ཁྲིད་ཆེན་དང་སྡེ་སྣོད་སོ་སོའི་བརྒྱུད་པ་ལ་བསྟོད་པའི་སྐོར།

༈ །ནི་གུ་ཆོས་དྲུག་གི་བརྒྱུད་པ་རིན་ཆེན་རྣམ་བདུན་ལ་བསྟོད་པ་གངྒཱའི་ཆུ་རྒྱུན་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་སྐུ་འགག་མེད་ནམ་མཁའ་ཡངས་པའི་མཁར། །གཟུགས་སྐུ་ཉིན་བྱེད་དཀྱིལ་འཁོར་རབ་རྒྱས་ཏེ། །ཕྲིན་ལས་འོད་ཀྱིས་འགྲོ་བའི་མུན་སེལ་བ། །བརྒྱུད་པ་རིན་ཆེན་རྣམ་བདུན་ལ་ཕྱག་འཚལ། །ཡེ་ཤེས་མཁའ་འགྲོའི་གདམས་ངག་བདུད་རྩི་ཡིས། །ཉོན་མོངས་རིམས་ནད་རབ་ཏུ་སྤོང་མཛད་ཅིང༌། །ཟག་མེད་བདེ་བའི་དགའ་སྟོན་རྣམ་རོལ་བ། །དྲི་མེད་གདམས་པའི་ངག་གིས་ཟློས་གར་བསྒྱུར། །གཏུམ་མོའི་མེ་ཡིས་ཉོན་མོངས་བུད་ཤིང་བསྲེགས། །འཇའ་ལུས་རྡོ་རྗེའི་སྐུ་ཡི་གོ་འཕང་བརྙེས། །རྨི་ལམ་འཁྲུལ་པ་ཆོས་དབྱིངས་ངང་ལ་ཐིམ། །འོད་གསལ་སྟོབས་ཀྱིས་མ་རིག་ཚོགས་ཀུན་སེལ། །དག་པའི་ཞིང་དུ་ཐོགས་མེད་རབ་བགྲོད་པའི། །ལེགས་པར་སྦྱངས་པའི་དམིགས་པ་ཕུན་ཚོགས་ཤིང༌། །བར་དོར་རྒྱལ་བ་ལོངས་སྐུ་མངོན་དུ་གྱུར། །བླ་མ་རིན་ཆེན་རྣམ་བདུན་གུས་པས་བསྟོད། །དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་རྣམས། །བླ་མེད་བླ་མ་དམ་པ་མཉེས་གྱུར་ཅིག །ཅེས་བརྒྱུད་པ་རིན་ཆེན་རྣམ་བདུན་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ན་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ནཱ་རོ་ཆོས་དྲུག་གི་བླ་མ་བརྒྱུད་པ་རྣམས་ལ་བསྟོད་པ་བྱིན་རླབས་གནད་ཀྱི་ཟླ་ཟེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །མུ་མཐའ་ཡས་པའི་དགེ་ཚོགས་དཔག་མེད་ལས། །ལེགས་པར་འོངས་པའི་ཚད་མེད་ཡོན་ཏན་འོད། །ཕྱོགས་བཅུར་རབ་རྒྱས་མ་རིག་མུན་པ་སེལ། །རིག་འཛིན་ས་བརྙེས་བྱིན་རླབས་འོད་སྟོང་འབར། །ཟབ་མོ་བདུད་རྩིས་གང་བའི་སྟོབས་རྒྱས་ཤིང༌། །ཟབ་མོའི་ཆོས་དྲུག་རིག་པའི་སྤྱན་དང་ལྡན། །ཟབ་མོའི་ཏིང་འཛིན་མི་རྟོག་རྡོ་རྗེའི་ཐུགས། །མངོན་ཤེས་དྲུག་ལྡན་རིགས་གསུམ་མངོན་དུ་གྱུར། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་ཅིང༌། །དགའ་བཞིའི་ཏིང་འཛིན་ཟག་མེད་བདེ་བ་རྒྱས། །སྟོབས་བཞིའི་སྟོབས་ཀྱིས་བདུད་བཞིའི་དཔུང་ཚོགས་འཇོམས། །ཚད་མེད་བཞི་ལྡན་བརྩེ་བའི་བདག་ཉིད་ཅན། །དབང་བཞིའི་ཆུ་བོས་མི་ཤིས་དྲི་མ་དག །ཡིད་ཀྱི་གངས་རིར་བྱིན་རླབས་ཆུ་བོ་འབབ། །གང་ལ་མན་ངག་བདུད་རྩི་གང་ཐོབ་པ། །སྐྱེ་གནས་བཞི་ལས་འགྲོ་བ་སྒྲོལ་བར་མཛད། །གང་ལ་གུས་པས་བསྟོད་པའི་དགེ་ཚོགས་ཀྱིས། །བདག་ཏུ་འཛིན་པའི་འཆིང་བ་ལས་གྲོལ་ནས། །བདེ་ཆེན་ཐར་པའི་གླིང་དུ་ཕྱིན་པ་དང༌། །བཀའ་བརྒྱུད་བླ་མའི་བྱིན་རླབས་འཇུག་འགྱུར་ཅིག །ཅེས་ནཱ་རོ་ཆོས་དྲུག་གི་བླ་མ་རྣམས་ལ་བསྟོད་པ། རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཞི་བྱེད་བརྒྱུད་པའི་བླ་མ་རྣམས་ལ་བསྟོད་པ་རྨད་དུ་བྱུང་བའི་ཕྲེང་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བསམ་ཡས་བསྐལ་པར་ལེགས་ཚོགས་སྨིན་པའི་མཐུས། །མི་རྟོག་ཏིང་འཛིན་རྟོགས་པའི་དཔལ་མངའ་ཞིང༌། །རྣམ་དག་བརྒྱུད་པའི་དམ་ཆོས་སྣ་ཚོགས་ཀྱིས། །མཐའ་ཡས་འགྲོ་ལ་ཕན་བདེའི་དགའ་སྟོན་འགྱེད། །བདེན་པའི་དོན་གཟིགས་ཡེ་ཤེས་སྤྱན་མངའ་ཞིང༌། །ས་ཡི་དབང་ཕྱུག་རྫུ་འཕྲུལ་ཤུགས་དང་ལྡན། །བྱང་ཆུབ་སེམས་ཀྱི་སྙིང་སྟོབས་རབ་རྒྱས་པས། །ཚད་མེད་འགྲོ་ལ་བརྩེ་བའི་བདག་ཉིད་ཅན། །རྨད་བྱུང་མན་ངག་བདུད་རྩི་རབ་རྒྱས་པ། །ཆ་ཤས་གང་གི་རྣ་བར་ལྷུང་བ་ཡིས། །ཕུན་ཚོགས་རྟོགས་པ་སྐྱེ་བའི་མཆོག་འགྱུར་ཞིང༌། །སྡུག་བསྔལ་མ་ལུས་ཞི་བྱེད་བདེ་བ་ཐོབ། །བྱིན་རླབས་ཆུ་རྒྱུན་རིམ་པར་ལེགས་བརྒྱུད་པའི། །དམ་པ་རྣམས་ཀྱི་སྲོལ་འཛིན་མཆོག་གྱུར་ཅིང༌། །རིག་པ་འཛིན་པའི་ས་ཐོབ་འབའ་ཞིག་པ། །འགྲོ་བ་ཀུན་གྱི་སྐྱབས་གནས་མཆོག་ཏུ་གྱུར། །རྗེ་བཙུན་རྒྱ་གར་ཞབས་ལས་ལེགས་བརྒྱུད་པའི། །རྣམ་དག་རྒྱུད་སྡེ་ཀུན་གྱི་བཅུད་འཐུངས་པས། །རྟོགས་པའི་བདུད་རྩིས་རིམ་པར་རྒྱུད་གང་བའི། །ཞི་བྱེད་བརྒྱུད་པའི་བླ་མ་ལ་ཕྱག་འཚལ། །གང་ལ་གུས་པས་འདུད་པ་ཙམ་གྱིས་ཀྱང༌། །བླ་མེད་བྱང་ཆུབ་མཆོག་དུ་ངེས་མཛད་པ། །དམ་པ་རྣམས་ལ་གུས་པས་རབ་བསྟོད་པའི། །དགེ་ཚོགས་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །དམ་ཆོས་མངོན་པའི་བླ་མ་བརྒྱུད་པ་རྣམས་ལ་བསྟོད་པ་བློ་གྲོས་ཀྱི་པདྨོ་རྒྱས་པར་བྱེད་པའི་ཉི་མ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་ལས་གཡོ་བ་མེད་ཀྱང་སྟེ། །སྣ་ཚོགས་ཞིང་དུ་སྤྲུལ་པའི་སྐུར་སྟོན་ཅིང༌། །ཕྲིན་ལས་འོད་ཟེར་ཕྱོགས་བཅུར་རབ་འཕྲོས་པས། །འགྲོ་བའི་དོན་བྱེད་ཐུབ་དབང་ཞབས་ལ་འདུད། །ཡང་དག་སྣང་བས་མ་རིག་མུན་སེལ་བ། །རྒྱལ་བས་གསུངས་པ་དམ་ཆོས་མངོན་པའི་མདོ། །མཆོག་ཏུ་གསལ་མཛད་ཐོགས་མེད་དབྱིག་གཉེན་སོགས། །ཆོས་མངོན་སྨྲ་བའི་ཉི་མ་དེ་ལ་འདུད། །འཇམ་དཔལ་དབྱངས་ཀྱི་མཁྱེན་རབ་འཛིན་བྱེད་པ། །རྒྱལ་པོའི་སྲས་དང་སློབ་དཔོན་གང་བ་སྤེལ། །གནད་ཀྱི་སྒྲོན་མེ་མཛད་པའི་མཁྱེན་རབ་ཅན། །གཞན་ཡང་ཆོས་མངོན་སྨྲ་བ་རྣམས་ལ་འདུད། །གངས་རིའི་ཁྲོད་འདིར་ཆོས་མངོན་རྒྱས་མཛད་པ། །ཆོས་ཀྱི་བརྩོན་འགྲུས་ཡེ་ཤེས་འབྱུང་གནས་དང༌། །བྲང་ཏི་དར་མ་སྙིང་པོ་ལ་སོགས་པ། །སྨྲ་བའི་སེང་གེ་མཁས་པའི་ཚོགས་ལ་འདུད། །འཁོར་བ་བསྐྱེད་མཛད་ཉོན་མོངས་དུག་གསུམ་སྟེ། །རྩ་བ་མ་རིག་ཡོངས་སུ་སྤོང་མཛད་པ། །ཤེས་རབ་བསླབ་པ་རྒྱུད་ལ་དབང་བ་སྟེ། །ཉོན་མོངས་དགྲ་ལས་རྣམ་པར་རྒྱལ་གྱུར་ཅིག །ཆོས་མངོན་སྨྲ་བ་གུས་པས་རབ་བསྟོད་པའི། །དགེ་ཚོགས་གང་གིས་མ་རིག་མུན་བསལ་སྟེ། །བློ་གྲོས་སྣང་བ་ཀུན་ནས་རྒྱས་གྱུར་པ། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་དམ་ཆོས་མངོན་པའི་བརྒྱུད་པ་ལ་བསྟོད་པ་འདི་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*