གནས་ཆེན་རྣམས་ཀྱི་བསྟོད་པའི་སྐོར།

༈ །རྒྱ་གར་རྡོ་རྗེ་གདན་ལ་བསྟོད་པ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྗོད་པ་ཞེས་བྱ་བ།

སངས་རྒྱས་ལ་ཕྱག་འཚལ་ལོ། །ཁོར་ཡུག་རྡོ་རྗེ་རྭ་བས་ལེགས་བསྐོར་ཞིང༌། །ཕྱོགས་སུ་རྣམ་པར་རྒྱལ་བའི་གླིང་གི་རྩིབས། །གཙུག་ལག་ཁང་བཟང་བཀོད་པས་རབ་ཏུ་མཛེས། །སོ་སོའི་ནང་དུ་བྱིན་རླབས་གཟི་བརྗིད་ཅན། །ལྷ་ཚོགས་བྱེ་བའི་རྒྱུ་སྐར་རབ་ཏུ་བཀྲམ། །ཡིད་འོང་གྱེན་དུ་འཕགས་པའི་གནྡྷོ་ལ། །དབུས་སུ་བྱིན་རླབས་རབ་འབར་བྱང་ཆུབ་ཤིང༌། །ཡལ་གི་ཁྱོན་ཡངས་ལོ་འདབ་རབ་ཏུ་རྒྱས། །ལྷ་ལྔའི་བདག་ཉིད་ཡལ་ག་ལྔ་པ་ཅན། །གྱེན་དུ་འཐོན་པ་མཐོང་བ་ཙམ་གྱིས་ཀྱང༌། །དང་བའི་དད་པ་སྔོན་མེད་སྐྱེ་བ་དང༌། །རྨད་བྱུང་དྲི་ཞིམ་ཕྱོགས་རྣམས་ཀུན་ལ་ཁྱབ། །བྱང་ཆུབ་ཆེན་པོ་ཡིད་འོང་འཇའ་ཚོན་སྐུ། །བྱང་ཆུབ་ཤིང་ལ་བརྟེན་པ་ཤར་ཕྱོགས་སུ། །རྣམ་པར་གཟིགས་པའི་གཟི་འོད་རབ་འབར་བས། །འགྲོ་བ་དཔག་མེད་བདེ་ལ་འགོད་པར་མཛད། །མངོན་པར་བྱང་ཆུབ་ཚུལ་བསྟན་བདུད་དཔུང་གིས། །འཕངས་པའི་མཚོན་ཆ་མེ་ཏོག་ཆར་པར་གྱུར། །མཁའ་ལ་སྐྱ་རེངས་འཆར་བའི་དུས་ཀྱི་ཚེ། །ཏིང་འཛིན་སྟོབས་ཀྱིས་སྒྲིབ་གཉིས་ཕམ་མཛད་ནས། །མངོན་པར་བྱང་ཆུབ་སྨིན་མཚམས་མཛོད་སྤུ་ལས། །འོད་ཟེར་སྤྲོས་པས་འཇིག་རྟེན་སྣང་མཛད་ཅིང༌། །བྱང་ཆུབ་ཚུལ་བསྟན་ངོ་མཚར་རྡོ་རྗེའི་གདན། །རྫོགས་སངས་གང་དུ་བལྟམས་དང་གནས་ལ་འདུད། །གང་གི་གནས་ལ་ཕྱག་འཚལ་བསོད་ནམས་དག །དཔག་མེད་བཤད་པའི་རྗེས་སུ་ལེགས་འབྲངས་ནས། །མངོན་པར་བྱང་ཆུབ་བསྟན་པའི་གནས་མཆོག་ལ། །བསྟོད་པའི་དགེ་བས་བྱང་ཆུབ་གནས་ཐོབ་ཤོག །ཅེས་རྡོ་རྗེ་གདན་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྒྱལ་བས་ལུང་བསྟན་ངོ་མཚར་དཔག་མེད་གནས། །ཡོན་ཏན་རྨད་བྱུང་མི་ཟད་འབྱུང་བའི་གཏེར། །མཁས་པ་དུ་མའི་ཞབས་ཀྱི་རྟེན་གྱུར་པ། །ནཱ་ལེནྡྲ་ཞེས་བྱ་བའི་གནས་ལ་བསྟོད། །དམ་ཆོས་འཆད་པ་རྒྱུ་སྐར་ཕྲེང་བ་བཞིན། །པཎ་ཆེན་མཁས་པའི་མཆོག་གྱུར་བརྒྱ་ཕྲག་ལྔ། །གྲུབ་པའི་དབང་ཕྱུག་ཆེན་པོ་བཅུ་ཕྲག་བདུན། །རབ་ཏུ་གྲགས་པ་ངོ་མཚར་དུ་མའི་གནས། །སངས་རྒྱས་བསྟན་པ་རབ་ཏུ་གསལ་བྱེད་པ། །མཁས་པ་མཐའ་ཡས་འཇིགས་མེད་སེང་གེའི་སྒྲ། །རབ་ཏུ་སྒྲོགས་པ་གཟི་བརྗིད་འབར་བ་ཅན། །དམ་ཆོས་འཆད་པའི་ཁྲི་ལ་རྣམ་པར་མཛེས། །མི་སློབ་ཟུང་འཇུག་བརྙེས་པའི་ས་ར་ཧ། །འདུས་པ་རྒྱ་མཚོའི་དབུས་ན་རི་དབང་བཞིན། །ཀླུ་སྒྲུབ་དང་ནི་ཐོགས་མེད་དབྱིག་གཉེན་དང༌། །ཕྱོགས་གླང་ཆོས་ཀྱི་གྲགས་པ་རྣམས་ཀྱི་གནས། །ནཱ་ལེནྡྲ་ཡི་རྫིང་ཁར་འོད་དཔག་མེད། །ཐུགས་རྗེ་ཆེན་པོ་མཛུབ་ཀེར་ལ་སོགས་པ། །རྟེན་མཆོག་ངོ་མཚར་དཔག་མེད་བཞུགས་ཞེས་གྲགས། །འཛམ་གླིང་མཁས་པའི་རྒྱན་གྱིས་བཞུགས་པའི་གནས། །འདི་ལ་བསྟོད་པའི་དགེ་ཚོགས་དྲི་མེད་པ། སྟོན་ཀའི་ཟླ་ལྟར་གང་ཞིག་ཐོབ་པ་དེས། །སྲིད་པའི་མུན་པ་མ་ལུས་རྣམ་བསལ་ཏེ། །ཡེ་ཤེས་སྣང་བ་ཀུན་ཏུ་རྒྱས་པར་ཤོག །ཅེས་རྒྱ་གར་ནཱ་ལེནྡྲའི་གནས་ལ་བསྟོད་པ་རོང་སྟོན་ཆེན་པོས་གངས་ཅན་གྱི་ཁྲོད་ཀྱི་ནཱ་ལེནྡྲར་སྦྱར་བའོ།།  ༈ །བྱ་རྒོད་ཕུང་པོའི་རི་བོ་ལ་བསྟོད་པ་སྙན་པའི་སྒྲ་དབྱངས་ཞེས་བྱ་བ། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་གང་དུ་བཞུགས་པའི་གནས་མཆོག་ལ། །བསྟོད་པ་ཙམ་གྱིས་བསོད་ནམས་དཔག་མེད་དག །ཐོབ་པར་འགྱུར་ཞེས་བཤད་པའི་རྗེས་འབྲངས་ནས། །དམ་ཆོས་གསུངས་པའི་གནས་ལ་བསྟོད་པར་བགྱི། །རྒྱལ་བས་ལེགས་གསུངས་བཀའ་ཡི་བསྡུ་བའི་གནས། །ལག་མཐིལ་ལྟར་མཉམ་བཀྲ་ཤིས་ཕུན་ཚོགས་ལྡན། །རི་ཕྲན་དུ་མས་ཡོངས་སུ་བསྐོར་བའི་དབུས། །རྒྱལ་པོའི་ཁབ་ཅེས་བྱ་བའི་གྲོང་ཁྱེར་གྱི། །ཤར་གྱི་ཕྱོགས་སུ་མངོན་པར་མཐོ་བའི་རི། །ཉི་མ་བཞིན་དུ་གཟི་བརྗིད་ཕུན་ཚོགས་ལྡན། །ས་འཛིན་ངོགས་རྣམས་ནགས་ཚལ་སྟུག་པོས་འཁྲིགས། །ལྗོན་ཤིང་ཡིད་འོང་ལོ་འདབ་གསར་པ་ཅན། །ཁ་དོག་སྣ་ཚོགས་མེ་ཏོག་ཐོད་བཅིངས་ནས། །སྙན་པའི་སྒྲ་འབྱིན་བྱ་ཚོགས་མང་པོ་དག །ཡལ་གའི་ཕྱོགས་སུ་ཕན་ཚུན་འཕུར་ལྡིང་བྱེད། །འཛམ་གླིང་ངོ་མཚར་ཆེ་བའི་གནས་ལྔ་ལས། །མཆོག་ཏུ་གྱུར་པ་བྱ་རྒོད་ཕུང་པོའི་རི། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བསྟོད་བྱེད་པ། །བཅོམ་ལྡན་འདས་ཀྱི་ཆོས་འཁོར་བསྐོར་བའི་གནས། །དཔག་མེད་བྱིན་རླབས་གཟི་བརྗིད་འབར་བ་ཅན། །ལམ་ཕྲན་བསྟན་ཞེས་བྱ་བའི་གནས་བརྟན་ལ། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར་བ་བཞུགས། །གང་གིས་འདི་ནི་མཐོང་བ་ཙམ་གྱིས་ཀྱང༌། །དང་བའི་དད་པ་ལྷུན་གྱིས་གྲུབ་པ་འབྱུང༌། །དཔག་ཡས་ལྷ་ཚོགས་དུ་མ་འདུས་པའི་གནས། །རྒྱལ་བས་ཤེར་ཕྱིན་འབྲུག་གི་སྒྲ་དབྱངས་བསྒྲགས། །གདུལ་བྱ་དུ་མ་བདེན་པ་མཐོང་བ་ལ། །བཀོད་པའི་གནས་མཆོག་ངོ་མཚར་རྨད་དུ་བྱུང༌། །ལེགས་གསུངས་ཉན་པའི་སླད་དུ་རྒྱལ་སྲས་རྣམས། །ཉེ་བར་ལྷགས་ནས་བྱིན་གྱིས་བརླབས་པའི་གནས། །གནས་མཆོག་འདི་ལ་བསྟོད་པའི་དགེ་ཚོགས་ཀྱིས། །སངས་རྒྱས་ཞིང་དུ་ཐོགས་མེད་བགྲོད་པར་ཤོག །ཅེས་བྱ་རྒོད་ཕུང་པོའི་རི་ལ་བསྟོད་པ་རོང་སྟོན་ཆེན་པོས་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །དགའ་ལྡན་གྱི་ལྷ་གནས་ལ་བསྟོད་པ་ཕུལ་དུ་བྱུང་བའི་རྔ་སྒྲ་ཞེས་བྱ་བ། རྒྱལ་བ་མི་ཕམ་པ་ལ་ཕྱག་འཚལ་ལོ། །རྒྱལ་བའི་རྒྱལ་ཚབ་བཞུགས་པ་ངོ་མཚར་གནས། །གང་ལ་བགྲོད་པ་དགའ་བདེའི་ཕན་ཡོན་གྱིས། །མངོན་པར་རོལ་པ་དམ་པ་དཔག་མེད་པ། །ཆོས་ཀྱི་དགའ་བདེའི་རོལ་པས་གནས་བྱེད་ཅིང༌། །ལྷ་གནས་གཞན་ལས་ཆོས་ཀྱི་དགའ་ཆར་གྱིས། །ཕུལ་དུ་བྱུང་བས་ཀུན་གྱིས་བསྟོད་པའི་གཞི། །གང་གི་གནས་སུ་སྐྱེས་པའི་སྐྱེ་བོ་དག །ཐེག་ཆེན་ཆོས་ཀྱི་དགའ་བས་རྣམ་པར་རོལ། །སྲིད་ལས་འཕགས་པའི་ཡོན་ཏན་ཕུན་ཚོགས་བརྙེས། །གང་དུ་སྐྱེ་བའི་སྨོན་ལམ་འདེབས་བྱེད་པ། །ཐར་པའི་སྐལ་བ་ཅན་དུ་བྱེད་པ་ཡི། །གནས་མཆོག་དམ་པ་དེ་ལ་གུས་པས་བསྟོད། །བསྟོད་པའི་དགེ་བས་དགའ་ལྡན་ལྷ་གནས་སུ། །འགྲོ་ཀུན་ཤི་འཕོས་ཐག་ཏུ་སྐྱེ་བར་ཤོག །ཅེས་དགའ་ལྡན་ལྷ་གནས་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །རྒྱ་ནག་རི་བོ་རྩེ་ལྔ་ལ་བསྟོད་པ་ཕུལ་དུ་བྱུང་བའི་སྒྲ་དབྱངས་ཞེས་བ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མཁྱེན་རབ་བདག་ཉིད་འཕགས་པ་འཇམ་དཔལ་གྱིས། །ཡོངས་སུ་བརྟེན་པའི་གནས་མཆོག་ཕུལ་བྱུང་བ། །དམ་པ་རྣམས་ཀྱིས་བསྟོད་པའི་གནས་གྱུར་ཅིང༌། །གང་དུ་བགྲོད་པ་དེ་ཡང་ཤེས་རབ་ལྡན། །བྱིན་རླབས་སྣ་ཚོགས་འབྱུང་བའི་མཚན་མ་དག །རབ་ཡངས་མཁའ་ལ་འཇའ་ཚོན་རི་མོ་མཐོང༌། །གཟུགས་སོགས་ཕུང་པོ་ལྔ་ནི་རྣམ་དག་པ། །སྐུ་ལྔའི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །རྩེ་ལྔའི་རི་བོ་མངོན་པར་མཐོ་བ་དང༌། །ཕྱོགས་མཚམས་རྣམས་སུ་ལྷ་ཡི་ཁང་བཟང་དག །ཡིད་འོང་རྒྱུ་སྐར་འཕྲེང་ལྟར་རབ་བཀྲ་ཞིང༌། །གནས་ཀྱི་ཕན་ཡོན་འདོད་པའི་སྐྱེ་བོ་དག །པདྨའི་མཚོ་ལ་བུང་བའི་ཚོགས་བཞིན་དུ། །དད་ལྡན་སྐྱེ་བོ་ཡིད་ལ་འཇམ་དབྱངས་ཀྱི། །བྱིན་རླབས་མཚན་མ་དཔག་མེད་འབྱུང་ཞེས་པས། །དེ་ཕྱིར་གནས་མཆོག་དེ་ལ་ཀུན་གྱིས་བསྟོད། །བསྟོད་པའི་དགེ་བ་རྨད་བྱུང་གྲུབ་པ་ཡིས། །དག་པའི་ཞིང་དུ་ཐོགས་མེད་བགྲོད་པར་ཤོག །ཅེས་རྒྱ་ནག་རི་བོ་རྩེ་ལྔ་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲའི་དགོན་པར་སྦྱར་བའོ།།  ༈ །འཕགས་པ་སྤྱན་རས་གཟིགས་ཀྱི་བཞུགས་གནས་རི་བོ་གྲུ་འཛིན་ལ་བསྟོད་པ་བྱིན་རླབས་ཀྱི་རྔ་སྒྲ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སྙིང་རྗེའི་མེ་ཏོག་དཀར་པོ་རྒྱས་པའི་དབུས། །བྱིན་རླབས་འོད་ཟེར་དཀར་བའི་མདངས་འཕྲོག་པ། །ཉམས་ཐག་འགྲོ་བ་མང་པོ་རྗེས་འཛིན་པའི། །འཕགས་པ་སྤྱན་རས་གཟིགས་དབང་བཞུགས་པའི་གནས། །གང་ཞིག་བགྲོད་པ་ཙམ་གྱི་ཚད་མེད་ཀྱི། །རབ་དཀར་སྙིང་རྗེ་དཔག་མེད་སྐྱེ་འགྱུར་ཞིང༌། །བཀྲ་ཤིས་ཡིད་འོང་རི་མོ་མཛེས་པ་དང༌། །ཕྱོགས་རྣམས་ཀུན་ཏུ་སྐྱེད་ཚལ་འབྲས་བུ་ཅན། །ལོ་འདབ་གསར་པ་དུ་མས་མཛེས་བྱས་ཤིང༌། །དྲི་ཞིམ་ཡིད་འོང་མེ་ཏོག་རྣམ་པར་རྒྱས། །རོ་མངར་ལྡན་པའི་འབྲས་བུའི་ཁུར་གྱིས་བརྗིད། །ལྗོན་ཤིང་བྱེ་བའི་ངོགས་སུ་རྣམ་པར་འཁྲིགས། །མཛེས་པའི་བྱ་ཚོགས་མང་པོ་རྣམ་པར་རྒྱུ། །མཐོང་བ་ཙམ་གྱིས་ཡིད་ལ་སྤྲོ་བ་སྐྱེ། །ངོ་མཚར་ཐུགས་རྗེའི་འབྱུང་གནས་དཔལ་དང་ལྡན། །གནས་མཆོག་གཞན་ལས་ཡིད་འཛིན་སྤྲོ་བ་འཕེལ། །ལྷ་མཆོག་རྗེས་སུ་དྲན་པའི་བློ་གྲོས་ཀྱིས། །དེ་ལས་བྱིན་རླབས་རྒྱུད་ལ་འཇུག་འགྱུར་ཞིང༌། །དེ་ཕྱིར་སྤྱན་རས་གཟིགས་དབང་གནས་ལ་བསྟོད། །བསྟོད་པའི་དགེ་བས་ཞིང་དེར་བགྲོད་གྱུར་ཅིག །ཅེས་རི་བོ་གྲུ་འཛིན་ལ་བསྟོད་པ་རོང་སྟོན་ཆེན་པོས་དཔལ་ནཱ་ལེནྡྲར་སྦྱར་བའོ།། །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*