ལེན་པ་མཛད་པ། ཤར་རྒྱལ་མོ་རོང་པ་རོང་སྟོན་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་གྱིས་དཔལ་ས་སྐྱ་ནས་མགོ་བརྩམས་ཏེ། སྦྲང་རྩི་དང་མར་གྱི་སྙིང་པོ་བརྟེན་པའི་གནས་ངུར་སྨྲིག་གི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་གནས་སྙིང་པ་མཆོག་བཟང་ལེགས་པའི་བློ་གྲོས་སོ། །བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན། །དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་གྱུར་ཅིང༌། །སྤྲུལ་པའི་གདུང་བརྒྱུད་རྒྱུན་ཆད་མེད་པ་དང༌། །ཀུན་ཀྱང་ཕྲིན་ལས་ནམ་མཁར་མཉམ་པར་ཤོག །དགེའོ། །དགེའོ། །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*