བཀའི་བསྡུ་བ་པོ་དགྲ་བཅོམ་སོགས་ཀྱི་བསྟོད་པའི་སྐོར།

༈ །དམ་པའི་ཆོས་ཡང་དག་པར་སྡུད་པ་པོ་རྣམས་ལ་བསྟོད་པ་ཕུལ་དུ་བྱུང་བའི་ཡོན་ཏན་གྱི་བཀོད་པ་ཞེས་བྱ་བ།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྤྱན་ལྡན་ཀུན་ལ་རྨད་བྱུང་མཆོག །དགྲ་བཅོམ་ཉོན་མོངས་ཀུན་སྤངས་རྣམ་གྲོལ་ཐོབ། །མཆོད་འོས་དམ་པ་དགྲ་བཅོམ་ལྔ་བརྒྱ་པོ། །ཡང་དག་བསྡུ་བའི་དཔང་པོར་འཁོད་གྱུར་ཅིང༌། །མང་དུ་ཐོས་པ་སྐྱེ་བའི་ལྕགས་སྒྲོགས་དག །གཅོད་པར་བྱེད་པ་འཕགས་པ་ཀུན་དགའ་བོ། །ཆོས་མངོན་ཤེས་བྱའི་རྒྱ་མཚོ་བསྡུ་བྱེད་པ། །བློ་ལྡན་འཕགས་པ་འོད་སྲུངས་བདག་ཉིད་ཆེ། །རྣམ་དག་འདུལ་བའི་སྡུད་བྱེད་ཉེ་བ་འཁོར། །མི་བརྗེད་གཟུངས་ཐོབ་འདུ་བྱེད་དམ་པ་ལ། །ལྷ་མི་ཀུན་གྱིས་དམ་ཆོས་ཉི་མ་དག །ནུབ་པའི་དོགས་པས་འཆི་བ་ཡིད་སོས་མཛད། །མཆོད་འོས་བསྟོད་འོས་མཆོག་ཏུ་གྱུར་པ་ཡིས། །དམ་ཆོས་སྡུད་བྱེད་རྣམས་ཀྱི་ཡོན་ཏན་དག །ཅུང་ཟད་བརྗོད་པའི་བསྟོད་ཚིག་མེ་ཏོག་གིས། །མཆོད་པའི་དགེ་བས་དམ་ཆོས་རྒྱས་གྱུར་ཅིག །ཅེས་རོང་སྟོན་ཆེན་པོས་ནཱ་ལེནྡྲར་སྦྱར་བའོ།།  ༈ །གནས་བརྟན་ཆེན་པོ་འཁོར་དང་བཅས་པ་ལ་བསྟོད་པ་བྱིན་རླབས་ཀྱི་རྔ་སྒྲ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་སྐུའི་མཁར་གནས་གཟུགས་སྐུའི་དཀྱིལ་འཁོར་སྟོན། །ཚད་མེད་ཐུགས་རྗེའི་འོད་ཀྱི་སྣང་བ་ཡིས། །མ་ལུས་འཇིག་རྟེན་ཁམས་ཀུན་ཁྱབ་མཛད་པ། །སྐྱོབ་པ་བླ་མེད་ཐུབ་དབང་ཞབས་ལ་འདུད། །ཟག་མེད་དབྱིངས་ལས་ཡེ་ཤེས་གཡོ་མེད་གནས། །མི་རྟོག་ཏིང་འཛིན་བརྟས་ཡི་ཐུགས་མངའ་བ། །བསམ་གྱིས་མི་ཁྱབ་ཡོན་ཏན་དཔག་མེད་ལྡན། །གནས་བརྟན་ཆེན་པོ་འཁོར་དང་བཅས་ལ་འདུད། །ཀུན་ནས་ཡིད་འོང་དང་བ་སྐྱེ་བའི་སྐུ། །གསུང་གི་ཡན་ལག་དམ་ཆོས་སྒྲ་སྒྲོགས་པ། །མི་རྟོག་ཐུགས་ནི་ནམ་མཁའི་ངང་ཚུལ་ཅན། །ཚད་མེད་ཡོན་ཏན་ཀུན་གྱི་གཏེར་ལ་འདུད། །རིགས་དང་ཞབས་ལྡན་སྐྱེ་དགུའི་མཆོད་པའི་གནས། །ཉོན་མོངས་མེད་པའི་ཏིང་འཛིན་མཆོག་ཐོབ་ཅིང༌། །སྨོན་གནས་མཁྱེན་པས་མ་ལུས་མངོན་སུམ་མཁྱེན། །སྐྱེས་བུ་འདུལ་བའི་ཚོགས་ལ་དང་བས་འདུད། །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་ཕྱེ་ནས། །བསྟན་པ་མི་ཉམས་ཡོངས་སུ་བསྲུང་བར་མཛད། །ཐུབ་དབང་བཀའ་ཡི་ཅོད་པན་གཙུག་ན་འཛིན། །ཇི་སྲིད་བསོད་ནམས་ཞིང་གི་དཔལ་དུ་གནས། །ཟག་ཟད་ཕུལ་ཕྱིན་མཁྱེན་པ་དྲི་མེད་པ། །དགྲ་སྔོན་བཅོམ་པ་འཁོར་ཚོགས་རྒྱ་མཚོའི་དབུས། །རང་རང་ཆ་ལུགས་མཛེས་པའི་ཚོགས་བསྣམས་ནས། །གཟི་བརྗིད་ཕུང་པོ་ཉིན་བྱེད་དབང་པོ་བཞིན། །མི་སློབ་ཆོས་བཅུ་དག་ལ་དབང་འབྱོར་པས། །འཁོར་ཚོགས་ཀུན་ཀྱང་ས་ཐོབ་ཕུལ་བྱུང་བ། །རྣམ་མང་རྒྱུ་སྐར་བཀྲམ་ལྟར་དབུས་ན་ནི། །ཟབ་ཡངས་ཆོས་ཀྱི་སྒྲ་ཆེན་དུ་མ་སྒྲོག །ཅུང་ཟད་ཕུལ་ཡང་འབྲས་བུ་རྒྱ་ཆེན་དག །འཕེལ་བར་འགྱུར་བ་ཡོན་ཏན་མཆོག་གི་གནས། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །མི་བསྙེལ་བསྟན་པ་བསྲུང་བའི་ཕྲིན་ལས་མཛད། །དཔག་མེད་ཡོན་ཏན་ཕུང་པོ་འདི་མཐོང་ནས། །ངོ་མཚར་བློ་ཡི་རྒྱུ་སྐར་དབང་པོ་ཡང༌། །བལྟ་བའི་སླད་དུ་གླིང་འདིར་ཡང་ཡང་དུ། །རྒྱུ་བའི་ངང་ཚུལ་སྟོན་པ་རྨད་དུ་བྱུང༌། །དང་བའི་དད་པའི་བློ་ཡིས་རབ་བསྐུལ་ནས། །རི་བོའི་ཚོགས་ཀྱང་མགོ་བོ་དུད་འདྲ་ཞིང༌། །རྒྱ་མཚོའི་རླུང་གིས་བསྐྱོད་པའི་རྦ་རླབས་ཀྱང༌། །དད་དང་གུས་པས་གྱེན་དུ་ཕྱོགས་པར་བྱེད། །རབ་དཀར་ཐུགས་རྗེའི་ཟླ་འོད་མཐོང་བ་ཡིས། །སྐྱེ་དགུ་རྣམ་མང་སད་པའི་བློ་ཐོབ་ནས། །ལག་པའི་པདྨོ་སྙིང་ཁར་ཟུམ་བྱེད་ཅིང༌། །ཟེ་འབྲུའི་དྲི་བསུང་ཅི་ཡང་འབུལ་ལ་རོལ། །ཐུབ་པས་བསོད་ནམས་ཞིང་དུ་རབ་བསྟོད་པ། །གནས་བརྟན་ཆེན་པོ་འཁོར་ཚོགས་དགྲ་བཅོམ་བཅས། །མཆོད་ཅིང་གུས་པས་རབ་ཏུ་བསྟོད་བྱེད་པ། །རྟག་ཏུ་མཐོ་རིས་དཔལ་ལ་ལོངས་སྤྱོད་ཅིང༌། །ངེས་ལེགས་སྐལ་བ་ཅན་དུ་མཛད་པ་པོ། །གནས་བརྟན་ཆེན་པོ་འཁོར་ཚོགས་བཅས་པ་ལ། །ཅུང་ཟད་བསྟོད་པས་མ་གྱུར་འགྲོ་བ་རྣམས། །ས་དང་ལམ་གྱི་རིམ་པ་རབ་བསྒྲོད་ནས། །བླ་མེད་ཆོས་སྐུའི་གོ་འཕང་ཐོབ་པར་ཤོག །ཅེས་པ་འདི་རོང་སྟོན་ཆེན་པོས་སླར་ཡང་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །དགྲ་བཅོམ་པ་རྣམས་ལ་བསྟོད་པ་ཕུལ་དུ་བྱུང་བའི་རྔ་སྒྲ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་ཅེས་བརྗོད་པ་གསལ་བར་གྲགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡོངས་སུ་འཛིན། །ཁྱབ་བདག་འཕྲིན་ལས་འགྲོ་བ་ཡོངས་ལ་ཁྱབ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །བདག་མེད་རྟོགས་པའི་མཁྱེན་པའི་རལ་གྲི་ཡིས། །འཆིང་བ་བཅད་ནས་རྣམ་པར་གྲོལ་བ་བརྙེས། །སྲིད་པའི་མཐའ་ལས་འདས་པའི་མྱ་འདས་ཐོབ། །སྡུག་བསྔལ་ཁུར་གྱིས་ངལ་བ་རབ་ཏུ་སྤངས། །སྲིད་པའི་ཆུ་བོ་ལས་བརྒལ་འཁོར་བ་རུ། །མི་ཟློག་ས་ཐོབ་ཟག་མེད་བདེ་བ་ལྡན། །འཁོར་བ་དགྲ་ཚོགས་སྔོན་བཅོམ་དྲི་མེད་བློ། །ཟག་ཟད་ཕུལ་ཕྱིན་རིགས་གསུམ་མངོན་སུམ་མཁྱེན། །བདེན་བཞི་རྟོགས་པའི་བྱ་བ་མཐར་ཕྱིན་ཞིང༌། །ཞེ་སྡང་སྒྲ་གཅན་ལས་གྲོལ་བསིལ་ཟེར་ཅན། །གཏི་མུག་སྤྲིན་ཚོགས་མི་གནས་རིང་སྤངས་ཞིང༌། །འདོད་ཆགས་རྡུལ་གྱིས་མ་གོས་དྲི་མ་མེད། །ཟག་པ་ཀུན་ཟད་སྤངས་པ་ཕུན་ཚོགས་ཐོབ། །རྣམ་གྲོལ་སྐུ་བརྙེས་ཚད་མེད་ཡོན་ཏན་དང༌། །སྲིད་པའི་མཐའ་ལས་འདས་པའི་མངོན་ཤེས་ཀྱི། །མཁྱེན་པ་ཕུལ་བྱུང་དྲི་མེད་ཡོན་ཏན་ལྡན། །ཤེས་པ་བཅུ་ཕྲག་སྒྲིབ་མེད་རབ་གསལ་ཅིང༌། །བསམ་གཏན་རབ་མཐའི་ཏིང་འཛིན་བརྟན་པ་དང༌། །མཁས་པར་བྱ་བའི་དངོས་པོ་ལྔ་ཕྲག་ལ། །མཁས་པས་བློ་གྲོས་ལྷག་མཐོང་མངོན་དུ་གྱུར། །འཇིག་རྟེན་ཀུན་གྱིས་མཆོད་འོས་དགྲ་བཅོམ་ཚོགས། །གུས་པས་བསྟོད་པའི་ཚད་མེད་དགེ་ཚོགས་ཀྱིས། །ཐར་པ་བླ་ན་མེད་པ་ཐོབ་གྱུར་ཅིག །ཚད་མེད་འཕྲིན་ལས་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་དགྲ་བཅོམ་རྣམས་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་བརྗོད་པ་ཚོགས་གཉིས་ལ་སྤྲོ་བ་བསྐྱེད་པའི་གཏམ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བླ་མེད་བྱང་ཆུབ་མཆོག་དུ་བསྒྲོད་པའི་ལམ། །ཚོགས་གཉིས་མ་ལུས་ཡོངས་སུ་སྡུད་བྱེད་ཅིང༌། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ལམ་གཅིག་པུ། །ཐར་འདོད་གདུལ་བྱ་རྣམས་ཀྱི་འཇུག་ངོགས་ཆེ། །སྦྱིན་པའི་ཕར་ཕྱིན་ཡི་དྭགས་འགྲོ་བ་དང༌། །དབུལ་བ་འདོར་ཞིང་ལོངས་སྤྱོད་མི་ཟད་གཏེར། །སྡུག་བསྔལ་གྱུར་པའི་སེམས་ཅན་རྗེས་འཛིན་ཞིང༌། །མངོན་མཐོ་ངེས་ལེགས་རྒྱུར་ནི་འགྱུར་བ་ཡི། །ཁྲིམས་ཀྱིས་མི་ཁོམ་གནས་རྣམས་སྤོང་བྱེད་ཅིང༌། །དལ་བའི་འབྱོར་བ་ཕུན་ཚོགས་ཐོབ་པར་འགྱུར། །ལུས་ངག་ཡིད་གསུམ་དུལ་བ་དྲི་མེད་ཐོབ། །མངོན་མཐོའི་རྒྱུ་ཡི་གཙོ་བོར་རབ་ཏུ་བརྟན། །བཟོད་པས་ངན་འགྲོའི་རྒྱུན་རྣམས་གཅོད་བྱེད་པས། །བཟོད་པ་དང་མཚུངས་དཀའ་ཐུབ་མ་མཆིས་ཤིང༌། །ཁོང་ཁྲོ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་བ་སངས་རྒྱས་ཞལ་གྱིས་བཞེས། །བརྩོན་པས་དཀར་བའི་ཡོན་ཏན་ཀུན་རྒྱས་ཤིང༌། །ཐར་པའི་གནས་སུ་མྱུར་དུ་ཕྱིན་པ་དང༌། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །བསམ་གཏན་གྱིས་ནི་རྣམ་པར་གཡེང་བ་ཞི། །བསྒོམ་བྱའི་དོན་ལ་སེམས་ནི་རྩེ་གཅིག་འགྱུར། །བྱིང་རྒོད་མཐའ་ལ་མི་གནས་ཏིང་འཛིན་ཐོབ། །ཤེས་རབ་ཀྱིས་ནི་ཆོས་རྣམས་རབ་ཤེས་ནས། །དངོས་པོར་འཛིན་པའི་དགྲ་ཚོགས་རབ་བཅོམ་ཞིང༌། །སྒྲིབ་གཉིས་མུན་ཚོགས་མ་ལུས་བསལ་གྱུར་ཏེ། །ཁམས་གསུམ་དག་ལས་ཡང་དག་འདའ་བར་འགྱུར། །རྒྱལ་སྲས་གང་ཞིག་བྱང་ཆུབ་དོན་གཉེར་བ། །ཕ་རོལ་ཕྱིན་པའི་ཡོན་ཏན་རྒྱས་མཛད་པས། །གཏིང་ཟབ་འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །རྒྱལ་བའི་དབང་པོའི་གོ་འཕང་ཐོབ་པར་ངེས། །ཆོས་ལ་སྐྱབས་འགྲོའི་ཡུལ་ཡང་འདི་ཉིད་དེ། །ལམ་གྱི་བདེན་པའི་མཆོག་ཀྱང་འདི་ཉིད་དོ། །འདི་ལ་འཇུག་པས་ཚོགས་གཉིས་རབ་རྫོགས་ནས། །མཐའ་ཡས་འགྲོ་བའི་འདྲེན་མཆོག་ཐོབ་པར་འགྱུར། །ཕ་རོལ་ཕྱིན་པ་དྲུག་ལ་རབ་བསྟོད་པའི། །དགེ་ཚོགས་རབ་དཀར་གང་ཞིག་ཐོབ་པ་དེས། །དམ་ཆོས་ཡོན་ཏན་ཕུན་ཚོགས་རབ་བརྙེས་ནས། །རྣམ་མཁྱེན་ཐར་པའི་གླིང་དུ་བགྲོད་པར་ཤོག །ཅེས་ཕ་རོལ་ཕྱིན་པ་དྲུག་གི་ཡོན་ཏན་བརྗོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །བསླབ་པ་གསུམ་གྱི་ཡོན་ཏན་བརྗོད་པ་ཐར་པའི་ས་འཛིན་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བསོད་ནམས་རྭ་བ་ཁོར་ཡུག་ཆེར་ཡངས་པར། །བྱང་ཆུབ་སེམས་ཀྱི་ལྗོན་པ་རབ་རྒྱས་ཏེ། །ཕ་རོལ་ཕྱིན་པའི་ཡལ་གའི་ཁྱོན་ཡངས་ཤིང༌། །སྐུ་གསུམ་འབྲས་བུའི་ཁུར་ལྡན་མཆོག་ལ་འདུད། །ཆོས་འཁོར་གསུམ་གྱི་སྙིང་པོའི་དོན་འདུས་པ། །བཅོམ་ལྡན་འདས་ཀྱི་སོ་སོར་ཐར་པ་ལས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་བསྒྲུབ། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་སྐད་གསུངས་པའི་སྙིང་པོའི་དོན་བསྡུས་པ། །བསླབ་པ་གསུམ་གྱི་ཡོན་ཏན་བརྗོད་པ་འདི། །ཐར་འདོད་འགྲོ་བའི་ཚོགས་ལ་བཤད་པར་བྱ། །མི་དགེ་བཅུ་སྤངས་ལུས་ངག་དྲི་མེད་པ། །སྦྱོར་བ་ཕུན་སུམ་ཚོགས་པས་རབ་བསྒྲུབས་ནས། །རྨད་དུ་བྱུང་བའི་མཐོ་རིས་དག་གི་དོན། །ལེགས་པར་སྒྲུབ་བྱེད་ཚུལ་ཁྲིམས་དག་ལ་བསྔགས། །ཚུལ་ཁྲིམས་ཡང་དག་ཏིང་འཛིན་རབ་ཏུ་གསལ། །རྩེ་གཅིག་ཏིང་འཛིན་དག་གིས་བསམ་གཏན་ཐོབ། །སེམས་ནི་རབ་ཞི་ཞི་བ་བླ་མེད་ཅིང༌། །སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་ཐོབ། །ཏིང་འཛིན་ཡེ་ཤེས་ཡེ་ཤེས་རབ་ཏུ་གསལ། །ཐོས་དང་བསམ་པའི་ཤེས་རབ་ཕུལ་བྱུང་བརྙེས། །སྟོང་ཉིད་རྟོགས་པའི་ལྷག་མཐོང་རབ་རྒྱས་ཤིང༌། །བསླབ་གསུམ་ཡོན་ཏན་མཐའ་དག་རྫོགས་པར་འགྱུར། །སངས་རྒྱས་གསུང་རབ་སྡེ་སྣོད་གསུམ་དུ་འདུས། །དུག་གསུམ་གཉེན་པོར་སྡེ་སྣོད་གསུམ་དུ་གསུངས། །སྡེ་སྣོད་གསུམ་གྱི་བརྗོད་བྱའང་འདི་ཉིད་དེ། །དེ་ཕྱིར་འདི་ལ་མཆོག་ཏུ་བསྟོད་པར་འོས། །གནད་ཀྱི་སྙིང་པོ་འདི་ཉིད་མ་རྟོགས་ན། །ཚིག་གིས་སྤྲོས་པའི་ངལ་བས་ཅི་ཞིག་བྱ། །བསླབ་གསུམ་ཡོན་ཏན་ཅུང་ཟད་རབ་བརྗོད་པའི། །དགེ་བས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བསླབ་པ་གསུམ་གྱི་ཡོན་ཏན་བརྗོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །དག་པའི་སྣང་བ་ཕྱོགས་མེད་དུ་རྒྱས་པ་འོད་ཀྱི་ཕྲེང་བ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ངག་གི་དབང་པོ་འཕྲོག་བྱེད་ཅིང༌། །མཁྱེན་པའི་ཡོན་ཏན་སྟོབས་ཀྱི་མངོན་མཐོ་བ། །མན་ངག་སྟོབས་ཀྱིས་རྟོགས་པའི་ཡོན་ཏན་བརྙེས། །གངས་རིའི་ཁྲོད་ཀྱི་བླ་མ་ཀུན་ལ་འདུད། །བྱིན་རླབས་གཟི་བརྗིད་འོད་སྟོང་འབར་བ་ཡིས། །གངས་ཅན་འགྲོ་བའི་མ་རིག་མུན་པ་སེལ། །གཞུང་ལུགས་རབ་མཁས་ལེགས་བཤད་བདུད་རྩི་ཡིས། །བློ་གྲོས་རབ་ཏུ་རྒྱས་པའི་རྒྱུད་འཛིན་དང༌། །ཟབ་དོན་མན་ངག་ཉམས་སུ་བླངས་པ་ལས། །རྨད་བྱུང་ཏིང་འཛིན་ཕུན་སུམ་ཚོགས་པ་ཡི། །སེམས་རྒྱུད་རྣམ་དག་སྒྲུབ་པའི་བརྒྱུད་འཛིན་པ། །ཚད་མེད་ཡོན་ཏན་མངའ་བ་དེ་དག་ཀུན། །ཡོན་གནས་དམ་པ་ཅུང་ཟད་ཕུལ་ཡང་ནི། །འབྲས་བུ་རྒྱ་ཆེན་དག་ཏུ་འགྱུར་བ་སྟེ། ཀུན་གྱི་མཆོད་འོས་རྣམ་པ་ཀུན་ཏུ་ནི། །བདག་ཉིད་ཤིན་ཏུ་དད་པས་ཕྱག་འཚལ་ལོ། །ཡོན་ཏན་དུ་མའི་དཔལ་གྱི་མངོན་མཐོ་བ། །གདུལ་བྱའི་འདྲེན་པ་མཆོག་དུ་གནས་པ་ཡི། །གངས་རིའི་ཁྲོད་ཀྱི་བླ་མ་དམ་པ་རྣམས། །རབ་ཏུ་དང་བའི་བློ་ཡིས་ཡང་དག་བསྟོད། །བསྟོད་ཚིག་མེ་ཏོག་སྙིམ་པས་ལེགས་མཆོད་ཅིང༌། །ལུས་ངག་ཡིད་ཀྱི་ཉེས་པའི་སྐྱོན་རྣམས་བཤགས། །དུས་གསུམ་འགྲོ་བའི་དགེ་ལ་རྗེ་ཡི་རང༌། །རྒྱལ་རྣམས་ཆོས་འཁོར་བསྐོར་དང་རྟག་པར་བཞུགས། །དགེ་བ་འདི་ཡིས་མ་ལུས་མངོན་སུམ་མཁྱེན། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་འདི་རོང་སྟོན་ཆེན་པོས་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །རྨད་དུ་བྱུང་བའི་གཏམ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོ་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་ཀྱི་བསྟན་པ་རྒྱས་མཛད་པ། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །བཀའ་དང་བསྟན་བཅོས་མི་འཇིགས་སྨྲ་བ་པོ། །མཁས་པ་མི་ཡི་སེངྒེས་བསྟེན་པའི་གནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྟོབས་མངའ་བ། །རྒྱུན་གྱིས་དབང་པོ་འདི་ཡང་བརྟན་གྱུར་ཅིག །ཕྱོགས་དང་ཕྱོགས་མཚམས་འཁོད་པ་རྣམས་སུ་ཡང༌། །དམ་ཆོས་སྨྲ་བ་དུ་མའི་གནས་གྱུར་པ། །འབད་པས་མངོན་པར་འདུས་བྱས་གང་ཡིན་པའི། །གཙུག་ལག་ཁང་རྣམས་རྟག་ཏུ་རྒྱས་ཅིག །བསྟན་སྲུང་ཀུན་ཀྱང་མཐུ་སྟོབས་དང་ལྡན་ཞིང༌། །འཇམ་དཔལ་དབྱངས་དང་འཇིག་རྟེན་དབང་ཕྱུག་དང༌། །རྡོ་རྗེ་འཛིན་སོགས་དག་གི་བྱིན་རླབས་ཀྱིས། །བདག་གི་སྨོན་ལམ་ཇི་བཞིན་འགྲུབ་པར་ཤོག །ཅེས་རྨད་དུ་བྱུང་བའི་སྨོན་ལམ་གྱི་གཏམ་ཞེས་བྱ་བ། རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*