མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་གསལ་བ། ཀ༽

༄༅། །མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་གསལ་བར་བྱེད་པའི་གནད་ཀྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། 

༄༅། །སྭ་སྟི། མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་གསལ་བར་བྱེད་པའི་གནད་ཀྱི་སྒྲོན་མེ་ཞེས་བྱ་བ། མཁྱེན་བརྩེའི་ཟླ་འོད་འཇིག་རྟེན་གསུམ་ན་གཡོ། །སྲིད་གསུམ་མུན་པ་ཀུན་སེལ་བདག་ཉིད་ཅན། །ངག་གི་སྤོབས་པ་མི་ཟད་ལྷག་པའི་ལྷ། །བློ་གཏེར་གངས་རིའི་མདོག་ཅན་རྣམ་པར་རྒྱལ། །མཁྱེན་པའི་དཀྱིལ་འཁོར་བརྩེ་བའི་ཚ་ཟེར་འགྱེད། །ཚད་མེད་ཐུགས་རྗེའི་གླིང་ནས་ལེགས་བསྒྲོད་ཅིང༌། །མཐའ་ཡས་འགྲོ་བའི་བློ་ཡི་པདྨོའི་གཉེན། །སྟོན་པ་མཚུངས་མེད་ཉིན་བྱེད་དབང་པོར་འདུད། །ཚོགས་གཉིས་ཆུ་གཏེར་རྣམ་པར་རྒྱས་པའི་དབུས། །ཚད་མེད་བྱམས་པའི་ཆུ་འཛིན་ལྷུན་སྟུག་ཅིང༌། །དཔལ་ལྡན་ཡོན་ཏན་དམ་པས་ཡོངས་བཟུང་བ། །རྒྱལ་སྲས་ཐུ་བོ་མི་ཕམ་རྒྱལ་གྱུར་ཅིག །རྣམ་དག་གཞུང་ལུགས་ཀུན་ཏུ་ཡངས་པའི་མཁའ། །རྣམ་མང་དོན་གྱི་འཇའ་རིས་རྣམ་བཀྲ་ཞིང༌། །སྐྱོན་བྲལ་ངག་གི་འོད་སྟོང་རབ་རྒྱས་པ། །བྱམས་པའི་གསུང་རབ་མཆོག་ཏུ་བསྟོད་པར་གྱི། །འཆད་རྩོད་རྩོམ་པའི་གསུང་གི་དུད་སྤྲིན་གྱིས། །ཕས་རྒོལ་འོད་ཀྱི་གཟི་བརྗིད་འཕྲོག་བྱེད་ཅིང༌། །མང་དུ་ཐོས་པའི་འབྱོར་པ་རབ་རྒྱས་པ། །དཔལ་ལྡན་བླ་མ་ངག་གི་དབང་པོར་འདུད། །རྣམ་མང་ཐེག་ཆེན་གསལ་བར་བྱེད་པའི་བརྒྱན། །རྒྱལ་སྲས་སྤྱོད་པའི་ཆུ་གཏེར་འཇུག་ངོགས་སུ། །འཇུག་འདོད་མཁས་པའི་དེད་དཔོན་ལེགས་བཤད་ཀྱི། །ཟབ་ཅིང་རྒྱ་ཆེའི་རྒྱ་མཚོར་འཇུག་པར་རིགས། །ཐེག་ཆེན་ལམ་བཟང་སྔོན་མེད་ཤིང་རྟའི་སྲོལ། །རྣམ་པར་འབྱེད་པའི་དོན་ཟབ་ཕུལ་རྒྱུད་ལྡན། །ངག་ཚིག་དྲི་མེད་ལུང་དང་རིགས་པ་ཡིས། །ཇི་བཞིན་གསལ་བའི་རྣམ་བཤད་བརྩམ་པར་བྱ། །རྣམ་མཁྱེན་ཡིད་བཞིན་གྱི་ནོར་བུ་ལ་དབང་འབྱོར་པའི་དེད་དཔོན་དམ་པ་ཐུབ་པའི་དབང་པོས། གདུལ་བྱ་མི་གནས་པའི་མྱ་ངན་ལས་འདས་པའི་གླིང་དུ་འཁྲིད་པར་བྱེད་པའི་ལམ་བཟང་གསལ་བར་བྱེད་པ་ཐེག་པ་ཆོན་པོའི་སྡེ་སྣོད་གསལ་བར་བསྟན་པའི་དགོངས་པ་རྣམ་པར་འགྲེལ་པ་ལ། འཕགས་པ་བྱམས་པས་མདོ་སྡེའི་རྒྱན་མཛད་དོ། །འདིའི་དགོངས་པ་རྣམ་པར་བཤད་པའི་དོན་དུ། སངས་རྒྱས་གཉིས་པ་དབྱིག་གཉེན་གྱིས་འགྲེལ་པ་མཛད་པའི་རྗེས་སུ་འབྲངས་ནས། མདོ་སྡེ་རྒྱན་གྱི་དོན་བཤད་པ་ལ་གསུམ་སྟེ། བསྟན་བཅོས་ཀྱི་མཚན་དོན་དང༌། བཤད་བྱ་བསྟན་བཅོས་ཀྱི་རང་བཞིན། བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གཉིས་ཏེ། མཚན་བསྒྱུར་བ་དང༌། མཚན་བཤད་པའོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ། སུ་ཏྲ་ཞེས་པ་ནི། བོད་སྐད་དུ་མདོ་སྡེའོ། །ཨ་ལཾ་ཀ་ར་ནི། རྒྱན་ནོ། །ཀཱ་རི་ཀཱ་ནི། ཚིག་ལེའུར་བྱས་པའོ། །གཉིས་པ་མཚན་བཤད་པ་ནི། འོག་ནས་གཞུང་གིས་བསྟན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙྭ་བས་བཀོད་པའོ། །གཉིས་པ་བཤད་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ་ལ་གཉིས་ཏེ། བསྟན་བཅོས་ཀྱི་མཚན་དོན་བཤད་པ། བརྗོད་བྱ་གཏན་ལ་དབབ་པའོ། །དང་པོ་ནི། ཐེག་པ་ཆེན་པོའི་དོན་སྟོན་པར་བྱེད་པ་ཉིད་བརྒྱན་པར་བྱེད་ཅེས་སྦྱར་རོ། །སུ་ཞིག་གིས་བརྒྱན་པར་བྱེད་ཅེ་ན། ཐེག་པ་ཆེན་པོ་མདོའི་དོན་ཕྱིན་ཅི་མ་ལོག་པར་ཤེས་པའི་མགོན་པོ་བྱམས་པས་ཏེ། འགྲེལ་ཆེན་ལས། མདོ་སྡེ་བརྒྱན་པར་བྱེད་པའི་བྱེད་པ་པོ་དོན་ཤེས་པའི་གང་ཟག་དེ་ཡིན་པས་ན། དེས་ན་བྱེད་པ་པོ་བསྟན་ཏོ་ཞེས་སོ། །དོན་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ལ། ངག་ཚིག་དྲི་མ་མེད་པས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཡིན་པས། དེ་གཉིས་ཀྱི་ཤུགས་ཀྱིས་ཆོས་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཡང་བསྟན་པས། སོ་སོ་ཡང་དག་པར་རིག་པ་བཞིའི་སྒོ་ནས་ཆོས་འདི་བསྟན་ཏོ། །ཞེས་ཟེར་རོ། །གང་ཟག་དེས་རྒྱན་གྱི་ངོ་བོ་ཅི་ཞིག་བྱེད་ཅེ་ན། ཐེག་པ་ཆེན་པོ་མདོའི་དོན་གསལ་བར་སྟོན་པར་བྱེད་པའི་རབ་ཏུ་བྱེད་པ་འདིའོ། །འགྲེལ་ཆེན་ལས། དོན་རབ་ཏུ་སྟོན་པར་བྱེད་པ་ཞེས་པ་ནི་ཐེག་ཆེན་གྱི་མདོའི་ཚིག་དང༌། དོན་བསྟན་ལ། དེ་ནི་བརྒྱན་པར་བྱ་བ་ཡིན་པས་ན་དེ་ལས་བསྟན་ཏོ་ཞེས་འཆད་དོ། །རབ་ཏུ་བྱེད་པ་དེའི་ཁྱད་པར་གང་གིས་བརྒྱན་པར་བྱེད་ཅེ་ན། འོག་ནས་འཆད་པར་འགྱུར་བའི་གྲོང་ཁྱེར་པ་ལ་སོགས་པའི་ངག་ཚིག་དྲི་མ་མེད་པ་དང༌། ཚིག་དང་ཡི་གེ་འབྲེལ་པ་ལ་སོགས་པ་ཚིག་དྲི་མ་མེད་པ་རྣམས་ཀྱིས་སོ། །འདིར་བཤད་པའི་ངག་དང་ཚིག་ལ་ཁྱད་པར་ཅི་ཡོད་ཅེ་ན། པཎྜི་ཏ་པ་ར་ཧེ་ཏ་ན་རེ། ངག་ནི་ཆེན་པོ་ཡིན་ལ་ཚིག་ནི་དེའི་ཁོངས་སུ་གཏོགས་པའི་ཆ་ཤས་སོ། །ཞེས་འདོད་དེ། འགྲེལ་བྱེད་མཁན་པོ་ན་རེ། ཚིག་རྐང་བཞི་མ་ཚང་བ་ངག་དང༌། ཚང་བ་ཚིག་ཡིན་ནོ་ཞེས་འདོད་ཅིང༌། སཱཛྫ་ནས་ངག་ནི། རྣ་བའི་རྣམ་ཤེས་ཀྱི་ཡུལ། སྒྲ་རང་མཚན་པ་ཡིན་ལ། ཚིག་ནི་དེ་ལ་བརྟེན་ནས་རྟོག་བཅས་ཀྱི་ཡིད་ཤེས་ལ་སྣང་བའི་དོན་གྱི་ཁྱད་པར་སྟོན་པར་སྣང་བའོ་ཞེས་སོ། །དགོས་པ་གང་གི་ཕྱིར་བརྒྱན་པར་བྱེད་ཅེ་ན། སེམས་ཅན་རྣམས་སྡུག་བསྔལ་ལས་བསྒྲལ་བར་བྱ་བའི་ཕྱིར་དུའོ། །ཅིའི་ཕྱིར་སྡུག་བསྔལ་ལས་བསྒྲལ་བར་འདོད་ཅེ་ན། སྡུག་བསྔལ་དང་ལྡན་པའི་འགྲོ་བ་ལ་སྙིང་རྗེ་ཆེན་པོ་སྐྱེས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ཆེན་པོ་དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །བརྒྱན་པར་བྱ་བ་ཅི་ཞིག་གི་རྒྱན་དུ་བྱེད་ཅེ་ན། གང་ལས་ཐེག་པའི་མཆོག་ཐེག་པ་ཆེན་པོ་བསྟན་པའི་ཚིག་དང༌། དོན་གྱི་རྣམ་པའི་ཆོས་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པ་རྣམས་ཀྱི་རྒྱན་དུ་བྱེད་དོ། །གང་གི་ཆེད་དུ་བརྒྱན་པར་བྱེད་ཅེ་ན། ཐེག་ཆེན་གྱི་ཆོས་དེ་ཡིས་སངས་རྒྱས་ཀྱི་སར་འགྲོ་བར་འདོད་པའི་སེམས་ཅན་ལ་སྟེ་དེའི་ཆེད་དུའོ། །དོན་གང་ལ་རྣམ་པ་དུ་ཞིག་གིས་བརྒྱན་པར་བྱེད་ཅེ་ན། འབྱོར་པ་སྟེ་ཤིན་ཏུ་རིག་པའི་དོན་གྱི་ཚུལ་ཐེག་པ་བླ་ན་མེད་པར་གྱུར་པ་ལ་གསེར་ལས་བརྡུངས་བྱས་འདྲ་བ་ལ་སོགས་པ་རྣམ་པ་ལྔའི་བདག་ཉིད་ཀྱིས་བརྒྱན་པར་བྱེད་དོ། །གཉིས་པ་བརྗོད་བྱ་གཏན་ལ་དབབ་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཚིག་གི་དོན་ཏེ། དང་པོ་ལ་དངོས་ཀྱི་དོན་དང༌། རྩོད་པ་སྤོང་བ་དང༌། ཕན་ཡོན་བཤད་པའོ། །གསེར་ལས་བརྡུངས་བྱས་འདྲ་ཞེས་སོགས་ཀྱིས་སྟོན་ཏེ། འགྲེལ་པ་ལས་ཚིགས་སུ་བཅད་པ་འདིས། དཔེ་ལྔས་ཆོས་དེ། དོན་རྣམ་པ་ལྔའི་དབང་དུ་བྱས་ནས་སྟོན་ཏེ། སྒྲུབ་པར་བྱ་བ་དང༌། བྱེ་བྲག་ཏུ་ཤེས་པར་བྱ་བ་དང༌། བསམ་པར་བྱ་བ་དང༌། བསམ་གྱིས་མི་ཁྱབ་པ་དང༌། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ། །དེ་མདོ་སྡེ་རྒྱན་འདིས་བཀྲོལ་ན་གོ་རིམ་བཞིན་དུ། གསེར་ལས་བརྡུངས་པ་ལ་སོགས་པ་ལྟར། དགའ་བའི་མཆོག་བསྐྱེད་དོ། །ཞེས་གསུངས་པའི་དོན་གཏན་ལ་དབབ་པ་ལ་ཛྙཱ་ན་ཤྲཱི་ལྟར་ན་བསླབ་པར་བྱ་བའི་ཡུལ་དང་སྦྱར་ན། བཀར་བསྒྲུབ་པར་བྱ་བ་དང༌། སྐྱབས་འགྲོ་དང༌། རིགས་དང་གསུམ་ནི་རྟགས་ཀྱིས་སྒྲུབ་པར་བྱ་བ་ཡིན་ལ། སེམས་བསྐྱེད་དང༌། སྒྲུབ་པ་གཉིས་ནི་ཉན་རང་གི་སེམས་བསྐྱེད་དང༌། སྒྲུབ་པ་ལས་ཁྱད་པར་དུ་འཕགས་པ་ཤེས་པར་བྱ་བ་ཡིན་པས། བྱེ་བྲག་ཏུ་ཤེས་པར་བྱ་བ་ཡིན་ཞིང༌། དེ་ཁོ་ན་ཉིད་ནི་ཤིན་ཏུ་ཟབ་པའི་དོན་ཡིན་པས་བསམ་པར་བྱ་བ་ཡིན་ལ། མཐུ་དང་ཡོངས་སྨིན་གཉིས་ནི། བྱང་སེམས་ཀྱི་མཐུ་དང་ཡོངས་སུ་སྨིན་པའི་ངོ་བོ་ཡིན་ལ། འདི་གཉིས་ཉན་རང་ལ་སོགས་པས་བསམ་གྱིས་མི་ཁྱབ་པས་ན་བསམ་གྱི་མི་ཁྱབ་ལ་ཞེས་བསྟན་ཏོ། །བྱང་ཆུབ་ནི་སྐུ་གསུམ་གྲུབ་པ་ན་ཡོངས་གྲུབ་ཡང་དག་པར་རྟོགས་པའི་དོན་ཡིན་ནོ། །ཇི་ལྟར་སློབ་པའི་ཐབས་དང༌། སློབ་པའི་འབྲས་བུ་དང་སྦྱར་ན། མོས་པ་ནི་སྒྲུབ་བྱ་ཐེག་ཆེན་ལ་མོས་པར་བྱ་བ་ཡིན་ལ། ཆོས་འཚོལ་གྱི་ལེའུས་ཆོས་འཚོལ་བའི་དོན་གསལ་བར་བྱེད་ཅིང༌། ཆོས་བཤད་ཀྱི་ལེའུས། ཚོལ་བྱའི་ཡུལ་དགེ་བའི་བཤེས་གཉེན་བསྟེན་ཚུལ་བསྟན་ནོ། །སྒྲུབ་པའི་ལེའུས་ནི་སྒྲུབ་པ་ནན་ཏན་གྱིས་སྒྲུབ་པར་བྱ་བ་ཡིན་པར་བསྟན་པས་ན། དོན་བཞི་པོ་དེ་སྒྲུབ་པར་བྱ་བ་ཡིན་ནོ། །གདམས་ངག་དང་རྗེས་སུ་བསྟན་པ་ནི། སློབ་མས་བསླབ་པར་བྱ་བའི་དོན་བྱེ་བྲག་ཏུ་མ་ཤེས་པ་ཤེས་པར་བྱ་བ་ཡིན་ཞེས་བསྟན་ནོ། །ལས་གསུམ་ཐབས་ཀྱིས་ཟིན་པ་ནས་བྱང་ཆུབ་ཕྱོགས་མཐུན་གྱི་བར་བསྟན་པའི་ལེའུ་བཞི་ནི། རྒྱ་ཆེ་བ་དང༌། ཟབ་མོའི་དོན་བསྟན་པ་ཡིན་པས། བསམ་པར་བྱ་བ་དང༌། ཡོན་ཏན་གྱི་ལེའུའི་དོན་ནི། ཐེག་ཆེན་གྱི་གནས་སྐབས་ཀྱི་ཡོན་ཏན་ཉན་རང་གིས་བསམ་གྱིས་མི་ཁྱབ་པས་ན། བསམ་གྱིས་མི་ཁྱབ་པ་ཞེས་བསྟན་ཏོ། །རྟགས་དང་མཐར་ཐུག་གི་ལེའུ་གཉིས་ཀྱི་དོན་ནི། སྐུ་གསུམ་སྒྲུབ་པའི་གནས་སྐབས་ཀྱིས་བསྡུས་པས། ཡོངས་སུ་གྲུབ་པ་རྟོགས་པའི་དོན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ་ཞེས་འཆད་དོ། །པ་ར་ཧེ་ཏའི་བཞེད་ཚུལ་ནི། སྒྲུབ་པར་བྱ་བ་ལ་སོགས་པ་དོན་ལྔ་པོ་རྒྱུ་མཚན་དང༌། མིང་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་ཏེ། ལྔ་པོ་དང་གོ་རིམ་བཞིན་དུ་སྦྱར་ནས་འཆད་དོ། །སཱཛྫ་ནའི་ལུགས་ཀྱིས་བཀར་སྒྲུབ་པར་བྱ་བའི་ཐེག་ཆེན་ནི་ལུང་དང་རིགས་པས་སྒྲུབ་དགོས་པས་སྒྲུབ་པར་བྱ་བ་བསྟན་ལ། བཀར་སྒྲུབ་པའི་ཐེག་ཆེན་གྱི་བརྗོད་བྱ་གཞི་ལམ་འབྲས་བུར་བསྟན་པའི་ལེའུ་བརྒྱད་ཀྱི་དོན་ནི། ཐེག་ཆེན་དང༌། ཐེག་དམན་གཉིས་ཀྱི་ནང་ནས་ཐེག་ཆེན་ནི་ཐུན་མོང་དུ་ཤེས་པར་བྱ་བ་དང༌། ལེའུ་བརྒྱད་ཀྱི་དོན་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་ཡིན་ནོ། །ལེའུ་བརྒྱད་ཀྱི་དོན་གཞི་ལམ་འབྲས་བུ་དང་བཅས་པ་ཉམས་སུ་ལེན་པ་ན། བསམ་པར་བྱ་བ་ནི་ལེའུ་དྲུག་གིས་སྟོན་ཏེ། མོས་པ་ནས་ཐབས་དང་ལྡན་པའི་བར་དོན་དྲུག་གོ །དོན་དྲུག་པོ་ལེགས་པར་བསམ་པ་ན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་འབྱུང་བས། ཡོན་ཏན་ལ་བསམ་གྱིས་མི་ཁྱབ་པར་བསྟན་ནོ། །འདི་ནི་ཕར་ཕྱིན་ནས་སྤྱོད་པའི་བར་ལེའུ་ལྔའི་དོན་ནོ། །བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལས་སྐུ་གསུམ་འགྲུབ་པའི་ཡོངས་སུ་གྲུབ་པ་རྟོགས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྫོགས་པར་ཐོབ་པ་ནི། མཐར་ཐུག་གི་ལེའུས་བསྟན་ནོ། །བཙུན་པ་ངོ་བོ་ཉིད་མེད་ལྟར་ན། དངོས་པོ་ལྔ་དང༌། རང་བཞིན་གསུམ་དང༌། གང་ཟག་གསུམ་དང་སྦྱར་བའི་བཤད་ཚུལ་གསུམ་དུ་བྱས་ནས། དངོས་པོ་ལྔ་ནི། མིང་དང༌། རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། དེ་བཞིན་ཉིད་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེ་ལ་མིང་ནི། བརྗོད་བྱེད་མཐའ་དག་ཡིན་ལ། མིང་དེས་བརྗོད་པར་བྱ་བའི་ཆོས་རྣམས་ནི། རྟོགས་པ་དཀའ་བས་ལུང་དང་རིགས་པས་སྒྲུབ་དགོས་པས་སྒྲུབ་པར་བྱ་བ་བསྟན་ནོ། །འདི་མདོ་སྡེའི་རྒྱན་འདིར་བཤད་པས། གསེར་བཟང་པོ་ལ་གསེར་མགར་མཁས་པས་བརྡུངས་ནས་བྱས་པའི་རྒྱན་མཐོང་བ་དང་འདྲ་བར་དགའ་བའི་མཆོག་བསྐྱེད་དོ། །རྒྱུ་མཚན་ནི་མིང་གདགས་པར་བྱ་བའི་རང་བཞིན་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་བྱེ་བྲག་ཏུ་ཤེས་པར་བྱ་བ་ཡིན་ལ། འདི་དག་རྒྱན་འདིར་བཤད་པས་དཔེར་ན། པདྨ་ཉི་མའི་འོད་ཟེར་གྱིས་རྒྱས་པ་མཐོང་བ་བཞིན་དུ་དགའ་བའི་མཆོག་བསྐྱེད་དོ། །རྣམ་པར་རྟོག་པ་ནི། ནང་གི་སེམས་ཀྱིས་བསྡུས་པ་དམ་པའི་ཆོས་ཉན་པ་ལ་སོགས་ཀྱིས་བསམ་པར་བྱ་བ་ཡིན་ནོ། །འདི་མདོ་སྡེའི་རྒྱན་ལ་བརྟེན་ནས་ཚུལ་བཞིན་དུ་བསམ་པས། དཔེར་ན་བཀྲེས་པས་ཉེན་པ་གཡོས་ལེགས་པར་བྱས་པའི་ཁ་ཟས་བཟང་པོ་ཟ་བ་དང་འདྲ་བར་དགའ་བའི་མཆོག་བསྐྱེད་དོ། །དེ་བཞིན་ཉིད་ནི། འཕགས་པས་དངོས་སུ་རྟོགས་པར་བྱ་བ་ཡིན་གྱི་སོ་སོའི་སྐྱེ་བོ་རྣམས་ཀྱི་བློའི་ཡུལ་ལས་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །འདི་རྒྱན་འདིས་བཤད་པས་དོན་རྟོགས་ནས་འཕགས་པའི་ལམ་ཐོབ་པ་ན། སྙན་ངག་དང་བཅས་པའི་ཕྲིན་ཡིག་ཐོས་པ་དང་འདྲ་བར་དགའ་བའི་མཆོག་བསྐྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། འཕགས་པའི་ཡེ་ཤེས་ཡིན་ལ། འདི་རྒྱན་འདིར་བཤད་པའི་ས་ལམ་རིམ་གྱིས་བགྲོད་དེ། མངོན་དུ་གྱུར་པ་ན་རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བ་མཐོང་བ་ལྟར་དགའ་བའི་མཆོག་བསྐྱེད་དོ། །རང་བཞིན་གསུམ་དང་སྦྱར་ཏེ་བཤད་པ་ལ་ཀུན་བརྟགས་ནི། ཀུན་ཏུ་བཏགས་པ་ལྟར་ཡོད་པ་མ་ཡིན་པར་ལུང་རིགས་ཀྱིས་སྒྲུབ་པར་བྱ་བའོ། །གཞན་དབང་ནི། བྱེ་བྲག་ཏུ་ཤེས་པར་བྱ་བ་དང༌། ཚུལ་བཞིན་དུ་བསམ་པར་བྱ་བའོ། །འགྱུར་མེད་ཡོངས་གྲུབ་ནི། བསམ་གྱིས་མི་ཁྱབ་པ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཡིན་ནོ། །གང་ཟག་གསུམ་དང་སྦྱར་ཏེ་བཤད་པ་ནི། ཐེག་པ་ཆེན་པོ་ནི། གང་ཟག་ལོག་རྟོག་ཅན་གྱི་ངོར་བཀར་སྒྲུབ་པར་བྱ་བ་དང༌། ཐེག་ཆེན་གྱི་དོན་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་དང༌། དེའི་ཁྱད་པར་གྱི་ཆོས་ནི་བསམ་པར་བྱ་བ་དང༌། དེ་དག་གི་ཟབ་པའི་ཆ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཚུལ་བཞིན་དུ་རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྟེ། གསེར་ལས་བརྡུངས་པའི་རྒྱན་ལ་སོགས་པའི་དཔེ་ལྔས་རིམ་བཞིན་དུ་སྟོན་པར་བྱེད་དོ་ཞེས་འཆད་དོ། །གཏན་ལ་དབབ་པ་བསྡུས་པ་ལྟར་ན། འདིར་ཐེག་ཆེན་བཀར་སྒྲུབ་པས་དགའ་བ་བསྐྱེད་དེ། གསེར་ལས་བརྡུང་ནས་བྱས་པའི་རྒྱན་གྱིས་དགའ་བ་བསྐྱེད་པ་དང་འདྲའོ། །ཐེག་པ་ཆེན་པོའི་དོན་དུ་རྒྱས་པར་ཕྱེ་བས་དགའ་བ་བསྐྱེད་དེ། ཉི་མའི་འོད་ཟེར་གྱིས་ཕྱེ་བའི་རབ་ཏུ་རྒྱས་པའི་པདྨས་དགའ་བ་བསྐྱེད་པ་བཞིན་ནོ། །ཐེག་པ་ཆེན་པོའི་དོན་ཉམས་སུ་བླངས་པའི་དགའ་བ་བསྐྱེད་དེ། བཀྲེས་པས་ཉེན་པ་གཡོས་ལེགས་པའི་ཁ་ཟས་ཟ་བས་དགའ་བ་བསྐྱེད་པ་བཞིན་ནོ། །ཐེག་ཆེན་གྱི་གསུང་རབ་ཐོས་པས་དགའ་བ་བསྐྱེད་དེ། ཕྲིན་ཡིག་ལེགས་པ་ཐོས་པས་དགའ་བ་བསྐྱེད་པ་དང་འདྲའོ། །ཐེག་ཆེན་ཉམས་སུ་བླངས་པའི་འབྲས་བུ་ཐོབ་པས་དགའ་བ་བསྐྱེད་དེ། རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བས་དགའ་བ་བསྐྱེད་པ་ལྟར་རོ། །དགའ་བ་བསྐྱེད་བྱེད་ཀྱི་ཆོས་ལྔ་པོ་མདོ་སྡེའི་རྒྱན་འདིར་བཤད་པས་དགའ་བའི་མཆོག་ཐེག་ཆེན་ལ་དགའ་བ་བསྐྱེད་དོ། །འདི་ནི་ཐོགས་མེད་ཀྱི་བཞེད་པའོ། །ཐེག་ཆེན་ནི་གསེར་ལས་བརྡུངས་ནས་བྱས་པའི་རྒྱན་གྱི་རྣམ་པ་དང་འདྲ་བར་ལོག་རྟོག་སེལ་བའི་དོན་དུ་བཀར་སྒྲུབ་པར་བྱ་བ་ཡིན་ནོ། །བཀར་སྒྲུབ་པའི་ཐེག་ཆེན་ནི། ཉི་མའི་འོད་ཟེར་གྱིས་འདབ་མ་སོ་སོར་ཕྱེ་ནས་རྒྱས་པར་བྱས་པའི་པདྨ་དང་འདྲ་བར་དོན་བྱེ་བྲག་ཏུ་སོ་སོར་ཕྱེ་བར་བྱ་བ་ཡིན་ནོ། །སོ་སོར་རྣམ་པར་ཕྱེ་བའི་དོན་ཐེག་ཆེན་ནི་བཀྲེས་པས་ཉེན་པ་གཡོས་ལེགས་པའི་ཁ་ཟས་ཟ་བ་བཞིན་དུ་རྣམ་པར་ཕྱེ་བའི་དོན་རྟོགས་ནས་ཉམས་སུ་བླངས་པར་བྱ་བ་ཡིན་ནོ། །ཐེག་ཆེན་གྱི་བསམ་གྱིས་མི་ཁྱབ་པའི་དོན་སྟོན་པའི་གསུང་རབ་ནི་ཕྲིན་ཡིག་ལེགས་པར་ཐོས་པ་དང་འདྲ་བར་མཉན་པར་བྱ་བ་ཡིན་ནོ། །ཐེག་ཆེན་ཉམས་སུ་བླངས་པའི་འབྲས་བུ་ནི། རིན་པོ་ཆེའི་སྒྲོམ་ཁ་ཕྱེ་བ་ལྟར་ཐོབ་ནས་རང་གཞན་གྱི་དགོས་འདོད་འབྱུང་ངོ༌། །ཆོས་ཅན་ལྔ་པོ་དེ་མདོ་སྡེའི་རྒྱན་འདིར་བཤད་པས། མཁས་པ་རྣམས་ཐེག་ཆེན་ལ་དགའ་བའི་མཆོག་བསྐྱེད་དོ། །ཞེས་སྦྱར་ཏེ། འདི་ནི་དབྱིག་གཉེན་གྱི་དགོངས་པའོ། །འདི་གཉིས་ནི་ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་ཡིན་ལ། འགྲེལ་བཤད་གཞན་ལ་ནི་སྙིང་པོ་མི་སྣང་ངོ༌། །འདིར་དཔེ་ལྔ་དང་དོན་དགའ་བ་བསྐྱེད་པ་གཉིས་དཔེ་དོན་དུ་སྦྱར་བ་ཡིན་གྱིས། དཔེ་ལྔ་དང་དོན་ལྔ་སོ་སོར་སྦྱར་བ་ནི་མ་ཡིན་ནོ། །གཉིས་པ་རྩོད་པ་སྤོང་བ་ནི། གལ་ཏེ་ཐེག་ཆེན་གྱི་མདོ་སྡེ་རྣམས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་ཡིན་ན། དེ་ལ་རྒྱན་གྱི་དགོས་པ་མེད་དོ་ཞེ་ན། དོན་མེད་པ་མ་ཡིན་ཏེ། དཔེར་ན་སྐྱེས་བུའི་གཟུགས་རྒྱན་བཟང་པོའི་རང་བཞིན་གྱིས་མཛེས་པའི་ཡོན་ཏན་ལྡན་པ་ཡོད་ཀྱང་རང་གིས་མ་ཤེས་པ་ལ་རང་གི་གཟུགས་བརྙན་མེ་ལོང་གི་ནང་དུ་སོང་བ་ན་གཟུགས་བརྙན་དེ་མཐོང་བའི་དབང་གིས་རང་ལ་གཟུགས་མཛེས་པ་ཡོད་པར་རྟོགས་ནས་མི་རྣམས་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ། ཐུབ་པས་ལེགས་པར་གསུངས་པ་དོན་དང་ཚིག་འབྲུ་བཟང་པོ་དག་གིས་རྟག་ཏུ་རང་བཞིན་གྱིས་ཡོན་ཏན་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་རྣམས་ཀྱང་དོན་རྣམ་པར་མ་ཕྱེ་ན་ཡོན་ཏན་དང་ལྡན་པར་མི་རྟོགས་པ་ལས་བསྟན་བཅོས་འདིར་དོན་རྣམ་པར་ཕྱེ་བས་ཡོན་ཏན་དང་ལྡན་པར་རྟོགས་ནས་མཁས་པ་རྣམས་ཐེག་པ་ཆེན་པོའི་མདོ་སྡེའི་མཐོང་བའི་དུས་ཉིད་ན་དགའ་བའི་མཆོག་བསྐྱེད་པར་བྱེད་པས་རྒྱན་བྱས་པ་ལ་དགོས་པ་ཡོད་དོ། །གསུམ་པ་ཕན་ཡོན་བཤད་པ་ལ་གསུམ་སྟེ། སྨན་གྱི་དཔེས་སྒྲིབ་པ་སྦོང་བ། རྒྱལ་པོའི་དཔེས་ཡོན་ཏན་ལ་དབང་འབྱོར་པ། རིན་པོ་ཆེའི་དཔེས་འཕགས་པའི་ནོར་ལ་སྤྱོད་པའི་རྒྱུར་བསྟན་པའོ། །དང་པོ་ནི། ཐེག་པ་ཆེན་པོ་འདི་ལས་སངས་རྒྱས་ལ་སོགས་པ་མེད་དོ་ཞེས་བསྟན་པས་ཡོན་ཏན་དང་ལྡན་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཇི་ལྟར་སྟེ་དཔེར་ན་བསྣམས་ན་རབ་ཏུ་དཀུ་བ་སྟེ། དྲི་མི་ཞིམ་པ་སྐྱོ་བ་སྐྱེད་པ་ལ། མྱང་ན་ནི་རོ་ཞིམ་ཞིང་ཁོང་དུ་སོང་ན་ནད་ཐམས་ཅད་སེལ་བས་དགའ་བ་སྐྱེད་པའི་ཆོས་གཉིས་ཡོད་པ་དེ་བཞིན་དུ་སངས་རྒྱས་མེད་དོ་ཞེས་བྱ་བ་ལ་སོགས་པ་ཐོས་པས་སྐྱོ་བ་སྐྱེད་པར་བྱེད་པ་དང༌། དེའི་དོན་བྱིས་པས་ཀུན་ཏུ་བཏགས་པ་བཞིན་དུ་མེད་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ཤེས་པས་དགོངས་པ་ཟབ་མོ་རྟོགས་པས་དགའ་བ་སྐྱེད་ཅིང་ཚུལ་བཞིན་དུ་སྒྲུབ་པས་སྒྲིབ་གཉིས་ཀྱི་ནད་ཐམས་ཅད་ཞི་ནས་ཟག་མེད་ཀྱི་དགའ་བ་ཆེན་པོ་སྐྱེད་པས་ན་དགོངས་པའི་དོན་ཟབ་མོ་དང༌། དགོངས་པ་ཅན་གྱི་ཡི་གེ་གཉིས་སུ་གནས་པར་ཤེས་པར་བྱའོ། །གཉིས་པ་ནི། ཐེག་ཆེན་གྱི་ཆོས་འདི་སྒྲུབ་དཀའ་བས་དགའ་བ་སྐྱེ་བའི་རྒྱུར་མི་རུང་ངོ་ཞེ་ན། སྐྱོན་མེད་དེ། ཐེག་ཆེན་གྱི་ཆོས་ཀྱི་བརྗོད་བྱ་སྒྲུབ་དཀའ་བའི་ཐབས་རྒྱ་ཆེ་བ་དང༌། ཤེས་རབ་ཟབ་མོ་འདི་ནི་དཔེར་ན་རྒྱལ་པོ་མཉེས་པར་དཀའ་བ་བཞིན་དུ་མཉེས་པ་སྟེ་སྒྲུབ་པར་དཀའ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ་སངས་རྒྱས་སུ་འགྱུར་བར་བྱའོ། །ཞེས་བྱ་བ་འདི་ནི་རྙེད་པར་སླའོ། །ཚོགས་རྣམས་ཡང་དག་པར་སྒྲུབ་པར་བྱ་བ་ནི་དཀའ་འོ། །ཞེས་གསུངས་པ་ལྟར་རོ། །མཉེས་ཏེ་གྲུབ་པར་གྱུར་ན་རྒྱལ་པོ་མཉེས་ན་ནོར་ལ་སོགས་པ་སྟེར་བ་དེ་བཞིན་དུ་འདིས་ཀྱང་སྟོབས་ལ་སོགས་པའི་ཡོན་ཏན་འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་དང༌། ཉན་རང་ལས་མཆོག་ཏུ་གྱུར་པའི་ནོར་སྦྱིན་པར་བྱེད་དོ། །གསུམ་པ་ནི། ཐེག་ཆེན་འདི་རང་བཞིན་གྱི་ཡོན་ཏན་དང་ལྡན་པ་མ་ཡིན་ཏེ། འདི་ལ་ཁ་ཅིག་མ་གུས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དཔེར་ན་རིན་པོ་ཆེའི་རིགས་དང་ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་རིན་ཐང་མེད་པ་ལ་ཡང་རིན་པོ་ཆེ་བཟང་ངན་བལྟ་མི་ཤེས་པའི་མི་བླུན་པོ་མི་མགུ་སྟེ། ཡུལ་གང་ན་ནི་ཡོངས་རྟོགས་མཁས་པ་མེད། །རྒྱ་མཚོ་ལ་ཡོད་ནོར་བུ་འདིར་མི་བྲིན། །ནོར་བུ་རིན་ཆེན་རིན་ཐང་མེད་པ་ལ། །བ་ལང་རྫིས་ནི་ཕུལ་གསུམ་སྦྱིན་ཞེས་ཟེར། །ཞེས་པ་བཞིན་ནོ། །དེ་བཞིན་དུ་ཆོས་ཀྱི་དོན་རྟོགས་པ་ལ་མི་མཁས་པ་ཁ་ཅིག་ཐེག་ཆེན་གྱི་ཆོས་འདི་ལ་མི་གུས་ཀྱང་ཟློག་ན་སྟེ་དེད་དཔོན་མཁས་པ་རྣམས་རིན་པོ་ཆེ་དེས་མགུ་བ་བཞིན་དུ་ཆོས་ཀྱི་དོན་རྟོགས་པ་ལ་མཁས་པའི་འཕགས་པ་རྣམས་ཐེག་ཆེན་གྱི་ཆོས་འདིས་མགུ་བར་འགྱུར་ཞིང༌། རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་ལྟར་ཐེག་ཆེན་ཀྱི་ཆོས་འདི་ལས་འཕགས་པའི་ནོར་བདུན་འབྱུང་ངོ༌། །ནོར་བདུན་ནི། བཤེས་པའི་སྤྲིང་ཡིག་ལས། དད་དང་ཚུལ་ཁྲིམས་དང་ཐོས་དང་གཏོང་བ་དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །ཅེས་གསུངས་པ་ཡིན་ནོ། །དང་པོའི་སྐབས་བསྟན་ཟིན་ཏོ།།  ༈  །།གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། ཐེག་པ་ཆེན་པོ་བཀར་སྒྲུབ་པ་དང༌། སྒྲུབས་པའི་ཐེག་ཆེན་གྱི་རང་བཞིན་ནོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང༌། དགག་པ་བསྟན་པའོ། །དང་པོ་ནི། ཉན་ཐོས་ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། དེ་ལ་ཕན་ཡོན་འདི་ལྟ་བུ་ག་ལ་ཡོད་ཅེས་ལོག་པར་ཞུགས་སོ། །འདི་ནི་སྔོན་སངས་རྒྱས་ཀྱིས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་འཁོར་རྣམས་ཀྱིས་དགྲ་བཅོམ་པ་ལ་སོགས་པ་ཐོབ་པས། གཞན་འཁྲུལ་དབང་བྱེད་ན་ཡོད་པའི་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ཅེས་བྱ་བ་དེ་ཕྲག་དོག་སྐྱེས་ཏེ་མིའི་ཡུལ་དུ་འོངས་ནས་སྙིང་རྗེ་ཆེན་པོས་རྟག་ཏུ་འཁོར་བར་གནས་ལ་སེམས་ཅན་གྱི་དོན་བྱའོ། །ཞེས་སྟོན་པ་ཐེག་ཆེན་དུ་གྲགས་པ་འདི་བརྩམས་ནས་འབྲས་བུ་ཐོབ་པ་རྒྱུན་ཆད་པར་བྱས་ཤིང༌། བསྟན་པ་དམའ་འབབ་པའི་ཕྱིར་རྟོག་གེ་པས་བྱས་པ་ཡང་ཡིན་ལ། བཀའ་མ་ཡིན་པའི་དོན་ཡང༌། ཐེག་ཆེན་ལས་འཁོར་བ་མ་སྟོང་གི་བར་དུ་འཁོར་བར་གནས་ནས་སེམས་ཅན་གྱི་དོན་བྱེད་པར་བཤད་ཅིང༌། འཁོར་བ་སྟོང་པ་མེད་པས་ན་འཁོར་བའི་གཉེན་པོར་མི་འགྱུར་བའི་ཕྱིར་དང༌། ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་མེད་དོ་ཞེས་ཆད་ལྟ་སྟོན་པས་ན་ལྟ་བ་ཕྱིན་ཅི་མ་ལོག་པ་མི་སྟོན་པའི་ཕྱིར་རོ་ཞེས་ཟེར་རོ། །ཉན་ཐོས་རང་གིས་ཀྱང་ཐེག་པ་གསུམ་ཆར་འདོད་ཅིང་ཐེག་ཆེན་ལ་བརྟེན་ནས་སངས་རྒྱས་ཐོབ་པར་འདོད་པས་ཉན་རང་ལ་གྲགས་པའི་ཐེག་ཆེན་བཀར་སྒྲུབ་པ་མ་ཡིན་གྱི། ཤེར་ཕྱིན་སོགས་བཀར་མི་འདོད་པས་རྒྱལ་བའི་ཡུམ་ལ་སོགས་པ་བཀར་སྒྲུབ་པར་བྱ་བ་ཡིན་ནོ། །གཉིས་པ་དགག་པ་བསྟན་པ་ལ་གཉིས་ཏེ། བཀར་སྒྲུབ་པའི་གཏན་ཚིགས་འགོད་པ་དང༌། བཀའ་མ་ཡིན་པའི་རྒྱུ་མཚན་དགག་པའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་མདོར་བསྟན་པ་དང༌། སྐྱོན་སྤོང་གིས་རྒྱས་པར་བཤད་པའོ། །དང་པོ་ནི། ཐེག་ཆེན་འདི་ཐུབ་པའི་དུས་ན་ཡོད་པ་མ་ཡིན་གྱི་མྱ་ངན་ལས་འདས་རྗེས་སུ་བསྟན་པ་བཤིག་པའི་ཕྱིར་འགའ་ཞིག་གིས་བྱས་སོ་ཞེ་ན། མ་ཡིན་ཏེ། ཐུབ་པ་བཞུགས་པ་དེ་ཉིད་ཀྱི་ཚེ་བྱང་ཆུབ་སེམས་དཔའི་རིགས་ཅན་དག་ལ་ཐེག་ཆེན་གསུངས་ཀྱང༌། དབང་པོ་བརྟུལ་ཞིང་བསོད་ནམས་དམན་པའི་ཉན་ཐོས་ལ་དེ་ཐོས་པའི་སྐལ་པ་མེད་པའི་ཕྱིར་ཏེ། མཉན་ཡོད་ན་སངས་རྒྱས་ཀྱིས་ཕལ་པོ་ཆེ་གསུངས་པ། ཉན་ཐོས་སུས་ཀྱང་མ་ཚོར་བ་བཞིན་ནོ། །ཆོས་གསུངས་པའི་གནས་ཀྱང༌། བྱེ་བྲག་བཤད་མཚོའི་མཆོད་བརྗོད་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ཞེས་སོགས་གསུངས་པའི་གནས་སུའང་མ་འདུས་ཏེ། ཐེག་པ་ཆུང་ངུ་ལ། རྒྱས་གར་ཤར་ཕྱོགས་སུ་ཀླུའི་རྒྱལ་པོ་རབ་བརྟན་གྱི་གནས་རྫིང་བུ་དལ་འབབ་དང༌། ལས་ཀྱི་རྒྱུ་བ་ལུང་སྟོན་པའི་མདོ་གསུངས་པས་རྒྱལ་ཆེན་བཞི་བདེན་པ་མཐོང་བ་ལ་བཀོད་པ་དང༌། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དུ་ཀླུའི་རྒྱལ་པོ་ནག་པོ་དང༌། ཀོའུ་ཏ་མ་འཁོར་སྟོང་དང་བཅས་པ་ལ་ཆོས་བཤད་པ་དང༌། ཡུལ་ལྔ་ལེན་ལྷོ་བྱང་དུ་བྱོན་ཏེ། དེ་ནས་མཚོ་མ་དྲོས་པར་བྱོན་ནས་ཆོས་གསུངས་པ་དང༌། དེ་ནས་ལི་ཡུལ་དུ་བྱོན་ནས་རི་གླང་པོ་ལ་བཞུགས་ཏེ། ལི་ཡུལ་དུ་སངས་རྒྱས་སྟོང་གི་བསྟན་པ་འབྱུང་བར་ལུང་བསྟན་པ་དང༌། དཔལ་ལྷ་ལ་བབས་པར་ཆོས་གསུངས་པ་དང༌། ཐེག་ཆེན་ལ་པོ་ཏཱ་ལ་དང༌། ལང་ཀའི་ཡུལ་དུ་ཆོས་གསུངས་པ་དང༌། མདོ་སྡེ་ས་བཅུ་པ་དང༌། དཔལ་མཆོག་དང་པོ་ལ་སོགས་པ་གཞན་འཁྲུལ་དབང་བྱེད་དུ་གསུངས་པ་དང༌། འཇམ་དཔལ་རྩ་རྒྱུད་གནས་གཙང་མའི་ནམ་མཁའ་ལ་གསུངས་པ་དང༌། རྣམ་སྣང་མངོན་བྱང་འོག་མིན་དུས་སངས་རྒྱས་མ་ཐག་ཏུ་གསུངས་པ་དང༌། དེ་ཉིད་བསྡུས་པ་དེ་ནས་འཛམ་བུའི་གླིང་དུ་བྱོན་པའི་ལམ་ཀར་རི་རབ་ཀྱི་རྩེ་ལ་གསུངས་པ་ནས་རྡོ་རྗེ་གདན་དུ་བྱོན་པ་ལ་སོགས་པ་མང་པོ་མ་འདུས་པར་སྣང་ངོ༌། །བྱ་རྒོད་ཕུང་པོའི་རི་ལ་སོགས་པ་ལའང༌། ལན་མང་དུ་བཞུགས་པ། ལོའི་ངེས་པའང་མི་རུང་ངོ༌། །སངས་རྒྱས་འོད་སྲུངས་ཀྱིས་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པ་བཞིན་དུ་སྔར་བཅོམ་ལྡན་འདས་བཞུགས་པའི་དུས་ཉིད་ན། མ་འོངས་པ་ན་འདི་བསྟན་པ་བཤིག་པར་བྱེད་པ་ཐེག་ཆེན་ཞེས་བྱ་བ་བྱུང་ངོ་ཞེས་ལུང་སྟོན་པར་རིགས་པ་ལས་དེ་ལྟར་ལུང་མ་བསྟན་པའི་ཕྱིར་དང༌། ཉན་ཐོས་ཀྱི་སྡེ་སྣོད་རྣམས་དང་ལྷན་ཅིག་སྟེ་ཐུབ་པ་བཞུགས་པའི་དུས་ཉིད་དུ་གཉིས་ཀ་འབྱུང་བའི་ཕྱིར་རོ། །ཡང་རྟོག་གེ་པ་འགའ་ཞིག་གིས་བདག་མེད་པར་སྒྲགས་པ་དང་འཇིག་རྟེན་བསླུ་བའི་ཕྱིར་བྱས་ཤེ་ན། མ་ཡིན་ཏེ་ཐེག་ཆེན་གྱི་ཆོས་ཟབ་ཅིང་རྒྱ་ཆེ་བ་འདི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། ཐུབ་པའི་སྐྱེས་མཆོག་དགོངས་པ་ནི། །རྟོག་གེ་པ་ཡི་ཡུལ་མ་ལགས། །བྱིས་པའི་སྤྱོད་ཡུལ་མ་ལགས་ཏེ། །སེམས་དང་སེམས་བྱུང་རྣམས་ལས་འདས། །ཞེས་པ་ལྟར་རོ། །གལ་ཏེ་ཐུབ་པ་ལས་གཞན་འགའ་ཞིག་སངས་རྒྱས་ནས་བཤད་དོ་ཞེ་ན། འོ་ན་བཀའ་ཡིན་པར་གྲུབ་སྟེ། གསུང་པ་པོ་སངས་རྒྱས་ཡིན་པའི་ཕྱིར་རོ། །ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་ལས། གང་ལ་སྐྱོན་ཀུན་ཡོད་མིན་ལ། །ཡོན་ཏན་ཐམས་ཅད་ཡོད་གྱུར་ན། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །དེ་ཡང་བདག་གི་སྟོན་པ་ཡིན། །ཞེས་པ་ལྟར་རོ། །ཡང་བཀའ་ཡིན་པའི་ཐེག་ཆེན་ཞིག་ཡོད་ན་ནི་ཡུམ་ལ་སོགས་པ་འདི་དག་ཉིད་བཀའ་ཡིན་དགོས་ཏེ། བཀའ་ཡིན་པའི་ཐེག་ཆེན་ཡོད་ལ་འདི་དག་བཀའ་མ་ཡིན་ན་གཞན་ཡང་མེད་པར་མཚུངས་པའི་ཕྱིར་རོ། །ཐེག་ཆེན་མེད་ན་སངས་རྒྱས་ཀྱི་ཐེག་པ་མེད་པས་སངས་རྒྱས་མི་འབྱུང་བའི་ཕྱིར། ཉན་ཐོས་ཀྱི་ཐེག་པ་ཡང་མེད་པར་འགྱུར་རོ། །གལ་ཏེ་ཐེག་ཆེན་འདི་བསྒོམས་ཀྱང་ཉོན་མོངས་པའི་གཉེན་པོ་མི་བྱེད་པས་བཀའ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐེག་ཆེན་སྒོམས་པས་རྣམ་པར་རྟོག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོ་བྱེད་པའི་ཕྱིར་རོ། །གལ་ཏེ་ཐེག་ཆེན་གྱིས་ཆོས་ཐམས་ཅད་མེད་པར་སྟོན་པས་བཀའ་མ་ཡིན་ནོ་ཞེ་ན། དེ་ལྟར་མ་ཡིན་ཏེ། ཆོས་ཐམས་ཅད་མེད་དོ་ཞེས་པའི་སྒྲ་དེ་ནི་དོན་གཞན་ལ་དགོངས་ནས་གསུངས་པ་ཡིན་པའི་ཕྱིར་རོ། །སུམ་ཅུ་པ་ལས། ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་པ་ལྟར་རོ། །གཉིས་པ་སྐྱོན་སྤོང་གིས་རྒྱས་པར་བཤད་པ་ལ་གསུམ་སྟེ། གཏན་ཚིགས་ལ་མ་ངེས་པ་སྤོང་བ་དང༌། མ་གྲུབ་པ་སྤོང་བ་དང༌། ཐེག་ཆེན་ཁྱད་པར་དུ་འཕགས་པར་སྟོན་པའོ། །དང་པོ་ནི། སྔར་ལུང་མ་བསྟན་པས་བསྟན་པ་ལ་མི་གནོད་པས་མ་ཁྱབ་སྟེ། བསྟན་པ་ལ་གནོད་པ་འགའ་ཞིག་འབད་མེད་དུ་མི་མཁྱེན་པའི་ཕྱིར་རམ། མཁྱེན་ཡང་བཏང་སྙོམས་སུ་བཞག་པའམ། མ་འོངས་པ་རྣམས་མི་མཁྱེན་པའི་ཕྱིར་ལུང་མི་སྟོན་པ་སྲིད་དོ་ཞེ་ན། བསྟན་པ་ལ་གནོད་པ་བཏང་སྙོམས་སུ་འཇོག་པ་མི་རུང་སྟེ། སངས་རྒྱས་རྣམས་ནི་ཤེས་བྱ་ཐམས་ཅད་འབད་མེད་དུ་མངོན་སུམ་དུ་གཟིགས་པའི་སྤྱན་མངའ་བའི་ཕྱིར་དང༌། བསྟན་པ་དག་ཀྱང་བསྲུང་བ་ལ་བརྩོན་པར་མཛད་པའི་ཕྱིར་དང༌། དུས་གསུམ་པོ་ཐམས་ཅད་ལ་ཡང་ཡེ་ཤེས་མ་སྒྲིབ་པར་འཇུག་པ་དེའི་ཕྱིར་རོ། །གཉིས་པ་མ་གྲུབ་པ་སྤོང་བ་ལ་དོན་གསུམ་སྟེ། ཐེག་ཆེན་གྱི་དོན་ཡོད་མེད་འགལ་བ་དང༌། ཐེག་ཆེན་ལ་བཀའི་མཚན་ཉིད་མེད་པ་སྤོང་བ་དང༌། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་དོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། འགལ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འབུམ་པ་ལ་སོགས་པ་འདི་དག་ལས་གཞན་པའི་ཐེག་ཆེན་མེད་པ་མ་གྲུབ་སྟེ། ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་ཆེན་ཡིན་པས་དེ་ལ་བསླབ་པས་དབང་པོ་རྣོན་པོས་སངས་རྒྱས་དང༌། འབྲིང་གིས་རང་སངས་རྒྱས་དང༌། བརྟུལ་པོས་ཉན་ཐོས་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་ལས་ནི་རང་ཉིད་འཁོར་བ་ལས་གྲོལ་བའི་ཐབས་ཙམ་ཞིག་བསྟན་གྱི་གཞན་དོན་རྒྱ་ཆེན་པོ་བསྟན་པ་མ་ཚང་བའི་ཕྱིར་དང༌། རང་གིས་གདུལ་བྱ་རྣམས་ཀྱང་རང་དོན་ཁོ་ན་ལ་སྦྱོར་བས་ན་རང་ཉིད་ཁོ་ན་མྱང་འདས་ལ་སྦྱོར་བ་དེས་ན་འབྲས་བུ་སངས་རྒྱས་ཐོབ་པར་འགལ་བའི་ཕྱིར་དང༌། ཉན་ཐོས་ཀྱི་ཐེག་པ་ནི་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་མ་ཡིན་པས། དེ་ལ་ཡུན་རིང་དུ་འབད་ཀྱང་སངས་རྒྱས་མི་ཐོབ་པའི་ཕྱིར། གལ་ཏེ་ཐེག་ཆེན་དུ་བསྟན་པའི་བྱང་ཆུབ་སེམས་དཔའི་བསླབ་བྱ་དེ་དག་གི་དོན་ཉན་ཐོས་ཀྱི་སྡེ་སྣོད་ལས་མིང་གཞན་གྱི་སྒོ་ནས་བསྟན་པས་ཉན་ཐོས་ཀྱི་ཐེག་པ་འདི་ཉིད་ཐེག་པ་ཆེན་པོའོ་ཞེ་ན། ཉན་ཐོས་ཀྱི་ཐེག་པ་དེ་ནི་ཆོས་ཅན། ཐེག་ཆེན་གྱི་ཆོས་ཞེས་བྱ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་བསླབ་བྱ་ས་བཅུ་ལ་སོགས་པའི་དོན་ཡང་ཐེག་ཆེན་ལས་བསྟན་པ་དེ་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་མ་བསྟན་པའི་ཕྱིར། གཉིས་པ་འགལ་བ་བྱེ་བྲག་ཏུ་བཤད་པ་ནི། ཉན་ཐོས་རྣམས་ནི་རང་ཉིད་ཞི་བ་ཐོབ་པར་འདོད་པའི་བསམ་པ་དང༌། རང་ཉིད་ཞི་བ་དེའི་དོན་དུ་ལམ་སྒོམ་པའི་སྦྱོར་བ་དང༌། སྦྱིན་སོགས་ཅུང་ཟད་ཙམ་གྱི་བསོད་ནམས་དང༌། གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱི་ཡེ་ཤེས་ལས་མེད་པས་ཚོགས་གཉིས་ཀྱི་རྟོགས་པ་ཆུང་བ་དང༌། དུས་ནི་མཛོད་ལས། མྱུར་བ་སྲིད་པ་གསུམ་གྱིས་མཐར་ཞེས་པ་ལྟར་ཤིན་དུ་མྱུར་བ་ཚོགས་ལམ་དང༌། སྦྱོར་ལམ་དང༌། འཕགས་པའི་ལམ་ཚེ་གསུམ་གྱིས་རྫོགས་པར་བྱས་ནས་མཐར་ཐུག་གི་འབྲས་བུ་ཐོབ་པར་འདོད་ལ། ཐེག་ཆེན་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་འདོད་པའི་བསམ་པ་དང༌། དེའི་དོན་དུ་བསྟན་པ་དང༌། དེ་ཉིད་ཀྱི་ཕྱིར་སྦྱོར་བ་དང༌། བསོད་ནམས་ཀྱི་ཚོགས་སྦྱིན་པ་རྒྱ་ཆེན་པོ་དང༌། བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་ཀྱི་རྟོན་པ་དང༌། དུས་བསྐལ་པ་གྲངས་མེད་པ་གསུམ་དུ་བརྩོན་པས། དེ་ལྟར་ལྔས་འགལ་བའི་ཕྱིར་ན་བསམ་པ་ལ་སོགས་པ་ལྔས་དམན་པ་ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དེ་ནི་ཐེག་ཆེན་ལས་དམན་པ་ཁོ་ན་ཡིན་ནོ། །གཉིས་པ་ཐེག་ཆེན་ལ་བཀའི་མཚན་ཉིད་མེད་པ་སྤོང་བ་ནི། བཀའི་མཚན་ཉིད་ནི། མདོ་སྡེ་ལ་འཇུག འདུལ་བ་ལ་སྣང༌། མངོན་པའི་ཆོས་ཉིད་དང་མི་འགལ་བ་ཞེས་གསུངས་པ་ལ་ཐེག་ཆེན་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པས་མདོ་སྡེ་ལ་མི་འཇུག སངས་རྒྱས་མེད་དོ་ཞེས་པ་ལ་སོགས་པས་བཀུར་བ་བཏབ་པའི་ཕྱིར། ལྟུང་བྱེད་དང་བཅས་པས་འདུལ་བ་ལ་མི་སྣང༌། ཕུང་པོ་ལ་སོགས་པའི་རང་གི་མཚན་ཉིད་མེད་པར་སྟོན་པའི་ཕྱིར་མངོན་པའི་ཆོས་ཉིད་དང་འགལ་བས་བཀའ་མ་ཡིན་ནོ་ཞེ་ན། འོ་ན་མང་པོས་བཀུར་བའི་སྡེ་པ་རྣམས་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་སྤོང༌། དགེ་འདུན་ཕལ་ཆེན་སྡེ་པ་རྣམས་སྲིད་པ་བར་དོ་སྟོན་པའི་མདོ་སྡེ་སྤོང༌། འདུལ་བའི་ཆོ་ག་མི་མཐུན་པ་དང༌། མངོན་པའི་གཞུང་ལུགས་དང་ཡང་མི་མཐུན་པ་ཡོད་པས་ཕན་ཚུན་གྱི་མདོ་སྡེ་ལ་མི་འཇུག་པ་ལ་སོགས་ཡོད་པའི་ཕྱིར། སྡེ་པ་རང་རང་གི་བཀར་འདོད་པ་དག་ཀྱང་བཀའ་མ་ཡིན་པ་ཐལ་བར་འགྱུར་རོ། །གལ་ཏེ་ཕན་ཚུན་མི་འཇུག་ཀྱང་རང་རང་གི་མདོ་སྡེ་ལ་སོགས་པ་ལ་འཇུག་པའི་ཕྱིར་བཀའ་ཡིན་ནོ་ཞེ་ན། འདིར་ཡང་བྱང་ཆུབ་སེམས་དཔའི་སེམས་ཀྱི་བསླབ་པ་སྟོན་པས་ཐེག་ཆེན་རང་གི་མདོ་སྡེ་ཉིད་ལ་འཇུག་པ་དང༌། རྣམ་རྟོག་འདུལ་བའི་ཕྱིར་རང་གི་འདུལ་བ་ལ་སྣང་བའི་ཕྱིར་དང༌། ཤེས་རབ་ཟབ་པའི་ཕྱིར་དང༌། ཐབས་རྒྱ་ཆེ་བ་སྟོན་པའི་ཕྱིར་ཆོས་ཉིད་དང་ཡང་འགལ་བ་མེད་པ་དེས་ན་བཀའི་མཚན་ཉིད་མ་ཚང་བའི་སྐྱོན་མེད་དོ། །གསུམ་པ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་དོན་བསྟན་པ་ནི། ཐེག་ཆེན་རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་མ་གྲུབ་བོ་ཞེ་ན། རྟོག་གེ་བ་རྣམས་ནི་དེ་ཁོ་ན་ཉིད་མཐོང་བ་ལས་གཞན་རྒྱུ་མཚན་ལ་བརྟེན་ཅིང༌། སྔར་རང་གིས་ཁས་བླངས་པ་ལ་ཡང་གནོད་པ་མཐོང་ན་དེ་དོར་ནས་གཞན་ཁས་ལེན་པས་ཡུལ་མཐའ་གཅིག་ཏུ་མ་ངེས་ལ། ཇི་སྙེད་པ་མི་ཤེས་པས་ཤེས་བྱ་ལ་མ་ཁྱབ་ཅིང༌། ཇི་ལྟ་བ་མི་ཤེས་པས་ཀུན་རྫོབ་ཀྱི་བདེན་པའི་ཡུལ་ཅན་དང༌། སྤྲོས་པ་ཡོངས་སུ་གཏུགས་པར་འགྱུར་བས་སྐྱོ་བ་ཅན་ཡིན་ཏེ་སྐྱོན་དེ་དག་བྱིས་པ་རྟོག་གེ་པ་ལ་ནི་བརྟེན་པར་འདོད་དོ། །དེའི་ཕྱིར་ཐེག་ཆེན་དེ་ནི་རྟོག་གེ་པ་དེའི་ཡུལ་མིན་ནོ། །གསུམ་པ་ཐེག་ཆེན་ཁྱད་པར་དུ་འཕགས་པར་བསྟན་པ་ནི། གོང་དུ་ཉན་ཐོས་ཀྱི་ཐེག་པ་སངས་རྒྱས་ཀྱི་ཐབས་མ་ཡིན་པར་བསྟན་པ་ལ། འོ་ན་ཐེག་ཆེན་སངས་རྒྱས་ཀྱི་ཐབས་ཇི་ལྟར་ཡིན་ཞེ་ན། མངོན་ཤེས་ལ་སོགས་པ་མཐུ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་གདུལ་བྱ་གཞན་ཡོངས་སུ་སྨིན་པར་བྱེད་པ་དང༌། ལྟ་བ་ཟབ་མོ་བསྟན་པས་རང་ཉིད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པ་སྟེ། དེའི་ཕྱིར་ཐེག་ཆེན་འདི་ལས་ཟབ་པ་དང༌། རྒྱ་ཆེ་བ་གཉིས་བསྟན་སྟེ། དེ་གཉིས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་ཡིན་ནོ། །ཐེག་ཆེན་བཀར་གྲུབ་པའི་གཏན་ཚིགས་བཤད་ཟིན་ནོ། །གཉིས་པ་བཀའ་མ་ཡིན་པའི་རྒྱུ་མཚན་དགག་པ་ལ་ལྔ་སྟེ། ཐེག་ཆེན་ལ་སྐྲག་པའི་རྒྱུ། མི་སྐྲག་པའི་རྒྱུ་ངོས་བཟུང༌། ཚད་མས་འདོར་བ་མི་འཐད་པ། དམན་པས་དོར་བས་མཆོག་ཏུ་གྱུར་པ། ཚད་མིན་གྱིས་འདོར་པ་མི་འཐད་པའོ། །དང་པོ་ནི། འགྲོ་བ་བླུན་པོ་དག་སྐྲག་པ་དེའི་གནས་མ་ཡིན་པའི་ཐེག་ཆེན་ལ་སྐྲག་ཅིང་སྤངས་པས། ཡུན་རིང་དུ་ངན་སོང་གི་སྡུག་བསྔལ་གྱི་ནང་དུ་མནར་བར་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཐེག་ཆེན་སྤངས་པས་བསོད་ནམས་མ་ཡིན་པའི་ཕུང་པོ་ཆེན་པོ་བསགས་པར་བྱས་པའི་ཕྱིར་རོ། །སྐྲག་ནས་སྤོང་བའི་རྒྱུ་ནི་ཐེག་ཆེན་གྱི་རིགས་མེད་པ་དང༌། ཐེག་ཆེན་སྤོང་བའི་གྲོགས་ངན་པ་དང་འགྲོགས་པ་དང༌། ཚེ་སྔོན་ཐེག་ཆེན་ལ་དད་པར་འགྱུར་བའི་དགེ་བ་མ་བསགས་པ་དང༌། ཚེ་འདིར་ཐེག་ཆེན་གྱི་ཆོས་ལ་བློ་མ་སྦྱངས་པའི་སྟོབས་ཀྱིས་ཐེག་ཆེན་གྱི་ཆོས་འདིས་སྐྲག་པར་འགྱུར་ཞིང༌། སྐྲག་པའི་སྐབས་འདི་ན་དོན་ཆེན་པོ་སངས་རྒྱས་འདི་ལས་ལྷུང་སྟེ་མི་ཐོབ་བོ། །གཉིས་པ་མི་སྐྲག་པའི་རྒྱུ་ངོས་བཟུང་བ་ནི། འབུམ་པ་ལ་སོགས་པ་ངོ་བོ་ཉིད་མེད་པར་སྟོན་པ་དེ་དག་ཉིད་ཐེག་ཆེན་ཡིན་ཏེ། ཐེག་ཆེན་ཞིག་ཡོད་ཅིང་དེ་ལས་གཞན་པའི་ཐེག་ཆེན་མེད་པའི་ཕྱིར་རོ། །གལ་ཏེ་ཉན་རང་གི་ཐེག་པ་ཉིད་ཐིག་ཆེན་ཡིན་ནོ་ཞེ་ན། འོ་ན་ཐེག་ཆེན་ལས་གཞན་པའི་ཉན་རང་གི་ཐེག་པ་མེད་པར་འགྱུར་ཏེ། ཉན་རང་གི་ཐེག་པ་ཉིད་ཐེག་ཆེན་ཡིན་པའི་ཕྱིར་རོ། །འདོད་ན་ཐེག་པ་གསུམ་མི་འདོད་པ་ཉིད་དུ་འགྱུར་རོ། །ཐེག་པ་ཆེན་པོ་འདི་ནི་ཤིན་ཏུ་ཟབ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་ཡིན་པའི་ཕྱིར། ཐེག་ཆེན་དུས་ཕྱིས་བྱུང་བ་མ་ཡིན་ཏེ། ཐེག་པ་ཆེ་ཆུང་གཉིས་ཀ་སངས་རྒྱས་བཞུགས་པའི་དུས་སུ་བྱུང་བས་དུས་མཉམ་དུ་རྗེས་སུ་སོང་བའི་ཕྱིར་དང༌། ཐེག་ཆེན་འདི་ལས་སྟོང་པ་ཉིད་འབའ་ཞིག་སྟོན་པ་མ་ཡིན་གྱི། བསོད་ནམས་ཀྱི་ཚོགས་སྣ་ཚོགས་པ་སྟོན་ཞིང༌། ཡང་སྟོང་པ་ཉིད་དེའང་སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པ་རྣམ་གྲངས་མང་པོའི་སྒོ་ནས་མདོ་སྡེ་དག་ལས་རྟག་ཏུ་སྟོན་པར་བྱེད་པས་སྟོང་པ་ཉིད་བསྟན་པ་ལ་དགོས་པ་ཆེན་པོ་ཡོད་ཅིང༌། ཆོས་ཐམས་ཅད་མེད་པར་གསུངས་པ་ནི་ཚིག་གིས་ཇི་སྐད་བཤད་པ་བཞིན་གྱི་དོན་ཅན་མ་ཡིན་པར་དགོངས་པ་བཤད་དགོས་ལ་བཅོམ་ལྡན་འདས་ཀྱི་དགོངས་པའང་ཤིན་ཏུ་ཟབ་སྟེ། རིན་ཆེན་ཕྲེང་བ་ལས། དེ་བཞིན་གཤེགས་དགོངས་གསུངས་པ་རྣམས། །ཤེས་པར་སླ་མིན་དེ་ཡི་ཕྱིར། །ཐེག་གཅིག་ཐེག་པ་གསུམ་གསུངས་པ། །བཏང་སྙོམས་ཀྱིས་ནི་བདག་བསྲུང་བྱ། །ཞེས་གསུངས་པ་ལྟར་རྟོགས་དཀའ་བས་མཁས་པ་རྣམས་ཀྱི་དགོངས་པ་ཚུལ་བཞིན་དུ་བརྟགས་དགོས་སོ། །གལ་ཏེ་ལེགས་པར་བརྟགས་ནས་དགོངས་པ་ཇི་ལྟ་བ་བཞིན་རྟོགས་ན་ཐེག་ཆེན་གྱི་ཆོས་འདིས་སྐྲག་པར་མི་འགྱུར་རོ། །གསུམ་པ་ཚད་མས་འདོར་བ་མི་འཐད་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་ནི། ཐེག་ཆེན་བཀའ་མ་ཡིན་པར་གང་གིས་ངེས། སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་སོ་ཞེ་ན། མ་ཡིན་ཏེ་ཐེག་ཆེན་གྱི་དོན་ལ་དཔྱད་པའི་སྐབས་འདི་ན་དང་པོ་ཚོགས་ལམ་དུ་ཐོས་པ་བྱས་པ་ལ་བརྟེན་ནས་ཚོགས་ལམ་གྱི་རྒྱུན་ཕྱི་མ་རྣམས་དང༌། སྦྱོར་ལམ་དུ་ཡང་དག་པའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་བསམ་བྱུང་དང༌། འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་འབྱུང་ཞིང༌། ཚུལ་བཞིན་ཡིད་ལ་བྱེད་པ་ཡང་དག་པའི་དོན་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་མཐོང་ལམ་གྱི་ཡེ་ཤེས་འབྱུང་ལ། དེ་ཡུན་རིང་གོམས་པར་བྱེད་པ་ལས་སྤང་བྱ་ལས་རྣམ་པར་གྲོལ་བའི་ཆོས་འཐོབ་ཅིང༌། རྣམ་གྲོལ་དེ་ཡོད་ན་དེ་ལས་བདག་གིས་ནི་བྱ་བ་བྱས་སོ་ཞེས་བྱ་བ་ལ་སོགས་པ་ཤེས་པའི་རྣམ་གྲོལ་གྱི་ཡེ་ཤེས་ཀྱི་བློ་གྲོས་རབ་ཏུ་སྐྱེ་ལ། གང་གི་ཚེ་བློ་གྲོས་དེ་ནི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཡིན་ཏེ། དེ་ཁྱོད་ལ་མེད་ན་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཐེག་ཆེན་བཀའ་མ་ཡིན་ནོ་ཞེས་ཇི་ལྟར་ངེས། བདག་གིས་མི་ཤེས་པས་སྐྲག་པའི་གནས་སོ་ཞེ་ན། སྐྱེ་བོ་མཁས་པའི་རྗེས་སུ་འབྲངས་ན་ཚུལ་བཞིན་དུ་རྟོགས་ནས་སྐྲག་པར་མི་འགྱུར་རོ། །གལ་ཏེ་སངས་རྒྱས་ཀྱིས་ཀྱང༌། ཟབ་མོ་མཁྱེན་པ་མ་ཡིན་པས། ཐེག་ཆེན་མི་སྟོན་ནོ་ཞེ་ན། སངས་རྒྱས་ནི་ཤེས་བྱ་མ་ལུས་པ་མཁྱེན་པ་ལ་འདོད་པ་ན་ཟབ་མོ་ཅིའི་ཕྱིར་མཁྱེན་པ་མ་ཡིན། གཉིས་པ་ནི། ཟབ་མོ་ཐེག་ཆེན་ཅིའི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན་ཞེས་རྒོལ་ན། ལན་བསྟན་པ་ནི། ཇི་སྐད་དུ། ཐུབ་པའི་སྐྱེས་མཆོག་དགོངས་པ་ནི། །རྟོག་གེ་པ་ཡི་ཡུལ་མ་ལགས། །བྱིས་པའི་སྤྱོད་ཡུལ་མ་ལགས་ཏེ། །སེམས་དང་སེམས་བྱུང་རྣམས་ལས་འདས། །ཞེས་གསུངས་པ་ལྟར་ཤིན་ཏུ་ཟབ་པའི་ཕྱིར་རྟོག་གེའི་ཡུལ་མ་ཡིན་ནོ། །ཡང་ཅིའི་ཕྱིར་ཟབ་མོའི་དོན་སྟོང་པ་ཉིད་རིག་པ་དག་ཁོ་ན་ཐར་བར་འགྱུར་གྱི་རྟོག་གེ་པས་ཐར་པ་མི་ཐོབ་ཅེས་བྱ་བ་འདི་ཡང་མི་འཐད་དེ། སྟོང་པ་ཉིད་ནི་སྐྲག་པའི་གནས་ཡིན་པའི་ཕྱིར་རོ་ཞེ་ན། སྟོང་པ་ཉིད་དེ་ནི་སྐྲག་པའི་གནས་སུ་རིགས་པ་མ་ཡིན་ཏེ། སྟོང་པ་ཉིད་རྟོགས་པས་ནི་ཉོན་མོངས་པའི་ས་བོན་རྩ་བ་ནས་སྤོང་ནུས་པའི་ཕྱིར། རྟོག་གེ་པས་ནི་དེ་ལྟ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་དོན་རྟོགས་མི་ནུས་པའི་ཕྱིར། བཞི་པ་དམན་པས་དོར་བས་མཆོག་ཏུ་གྲུབ་པ་ནི། ཁོ་བོ་ཅག་མ་མོས་པས་ཐེག་ཆེན་བཟང་པོ་མ་ཡིན་ནོ་ཞེ་ན། གང་ཟག་དམན་པ་ལ་མོས་ཤིང་ཁམས་ཏེ་ཀུན་གཞི་ལ་ཡོད་པའི་དགེ་བའི་བག་ཆགས་ཀྱང་ཤིན་ཏུ་དམན་ལ། ཐེག་ཆེན་སྤོང་པའི་གྲོགས་དམན་པ་དག་གིས་ཡོངས་སུ་བསྐོར་བའི་གང་ཟག་ཁྱོད་ལྟ་བུ། ཤེས་རབ་ཟབ་ཅིང་ཐབས་རྒྱ་ཆེན་པོ་ལེགས་པར་བཤད་པའི་ཆོས་ཐེག་ཆེན་འདི་ལ་མོས་པ་མེད་པ་ཉིད་ཀྱིས་ཐེག་ཆེན་འདི་མཆོག་ཏུ་གྲུབ་པ་ཡིན་ནོ། །ལྔ་པ་ཚད་མིན་གྱིས་འདོར་བ་མི་འཐད་པ་ལ་གསུམ་སྟེ། མ་རྟོགས་པས་འདོར་བ་མི་འཐད་པ་དང༌། ལོག་ཤེས་ཀྱིས་འདོར་བ་མི་འཐད་པ་དང༌། ཐེ་ཚོམ་གྱིས་འདོར་བར་མི་འཐད་པའོ། །དང་པོ་ནི། ཐེག་ཆེན་གྱི་མདོ་སྡེ་ལེགས་པར་མ་ཐོས་བཞིན་དུ་སྤོང་བ་ནི་མི་རིགས་ཏེ། འདི་ལྟར་ཐོས་པའི་རྗེས་སུ་འབྲངས་ཏེ་ཉན་ཐོས་ཀྱི་ཐེག་པའི་དོན་རྟོགས་པའི་བློའི་ནུས་པ་རང་གིས་ཐོབ་ནས་ནི་གང་ཞིག་ཐེག་ཆེན་གྱི་ཐོས་པ་ལ་རབ་ཏུ་བརྙས་པ་བྱེད་ཅིང་མ་ཐོས་བཞིན་དུ་ཐེག་ཆེན་གྱི་མདོ་སྡེ་སྤོང་བ་ནི་མི་རིགས་ཏེ། ཐེག་ཆེན་གྱི་བརྗོད་བྱ་རྣམ་པ་སྣ་ཚོགས་དཔག་ཏུ་མེད་པ་ཁྱོད་ཀྱིས་མ་རྟོགས་པར་ཤེས་པར་བྱ་བའི་ལྷག་མར་ལུས་པས་ན་རྨོངས་པ་ཁྱོད་གང་གི་ཕྱིར་ན་ཐེག་ཆེན་བཀའ་མ་ཡིན་ནོ་ཞེས་ངེས་པར་བྱེད། གཉིས་པ་ནི། གལ་ཏེ་ཐོས་ཀྱང་དེ་ལས་ཆད་ལྟ་བསྟན་པས་མི་འདོད་དོ་ཞེ་ན། ཐོས་པ་ཚུལ་བཞིན་དུ་བྱེད་དགོས་ཀྱི་ཚུལ་བཞིན་མ་ཡིན་པར་བྱས་ན་ཉེས་པ་ཆེན་པོ་ཡོད་དོ་ཞེས་སྟོན་པ་ནི། དགོངས་པ་ཅན་གྱི་དོན་སྒྲ་ཇི་བཞིན་པར་ཡོངས་སུ་རྟོགས་ན་བདག་ཉིད་ཀྱིས་ཇི་ལྟར་རྟོགས་པ་ལྟར་བདེན་ནོ་སྙམ་དུ་བདག་ཉིད་མཁས་པར་སྙེམས་ཤིང༌། མཁས་པ་ལས་ཆོས་ཀྱི་དོན་མི་ཚོལ་བས་དོན་ལེགས་པར་ཤེས་པའི་བློ་གྲོས་ཉམས་པ་སྟེ་མི་ཐོབ་པར་འགྱུར་ཞིང༌། དེའི་རྒྱུས་ལེགས་པར་གསུང་པ་ཐེག་ཆེན་ཡང་བཀའ་མ་ཡིན་ནོ་ཞེས་སྤངས་པས་ན། ངན་སོང་དུ་བརླག་པར་འགྱུར་ཏེ། ཆོས་ཟབ་མོ་ལ་ཁོང་ཁྲོའི་སྒྲིབ་པ་བསགས་པའི་ཕྱིར་རོ། །ཆོས་ལ་སྡང་བ་ནི་མཚམས་མེད་པ་བས་ཀྱང་སྡིག་པ་ཆེ་སྟེ། གང་ཞིག་ཡང་ཡང་སྡིག་གྲོགས་རྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང༌། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ནས་དེ་ལས་མྱུར་དུ་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་སོ། །གསུམ་པ་ནི། ཡིད་ཀྱི་ཉེས་པ་ཁོང་ཁྲོ་ནི་སྡིག་པ་ཆེ་བས་ན་རང་བཞིན་གྱིས་གདུག་པ་སྟེ་མི་རིགས་པ་གནོད་པ་བྱེད་པའི་གཟུགས་ལའང་ཁོང་ཁྲོ་བར་མི་རིགས་ན་ཐེ་ཚོམ་ཟ་བའི་ཆོས་ལ་སྡང་བར་བྱས་ན་ཉེས་པ་ཆེན་པོ་འབྱུང་བ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ན་གུས་པ་མ་སྐྱེས་ཀྱང་བཏང་སྙོམས་སུ་བཞག་ན་ལེགས་ཏེ། དེ་ལ་ཆོས་སྤོང་བའི་ཉེས་པ་མེད་པའི་ཕྱིར། ལྷག་པའི་བསམ་པ་བསྐུལ་བ་ལས། བར་མ་དོར་གནས་པ་ལ་ཆོས་སྤོང་བ་ཞེས་ང་མི་སྨྲའོ། །ཞེས་གསུངས་སོ། །ཐེག་པ་ཆེན་པོ་བཀར་སྒྲུབ་པ་བཤད་ཟིན་ཏོ།།  ༈  །།གཉིས་པ་བཀར་སྒྲུབས་པའི་ཐེག་ཆེན་གྱི་དོན་ལ་བཞི་སྟེ། སྐལ་པ་དང་ལྡན་པའི་རིགས་དང༌། སྤྱོད་པའི་གཞི་སེམས་བསྐྱེད་དང༌། སངས་རྒྱས་པའི་གཞི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། སྤྱོད་པ་དེས་ཐོབ་པའི་འབྲས་བུ་ཕུན་སུམ་ཚོགས་པའོ། །དང་པོ་ལ་གཉིས་ཏེ། རིགས་ཁྱད་པར་དུ་བྱེད་པའི་སྐྱབས་འགྲོ་དང༌། རིགས་ཀྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། སྐྱབས་འགྲོའི་རང་བཞིན། སྐྱབས་འགྲོའི་བསླབ་བྱ། སྐྱབས་འགྲོའི་ཕན་ཡོན་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྐྱབས་སུ་འགྲོ་བའི་རྒྱུ་དང༌། སྐྱབས་འགྲོའི་ཡུལ་ལོ། །དང་པོ་ལ་སྐྱབས་འགྲོ་སྤྱིའི་མཚན་ཉིད་ནི། འཇིགས་པ་ལས་ཐར་བའི་དོན་དུ་སྐྱབས་གནས་ལ་བརྟེན་པར་དམ་བཅའ་བའོ། །ཐེག་པ་ཆུང་ངུའི་སྐྱབས་འགྲོ་ནི། རང་ཉིད་སྡུག་བསྔལ་ལས་ཐར་བའི་དོན་དུ་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་དང་ལྡན་པ་ལ་བརྟེན་པར་ཁས་ལེན་པའོ། །ཐེག་ཆེན་གྱི་སྐྱབས་འགྲོ་ནི། སྙིང་རྗེ་ལ་བརྟེན་ནས་སེམས་ཅན་གཞན་སྡུག་བསྔལ་ལས་ཐར་བའི་དོན་དུ་ཡུལ་དམ་པ་ལ་བརྟེན་པར་དམ་བཅའ་བའོ། །སྔ་མ་ནི་ཇི་སྲིད་འཚོའི་བར་དུ་དམ་བཅའ་བ་ཡིན་ལ། ཕྱི་མ་ནི་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་ཡིན་པས་དུས་ལ་ཡང་ཁྱད་པར་ཡོད་དོ། །གཉིས་པ་སྐྱབས་འགྲོའི་ཡུལ་བསྟན་པ་ལ་གསུམ་སྟེ། སྐྱབས་གསུམ་སོ་སོའི་ངོ་བོ། གནས་སྐབས་སྐྱབས་གསུམ་དུ་འཇོག་པ། མཐར་ཐུག་སྐྱབས་གཅིག་ཏུ་བསྟན་པའོ། །དང་པོ་ནི། རྒྱུད་བླའི་རྣམ་བཤད་དུ་བཤད་ཟིན་པས་དེར་བལྟ་བར་བྱའོ། །གཉིས་པ་ནི། མངོན་མཐོ་དོན་དུ་གཉེར་བས་གཞན་རྒྱུད་ལ་གྲུབ་པའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བས་དཀོན་མཆོག་གསུམ་ཐུན་མོང་དུ་སྐྱབས་སུ་བཞག་ལ། ངེས་ལེགས་དོན་དུ་གཉེར་བ་ལ་ཐུན་མོང་གི་སྐྱབས་ལྔ་སྔ་མ་ལྟར་ཡིན་ལ། ཐུན་མོང་མ་ཡིན་པའི་སྐྱབས་ནི། ཐེག་པ་སོ་སོ་ལ་ཞུགས་པའི་གང་ཟག་རྣམས་ཀྱིས་རང་རང་གི་ཐོབ་བྱའི་འབྲས་བུ་ཐོབ་པ་ན་འཇིགས་པ་ལས་ཐར་བར་འདོད་པས་རང་རང་གི་ཐོབ་བྱ་ཉིད་སོ་སོར་སྐྱབས་སུ་བཞག་པ་ཡིན་ནོ། །ཇི་སྐད་དུ། སྟོན་པ་བསྟན་པ་སློབ་དོན་གྱི། །ཐེག་གསུམ་པ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་ཞག་པ་ཡིན། །ཅེས་སོ། །གསུམ་པ་ནི། ལུང་གི་ཆོས་ནི་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། ལམ་རྟོགས་པ་ན་ཆུ་རྒལ་ཟིན་པའི་གཟིངས་ལྟར་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །འདིར་སྐྱབས་གསུམ་གྱི་ཟླར་བགྲངས་པའི་ཆོས་དཀོན་མཆོག་ནི་སློབ་པའི་ཆོས་ཡིན་པས་ལམ་བདེན་ནི། གཏན་དུ་བའི་བརྟན་པའི་སྐྱབས་མ་ཡིན་ཏེ། རྩ་བ་ལས། འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །ཞེས་གསུངས་པ་ལྟར། འདུས་བྱས་ཡིན་པས་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། རྟོགས་པའི་ལྡོག་པ་ནས་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། རྟོགས་པ་མཐར་མ་ཐུག་པའི་ཕྱིར། བྱང་སེམས་འཕགས་པའི་འགོག་བདེན་ཡང་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། དེ་ཐོབ་ཀྱང་སྒྲིབ་གཉིས་ཀྱི་འཇིགས་པ་ལས་མ་གྲོལ་བའི་ཕྱིར། ཉན་རང་གི་ལྷག་བཅས་ཀྱི་མྱང་འདས་ཀྱང་ཚུལ་དེ་བཞིན་ནོ། །ཉན་ཐོས་པ་འགའ་ཞིག་ཉན་རང་གི་ལྷག་མེད་ཐོབ་པ་ན་སྡུག་བསྔལ་གྱི་ལྷག་མ་ཡང་མ་ལུས་པའི་ཕྱིར་མཐར་ཐུག་གི་སྐྱབས་སོ་ཞེ་ན། ཉན་རང་གི་ལྷག་མེད་ཀྱི་མྱང་འདས་ཀྱང་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། སྡུག་བསྔལ་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་མེད་དགག་ཙམ་ཡིན་གྱི་མཐར་ཐུག་གི་ཡོན་ཏན་མི་ལྡན་པའི་ཕྱིར། སྐྱབས་གསུམ་གྱི་ཟླར་བགྲངས་པའི་དགེ་འདུན་རྣམས་ཀྱང་མཐར་ཐུག་གི་སྐྱབས་མ་ཡིན་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་སྐྱེ་བ་ལེན་པ་དང༌། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བའི་འཇིགས་པ་དང་བཅས་པའི་ཕྱིར་རོ། །འོ་ན་མཐར་ཐུག་གི་སྐྱབས་གང་ཞེ་ན། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཅེས་པ་ལྟར་རོ། །སྐྱབས་འགྲོའི་རང་བཞིན་བསྟན་ཟིན་ཏོ། །གཉིས་པ་སྐྱབས་འགྲོའི་བསླབ་བྱ་ལ་དགག་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་སྟོན་པར་མི་བཟུང༌། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང༌། དགེ་འདུན་ལ་སྐྱབས་སུ་སོང་ནས་སྡིག་གྲོགས་ཡོངས་སུ་སྤོང་བའོ། །སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ལ་སྟོན་པའི་འདུ་ཤེས། དམ་པའི་ཆོས་ལ་ཉམས་སུ་ལེན་པའི་འདུ་ཤེས། དགེ་འདུན་ལ་གྲོགས་ཀྱི་འདུ་ཤེས་སུ་བཞག་པར་བྱའོ། །ཤིན་ཏུ་རྒྱས་པའི་མདོ་ལས། སངས་རྒྱས་ལ་ནི་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་གསོལ་བར་ནི་མི་འགྱུར་རོ། །དམ་པའི་ཆོས་ལ་སྐྱབས་གསོལ་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་གསོལ་ན། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཕན་ཡོན་ལ། གནས་སྐབས་ཀྱི་ཕན་ཡོན་ནི། ལས་ཀྱི་སྒྲིབ་པ་སྲབ་པ་དང༌། མི་མ་ཡིན་གྱི་གནོད་པས་མི་ཚུགས་པ་དང༌། སྐྱེ་བ་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་བའོ། །མཐར་ཐུག་གི་འབྲས་བུ་ནི་སངས་རྒྱས་ཐོབ་པའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། སྐྱབས་འགྲོའི་རང་བཞིན་དང༌། སྐྱབས་འགྲོའི་ཆེ་བ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཁྱད་པར་མདོར་བསྟན། ཁྱད་ཆོས་རྒྱས་པར་བཤད། སྐྱབས་འགྲོ་གཏན་ལ་དབབ་པའོ། །དང་པོ་ནི། འབྲས་བུ་ཐེག་པ་མཆོག་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དཀོན་མཆོག་ལ་སྐྱབས་སུ་སོང་བ་གང་ཡིན་པ་དེ་ཉིད་ཆོས་ཅན། སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ་བ་ཡིན་ཏེ། དམིགས་པ་ཀུན་ཏུ་འགྲོ་བ་དང༌། ངོ་བོ་ཁས་ལེན་པ་དང༌། འབྲས་བུ་རྟོགས་པ་དང༌། གྲོགས་ཟིལ་གནོན་ཏེ་དབྱེ་བའི་རང་བཞིན་དོན་རྣམ་པ་བཞིས་ཁྱད་པར་དུ་འཕགས་པའི་ཕྱིར། དང་པོ་གཞན་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དཀོན་མཆོག་གསུམ་ལ་བརྟེན་པར་བྱའོ་སྙམ་དུ་ངེས་པར་བྱ་བ་འདི་དཀའ་སྟེ། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ཤིན་ཏུ་དཀོན་པའི་ཕྱིར། བསླབ་བྱ་ཕར་ཕྱིན་དྲུག་པོ་དེ་ནི་སྒྲུབ་པར་དཀའ་སྟེ། སྐལ་པ་སྟོང་ཕྲག་དུ་མར་སྒྲུབ་དགོས་པའི་ཕྱིར། གལ་ཏེ་ཐེག་ཆེན་གྱི་སྐྱབས་འགྲོ་འདི་བྱ་དཀའ་བ་ཡིན་པའི་ཕྱིར་འཇུག་པར་མི་བྱའོ་སྙམ་ན་ཐེག་ཆེན་འདི་ལ་སྐྱབས་སུ་སོང་བ་ནི་དོན་ཆེན་པོ་མཆོག་ཏུ་ལྡན་པ་ཡིན་ནོ། །གང་གི་ཕྱིར་ན་དེའི་འབྲས་བུ་སངས་རྒྱས་དེ་གྲུབ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པའི་དོན་ཆེན་པོ་ཡོད་པ་དེའི་ཕྱིར། ཐེག་ཆེན་ཉམས་སུ་བླངས་པས་འཇིགས་པ་ལས་ཐར་བར་འདོད་པ་ནི་ཐེག་ཆེན་ལ་སྐྱབས་སུ་སོང་བའི་དོན་ནོ། །གཉིས་པ་ལ་བཞི་སྟེ། ཀུན་འགྲོ་དང༌། ཁས་ལེན་དང༌། རྟོགས་པ་དང༌། ཟིལ་གནོན་གྱི་ཁྱད་པར་རོ། །དང་པོ་ལ་སེམས་ཅན་ཀུན་ཏུ་འགྲོ་བ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་ཞུགས་པ་དང༌། ཐེག་པ་ཀུན་ཏུ་འགྲོ་བ་ནི། ཐེག་པ་གསུམ་ཀ་ལ་མཁས་པ་དང༌། ཡེ་ཤེས་ཀུན་ཏུ་འགྲོ་བ་ནི། བདག་མེད་གཉིས་ཀ་རྟོགས་པ་ཡེ་ཤེས་ལ་མཁས་པ་དང༌། མྱང་འདས་ཀུན་ཏུ་འགྲོ་བ་ནི། བྱང་ཆུབ་སེམས་དཔའ་གང་ཞིག་མི་གནས་པའི་མྱ་ངན་ལས་འདས་པ་ལ། འཁོར་བ་དང་ཞི་བ་སྟོང་པ་ཉིད་དུ་རོ་གཅིག་པར་རྟོགས་ནས་ཤེས་རབ་དང་སྙིང་རྗེ་བླང་དོར་དུ་མི་འཛིན་པ་དེ་འདྲའི་བློ་ལྡན་དེ་ནི་ཀུན་འགྲོའི་ཁྱད་པར་ལྡན་པར་ཤེས་པར་བྱའོ། །གཉིས་པ་ཁས་ལེན་གྱི་ཁྱད་པར་བསྟན་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། དཔེས་བསྟན་པའོ། །དང་པོ་ལ་སྨོན་ལམ་གྱི་ཁྱད་པར་ནི། བྱང་ཆུབ་སེམས་དཔའ་གང་ཞིག་གིས་སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས་དེ་ལ་དགའ་བ་མང་པོས་བྱང་ཆུབ་ཀྱི་མཆོག་སངས་རྒྱས་དེ་དོན་དུ་གཉེར་ཞིང་སྒྲུབ་པའི་ཁྱད་པར་ནི་གང་ཞིག་སྐྱོ་བ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དཀའ་བ་ཡང་དག་པར་སྤྱོད་ལ། ཐོབ་པའི་ཁྱད་པར་ནི། གང་ཞིག་རྣམ་པར་སངས་རྒྱས་ནས་སངས་རྒྱས་ཀུན་དང་ཡང་རྟོགས་པ་མཉམ་པར་འགྱུར་བ་སྟེ། ཁྱད་པར་གསུམ་དང་ལྡན་པ་དེ་འདྲའི་བློ་ལྡན་དེ་ནི་ཁས་ལེན་མཆོག་དང་ལྡན་པར་ཤེས་པར་བྱའོ། །གཉིས་པ་དཔེས་བསྟན་པ་ལ་གཉིས་ཏེ། རྒྱལ་པོའི་སྲས་ཀྱི་དཔེས་བསྟན་པ་དང༌། བློན་པོའི་དཔེས་བསྟན་པའོ། །དང་པོ་ལ་གཉིས་ཏེ། སངས་རྒྱས་ཀྱི་སྲས་སུ་སྐྱེས་པའི་ཁྱད་པར་དང༌། གདུང་མི་གཅོད་པའི་ཁྱད་པར་རོ། །དང་པོ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ས་བོན་དང༌། བཙུན་མོ་དམ་པ་དང༌། རླུང་མཁྲིས་ལ་སོགས་པས་མ་ཉམས་པའི་མངལ་ན་གནས་པ་དང༌། སྐྱེད་བསྲིང་བར་བྱེད་པའི་མ་མ་ཕུན་སུམ་ཚོགས་པ་སྟེ། རྒྱུ་བཞི་ཚང་པའི་ཁྱེའུ་དེ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་མཚན་ཉིད་དང་ལྡན་པ་ཡིན་པ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ས་བོན་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་དང༌། སེར་སྣ་ལ་སོགས་སྐྱོན་གྱིས་མ་ཉམས་པའི་ཚོགས་གཉིས་ཀྱི་མངལ་ན་གནས་པ་དང༌། ཐེག་དམན་ལ་སོགས་པའི་སྐྱོན་གྱིས་ཆུད་མི་ཟ་བར་བྱེད་པའི་སྙིང་རྗེའི་མ་མ་སྟེ། ཉན་རང་ལ་སོགས་པ་དང་མཚུངས་པ་མེད་པའི་རྒྱུ་བཞི་པོ་དེ་ལས་དང་པོར་སངས་རྒྱས་ཀྱི་སྲས་ཀྱི་མཆོག་ཏུ་ལེགས་པར་སྐྱེས་པའི་བློ་ལྡན་དེ་ནི། སངས་རྒྱས་ཀྱི་སྲས་མཚན་ཉིད་དང་ལྡན་པར་ཁས་ལེན་པ་མཆོག་ཏུ་ཤེས་པར་བྱའོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་དེ་མཚན་གྱིས་བརྒྱན་པའི་ལུས་དང༌། རྒྱལ་ཕྲན་རྣམས་ཟིལ་གྱིས་གནོན་པའི་སྟོབས་དང༌། རྒྱལ་སྲིད་ཆེན་པོ་ལ་ལོངས་སྤྱོད་པའི་བདེ་བ་དང༌། རྒྱལ་སྲིད་ཀྱི་གཙུག་ལག་ལ་མཁས་པའི་ཤེས་ལྡན་ཏེ་རྒྱུ་བཞི་དང་ལྡན་པ་དེ་བཞིན་དུ། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའང་ལུས་ཀྱི་ཁྱད་པར་གནས་ན་གནས་པ་དང༌། གསལ་བ་དང༌། རྫོགས་པ་སྟེ་ཁྱད་པར་གསུམ་གྱི་སྒོ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་མཚན་ལས་ལྷག་པའི་མཚན་སྣ་ཚོགས་ཀུན་གྱིས་བྱང་ཆུབ་སེམས་དཔའ་དེའི་ལུས་བརྒྱན་ཞིང༌། སྟོབས་ཀྱི་ཁྱད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སྟོབས་ཐོབ་ལ། བདེ་བའི་ཁྱད་པར་སྒྲིབ་གཉིས་སྤངས་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་དཔེ་ལས་འདས་ཤིང་རྒྱུན་མི་ཆད་པས་ན། མཐའ་ཡས་པའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་རྙེད་ཅིང༌། ཐབས་ལ་མཁས་པའི་ཁྱད་པར་སེམས་ཅན་ཀུན་སྡུག་བསྔལ་ལས་སྐྱབས་པའི་ཐབས་ཆེན་པོ་བཤམས་པ་ཤེས་པ་ཡིན་ནོ། །གཉིས་པ་གདུང་མི་གཅོད་པའི་ཁྱད་པར་ནི། རྒྱུ་བཞིས་རྒྱལ་པོའི་སྲས་དེ་ནར་སོན་པ་ན། དབང་བསྐུར་བ་ཐོབ་པ་དང༌། དབང་ཐོགས་པ་མེད་པ་དང༌། བརྩོད་པ་བརྟག་པ་ལ་མཁས་པ་དང༌། ལོག་པར་སྒྲུབ་པ་རྣམས་ཚར་གཅོད་པ་དང༌། ཡང་དག་པར་ཕན་འདོགས་པར་བྱེད་པ་དེ་བཞིན་དུ། བྱང་སེམས་དེ་ནི་སངས་རྒྱས་ཀུན་གྱི་འོད་ཟེར་ཆེན་པོའི་དབང་བསྐུར་བ་བྱིན་ཏེ། ཆོས་ཀྱི་རྒྱལ་ཚབ་དུ་གྱུར་པ་དང༌། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ལ་དབང་བ་ཀུན་ནས་ཡང་དག་པར་ལྡན་པ་དང༌། སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་ཕན་ཚུན་འདྲི་བ་དང་ལན་དང་རྫུ་འཕྲུལ་སྟོན་པ་ལ་སོགས་པའི་རྣམ་པར་ཤེས་པ་དང༌། བསླབ་པའི་གཞི་བཅས་ནས་ཉེས་པ་ཅན་ཚར་བཅད་དེ། ཡོན་ཏན་ལ་འགོད་པ་དང༌། ཡོན་ཏན་ལ་ཕན་འདོགས་པ་ལ་བརྩོན་པར་བྱེད་དོ། །འོད་ཟེར་ཆེན་པོའི་དབང་སྐུར་ཇི་ལྟ་བུ་ཞེ་ན། མདོ་སྡེ་ས་བཅུ་པ་ལས། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པ་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་པདྨ་རིན་པོ་ཆེ་ལས་གྲུབ་པ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད་ཀྱི་པདྨའི་འཁོར་གྱིས་བསྐོར་བ་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་པདྨ་དེ་དང་འཚམས་པའི་ལུས་ཀྱིས་དེ་ལ་འདུག་ཅིང་པདྨའི་འཁོར་རྣམས་ལ་ཡང་བྱང་ཆུབ་སེམས་དཔའ་རེ་རེ་འཁོད་ཅིང་བྱང་ཆུབ་སེམས་དཔའ་དེ་ལ་བལྟའོ། །དེ་ནས་དེའི་རྐང་མཐིལ་གཉིས་ནས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བྱུང་ནས་ཕྱོགས་བཅུའི་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་རྒྱུན་ཆད་པར་བྱེད་དོ། །འོད་ཟེར་དེ་སྙེད་རེ་པུས་མོ་ནས་བྱུང་བས་དུད་འགྲོ་དང༌། ལྟེ་བ་ནས་བྱུང་བས་གཤིན་རྗེའི་འཇིག་རྟེན་དང༌། རྩིབ་ལོག་གཡས་གཡོན་ནས་བྱུང་བས་མི་དང༌། ལག་མཐིལ་གཉིས་ནས་བྱུང་བས་ལྷ་དང་ལྷ་མ་ཡིན་གྱི་སྡུག་བསྔལ་ཞི་བར་བྱེད་དོ། །ཕྲག་པ་གཉིས་ནས་བྱུང་བས་ཉན་ཐོས་རྣམས་ཀྱི་གནས་སྣང་བར་བྱེད་ཅིང༌། ཆོས་སྣང་བའི་སྒོ་ཉེ་བར་བསྒྲུབས་སོ། །རྒྱབ་དང་མགུལ་ནས་བྱུང་ནས་རང་རྒྱལ་གྱི་གནས་རྣམས་སྣང་བར་བྱེད་ཅིང་ཞི་བའི་ཏིང་ངེ་འཛིན་སྒོ་ཉེ་བར་བསྒྲུབས་སོ། །ཁའི་སྒོ་ནས་བྱུང་བས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ས་དགུ་པའི་བར་རྣམས་སྣང་བར་བྱེད་ཅིང་ཤེས་རབ་དང་ཐབས་མཁས་པའི་ཚུལ་ཉེ་བར་བསྒྲུབས་སོ། །སྨིན་མཚམས་ཀྱི་མཛོད་སྤུ་ནས་བྱུང་བས་ཕྱོགས་བཅུའི་བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་བྱས་ནས་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་བྱས་ནས་དེ་དག་གི་སྐུ་ལ་ཐིམ་པར་འགྱུར་རོ། །སྤྱི་གཙུག་ནས་སྟོང་གསུམ་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་བའི་རྡུལ་སྙེད་ཀྱི་འོད་ཟེར་བྱུང་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ནས། སངས་རྒྱས་དེའི་ཞབས་ཀྱི་མཐིལ་དུ་ནུབ་པར་འགྱུར་རོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དབང་བསྐུར་བའི་དུས་ལ་བབ་པར་མཁྱེན་ནས་དབང་བསྐུར་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔལ་གྱི་བེའུ་དང༌། རྡོ་རྗེ་དང༌། བཀྲ་ཤིས་བདུད་ཐམས་ཅད་ལས་རྒྱལ་བ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། དེའི་དཔལ་གྱི་བེའུ་ལ་སོགས་པ་གསུམ་དུ་ནུབ་པས་དེའི་སྟོབས་ལ་སོགས་པ་འབུམ་འགྱུར་བས་ཀྱང་ལྷག་པར་འཕེལ་ལོ། །སངས་རྒྱས་དེ་དག་གིས་མཛོད་སྤུ་ནས་ཐམས་ཅད་མཁྱེན་པ་ཉིད་མངོན་པར་ཤེས་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། དེའི་སྤྱི་བོར་ནུབ་པས་བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཡུལ་ལ་མངོན་པར་དབང་བསྐུར་བ་ཞེས་བྱ་བ་ཡིན་པར་གསུངས་སོ། །གཉིས་པ་བློན་པོ་ཆེན་པོའི་དཔེས་བསྟན་པ་ནི། བློན་པོ་ཆེན་པོ་དེ་ལོག་པར་མི་སྤྱོད་པས་བཙུན་མོའི་ནང་དུ་འགྲོ་བ་དང༌། བློ་གཏད་ཐུབ་པས་མཛོད་ཐམས་ཅད་ཀྱི་སྤྱན་བྱེད་པ་དང༌། གསང་གཏམ་ལ་ཡིད་གཏད་དུ་རུང་བ་དང༌། ལོངས་སྤྱོད་ཀྱི་བགོ་བཤའ་ལ་དབང་བ་ལྟ་བུར་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་གནས་པ་དེ་ཡང༌། ཕ་རོལ་ཏུ་ཕྱིན་པ་ས་བཅུ་རྫོགས་པ་ལ་འཇུག་པ་སྟེ་སྤྱོད་པའི་ཕྱིར་དང༌། བྱང་ཆུབ་ཆེན་པོའི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་བདལ་པ་སྟེ་མདོ་སྡེ་རྣམས་ལས་བསྟན་པ་དེ་རྣམས་རྟག་ཏུ་སྤྱན་བྱེད་པ་སྟེ། དེ་དག་གི་དོན་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་མི་བརྗེད་པར་བྱེད་པ་དང༌། སྐུ་གསུང་ཐུགས་ཀྱི་གསང་བའི་གནས་རྣམ་པ་གསུམ་དུས་རྟག་ཏུ་ཡང་དག་པར་འཛིན་པར་བྱེད་པ་དང༌། སེམས་ཅན་མང་པོ་ལ་ཕན་པ་དང་བདེ་བའི་དོན་རྟག་ཏུ་ཚེ་རབས་ཐམས་ཅད་དུ་སྐད་ཅིག་ཀྱང་རྒྱུན་མི་ཆད་པར་རབ་ཏུ་བྱེད་པའི་ཕྱིར་བློན་པོ་ཆེན་པོ་དང་འདྲའོ། །གསུམ་པ་རྟོགས་པའི་ཁྱད་པར་ནི། དང་པོ་ཆོས་འདི་ལ་མོས་པའི་དུས་ཉིད་ན་བསོད་རྣམས་ཀྱི་ཕུང་པོ་ཆེན་པོ་ཐོབ་སྟེ། རྒྱུད་བླ་མ་ལས། བློ་ལྡན་རྒྱལ་བའི་ཡུམ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །ཞེས་གསུངས་པ་ཡིན་ནོ། །སེམས་བསྐྱེད་པ་ན་སྲིད་པ་གསུམ་གྱི་བླ་མར་འགྱུར་ཏེ། གང་གི་ཚེ་ན་ཁྱོད་ཀྱི་ཐུགས། །དང་པོ་བསྐྱེད་པ་དེ་ཡི་ཚེ། །ཁྱོད་ནི་འཇིག་རྟེན་ཐམས་ཅད་ཀྱི། །མཆོད་གནས་བླ་ན་མེད་བཞུགས་ལགས། །ཞེས་གསུངས་པ་ཡིན་ནོ། །མོས་སྤྱོད་དུ་བསམ་བཞིན་དུ་གཞན་དོན་དུ་གང་འདོད་པར་སྐྱེས་པས་སྲིད་པའི་བདེ་བ་ཐོབ་པ་དང༌། ས་དང་པོར་བདག་གཞན་མཉམ་པ་ཉིད་དུ་རྟོགས་པས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་རབ་ཏུ་ཞི་བར་བྱེད་པ་དང༌། ས་བརྒྱད་པར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་པས་བློ་མཆོག་གི་བདེ་བ་ཐོབ་བོ། །སངས་རྒྱས་པ་ན་མདོ་སྡེ་ལ་སོགས་པའི་ཆོས་མང་པོའི་ཕུང་པོ་འབྱུང་བའི་གནས་སུ་གྱུར་ཅིང༌། སྤངས་རྟོགས་མཐར་ཕྱིན་པས་ན་མཆོག་རབ་ཕུང་པོ་ལྷག་མེད་དུ་ཡང་མི་ཟད་པས་རྟག་པའི་སྐུ་སྟེ། རྒྱུད་བླ་མ་ལས། འཆི་མེད་ཞི་བའི་གནས་ཐོབ་ལ། །འཆི་བདག་རྒྱུ་བ་མེད་པའི་ཕྱིར། །འདུས་མ་བྱས་པའི་རང་བཞིན་ཕྱིར། །ཐུབ་པ་གདོད་ནས་རབ་ཞིའི་ཕྱིར། །རྟག་པ་སྐྱབས་མེད་རྣམས་ཀྱི་ནི། །སྐྱབས་ལ་སོགས་པ་འཐད་ཕྱིར་རོ། །ཞེས་པ་ལྟར་རོ། །དེ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་དགེ་བའི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ལ། སྐུ་དེ་ཡང་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟློག་ཅིང་སྒྲིབ་པ་གཉིས་སྤངས་པས་སྲིད་པ་ལས་གྲོལ་ཞིང༌། ཕྲིན་ལས་རྒྱུན་མི་ཆད་པས་ཞི་བའི་མཐའ་ལས་ཀྱང་རྣམ་པར་གྲོལ་བ་ཐོབ་པ་ཡིན་ནོ། །བཞི་པ་ཟིལ་གནོན་གྱི་ཁྱད་པར་ནི། བློ་ལྡན་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ཚོགས་རང་སངས་རྒྱས་དང་བཅས་པ་རྣམས་ཟིལ་གྱིས་གནོན་ནོ། །གང་གིས་ཞེ་ན་དགེ་བ་རྒྱ་ཆེན་པོ་ལ་སོགས་པས་སོ། །ཚུལ་ཇི་ལྟར་ཞེ་ན། དགེ་བ་དེའི་ཁྱད་པར་ཡང་མོས་སྤྱོད་དུ་འཇིག་རྟེན་པའི་དགེ་བ་བསམ་པ་སེམས་བསྐྱེད་རྒྱ་ཆེན་པོ་དང༌། ས་དང་པོར་འཇིག་རྟེན་མ་ཡིན་པ་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བདག་གཞན་མཉམ་པ་ཉིད་དུ་རྟོགས་པར་སྦྱོར་བས་རང་གཞན་གྱི་དོན་ཆེན་པོ་དང༌། ས་གཉིས་པ་ནས་བདུན་པའི་བར་དུས་དང་པོ་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་མཐའ་ཡས་ཤིང་རྟག་ཏུ་རྒྱུན་མི་ཆད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། དག་ས་གསུམ་དུ་དགེ་བ་ཟད་མི་ཤེས་པའི་སྟོབས་ཀྱི་རྣམ་པར་མི་རྟོག་པ་ལ་སོགས་པ་བཞི་ལ་དབང་འབྱོར་པ་ཐོབ་སྟེ། དབང་འབྱོར་བ་ཐོབ་པ་དེ་ནི་ཉན་རང་ལྟར་ཕུང་པོ་ཞི་བས་ཡོན་ཏན་ཟད་པར་མི་འགྱུར་བས་ན་ཟད་མི་ཤེས་པས་སོ། །ས་མཚམས་དེ་ལྟར་ཡིན་པར་ཡང༌། སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །ཞེས་པའི་འགྲེལ་པར། སེམས་ཅན་རྣམས་ཡོངས་སྨིན་པར་བྱེད་པ་ནི་ས་ལ་ཞུགས་པ་ས་བདུན་པའི་བར་ལ་རིག་པར་བྱའོ། །ཞེས་བཤད་ཅིང༌། དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །ཞེས་གསུངས་པས། འཇིག་རྟེན་མ་ཡིན་ཞེས་པ་ས་དང་པོ་ལ་ཞུགས་པ་རྣམས་ཀྱིས་འཐོབ་བོ། །གསུམ་པ་སྐྱབས་འགྲོ་གཏན་ལ་དབབ་པ་ལ། ཐེག་ཆེན་གྱི་སྐྱབས་འགྲོ་འདིའི་ངོ་བོ་ནི། སངས་རྒྱས་དེ་དངོས་སུ་ཐོབ་པར་འདོད་པས་དཀོན་མཆོག་གསུམ་ལ་བརྟེན་པར་ཁས་ལེན་པ་ཡིན་ལ། དེ་ཡང་རྒྱུ་སེམས་ཅན་ལ་སྙིང་བརྩེ་བ་ལས་བྱུང་བར་རིག་པར་བྱའོ། །དེ་ལས་འབྲས་བུ་རྣམ་པ་ཀུན་མཁྱེན་ས་ཐོབ་ཅིང༌། དེ་ལས་སེམས་ཅན་ལ་གཏན་དུ་ཕན་པ་དང༌། འཕྲལ་དུ་བདེ་བ་བྱེད་ཅིང་གཞན་དོན་གྱི་དཀའ་སྤྱད་ལའང་སྐྱོ་བ་མེད་པའོ། །ལྡན་པ་ནི་གདུལ་བྱ་རྣམས་འཁོར་བ་ལས་ངེས་པར་འབྱུང་བའི་ཐབས་ལ་ཐེག་པ་གསུམ་ཀ་བསྟན་པས་ཐེག་པ་གསུམ་གྱི་རྟོགས་པའི་ཡོན་ཏན་དང་རྟག་ཏུ་ལྡན་ལ། འཇུག་པའི་དོན་ནི་མོས་སྤྱོད་དུ་དགེ་བའི་བཤེས་གཉེན་ལ་སོགས་པ་ལས་ཐོབ་པ་བརྡའ་ལས་བྱུང་བ་སྟེ་རགས་པ་དང༌། ས་དང་པོ་ཐོབ་ནས་ཆོས་ཉིད་ཀྱིས་ཐོབ་པ་སྟེ་ཕྲ་བ་ཡིན་ཏེ། དེ་ལྟར་ཁྱད་པར་དྲུག་དང་ལྡན་པའི་བློ་ལྡན་རྣམས་ཀྱི་སྐྱབས་འགྲོ་འདི་སྐྱབས་འགྲོ་ཐམས་ཅད་ཀྱི་ནང་ནས་མཆོག་ཡིན་ནོ། །གཉིས་པ་ཆེ་བ་ནི། ཐེག་ཆེན་གྱི་སྐྱབས་སུ་འགྲོ་བ་འདིར་སོང་ན་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ལྟར་སྐྱབས་སུ་སོང་བའི་གང་ཟག་དེ་ནི། རང་དོན་ཚད་མེད་པའི་ཚོགས་འཕེལ་པར་འགྱུར་ཞིང་གཞན་ལ་བསམ་པའི་སྒོ་ནས་འགྲོ་བ་འདི་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེའི་བསམ་པས་ཁྱབ་ཅིང༌། སྦྱོར་བའི་སྒོ་ནས་ཉན་རང་ལས་ཁྱད་པར་དུ་འཕགས་པས་ན་མཚུངས་པ་མེད་པའི་འཕགས་པ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་ཆེན་གྱི་ཆོས་ཀྱང་རྒྱས་པར་བྱེད་པའི་ཕྱིར་རོ། །སྐྱབས་འགྲོའི་སྐབས་བཤད་ཟིན་ཏོ།།  ༈  །།དེ་ལྟར་སྐྱབས་འགྲོ་བསྟན་ནས་སྐྱབས་འགྲོའི་ཡོན་ཏན་ཐམས་ཅད་ཐེག་ཆེན་གྱི་རིགས་ཅན་ཁོ་ནས་ཐོབ་པས་དེའི་རྗེས་ལ་རིགས་ཀྱི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་དབུ་མ་པའི་འདོད་ཚུལ་དང༌། སེམས་ཙམ་པའི་འདོད་ཚུལ་གཉིས་སོ། །དང་པོ་དབུ་མ་པའི་འདོད་ཚུལ་ནི། རིགས་ཞེས་པའི་དོན་ནི། བྱང་ཆུབ་ཐོབ་པའི་རྟེན་ཡིན་ལ། དེ་ཡང་སེམས་ཅན་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་དང་དོན་གཅིག་པས་བདེ་གཤེགས་སྙིང་པོ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་པས་རིགས་ཆད་མི་སྲིད་དོ། །སེམས་ཀྱི་ཆོས་དབྱིངས་ལ་རིགས་སུ་འདོད་པའི་དོན་གྱིས་མཐར་ཐུག་ཐེག་པ་གཅིག་ཁོ་ནའོ། །ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་སོ། །རྒྱུད་བླ་མ་ལས། བདེ་གཤེགས་སྙེང་པོ་སྐབས་འགའ་ཞིག་ཏུ་ཆོས་ཉིད་ཀྱི་ལྡོག་པ་ནས་བསྟན་ལ། རེས་འགའ་ནི་ཆོས་ཅན་སེམས་རིག་ཅིང་གསལ་ཙམ་གྱི་ལྡོག་པ་ནས་ཀྱང་བསྟན་པར་སྣང་ངོ༌། མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀྱི་ནི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་གྱིས། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཅེས་པ་འདི་རྒྱུད་བླ་མའི་འགྲེལ་པར་སེམས་ཅན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་པའི་ཁུངས་སུ་མཛད་ཅིང༌། ཐེག་བསྡུས་སུ། ཀུན་གཞི་ཡོད་པའི་སྒྲུབ་བྱེད་དུ་མཛད་པའི་དོན་ཅི་ཞེ་ན། རྒྱུད་བླ་མར་ནི། ཀུན་གཞིའི་ཆོས་ཉིད་ཀྱི་ལྡོག་པ་ནས་གསུངས་ལ། ཐེག་བསྡུས་སུ། ཆོས་ཅན་ཀུན་གཞིའི་ལྡོག་པ་ནས་གསུངས་ཤིང༌། ཆོས་ཅན་ཆོས་ཉིད་ཕན་ཚུན་མི་འཁྲུལ་བས་གཉིས་ཀའི་སྒྲུབ་བྱེད་དུ་འགྱུར་བས་མི་འགལ་ལོ། །གལ་ཏེ་སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ལ་བདེ་གཤེགས་སྙིང་པོར་བྱེད་པ་མི་འཐད་དེ། སེམས་ཅན་ལ་བདེ་གཤེགས་མེད་པའི་ཕྱིར་ཞེ་ན། འབྲས་བུའི་མིང་ཉེ་བར་བཏགས་པ་སྟེ། རྒྱུད་བླ་མའི་འགྲེལ་པར། སེམས་ཅན་ནང་ན་སངས་རྒྱས་ཡེ་ཤེས་གནས། །དེ་ནི་རང་བཞིན་གཉིས་མེད་དྲི་མ་མེད། །སངས་རྒྱས་རིགས་ལས་འབྲས་བུ་བཏགས་ནས་ནི། །ལུས་ཅན་ཐམས་ཅད་སངས་རྒྱས་སྙིང་པོར་བརྗོད། །ཅེས་གྲངས་པ་ལྟར་རོ། །གཉིས་པ་སེམས་ཙམ་པའི་འདོད་ཚུལ་ནི། བདེ་གཤེགས་སྙིང་པོ་དང་རིགས་དོན་མི་གཅིག་སྟེ། བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཁྱབ་ཀྱང་རིགས་ཀྱིས་མ་ཁྱབ་པའི་ཕྱིར་ཏེ། རིགས་ཆད་ཀྱི་སེམས་ཅན་སྲིད་པས་སོ། །འདིར་ཡང་དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ་ཞེས་པ་དང༌། འགྲེལ་པར། རིགས་མེད་པ་ལ་གནས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པར་བཞེད་དོ་ཞེས་གསུངས་སོ། །ཁ་ཅིག་རྒྱས་འགྱུར་གྱི་རིགས་ཆད་པ་ལ་དགོངས་སོ་ཞེས་པ་ནི་མ་ཡིན་ཏེ། ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །ཅེས་པ་སོགས་ཤིན་ཏུ་གསུངས་པའི་ཕྱིར་རོ། །འདིར་ཆོས་དབྱིངས་ལ་རིགས་སུ་མི་འདོད་དེ། གལ་ཏེ་འདོད་ན། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་པའི་རིགས་པས་རང་གི་མཐར་ཐུག་ཐེག་པ་གསུམ་དུ་སྟོན་པས་གནོད་པས་སོ། །རིགས་ཆད་ཀྱིས་སེམས་ཅན་མི་སྲིད་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པར་བསྟན་པའི་མདོ་དང༌། རིགས་ཆད་ཀྱི་སེམས་ཅན་ཡོད་པ་དང༌། མཐར་ཐུག་ཐེག་པ་གསུམ་དུ་བསྟན་པའི་མདོ་གཉིས་ཀྱི་དགོངས་པ་ཇི་ལྟར་བལྟ་ཞེ་ན། དབུ་སེམས་གཉིས་ཀས་བཅོམ་ལྡན་འདས་ཀྱི་གསུང་རབ་ཁས་ལེན་པར་འདྲ་ཡང་དྲང་དོན་དང་ངེས་དོན་དུ་འཆད་པའི་ཚུལ་མི་འདྲ་སྟེ། དབུ་མ་པས་རིགས་ཆད་ཀྱི་སེམས་ཅན་མི་སྲིད་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པ་ངེས་དོན་དུ་འདོད་ལ། སེམས་ཙམ་པས་རིགས་ཆད་ཀྱི་སེམས་ཅན་སྲིད་པ་དང༌། མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་ངེས་དོན་དུ་བཞེད་ཅིང༌། སྔ་མ་དྲང་དོན་དུ་བཞེད་དོ། །འདིར་འཆད་པ་ནི་དབུ་མ་པས་དྲང་དོན་དུ་འདོད། སེམས་ཙམ་པས་ངེས་དོན་དུ་བཞེད་དོ། །གང་དག་མདོའི་དགོངས་པ་ཡིན་ལ་བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་ནོ་ཞེས་འཆད་པ་ནི་བབ་ཅོལ་འབའ་ཞིག་སྟེ། བཅོམ་ལྡན་འདས་ཀྱིས་བདེན་པ་གཉིས་ལས་ཀུན་རྫོབ་ཀྱི་རྣམ་པར་བཞག་པ་མི་བཞེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། རིགས་ཡོད་མེད་ཀྱི་དབྱེ་བ། རིགས་ཡོད་པའི་ཆེ་བ། ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། རིགས་ཐ་དད་ཡོད་པར་སྒྲུབ་པ་དང༌། ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པ་དང༌། རིགས་ཀྱི་མཚན་ཉིད་དང༌། ཐེག་ཆེན་གྱི་རིགས་སད་པའི་རྟགས་དང༌། རིགས་དབྱེ་བ་དང༌། རིགས་རྒྱས་པ་ལ་བར་དུ་གཅོད་པར་བྱེད་པའི་ཉེས་དམིགས་དང༌། རིགས་སད་པའི་ཕན་ཡོན་དང༌། ཐུན་མོང་གི་ཡོན་ཏན་སྐྱེད་པ་གསེར་གྱི་རིགས་ཀྱི་དཔེ་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་སྐྱེད་པ་རིན་པོ་ཆེའི་རིགས་ཀྱི་དཔེ་དང་རྣམ་པ་གཉིས་ཏེ། རེ་རེ་ལ་ཡང་རྣམ་པ་བཞི་བཞི་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་དོན་དགུ་པོ་དེ་ཉིད་རིམ་པ་ལྟར་སྟོན་པ་ལས། དང་པོ་རིགས་ཐ་དད་ཡོད་པར་སྒྲུབ་པ་ལ། ལུང་གི་སྒྲུབ་བྱེད་ནི། ཁམས་ཀྱི་དབྱེ་བ་དཔག་ཏུ་མེད་པ་ཡོད་དེ། སེམས་ཅན་རྣམས་ནི་ཁམས་སྣ་ཚོགས་ཅན་ཡིན་པས་སོ། །ཇི་སྐད་དུ། བ་རུ་རའི་མདོ་ལས། བ་རུ་རའི་ཕུང་པོ་དེ་ལས་འགའ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་བ་རུ་ར་རེ་རེ་ཞིང་བླངས་ཏེ། བ་རུ་ར་འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ་ཞེས་དེ་སྐད་ཟེར་ན། བ་རུ་རའི་ཕུང་པོ་དེ་ནི་མྱུར་བ་ཁོ་ནར་ཟད་པ་དང༌། ཡོངས་སུ་གཏུགས་པར་འགྱུར་གྱི་ཁམས་ནི་དེ་ལྟར་ཡོངས་སུ་གཏུགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །རིགས་པའི་སྒྲུབ་བྱེད་ནི། ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཉིད་དུ་ཡོད་པ་ངེས་པ་ཞེས་བརྗོད་དེ། དང་པོ་ཉིད་ནས་རང་ཉིད་ཐེག་པ་གང་རུང་གཅིག་ལ་མོས་པ་དང༌། ལམ་གྱི་དུས་ན་རྐྱེན་གྱི་དབང་གིས་ཐེག་ཆེན་ལྟ་བུ་གཅིག་ལ་མོས་པ་སྐྱེད་ཀྱང་ལ་ལ་ངེས་པར་སྒྲུབ་ཅིང་ལ་ལ་མི་སྒྲུབ་པས་སྒྲུབ་པ་ཐ་དད་པའི་དབྱེ་བ་ཡོད་པ་དང༌། འབྲས་བུའི་དུས་ན་མཐར་ཐུག་གི་མཐུ་ཐ་དད་གསུམ་དམིགས་པའི་ཕྱིར། གཉིས་པ་ཐེག་ཆེན་རིགས་མཆོག་ཏུ་བསྟན་པ་ནི། ཐེག་ཆེན་གྱི་རྟོགས་པ་དེ་ལ་བརྟེན་པའི་དགེ་བས་སྒྲིབ་པ་གཉིས་ཀྱི་གཉེན་པོ་བྱེད་པས་ཉན་རང་ལས་ཁྱད་པར་འཕགས་པ་དང༌། སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་བྱེད་པ་དང༌། རང་གཞན་གཉིས་ཀའི་དོན་ཆེན་པོ་བྱེད་པ་དང༌། ཕུང་པོ་ལྷག་མེད་དུ་ཡང་ཡོན་ཏན་མི་ཟད་པའི་རྒྱུ་མཚན་ཏེ་བཞི་པོ་དེའི་ཕྱིར་ཐེག་ཆེན་གྱི་རིགས་དེ་ཉན་རང་གི་རིགས་ལས་མཆོག་ཡིན་ནོ། །གསུམ་པ་རིགས་ཀྱི་མཚན་ཉིད་ལ། མཚན་ཉིད་ངོས་བཟུང་བ་ནི། བྱང་ས་ལས། དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་སྒྲུབ་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པའི་སྟོབས་ཀྱིས་ཐོབ་པ་གང་ཡིན་པ་དེ་ནི་ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་རིགས་ཀྱི་རང་བཞིན་ནི། སྐྱེ་མཆེད་དྲུག་གི་ཁྱད་པར་རྐྱེན་དང་ཕྲད་ན་སྒྲིབ་པ་སྤང་རུང་དུ་གནས་པའོ། །རྒྱས་པའི་རིགས་ནི་རང་བཞིན་གནས་རིགས་དགེ་བས་གསོས་བཏབ་པའོ། །དེ་གཉིས་ནི་གོ་རིམ་བཞིན་རྟེན་བརྟེན་པ་ཡིན་ཞིང་རང་བཞིན་གྱི་རིགས་ཙམ་དེ་རྒྱུར་ཡོད་ལ་ཡོན་ཏན་མངོན་དུ་མ་གྱུར་པས་འབྲས་བུར་མེད་ཅིང༌། རྒྱས་པའི་རིགས་གཉིས་ཀར་ཡོད་དེ། སྒྲའི་དོན་ནི་གོ་ཏྲ་ཞེས་པའི་སྒྲ་ལས་དྲངས་ན་འདི་ལས་ཡོན་ཏན་སྒྲོལ་ཞིང་འབྱུང་བའི་ཕྱིར་ན་རིགས་ཞེས་བྱ་སྟེ་མཚན་ཉིད་ཀྱང་དེ་ཡིན་ནོ། །བཞི་པ་ཐེག་ཆེན་གྱི་རིགས་སད་པའི་རྟགས་ནི། ཐེག་ཆེན་གྱི་ལམ་ལ་སྦྱོར་བའི་སྔོན་ཉིད་དུ་ཡང་བསམ་པའི་ཡོན་ཏན་དང་རང་བཞིན་གྱིས་སྙིང་རྗེ་ཆེ་བ་དང༌། ཐེག་ཆེན་གྱི་ཆོས་ལ་མོས་པ་དང༌། སྦྱོར་བའི་ཡོན་ཏན་གཞན་དོན་གྱི་དཀའ་སྤྱོད་བཟོད་པ་དང༌། སྤྱིན་པ་ལ་སོགས་པའི་དགེ་བ་ཡང་དག་པར་སྤྱོད་པ་ནི་རིགས་སད་པའི་རྟགས་སུ་ངེས་པར་བཤད་དོ། །ལྔ་པ་རིགས་ཀྱི་རབ་ཏུ་དབྱེ་བ་ནི། ངེས་པ་དང་མ་ངེས་པ་གཉིས་ཡིན་ཞིང༌། དེའི་དོན་ཡང་རྐྱེན་རྣམས་ཀྱིས་མི་འཕྲོགས་པ་སྟེ་གཞན་དུ་སྒྱུར་མི་ནུས་པ་དང༌། འཕྲོགས་པ་ཉིད་དེ་གཞན་དུ་སྒྱུར་ནུས་པ་སྟེ། མདོར་ན། རིགས་ཀྱི་དབྱེ་བ་དེ་ནི་མིང་གི་སྒོ་ནས་རྣམ་པ་བཞི་ཡིན་ལ། ངོ་བོ་ཉིད་ནི་གཉིས་ཡིན་ནོ། །དྲུག་པ་རིགས་ཀྱི་ཉེས་དམིགས་ནི། ཉོན་མོངས་པ་གོམས་ཤིང་དེ་ལ་ཉེས་དམིགས་སུ་མི་ལྟ་བ་དང༌། དགེ་བ་བཟང་པོ་ལ་ཟློག་ནས་དམན་པ་ལ་སྦྱོར་བའི་གྲོགས་ངན་པ་དང་འགྲོགས་པ་དང༌། ཡོ་བྱད་ཀྱིས་ཕོངས་ནས་ལམ་སྒྲུབ་མི་ནུས་པ་དང༌། གཞན་གྱི་དབང་དུ་གྱུར་ནས་ལམ་སྒྲུབ་དབང་མེད་པ་སྟེ། མདོར་ན་རིགས་ཀྱི་ཡོན་ཏན་རྒྱས་པར་སྐྱེ་བ་ལ་བར་དུ་གཅོད་པའི་ཉེས་དམིགས་དེ་དག་ནི་རྣམ་པ་བཞིར་ཤེས་པར་བྱའོ། །བདུན་པ་ཕན་ཡོན་ནི། ཐེག་ཆེན་གྱི་རིགས་སད་པ་དང་ལྡན་པ་དེ་མི་དགེ་བ་བྱས་ཀྱང་དུས་རིང་མོ་ཞིག་ནས་ངན་སོང་དུ་འགྲོ་བ་སྲིད་ཀྱི་མྱུར་དུ་མི་འགྲོ་ཞིང༌། གལ་ཏེ་སོང་ན་ཡང་མྱུར་དུ་ཐར་བ་དང༌། ངན་སོང་དེར་གནས་པ་ན་སྡུག་བསྔལ་ཆུང་ངུ་ཙམ་མྱོང་གི ཆེན་པོ་མི་མྱོང་བ་དང༌། མི་དགེ་བའི་ལས་རྣམས་ཀྱིས་ཡིད་སྐྱོ་བ་དང་བཅས་ཤིང༌། ངན་སོང་ན་གནས་པའི་སེམས་ཅན་རྣམས་སྨིན་པར་བྱེད་དོ། །ངན་སོང་དུ་སྐྱེས་ཀྱང་ཕན་ཡོན་འདི་དག་འབྱུང་ན་གཞན་དུ་ལྟ་ཅི་སྨོས་ཞེས་པའི་དོན་ཏོ། །བརྒྱད་པ་ཐུན་མོང་གི་ཡོན་ཏན་བསྐྱེད་པ་གསེར་གྱི་དཔེ་ནི། གསེར་གྱི་རིགས་འབྱུང་ཁུང་བཟང་པོ་ལས་གསེར་མང་པོ་དང༌། རང་བཞིན་གྱིས་འོད་གསལ་བ་དང༌། གློ་བུར་གྱི་དྲི་མ་མེད་པ་དང༌། ཇི་ལྟར་འདོད་པ་བཞིན་ལས་སུ་རུང་བ་འབྱུང་བ་བཞིན་དུ་ཐེག་ཆེན་གྱི་རིགས་དེ་ཡང་ཐུན་མོང་གི་ཡོན་ཏན་གྱི་འབྱུང་གནས་སུ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། དགེ་བ་དཔག་ཏུ་མེད་པའི་གནས། བདག་མེད་རྟོགས་པའི་ཡེ་ཤེས་དང༌། ཉོན་མོངས་པའི་དྲི་མ་མེད་པའི་སྤངས་བ་དང་ལྡན་པ་དང༌། མངོན་པར་ཤེས་པ་ལ་སོགས་པ་མཐུ་རྣམས་ཀྱི་ཡང་གནས་ཡིན་པའི་ཕྱིར་རོ། །དགུ་པ་ཐུན་མོང་མ་ཡིན་པའི་ཡོན་ཏན་སྐྱེད་པ་རིན་པོ་ཆེའི་རིགས་ཀྱི་དཔེ་ནི། རིན་པོ་ཆེ་མཆོག་གི་རིགས་ཏེ། འབྱུང་ཁུངས་ནས་ཕུན་སུམ་ཚོགས་པ་འབྱུང་བ་བཞིན་དུ་ཐེག་ཆེན་གྱི་རིགས་དེ་ཡང་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་འབྱུང་གནས་སུ་ཤེས་པར་བྱའོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུ་མཚན་ཏེ་རྟེན་ཡིན་པའི་ཕྱིར་དང༌། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཆེན་པོ་བཞི་དང༌། རྡོ་རྗེ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་པ་དང༌། སེམས་ཅན་མང་པོ་སྨིན་གྲོལ་གྱི་དོན་གྱི་གནས་བྱེད་པའི་ཕྱིར་རོ། །རིགས་མེད་པའི་དབྱེ་བ་ནི། གང་ཟག་ལ་ལ་གཅིག་ཏུ་མཚམས་མེད་པ་ལ་སོགས་པའི་ཉེས་པ་མཐའ་གཅིག་ཏུ་སྤྱོད་པར་ངེས་པ་ཡོད་ཅིང༌། ལ་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་ནས་དཀར་པོའི་ཆོས་དགེ་བའི་རྩ་བ་རྣམས་ཀུན་ཏུ་བཅོམ་པ་དང༌། ལ་ལ་བསོད་ནམས་ཆ་མཐུན་གྱི་དགེ་བ་ཙམ་ཡོད་ཀྱང༌། ཐར་པ་ཆ་མཐུན་གྱི་དགེ་བ་མེད་པ་དང༌། འགའ་ཞིག་དཀར་པོ་དགེ་བ་ཆ་མཐུན་གྱིས་དམན་པ་ཙམ་ཞིག་ཡོད་ཀྱང་ཚོགས་རྫོགས་པར་བྱེད་པའི་རྐྱེན་ཤིན་ཏུ་ཞན་པ་དང༌། ལ་ལ་རིགས་མེད་པས་ཐར་པའི་རྒྱུ་དང་བྲལ་བའོ། །འདིར་རིགས་ཆད་ཡོད་པར་བཤད་པ་དང༌། རྒྱུད་བླ་མ་ན་མེད་པར་བཤད་པ་འགལ་ལོ་ཞེ་ན། རྒྱུད་བླར་རིགས་ཆད་ཀྱི་སེམས་ཅན་གསུངས་པ་དྲང་དོན་དུ་བཤད་དེ། དགོས་པ་ཐེག་ཆེན་ལ་སྡང་བ་ཟློག་པའི་དོན་ཡིན་ལ། དགོངས་གཞི་ཐར་པ་མྱུར་དུ་ཐོབ་པ་དཀའ་བ་ལ་སོགས་པ་ལ་དགོངས་སོ། །གནོད་བྱེད་ནི། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར་འགའ་ཡང་གཏན་རྣམ་པར་དག་པ་མི་འགྱུར་བར་ནི་འོས་པ་མ་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །གཉིས་པ་རིགས་ཡོད་པའི་ཆེ་བ་ནི། ཤེས་རབ་ཟབ་ཅིང་ཐབས་རྒྱ་ཆེར་བཤད་པ་ཡུལ་གཞན་ལ་ཕན་པའི་ཕྱིར། བསྟན་པའི་ཆོས་ཐེག་པ་ཆེན་པོ་ལ་དོན་ལེགས་པར་མི་ཤེས་བཞིན་དུ་ཡང་མོས་པ་ཤིན་ཏུ་རྒྱ་ཆེན་པོ་འབྱུང་བ་དང༌། གཞན་དོན་སྒྲུབ་པར་བཟོད་ཅིང་མི་སྐྱོ་བ་དང༌། ཐེག་ཆེན་གྱི་རིགས་ལྡན་དེ་དག་ཐ་མར་ཉན་རང་དང་འཇིག་རྟེན་པ་གཉིས་ལས་མཆོག་ཏུ་གྱུར་བས་བྱང་ཆུབ་ཆེན་པོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་དང་གསུམ་ལས། དང་པོ་གཉིས་ནི། བྱང་ཆུབ་སེམས་དཔའི་རང་བཞིན་གྱི་རིགས་ཡོན་ཏན་དང་ལྡན་པ་ལས་བྱུང་བ་ཡིན་ཏེ། ཐ་མ་ནི་རྒྱས་པའི་རིགས་ལས་བྱུང་བར་ཤེས་པར་བྱའོ། །གསུམ་པ་ཐེག་ཆེན་གྱི་རིགས་མཆོག་ཏུ་བསྟན་པ་ནི། སྟོབས་ལ་སོགས་པའི་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ་བྱང་ཆུབ་ཀྱི་ཤིང་བསྐྱེད་པར་བྱེད་པའི་ཕྱིར་དང༌། བདེ་བ་ཆེན་པོ་སྐྱེད་པ་དང༌། སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་པར་བྱ་བའི་ཕྱིར་ས་བཅུའི་ཡལ་འདབ་དང༌། བདག་དང་གཞན་ལ་ཕན་པ་དང༌། བདེ་བ་བྱེད་པའི་ཕྲིན་ལས་ཀྱི་འབྲས་བུ་འབྱུང་བའི་ཕྱིར། ཐེག་ཆེན་གྱི་རིགས་མཆོག་དེ་ནི། ལྗོན་ཤིང་གི་རྩ་བ་བཟང་པོ་ལྟ་བུ་ཡིན་ནོ། །རིགས་ཀྱི་སྐབས་བཤད་ཟིན་ཏོ།།  ༈  །།དེ་ལྟ་ཐེག་ཆེན་གྱི་རིགས་དང་ལྡན་པ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བས་དེའི་འོག་ཏུ་སྤྱོད་པ་ཉམས་སུ་ལེན་པའི་གཞི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟོན་ནོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། སེམས་བསྐྱེད་པའི་མཚན་ཉིད། མཚན་གཞིའི་དབྱེ་བ། མཚན་གཞི་གཏན་ལ་དབབ་པའོ། །དང་པོ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློའོ། །འཕགས་སེང་གཉིས་ཀྱིས་གཙོ་བོ་སེམས་སུ་འདོད་ལ། སྐུ་མཆེད་གཉིས་ཀྱིས་སེམས་བྱུང་དུ་འདོད་དོ། །གལ་ཏེ་སེམས་བྱུང་ལ་སེམས་བསྐྱེད་ཀྱི་སྒྲ་དོན་མེད་དོ་ཞེ་ན། སེམས་སྐྱེད་པར་བྱེད་པ་ན་སེམས་སྐྱེད་ཅེས་བྱེད་པའི་ཆ་ནས་བཤད་པའི་སྒྲ་དོན་ཤིན་ཏུ་འཐད་དོ། །གཉིས་པ་ལ་གཉིས་ཏེ། སྨོན་པ་སེམས་སྐྱེད་དང༌། འཇུག་པ་སེམས་སྐྱེད་དོ། །འདི་གཉིས་ཀྱི་ཁྱད་པར་གྱི་འདོད་ཚུལ་ལ་བཞི་སྟེ། ཀཱ་མ་ལ་ཤི་ལས། བསླབ་པའི་གྲོགས་ཀྱིས་ཟིན་མ་ཟིན་ལ་འདོད། ཆོས་ཀྱི་བཤེས་གཉེན་གྱིས།  ཆོ་གས་བསྐྱེད་མ་སྐྱེད་ལ་འདོད་ལ། ཇོ་བོ་རྗེས། འབྲས་བུ་སངས་རྒྱས་ལ་དམིགས་པ་དང༌། རྒྱུ་ལམ་ལ་དམིགས་པ་ལ་འདོད། ཡེ་ཤེས་ཞབས་ཀྱིས། འཇིག་རྟེན་ལས་འདས་མ་འདས་ལ་འདོད། སྔ་མ་གཉིས་དོན་གཅིག་ཏེ། ཆོ་གས་སྐྱེད་པ་ན་བསླབ་པའི་གྲོགས་ཀྱིས་ཟིན་པའི་ཕྱིར། ཐོགས་མེད་ཀྱི་དགོངས་པའང་ཆོ་གས་བསྐྱེད་མ་སྐྱེད་ལ་འདོད་པར་མངོན་ཏེ། བྱང་ས་ལས། འཇུག་སེམས་ལ་ཆོ་ག་བསྟན་ལ། སྨོན་སེམས་ལ་མ་བསྟན་པའི་ཕྱིར། ཞི་བའི་ལྷའི་དགོངས་པ་ཡང་ཡིན་ཏེ། སྨོན་སེམས་ལ་བསོད་ནམས་རྒྱུན་ཆགས་མི་འབྱུང་ཞིང༌། ཆོ་གས་བླངས་ནས་བསོད་ནམས་རྒྱུན་ཆགས་འབྱུང་བར་བཤད་པའི་ཕྱིར། ཇོ་བོ་རྗེའི་བཞེད་པ་མི་འཐད་དེ། འབྲས་བུ་བྱང་ཆུབ་ལ་དམིགས་པ་ནི་སྨོན་འཇུག་གཉིས་ཀའི་ཐུན་མོང་ཡིན་པའི་ཕྱིར། ཡེ་ཤེས་ཞབས་ཀྱི་བཞེད་པ་ཡང་མི་འཐད་དེ། ཚོགས་སྦྱོར་ན་འཇུག་སེམས་ཡོད་པར་མངོན་པའི་ཕྱིར། གསུམ་པ་མཚན་གཞི་གཏན་ལ་དབབ་པ་ལ་གསུམ་སྟེ། སྐྱེ་བའི་རྒྱུ་དང༌། འབྲས་བུ་དང༌། ཇི་ལྟར་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། བྱང་ས་ལས། རྐྱེན་བཞི་དང༌། རྒྱུ་བཞི་དང༌། སྟོབས་བཞི་ལས་སྐྱེ་བར་གསུངས་སྟེ། རྐྱེན་བཞི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུ་རྨད་དུ་བྱུང་བ་མཐོང་ངམ་ཐོས་ནས་བྱང་ཆུབ་ཆེན་པོར་མོས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འདོད་པ་དང༌། ཐེག་ཆེན་གྱི་ཆོས་ནུབ་ཏུ་ཉེ་བར་མཐོང་ནས་ཐེག་ཆེན་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སེམས་བསྐྱེད་པར་བྱའོ་སྙམ་པ་དང༌། དུས་ཐ་ཆད་ཀྱི་སེམས་ཅན་རྣམས་ཉོན་མོངས་པ་ཆེ་བས་བྱང་ཆུབ་ཀྱི་སེམས་རྙེད་དཀའ་བར་ཤེས་ནས་གཞན་དག་སེམས་བསྐྱེད་དུ་ཞུགས་པའི་ཕྱིར་སེམས་བསྐྱེད་པར་བྱའོ་སྙམ་པའོ། །རྒྱུ་བཞི་ནི། རིགས་ཕུན་སུམ་ཚོགས་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང༌། སྙིང་རྗེ་ཆེ་བ་དང༌། སྡུག་བསྔལ་གྱི་དཀའ་སྤྱད་ཀྱིས་མི་སྐྱོ་བའོ། །སྟོབས་བཞི་ནི། རང་གི་ནང་གི་སྟོབས་དང༌། གཞན་གྱི་སྟོབས་དང༌། སྔོན་གོམས་པ་རྒྱུའི་སྟོབས་དང༌། ཚེ་འདིར་སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་སྦྱོར་བའི་སྟོབས་སོ། །ཞེས་པ་ལྟར་རོ། །དཀོན་མཆོག་སྣང་བའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །རྒྱལ་བའི་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེ་འོ། །ཞེས་གསུངས་སོ། །གཉིས་པ་འབྲས་བུ་ལ་གཉིས་ཏེ། གནས་སྐབས་ཀྱི་འབྲས་བུ་དང༌། མཐར་ཐུག་གི་འབྲས་བུའོ། །དང་པོ་ལ་བཞི་ལས། གང་ཟག་ཁྱད་པར་ཅན་དུ་གྱུར་པ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེད་གྱུར་ན་སྐད་ཅིག་གིས། །སྲིད་པའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །རྒྱལ་བ་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །སྡིག་པ་སྟོབས་ལྡན་སྤང་པ་ནི། སྡིག་པ་སྟོབས་ལྡན་མི་ཟད་བྱས་ན་ཡང༌། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་གྲོལ་གྱུར་པ། །དེ་ལ་བག་ཡོད་ལྡན་རྣམས་ཅིས་མི་བསྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་སོ། །ཡོན་ཏན་མཐའ་ཡས་པ་ཐོབ་པ་ནི། དཀོན་མཆོག་སྣང་བའི་མདོ་ལས། བྱང་ཆུབ་གཞིར་གྱུར་པ་ཡི་རང་བྱུང་སེམས། །ཐོག་མ་ཉིད་དུ་སྐྱེས་པ་གང་ཡིན་པ། །དེ་ཡི་ཡོན་ཏན་བསྔགས་པ་མཐའ་ཡས་ཏེ། །མཚུངས་མེད་ཀྱིས་ཀྱང་དེ་དག་བརྗོད་མི་སྤྱོད། །ཅེས་པ་དང༌། བསོད་ནམས་རྒྱ་ཆེན་པོ་འབྱུང་བ་ནི། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་པ་ལྟར་རོ། །གནས་སྐབས་ཀྱི་འབྲས་བུ་བསྟན་ཟིན་ནོ། །མཐར་ཐུག་གི་འབྲས་བུ་ནི། སངས་རྒྱས་ཐོབ་པ་སྟེ། རྣམ་སྣང་མངོན་བྱང་ལས། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཕྱིན་པར་བྱེད་པ་ནི་ཐབས་སོ། །ཞེས་གསུངས་པ་དང༌། སྡུད་པ་ལས། ཆུ་ཡི་ཐིག་པས་བུམ་པ་དང་པོ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་སོ། །གསུམ་པ་ཇི་ལྟར་བསྐྱེད་པའི་ཚུལ་ལ། སྐྱེད་པར་བྱེད་པའི་ཆོ་ག བསླབ་བྱ་ལ་སློབ་ཚུལ། བྱང་ཆུབ་སེམས་དཔའི་སྡོམ་པ་བཤད་པའོ། །དང་པོ་ལ། གང་ལས་ལེན་པའི་གང་ཟག ཚུལ་ཇི་ལྟར་བླང་བའོ། །དང་པོ་ནི། དབུ་མ་པ་ལྟར་ན། དགྲ་ལས་རྣམ་རྒྱལ་གྱིས། དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཐད་དུ་སོང་ཞེས་བཤད་པ་ལྟར་རོ། །སེམས་ཙམ་པ་ལྟར་ན། བྱང་ས་ལས། བྱང་ཆུབ་སེམས་དཔས་སྨོན་ལམ་བཏབ་པའི་ཕྱིར་ཆོས་མཐུན་པ་ལ་སྡོམ་པ་བླང་བ་ན་མཁས་པ་ཞེས་གསུངས་པ་དང༌། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་གསུངས་སོ། །གང་དག་འཇུག་པ་སེམས་བསྐྱེད་ཀྱི་རྟེན་དུ་སོ་སོར་ཐར་པ་རིགས་བདུན་གྱི་སྡོམ་པ་གང་རུང་དང་ལྡན་པ་ངེས་པར་དགོས་ཞེས་གསུངས་པ་ནི་བརྟག་པར་བྱ་སྟེ། ལྷ་ལ་འཇུག་པ་སེམས་བསྐྱེད་མེད་པར་ཐལ། སོ་སོར་ཐར་པའི་སྡོམ་པ་མེད་པའི་ཕྱིར། གལ་ཏེ་སྡོམ་པའི་རྟེན་ལ་དགོས་ཀྱི་སེམས་བསྐྱེད་ཀྱི་རྟེན་ལ་མི་དགོས་སོ་ཞེ་ན། འཇུག་པ་སེམས་སྐྱེད་བྱང་སེམས་ཀྱི་སྡོམ་པ་ཐོབ་པ་དུས་གཅིག་པའི་ཕྱིར། མི་རིགས་སོ། །བསྐལ་བཟང་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་དཔལ་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ཀྱང༌། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ཚུལ་ཇི་ལྟར་ལེན་པ་ལ་གཉིས་ཏེ། དབུ་མ་པའི་ལུགས་དང༌། སེམས་ཙམ་པའི་ལུགས་སོ། །དང་པོ་ནི། ཀླུ་སྒྲུབ་ཀྱིས། ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། སྐྱབས་སུ་འགྲོ་བ་དང༌། བདག་ཉིད་དབུལ་བ་རྣམས་ལན་གསུམ་བརྗོད་པ་སྔོན་དུ་བཏང་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་པ་ནས། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་གྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་གྱིས་བླངས་ནས་རྗེས་ལ་བསྔོ་བ་དང༌། འཕགས་པ་བདག་བྱང་ཆུབ་སེམས་དཔའ་ལགས་ཀྱི་བྱང་ཆུབ་སེམས་དཔར་བཟུང་དུ་གསོལ། ཞེས་པ་ལ་སོགས་པས་ལེན་པར་བཤད་དོ། །སྤྱོད་འཇུག་ལས་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །བྱང་ཆུབ་སེམས་པའི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་གསུངས་ལ་འདིའི་ཚིགས་སུ་བཅད་པ་སྔ་མས་སྔོན་གྱིས་བདེ་གཤེགས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། དེའི་བསླབ་བྱ་ལ་སློབ་པ་ལྟར། བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་དེའི་བསླབ་བྱ་ལ་སློབ་པར་དམ་བཅའ་བ་བསྟན་ནོ། །གང་དག་འདིས་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་ཡང་བསྟན་པར་བཞེད་པ་ནི་མི་འཐད་དེ། སློབ་དཔོན་འདི་ཉིད་ཀྱིས་སྨོན་པ་སེམས་བསྐྱེད་ཆོ་གས་ལེན་པར་མི་བཞེད་པའི་ཕྱིར། གཉིས་པ་སེམས་ཙམ་པའི་ལུགས་ནི། འཕགས་པ་ཐོགས་མེད་དང༌། ཙཎྜ་གོ་མི་དང༌། ཤནྟ་རཀྵི་ཏ་ལ་སོགས་པས་བཤད་པ་ལྟར་ཏེ། ཉན་ཐོས་ཀྱི་སོ་ཐར་གྱི་སྡོམ་པ་ལེན་པ་སྣོད་བརྟག་པའི་དོན་དུ་འདྲི་བ་སྔོན་དུ་གཏོང་པ་ལྟར་འདིར་ཡང༌། ཐོག་མར་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་དྲི་བ་སྔོན་དུ་བཏང་བར་བཤད་དོ། །དབུ་མ་པའི་ལུགས་ལ་ནི་དྲི་བ་སྔོན་ཏུ་གཏོང་ཚུལ་མ་བཤད་དོ། །དྲི་བ་སྔོན་དུ་གཏོང་བ་དེ་ལྟར་ན་ཡང་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅེས་པས། གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཡོད་དམ་ཞེས་པའི་དོན་ཡིན་པས་སྨོན་པ་སེམས་བསྐྱེད་སྐྱེས་པའི་རྗེས་ལ། ཆོ་གའི་སྒོ་ནས་འཇུག་པ་སེམས་བསྐྱེད་ལེན་པར་བཞེད་པས་སྨོན་པ་སེམས་བསྐྱེད་ལ་ཆོ་ག་མི་དགོས་པར་མངོན་ནོ། །འདི་ལ་ཐོག་མར་དཀོན་མཆོག་ལ་མཆོད་པ་དང་སྐྱབས་འགྲོ་སྔོན་དུ་བཏང་ནས་བར་ཆད་ཡོད་མེད་དྲི་བ་ལ་སོགས་པ་བྱས་ནས་འཇུག་པ་སེམས་བསྐྱེད་བྱེད་ལ། རྗེས་མཁྱེན་པར་གསོལ་བ་ལ་སོགས་པ་མཛད་དོ། །དེས་ན་དབུ་སེམས་གཉིས་ཆོ་གའི་ཚུལ་མི་འདྲའོ། །གལ་ཏེ་དབུ་སེམས་ཀྱི་ཁྱད་པར་ལྟ་བས་འབྱེད་ཀྱིས་ཆོ་གས་འབྱེད་པ་མ་ཡིན་ནོ་ཞེ་ན། དབུ་སེམས་གཉིས་ཆོ་ག་མི་འདྲ་བའི་ཁྱད་པར་སོ་སོར་ཡོད་ཅེས་སྨྲས་ཀྱི། ཆོ་གའི་སྒོ་ནས་འབྱེད་དོ་ཞེས་པ་ནི་མ་སྨྲས་པས་བློ་རྩིང་གི་སྐྱོན་བརྗོད་དོ། །གཞན་ཡང་ལྟ་བ་ཟབ་མི་ཟབ་ཀྱི་བྱེ་བྲག་གིས་ཆོ་གས་བྱའི་སྣོད་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་དེ། ཉན་ཐོས་ཀྱི་སྡོམ་པ་ལེན་པའི་སྣོད་དང༌། བྱང་སེམས་ཀྱི་སྡོམ་པའི་སྣོད་ལ་རྒྱ་ཆེ་ཆུང་གི་ཁྱད་པར་མཐོང་བ་བཞིན་ནོ། །གཞན་ཡང་བྱ་སྤྱོད་སོགས་རྒྱུད་སྡེ་བཞི་ལ་སྟོང་ཉིད་རྟོགས་པའི་ལྟ་བ་འདྲ་ཡང་ཆོ་ག་མི་འདྲ་བའི་ཁྱད་པར་འབྱུང་ན་ལྟ་བ་མི་འདྲ་བས་ཆོ་ག་མི་འདྲ་བ་ལྟ་ཡང་ཅི་སྨོས། གཉིས་པ་བསླབ་བྱ་སློབ་ཚུལ་ལ་གཉིས་ཏེ། བསླབ་བྱ་ཐུན་མོང་བ་དང༌། འདོད་ཚུལ་གྱི་ཁྱད་པར་བསྟན་པའོ། །དང་པོ། ནག་པོའི་ཆོས་བཞི་སྤོང་པ་ལ་སློབ་པ་ནི། དཀོན་མཆོག་བརྩེགས་པའི་མདོར། འོད་སྲུངས་ཀྱིས་ཞུས་པ་ལས་གསུངས་ཏེ། ནག་པོའི་ཆོས་བཞི་ནི། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། མཁན་པོ་དང༌། སློབ་དཔོན་དང༌། བླ་མ་དང༌། སྦྱིན་གནས་བསླུ་བ་དང༌། གཞན་འགྱོད་པ་མེད་པ་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང༌། མི་སྙན་པ་དང༌། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་དང༌། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི། ལྷག་པའི་བསམ་པས་གཞན་ལ་མ་ཡིན་པའོ། །ཞེས་འབྱུང་ངོ༌། །ངག་གི་ཉེས་པ་གཅིག་ཏུ་སྡུད་པས་བཞིའོ། །དཀར་པོའི་ཆོས་བཞི་ནི། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྲོག་གི་ཕྱིར་རམ། བཞད་གད་ཀྱི་ཕྱིར་ཡང་རྫུན་གྱི་ཚིག་མི་སྨྲའོ། །གཡོ་སྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང༌། ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འོད་སྲུངས་བཞི་པོ་དེ་དག་འབྱུང༌། ཞེས་གསུངས་སོ། །སེམས་ཅན་བློས་མི་སྤོང་བ་ནི་ཐམས་ཅད་ཀྱི་རྩ་བའོ། །གཞན་བཞི་ལས་འདས་ན་ཡོན་ཏན་འཕེལ་བར་འགྱུར་བས་ལྔ་པོ་དེ་དག་འབད་མེད་བསླབ་པར་བྱའོ། །གཉིས་པ་འདོད་ཚུལ་གྱི་ཁྱད་པར་བསྟན་པ་ལ། དབུ་མ་པའི་འདོད་ཚུལ་ནི། ཞི་བ་ལྷ་ལ་སོགས་པས་ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲངས་ནས། རྒྱལ་པོ་ལ་འབྱུང་བ་ལྔ་དང༌། བློན་པོ་ལ་འབྱུང་བ་ལྔ་དང༌། ལས་དང་པོ་བ་ལ་འབྱུང་བ་བརྒྱད་དང༌། ཐུན་མོང་དུ་སྨོན་པ་བཏང་བ་དང༌། རྩ་བའི་ལྟུང་བ་བཅུ་དགུར་བཞེད་དོ། །དེ་ལ་རྒྱལ་པོ་ལ་འབྱུང་བ་ལྔ་ནི། བསླབ་བཏུས་ལས། དཀོན་མཆོག་གསུམ་གྱི་འཕྲོགས་རྐུ་བ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་བརྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །སྲོག་དང་བྲལ་བྱེད་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །ཞེས་སོ། །བློན་པོ་ལ་འབྱུང་བ་ལྔ་ནི། རྒྱལ་པོ་ལ་འབྱུང་བ་དང་པོ་བཞི་དང༌། གྲོང་ཁྱེར་ལ་སོགས་པ་འཇོམས་པར་བྱེད་པ་དང་ལྔ་ཡིན་ཏེ། དེ་ཉིད་ལས། གྲོང་ལ་སོགས་པ་འཇིག་པ་ཡང༌། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །ཞེས་སོ། །ལས་དང་པོ་པ་ལ་འབྱུང་བ་བརྒྱད་ནི། བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་ཞུགས་པ་དག །རྫོགས་པའི་བྱང་ཆུབ་ལྡོག་པ་དང༌། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་རྣམས། །ཁ་བཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་འབྱུང་ངོ༌། །གཉིས་པ་སེམས་ཙམ་པའི་ལུགས་བསྟན་པ་ནི། འཕགས་པ་ཐོགས་མེད་རྗེས་འབྲང་དང་བཅས་པའི་ལུགས་ཀྱིས་ཕམ་པའི་གནས་ཀྱི་ལྟུང་བ་དང༌། ཉེས་བྱས་ཀྱི་ལྟུང་བ་གཉིས་སུ་བཞེད་དོ། །དེ་ལ་དང་པོ་སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་ལ་ཆགས་པ་ཡིས། །བདག་སྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚེ་བ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་དང༌། །དམ་ཆོས་འདྲར་སྣང་སྟོན་པ་འོ། །ཞེས་སོ། །ཉེས་བྱས་ལ་གཉིས་ཏེ། ཕར་ཕྱིན་གྱི་མི་མཐུན་ཕྱོགས་དང༌། སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་སོ། །དང་པོ་ལ་སྦྱིན་པའི་མི་མཐུན་ཕྱོགས་བདུན་ལས། རང་གི་ཟང་ཟིང་གི་སྦྱིན་པའི་མི་མཐུན་ཕྱོགས་ལ་བཞི་སྟེ། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་རྣམས་ལ་ལན་མི་འདེབས། །ཞེས་སོ། །གཞན་གྱི་ཟང་ཟིང་གི་སྦྱིན་པའི་མི་མཐུན་ཕྱོགས་གཉིས་ནི། མགྲོན་བོས་བདག་གིར་མི་བྱེད་དང༌། །གསེར་ལ་སོགས་པ་ལེན་མི་བྱེད། །ཅེས་སོ། །ཆོས་ཀྱི་སྦྱིན་པའི་མི་མཐུན་ཕྱོགས་ནི། ཆོས་འདོད་རྣམས་ལ་སྦྱིན་མི་བྱེད། །ཅེས་པ་གཅིག་གོ །ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་བརྒྱད་ལས། སྡོམ་པའི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ལྔ་ནི། ཚུལ་ཁྲིམས་འཆལ་བ་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང༌། །འཚེ་ལ་སོགས་པ་དང་དུ་ལེན། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། །ཞེས་གསུངས་སོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་གཅིག་ནི། འཁོར་བར་གཅིག་པུས་བགྲོད་པར་སེམས། །ཞེས་སོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་གཉིས་ནི། གྲགས་པ་མ་ཡིན་མི་སྤོང་བ། །ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། །ཅེས་སོ། །བཟོད་པའི་མི་མཐུན་ཕྱོགས་བཞི་ནི། བཤེ་ལ་ལེན་དུ་བཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་དོར། །ཕ་རོལ་ཤད་ཀྱིས་སྦྱངས་པ་སྤོང༌། །ཁྲོ་བའི་སེམས་ཀྱིས་རྗེས་སུ་འཇུག །ཅེས་སོ། །བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་གསུམ་ནི། རྙེད་བཀུར་འདོད་ཅིང་འཁོར་རྣམས་སྡུད། །ལེ་ལོ་ལ་སོགས་སེལ་མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཅེས་སོ། །བསམ་གཏན་གྱི་མི་མཐུན་ཕྱོགས་གསུམ་ནི། ཏིང་ངེ་འཛིན་གྱི་དོན་མི་ཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་བལྟ། །ཞེས་སོ། །ཤེས་རབ་ཀྱི་མི་མཐུན་ཕྱོགས་བརྒྱད་ནི། ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤོང་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དེ་ལ་སྨོད་ཅིང་ཡི་གེར་རྟོན། །ཅེས་སོ། །གཉིས་པ་སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་བཅུ་གཉིས་ནི། དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང༌། །སྡུག་བསྔལ་སེལ་བར་མི་བྱེད་དང༌། །བག་མེད་རྣམས་ལ་རིགས་མི་བསྟན། །བྱས་པའི་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་སེལ་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །སྐྱོན་ནི་འཚམས་པར་ཚར་མི་གཅོད། །རྫུ་འཕྲུལ་གྱིས་སྡིགས་སོགས་མི་བྱེད། །ཅེས་སོ། །བྱང་ས་ལས། ནད་གཡོག་མི་བྱེད་པ་དང༌། སྡུག་བསྔལ་མི་སེལ་བ་གཉིས་གཅིག་ཏུ་བསྡུས་ནས་སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་བཅུ་གཅིག་ཏུ་བྱས་ཏེ། ཉེས་བྱས་བཞི་བཅུ་རྩ་བཞིར་གསལ་ལོ། །རྩ་བ་ལ། བོད་དག་བརྒྱད་དུ་བྱེད་ཀྱང༌། བྱང་ས་ལས། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པོ་འདི་དག རྒྱུན་མི་ཆད་པར་ཀུན་ཏུ་སྤྱོད་པ་དང༌། ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པ་དང༌། དེས་མགུ་བར་བྱེད་ཅིང་སྡིག་ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ཏན་ཅན་དུ་བལྟ་བར་གྱུར་པ་ནི། ཀུན་ནས་དཀྲིས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བཤད་པ་ལ་གསུམ་སྟེ། སྡོམ་པའི་ངོ་བོ་བཤད་པ་དང༌། གཏོང་བའི་རྒྱུ་ངོས་བཟུང་བ་དང༌། ཉམས་པ་ཕྱིར་བཅོས་པའི་ཐབས་སོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། གྲངས་ངེས་སོ། །དང་པོ་ནི། སྙིང་རྗེའི་རྩ་བ་ཅན་གྱི་སྤོང་བའི་སེམས་དཔའ་དབང་ལྡན་རྒྱུན་ཆགས་ཏེ། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་པ་ལྟར་རོ། །གཉིས་པ་ནི། ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ནི། སྒོ་གསུམ་གྱི་མི་མཐུན་ཕྱོགས་སྤོང་བའི་ལྡོག་པ་ནས་བསྟན་ལ། གཉིས་པ་ནི་རང་རྒྱུད་ལ་དགེ་བའི་ཚོགས་བསྐྱེད་པར་བྱེད་པའི་ལྡོག་པ་ནས་བསྟན་ལ། གསུམ་པ་ནི། སེམས་ཅན་གྱི་དོན་བྱེད་པའི་ལྡོག་པ་ནས་བསྟན་ནོ། །གསུམ་པ་གྲངས་ངེས་ནི། བྱང་ས་ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ཀྱང་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་བྱ་བ་རྣམ་པ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་སེམས་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པས་ནི་བདག་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ནི་འདི་དག་ཏུ་ཟད་དེ་ཞེས་སོ། །གཉིས་པ་གཏོང་བའི་རྒྱུ་ངོས་བཟུང་བ་ལ་གཉིས་ཏེ། སེམས་ལྡོག་པའི་རྒྱུ། སེམས་བསྐྱེད་གཏོང་བའི་རྒྱུའོ། །དང་པོ་ནི། བྱང་ས་ལས། བྱང་ཆུབ་སེམས་དཔའི་སེམས་ལྡོག་པའི་རྒྱུ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། རིགས་དང་མི་ལྡན་པ་ཡིན། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ཡིན། སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་བ་ཡིན། འཁོར་བའི་སྡུག་བསྔལ་ཡུན་རིང་པོར་རྣམ་པ་སྣ་ཚོགས་དྲག་པོ་བར་ཆད་པ་མེད་པས་འཇིག་སྟེ། ཤིན་ཏུ་འཇིགས་ཤིང་སྐྲག་ལ་དངངས་པར་འགྱུར་བ་ཡིན་ཏེ། སེམས་སྡོག་པའི་རྒྱུ་བཞི་པོ་འདི་དག་སེམས་སྐྱེ་བའི་རྒྱུ་བཞི་པོ་དག་ཟློག་པ་ལས་སྔ་མ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཞེས་སོ། །གཉིས་པ་ནི། བྱང་ས་ལས། མདོར་བསྡུ་བར་རྒྱུ་གཉིས་པོ་ཁོ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་སྟེ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ནས་སྤྱོད་པའོ། །ཞེས་འབྱུང་བ་ལྟར་རོ། །གསུམ་པ་ཕྱིར་བཅོས་པའི་ཐབས་ལ། དབུ་མ་པའི་ལུགས་ནི། སློབ་དཔོན་ཞི་བ་ལྷ་ལ་སོགས་པའི་ལུགས་ཀྱིས། ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བ་ལྟར་རྨི་ལམ་དུ་འཕགས་པ་ནམ་མཁའི་སྙིང་པོ་སྤྱན་དྲངས་ནས། དེའི་མདུན་དུ་བཤགས་པ་བྱེད། བསླབ་བཏུས་ལས། རྨི་ལམ་དུ་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་འདུག་སྟེ་བཤགས་པར་བྱ་ཞེས་སོ། །སེམས་ཙམ་པ་ལྟར་ན། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོང་བདག་སེམས་བཞིན། །ཞེས་སོ། །ཟག་པ་ཆེ་ཆུང་དང་ཕམ་པར་གྱུར་བའི་ཚད་གང་ཞེ་ན། སྡོམ་པ་ཉི་ཤུ་པའི་འགྲེལ་པར། ཉོན་མོངས་དྲག་པོ་ནི། ཟག་པ་རྣམས་ཕྱིར་ཞིང་རྒྱུན་མི་ཆད་པར་ཀུན་ཏུ་སྤྱོད་ཀྱང༌། ཕྱིས་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པ་ཙམ་ཡང་མི་སྐྱེ་བ་དང༌། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་དང༌། གསོལ་བ་བཏབ་ཀྱང་མི་ལྡོག་ཅིང་བསམ་པ་མི་གཏོང་བའོ། །གང་གི་ཚེ་སླར་ཡང་ངོ་ཚ་དང༌། ཁྲེལ་ཅུང་ཟད་ཙམ་སྐྱེ་བ་དང༌། ཕ་རོལ་གྱི་གསོལ་བ་བཏབ་པས་ལྡོག་པ་དེ་ནི་འབྲིང་ལ་གནས་པའོ། །གང་གི་ཚེ་མྱུར་བ་ཉིད་དུ་ངོ་ཚ་བར་བྱེད་ཅིང་རང་ཉིད་ཀྱང་རུང་སྟེ་སྐད་ཅིག་གིས་ལྡོག་པ་དེ་ནི་ཆུང་ངུ་ལ་གནས་པར་རིག་པར་བྱའོ། །ཞེས་བཤད་དོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རྣམ་པར་ངེས་པ་དང༌། རྗེས་སུ་སྒྲུབ་པའོ། །དང་པོ་ལ། མཚན་ཉིད་དང༌། དབྱེ་བ་གཉིས་ལས། དང་པོ་ལ་སྐྱེས་བུ་བྱེད་པའི་ཡོན་ཏན་ནི། གོ་ཆའི་བརྩོན་འགྲུས་ཀྱིས་ཟབ་མོ་སྟོང་པ་ཉིད་སྒོམ་པས། གཞན་དོན་གྱི་དཀའ་སྤྱད་ལ་སྤྲོ་བ་ཆེ་བ་དང༌། སྦྱོར་བའི་བརྩོན་འགྲུས་ཀྱིས་དངོས་སུ་ཚོགས་གཉིས་སྒྲུབ་པས་རྩོམ་པ་ཆེ་བའོ། །དོན་བྱེད་པའི་ཡོན་ཏན་ནི། བདག་གཞན་ཐམས་ཅད་ལ་ཕན་པའི་དོན་ཆེ་བ་དང༌། འབྲས་བུ་ཡོངས་སུ་འཛིན་པའི་ཡོན་ཏན་ནི། བྱང་ཆུབ་ཆེན་པོ་ཡང་དག་པར་སྒྲུབ་པས་ན་འབྱུང་བ་ཆེ་བ་སྟེ། ཡོན་ཏན་གསུམ་པོ་དེ་དག་དང་ལྡན་ཞིང༌། གཞན་དོན་དང་བྱང་ཆུབ་ཀྱི་དོན་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་བྱུང་སེམས་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དོ། །གཉིས་པ་ལ་གསུམ་སྟེ། ས་མཚམས་དང༌། ཐོབ་ཚུལ་དང༌། དཔེའི་སྒོ་ནས་དབྱེ་བའོ། །དང་པོ་ལ་གཉིས་ལས། དང་པོ་ནི། སེམས་བསྐྱེད་དེ་ནི་ས་རྣམས་ལ་ལྡན་ཚུལ་གྱིས་དབྱེ་ན་བཞི་ཡིན་ཏེ། ཆོས་མཆོག་མན་ཆད་ན་བདག་གཞན་མཉམ་པ་དང༌། དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་ཤིང་དེ་དག་སྤྱིའི་རྣམ་པར་མོས་ཡུལ་དུ་བྱེད་པས་མོས་པ་ལས་བྱུང་བའི་སེམས་བསྐྱེད་དང༌། ས་དང་པོ་ནས་བདུན་པའི་བར་ན་བདག་གཞན་མཉམ་པར་རྟོགས་པ་ལྷག་པའི་བསམ་པ་རྣམ་པར་དག་པ་དང༌། དག་པ་ས་གསུམ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་འབད་རྩོལ་མེད་པ་རྣམ་པར་སྨིན་པའི་སེམས་བསྐྱེད་ཡོད་དོ། །དེ་ནི་སྔ་མ་གཉིས་ལས་གཞན་པའི་སེམས་བསྐྱེད་ཡིན་པར་འདོད་ལ། དེ་བཞིན་དུ་སངས་རྒྱས་ཀྱི་ས་ན་སྒྲིབ་པ་གཉིས་སྤངས་པས་སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཡོད་དོ། །གལ་ཏེ་སྒྲིབ་པ་སྤངས་པའི་སེམས་བསྐྱེད་འདི་སངས་རྒྱས་ཀྱི་ཡིན་པར་མི་འཐད་དེ། འགྲེལ་པར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་རྣམ་པ་བཞི་སྟེ། ཞེས་བཤད་པའི་ཕྱིར་རོ་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་པར་འགྱུར་བའི་སེམས་བསྐྱེད་ལ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཅེས་བཏགས་པ་ཡིན་ཏེ། བྱང་ས་ལས། ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་སྔོན་མ་བསྐོར་བ་བསྐོར་བར་མཛད། དེ་ལྟར་ཆོས་སྟོན་པར་མཛད། བསླབ་པའི་གཞི་དག་འཆའ་བར་མཛད་དེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་ཐབས་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སངས་རྒྱས་པ་ན་བྱེད་པའི་ཐབས་ལ་བྱང་ཆུབ་སེམས་དཔའི་ཐབས་ཞེས་བཤད་པ་བཞིན་ནོ། །ཡང་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་ལས་འབྲས་བུ་ཡོངས་སུ་གྲུབ་པའི་སེམས་བསྐྱེད་སངས་རྒྱས་ཀྱི་ས་ན་ཡོད་པར་བཤད་ཅིང༌། འགྲེལ་པ་ལས། སངས་རྒྱས་ཀྱི་ས་ན་ནི་སྒྲིབ་པ་མེད་པའོ། །ཞེས་བཤད་པས་ཤེས་སོ། །གཉིས་པ་གཏན་ལ་དབབ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་དེའི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་པར་འདོད་ཅིང༌། བསམ་པ་ནི་དུས་རྟག་ཏུ་ཕན་པར་སེམས་པ་ཡིན་ལ། མོས་པ་ནི་ཐེག་ཆེན་གྱི་ཆོས་ལ་མོས་པ་སྟེ། ཡོན་ཏན་དང་ལྡན་པར་ངེས་ནས་ཇི་ལྟར་ངེས་པ་དེ་ཁོ་ན་བཞིན་དུ་འཛིན་པ་ཡིན་ལ། དམིགས་པ་དེ་བཞིན་དུ་ཐེག་ཆེན་དེའི་མཐར་ཐུག་གི་ཡེ་ཤེས་ཚོལ་བར་དམིགས་པ་ཡིན་ནོ། །ལམ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པ་ཐོབ་པར་འདོད་པའི་འདུན་པ་ནི་སྤངས་རྟོགས་ཁྱད་པར་དུ་འགྲོ་བའི་རྒྱུ་ཡིན་ལ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྒྱ་ཆེན་པོ་ནི་དེའི་རྟེན་ཡིན་ཞིང༌། ཐེག་ཆེན་གྱི་ལམ་འགོག་པ་ནི་དེ་ལ་སྒྲིབ་པར་བྱེད་པའི་ཉེས་དམིགས་ཡིན་ནོ། །ལམ་འགོག་པར་བྱེད་པ་གང་ཞེ་ན། མི་མཐུན་ཕྱོགས་ཉན་རང་གི་སེམས་དང་པོར་བསྐྱེད་པས་སློང་ཞིང༌། ཕྱིར་མི་སྤོང་བ་དང་དུ་ལེན་པའོ། །ཐབས་བསོད་ནམས་དང་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་དགེ་བ་འཕེལ་བར་བྱེད་པ་ནི། དེའི་ཕན་ཡོན་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྟག་ཏུ་སྦྱོར་བ་དེ་ནི་སྤང་བྱ་ལ་ངེས་པར་འབྱུང་བའི་ཐབས་ཡིན་ནོ། །སེམས་བསྐྱེད་བཞི་པོ་འདི་ཡི་སོ་སོའི་ཡོན་ཏན་མཐར་ཐུག་པ་ནི་གོ་རིམ་བཞིན་དུ། ཆོས་མཆོག་དང༌། ས་བདུན་པ་དང༌། བཅུ་པ་དང༌། སངས་རྒྱས་ཀྱི་ས་ཡིན་ཏེ། སེམས་བསྐྱེད་དང་པོ་གསུམ་ནི། སོ་སོ་རང་གིས་དེ་དག་ཡོན་ཏན་མཐར་ཐུག་པ་ལ་སྦྱོར་ལ་སྒྲིབ་པ་སྤངས་པ་ནི་ཐོབ་མ་ཐག་ཡོན་ཏན་རྫོགས་པས་ཡོན་ཏན་གོང་དུ་འགྲོ་བ་མེད་ཀྱང༌། རང་གི་རིགས་རྒྱུན་ཕྱི་མ་ལ་སྦྱོར་བས་སོ། །དེ་དག་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་བཞི་པོ་དེའི་རྩ་བ་ལ་སོགས་བཅུ་བཞི་རྣམ་པར་ངེས་ཏེ། གཏན་ལ་དབབ་པར་ཤེས་པར་བྱའོ། །གཉིས་པ་ཐོབ་ཚུལ་ལ་གཉིས་ཏེ། བརྡ་ལས་ཐོབ་པ་དང༌། ཆོས་ཉིད་ཀྱིས་ཐོབ་པའོ། །དང་པོ་ནི། གྲོགས་དགེ་བའི་བཤེས་གཉེན་གྱིས་བསྐུལ་བ་ལ་སོགས་པའི་སྟོབས་ཀྱིས་སྐྱེ་བ་དང༌། རྒྱུ་ཐེག་ཆེན་གྱི་རིགས་ཡོད་པའི་སྟོབས་ཀྱིས་སྐྱེ་བ་དང༌། སྔོན་དགེ་བའི་རྩ་བ་བསགས་པས་རིགས་རྒྱས་པའི་སྟོབས་ལས་སྐྱེ་བ་དང༌། ཚེ་འདིར་ཐེག་ཆེན་གྱི་ཆོས་ཐོས་པ་ཙམ་གྱི་སྟོབས་ཀྱིས་སྐྱེ་བ་དཔེར་ན་ཆོས་ཀྱི་རྣམ་གྲངས་གང་ཞིག་ཐོས་པ་ཙམ་གྱིས་སྐྱེ་བོ་མང་པོའི་སེམས་བསྐྱེད་པ་ལྟ་བུ་དང༌། ཚེ་འདིར་ཐེག་ཆེན་གྱི་ཆོས་ཉན་པ་ལ་སོགས་པའི་སྒོ་ནས་དད་པ་དང་སྙིང་རྗེ་ལ་སོགས་པའི་དགེ་བ་ཡང་དང་ཡང་དུ་གོམས་པའི་སྟོབས་ལས་སྐྱེ་བ་ཡང་ཡོད་དོ། །དེ་དག་ཀྱང་སྟོབས་བཞི་པོ་ཚོགས་པའམ་སོ་སོ་བ་ལས་སྐྱེ་བ་ཅི་རིགས་པར་ཡོད་དོ། །སོ་སོ་ལས་སྐྱེ་བ་ན་དང་པོ་མི་བརྟན་པ་དང༌། ཕྱི་མ་བཞི་བརྟན་པར་འབྱུང་བ་ཡིན་ནོ། །སྒྲ་དོན་ནི་གཞན་གྱི་ལུས་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྟན་པ་ལ་བརྟེན་ནས་འབྱུང་བའི་ཕྱིར་བརྡ་ལས་བྱུང་བའི་སེམས་བསྐྱེད་ཅེས་བཤད་དོ། །གཉིསཔ་ཆོས་ཉིད་ཀྱིས་ཐོབ་པ་ལ་གསུམ་སྟེ། སྒྲ་དོན་དང༌། སའི་ཁྱད་པར་དང༌། ངོ་བོའི་ཁྱད་པར་རོ། །དང་པོ་ལ་ལུང་ཐོས་པའི་ཁྱད་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་ལ་རབ་ཏུ་བསྙེན་བཀུར་བྱས་ནས་ཆོས་ཐོས་པ་དང༌། སྒྲུབ་པའི་ཁྱད་པར་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསགས་པ་ལས། རྟོགས་པའི་ཁྱད་པར་ཆོས་ཐམས་ཅད་ལ་གཟུང་འཛིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའི་ཕྱིར་སེམས་བསྐྱེད་དེ་ནི་དམ་པར་འདོད་དོ། །གཉིས་པ་སའི་ཁྱད་པར་ནི། འོ་ན་དེ་ལྟ་བུའི་དོན་དམ་སེམས་བསྐྱེད་དེ་ས་གང་ན་ཡོད་ཅེ་ན། ས་དང་པོ་རབ་ཏུ་དགའ་བ་ནས་ཡོད་དོ། །ས་དེའི་རབ་ཏུ་དགའ་བ་ནི། རྒྱུ་བཞིས་ཁྱད་པར་དུ་འཕགས་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཆོས་ཐམས་ཅད་བདག་མེད་པར་རྟོགས་ནས་སེམས་མཉམ་པ་དང༌། བདག་གཞན་མཉམ་པར་རྟོགས་པས་སེམས་ཅན་རྣམས་ལ་མཉམ་པ་དང༌། རང་གི་སྡུག་བསྔལ་ཟད་པར་འདོད་པ་ལྟར་གཞན་གྱི་སྡུག་བསྔལ་ཡང་ཟད་པར་འདོད་པས་ན་རང་གཞན་གཉིས་པོ་དེའི་དོན་གྱི་བྱ་བ་ལ་སེམས་མཉམ་པ་དང༌། སངས་རྒྱས་ཀྱི་ཆོས་ཉིད་དང་བདག་གི་ཆོས་ཉིད་མཆོག་ལས་སེམས་མཉམ་པ་ཉིད་རྙེད་པའི་ཕྱིར་རོ། །གསུམ་པ་ངོ་བོའི་ཁྱད་པར་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་སངས་རྒྱས་ཀྱི་སྲས་སུ་སྐྱེ་བ་དང༌། བསམ་པ་སྨོན་ལམ་རྒྱ་ཆེ་བ་དང༌། སྦྱོར་བ་གཞན་དོན་དེ་ལ་སྤྲོ་བ་དང༌། ལྷག་པའི་བསམ་པ་ཡང་དག་པ་དང༌། ས་ལྷག་མ་དག་ལ་མཁས་པ་དང༌། ས་གོང་མ་ངེས་པར་འབྱུང་བ་སྟེ་དོན་དྲུག་པོ་དེའི་སྒོ་ནས་དོན་དམ་པའི་སེམས་བསྐྱེད་དེ་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་མདོར་བསྟན་གྱི་དོན་དྲུག་པོ་དེ་ཉིད་རིམ་པ་ལྟར་སྟོན་པ་ལས། དང་པོར་སྐྱེ་བའི་ཆོས་བཞི་སྟེ། ཐེག་ཆེན་གྱི་ཆོས་ལ་མོས་པའི་ས་བོན་དང༌། སྟོང་པ་ཉིད་དུ་སྒོམ་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་གི་མ་དང༌། ཞི་ལྷག་ཟུང་དུ་འབྲེལ་བའི་བསམ་གཏན་ལས་བྱུང་བའི་བདེ་བའི་མངལ་ན་གནས་པ་དང༌། སྙིང་རྗེ་ནི་སྐྱེད་སྲིང་བར་བྱེད་པའི་མ་མ་ཡིན་ཏེ། རྒྱུ་བཞི་པོ་དེ་ལས་ས་དང་པོར་སངས་རྒྱས་སྲས་སུ་སྐྱེ་བ་ཡིན་ནོ། །གཉིས་པ་རྒྱ་ཆེ་བའི་ཁྱད་པར་ནི། སྨོན་ལམ་ཆེན་པོ་བཅུ་སྒྲུབ་པའི་ཕྱིར་བསམ་པ་རྒྱ་ཆེ་བར་ནི་ཤེས་པར་བྱའོ། །སྨོན་ལམ་ཆེན་པོ་བཅུ་གང་ཞེ་ན། བྱང་ས་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་ནི་ཡང་དག་པའི་སྨོན་ལམ་དེ་ཉིད་ལས་རིག་པར་བྱའོ། །དེ་ཡང་རྣམ་པ་བཅུ་སྟེ། ཕྱི་མ་ལ་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བའི་རྣམ་པ་ཐམས་ཅད་དཔག་ཏུ་མེད་པར་བྱ་བའི་སྨོན་ལམ་ཆེན་པོ་དང་པོ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་ཞིང་བསྲུང་བར་བྱ་བ་དང༌། ཆོས་ཀྱི་ཚུལ་ཡང་དག་པར་བཟུང་བའི་སྨོན་ལམ་ཆེན་པོ་དང༌། དགའ་ལྡན་གྱི་གནས་ན་བཞུགས་པ་ནས་ཚེ་སྔ་མ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་སྨོན་ལམ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པ་ཐམས་ཅད་ལེགས་པར་སྤྱད་པའི་སྨོན་ལམ་ཆེན་པོ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སྨོན་ལམ་ཆེན་པོ་དང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་ཡང་དག་པར་བསྟན་པའི་སྨོན་ལམ་ཆེན་པོ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཐེག་པ་ཆེན་པོ་ལ་འཇུག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། ཡང་དག་པའི་སྦྱོར་བ་ཐམས་ཅད་འབྲས་བུ་ཡོད་པར་བྱ་བའི་སྨོན་ལམ་ཆེན་པོ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་སྨོན་ལམ་ཆེན་པོ་ཞེས་གསུངས་སོ། །གསུམ་པ་སྦྱོར་བ་གཞན་དོན་ལ་སྤྲོ་བ་ནི། དཀའ་བ་ཡུན་རིང་ཞིག་ཏུ་སྤྱད་པས་མི་སྐྱོའི་ཕྱིར་གཞན་དོན་ལ་སྤྲོ་བ་ཁོང་དུ་ཆུད་པར་བྱའོ། །བཞི་པ་ལྷག་པའི་བསམ་པ་དག་ནི། བྱང་ཆུབ་ཏུ་ཉེ་བ་སྟེ། མྱུར་དུ་ཐོབ་པའམ་རྟོགས་པ་དང༌། བྱང་ཆུབ་དེའི་སྒྲུབ་པའི་ཐབས་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རྙེད་པའི་ཕྱིར་ལྷག་པའི་བསམ་པ་དག་པར་ཤེས་པར་བྱའོ། །ལྔ་པ་སའི་ལྷག་མ་ལ་མཁས་པ་ནི། ས་དང་པོ་ནས་གཞན་གཉིས་པ་ལ་སོགས་པའི་རྒྱུ་དང་ངོ་བོ་ལ་སོགས་པའི་ཚུལ་ལ་མཁས་པ་ཉིད་དོ། །དྲུག་པ་ངེས་པར་འབྱུང་བ་ནི། སའི་རྒྱུ་དང་ངོ་བོ་དང་འབྲས་བུ་ལ་སོགས་པ་མིང་ཚིག་ཡི་གེའི་སྒོ་ནས་ཇི་ལྟར་རྣམ་པར་བཞག་པ་དེ་རྣམས་སེམས་ཉིད་དང༌། དེ་ལྟར་སྣང་བ་ཡིན་པར་བྱེད་པའི་སའི་རྒྱུ་ལ་སོགས་པ་རྣམ་པར་བཞག་པ་དེ་གཟུང་བ་ཡུལ་དུ་བདེན་པ་མ་ཡིན་གྱི། རང་གི་རྟོག་པ་ཙམ་ཉིད་དུ་ཤེས་པའི་ཕྱིར་དང༌། གཟུང་བ་མེད་ན་དེ་འཛིན་ཡང་མེད་པར་ཤེས་ནས་རྟོག་པ་ཙམ་དེ་ཉིད་ལ་ཡང་མི་རྟོག་པའི་ཕྱིར་ས་གོང་མར་ངེས་པར་འབྱུང་བར་ཤེས་པར་བྱའོ། །གསུམ་པ་དཔེའི་སྒོ་ནས་དབྱེ་བ་ནི་སེམས་བསྐྱེད་ཉི་ཤུ་རྩ་གཉིས་ཡོད་པ་ལས། སེམས་བསྐྱེད་པ་དང་པོ་ནི་རྩི་ཤིང་ལ་སོགས་པ་ཐམས་ཅད་རྟེན་པའི་ས་དང་མཚུངས་པ་ཡིན་ཏེ། ཚོགས་ལམ་ནས་སངས་རྒྱས་ཀྱི་བར་གྱི་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར། དང་པོ་ལས་གཞན་ཕན་བདེ་ལ་དམིགས་པའི་བསམ་པ་དང་ལྡན་པ་ནི། མི་འགྱུར་བ་གསེར་བཟང་པོ་དང་འདྲ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་བསམ་པ་ལས་མི་འགྱུར་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་ས་དྲུག་ལ་སྦྱོར་བ་དང་ལྡན་པ་ནི། ཟླ་བ་ཡར་གྱི་ངོའི་ཚེས་པ་དང་འདྲ་སྟེ། དགེ་བའི་ཆོས་གོང་ནས་གོང་དུ་འཕེལ་བའི་ཕྱིར་རོ། །གཞན་ཡོན་ཏན་གོང་མ་འདོད་པའི་ལྷག་པའི་བསམ་པ་དང་ལྡན་པ་ནི། བུད་ཤིང་གི་སྟོབས་ཀྱིས་ཆེར་འབར་བའི་མེ་དང་འདྲ་སྟེ་ལྷག་བསམ་དེ་ཉིད་ཀྱིས་ཡོན་ཏན་ཆེས་ཆེར་འཕེལ་བའི་ཕྱིར་རོ། །གཞན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི། གཏེར་ཆེན་པོ་དང་འདྲ་སྟེ་ལོངས་སྤྱོད་ཀྱིས་སེམས་ཅན་མང་པོ་ཚིམ་པར་བྱེད་ཅིང་མི་ཟད་པའི་ཕྱིར་རོ། །གཞན་ཚུལ་ཁྲིམས་དང་ལྡན་པ་ནི། རིན་པོ་ཆེའི་འབྱུང་གནས་དང་འདྲ་སྟེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་ལྟར་ཡོན་ཏན་རིན་པོ་ཆེ་ཐམས་ཅད་དེ་ལས་འབྱུང་བའི་ཕྱིར་རོ། །བཟོད་པ་དང་ལྡན་པ་ནི། གཏིང་མི་གཡོ་བར་གནས་པའི་རྒྱ་མཚོ་དང་འདྲ་སྟེ། གནོད་པ་ལ་སོགས་པས་མི་འཁྲུགས་པའི་ཕྱིར་རོ། །གཞན་བརྩོན་འགྲུས་དང་ལྡན་པ་ནི། གང་གིས་ཀྱང་མི་ཤིགས་པའི་རྡོ་རྗེ་དང་འདྲ་སྟེ། ལེ་ལོས་མི་ཤིགས་པའི་ཕྱིར་རོ། །བསམ་གཏན་དང་ལྡན་པ་ནི། རི་རབ་དང་འདྲ་སྟེ། རྣམ་གཡེང་གིས་མི་གཡོ་བའི་ཕྱིར་རོ། །ཤེས་རབ་དང་ལྡན་པ་ནི། སྨན་གྱི་རྒྱལ་པོ་དང་འདྲ་སྟེ། སྒྲིབ་གཉིས་ཀྱི་ནད་ཞི་བར་བྱེད་པའི་ཕྱིར་རོ། །གཞན་ཚད་མེད་པ་བཞི་དང་ལྡན་པ་ནི། འཛའ་བོ་ཆེན་པོ་བློ་གཏད་ཐུབ་པ་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་གདུལ་བྱ་ཡལ་བར་མི་འདོར་བའི་ཕྱིར་རོ། །མངོན་ཤེས་ལྔ་དང་ལྡན་པ་ནི། ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ་ཇི་ལྟར་མོས་པ་བཞིན་དུ་དགོས་འདོད་འབྱུང་བའི་ཕྱིར་རོ། །གཞན་བསྡུ་བའི་དངོས་པོ་བཞི་དང་ལྡན་པ་ནི། ཉི་མ་དང་འདྲ་སྟེ། གདུལ་བྱའི་དགེ་བའི་ལོ་ཏོག་སྨིན་པར་བྱེད་པའི་ཕྱིར་རོ། །གཞན་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ནི། དྲི་ཟའི་དབྱངས་སྙན་པ་དང་འདྲ་སྟེ། ཆོས་ཀྱི་དབྱངས་ཀྱིས་གདུལ་བྱ་འདུལ་བར་བྱེད་པའི་ཕྱིར་རོ། །གཞན་རྟོན་པ་བཞི་དང་ལྡན་པ་ནི། རྒྱལ་པོ་དང་འདྲ་བར་ཤེས་པར་བྱ་སྟེ། རང་གི་འཁོར་རྣམས་ཆུད་མི་ཟ་བར་བྱེད་པའི་ཕྱིར་རོ། །གཞན་བསོད་ནམས་དང་ཡེ་ཤེས་དང་ལྡན་པ་ནི། ནོར་མང་པོས་གང་བའི་མཛོད་ལྟ་བུ་ཡིན་ཏེ། ཚོགས་མང་པོ་དང་ལྡན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པ་ནི། ལམ་པོ་ཆེ་དང་འདྲ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ཐེག་པ་གཉིས་ཆར་གྱི་འཕགས་པ་དེ་དང་ལྡན་པས་སེམས་བསྐྱེད་ལ་ཐེག་ཆེན་གྱི་འཕགས་པ་རྣམས་གཤེགས་ཤིང་གཤེགས་པར་འགྱུར་བའི་ཕྱིར་རོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི། གཞོན་པ་བཟང་པོ་དུལ་བ་དང་འདྲ་སྟེ། འཁོར་འདས་སུ་མི་ལྷུང་བར་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་བགྲོད་པར་བྱེད་པའི་ཕྱིར་རོ། །གཟུངས་སྤོབས་དང་ལྡན་པའི་སེམས་བསྐྱེད་པ་ནི། ཆུ་རྙིང་པ་འཛིན་ཞིང་གསར་པ་སྐྱེད་པའི་བཀོད་མའི་ཆུ་མིག་དང་འདྲ་སྟེ། གཟུངས་ཀྱིས་སྔར་ཐོས་པའི་དོན་མི་བརྗེད་པར་འཛིན་ཞིང་སྤོབས་པས་སྔར་མ་ཐོས་པའི་ཆོས་བསྐྱེད་པའི་ཕྱིར་རོ། །ཆོས་ཀྱི་སྡོམ་བཞི་དང་ལྡན་པ་ནི། ཉན་པ་པོ་ཀུན་དགའ་བར་བྱེད་པའི་སྒྲ་དང་འདྲ་སྟེ། གཏམ་སྙན་པ་དང་ལྡན་ཏེ་ཐོས་པ་རྣམས་ལ་དེའི་ཐབས་སྙན་པ་སྒྲོགས་པའི་ཕྱིར་རོ། །བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི། འབད་མེད་དུ་ངང་གིས་འབབ་པའི་ཆུ་ཀླུང་ཆེན་པོའི་རྒྱུན་དང་འདྲ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་འབད་མེད་དུ་འབྱུང་བའི་ཕྱིར་རོ། །དེ་ལ་བགྲོད་པ་གཅིག་པ་ཟེར་བའི་རྒྱུ་མཚན་ཡང་ས་དེར་ཆུད་པ་རྣམས་དང་གཞན་གྱི་དོན་འབད་མེད་དུ་བྱེད་པར་ཐ་མི་དད་པའི་ཕྱིར་རོ། །རྒྱལ་བའི་སྲས་པོ་རྣམས་ཀྱི་ཐབས་མཁས་པ་དང་ལྡན་པའི་སེམས་བསྐྱེད་པ་ནི། ལོ་ཐོག་ལ་སོགས་པའི་འབྱུང་གནས་སུ་གྱུར་པའི་སྤྲིན་དང་འདྲ་བར་བསྟན་པ་ཡིན་ཏེ། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་སེམས་བསྐྱེད་པ་དེ་ནི་ཡོན་ཏན་ཉི་ཤུ་རྩ་གཉིས་དང་ལྡན་པའི་ཚུལ་དེ་ལྟར་ཡོན་ཏན་གྱིས་ཕྱུག་པས་སེམས་དེ་ནི་དགའ་ཞིང་སྤྲོ་བའི་སྒོ་ནས་ཡང་དག་པར་བསྐྱེད་པར་བྱའོ། །འདི་དག་བློ་གྲོས་མི་ཟད་པའི་མདོ་ལས། མི་ཟད་པ་བརྒྱད་ཅུ་བཤད་པ་དང་སྦྱར་བ་ཡིན་ནོ། །བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། སེམས་བསྐྱེད་བསམ་དང་སྦྱོར་ལྡན་དང༌། །ལྷག་བསམ་ཕ་རོལ་ཕྱིན་པ་དྲུག །དུས་འདའ་དུས་མཚོ་དུས་ལག་པ། །སུམ་ཅུ་རྩ་བདུན་ལག་རྐང་མཚོ། །བཅུ་ཚན་གཉིས་དང་ཐ་མ་གཉིས། །མི་ཟད་པ་ནི་བརྒྱད་ཅུར་བཤད། །ཅེས་སོ། །གཉིས་པ་རྗེས་སུ་སྒྲུབ་པ་ལ་གསུམ་སྟེ། སྐྱེ་བ་རྗེས་སུ་སྒྲུབ་པ་དང༌། གནས་པ་རྗེས་སུ་སྒྲུབ་པ་དང༌། དེ་དག་གི་གེགས་དོར་བའོ། །དང་པོ་ལ་སེམས་མ་སྐྱེད་པའི་ཉེས་པ་དང༌། བསྐྱེད་པའི་ཕན་ཡོན་གཉིས་ལས། དང་པོ་ནི། ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཆེས་ཆེར་བསྐྱེད་པ་འོས་པའི་སེམས་བསྐྱེད་ཡངས་པའི་སྐྱེ་བོ་དག་བསམ་པ་ཚད་མེད་བཞིས་གཞན་གྱི་དོན་བྱ་བར་སེམས་དཔའི་བདེ་བ་དང༌། སྦྱོར་བ་གཞན་དོན་དེའི་ཐབས་བསྡུ་བའི་དངོས་པོ་བཞི་རྙེད་པའི་བདེ་བ་དང༌། ཐེག་ཆེན་གྱི་མདོ་སྡེ་དགོངས་པ་ཆེན་པོ་དང་ལྡན་པ་རྣམས་ཀྱི་དོན་རྟོགས་པའི་བདེ་བ་དང༌། དེ་ཁོ་ན་ཉིད་ཀྱི་མཆོག་ཆོས་ཐམས་ཅད་བདག་མེད་པར་མཐོང་བའི་བདེ་བ་དེ་རྣམས་སྤངས་ནས་སྡུག་བསྔལ་ཞི་བའི་ལམ་ལ་འབད་ཀྱང་ཉན་རང་གི་ཞི་བར་འགྲོ་བར་འགྱུར་རོ། །གཉིས་པ་ལ་འབྲས་བུ་ངན་སོང་གི་སྡུག་བསྔལ་གྱིས་མི་འཇིགས་པ་དང༌། རྒྱུ་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པའོ། །དང་པོ་ནི། བློ་ལྡན་བྱང་སེམས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མ་ཐག་ཏུ་ཡང་ངན་འགྲོའི་སྡུག་བསྔལ་ཞི་བའི་ལམ་ལ་འབད་ཀྱང་ཉན་རང་གི་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་ཉེས་པར་བྱེད་པ་མཐའ་ཡས་པ་ལས་སེམས་རབ་ཏུ་བསྡམས་པའི་ཕྱིར། རྟག་ཏུ་དགེ་བ་དང་བརྩེ་བ་དང་ཡང་ལྡན་པར་འགྱུར་ཏེ། དགེ་བ་དང་བརྩེ་བ་གཉིས་འཕེལ་བར་བྱེད་པས་སོ། །དགའ་བ་གཉིས་དང་ལྡན་ཏེ། དགེ་བ་ལ་བརྟེན་པའི་དགའ་བ་དང༌། བརྩེ་བ་ལ་བརྟེན་པའི་གཞན་གྱི་དཀའ་སྤྱད་ཀྱི་སྡུག་བསྔལ་དག་གིས་ཀྱང་དགའ་བའི་ཕྱིར། གཉིས་པ་ནི། གལ་ཏེ་སེམས་བསྐྱེད་ནས་ཀྱང་ངན་སོང་དུ་སྐྱེ་བས་དེས་འཇིགས་ནས་ཉན་རང་གི་ལམ་ལ་འཇུག་པ་སྲིད་དོ་སྙམ་ན་མ་ཡིན་ཏེ། གང་གི་ཚེ་དོན་དམ་པའི་སེམས་བསྐྱེད་ཐོབ་པ་ན་གཞན་གྱི་དོན་གྱི་ཕྱིར་རང་གི་ལུས་དང་སྲོག་ལ་ཡང་མི་བལྟ་བར་རབ་ཏེ་སྡུག་བསྔལ་ཆེན་པོ་དང་དུ་ལེན་པར་ཁས་ལེན་པ་དེ་ལྟ་བུའི་བྱང་སེམས་དེ་གཞན་གྱི་གནོད་པ་ཡིས་ཇི་ལྟར་འབྲས་བུ་ངན་པ་བསྐྱེད་པར་བྱེད་པའི་ལས་མི་དགེ་བ་ལ་འཇུག་སྟེ་འཇུག་མི་སྲིད་དོ། །གཉིས་པ་ལ། ཉེས་པས་མི་འཇིགས་པ་དང༌། ཡོན་ཏན་དང་ལྡན་པ་གཉིས་ལས། དང་པོ་ནི། གལ་ཏེ་གཞན་ལ་གནོད་པ་མི་བྱེད་ཀྱང༌། རང་ཉིད་འབྱོར་པས་རྒྱགས་པ་དང༌། རྒུད་པའི་ཚེ་ན་སྡུག་བསྔལ་བའི་སྟོབས་ཀྱིས་སེམས་བསྐྱེད་མི་ལྡོག་གམ་ཞེ་ན། བྱང་སེམས་དེ་ཡིས་འབྱོར་པའི་ཆོས་ཀུན་སྣང་ཡང་བདེན་པ་མེད་པ་སྒྱུ་མ་ལྟ་བུར་མཐོང་ནས་འབྱོར་བའི་དུས་ན་ཉོན་མོངས་པ་དང་ང་རྒྱལ་གྱིས་སེམས་བསྐྱེད་པ་ལྡོག་པའི་འཇིགས་པ་མེད་ལ། འབྱོར་པ་ཐམས་ཅད་རྒུད་དེ། སྲོག་འགགས་པ་ལ་ཐུག་ཀྱང༌། དགེ་བའི་ལས་ཀྱི་སྟོབས་ཀྱིས་གཞན་དོན་དུ་སྐྱེ་བ་ཕྱི་མར་འགྲོ་བ་ནི། སྐྱེད་མོས་ཚལ་གྱི་དགའ་སྟོན་ལ་འགྲོ་བ་ལྟར་རྟོགས་ནས་རྒུད་པའི་དུས་ནའང་དེ་སྡུག་བསྔལ་དག་གིས་འཇིགས་པ་མེད་དེ། དེས་ན་འབྱོར་པ་དང་རྒུད་པའི་རྐྱེན་གྱིས་མི་ལྡོག་གོ །གཉིས་པ་ནི། བྱང་ཆུབ་སེམས་དཔའི་བདེ་བ་ལས་ཁྱད་པར་དུ་འཕགས་པའི་བདེ་བ་གཞན་ལ་ཆགས་ནས་སེམས་བསྐྱེད་ལྡོག་པ་སྲིད་དོ་སྙམ་ན་མ་ཡིན་ཏེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས། གང་གིས་ཐེག་མཆོག་དམ་པ་འདི་མཛེས་པའི། །བློ་གྲོས་ཆེན་པོ་རྣམས་ཀྱི་རྒྱན་བཞི་སྟེ། །ཚུལ་ཁྲིམས་ཏིང་འཛིན་དེ་བཞིན་ཤེས་རབ་དོན། །ཤིན་ཏུ་རྣམ་པར་ངེས་དང་དེ་བཞིན་གཟུངས། །ཞེས་གསུངས་པའི་རང་གི་ཡོན་ཏན་གྱི་རྒྱན་དང༌། སེམས་ཅན་ལ་ཕན་འདོགས་པའི་དགའ་བའི་སྟོན་མོ་དང༌། གཞན་དོན་དུ་ཇི་ལྟར་འདོད་པར་བསམ་བཞིན་དུ་སྐྱེ་བའི་སྐྱེད་མོས་ཚལ་མཆོག་གི་ས་དང༌། སངས་རྒྱས་མཆོད་པ་དང་སེམས་ཅན་སྨིན་པའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བས་བརྩེ་ཞིང་དགའ་བ་ནི་སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའ་ལས་གཞན་སེམས་ཅན་མ་སྨིན་པ་རྣམས་ལ་མེད་པས་ན་བདེ་བ་གཞན་ལ་ཆགས་ནས་སེམས་བསྐྱེད་ལས་ལྡོག་པར་མི་འགྱུར་རོ། །གསུམ་པ་དེ་དག་གི་གེགས་དོར་བ་ལ་གསུམ་སྟེ། སྡུག་བསྔལ་གྱིས་འཇིགས་པ་དང༌། སེམས་ཅན་ཡལ་བར་འདོར་བ་དང༌། གཞན་དོན་ལ་མི་བརྩོན་པའོ། །དང་པོ་ནི། འོ་ན་གོང་དུ་སྡུག་བསྔལ་དག་གིས་དགའ་ཞེས་བྱང་སེམས་གཞན་དོན་གྱི་སྡུག་བསྔལ་གྱིས་མི་འཇིགས་པར་སྟོན་ན། མི་འཇིགས་པར་གང་གིས་གྲུབ་ཅེ་ན། གཞན་དོན་ལ་བརྩོན་པ་ལྡན་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་འདི་གང་གི་ཚེ་གཞན་དོན་དུ་འགྱུར་བ་མཐོང་ན། སྤྱོད་འཇུག་ལས། དེ་ལྟར་རྒྱུད་ནི་གོམས་གྱུར་པས། །གཞན་གྱི་སྡུག་བསྔལ་ཞི་དགའ་བར། །པདྨའི་མཚོ་ལ་ངང་པ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །ཞེས་པ་ལྟར་བདག་ཉིད་མནར་མེད་པར་འགྲོ་བ་ལ་ཡང་དག་པར་དགའ་བར་འཛིན་པ་དེ་འདྲ་བའི་སྙིང་རྗེ་ཅན་དག་སྲིད་པ་ན་གཞན་གྱི་རྟེན་ཅན་གྱི་སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས་ཏེ་མི་འཇིགས་སོ། །གཉིས་པ་ནི། གཞན་དོན་བརྩོན་ལྡན་ཞེས་པ་ལས་འཕྲོས་ནས་གཞན་དོན་ལ་གཞན་གྱིས་བསྐུལ་མི་དགོས་སམ་ཞེ་ན། གཞན་དོན་སྐུལ་བར་བྱེད་པའི་སློབ་དཔོན་དུ་གྱུར་པ་རང་གི་བརྩེ་བ་ཆེན་པོ་རྟག་ཏུ་བརྟེན་པའི་བདག་ཉིད་ཅན་སེམས་ཅན་ཕ་རོལ་གྱི་སྡུག་བསྔལ་དག་གིས་བདག་གི་སེམས་གདུངས་པ་སྟེ། གལ་ཏེ་གཞན་དོན་གྱི་བྱ་བ་ཉེ་བར་གནས་པ་ལ། གང་ཟག་གཞན་གྱིས་བསྐུལ་དགོས་ན་ཤིན་ཏུ་ངོ་ཚ་བས་བསྐུལ་མི་དགོས་སོ། །གསུམ་པ་ནི། གཞན་གྱིས་བསྐུལ་མི་དགོས་པ་མ་གྲུབ་སྟེ། རེས་འགའ་ལེ་ལོས་གཞན་དོན་འདོར་བ་སྲིད་དོ་ཞེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་བྱའོ་ཞེས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི་སེམས་དཔའི་མཆོག་དེ་ནི་དལ་གྱིས་འགྲོ་བ་ལེ་ལོ་མི་མཛེས་ཏེ། དེའི་རྒྱུ་མཚན་བདག་དང་སེམས་ཅན་སྣ་ཚོགས་འཆིང་བ་སྟེ། སྒྲིབ་པ་གསུམ་གྱིས་འཆིང་བས་རབ་ཏུ་བཅིངས་པ་ལས་གྲོལ་བར་བྱ་བའི་ཕྱིར་ཉན་རང་ལས་བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བར་རིགས་སོ། །སེམས་བསྐྱེད་པའི་སྐབས་བསྟན་ཟིན་ཏོ།།  ༈  །།མྱུར་དུ་འཚང་རྒྱ་བའི་གཞི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གསུམ་སྟེ། གང་ལ་བསླབ་པར་བྱ་བའི་དམིགས་པ། ཇི་ལྟར་སློབ་པའི་སྤྱོད་པ། གང་དག་སློབ་པའི་རྟེན་གྱི་གང་ཟག་གོ །དང་པོ་ལ་ལྔ་སྟེ། སྒྲུབ་པ། དེ་ཁོ་ན། མཐུ། ཡོངས་སྨིན། བྱང་ཆུབ་བོ། དང་པོ་ནི། བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བར་རིགས་ཞེས་པ་ལྟར། སེམས་བསྐྱེད་ནས་སྒྲུབ་པ་ལ་འབད་དགོས་པས་སེམས་བསྐྱེད་པའི་འོག་ཏུ་སྒྲུབ་པ་སྟོན་ནོ། །དེ་ལ་གཉིས་ཏེ། སྒྲུབ་པའི་རང་བཞིན་དང༌། སྒྲུབ་པའི་ཆེ་བའོ། །དང་པོ་ལ་དྲུག་སྟེ། སྒྲུབ་པའི་མཚན་ཉིད། རང་གཞན་གྱི་དོན་མཉམ་པ་ཉིད་དུ་སྒྲུབ་པ། གཙོ་བོར་གཞན་དོན་སྒྲུབ་པ་དང༌། ཁྱད་པར་དུ་འཕགས་པའི་མཚན་ཉིད་དང༌། ཐབས་ལ་མཁས་པའི་ཁྱད་པར་དང༌། མི་སྐྱོ་བའི་ཁྱད་པར་རོ། །དང་པོ་ལ། རྒྱུའི་སྒོ་ནས་མཚོན་ན་གནས་འདི་ཆེན་པོ་སྟེ་སེམས་བསྐྱེད་ཡིན་ལ། དེ་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་གྲོལ་བར་ཁས་ལེན་པས་ན་ལེན་པ་ཆེ་བ་ཡིན་ནོ། །ངོ་བོའི་སྒོ་ནས་རྩོམ་པ་ཆེན་པོ་སྟེ། ཕར་ཕྱིན་དྲུག་གི་སྒོ་ནས་གཞན་དོན་རྒྱ་ཆེན་པོ་དངོས་སུ་རྩོམ་པ་ཡིན་ལ། དེ་ནི་གཞན་དོན་གྱི་དཀའ་སྤྱད་ཐམས་ཅད་བཟོད་པ་ཆེ་བ་ཡིན་ནོ། །འབྲས་བུའི་སྒོ་ནས་མཚོན་ན་འབྱུང་བ་ཆེ་བ་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ལ། དེས་ནི་རང་གཞན་གྱི་དོན་ཆེན་པོ་ཡང་དག་པར་སྒྲུབ་པའི་བྱ་བ་བྱེད་པ་ཡིན་ནོ། །རྒྱུ་མཚན་གསུམ་པོ་དེས་ན་ཐེག་ཆེན་གྱི་སྒྲུབ་པ་ནི། ཐོག་མ་དང་བར་དང་ཐ་མར་དགེ་བ་ཡིན་ནོ། །གཉིས་པ་ནི། བདག་དང་གཞན་དུ་མཉམ་པའི་སེམས་ཆོས་མཆོག་མན་ཆད་དུ་མོས་པའི་སྒོ་ནས་སམ། ས་དང་པོ་མན་ཆད་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རྙེད་པ་དང༌། ཡང་བདག་ལས་གཞན་ཆེས་སྡུག་ཅིང་ཡིད་དུ་འོང་བ་རྙེད་ནས་དེ་ལྟར་བདག་གི་དོན་པས་གཞན་གྱི་དོན་མཆོག་གཅེས་པར་ཤེས་པའི་བྱང་ཆུབ་སེམས་དཔའ་དེ་ལ་རང་གི་དོན་གཅེས་པར་བྱ་བ་ནི་གང་ཡིན་པ་དེ་ལ། གཞན་གྱི་དོན་མི་གཅེས་པར་བྱ་བ་གང་ཞིག་ཡིན་ཏེ་དེ་འདྲ་མེད་དོ། །གསུམ་པ་གཙོ་བོར་གཞན་དོན་སྒྲུབ་པ་ལ་གསུམ་སྟེ། གཞན་དོན་གཙོ་བོར་བྱེད་པའི་ཚུལ། གཞན་དོན་གྱི་རྣམ་པའི་རབ་ཏུ་དབྱེ་བ། གཞན་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དོ། །དང་པོ་ནི། ཇི་ལྟར་སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་གྱི་ཕྱིར་དུ་རང་རང་གི་མགོ་བཅད་ནས་གཞན་ལ་གཏོང་བ་ལ་སོགས་པ་བདག་ཉིད་ཀྱིས་བདག་ཉིད་ལ་སྡུག་བསྔལ་མི་བཟོད་པའི་གདུང་བ་རབ་ཏུ་བྱེད་པ་དེ་ལྟར་ནི་འཇིག་རྟེན་ཕ་རོལ་པོ་སྡུག་བསྔལ་གྱིས་གདུང་བར་བྱེད་པའི་ལས་ཀྱིས་གཞན་དགྲར་གྱུར་པ་རྣམས་ལའང་ཤིན་ཏུ་བརྩེ་བ་མེད་པར་རབ་ཏུ་འཇུག་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་གཞན་དོན་དུ་རང་ལ་སྡུག་བསྔལ་ཁུར་བར་བྱེད་པ་ཙམ་འཇིག་རྟེན་པ་རྣམས་ཀྱིས་དགྲ་ལ་ཡང་གནོད་པ་བྱེད་པའི་འབད་པ་བྱེད་མི་ནུས་སོ། །གཉིས་པ་ནི། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མ་ཉོན་སྒྲིབ་ཙམ་ཡང་སྤང་རུང་དུ་འདུག་པ་ཐ་ཆད་དེ་ཉན་ཐོས་ཀྱི་རིགས་དང༌། ཤེས་སྒྲིབ་ཀྱི་ཕྱོགས་གཅིག་གཟུང་རྟོག་ཀྱང་སྤང་རུང་དུ་འདུག་པ་འབྲིང་སྟེ་རང་རྒྱལ་གྱི་རིགས་དང༌། སྒྲིབ་པ་གཉིས་ཀ་སྤང་རུང་དུ་འདུག་པ་མཆོག་ཐེག་ཆེན་གྱི་རིགས་ཏེ། རིགས་གསུམ་པོ་དེ་ལ་གནས་པའི་གང་ཟག་རྣམས་ལ་བྱང་ཆུབ་སེམས་དཔའ་གཞན་དོན་རྣམ་པ་བཅུ་གསུམ་བྱེད་དེ། བཙུན་པ་ལྟར་ན་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་སེམས་ཤེས་པར་བྱས་ནས། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་གདམས་ངག་སྟོན་པར་བཞེད་ལ། འགྲེལ་བྱེད་མཁན་པོ་ལྟར་ན། དང་པོ་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་བསམ་པ་རྟོགས་པར་བྱས་ནས། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་དེའི་བསམ་པ་དང་མཐུན་པར་ཆོས་ལེགས་པར་སྟོན་པ་དང༌། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བསྟན་པ་ལ་མགུ་ཞིང་དད་པར་བྱེད་པ་དང༌། དད་པ་དེ་རྣམས་བསྟན་པའི་སྒོར་འཇུག་པ་དང༌། ཞུགས་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་བདག་ཉིད་ཀྱི་དོན་ལ་རྣམ་པར་ངེས་པའི་ཡིད་ཆེས་པ་བསྐྱེད་པར་བྱེད་པ་དང༌། དེའི་ཐར་པ་ཆ་མཐུན་གྱི་དགེ་བ་ཡོངས་སུ་སྨིན་པར་བྱེད་པ་དང༌། ཞི་གནས་དང་ལྷག་མཐོང་བསྐྱེད་པའི་ཕྱིར། དེ་བཞི་ནི་གདམས་ངག་འདོམས་པར་བྱེད་པ་དང༌། དེ་ལ་རྟེན་ནས་སེམས་གནས་པ་ཞི་གནས་ཐོབ་པར་བྱེད་པ་དང༌། བློ་མཐོང་སྤངས་ལས་རྣམ་པར་གྲོལ་བ་ལྷག་མཐོང་བསྐྱེད་པར་བྱེད་པ་དང༌། ཞི་ལྷག་གཉིས་ལ་རྟེན་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པར་བྱེད་པ་སྟེ། དེ་དག་གི་རིགས་ཅན་གསུམ་ཀ་ལ་སྒྲུབ་པར་བྱེད་པ་ལ། ཁྱད་པར་དུ་ཐེག་ཆེན་གྱི་རིགས་ཅན་རྣམས་སུ་དང་པོར་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་དང༌། ས་བརྒྱད་པར་དངོས་སུ་ལུང་བསྟན་པ་དང༌། ས་བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང༌། ས་བཅུ་གཅིག་པ་ལ་དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པའི་གོ་འཕང་ལ་འགོད་པ་སྟེ་རྣམ་པ་བཅུ་གསུམ་གྱི་བདག་ཉིད་འདི་དག་ནི་གཞན་གྱི་དོན་གྱི་རབ་ཏུ་དབྱེ་བ་ཡིན་ནོ། །འདི་ནི་པ་ར་ཧེ་ཏ་དང་འགྲེལ་ཆེན་ལུགས་སོ། །རྒྱལ་སྲས་རྣམས་ཀྱིས་སངས་རྒྱས་ཐོབ་པ་ན་བྱེད་པའི་སྒྲུབ་པ་ལའང་རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་ཞེས་བཏགས་པ་ཡིན་ཏེ། བྱང་ས་ལས། སངས་རྒྱས་ཀྱི་སའི་ཐབས་ལ་མཁས་པ་ལ་བྱང་ཆུབ་སེམས་དཔའ་རྣམ་པར་དག་པའི་ཐབས་སུ་བཤད་པ་ཡིན་ནོ། །གསུམ་པ་གཞན་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ནི། སྐྱེ་བོ་རིགས་ཅན་གསུམ་རང་རང་གི་རིགས་དང་མཐུན་པའི་ལམ་དང༌། སྤང་བྱ་གང་ཤས་ཆེ་བ་དེའི་གཉེན་པོ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་ལེགས་པར་སྟོན་པའི་སྒྲུབ་པ་ཕུན་སུམ་ཚོགས་པའི་རྟགས་སོ། །རྫུ་འཕྲུལ་གྱིས་གཞན་བསྟན་པ་ལ་དད་པར་བྱས་ནས་ང་རྒྱལ་གྱིས་མི་འགྱིང་བར་མགུ་བར་བྱེད་དོ། །བདག་གིས་བསྟན་པ་ལ་བཅུག་པ་རྣམས་ལ་འདི་དག་ནི་བདག་ཉིད་ཀྱི་འཁོར་ཡིན་ནོ་སྙམ་དུ་ང་རྒྱལ་མེད་པ་ནི་འཇུག་པའོ། །བདག་མེད་ཀྱི་དོན་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་བསལ་ནས་ངེས་ཤེས་བསྐྱེད་པ་ལ་མཁས་པ་ནི་དོན་ལ་རྣམ་པར་ངེས་པའོ། །གཞན་དོན་གྱི་དཀའ་སྤྱད་བཟོད་པ་ནི་དགེ་བ་ཡོངས་སུ་སྨིན་པར་བྱེད་པའོ། །བདག་ཉིད་བསླབ་པ་གསུམ་དང་ལྡན་པའི་ཕྱིར་ལུས་སེམས་དུལ་བས་ནི་གདམས་ངག་འདོམས་པ་དང༌། སེམས་གནས་པ་དང༌། བློ་རྣམ་པར་གྲོལ་བ་དང༌། ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་དང་བཞིས་སྒྲུབ་པ་ཕུན་སུམ་ཚོགས་པར་འགྱུར་རོ། །ས་དང་པོ་དང༌། བརྒྱད་པ་དང༌། བཅུ་པ་དང༌། བཅུ་གཅིག་པ་རྣམས་ནི་འོག་མ་འོག་མ་ལས་ཤིན་ཏུ་རིང་དུ་སོང་བ་ཡིན་ལ། དེ་དག་ལ་གནས་ནས་གཞན་ཡང་དེ་དག་ལ་འགོད་པ་ནི་རིགས་སུ་སྐྱེ་བ་གཅིག་པའི་སྒྲུབ་པ་བཞི་ཕུན་སུམ་ཚོགས་པ་ཡིན་ནོ། །ཊཱིཀྐ་ལས། ས་དང་པོ་དང༌། བརྒྱད་པ་དང༌། བཅུ་པའི་ཡོན་ཏན་རང་གིས་ཐོབ་ནས་གཞན་དེ་དག་ལ་འགོད་པར་ནུས་ལ་རིང་དུ་སོང་བར་བཤད་ཅིང༌། འགྲེལ་ཆེན་མཁན་པོ་ནི། འཕགས་པའི་ས་བཅུ་གཅིག་ནི་སོ་སྐྱེ་དང་ཉན་རང་གིས་འཇུག་མི་ནུས་པའི་ཕྱིར་རིང་དུ་སོང་བ་ཡིན་ལ། དེ་དག་ལ་འགོད་པར་ནུས་པ་ལ་རིང་དུ་སོང་བའི་སྒྲུབ་པ་ཡིན་ནོ། །ཡང་དོན་བྱ་བའི་ཡུལ་ལ་སེམས་ཅན་མི་ཟད་པའི་ཕྱིར་སྒྲུབ་པ་དེ་རྣམས་ཀྱང་མི་ཟད་པ་ཡིན་ཏེ། རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་བཅུ་གསུམ་པོ་འདི་ནི་འཇིག་རྟེན་པ་དང་ཉན་རང་ལས་མཆོག་ཡིན་ནོ། །བཞི་པ་ཁྱད་པར་དུ་འཕགས་པའི་མཚན་ཉིད་ལ་གཉིས་ཏེ། ཉོན་མོངས་པ་མེད་པས་ཁྱད་པར་དུ་འཕགས་པ་དང༌། སྡུག་བསྔལ་མེད་པས་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་འཇིག་རྟེན་དང༌། ཉན་རང་ལས་ཇི་ལྟར་ཁྱད་པར་དུ་འཕགས་ཤེ་ན། འདོད་པའི་ཡོན་ཏན་ལ་མངོན་པར་ཞེན་པ་དང་ལྡན་པའི་སྐྱེ་བོ་རྣམས་ནི་འདོད་ཡོན་གྱི་བདེ་བ་སྒྲུབ་པར་འདོད་པས་ཚེ་འདིར་སྡུག་བསྔལ་མང་པོ་དང༌། ཕྱི་མར་ངན་སོང་གི་སྡུག་བསྔལ་གྱི་འཇིགས་པ་ཆེན་པོ་ལ་འཇུག་སྟེ། རྒྱ་ཆེར་རོལ་པ་ལས། འདོད་པའི་སྐྱོན་རྣམས་མ་ལུས་བདག་གིས་རིག །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་ལྟ་བུ་དང༌། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །ཞེས་པ་ལྟར་རོ། །གཟུགས་མེད་ཀྱི་སྲིད་པ་ལ་དགའ་ཞིང་སྒྲུབ་པར་འདོད་པ་རྣམས་ནི་བསམ་གཏན་དང་པོ་གསུམ་གྱི་བདེ་བ་དེ་འགྱུར་བའི་སྡུག་བསྔལ་ལ་བདེ་བར་བཟུང་བ་ཡིན་པས་ཕྱིན་ཅི་ལོག་གི་བདེ་བ་ཡིན་ལ། བཞི་པ་ཡན་ཆད་ཀྱི་བཏང་སྙོམས་དེའང་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ཞིང༌། དེ་དག་ལས་ཉམས་པར་འགྱུར་བས་གཡོ་བ་ཡིན་ལ། མདོ་ལས། གང་ཅི་ཚོར་བ་དེ་སྡུག་བསྔལ་ཞེས་གསུངས་པ་ལྟར་སྡུག་བསྔལ་ཡིན་ཞིང་དེར་མ་ཤེས་པས་དེ་ལ་འཇུག་གོ །རང་ཉིད་ཞི་བ་ལ་དགའ་བ་ཉན་རང་རྣམས་ནི་རང་གི་སྡུག་བསྔལ་ལེན་པར་བྱེད་པ་ཉོན་མོངས་པ་རབ་ཏུ་ཞི་བ་ལ་འཇུག་གོ །སྙིང་རྗེའི་བདག་ཉིད་བྱང་ཆུབ་སེམས་དཔའ་ནི། རང་གཞན་གྱི་ལེན་པ་ཉོན་མོངས་པ་ཀུན་ཞི་བར་བྱེད་ལ། ཕུང་པོ་ལྷག་མེད་དུ་ཡང་མི་ཟད་པས་ན་རྟག་པ་མི་གནས་པའི་མྱང་འདས་དེ་སྒྲུབ་པར་བྱེད་དོ། །གཉིས་པ་སྡུག་བསྔལ་མེད་པས་ཁྱད་པར་དུ་འཕགས་པ་ནི། སྐྱེ་བོ་རྨོངས་པ་རྣམས་ནི་རང་གི་བདེ་བ་སྒྲུབ་པའི་དོན་ལ་བརྩོན་པར་བྱེད་ཀྱང་དུས་རྟག་ཏུ་རང་གི་བདེ་བ་དེ་མ་ཐོབ་པར་དེའི་རྒྱུ་མཚན་གྱིས་སྡུག་བསྔལ་བར་འགྱུར་གྱི། གཞན་དོན་སྒྲུབ་པ་ནི་སྡུག་བསྔལ་ལ་སོགས་པའི་རྐྱེན་གྱིས་མི་གཡོ་བར་བརྟན་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་གཞན་དོན་ལ་བརྩོན་པ་ནི། རང་གཞན་གཉིས་ཀའི་དོན་བྱས་ནས་མི་གནས་པའི་མྱ་ངན་ལས་འདའ་བར་འགྱུར་རོ། །སྤྱོད་འཇུག་ལས། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །མང་དུ་བཤད་ལྟ་སྨོས་ཅི་སྟེ། །བྱིས་པ་རང་དོན་བྱེད་པ་དང༌། །ཐུབ་པ་གཞན་གྱི་དོན་མཛད་པའི། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་པ་ལྟར་རོ། །ཐབས་མཁས་པའི་ཁྱད་པར་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་འཕྲལ་གྱི་སྤྱོད་ལམ་ལ་འཇུག་པའི་ཚེ་རྣམ་པ་ཇི་ལྟ་བུའི་མིག་ལ་སོགས་པའི་དབང་པོ་སྤྱོད་ཡུལ་སྣ་ཚོགས་ལ་འཇུག་པར་འགྱུར་པའི་རྣམ་པ་དེ་ལྟར་དེ་དང་རིགས་མཐུན་པའི་ཚིག་གིས་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་དེ་དག་ཐམས་ཅད་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་པ་ལྟར་མངོན་པར་འདུ་བྱེད་དོ། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་ཇི་ལྟར་གསུངས་ཞེ་ན། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་ནང་དུ་འདུག་པའི་ཚེ་ཐར་པ་ཆེན་པོ་གོ་འཕང་ཐོབ་པར་གྱུར་ཅིག དེ་བཞིན་དུ་སྦྱར་ཏེ། ཉལ་བའི་ཚེ་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཐོབ་པ་དང༌། རྨི་ལམ་བྱུང་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པ་དང༌། གཉིད་སད་པའི་ཚེ་མ་རིག་པ་ལས་སད་པ་དང༌། ལྡང་བའི་ཚེ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཐོབ་པ་དང༌། གོས་གྱོན་པའི་ཚེ་ན་ངོ་ཚ་དང་ཁྲེལ་ཡོད་པའི་གོས་གྱོན་པ་དང༌། སྐེ་རགས་འཆིང་བའི་ཚེ་དགེ་བའི་རྩ་བ་དང་འབྲེལ་བ་དང༌། སྟན་ལ་འདུག་པའི་ཚེ་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་ཐོབ་པ་དང༌། རྒྱབ་བརྟེན་པའི་ཚེ་བྱང་ཆུབ་ཀྱི་ཤིང་ཐོབ་པ་དང༌། མེ་གཏོང་བའི་ཚེ་ཉོན་མོངས་པའི་བུད་ཤིང་སྲེག་པ་དང༌། འབར་བའི་ཚེ་ཡེ་ཤེས་ཀྱི་མེ་འབར་བ་དང༌། གཡོས་ཟིན་པའི་ཚེ་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པ་དང༌། ཟས་ཟ་བའི་ཚེ་བསམ་གཏན་གྱི་ཟས་ཐོབ་པ་དང༌། ཕྱིར་འགྲོ་བའི་ཚེ་འཁོར་བའི་གྲོང་ཁྱེར་ལས་ཐར་བ་དང༌། སྐས་ལས་འབབ་པའི་ཚེ་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པ་དང༌། སྒོ་འབྱེད་པའི་ཚེ་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པ་དང༌། སྒོ་གཅོད་པའི་ཚེ་ངན་སོང་གསུམ་གྱི་སྒོ་གཅོད་པ་དང༌། ལམ་དུ་འཇུག་པ་དང་གྱེན་དུ་འགྲོ་བའི་ཚེ་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་ལམ་ལ་འགོད་པ་དང༌། ཐུར་ལ་འབབ་པའི་ཚེ་ངན་སོང་གསུམ་གྱི་རྒྱུན་གཅོད་པ་དང༌། སེམས་ཅན་ཐམས་ཅད་དང་འཕྲད་པའི་ཚེ་སངས་རྒྱས་དང་མཇལ་བ་དང༌། རྐང་པ་འཇོག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་རྟོན་པ་དང༌། རྐང་པ་འདེགས་པའི་ཚེ་སེམས་ཅན་ཐམས་ཅད་འཁོར་བ་ལས་འདོན་པ་དང༌། རྒྱན་དང་ལྡན་པར་མཐོང་ན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པ་དང༌། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང༌། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བ་དང༌། སྟོངས་པར་མཐོང་ན་སྐྱོན་གྱིས་སྟོངས་པ་དང༌། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བ་དང༌། མི་དགའ་བ་མཐོང་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་མི་དགའ་བ་དང༌། སེམས་ཅན་བདེ་བ་མཐོང་ན་སངས་རྒྱས་ཀྱི་བདེ་བའི་ཡོ་བྱད་ཐོབ་པ་དང༌། སྡུག་བསྔལ་བ་མཐོང་ན་སེམས་ཅན་གྱི་སྡུག་བསྔལ་ཞི་བར་བྱེད་པ་དང༌། ནད་པ་མཐོང་ན་ནད་ལས་གྲོལ་བ་དང༌། དྲིན་དུ་བཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དྲིན་ལན་ལྡོན་པ་དང༌། དྲིན་དུ་མི་བཟོ་བ་མཐོང་ན་ལྟ་བ་ལ་སོགས་པ་དྲིན་དུ་མི་བཟོ་བ་དང༌། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཚར་གཅོད་ནུས་པ་དང༌། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པ་དང༌། ཆོས་ཀྱི་གཏམ་བྱེད་པའི་ཚེ་སངས་རྒྱས་ཀྱི་སྤོབས་པ་ཐོབ་པ་དང༌། སངས་རྒྱས་ཀྱི་སྐུ་གཟུགས་མཐོང་ན་སངས་རྒྱས་མཐོང་བ་ལ་སྒྲིབ་པ་མེད་པ་དང༌། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བ་དང༌། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་འཐོབ་པ་དང༌། ཕྱག་འཚལ་པའི་ཚེ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤྱི་གཙུག་ལྟར་མི་མངོན་པ་ཐོབ་པར་གྱུར་ཅིག ཅེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་གཞན་ལའང་རུང་མཐུན་རྩིས་ནས་ཇི་ལྟར་འོས་པར་སྦྱར་བར་བྱའོ། །དྲུག་པ་མི་སྐྱོ་བའི་ཁྱད་པར་ནི། གལ་ཏེ་སེམས་ཅན་རྣམས་ཀྱི་ལོག་སྒྲུབ་ཀྱིས་བྱང་སེམས་གཞན་དོན་ལས་ལྡོག་པར་མི་འགྱུར་རམ་ཞེ་ན། རྟག་ཏུ་རང་གི་ཉོན་མོངས་པའི་ཉེས་པས་རང་དབང་མེད་པར་བྱས་པའི་སེམས་དང་ལྡན་པས་ལོག་སྒྲུབ་སྣ་ཚོགས་བྱེད་པའི་སྐྱེ་བོ་ལ་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཉེས་པ་སྟེ་འཁོན་དུ་མི་འཛིན་ཏེ། སྤྱོད་འཇུག་ལས། དཔེར་ན་མི་འདོད་བཞིན་དུ་ནི། །ནད་ནི་འབྱུང་བར་འགྱུར་བ་ལྟར། །དེ་བཞིན་མི་འདོད་བཞིན་དུ་ཡང༌། །ཉོན་མོངས་ནན་གྱིས་སྐྱེ་བར་འགྱུར། །ཞེས་པ་ལྟར་འདི་དག་བདག་ལ་གནོད་པར་བྱེད་པར་མི་འདོད་བཞིན་ཁོང་ཁྲོས་རང་དབང་མེད་པར་སྐུལ་ནས་བདག་ལ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས་རྟོགས་ནས་ལོག་སྒྲུབ་བྱེད་མཁན་གྱི་སྐྱེ་བོ་དག་ལ་སྙིང་རྗེ་ལྷག་པར་འཕེལ་བར་འགྱུར་བའི་ཕྱིར་ཏེ། དབུ་མ་བཞི་བརྒྱ་པ་ལས། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་གདུང་བར་འགྱུར་བ་ལྟར། །དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དམ་པ་མིན་ལ་ལྷག་པར་བརྩེ། །ཞེས་པ་ལྟར་རོ། །སྒྲུབ་པའི་རང་བཞིན་བསྟན་ཟིན་ཏོ། །གཉིས་པ་སྒྲུབ་པའི་ཆེ་བ་ལ། ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའི་སྒྲུབ་པ་འདི་ནི་སྲིད་པ་གསུམ་དང་འགྲོ་བ་ལྔ་པོ་ཀུན་ཟིལ་གྱིས་གནོན་ནས་སངས་རྒྱས་ཀྱི་སར་འགྲོ་ཞིང༌། མྱ་ངན་ལས་འདས་པའི་ཆེ་བ་ནི་ཞི་བ་རྣམས་ཀྱི་མཆོག་མི་གནས་པའི་མྱ་ངན་ལས་འདས་པ་དང་ལྡན་ལ། ཡོན་ཏན་གྱི་ཆེ་བ་ནི་སྟོབས་ལ་སོགས་པའི་ཡོན་ཏན་སྣ་ཚོགས་ཉིད་ཀྱིས་རྣམ་པར་འཕེལ་ཞིང༌། སེམས་ཅན་མི་གཏོང་བའི་ཆེ་བ་ནི་བྱམས་པས་ཀུན་ནས་སླངས་ཏེ་དུས་རྟག་ཏུ་བསྡུ་བ་བཞིའི་སྒོ་ནས་འགྲོ་བ་རྣམས་སྡུད་པར་བྱེད་དོ། །སྒྲུབ་པའི་ཐབས་བསྟན་ཟིན་ཏོ།།  ༈  །།དེ་ཁོ་ན་ཉིད་ཀྱི་ལེའུ་ནི་བཤད་མ་ཐག་པའི་སྒྲུབ་པའི་ཡོན་ཏན་བཞི་པོ་དེ་ཁོ་ན་ཉིད་རྟོགས་པ་ཁོ་ན་ལས་བྱུང་བའམ། དེ་ཁོ་ན་ཉིད་རྟོགས་ནས་རང་གཞན་གྱི་དོན་ལ་སྦྱོར་བར་འགྱུར་བས་སྒྲུབ་པའི་འོག་ཏུ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་དོན། དེ་རྟོགས་པའི་ཆེ་བའོ། །དང་པོ་ལ་བཞི་སྟེ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། དེ་ལ་ཕྱིན་ཅི་ལོག་དགག་པ་དང༌། ཕྱིན་ཅི་ལོག་ཟད་པའི་ཚུལ་དང༌། ཕྱིན་ཅི་ལོག་གི་གཉེན་པོའི་རང་བཞིན་ནོ། །དང་པོ་ནི། ཆོས་ཉིད་དེ། ཀུན་བཏགས་དང་གཞན་དབང་གི་དངོས་པོ་ཡོད་པར་མིན་ཞིང༌། ཡོངས་གྲུབ་ཀྱི་ངོ་བོར་མེད་པ་ཡང་མ་ཡིན་ནོ། །ཀུན་བཏགས་ནི་དོན་གཞན་ལ་མེད་བཞིན་དུ་བློ་འཁྲུལ་བས་བཏགས་པ་ཡིན་ལ། གཞན་དབང་ནི་ཀུན་བཏགས་དེའི་གདགས་གཞིར་གྱུར་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཞིང༌། ཡོངས་གྲུབ་ནི་དོན་དམ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཉིད་དུ་གྱུར་པ་མེད་པ་མ་ཡིན་པས་ཀུན་བཏགས་གཞན་དབང་གཉིས་དང༌། ཡོངས་གྲུབ་དེ་དེ་བཞིན་ཏེ་གཅིག་པ་མིན་ནོ། །གཞན་དབང་དེ་ཀུན་བཏགས་ཀྱིས་སྟོང་པའི་ཆ་ལ་ཡོངས་གྲུབ་ཏུ་བརྗོད་པས་གཞན་ཏེ་ཐ་དད་པ་ཡང་མིན་ཏེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་སོ། །ཆོས་ཉིད་ཡོངས་གྲུབ་ནི་འདུས་མ་བྱས་པའི་ཕྱིར་སྐྱེ་བ་དང་འཇིག་པ་མེད་ལ། ཀུན་ནས་ཉོན་མོངས་པའི་ཆོས་འགག་ཀྱང་ཆོས་ཉིད་འབྲི་བར་མི་འགྱུར་ཞིང༌། གཉེན་པོའི་ཆོས་འཕེལ་ཡང་ཆོས་ཉིད་འཕེལ་བ་མེད་ཅིང༌། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་གཉེན་པོས་གསར་དུ་རང་བཞིན་དེ་རྣམ་པར་དག་པར་འགྱུར་བ་ཡང་མེད་ལ། ལམ་བསྒོམས་པའི་སྟོབས་ཀྱིས་གློ་བུར་གྱི་དྲི་མ་རྣམ་པར་དག་པར་འགྱུར་བ་སྟེ། དེ་ལྟར་ན་ཡོད་མེད་གཉིས། གཅིག་ཐ་དད་གཉིས། སྐྱེ་འཇིག་གཉིས། འཕེལ་འགྲིབ་གཉིས། དག་མ་དག་གཉིས་ཏེ། སྤྲོས་པའི་མཐའ་ཟུང་ལྔ་དང་བྲལ་བ་དེ་ནི་དོན་དམ་པའི་མཚན་ཉིད་ཡིན་ནོ། །གཉིས་པ་ཕྱིན་ཅི་ལོག་དགག་པ་ལ། ངོ་བོ་ལ་ཕྱིན་ཅི་ལོག་དགག་པ་དང༌། རྒྱུ་ལ་ཕྱིན་ཅི་ལོག་དགག་པའོ། །དང་པོ་ལ་གཉིས་ཏེ། དགག་པ་དངོས་བསྟན། གནོད་བཅས་སུ་སྒྲུབ་པའོ། །དང་པོ་ནི། གལ་ཏེ་གང་ཟག་རྫས་སུ་ཡོད་དོ་ཞེ་ན། འོ་ན་བདག་དེ་བདག་ཏུ་ལྟ་བའི་ཤེས་པ་དེ་ཡིན་ནམ། ཉེར་ལེན་གྱི་ཕུང་པོའམ་དེ་གཉིས་ལས་གཞན་ཞིག་ཡིན། དང་པོ་ལྟར་ན། བདག་ཏུ་ལྟ་བ་ཆོས་ཅན། བདག་མ་ཡིན་ཏེ། བདག་གི་མཚན་ཉིད་དང་ལྡན་པ་མ་ཡིན་པའི་ཕྱིར་ཏེ། བདག་ནི་རྟག་པ་གཅིག་པུ་རང་དབང་ཅན་ཡིན་པས་སོ། །གཉིས་པ་ལྟར་ན། ངན་པར་གནས་པའི་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། བདག་མ་ཡིན་ཏེ། བདག་དང་མཚན་ཉིད་མི་འདྲ་བའི་ཕྱིར་ཏེ། བདག་གི་མཚན་ཉིད་ནི། རྟག་པ་གཅིག་པུ་རང་དབང་ཅན་འདོད་ལ། ཕུང་པོ་ནི་མི་རྟག་པ་དང་དུ་མ་དང་གཞན་དབང་ཅན་ཡིན་པའི་ཕྱིར། གསུམ་པ་ལྟར་ན་བདག་ལྟ་དང་ཉེར་ལེན་གྱི་ཕུང་པོ་དེ་གཉིས་ལས་གཞན་པ་མ་ཡིན་ཏེ། འདི་གཉིས་ལས་གཞན་པའི་བདག་ཏུ་སྣང་རུང་དུ་མ་དམིགས་པའི་ཕྱིར། བདག་མེད་པས་ན་བདག་ཏུ་འཛིན་པ་དེ་ནི་ནོར་བར་ཤེས་པ་ལོག་ཤེས་ཡིན་ཏེ། ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་བཞིན་ནོ། །དེ་ལྟར་ན། ཕུང་པོ་སྐད་ཅིག་སྨྲ་བ་ནི། །ཤཱཀྱ་པ་རྣམས་བདག་མེད་ན། །མཐོ་རིས་ཐར་ལ་དགོངས་པ་ཡི། །འབད་པ་དོན་མེད་ཉིད་དུ་འགྱུར། །ཞེས་འབྱུང་བ་ལྟར་བདག་མེད་ན་ཐར་པ་མེད་པའི་སྐྱོན་ཡོད་དོ་ཞེ་ན། ཐར་པ་པོའི་བདག་ནི་མེད་པ་དེའི་ཕྱིར་ཐར་པ་ནི་ནོར་བཅོམ་གྱི་རང་བཞིན་བདག་ཏུ་འཛིན་པ་དེ་ཟད་པ་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་མ་ཡིན་པར་ཤེས་པས་ཐག་པ་སྦྲུལ་དུ་བཟུང་ནས་འཇིགས་པ་དེ་དང་བྲལ་བ་བཞིན་ནོ། །གཉིས་པ་ནི། དོན་དམ་པར་བདག་མེད་ན་ཐམས་ཅད་བདག་མེད་རྟོགས་པར་འགྱུར་རོ་ཞེ་ན། བདག་མེད་མི་རྟོགས་པའི་ཚུལ་ཇི་ལྟར་ན་འཁྲུལ་པ་ཙམ་སྟེ། བདག་ཏུ་འཛིན་པ་ལ་བརྟེན་པའི་སྐྱེ་བོ་ཡིས་ཉེར་ལེན་གྱི་ཕུང་པོ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་རྒྱུན་ཆགས་སུ་གནས་པ་འདི་བདག་མེད་དུ་མངོན་སུམ་གྱིས་རྟོགས་པར་མི་འགྱུར་ཏེ། བདག་མེད་རྟོགས་པའི་ཡེ་ཤེས་མེད་པའི་ཕྱིར། འོ་ན་དེ་དག་ལ་བདག་མེད་རྟོགས་པའི་ཡེ་ཤེས་མེད་པས་སྡུག་བསྔལ་རང་ཡང་མི་རྟོགས་པར་འགྱུར་རོ་ཞེ་ན། སྡུག་བསྔལ་ནི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་རིག་པ་ལ་ལྟོས་དགོས་པ་མ་ཡིན་ཏེ། སྡུག་བསྔལ་ཉམས་སུ་མྱོང་བའི་ཤེས་པས་རིག་པ་ཉིད་ཀྱི་ཕྱིར་རོ། །དེ་འདྲའི་སྐྱེ་བོ་དེ་ནི་སྡུག་བསྔལ་ཅན་ཡིན་ལ། སྡུག་བསྔལ་ཅན་གྱི་བདག་ནི་མེད་དོ། །དེ་ལྟར་གང་ཟག་གི་བདག་མེད་པས་ཆོས་ཙམ་དུ་ཟད་པའི་ཕྱིར། ཆོས་ཀྱི་རང་བཞིན་ནོ། །ཆོས་ཀྱི་བདག་མེད་པས་ཆོས་ཀྱི་རང་བཞིན་ཇི་ལྟར་སྣང་བ་བཞིན་བདེན་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །གཉིས་པ་རྒྱུ་ལ་ཕྱིན་ཅི་ལོག་དགག་པ་ནི། རྒྱུ་ལ་རྟེན་ནས་དངོས་པོ་རབ་ཏུ་བསྐྱེད་པ་མངོན་པར་འཇུག་པ་སྟེ་མངོན་སུམ་གྱི་མཐོང་བཞིན་དུ་གྲངས་ཅན་པ་ལ་སོགས་པའི་སྐྱེ་བོ་ཁ་ཅིག་ཇི་ལྟར་མཐོང་བ་དང་ཐོས་པ་རྣམས་རྟེན་འབྲེལ་ལས་གཞན་གཙོ་བོ་དང་དབང་ཕྱུག་ལ་སོགས་པས་བྱས་སོ་ཞེས་བྱ་བའི་ལྟ་བ་ངན་པ་ལ་བརྟེན་ཏེ་བརྟེན་པར་མི་རིགས་སོ། །གང་གི་ཕྱིར་ཡོད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་མི་མཐོང་བར་མེད་པའི་བདག་ལ་སོགས་པ་མཐོང་བ་དེ་འདྲ་བའི་མུན་ནག་གི་རྣམ་པ་འདི་གང་ཞིག་ཡིན་ཏེ། མུན་པས་ཀྱང་ཡོད་པ་མི་མཐོང་བར་བྱེད་ཀྱི་མེད་པ་མཐོང་བར་མི་བྱེད་པས་དེས་ན་འདི་འབྱུང་བར་མི་རིགས་པ་ཞིག་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །གསུམ་པ་ཕྱིན་ཅི་ལོག་ཟད་པའི་ཚུལ་ནི། བདག་མེད་ན་ཐར་པའི་ལམ་མེད་པས་ཐར་པ་དང་འཁོར་བ་ཁྱད་པར་མེད་པར་གྱུར་རོ་ཞེ་ན། དཔེ་མེད་པར་བསྟོད་པ་ལས། འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་པ་ཁྱེད་མི་བཞེད། །འཁོར་བ་ཞི་ཉིད་གང་ཡིན་པ། །དེ་ཉིད་མྱ་ངན་འདས་པ་བཞེད། །ཅེས་དང༌། ཐེག་བསྡུས་ལས། འཁོར་བ་དང་ནི་མྱ་ངན་འདས། །མཚུངས་པར་ཤེས་པ་ནམ་ཤེས་པ། །དེ་ཚེ་དེ་ཕྱིར་དེ་ལ་ནི། །འཁོར་ཉིད་མྱ་ངན་འདས་པར་འགྱུར། །ཞེས་པ་ལྟར་ཆོས་ཙམ་འདི་ལ་དོན་དམ་པའི་ཚུལ་གྱིས་ཞི་བ་མྱ་ངན་ལས་འདས་པ་དང་སྐྱེ་བ་འཁོར་བ་དེ་གཉིས་ཁྱད་པར་ཅི་ཡང་མེད་དོ། །འོན་ཀྱང་དགེ་བའི་ལས་རྣམས་བྱེད་པའི་སྐྱེ་བོ་དེ་དག་སྐྱེ་བ་འཁོར་བ་ཟད་པས་སྡུག་བསྔལ་དང་ཀུན་འབྱུང་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པར་མདོ་ལས་བཤད་དོ། །བཞི་པ་ཕྱིན་ཅི་ལོག་གི་གཉེན་པོ་ལ་བཞི་ལས། དང་པོ་ཚོགས་ལམ་བསྟན་པ་ནི། འདི་ལྟར་ཕྱིན་ཅི་ལོག་གི་གཉེན་པོ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། ཚོགས་གཉིས་ཀྱིས་ནི་དེ་སྐྱེད་པར་བྱེད་ཅིང་མཐོང་ལམ་དུ་དངོས་སུ་ཐོབ་ནས་དེ་ཡན་ཆད་དུ་རྟོགས་པ་དེ་གོང་ནས་གོང་དུ་འཕེལ་བར་འགྱུར་པ་ལས། ཚོགས་ལམ་ལ་གནས་པ་དེས་ཚོགས་ཇི་ལྟ་བུ་ཞིག་བསགས། རྟོག་པ་ཇི་ལྟ་བུ་ཞིག་སྐྱེས་ནས་དུས་ཇི་ཙམ་ཞིག་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཐོབ་པར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་ཚོགས་ལམ་པ་དེས་ཚོགས་ཀྱི་ཁྱད་པར་བསོད་ནམས་དང་ཤེས་རབ་ཡེ་ཤེས་ཀྱི་ཚོགས་རྣམས་ལེགས་པར་བསགས་ནས། རྟོགས་པའི་ཁྱད་པར་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ལ་ཐོས་པ་དང་སེམས་པའི་སྒོ་ནས་ཕྱི་རོལ་གྱི་དོན་དུ་བདེན་པ་མེད་པར་ཤིན་ཏུ་རྣམ་པར་ངེས་པར་བྱས་ནས་སྒོམ་པའི་ཕྱིར། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་ཕ་རོལ་གྱི་དོན་རྣམ་པར་བརྗོད་པ་སྟེ་རྣམ་པར་རྟོག་པའི་རྒྱུ་ཅན་ཡིན་པར་རྟོགས་ཏེ། འདི་ལྟར་དོན་དུ་སྣང་བ་འདི་དག་ནི་རྣམ་པར་རྟོག་པ་འཁྲུལ་བའི་དབང་གིས་ཤེས་པ་ཉིད་ཕྱི་རོལ་གྱི་དོན་དུ་སྣང་གི་དོན་དུ་བདེན་པ་ནི་མ་ཡིན་ནོ་ཞེས་རྟོགས་སོ། །དུས་ནི་མཐའ་ཡས་ཏེ་བསྐལ་པ་གྲངས་མེད་གཅིག་གིས་ས་དང་པོ་ཐོབ་པར་འགྱུར་རོ། །སྦྱོར་ལམ་ནི་ཚོགས་ལམ་དུ་རྟོགས་པ་ཡོངས་སུ་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ་ཡིས་སྦྱོར་ལམ་གྱི་གནས་སྐབས་ན་ཕྱི་རོལ་གྱི་དོན་དུ་སྣང་བ་ཐམས་ཅད་བརྗོད་པ་སྟེ་རྟོག་པ་ཙམ་དུ་རིག་ནས་དོན་དེར་སྣང་མཁན་གྱི་སེམས་ཙམ་ལ་སེམས་རྩེ་གཅིག་ཏུ་ཡང་དག་པར་གནས་སོ། །མཐོང་ལམ་ནི། སྦྱོར་ལམ་གྱི་རྗེས་དེ་ནས་ཆོས་དབྱིངས་གཟུང་འཛིན་གཉིས་ཀྱི་མཚན་ཉིད་དང་བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར་རོ། །ཚུལ་ཇི་ལྟར་རྟོགས་ཤེ་ན། དྲོད་དང་རྩེ་མོ་བཟོད་པ་གསུམ་དུ་སེམས་ལས་དོན་གཞན་དུ་གྱུར་པའི་གཟུང་བ་མེད་པར་བློས་རིག་ནས། དེ་ནས་ཆོས་མཆོག་ཏུ་གཟུང་བ་མེད་པས་དེ་འཛིན་པའི་སེམས་ཙམ་པོ་དེ་ཉིད་ཀྱང་མེད་པ་ཉིད་དུ་རྟོགས་སོ། །དེ་ལྟར་བློ་དང་ལྡན་པས་གཟུང་བ་དང་འཛིན་པ་གཉིས་པོ་མེད་པར་རིག་ནས་མཐོང་ལམ་དུ་གཟུང་འཛིན་གཉིས་པོ་དེ་དང་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་སེམས་གནས་སོ། །སྒོམ་ལམ་ནི་གང་ཟག་བློ་དང་ལྡན་པ་བྱང་ཆུབ་སེམས་དཔའ་སྒོམ་ལམ་པས་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ས་གཉིས་པ་ནས་བཅུ་པའི་བར་རྟག་ཏུ་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཀུན་ནས་མཉམ་པར་སོང་བ་སྟེ། རྟོགས་པ་དེའི་སྤང་བྱ་ནི་ཀུན་གཞིའི་རྣམ་ཤེས་དེ་ལ་བརྟེན་པའི་ཉེས་པའི་ཚོགས་སྒོམ་སྤང་གི་བག་ཆགས་ཐོག་མ་མེད་པ་ནས་བསགས་པའི་ཚང་ཚིང་སྟེ་སྤང་དཀའ་བར་གྱུར་པ་རྣམས། དཔེར་ན་སྨན་འགའ་ཞིག་གི་ཐིག་པ་དུག་གི་བུམ་པར་ལྷུང་ན་དུག་དེ་སྨན་དུ་འགྱུར་བའམ། སྨན་པས་དུག་ཞི་བར་ནུས་པའི་སྨན་ཆེན་པོས་དུག་སེལ་བར་བྱེད་པ་བཞིན་དུ་སེལ་བར་བྱེད་དོ། །སློབ་དཔོན་བཙུན་པ་ལྟར་ན། དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། །ཞེས་དྲོད་དང༌། དེ་ཡི་བརྗོད་པ་ཙམ་དུ་དོན་རིག་ནས། །ཞེས་པ་རྩེ་མོ། དེ་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་པས་བཟོད་པ། དེ་ནས་ཤླཽ་ཀ་ཕྱེད་ཀྱིས་ཆོས་མཆོག་བསྟན་པར་བཞེད་དོ། །གཉིས་པ་དེ་རྟོགས་པའི་ཆེ་བ་ནི། ལམ་བཞི་པོ་དེ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེས་ཐུབ་པས་གསུངས་པའི་དམ་པའི་ཆོས་མིང་ཚིག་ཡིག་གེའི་སྒོ་ནས་ལེགས་པར་རྣམ་པར་བཞག་པ་གསུང་རབ་ཡན་ལག་བཅུ་གཉིས་རྣམས་ལ་བརྟན་པ་བྱང་ཆུབ་སེམས་དཔའ་དག་གི་གསུང་རབ་ལ་དམིགས་པའི་རྩ་བའི་སེམས་ཀྱི་ཆོས་དབྱིངས་ལ་བློ་གྲོས་མཉམ་པར་བཞག་པས་དྲན་པའི་རྒྱུ་བཟུང་བའི་ཆ་ཡུལ་ཅན་རྟོགས་པ་ཙམ་ལས་ཐ་དད་མེད་པར་རིག་ཅིང༌། འཛིན་པའང་མི་དམིགས་པར་རྟོགས་པའི་ཡེ་ཤེས་ཐོབ་པས་མྱུར་དུ་ཡོན་ཏན་གྱི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འགྱུར་རོ། །སེམས་དྲུག་ནི། རྩ་བའི་སེམས་དང༌། རྗེས་སུ་སྤྱོད་པའི་སེམས་དང༌། རྣམ་པར་སྤྱོད་པའི་སེམས་དང༌། ངེས་པར་འཛིན་པའི་སེམས་དང༌། སྡོམ་པའི་སེམས་དང༌། སྨོན་ལམ་གྱི་སེམས་སོ། །འདི་དག་སོ་སོའི་ངོ་བོ་ནི། ཇི་སྐད་དུ། དང་པོ་མིང་ལ་དམིགས་པ་སྟེ། །གཉིས་པ་མིང་ཅན་སྣང་བ་ཡིན། །གསུམ་པ་མིང་ཅན་གཉིས་པོ་ཡི། །མཚན་ཉིད་ཡོངས་སུ་སྤྱོད་པ་འོ། །བཞི་པ་མཚན་ཉིད་ངེས་འཛིན་ཅིང༌། །ལྔ་པ་ངེས་པའི་མིང་ཅན་ཏེ། །མིང་ལ་ཉེ་བར་སྡུད་པ་ཉིད། །དྲུག་པ་མིང་དེ་ལ་དམིགས་ནས། །དེ་ཉིད་ཐོབ་བྱ་ལ་འདུན་པའམ། །ཞེས་པ་ལྟར་རོ། །རྒྱས་པར་གདམས་ངག་གི་སྐབས་སུ་སྟོན་ནོ། །དེ་ཁོ་ན་ཉིད་ཀྱི་སྐབས་བཤད་ཟིན་ཏོ།།  ༈  །།རང་དོན་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་རྒྱུ་དེ་ཁོ་ན་ཉིད་ཀྱི་ལེའུ་བསྟན་ནས། དེའི་རྗེས་ལ་སྨིན་པར་བྱེད་པ་ལ་མི་སྐྱོ་བའི་ཐབས་མཐུའི་ལེའུ་སྟོན་ནོ། །དེ་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་གསུམ་སྟེ། མཐུའི་ངོ་བོ་དང༌། མཐུའི་དབྱེ་བ་དང༌། བྱེ་བྲག་མངོན་ཤེས་ཀྱི་མཐུའོ། །དང་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུའི་ངོ་བོ་ནི་འདོད་པ་ཙམ་གྱི་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་ནུས་པ་སྟེ། བྱང་ས་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་གང་ཞེ་ན། མདོར་བསྡུ་ན་སེམས་ལས་སུ་རུང་བ། སེམས་ཤིན་ཏུ་སྒོམས་པ། ཏིང་ངེ་འཛིན་ལ་དབང་ཐོབ་པ། ཏིང་ངེ་འཛིན་ལ་བརྟེན་ནས་འདོད་པ་ཙམ་གྱིས་དོན་ཐམས་ཅད་འགྲུབ་པ་ནི་འཕགས་པའི་མཐུ་ཞེས་བྱའོ། །ཆོས་རྣམས་ཀྱི་འབྲས་བུ་ཆེན་པོ་དང༌། ཕན་ཡོན་ཆེན་པོ་ཡོད་པ་ཡང་དེ་དག་གི་མཐུ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་སྔོན་བསགས་པ་ལས་ལྷན་ཅིག་སྐྱེས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་དག་ནི་ལྷན་ཅིག་སྐྱེས་པའི་མཐུ་ཡིན་པར་རིགས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་མཐུའི་དབྱེ་བ་ནི། བྱང་ས་ལས་ལྔ་གསུངས་ཏེ། མངོན་པར་ཤེས་པའི་མཐུ། ཆོས་ཀྱི་མཐུ། ལྷན་ཅིག་སྐྱེས་པའི་མཐུ། ཉན་རང་དང་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །དེ་ལ་དང་པོ་ནི། མངོན་པར་ཤེས་པ་དྲུག་གོ །གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རེ་རེ་ལ་ཡང་མི་མཐུན་པའི་ཕྱོགས་ཡོངས་སུ་སྤོང་བ་དང༌། ཚོགས་ཡོངས་སུ་སྨིན་པ་དང༌། རང་གཞན་ལ་ཕན་འདོགས་པ་དང༌། ཕྱི་མ་ལ་འབྲས་བུ་འབྱིན་པ་སྟེ་བཞི་བཞི་ཡོད་པ་གསུངས་སོ། །གསུམ་པ་ལྷན་ཅིག་སྐྱེས་པའི་མཐུ་ནི། སེམས་ཅན་གྱི་སྡུག་བསྔལ་གྱིས་མི་རྫི་བ་དང༌། མཛད་པ་བཅུ་གཉིས་སྟོན་པ་ལ་སོགས་པ་གསུངས་སོ། །བཞི་པ་ནི། ཉན་རང་ལ་སོགས་པས་ཀྱང་ནུས་པ་ཡིན་ལ། ལྔ་པ་ནི། ཉན་རང་ལ་སོགས་པས་མི་ནུས་པ་རྣམས་ཡིན་ནོ། །བྱེ་བྲག་མངོན་ཤེས་ཀྱི་མཐུ་བཤད་པ་ལ་གཉིས་ཏེ། དངོས་ཀྱི་དོན་དང༌། ཞར་ལས་བྱུང་བའོ། །དང་པོ་མངོན་ཤེས་ལ་དྲུག་ལས། ལུས་ཀྱི་རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་ངོ་བོ་ནི། སྟོང་གསུམ་གྲངས་མེད་པ་རྣམས་གཡོ་བ་དང༌། འོད་ཀྱིས་ཁྱབ་པར་བྱེད་པ་དང༌། རི་ལ་སོགས་པ་རྡུལ་ཕྲན་ཙམ་དུ་སྡུད་ཅིང༌། རྡུལ་ཕྲན་ཡང་རིའི་རྒྱལ་པོ་ཙམ་དུ་སྐྱེད་པ་དང༌། གྲོང་རྡལ་ལ་སོགས་པ་མང་པོ་རང་གི་ལུས་ཀྱི་ནང་དུ་འཇུག་པ་ལ་སོགས་པ་ཡོངས་སུ་བསྒྱུར་བའི་ཆོ་འཕྲུལ་དང༌། ལུས་དང་ངག་དང་ཡུལ་རྣམ་པ་མང་པོ་སྤྲུལ་པར་བྱེད་པ་སྤྲུལ་པའི་ཆོ་འཕྲུལ་ལོ། །བྱེད་ལས་ནི་སེམས་ཅན་རྣམས་འདུན་པར་བྱས་ནས་བསྟན་པ་ལ་འཇུག་པ་དང༌། སེམས་ཅན་སྡུག་བསྔལ་བ་རྣམས་སྡུག་བསྔལ་ལས་སྐྱོབ་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱི་ངོ་བོ་ནི། བདག་དང་གཞན་གྱི་ཚེ་རབས་སྔ་ཕྱི་མང་པོ་རྣམས་དྲན་པའོ། །བྱེད་ལས་ནི་དེ་བཞིན་གཤེགས་པའི་སྔོན་གྱི་སྐྱེས་པའི་རབས་ངོ་མཚར་བ་རྣམས་བསྟན་ནས་སངས་རྒྱས་ལ་དད་པ་སྐྱེད་པར་བྱེད་པ་དང༌། སེམས་ཅན་རྣམས་ཀྱི་སྐྱེ་བ་དུ་མ་བསྟན་ནས་ལྟ་བ་ངན་པ་སྤོང་བར་འགྱུར་པ་ལ་སོགས་པའོ། །ལྷའི་རྣ་བའི་མངོན་ཤེས་ཀྱི་ངོ་བོ་ནི། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྣམས་ན་གྲགས་པའི་ཟིན་པ་དང་མ་ཟིན་པའི་སྒྲའི་བྱེ་བྲག་དཔག་ཏུ་མེད་པ་རྣམས་ཐོས་པའོ། །བྱེད་ལས་ནི་རང་རང་གི་སྐད་དང་མཐུན་པར་ཆོས་བསྟན་ནས་སེམས་ཅན་ཕན་བདེ་ལ་འགོད་པའོ། །ལྷའི་མིག་གི་མངོན་ཤེས་ཀྱི་ངོ་བོ་ནི། སེམས་ཅན་རྣམས་གང་ནས་ཤི་འཕོས་ནས་གང་དུ་སྐྱེ་བ་དང༌། རྒྱང་རིང་པོ་ན་གནས་པའི་གཟུགས་ཀྱི་བྱེ་བྲག་ཕྲ་རགས་མང་པོ་རྣམས་ཀྱང་མཐོང་བའོ། །བྱེད་ལས་ནི་སེམས་ཅན་རྣམས་ཀྱི་ལུས་ཀྱི་སྤྱོད་པ་དང་དགེ་མི་དགེའི་ལས་གཟིགས་ནས་ཇི་ལྟར་རིགས་པར་འདུལ་བའོ། །སེམས་ཀྱི་རྣམ་གྲངས་ཀྱི་མངོན་ཤེས་ཀྱི་ངོ་བོ་ནི། སེམས་ཅན་རྣམས་ཀྱི་སེམས་ཀྱི་བྱེ་བྲག་དཔག་ཏུ་མེད་པ་རྣམས་ཤེས་པའོ། །བྱེད་ལས་ནི་རང་རང་གི་བསམ་པ་དང་མཐུན་པའི་ལམ་བསྟན་ནས་འདུལ་བར་བྱེད་པའོ། །ཟག་པ་ཟད་པའི་མངོན་ཤེས་ཀྱི་ངོ་བོ་ནི། འཕགས་པའི་ལམ་ཐོབ་པ་དང༌། དེའི་ཐབས་དང་ཐབས་མ་ཡིན་པ་ལ་སོགས་པ་རྣམས་ཇི་ལྟར་རབ་ཏུ་ཤེས་པའོ། །བྱེད་ལས་ནི་བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པ་དང༌། གཞན་ལ་ཡང་དེའི་ཐབས་སྟོན་ཞིང་མངོན་པའི་ང་རྒྱལ་སེལ་བར་བྱེད་པའོ། །འདི་དག་ནི་བྱང་ས་ལས་བྱུང་བར་ལྟར་སྐབས་སུ་བབས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་ཤེས་ཀྱི་མཐུ་བཤད་པ་ཡིན་ནོ། །གཉིས་པ་ཞར་ལས་བྱུང་བའི་དོན་ལ་བཞི་ལས། ས་མཚམས་ནི། ཟག་ཟད་ཀྱི་མངོན་ཤེས་འཕགས་པ་ཁོ་ན་ལ་ཡོད་ལ། གཞན་ལྔ་ནི་སོ་སོ་སྐྱེ་བོའི་ས་ལ་ཡང་ཡོད་དོ། །ངོ་བོ་ནི། རྣམ་པར་གྲོལ་བའི་ཤེས་རབ་ཡིན་ཏེ། མཛོད་ལས། མངོན་ཤེས་རྣམ་དྲུག་རྣམ་གྲོལ་བློ། །ཞེས་སོ། །རྟེན་དང་སྤྱོད་ཡུལ་གྱི་ཁྱད་པར་ནི། ཟག་ཟད་ཀྱི་མངོན་ཤེས་ནི། ས་ཐམས་ཅད་ལ་བརྟེན་ཞིང་ས་གོང་འོག་ཐམས་ཅད་དེའི་ཡུལ་དུ་འགྱུར་བ་ཡིན་ཏེ། མཛོད་འགྲེལ་ལས། འདི་ནི་ས་ཐམས་ཅད་པ་ཡིན་པར་རིག་པར་བྱའོ་ཞེས་སོ། །གཞན་ལྔ་ནི་བསམ་གཏན་བཞིའི་སེམས་ལ་བརྟེན་ཞིང་རང་གི་ས་དང་ས་འོག་མ་ཡུལ་དུ་བྱེད་པ་ཡིན་ཏེ། །ལྔ་ནི་བསམ་གཏན་བཞི་དག་ན། །རང་དང་འོག་མའི་སྤྱོད་ཡུལ་ཅན། །ཞེས་སོ། །ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། ལྷའི་མིག་དང་ཟག་ཟད་ཀྱི་མངོན་ཤེས་གསུམ་ནི་གོ་རིམ་བཞིན་དུ་མི་སློབ་པའི་ལམ་གྱི་དུས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང༌། ཟག་པ་ཟད་པ་རིག་པ་ཡིན་ཏེ། གསུམ་ནི་རིག་པ་སྔོན་མཐའ་སོགས། །མ་རིག་པ་ནི་ཟློག་ཕྱིར་རོ། །ཞེས་སོ། །ཡང་རྫུ་འཕྲུལ་དང་གཞན་གྱི་སེམས་ཤེས་པ་དང༌། ཟག་པ་ཟད་པའི་མངོན་ཤེས་གསུམ་ནི་རིམ་བཞིན་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཀུན་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་ཡིན་ལ། དེ་རྣམས་ཀྱི་ཕྱི་མ་ཁོ་ན་མཆོག་ཡིན་ཏེ། དང་པོ་གསུམ་པ་དྲུག་པ་ནི། །ཆོ་འཕྲུལ་གསུམ་ཡིན་བསྟན་པ་མཆོག །ཅེས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། མཐུའི་རང་བཞིན་དང༌། མཐུའི་ཆེ་བ་བརྗོད་པའོ། །དང་པོ་ལ་དྲུག་ལས། ངོ་བོའི་དོན་ནི། སེམས་ཅན་གང་ནས་ཤི་འཕོས་ནས་གང་དུ་སྐྱེ་བ་མངོན་སུམ་དུ་ཤེས་པ་ལྷའི་མིག་གི་མངོན་ཤེས་དང༌། གདུལ་བྱ་ཉེ་རིང་མེད་པའི་ངག་ཐོས་པ་ལྷའི་རྣ་བ་དང༌། གདུལ་བྱའི་སེམས་ཇི་ལྟར་འདུག་པ་ལྟར་རྟོགས་པ་གཞན་གྱི་སེམས་ཤེས་པ་དང༌། སྔོན་དགེ་བ་དང་མི་དགེ་བ་འདི་ལྟ་བུ་ཞིག་བྱས་པས་ད་ལྟར་གྱི་ལུས་འདི་སྐྱེད་དོ་ཞེས་བྱ་བ་སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། གདུལ་བྱ་གང་ན་ཡོད་པ་དེའི་གནས་སུ་འགྲོ་བ་ལུས་ཀྱི་རྫུ་འཕྲུལ་དང༌། འཁོར་བ་ལས་ངེས་པར་འབྱུང་བའི་ཐབས་མངོན་སུམ་དུ་ཤེས་པ་གང་ཡིན་པ་དེ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་སྟེ། དེ་ལྟར་ཤེས་པ་གང་ཞིག་ཡུལ་དང་དུས་ཀུན་ཏུ་འགྲོ་ཞིང་འཆི་འཕོ་བ་དང༌། སྐྱེ་བ་ལ་སོགས་པ་དོན་དྲུག་པོ་དེ་ནང་ཚན་གྱི་རབ་ཏུ་དབྱེ་བ་དང་བཅས་པ་ཐོགས་པ་མེད་པ་ནི། སེམས་ཅན་གྱི་དོན་བྱེད་པ་ལ་རྐྱེན་གྱིས་མི་གཡོ་བའི་བརྟན་པ་ཐོབ་པ་བྱང་ཆུབ་སེམས་དཔའི་མཐུ་ཡིན་ནོ། །གཉིས་པ་རྒྱུའི་དོན་ལ་གསུམ་སྟེ། རྟེན་དང༌། ཡེ་ཤེས་དང༌། ཡིད་ལ་བྱེད་པའོ། །དང་པོ་ནི་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ཐོབ་པ་ལ་རྟེན་ནས་བྱུང་བས་དེ་ཉིད་རྟེན་དུ་བསྟན་ནོ། །དག་པ་ཞེས་པ་ནི་བསམ་གཏན་གྱི་སྐྱོན་བརྒྱད་ལས་གྲོལ་བས་དག་པ་ཡིན་ལ། ཤིན་ཏུ་ཞེས་པས་ནི་རབ་ཀྱི་མཐའ་ས་བསྟན་ཏེ། བསམ་གཏན་བཞི་དང་གཟུགས་མེད་བཞི་ལ་ལུགས་མཐུན་དང༌། ལུགས་མི་མཐུན་དུ་ཞུགས་ནས་སླར་ཡང་བསམ་གཏན་དང་པོ་ནས་བཞི་པའི་བར་དུ་རིམ་གྱིས་ཞུགས་པའི་མཐའི་བསམ་གཏན་བཞི་པ་ལ་བྱ་སྟེ། མཛོད་ལས། དེ་ནི་ས་ཀུན་གྱིས་མཐུན་པས། །འཕེལ་པའི་རབ་ཏུ་ཕྱིན་པ་ཡིན། །ཞེས་པས་སོ། །ཡང་ན་བྱང་ཆུབ་སེམས་ཀྱི་མངོན་ཤེས་རྟེན་པས་ཉན་རང་གི་མངོན་ཤེས་ཀྱི་རྟེན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །ཤིན་ཏུ་དག་པ་ཞེས་པའི་སྒྲ་བསྟན་ནོ། །རྒྱས་པར་ནི་ཕར་ཕྱིན་གྱི་རྣམ་བཤད་དུ་བཤད་ཟིན་ཏོ། །གཉིས་པ་ཡེ་ཤེས་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་འདི་ཡོངས་སུ་བཟུང་བ་ཐོབ་པ་ཡིན་ནོ། །གསུམ་པ་ཡིད་ལ་བྱེད་པ་ནི། ཇི་ལྟར་རྣམ་པ་གནས་པ་ཡིད་ལ་བྱེད་པ་ལས་ཐོབ་པ་སྟེ། མངོན་ཤེས་དྲུག་གི་ཐབས་སུ་གོ་རིམ་བཞིན་དུ་སྣང་བ་ལྡན་པའི་གཟུགས་ཡིད་ལ་བྱེད་པ་དང༌། སྒྲའི་བྱེ་བྲག་དུ་མ་ལ་སེམས་གཏད་པ་དང༌། གཞན་གྱི་སེམས་ཀྱི་གནས་སྐབས་དུ་མ་དང༌། སྔོན་གྱི་གནས་སྐབས་དུ་མ་དང༌། རང་གི་ལུས་སྤངས་ཤིང་ཐོགས་པ་མེད་པ་ལ་ཡིད་གཏོད་པ་དང༌། རྣམ་པར་མི་རྟོག་པ་སྒོམ་པའོ། །དེ་གསུམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་མངོན་ཤེས་ཀྱི་མཐུ་གྲུབ་པ་ཉན་རང་བས་ལྷག་པ་དཔེ་མེད་པ་རྒྱ་ཆེན་པོས་རྟག་ཏུ་གནས་སོ། །འོ་ན་བསམ་གཏན་དེ་མངོན་ཤེས་ཀྱི་རྒྱུ་འབྲས་བུ་གཉིས་ཀར་ཇི་ལྟར་འགྱུར་ཞེ་ན། གཅིག་གི་སྟོབས་ཀྱིས་གཅིག་འབྱུང་བ་འབྲས་དང་འབྲས་ཀྱི་མྱུ་གུ་ལྟ་བུའོ། །མངོན་ཤེས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ཕྱོགས་བཅུར་སོང་ནས། སངས་རྒྱས་ཡང་དག་པར་མཆོད་ཅིང་སེམས་ཅན་རྣམས་ལ་ཆོས་བསྟན་ནས་རྒྱུད་རྣམ་པར་དག་པ་བསྐྱེད་པར་བྱེད་དོ། །ལས་ཀྱི་དོན་ལ་དྲུག་ལས། མཐོང་བའི་ལས་ནི། སེམས་ཅན་དང་བཅས་པའི་འཇིག་རྟེན་གྱི་ཁམས་ཀུན་གྱི་ཆགས་པ་དང་འཇིག་པ་དང་བཅས་པ་ཡང་མཐོང་ཞིང་སྒྱུ་མ་ལྟ་བུར་ཡང་མཐོང་ངོ༌། །དེ་ལ་སྣོད་ཀྱི་འཇིག་རྟེན་ནི། སྨོན་ལམ་དང་དགེ་བའི་རྩ་བ་ལས་བྱུང་བ་སྟེ། ཕལ་ཆེན་ལས། ཇི་ལྟར་ས་བོན་ཁྱད་པར་གྱིས། །འབྲས་བུ་སྣ་ཚོགས་འབྱུང་བ་ལྟར། །དེ་བཞིན་ལས་ཀྱི་ཁྱད་པར་གྱིས། །སེམས་ཅན་རྣམས་དང་ཞིང་འབྱུང་ངོ༌། །ཀླུ་ཡི་རྒྱལ་པོས་སྤྲིན་དཔུང་རྣམས། །ནམ་མཁའི་དབྱིངས་ལ་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་སྨོན་ལམ་གྱིས། །ཞིང་རྣམས་ཀུན་ཏུ་འབྱུང་བ་ཡིན། །ཞེས་སོ། །ཞིང་གི་ཁྱད་པར་ལ་གསུམ་སྟེ། དབྱིབས་ཀྱི་ཁྱད་པར་དང༌། ཡོན་ཏན་གྱི་ཁྱད་པར་དང༌། འཇིག་འཆགས་ཀྱི་ཁྱད་པར་རོ། །དང་པོ་ནི། ཕྱོགས་རྣམས་ཀུན་ལ་ཞིང་རྣམས་རྒྱ་མཚོ་སྣང༌། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ནི་གྲུ་བཞིར་གནས། །ནོར་བུ་པདྨ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོས་རྣམ་པར་བྲིས། །ཞེས་སོ། །གཉིས་པ་ནི། ཞིང་རྣམས་ལ་ལ་སངས་རྒྱས་མེད། །ཞིང་རྣམས་ལ་ལ་སངས་རྒྱས་བཅས། །ཞིང་རྣམས་ལ་ལ་སངས་རྒྱས་གཅིག །ལ་ལ་སངས་རྒྱས་མང་པོ་འབྱུང༌། །ཞེས་སོ། །གསུམ་པ་འཇིག་འཆགས་ཀྱི་ཁྱད་པར་ནི། མངོན་པའི་རྣམ་བཤད་དུ་བསྟན་ཟིན་ཏོ། །སེམས་ཅན་གྱི་འཇིག་རྟེན་ཡང་དེར་སྟོན་ནོ། །སྟོན་པའི་ལས་ནི། ཇི་ལྟར་འདོད་ཀྱི་བར་དུ་གནས་པ་ཚེ་ལ་དབང་བ་དང༌། ཇི་ལྟར་འདོད་པ་བཞིན་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་སེམས་ལ་དབང་བ་དང༌། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་ནས་སེམས་ཅན་རྣམས་ལ་ཡོ་བྱད་རིན་ཆེ་བ་དཔག་ཏུ་མེད་པའི་ཆར་འབབ་པ་ཡོ་བྱད་ལ་དབང་བ་དང༌། ས་དང་འགྲོ་བ་དང་སྐྱེས་ནས་མྱོང་བར་འགྱུར་བའི་ལས་གཞན་དུ་བསྒྱུར་བ་ལས་ལ་དབང་བ་དང༌། བསམ་གཏན་ལ་གནས་བཞིན་དུ་འདོད་ཁམས་ལ་སྐྱེ་བ་ལ་སོགས་པ་སྐྱེ་བ་ལ་དབང་བ་དང༌། ས་འདི་གསེར་དུ་མོས་ན་དེར་འགྱུར་བ་ལས་སོགས་པ་ལ་དབང་བ་དང༌། སྨོན་ལམ་ཇི་ལྟར་བཏབ་པ་ལྟར་འགྲུབ་པ་སྨོན་ལམ་ལ་དབང་བ་དང༌། གདུལ་བྱ་འདུན་པར་བྱེད་པའི་ཤེས་པ་རྫུ་འཕྲུལ་ལ་དབང་བ་དང༌། སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་ཐོབ་པ་ཡེ་ཤེས་ལ་དབང་ཐོབ་པ་དང༌། གསུང་རབ་ལ་སྣང་བ་རྒྱས་ཏེ་དུས་གཅིག་ཏུ་མིང་ཚིག་ཡི་གེ་མི་འདྲ་བ་དུ་མའི་སྒོ་ནས་ཆོས་བསྟན་ནས་སེམས་ཅན་རྣམས་ཀྱི་སེམས་ཚིམ་པར་བྱེད་པ་ནི་ཆོས་ལ་དབང་བ་ཡིན་ལ། དེ་དག་ཀྱང་ཕར་ཕྱིན་དྲུག་གི་འབྲས་བུ་ཡིན་ཏེ། ཆོས་ཀྱི་བཤེས་གཉེན་གྱིས། དབང་རྣམས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་སྟོན་པའི་འབྲས་བུ་ཆེ་བ་སོ་སོ་གཞན་ལ་རིག་པར་མཛད་དེ། དང་པོ་གསུམ་ནི་སྦྱིན་པའི་འབྲས་བུའོ། །དེའི་འོག་མ་གཉིས་ནི་ཚུལ་ཁྲིམས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བཟོད་པའི་འབྲས་བུའོ། །དེའི་འོག་མ་ནི་བརྩོན་འགྲུས་ཀྱི་འབྲས་བུའོ། །དེའི་འོག་མ་ནི་བསམ་གཏན་གྱི་འབྲས་བུའོ། །དེའི་འོག་མ་ནི་ཤེས་རབ་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །གལ་ཏེ་དེ་ནི་སངས་རྒྱས་ཀྱི་དབང་བཅུ་ཕར་ཕྱིན་དྲུག་གི་འབྲས་བུར་བཤད་པ་ཡིན་པས་འདིར་ཤེས་བྱེད་དུ་མི་རུང་ངོ་ཞེ་ན།                     རྗེས་མ།  >>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*