གཞན་དོན་ལེའུ་བཞུགས། ཁ༽

།གཉིས་པ་ནི། གལ་ཏེ་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་དེ་ལྟ་ན་གྲངས་ཅན་པ་ལ་སངས་རྒྱས་པས་བཀོད་པའི་སྦྱོར་བ་འདིར་ཡང་བསྒྲུབ་བྱ་ལ་གནོད་པར་འགྱུར་རོ། །ཅི་ལྟར་ན་གྲངས་ཅན་པས་བདེ་སོགས་ཀྱི་བདག་ཉིད་ཅན་གྱི་གཙོ་བོ་རྟག་པར་འདོད་པ་ན། སངས་རྒྱས་པས་བདེ་སོགས་ཆོས་ཅན། རྐྱེན་གཞན་གྱིས་བསྐྱེད་ནུས་མིན་པའི་རྟག་པ་མ་ཡིན་ཏེ། ཅིག་ཆར་སྒྲ་སོགས་རྒྱུ་མིན་པ་སྟེ། རང་འབྲས་རིམ་གྱིས་བསྐྱེད་པའི་ཕྱིར་ཞེས་བྱ་བ་བཀོད་པ་ལ་སྔ་མ་བཞིན་ཏེ་སུན་འབྱིན་པ་ན་རེ། ཁྱོད་ཀྱིས་བདེ་སོགས་རྟག་པ་བཀག་ནས་བདེ་སོགས་མི་རྟག་པ་སྐབས་ཀྱི་ཆོས་ཅན་དུ་གཟུང་བ་ཡིན་ལ། དེའི་ཚེ་རྟགས་དེས་རང་བཞིན་གཙོ་བོ་རྟག་པ་བཀག་ན་རང་བཞིན་ཅན་བདེ་སོགས་ཀྱང་བཀག་པར་འགྱུར་བས་སྐབས་ཀྱི་ཆོས་ཅན་བདེ་སོགས་མི་རྟག་པ་ཡང་མེད་པར་སྒྲུབ་པར་བྱེད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་དོ་ཞེ་ན། གལ་ཏེ་སྦྱོར་བ་འདི་ལ་གཏན་ཚིགས་རང་འབྲས་རིམ་གྱིས་བསྐྱེད་པའི་ཕྱིར་ཞེས་པ་ནི་ཆོས་ཅན། ཁྱོད་བདེ་སོགས་མི་རྟག་པ་དང་འགལ་བར་ངེས་ན་སྐབས་ཀྱི་ཆོས་ཅན་བཀག་པའི་འགལ་བར་འགྱུར་བ་ཉིད་ཡིན་ཏེ། ཁྱོད་བདེ་སོགས་མི་རྟག་པ་དང་འགལ་བར་ངེས་ན་རང་གི་ཆོས་ཅན་དུ་གཟུང་བའི་མི་རྟག་པའི་བདེ་སོགས་མེད་པ་བསྒྲུབ་པའི་ཕྱིར་རོ། །དེས་ན་དེ་ལྟར་ཡིན་ཡང་མ་ངེས་ཏེ། མི་རྟག་པའི་བདེ་སོགས་འགོག་པ་ལ་རང་འབྲས་རིམ་གྱིས་བསྐྱེད་པ་རྟགས་སུ་བཀོད་པ་འདི་ནི་ཆོས་ཅན། ལྷག་ལྡན་ཏེ་མ་ངེས་པའི་ཁྱད་པར་དུ་འདོད་དེ་ཕྱོགས་ཆོས་གྲུབ་ཅིང་དེ་སྐོར་གྱི་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བས་ནའོ། །དེའང་ཅི་སྟེ་ན། རྟགས་རིམ་བཞིན་དོན་བྱེད་པ་དང་བདེ་སོགས་མི་རྟག་པ་ཉིད་གཉིས་པོ་འདི་ལ་འགལ་བ་མེད་པའི་ཕྱིར་ཏེ། བདེ་སོགས་དེ་གཉིས་ཀ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རང་གི་ཆོས་ཅན་ཞེས་སྨོས་པ་ཆོས་ཅན། རྒོལ་བ་བདག་ཉིད་འདོད་པའི་བསྒྲུབ་བྱའི་ཆོས་དེའི་རྟེན་ཏེ་ཤེས་འདོད་ཆོས་ཅན་ལ་གནོད་པ་ནི་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཡིན་ཞིང་། སྐབས་སུ་མ་བབས་པའི་ཆོས་ཅན་འབའ་ཞིག་པ་ཉིད་དམ་མི་འདོད་པའི་ཆོས་གཞན་གྱི་རྟེན་ཏེ་ཆོས་ཅན་ལ་གནོད་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ཞེས་བསྟན་ཏེ། གང་གི་ཕྱིར་ན་རྒོལ་བ་རང་ཉིད་འདོད་པའི་ཆོས་དེ་ཆོས་ཅན་ལ་བསྒྲུབ་བྱ་ཡིན་པར་བསྟན་པ་དེའི་ཕྱིར། དཔེར་ན་ཕྱོགས་ཀྱི་མཚན་ཉིད་འཆད་པའི་སྐབས་སུ་རང་ཉིད་ཀྱི་སྒྲ་ཡིས་རྒོལ་བས་མི་འདོད་པའི་ཆོས་གཞན་ལུང་དོན་སོགས་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ཞེས་བསྟན་པ་དེ་བཞིན་དུ་རང་གི་ཆོས་ཅན་གྱི་ཚིག་གིས་སྐབས་སུ་མ་བབས་པའི་ཆོས་ཅན་གཞན་ལ་ཡང་གནོད་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ཞེས་བརྗོད་པ་བཞིན་ནོ། །བཞི་པ་རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན་པ་ནི། རང་རྟེན་འཆད་པའི་སྐབས་སུ་ཆོས་ཅན་དང་། ཆོས་དང་། གཉིས་ཀ་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་ཁས་བླངས་ན། སངས་རྒྱས་པས་གྲངས་ཅན་པ་ལ་སྒྲ་འཇིག་པའོ་ཞེས་པ་ལྟ་བུ་ཁྱད་པར་མ་གྲུབ་པ་དང་། བདག་ནི་ཁྱབ་པ་ཡིན་ནོ་ཞེས་པ་ལྟ་བུ་ཁྱད་པར་ཅན་མ་གྲུབ་པ་དང་། བདག་ནི་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཡིན་ནོ་ཞེས་པ་ལྟ་བུ་གཉིས་ཀ་མ་གྲུབ་པ་དག་ཀྱང་མདོ་མཛད་པས་ཅིའི་ཕྱིར་ཕྱོགས་སྐྱོན་དུ་མི་འཆད་དེ་འཆད་རིགས་པར་ཐལ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར་ཞེ་ན། སྒྲུབ་བྱེད་ཀྱི་སྐྱོན་ནི་ཐམས་ཅད་ཀྱིས་ཕྱོགས་ཚད་མས་འགྲུབ་པ་ཉིད་ལ་ནི་གནོད་པར་འགྱུར་བ་དེ་ལྟ་ན་ཡང་དེ་དག་ཆོས་ཅན། ཕྱོགས་སྐྱོན་མིན་ཏེ། དམ་བཅའ་ཙམ་དང་འབྲེལ་བའི་སྐྱོན་མིན་པའི་ཕྱིར། ཁྱབ་སྟེ། དམ་བཅའ་བ་ཙམ་དང་འབྲེལ་པའི་སྐྱོན་ཉིད་ཕྱོགས་སྐྱོན་ཡིན་པའི་ཕྱིར་རོ། །དེས་ན་རྟེན་ཆོས་ཅན་དང་། སོགས་པ་ཆོས་མ་གྲུབ་པ་དང་། གཉིས་ཀ་མ་གྲུབ་པ་རྣམས་ཆོས་ཅན། སྦྱོར་བ་དེའི་ཕྱོགས་སྐྱོན་མིན་ཏེ། རིམ་པ་ལྟར་སྦྱོར་བ་དེའི་གཏན་ཚིགས་དང་། དཔེ་དང་། གཉིས་ཀའི་སྐྱོན་ཡིན་པའི་ཕྱིར། ཁྱབ་སྟེ། ཡན་ལག་ཕྱི་མ་རྟགས་དང་དཔེ་ལ་ལྟོས་པའི་སྐྱོན་གང་ཡིན་པ་དེ་ནི་རྟགས་དཔེ་དེ་ཉིད་དང་རྗེས་སུ་འབྲེལ་པའི་སྐྱོན་ཡིན་ནོ་ཞེས་གོང་དུ་བཤད་པ་དེའི་ཕྱིར་རོ། །གཉིས་པ་ཚུལ་དེས་ཁྱད་པར་འགོག་སོགས་ཕྱོགས་ཀྱི་སྐྱོན་དུ་གྲུབ་པ་ལ་གཉིས་ཏེ། སྔ་མས་གྲུབ་ཚུལ་བསྡུས་ཏེ་བསྟན། །ཕྱི་མ་མཚོན་བྱེད་དཔེར་བརྗོད་བཤད་པའོ། །དང་པོ་ནི། སློབ་དཔོན་གྱིས་སྒྲ་མཉན་བྱ་མིན་ནོ་ཞེས་སོགས་དཔེར་བརྗོད་བཞིའི་སྒོ་ནས་ཆོས་ཀྱི་ངོ་བོ་འགོག་པའི་བསལ་བ་ཕྱོགས་སྐྱོན་དུ་བསྟན་པ་འདིས་ཆོས་ཅན། བསྒྲུབ་བྱའི་ཡན་ལག་ཏུ་གྱུར་པ་ཡི་ཆོས་ཀྱི་ཁྱད་པར་དང་། ཆོས་ཅན་གྱི་ཁྱད་པར་དང་། ཆོས་ཅན་རང་གི་ངོ་བོ་ལ་གནོད་པ་ཡི་བསལ་བ་དག་ནི་ཕྱོགས་སྐྱོན་དུ་བསྟན་པ་ཡིན་ཏེ། ཆོས་ཅན་ལ་ཆོས་ཚད་མས་བསལ་བ་ཐམས་ཅད་ཕྱོགས་སྐྱོན་དུ་བསྟན་པའི་ཕྱིར། འདིར་སྡེབ་སྦྱོར་གྱི་ངོར་ཆོས་ཅན་གྱི་ཁྱད་པར་ཐོག་མར་སྨོས་ཤིང་རྒྱན་མཛད་པས་གོ་རིམ་དེ་ལྟར་བཞེད་ཀྱང་། མདོའི་རང་འགྲེལ་དང་། ལྷའི་འགྲེལ་པར་ཆོས་ཀྱི་ཁྱད་པར་ལ་གནོད་པ་དང་པོར་སྨོས་པའི་དཔེར་བརྗོད་གསུམ་ནི་རིམ་པ་ལྟར་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ཞེས་དང་། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ཡིན་ཞེས་དང་། རྫས་ནི་ཡོད་དོ་ཞེས་དམ་བཅས་པ་ནུས་སོ། །དེ་རྣམས་ཀྱི་སེལ་བྱེད་ཀྱང་མདོའི་རང་འགྲེལ་ལས། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མ་ཡིན་ཏེ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་རོ། །ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་དག་རྫས་དང་རྫས་མིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་དོ། །འདིར་ལྡན་དོན་རྫས་ཀྱི་ཞེས་པ་ནས་སྲིད་པས་ན་ཞེས་པའི་བར་གྱིས་དམ་བཅའ་དང་པོའི་གནོད་ཚུལ་གྱི་དཔེར་བརྗོད་བསྟན་ནས། ཇི་སྐད་བཤད་པའི་ཞེས་སོགས་ཚིག་རྐང་གཉིས་ཀྱི་ཚུལ་དེས་ཕྱི་མ་གཉིས་རྟོགས་པར་བྱ་བར་ཁ་འཕངས་པར་ཤེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། དཔེར་བརྗོད་བསྟན་པའི་དགོས་པ་བཤད། །དགོས་པ་ཅན་གྱི་དཔེར་བརྗོད་དངོས། །དཔེ་དེས་ཕྱི་མ་མཚོན་པའི་ཚུལ་ལོ། །དང་པོ་ནི། ཆོས་ཀྱི་ཁྱད་པར་བསལ་བ་སོགས་ཕྱོགས་སྐྱོན་གསུམ་ཡོད་པ་དེ་ལ་ཆོས་ཀྱི་ཁྱད་པར་ལ་གནོད་པའི་དཔེའི་དོན་ནི་ཕྱོགས་ཙམ་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། གསུམ་པོ་དེའི་དོན་ནི་བསྟན་པ་ཡི་དོན་དུ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྗེས་སུ་དཔག་པས་གནོད་ཚུལ་བཤད། །ཁས་བླངས་སོགས་ཀྱིས་གནོད་ཚུལ་བཤད་པའོ། །དང་པོ་ལ་བཞི་སྟེ། གནོད་ཡུལ་དམ་བཅའི་ཞེ་འདོད་བཤད། །དེ་ལ་གནོད་བྱེད་རིགས་པ་བསྟན། །གནོད་པ་མེད་པའི་གཞན་ལན་དགག །ཚུལ་དེས་གཞན་ཡང་བཀག་པར་གྲུབ་པའོ། །དང་པོ་ནི། བྱེ་བྲག་པ་ཆོས་ཅན། ཡན་ལག་རྣམས་ལྡན་པའི་དོན་ཏེ་ཡན་ལག་ཅན་དེ་རང་གི་ཡན་ལག་ལ་མེད་པའི་ལྗིད་ལ་སོགས་པའི་ཡོན་ཏན་དང་ལྡན་པ། འོག་ཏུ་འགྲོ་བ་ལ་སོགས་པའི་བྱ་བ་དང་ལྡན་པ། དེ་དག་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཞེས་ཆོས་གསུམ་ཚང་བའི་རྫས་ཀྱི་མཚན་ཉིད་ཅན་མངོན་སུམ་གྱིས་མཐོང་བ་ལ་བརྟེན་པ་སྟེ་སྣང་དུ་རུང་བ་ཞིག་རང་གི་ཡན་ལག་རྣམས་ལས་རྫས་གཞན་དུ་ཡོད་པར་དམ་བཅས་པ་ཡིན་ཏེ། ཡན་ལག་ཅན་ཡན་ལག་ལས་གཞན་དུ་ཡོད་པར་དམ་བཅས་པ་གང་ཞིག མངོན་སུམ་གྱིས་མ་མཐོང་བ་སྟེ་སྣང་དུ་མི་རུང་བའི་ཡན་ལག་ཅན་ཡན་ལག་ལས་གཞན་དུ་ཡོད་པར་དམ་བཅའ་བ་ལ་སྔར་རྒོལ་གྱི་འདོད་པ་གྲུབ་པའི་དགོས་པ་མེད་པའི་ཕྱིར་དང་། ཆོས་གསུམ་གྱི་ཁྱད་པར་ཅན་མིན་པའི་ཡན་ལག་ཅན་ཡན་ལག་ལས་གཞན་དུ་ཡོད་པར་དམ་བཅའ་བ་ལ་ཕྱིར་རྒོལ་གྱི་ཤེས་འདོད་གྲུབ་པའི་དགོས་པ་མེད་པའི་ཕྱིར། གཏན་ཚིགས་ཡང་མ་གྲུབ་སྟེ། མངོན་སུམ་གྱིས་མ་མཐོང་བའི་རྡུལ་ཕྲན་རྣམས་ལ་སྒྲིབ་ཐོགས་ལ་སོགས་པའི་འབྲས་བུ་མེད་པ་མཐོང་ནས་སྒྲིབ་ཐོགས་ལ་སོགས་པ་གྲུབ་པའི་ཆེད་དུ་ཡན་ལག་ཅན་ཡན་ལག་ལས་གཞན་དུ་བསྒྲུབ་པར་འདོད་པའི་ཕྱིར་རོ། །ཕྱི་མ་གྲུབ་སྟེ། ཆོས་གསུམ་ལྡན་གྱི་ཁྱད་པར་ཅན་མིན་པའི་ཡན་ལག་ཅན་ཡན་ལག་ལས་གཞན་ཙམ་དུ་ཡོད་པ་ནི་སྒྲུབ་ན་ཕྱིར་རྒོལ་སངས་རྒྱས་པ་ལ་གྲུབ་པ་སྒྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སློབ་དཔོན་གྱིས་སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་ཞེས་རང་རྒྱུད་གསུངས་པའི་དོན་འདིར་ཐལ་འགྱུར་དུ་བྱེད་ན། གལ་ཏེ་ཡན་ལག་ཅན་འདི་ཡན་ལག་གི་ལྗིད་ལས་ལྷག་པའི་ཡོན་ཏན་ལྕི་བ་དང་ལྡན་ཞིང་། དེའི་འབྲས་བུ་འོག་ཏུ་འགྲོ་བའི་བྱ་བ་དང་ལྡན་པར་འགྱུར་ན། ལྗིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལས་བཅུ་ཚན་གཅིག་བསྲེས་ནས་སྲང་ལ་གཞལ་བའི་ཚེ་ན་ཆོས་ཅན། མ་བསྲེས་པར་གཞལ་བའི་འཇིམ་རིལ་བཅུ་ཚན་དེ་ལ་ལྟོས་ནས་སྲང་གི་མགོ་ནི་དམའ་བ་དག་ཏུ་འགྱུར་བར་ཐལ། མ་བསྲེས་པར་གཞལ་བའི་འཇིམ་རིལ་བཅུ་ཚན་དེ་དང་ཡན་ལག་ལྗིད་མཉམ་ཞིང་ཡན་ལག་ཅན་གྱི་ལྗིད་དང་འབྲས་བུ་འོག་ཏུ་འགྲོ་བའི་བྱ་བ་ལྷག་པོ་ཡོད་པའི་ཕྱིར། འདིར་ལྗིད་ལྷག་དང་འོག་ཏུ་འགྲོ་བའི་བྱ་བ་གཉིས་ཡོད་ན་སྲང་མགོ་དམའ་བར་འགྱུར་ཞེས་མི་འདོད་པ་ཐལ་བར་འཕེན་པ་ཡིན་གྱི། ཆོས་གསུམ་ངོས་འཛིན་པའི་ཚེ་འབྲས་བུ་སྲང་མགོ་ཐུར་དུ་འགྲོ་བའི་བྱ་བ་ཞེས་འཆད་པ་ནི་མ་མཁྱེན་པའོ། །ཐལ་བ་དེས་འཕེན་པའི་རང་རྒྱུད་ལ་བརྟེན་པའི་རྗེས་དཔག་ནི་སྐབས་འདིར་གནོད་བྱེད་ཀྱི་ཚད་མའོ། །དེ་དག་ལ་སྲང་མགོ་དམའ་བའི་ཁྱད་པར་མེད་པ་དེས་ན་ཡན་ལག་ཅན་ཆོས་ཅན། ཡོན་ཏན་ལྗིད་ལྷག་དང་འབྲས་བུ་འོག་ཏུ་འགྲོ་བའི་བྱ་བ་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་མིན་པར་ཐལ། ཡན་ལག་ཅན་གྱི་ཡོན་ཏན་དང་བྱ་བ་ལྷག་པོ་མེད་པ་དེའི་ཕྱིར། འདོད་ན་ཁས་བླངས་འགལ་ལོ། །དེས་ན་ཡན་ལག་རྣམས་ཆོས་ཅན། ཆོས་གསུམ་ལྡན་གྱི་ཡན་ལག་ཅན་དེ་མཐོང་བ་མིན་ཏེ་ཆོས་གསུམ་ལྡན་གྱི་རྫས་དེའི་འབྲས་བུའམ་ངོ་བོ་དག་གང་ཡང་མཐོང་བ་མེད་པའི་ཕྱིར་ཏེ། རྫས་ཀྱི་མཚན་ཉིད་མི་སྲིད་པ་དེའི་ཕྱིར་རོ། །སྲང་དམའ་བའི་ཁྱད་པར་མི་འཛིན་པའི་རྟགས་ལ་བརྟེན་པའི་རྗེས་དཔག་ཆོས་ཅན། ཆོས་ཀྱི་ངོ་བོ་ཡན་ལག་ལས་གཞན་ཙམ་པོ་ཉིད་གང་མེད་ན་མི་འབྱུང་བའི་ཆོས་ཀྱི་ཁྱད་པར་གཞན་ཆོས་གསུམ་པོ་དེ་ལ་གནོད་པ་ཡིན་ཏེ། ཡོན་ཏན་ལྗིད་ལྷག་དངོས་སུ་བཀག་པའི་སྒོ་ནས་གཞན་གཉིས་ཤུགས་ལ་ཁེགས་པའི་ཚད་མ་ཡིན་པ་དེས་ན་སྟེ་དེའི་ཕྱིར། གསུམ་པ་ལ་གཉིས་ཏེ། གཞན་ལན་བརྗོད། དཔེ་དོན་དགག་པའོ། །དང་པོ་ནི། རྡུལ་ཕྲ་མོ་གཉིས་དང་གསུམ་ལ་སོགས་པ་བསྡོམས་པ་ནས་བརྩམས་ཏེ་སྡོམ་ཐེབས་རེ་རེ་ལ་རྫས་རེ་སྐྱེ་བ་ཡིན་ན་ཡང་འདིར་ཡན་ལག་གི་རྫས་མང་པོའི་ཕྲེང་བ་དག་ཅིག་ཆར་སྲང་ལ་བཅལ་བ་ཉིད་ཀྱི་ཕྱིར་ན་བསྲེས་ཐེབས་གཅིག་པོ་དེ་ལས་སྐྱེས་པའི་རྫས་གཞན་ཡན་ལག་ཅན་གྱི་ལྕི་བ་ཉིད་སྲང་ལས་མི་རྟོགས་ཏེ། དཔེར་ན་རས་བལ་གྱི་ཚོགས་མང་པོ་སྲང་ལ་གཞལ་བའི་གསེབ་ཏུ་རས་བལ་གྱི་འདབ་མ་གཅིག་བཞག་པ་ན་དེ་ལ་ལྕིད་ཡོད་ཀྱང་སྲང་གིས་མི་རྟོགས་པ་བཞིན། དེས་ན་ཁྱོད་ཀྱིས་བཀོད་པའི་ཐལ་རང་གཉིས་ཀ་མ་ངེས་ཞེས་བྱེ་བྲག་པ་གཞན་དག་ཟེར་རོ། །གཉིས་པ་ལ་གསུམ་སྟེ། དོན་ལ་གནོད་བྱེད་རིགས་པ་བསྟན། །ཉེས་སྤོང་ཁས་བླངས་འགལ་བས་དགག །དཔེ་ལ་དོན་དང་མཚུངས་པ་མེད་པའོ། །དང་པོ་ནི། རྒོལ་བ་དེ་ཡི་ལྟར་ན་ལྗིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལས། བཅུ་ཚན་གཅིག་ཅིག་ཆར་ལྡན་པ་སྟེ་བསྲེས་པ་དང་། བཅུ་ཚན་གཅིག་སོ་སོར་ལྡན་པ་སྟེ་རིམ་གྱིས་བསྲེས་པའི་རྡུལ་གྱི་ཚོགས་པ་གཉིས་པོ་དག་གོང་བུ་སོ་སོར་ལྷན་གཅིག་སྟེ་སྲང་གཅིག་ལ་བཅལ་བ་ན་ཆོས་ཅན། ལྗིད་ནི་ཆེ་ཆུང་ཐ་དད་དུ་འགྱུར་བར་ཐལ། ཡན་ལག་གི་ལྗིད་མཉམ་པ་གང་ཞིག སྔ་མ་ལ་ཡན་ལག་ཅན་གྱི་ལྗིད་གཅིག་ལས་མེད་ཅིང་ཅིག་ཤོས་ལ་ཡན་ལག་ཅན་གྱི་ལྗིད་དགུ་ཡོད་པ་དེའི་ཕྱིར། གཞན་ཡང་གསེར་མ་ཤ་དང་འོལ་མ་སེ་ལ་སོགས་བཅུ་རིམ་པ་ཡིས་བསྲེས་པའི་གོང་བུ་དེ་ཆོས་ཅན། མ་ཤ་བཅུ་ཅིག་ཆར་བསྲེས་པའི་གོང་བུ་དེ་དང་མ་ཤ་བཅུའི་གོང་བུ་གྲངས་མཚུངས་པ་ནི་མི་རུང་བར་ཐལ། ཁྱོད་ལ་མ་ཤ་བཅུའི་སྟེང་དུ་ཡན་ལག་ཅན་གྱི་རྫས་དགུ་ཡོད་ཅིང་། ཅིག་ཤོས་ལ་ཡན་ལག་ཅན་གྱི་རྫས་གཅིག་ལས་མེད་པའི་ཕྱིར་རོ། །གཉིས་པ་ནི། དེའི་ལན་དུ་གལ་ཏེ་ཡུངས་ཀར་ཙམ་ནས་བརྩམས་ཏེ་ཡུངས་ཀར་གཉིས་གསུམ་བསྡོམ་པ་ལ་སོགས་པའི་ཡན་ལག་ཅན་གྱི་ཚོགས་ཆེན་པོ་གོང་ནས་གོང་དུ་ནི་འཕེལ་བ་དང་ལྡན་པའི་འབྲས་བུ་ཡན་ལག་ཅན་གྱི་ཕྲེང་བ་ཡི་ལྕི་བ་སྲང་ལས་རྟོགས་པ་མ་ཡིན་པས་ན། འཇིམ་རིལ་བཅུ་ཚན་ཅིག་ཆར་བསྲེས་ནས་བཅལ་བ་དང་རིམ་གྱིས་བསྲེས་ནས་བཅལ་བ་ལྗིད་མི་མཚུངས་པའི་སྐྱོན་མེད་ཅེ་ན། འོ་ན་རྡུལ་ཕྲ་རབ་བསྡོམས་པ་ནས་བརྩམས་ཏེ་ཡུངས་ཀར་ཙམ་དུ་ལོངས་ཀྱི་བར་གྱི་འབྲས་བུའི་རྫས་ཀྱི་ཕྲེང་བའི་ལྕིད་དག་ཀྱང་ཆོས་ཅན། སྲང་གིས་ཤིན་ཏུ་རྟོགས་དཀའ་བས་མི་རྟོགས་པར་ཐལ། ཤིན་ཏུ་ལྗིད་ཆུང་ངུ་ཡིན་པའི་ཕྱིར། འདོད་ན། སྲང་ཆོས་ཅན། ཡན་ལག་ཅན་དེའི་རྒྱུ་རྡུལ་ཕྲ་རབ་ཀྱི་ལྗིད་ཉིད་ཁྱོད་ཀྱི་གཞལ་བྱར་འགྱུར་བར་ཐལ། ཁྱོད་ཀྱིས་ཡན་ལག་དང་ཡན་ལག་ཅན་གྱི་ལྗིད་གང་རུང་འཇལ་ཞིང་འབྲས་བུ་ཡན་ལག་ཅན་འདི་ལྗིད་ནི་ཁྱོད་ཀྱི་མི་རྟོགས་པའི་ཕྱིར་ཏེ། རྡུལ་ཕྲན་གཉིས་བསྡོམས་པ་ནས་བརྩམས་ཏེ་ཡུངས་ཀར་ཙམ་དུ་ལོངས་ཀྱི་བར་གྱི་ལྗིད་ཀྱང་མི་རྟོགས། དེ་བས་ཆེ་བའི་རགས་པའི་ལྗིད་ཀྱང་མི་རྟོགས་པའི་ཕྱིར་རོ། །འདོད་ན། ངེད་ཀྱི་འདོད་པ་གྲུབ་བོ། །གསུམ་པ་ནི། ཡན་ལག་ཅན་ཆོས་ཅན། ཁྱོད་ཀྱི་ལྗིད་དེ་རས་འདབ་དང་དཔེ་དོན་མི་མཚུངས་པར་ཐལ། རས་འདབ་རང་གི་ངོ་བོ་མཐོང་བ་ཡོད་ཀྱང་ཁྱོད་ཀྱི་དོན་དེ་རས་འདབ་བཞིན་དུ་རང་གི་ངོ་བོ་མཐོང་བ་མེད་ཅིང་ཁྱོད་དེའི་འབྲས་བུ་གཟུགས་དང་སྒྲིབ་པ་ལ་སོགས་པའང་རྟོགས་པ་མེད་པའི་ཕྱིར་རོ། །བཞི་པ་ནི། ཡན་ལག་ཅན་ལ་ཡན་ལག་ལ་མེད་པའི་ལྗིད་ཀྱི་ཡོན་ཏན་ལྷག་པོ་མེད་ཀྱང་གཟུགས་སོགས་ཀྱི་ཡོན་ཏན་ལྷག་པ་གཞན་ཡོད་པས་ཡན་ལག་ཅན་གྱི་རྫས་ཡོད་པར་གྲུབ་བོ་ཞེ་ན། གསེར་མ་ཤ་ལ་སོགས་བསྡོམས་པའི་གོང་བུ་ཆོས་ཅན། ཁྱོད་ལ་ཡན་ལག་ལ་མེད་པའི་གཟུགས་སོགས་ཀྱི་ཡོན་ཏན་ལྷག་པོ་གཞན་ཡོད་པ་མིན་ཏེ། ཁྱོད་ལ་ཡན་ལག་ལ་མེད་པའི་ལྗིད་ཀྱི་ཡོན་ཏན་ཉིད་རྟོགས་པ་མེད་པ་བཞིན་དུ་ཁྱོད་དེའི་གཟུགས་སོགས་ཀྱི་ཡོན་ཏན་ཐམས་ཅད་ཚད་མས་རྟོགས་པ་མེད་པའི་ཕྱིར་རོ། །དེས་ན་སློབ་དཔོན་གྱིས་གསུངས་པའི་སྲང་དམའ་བའི་ཁྱད་མེད་པའི་རིགས་པ་དེ་ནི་ཆོས་ཅན། ཡན་ལག་ཅན་གྱི་ཡོན་ཏན་གཞན་དགག་པའི་རིགས་པ་ཉེ་བར་མཚོན་པ་སྟེ་ཡན་ལག་ཅན་གྱི་གཟུགས་སོགས་ཀྱི་ཡོན་ཏན་ལྷག་དང་ལྷག་པོ་ཡོད་ན་སྣང་རུང་བ་ལས་ཅི་ལྟ་བ་བཞིན་རང་གི་ཡུལ་ཅན་གྱི་དབང་པོའི་ཤེས་པས་མཐོང་བ་མེད་པའི་སྣང་རུང་མ་དམིགས་པའི་གཏན་ཚིགས་དེ་ཡང་མཚོན་པའི་ཕྱིར་རོ། །གཉིས་པ་ནི། བྱེ་བྲག་པའི་ཆོས་ཀྱི་ཁྱད་པར་འགོག་པའི་དམ་བཅའ་ཆོས་ཅན། ཁྱོད་ཀྱི་ཞེན་དོན་ལ་དངོས་སྟོབས་རྗེས་དཔག་ལས་ཚད་མ་གཞན་གྱིས་ཀྱང་གནོད་དེ། ཁྱོད་ཀྱི་ཞེན་དོན་ལ་བྱེ་བྲག་པ་རང་གི་ཁས་བླངས་དང་། རང་གིས་ཚིག་དང་། མངོན་སུམ་སོགས་ཀྱིས་གནོད་པ་དང་ནི་སྲིད་པས་ནའོ། །གནོད་ཚུལ་ནི་སྤྱི་དོན་དུ་བལྟ་བར་བྱའོ། །གསུམ་པ་དཔེ་དེས་ཕྱི་མ་མཚོན་པའི་ཚུལ་ནི། ཆོས་ཀྱི་ཁྱད་པར་བསལ་བའི་དཔེར་བརྗོད་ཀྱི་དོན་ཅི་སྐད་བཤད་པའི་ཕྱོགས་ཀྱིས་ནི་ཆོས་ཅན། དཔེར་བརྗོད་གཞན་ཆོས་ཅན་གྱི་ཁྱད་པར་དང་། ཆོས་ཅན་རང་གི་ངོ་བོ་བསལ་བ་ཡང་རྟོགས་པར་བྱ་སྟེ། ཆོས་ཅན་གྱི་ཁྱད་པར་བསལ་བ་སོགས་ལ་དངོས་སྟོབས་རྗེས་དཔག་སོགས་ཀྱིས་གནོད་ཚུལ་མཚོན་ནུས་པའི་ཕྱིར་རོ། །གཉིས་པ་གཞན་ལུགས་བསྒྲུབ་བྱའི་མཚན་ཉིད་དགག་པ་ལ་གསུམ་སྟེ། ཧ་ཅང་ཐལ་བའི་ཉེས་པས་དགག །བསྒྲུབ་བྱ་གང་ཡིན་བརྟགས་ཏེ་དགག །ངེས་གཟུང་སྦྱར་ས་བརྟགས་ཏེ་དགག་པའོ། །དང་པོ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དགོད། གཞན་གྱི་ཉེས་སྤོང་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་བསྒྲུབ་བྱ་སྟོན་པ་དམ་བཅའི་མཚན་ཉིད་དུ་འདོད་པ་ལ། མདོར་བསྒྲུབ་བྱ་སྟོན་ཞེས་པ་འདི་ལ། གྲུབ་པ་མེད་པར་དོན་བྱས་ཉིད། །དེ་ལྟ་ན་ནི་རྟགས་དང་དཔེ། །མ་གྲུབ་པ་ཡང་བསྒྲུབ་བྱར་འགྱུར། །ཞེས་གསུངས་པའི་དོན་འཆད་དེ། མིག་གི་གཟུང་བྱ་དང་རྟག་པ་དེ་ལྟ་བུའི་བདག་ཉིད་མིན་པའི་གཞན་ཆོས་ཅན་སྒྲ་དང་དཔེ་བློ་དག་ལ་སྒྲ་ཆོས་ཅན། རྟག་སྟེ་མིག་གི་གཟུང་བྱ་ཡིན་པའི་ཕྱིར། དཔེར་ན་བློ་བཞིན་ཞེས་དེ་ལྟར་བཀོད་པ་ན། བློ་རྟག་པ་དང་སྒྲ་མིག་གི་གཟུང་བྱ་ཡིན་པ་དེ་དག་ཆོས་ཅན། དེའི་ཚེ་རྒོལ་བས་བསྒྲུབ་བྱར་མི་འདོད་ན་ཡང་བསྒྲུབ་བྱར་འགྱུར་ཞིང་། ཁྱོད་བརྗོད་པའི་ཚིག་ཀྱང་དམ་བཅར་ཐལ། དེའི་ཚེ་ཕྱིར་རྒོལ་གྱི་བློ་ངོར་མ་གྲུབ་པའི་ཕྱིར་རོ། །ཁྱབ་སྟེ། བསྒྲུབ་བྱ་ཞེས་པའི་བྱ་བའི་སྒྲ་དུས་གསུམ་གྱི་མ་གྲུབ་པ་ཡུལ་ཅན་དུ་བྱེད་པ་ཅན་གྱི་ཚིག་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པའི་ཁྱད་པར་ཡོད་པའི་གཞན་ལན་དགག །ལས་སོགས་ཁྱད་པར་ཡོད་པའི་གཞན་ལན་དགག་པའོ། །དང་པོ་ནི། གལ་ཏེ་བསྒྲུབ་བྱའི་སྒྲ་མ་གྲུབ་པ་ཐམས་ཅད་ལ་མི་འཇུག་སྟེ། རྒོལ་བས་བསྒྲུབ་བྱར་འདོད་པ་ཉིད་ལ་འཇུག་པའི་ཕྱིར་རོ། །དེས་ན་དཔེར་རྟགས་མ་གྲུབ་པ་བརྗོད་པ་དམ་བཅའ་བར་མི་འགྱུར་ཞེ་ན། མ་གྲུབ་པ་ཀུན་ལ་མི་འཇུག་པ་བདེན་ཡང་། བསྒྲུབ་པར་བྱ་བའི་སྒྲ་ཆོས་ཅན། རྒོལ་བ་རང་ཉིད་བསྒྲུབ་བྱར་འདོད་པའི་ཁྱད་པར་ཁོ་ན་ལ་བརྟེན་པའམ་འཇུག་པ་མིན་པར་ཐལ། ཤེས་བྱེད་རྟགས་ཀྱི་སྐབས་ཀྱིས་མ་གྲུབ་པ་ཐམས་ཅད་རྟོགས་པར་བྱེད་པ་ཡིན་པ་དེའི་ཕྱིར། མ་གྲུབ་པ་ཀུན་ལ་མི་འཇུག་པ་དེས་ན་རིགས་པ་ཅན་པའི་དམ་བཅའི་མཚན་ཉིད་ལ་ཆོས་ཅན། དཔེ་དང་གཏན་ཚིགས་དག་མ་གྲུབ་པ་བརྗོད་པ་སྐྱོན་གྱི་དཔེར་ནི་བྱས་པ་ཡིན་ཏེ། གཞན་དུ་བསྒྲུབ་བྱའི་སྒྲ་མ་གྲུབ་པ་ཀུན་ལ་འཇུག་ན་རི་བོང་རྭ་ལ་སོགས་པ་མ་གྲུབ་པ་ཀུན་ཀྱང་བསྒྲུབ་བྱར་འགྱུར་ཏེ། མ་གྲུབ་པ་ཡིན་པའི་ཕྱིར་ཞེས་པའི་སྐྱོན་བརྗོད་རིགས་པ་ལས་མ་བརྗོད་པའི་ཕྱིར། གཉིས་པ་ནི། དེ་ལྟ་ན་ཡང་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་དང་། དེ་བརྗོད་པའི་ཚིག་དམ་བཅའ་མ་ཡིན་ཏེ། ལས། བྱེད་པ་པོ། བྱ་བ་གསུམ་གྱི་ནང་ནས་ལས་མ་ཡིན་པའི་ཕྱིར་དང་། གྲུབ་མཐའ་བཞིའི་ནང་ནས་ཁས་བླངས་པའི་གྲུབ་མཐའ་མིན་པའི་ཕྱིར་དང་། ཡན་ལག་ལྔའི་ནང་ནས་བསྒྲུབ་བྱའི་ཡན་ལག་མིན་པའི་ཕྱིར། ཁྱབ་སྟེ། བསྒྲུབ་བྱ་ནི་ལས་དང་། ཁས་བླངས་པའི་གྲུབ་མཐའ་དང་། བསྒྲུབ་བྱའི་ཡན་ལག་ཡིན་པའི་ཕྱིར་ཞེ་ན། དཔེར་རྟགས་མ་གྲུབ་པ་ཆོས་ཅན། ཁྱོད་ལས་ལ་སོགས་པ་གསུམ་མ་ཡིན་ཞིང་། བསྒྲུབ་བྱ་ལ་ལས་ལ་སོགས་པ་ཡི་ཁྱད་པར་གསུམ་ཉེ་བར་བཀོད་པ་ཡི་ལན་གྱིས་བསྒྲུབ་བྱ་ལས་རྣམ་པར་འབྱེད་ནུས་པ་མ་ཡིན་པར་ཐལ། ཁྱོད་དང་བསྒྲུབ་བྱ་ཐམས་ཅད་ཤེས་བྱེད་སྐབས་ཀྱི་རྣམ་པ་འགས་མ་གྲུབ་པར་མཚུངས་པའི་ཕྱིར་ན་ལས་སོགས་གསུམ་ཡིན་པར་མཚུངས་པ་དེས་ནའོ། །བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་བསྒྲུབ་བྱའི་ཡན་ལག་སྟོན་པ་ཁོ་ན་དམ་བཅའ་བསྟན་པས་དཔེར་རྟགས་གྲུབ་པ་སྟོན་པ་དམ་བཅར་མི་འགྱུར་ཞེས་པའི་ལན་རུང་བ་མིན་པར་ཐལ། ཁྱོད་ཀྱིས་སྔར་མ་གྲུབ་པའི་རང་བཞིན་གྱི་བསྒྲུབ་བྱ་སྟོན་པ་ཐམས་ཅད་དམ་བཅར་སྨྲས་པའི་ཕྱིར་རོ། །ཡང་བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་གྲུབ་མཐའི་མཚན་ཉིད་ཅན་ཁོ་ན་སྟོན་པ་དམ་བཅར་སྟོན་པས་དཔེར་རྟགས་མ་གྲུབ་པ་བརྗོད་པ་དམ་བཅར་མི་འགྱུར་བ་མིན་པར་ཐལ། དཔེར་རྟགས་མ་གྲུབ་པ་དེ་ཡང་བསྒྲུབ་བྱ་ཉིད་དུ་མཚུངས་པའི་ཕྱིར་ཏེ། རྒོལ་བ་གང་གིས་ཁས་བླངས་པའི་མཚན་ཉིད་དུ་འགྱུར་བའི་ཕྱིར་རོ། །གྲུབ་མཐའ་བཞི་ནི་དོན་གང་རྒྱུད་ཐམས་ཅད་ཀྱི་དབང་དུ་བྱས་པ་དཔེར་ན་གཞལ་བྱ་འཛིན་པའི་ཚད་མ་ཡོད་ཅེས་པ་ལྟ་བུ་རྒྱུད་ཐམས་ཅད་པའི་གྲུབ་མཐའ་དང་། ཆོས་གང་རང་གི་རྒྱུད་དུ་གྲུབ་ལ་གཞན་གྱི་རྒྱུད་དུ་མ་གྲུབ་པ་དཔེར་ན་ཐམས་ཅད་མི་རྟག་པའམ་རྟག་པའོ་ཞེས་པ་ལྟ་བུ་སོ་སོའི་རྒྱུད་ཀྱི་གྲུབ་མཐའ་དང་། གང་གྲུབ་པ་ན་རྣམ་པ་གཞན་འགྲུབ་པ་དཔེར་ན་ལུས་ཅན་མིན་པའི་བདག་ནི་ཤི་ནས་འབྲས་བུ་ལོངས་སྤྱོད་དེ། དེར་ལས་འབྱུང་བ་ཡོད་པ་ནི་མ་ཡིན་ཞེས་བརྗོད་པ་ན་བདག་ཡོད་པར་འགྲུབ་པ་ལྟ་བུ་སྐབས་ཀྱི་གྲུབ་མཐའ་དང་། མ་བརྟགས་པར་ཁས་བླངས་པ་ལས་དེའི་ཁྱད་པར་རྟོགས་པ་དཔེར་ན་མ་བརྟགས་པར་བདག་ཡོད་པར་ཁས་བླངས་ནས་མི་རྟག་པ་ཉིད་ལ་སོགས་པ་རྣམ་པར་དཔྱོད་པ་ལྟ་བུ་ཁས་བླངས་པའི་གྲུབ་མཐའ་དང་བཞིའོ་ཞེས་ཤཱཀྱ་བློས་བཤད་དེ་བྱེ་བྲག་པའི་ལུགས་སོ། །གཉིས་པ་ནི། མདོར། ཆོས་ཅན་བསྒྲུབ་བྱ་རྟགས་དོན་མེད། །ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། །གཉིས་ཀ་ལྟར་ན་གཉིས་ཀའི་སྐྱོན་དུ་འགྱུར་ཞེས་གསུངས་ཏེ། རིགས་པ་ཅན་པ་ཁྱོད་ལྟར་ན་བསྒྲུབ་བྱ་དེ་གང་ཡིན། ཆོས་ཡིན་ནམ། ཆོས་ཅན་ཡིན་ནམ། གཉིས་ཀ་ཡིན། ཆོས་བསྒྲུབ་བྱ་ཡིན་ན་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པའི་ཚུལ་ཅན་དཔེ་ཡིན་པར་བརྗོད་དོ་ཞེས་པ་དང་འགལ་ཏེ། རྟགས་སྐྱེ་ལྡན་གྱི་མཐུན་དཔེ་བུམ་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱ་དང་། སྐྱེ་ལྡན་དུ་ཆོས་མཐུན་པའི་སྒོ་ནས་བསྒྲུབ་བྱ་དེའི་ཆོས་སུ་གྱུར་པའི་རྟགས་སྐྱེ་ལྡན་ཡོད་པ་མིན་པར་ཐལ། མི་རྟག་པའི་ཆོས་སུ་གྱུར་པའི་རྟགས་སྐྱེ་ལྡན་མེད་པའི་ཕྱིར། ཁྱབ་པ་ལ་ཁས། རྟགས་ནི་རྟགས་སྐྱེ་ལྡན་སྒྲའི་ཆོས་ཡིན་གྱི། མི་རྟག་པའི་ཆོས་མིན་པས་སོ། །གཉིས་པ་ལྟར་ན་དཔེ་དང་ཆོས་མཐུན་པ་ཉིད་ཀྱིས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་ཚིགས་ཡིན་ཞེས་པ་གཏན་ཚིགས་ཀྱི་མཚན་ཉིད་མི་རིགས་ཏེ། རྟགས་སྐྱེ་ལྡན་ཆོས་ཅན། ཆོས་ཅན་སྒྲ་སྒྲུབ་པར་བྱེད་པ་ལས་བསྒྲུབ་བྱ་སྒྲུབ་པའི་རྟགས་སུ་འགྱུར་བ་མིན་པར་ཐལ། སྒྲ་གྲུབ་ཟིན་པས་དེ་སྒྲུབ་པ་ལ་རྟགས་དོན་མེད་པའི་ཕྱིར་རོ། །གསུམ་པ་ལྟར་ན་སྐྱོན་གཉིས་ཀར་འགྱུར་རོ། །གལ་ཏེ་ཆོས་དང་ཆོས་ཅན་དེ་དག་གཉིས་ཀྱི་ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ཞེ་ནའང་རྟགས་ཆོས་ཅན། ཆོས་དང་ཆོས་ཅན་གཉིས་པོ་ཕན་ཚུན་ཁྱད་པར་ཅན་ཏེ་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་དང་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་ཁྱོད་ཀྱི་བསྒྲུབ་བྱ་ཡིན་པར་ཐལ། ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཁྱོད་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། དེའི་ཚེ་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱ་ཡིན་ན། སྒྲ་མི་རྟག་སྒྲུབ་ཀྱི་རྟགས་སྐྱེ་ལྡན་ཆོས་ཅན། སྐབས་སུ་བབ་པའི་ཕྱིར་རྒོལ་དེས་སྒྲ་མི་རྟག་སྒྲུབ་ལ་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དང་མཐུན་དཔེ་གཉིས་ཀའི་ཆོས་སུ་མཐུན་པར་ངེས་པས་བསྒྲུབ་བྱ་སྒྲུབ་པ་ཞེས་པ་གཏན་ཚིགས་ཀྱི་མཚན་ཉིད་མ་གྲུབ་པར་ཐལ། སྐབས་སུ་བབ་པའི་ཕྱིར་རྒོལ་དེས་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲའི་ཆོས་སུ་ཚད་མས་མ་གྲུབ་པའི་ཕྱིར། ཡང་སྐྱེ་ལྡན་གྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་བུམ་པ་ཆོས་ཅན། སྐབས་སུ་བབ་པའི་ཕྱིར་རྒོལ་དེས་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དང་སྐྱེ་ལྡན་དུ་ཆོས་མཐུན་པར་ངེས་པས་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དེའི་ཆོས་སྐྱེ་ལྡན་ཡོད་པ་ཞེས་པ་དཔེའི་མཚན་ཉིད་མ་གྲུབ་པར་འགྱུར་བར་ཐལ། སྐབས་སུ་བབ་པའི་ཕྱིར་རྒོལ་དེས་མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དང་སྐྱེ་ལྡན་དུ་ཆོས་མཐུན་པར་ངེས་པ་མེད་པའི་ཕྱིར། རྟགས་གཉིས་ཀ་མ་གྲུབ་ན། སྒྲ་མི་རྟག་སྒྲུབ་ལ་སྐྱེ་ལྡན་དོན་མེད་དོ། །ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་བསྒྲུབ་བྱར་འདོད་ནའང་དེ་དག་མཚུངས་སོ། །རྟགས་ཚོགས་དོན་གྱི་ཆོས་སུ་མི་སྲིད་པའི་ཕྱིར་ན་གལ་ཏེ་བསྒྲུབ་བྱའི་སྒྲ་ཆོས་ཅན་ལ་འཇུག་པར་འདོད་ན། རིགས་པ་ཅན་པ་ལྟར་ན་ཆོས་ཅན། བསྒྲུབ་བྱའི་དོན་རྟོགས་པའི་དོན་དུ་བསྒྲུབ་བྱའི་མཚན་ཉིད་སྟོན་པའི་བསྟན་བཅོས་ཀྱིས་ཅི་བྱ་སྟེ་དོན་མེད་པར་ཐལ། སྐྱེས་བུ་རྣམས་ཅི་རིགས་པར་རང་ཉིད་ཀྱིས་བསྒྲུབ་བྱ་དང་བསྒྲུབ་བྱ་མ་ཡིན་པ་ཤེས་ནས་དེ་དག་གི་རྣམ་གཞག་ལ་འཇུག་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གཞན་ཡང་བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་པ་འདི་ལ་བསྒྲུབ་བྱ་སྟོན་པ་ཁོ་ན་དམ་བཅའོ་ཞེས་དམ་བཅའི་སྔར་རམ། བསྒྲུབ་བྱ་སྟོན་པ་དམ་བཅའ་ཁོ་ནའོ་ཞེས་དམ་བཅའི་ཕྱིས་ངེས་གཟུང་སྦྱོར། དང་པོ་ལྟར་ན་གྲུབ་ཟིན་སྟོན་པའམ་སྒྲུབ་བྱེད་སྟོན་པ་དམ་བཅའ་ཡིན་པ་བཟློག་པའི་དོན་དུ་སྨོས། དང་པོ་ལྟར་ན། གྲུབ་ཟིན་བསྒྲུབ་བྱ་ཡིན་པར་བཟློག་ནས་མ་གྲུབ་པ་བསྒྲུབ་བྱ་ཡིན་པའི་དོན་དེ་ཆོས་ཅན། ཁྱོད་ཤེས་པའི་ཆེད་དུ་ངེས་གཟུང་སྨོས་མི་དགོས་པར་ཐལ། ངེས་གཟུང་མ་སྨོས་ཀྱང་དོན་དེ་སྒྲུབ་བྱེད་ཀྱི་རྟགས་བསྟན་པའི་ཤུགས་ཉིད་ལས་ཁྱོད་བསྒྲུབ་བྱ་ཡིན་པ་རྟོགས་པའི་ཕྱིར་རོ། །གཉིས་པ་ལྟར་ན། སྒྲུབ་པར་བྱེད་པ་རྟགས་དཔེའི་ཚིག་ལ་ཆོས་ཅན། དམ་བཅའ་དོགས་པ་སེལ་བའི་ཆེད་དུ་ངེས་གཟུང་སྨོས་མི་དགོས་པར་ཐལ། རིགས་པ་ཅན་པ་ཉིད་ཀྱིས་བཤད་པའི་གཏན་ཚིགས་དང་། སོགས་པ་དཔེའི་མཚན་ཉིད་སྟོན་པའི་ཚིག་གིས་ཁྱབ་པས་དམ་བཅར་དོགས་པའང་མེད་པའི་ཕྱིར་རོ། །དེས་ན་རིགས་པ་ཅན་པའི་དམ་བཅའི་མཚན་ཉིད་སྟོན་པ་ན་ཆོས་ཅན། དམ་བཅའ་བརྗོད་པའི་ཕྱི་དེར་ངེས་གཟུང་བརྗོད་དགོས་པས་བསྒྲུབ་བྱ་སྟོན་པ་ནི་དམ་བཅའ་ཁོ་ན་ཞེས་པར་འགྱུར་བར་ཐལ། དམ་བཅའི་སྔ་ཕྱི་གང་རུང་དུ་ངེས་གཟུང་སྦྱོར་བ་གང་ཞིག དམ་བཅའི་སྔར་ངེས་གཟུང་སྦྱར་ན་རིགས་པ་ཅན་པ་དེ་ཡིས་ནི་དམ་བཅའི་མཚན་ཉིད་དུ་ངེས་གཟུང་བརྗོད་པ་དོན་མེད་པར་བསྟན་ཟིན་པ་དེའི་ཕྱིར་ན་ཤུགས་ཀྱིས་སོ། །འདོད་ན། བསྒྲུབ་བྱ་སྟོན་པ་དམ་བཅའ་ཁོ་ནའོ་ཞེས་པའི་ཚིག་ཆོས་ཅན། བསྒྲུབ་བྱ་སྟོན་པ་ཡིན་ན་དམ་བཅའ་ཡིན་པས་ཁྱབ་པར་སྟོན་པའི་འབྲས་བུ་ཅན་ཡིན་པར་རྟོགས་པར་ཐལ། བསྒྲུབ་བྱ་སྟོན་པ་དམ་བཅའ་ཁོ་ན་ཞེས་མི་ལྡན་རྣམ་གཅོད་སྟོན་པའི་ཕྱིར་རོ། །འདོད་ན། དཔེར་རྟགས་མ་གྲུབ་པ་བརྗོད་པ་དམ་བཅར་ཐལ་བའི་སྐྱོན་སོ་ན་གནས་སོ། །གསུམ་པ་ཕྱོགས་ལྟར་སྣང་བའི་དཔེ་ཡང་དགག་པ་ལ་གསུམ་སྟེ། འགལ་བའི་དོན་ཉིད་བརྟགས་ནས་དགག །རྟགས་སུ་སོང་ཚོད་གང་ཡིན་བཤད། །དེ་ཉིད་མ་གྲུབ་སྐྱོན་དུ་འགྱུར་བའོ། །དང་པོ་ནི། རིགས་པ་ཅན་པ་ན་རེ། སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པ་འདིས་དམ་བཅའི་ཚིག་གིས་སྒྲ་རྟག་པར་བསྟན། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པའི་རྟགས་ཚིག་གིས་སྒྲ་ལའང་མི་རྟག་པ་བསྟན་པས་གཏན་ཚིགས་དམ་བཅའ་དང་འགལ་ཞིང་དེ་ཉིད་ཕྱོགས་སྐྱོན་ཡིན་ནོ་ཞེས་ཟེར་རོ། །འོ་ན་རྟགས་དམ་བཅའ་དང་འགལ་བའི་དོན་རྟགས་འདོད་པའི་དམ་བཅའ་དང་འབྲེལ་པ་མེད་པ་ཡིན་ན། དེའི་དོན་རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་པ་ལ་ཕན་པ་མེད་པའམ། རྟགས་ཆོས་ལྷན་ཅིག་ཏུ་མི་གནས་པ་གང་ཡིན། དང་པོ་ལྟར་ན་རྟགས་ཀྱི་སྐྱོན་ཐམས་ཅད་ཀྱང་ཆོས་ཅན། དམ་བཅའི་སྐྱོན་དུ་འགྱུར་བར་ཐལ། བསྒྲུབ་བྱ་སྒྲུབ་པ་ལ་ཕན་པ་མེད་པ་དེ་ལྟ་ན་ནི་སྟེ་དེའི་ཕྱིར། འདོད་མི་ནུས་ཏེ། ཕྱོགས་སྐྱོན་ཡིན་ན་གཞན་སྒྲུབ་བྱེད་ལ་ལྟོས་པའི་སྐྱོན་ནི་མ་ཡིན་ཞེས་ཀྱང་བསྟན་ཟིན་ཏོ། །གཉིས་པ་ལྟར་ན་བསྒྲུབ་བྱར་འདོད་པའི་ཆོས་ཅན་ལ་རྟགས་མེད་ནའང་དེ་ཆོས་ཅན། དམ་བཅའ་སྐྱོན་མིན་པར་ཐལ། ཕྱོགས་ཆོས་མ་གྲུབ་པ་ཙམ་གྱི་སྒོ་ནས་རྟགས་ཀྱི་སྐྱོན་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྒྲ་ལ་འཇིག་པ་རྟགས་སུ་འཕངས་པ་མེད། །ཐམས་ཅད་མིན་པ་རྟགས་སུ་འཕངས་པར་བསྟན་པའོ། །དང་པོ་ནི། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པའི་རྟགས་ཚིག་གིས་སྒྲ་དེ་མི་རྟག་པའི་གཏན་ཚིགས་དང་ལྡན་པར་བསྟན་པས་སྒྲ་ལ་མི་རྟག་པ་དེ་ལྟར་རྟགས་སུ་བརྗོད་པར་བྱེད་ན་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པའི་གཏན་ཚིགས་ཆོས་ཅན། སྒྲ་རྟག་པའི་དམ་བཅའ་དེ་ནི་བཟློག་པར་འགྱུར་བས་དམ་བཅའ་དང་འགལ་བའི་སྐྱོན་དུ་འགྱུར་ཏེ། མི་རྟག་པ་སྒྲ་རྟག་པར་སྒྲུབ་པའི་རྟགས་སུ་འཕངས་པ་དེ་ལྟར་ན་སྟེ་དེའི་ཕྱིར། རྟགས་ཁས་བླངས། དེ་ལྟ་ན་ཡང་སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པ་འདི་ལ་ཆོས་ཅན། སྒྲ་མི་རྟག་པར་བསྟན་པའི་སྒོ་ནས་སྒྲ་རྟག་པའི་དམ་བཅའ་སྐྱོན་དང་འགལ་བའི་སྐྱོན་དུ་མི་འགྱུར་བར་ཐལ། བུམ་སོགས་ཐམས་ཅད་མི་རྟག་པ་ཡིན་ལ། སྒྲ་ནི་ཐམས་ཅད་མ་ཡིན་གྱི་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་ཅེས་སྒྲ་རྟག་པར་བསྒྲུབ་པའི་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་སྦྱོར་བ་བསྟན་པ་ཉིད་ལས་དོན་གཞན་སྒྲ་མི་རྟག་པ་ཅི་ཞིག་མཐོང་བ་སྟེ་བསྟན་པ་ཡོད་དེ་མེད་པའི་ཕྱིར་རོ། །དེས་ན་སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པའི་ཚིག་ཆོས་ཅན། སྒྲ་དེ་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པར་སྟོན་པ་མ་ཡིན་ཏེ། ཁྱད་པར་སྒྲ་ལ་ནི་གཞན་རྟག་པར་དམིགས་བསལ་བརྗོད་ནས། ལྷག་མ་རྣམས་ལ་ཐམས་ཅད་མི་རྟག་ཅེས་སྤྱིར་བཏང་བའི་ཚིག་ནི་རྗེས་སུ་འཇུག་པར་སྨྲས་པས་ནའོ། །དེས་ན་སྒྲ་མིན་ཐམས་ཅད་མི་རྟག་ཅེས་པར་འགྱུར་ཏེ། དཔེར་ན། བྲམ་ཟེ་ཀུན་ཌི་ནའི་བུ་ལ་དར་བ་བྱིན། བྲམ་ཟེ་ཐམས་ཅད་ལ་ཞོ་བྱིན་ཅིག་ཅེས་བརྗོད་པ་ན་ཀུན་ཌི་ནའི་བུ་ལ་ཞོ་སྦྱིན་པར་སྟོན་པ་མ་ཡིན་གྱི་དེ་ལས་གཞན་པའི་བྲམ་ཟེ་ཐམས་ཅད་ལ་ཞོ་སྦྱིན་པ་སྟོན་པ་ལྟ་བུའོ། །གཞན་དུ་ན་སྔར་གྱི་སྦྱོར་ངག་དེ་ཆོས་ཅན། སྒྲ་རྟག་སྟེ། མི་རྟག་པའི་ཕྱིར་ཞེས་བརྗོད་རིགས་པར་འགྱུར་གྱི། སྤྱི་སྟེ་ཐམས་ཅད་ཅེས་པ་རྗེས་སུ་འཇུག་པར་བརྗོད་པ་ལ་འབྲས་བུ་སྟེ་དགོས་པའང་ཅི་ཞིག་ཡོད་དེ་མེད་པར་ཐལ། སྒྲ་མིན་ཐམས་ཅད་མི་རྟག་པར་མི་སྟོན་པར་སྒྲ་ཡང་མི་རྟག་པར་སྟོན་པའི་སྒོ་ནས་སྒྲ་རྟག་པར་སྒྲུབ་པའི་སྦྱོར་ངག་ཡིན་པའི་ཕྱིར་རོ། །དེས་ན་ཚིག་དེ་ཆོས་ཅན། སྒྲ་རྟག་པར་བསྒྲུབ་པ་ལ་མི་རྟག་པ་རྟགས་སུ་འཕངས་ན་སྒྲ་རྟག་པའི་དམ་བཅའ་སེལ་བར་འགྱུར་ཏེ། རྒྱུ་མཚན་དེའི་ཕྱིར་ན་ཕྱོགས་གླང་གིས་སྒྲ་ལ་གནས་པ་ཡི་མི་རྟག་པ་ཉིད་ཀྱིས་སེལ་ཞེས་གསུངས་སོ། །དེ་ལྟ་ནའང་མི་རྟག་པ་རྟགས་སུ་མ་འཕངས་པས་སྒྲ་རྟག་པའི་དམ་བཅའ་མི་སེལ་ཞེས་པའོ། །གཉིས་པ་ནི། སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་སྒྲ་རྟག་པར་སྒྲུབ་པ་ལ་ནི་ཐམས་ཅད་ལས་གཞན་དུ་སྟེ། ཐམས་ཅད་མིན་པ་རྟགས་སུ་བརྗོད་པ་ཡིན་པར་ཐལ། ཡུལ་གཞན་སྒྲ་ལ་ནི་ཐམས་ཅད་ལ་ཡོད་པར་འགལ་བའི་ཆོས་རྟག་པ་དང་ལྡན་པར་དམིགས་ཀྱིས་བསལ་ནས་སྨྲ་ཞིང་སྤྱིར་བཏང་གི་ཚིག་གིས་ཐམས་ཅད་མི་རྟག་པར་བརྗོད་པའི་ཚིག་ཡིན་པས་སོ། །དེས་ན་ཐམས་ཅད་མིན་པའི་ཕྱིར་རོ་ཞེས་པ་རྟགས་སུ་འགྱུར་ལ། ཐམས་ཅད་ཀྱི་སྒྲ་ཤེས་བྱ་ཐམས་ཅད་དམ། སྒྲ་མིན་ཐམས་ཅད་ལ་བྱེད། གང་ལྟར་ཡང་ཕྱོགས་ཆོས་མ་གྲུབ་པའི་སྒོ་ནས་རྟགས་སྐྱོན་ཡིན་གྱི་དམ་བཅའ་དང་འགལ་བའི་སྒོ་ནས་ཕྱོགས་སྐྱོན་མིན་ཞེས་པ་འོག་མ་དག་གིས་སྟོན་ནོ། །གསུམ་པ་ལ་གསུམ་སྟེ། ཀུན་ལ་གྲགས་པའི་གཞན་ཡིན་སྒྲ་ལ་མེད། །སྒྲ་མ་ཡིན་ལས་གཞན་ལ་ཕྱོགས་ཆོས་མེད། །ཕྱོགས་ཆོས་ཅན་གྱི་རྟགས་ལ་མཚུངས་པ་སྤང་བའོ། །དང་པོ་ནི། ཐམས་ཅད་ལས་གཞན་གྱི་དོན་ཀུན་ལ་གྲགས་པའི་ཐམས་ཅད་ལས་གཞན་ལ་བྱེད་ན། སྒྲ་ཆོས་ཅན། ཐམས་ཅད་མིན་པ་དེ་ཡང་ཁྱོད་ལ་ཕྱོགས་ཆོས་སུ་གྲུབ་པར་འཐད་པ་མ་ཡིན་ཏེ། ཁྱོད་ཐམས་ཅད་ཀྱི་ཁྱད་པར་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱིའི་སྒྲ་ནི་རང་གི་ཁྱད་པར་མི་སྤོང་ཞིང་འཕེན་པའི་ཕྱིར་ཏེ། ཤིང་གི་སྒྲས་ཤ་བ་མི་སྤོང་ཞིང་འཕན་པ་བཞིན་ནོ། །གལ་ཏེ་སྤྱི་སྒྲས་ཁྱད་པར་སྤོང་བ་ཡོད་དེ། ཤིང་ཤ་བ་ཁོ་ན་ཤིང་ཡིན་ནམ་མིན་ཞེས་དྲིས་པ་ན། ཤིང་ཤ་པ་ཁོ་ན་ཤིང་མིན་ཞེས་པ་བཞིན་ནོ་ཞེན། སྒྲ་ཁོ་ན་ཐམས་ཅད་མ་ཡིན་ཞེས་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་སྒྲ་ཐམས་ཅད་མིན་པར་སྟོན་པ་མ་ཡིན་ཏེ། ཁྱོད་ཀྱིས་ཐམས་ཅད་ཅེས་པའི་སྤྱིའི་སྒྲ་མཉན་པ་སྒྲ་གཅིག་པུ་ཉིད་ལ་འཇུག་པ་འགོག་པར་འགྱུར་གྱི། སྒྲ་གཅིག་པུ་ལ་ཐམས་ཅད་ཀྱི་སྒྲ་འཇུག་པ་འགོག་པ་དེ་ཙམ་གྱིས་སྒྲ་དེ་ཐམས་ཅད་མིན་པར་འགྱུར་བ་མིན་པའི་ཕྱིར། དཔེར་ན་སྐབས་འགར་ཤིང་ཤ་པ་ཉིད་ནི་ཤིང་མིན་ཞེས་ཚིག་དེས་ཤ་པ་ཤིང་ཡིན་པ་སྤོང་བ་མིན་གྱི་ཤིང་གི་སྒྲ་དེ་ཤ་པ་གཅིག་པུ་ལ་འཇུག་པ་འགོག་པ་ཡིན་པ་བཞིན་ནོ། །འདི་ལ་ཁ་ཅིག སྒྲ་ཐམས་ཅད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར་ཐམས་ཅད་མིན་ཞེས་སྨྲ་ན། སྒྲ་མིན་པའི་ཤེས་བྱའི་ཁྱད་པར་རེ་རེ་བ་ཀུན་ཆོས་ཅན། ཐམས་ཅད་དེ་མིན་པར་ཐལ། ཐམས་ཅད་ཀྱི་ཕྱོགས་གཅིག་ཡིན་པའི་ཕྱིར། འདོད་ན། ཐམས་ཅད་དེ་གཏན་ནས་མེད་པར་འགྱུར་བར་ཐལ། སྒྲ་ཡང་ཐམས་ཅད་མིན། སྒྲ་མིན་ཁྱད་པར་རེ་རེ་བ་ཀུན་ཀྱང་ཐམས་ཅད་མིན་པའི་ཕྱིར་རོ། །དེང་སང་བདག་མེད་ཡིན་ན་ཐམས་ཅད་མིན་པས་ཁྱབ་པར་སྨྲ་བའི་སྤྲེའུའི་མཆོངས་རྒྱངས་ལ་བརྩོན་པ་དག་གིས་གཞུང་འདི་དག་གི་དོན་ཇི་ལྟར་འཆད། གཉིས་པ་ནི། གལ་ཏེ་ཐམས་ཅད་ལས་གཞན་གྱི་དོན་སྒྲ་མིན་ཐམས་ཅད་མིན་པ་ལ་བྱེད་དོ་ཞེ་ན། དེ་ལྟར་ན་སྒྲ་རྟག་ཏེ། སྒྲ་ཡིན་པའི་ཕྱིར་ཞེས་པར་འགྱུར་ལ། ཆོས་ཅན་སྒྲ་རང་ཉིད་ཆོས་ཅན། སྒྲ་རྟག་པའི་སྒྲུབ་བྱེད་དུ་མ་གྲུབ་སྟེ། ཆོས་ཅན་སྒྲ་དང་ཐ་དད་མེད་པའི་ཕྱིར། ཁྱབ་སྟེ། ཆོས་ཅན་རང་ཉིད་གཏན་ཚིགས་ཀྱི་དངོས་པོར་བཀོད་པར་གྱུར་པ་ནི་ཤེས་བྱེད་ཉིད་དུ་མ་གྲུབ་པའི་ཕྱིར་ཏེ། ཤེས་བྱེད་དུ་འགྱུར་བ་ལ་ཤེས་བྱའི་གཞི་དང་ཤེས་བྱེད་རྟགས་གཉིས་ལྡོག་པ་ཐ་དད་པ་དགོས་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། རང་བཞིན་གཏན་ཚིགས་སྤྱི་ལ་མཚུངས་པ་སྤང་། །བྱེ་བྲག་སྤྱི་ཆོས་བཀོད་ལ་མཚུངས་པ་སྤང་། །ཁྱད་པར་མཉན་བྱའི་རྟགས་ལ་མཚུངས་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། རང་བཞིན་གྱི་རྟགས་ཀུན་ལ་ཆོས་ཅན། དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པའི་ཉེས་པ་མཚུངས་པར་ཐལ། ཁྱོད་ཀྱི་དངོས་པོ་ཀུན་ལ་ཆོས་རྟགས་དང་། བསྒྲུབ་བྱའི་ཆོས་དང་ནི། ཆོས་ཅན་གྱི་རྣམ་དབྱེ་དོན་ལ་མེད་པའི་ཕྱིར་ཞེ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཆོས་ཅན། དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པ་མིན་ཏེ། རྟགས་ཆོས་དོན་གསུམ་ལྡོག་པ་ཐ་དད་པའི་ཐ་དད་ཡོད་པའི་ཕྱིར་རོ། །གཉིས་པ་ནི། །འོ་ན་རྟགས་ཆོས་དོན་གསུམ་དོན་ལ་ཐ་དད་ཡོད་པར་འགྱུར་རོ་ཞེ་ན། ཀུན་རྫོབ་པ་ཡི་དངོས་པོ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་དོན་གསུམ་རྣམས་ལ་ཆོས་ཅན། དོན་དམ་པར་དེ་ཉིད་ཡིན་པ་དང་གཞན་ཉིད་ཡིན་པ་འགོག་པར་འགྱུར་ཏེ། དོན་དམ་པར་ནི་རྣམ་པར་དཔྱད་ན་དེ་ཉིད་དང་གཞན་ཉིད་དེ་ལྟ་བུར་གྱུར་པ་མ་གྲུབ་པའི་ཕྱིར། འདི་ནི་སོང་ཚོད་དེ། རློམ་ཚོད་ལ་ནི་གཅིག་ཉིད་དུ་གྲུབ་བོ། །འདིར་སོང་ཚོད་ཀྱི་རྟགས་ཆོས་དོན་གསུམ་ཀུན་རྫོབ་པའི་དངོས་པོར་བཤད་པས་ཀུན་རྫོབ་པའི་དངོས་པོས་དངོས་པོའི་གོ་ཆོད་པར་འདོད་པ་དག་གིས་ནི་གཞན་སེལ་དང་དོན་བྱེད་ནུས་པའི་གཞི་མཐུན་ཁས་བླང་དགོས་པས་ཆོས་ཀྱི་གྲགས་པའི་གཞུང་ལུགས་དང་འགལ་ལོ། །འོ་ན་ཇི་ལྟར་དཔག་བྱ་དཔོག་བྱེད་ཀྱི་ཐ་སྙད་གཞག་ཅེ་ན། དཔག་བྱ་ཆོས་དང་། དཔོག་པར་བྱེད་པ་ཡི་རྟགས་དང་། དོན་ཆོས་ཅན་གྱི་ཐ་སྙད་གནས་པ་འདི་ཆོས་ཅན། དོན་ལ་ཐ་དད་པ་ལ་བརྟེན་པ་མིན་ཏེ། རྟོག་པའི་ཤེས་པས་ཡུལ་དུ་གྲུབ་པའི་ལྡོག་པ་ཐ་དད་ཙམ་ལ་བརྟེན་པ་རྣམ་པར་བརྟགས་པ་ཡིན་པའི་ཕྱིར་རོ། །འོ་ན་འཇུག་ཡུལ་རང་མཚན་མི་འཐོབ་པར་འགྱུར་རོ་ཞེ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཐ་སྙད་ཆོས་ཅན། ཁྱོད་ལས་འཇུག་ཡུལ་རང་མཚན་མི་འཐོབ་པའི་སྐྱོན་མེད་དེ། མ་བྱས་རྟག་སོགས་ལས་ལོག་པའི་རང་མཚན་གྱི་བདག་ཉིད་ཅི་ལྟའི་ཐ་དད་ཀྱི་མཐར་ཐུག་པ་སྟེ། དེ་ལས་བརྒྱུད་ནས་སྐྱེས་པའི་ཤེས་པ་ལ་ཐ་དད་པར་ཆོས་དང་ཆོས་ཅན་སྣང་བར་གྱུར་པ་དེ་ནི་ཁྱོད་ཀྱི་རྟེན་ཡིན་པའི་ཕྱིར་རོ། །གསུམ་པ་ནི། སྒྲ་རྟག་པར་སྒྲུབ་པ་ལ་སྒྲ་རྟགས་སུ་བཀོད་པ་འདི་ནི་ཆོས་ཅན། མ་གྲུབ་པའི་རྟགས་སུ་བསྟན་པར་རིགས་ཏེ། རང་མཚན་ལ་བརྒྱུད་ནས་འབྲེལ་བའི་ཐ་སྙད་ཀྱིས་གཞག་པའི་ལྡོག་པ་ཐ་དད་དུ་འཛིན་པའི་བློ་དང་འབྲེལ་པ་མེད་པ་ཅན་ཏེ། རྟགས་སུ་གཟུང་བྱ་ལས་ལྡོག་པ་ཐ་དད་དུ་མི་སྣང་བའི་ཆོས་ཅན་དེ་ཉིད་སྒྲུབ་བྱེད་དུ་བྱས་པ་སྟེ་བཀོད་པ་དེས་ནའོ། །གཉིས་པ་ནི། བུམ་པའི་འདུས་བྱས་མི་རྟག་པར་བསྒྲུབ་པ་ལ་འདུས་བྱས་རྟགས་སུ་བཀོད་པ་ཡང་མ་གྲུབ་པར་འགྱུར་ཏེ། གཞི་རྟགས་ཐ་དད་མེད་པའི་ཕྱིར་ཞེ་ན། ལྡོག་པ་ཐ་དད་ན་སྐྱོན་མེད་པ་དེས་ན། རྟགས་དེ་ཆོས་ཅན། རྟགས་དང་རྟགས་ཅན་ཆོས་ཅན་གཉིས་ཐ་དད་མེད་པ་མ་ཡིན་པ་ཉིད་ཡིན་ཏེ། བྱེ་བྲག་དང་སྤྱི་ཡིན་པས་གཞི་རྟགས་གཉིས་ཆོས་དེ་ལྡོག་པ་ཐ་དད་པའི་ཕྱིར། དཔེར་ན་རྩོལ་བྱུང་གི་སྒྲ་ནི་ཆོས་ཅན། མི་རྟག་སྟེ། རྩོལ་བྱུང་ཉིད་ཀྱི་ཕྱིར་ཞེས་བྱེ་བྲག་ཆོས་ཅན་དང་སྤྱིའི་རྟགས་སུ་གཟུང་བས་ཐ་དད་པ་བཞིན་ནོ། །འདིའི་སྤྱི་དང་བྱེ་བྲག་ཀྱང་སོང་ཚོད་ཀྱི་རྟགས་དང་ཆོས་ཅན་གྱི་དབང་དུ་བྱས་པ་སྟེ་སྔ་མ་དང་འདྲའོ། །གལ་ཏེ་འདིའང་གཞི་རྟགས་ཐ་དད་མེད་པར་འགྱུར་ཏེ། ཆོས་ཅན་དེ་རྟགས་ཀྱིས་ཁྱད་པར་དུ་བྱས་པས་སོ་ཞེ་ན། རྩོལ་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་ཆོས་ཅན། ཕྱོགས་ཏེ་ཆོས་ཅན་གྱི་ཡན་ལག་གམ་ཁྱད་པར་བྱེད་ཆོས་ཡིན་ནའང་ཆོས་ཅན་ལས་ཐ་དད་དུ་མ་གྲུབ་པ་མིན་ཏེ། ཆོས་ཅན་གྱི་ཁྱད་པར་བྱེད་ཆོས་ཡིན་ན་ཡང་ཆོས་ཅན་ལས་ཐ་དད་ཡིན་པ་ལ་གནོད་པ་མེད་པའི་ཕྱིར། དཔེར་ན་གོང་བུ་རྭ་ཅན་འདི་ཆོས་ཅན། རྟ་མིན་ཏེ། རྭ་ཅན་ཉིད་ཡིན་པའི་ཕྱིར་ཞེས་བཀོད་པ་ན་རྟགས་དེ་ཆོས་ཅན་གྱི་བྱེད་ཆོས་ཡིན་ཡང་ཆོས་ཅན་ལས་ཐ་དད་དུ་གྲུབ་པ་བཞིན་ནོ། །ཡང་ན་རྩོལ་བྱུང་ཆོས་ཅན། རྩོལ་སྒྲ་མི་རྟག་པ་བསྒྲུབ་བྱར་སོང་བའི་དུས་སུ་ཆོས་ཅན་གྱི་ཡན་ལག་སྟེ་མཚོན་བྱེད་དུ་གནས་པ་མིན་ཏེ། སྔར་རྩོལ་བྱུང་གི་སྒྲ་དེའི་མཚན་གཞི་དུང་སྒྲ་ལྟ་བུ་རྟོགས་པར་བྱས་ནས། དེ་མི་རྟག་པ་སྒྲུབ་པའི་ཚེ་ན་སྦྱོར་བ་དེ་སྐོར་གྱི་ཆོས་ཅན་གྱི་མཚོན་བྱེད་ཡིན་པ་ལས་ལྡོག་པའི་ཕྱིར་རོ། །གཞུང་འདིའི་དོན་རྙེད་པ་སྔར་གངས་ཅན་འདིར་གཞན་མ་བྱུང་བའི་ཚུལ་དུ་འདུག་གོ །གསུམ་པ་ནི། སྒྲ་མི་རྟག་སྒྲུབ་ལ་མཉན་བྱ་རྟགས་སུ་བཀོད་པ་ཡང་དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པར་འགྱུར་ཏེ། གཞི་རྟགས་ཐ་དད་མེད་པའི་ཕྱིར་ཞེ་ན། སྒྲ་མི་རྟག་སྒྲུབ་ལ་ཁྱད་པར་མཉན་བྱའི་རྟགས་དེ་ཡང་ཆོས་ཅན། དམ་བཅའི་དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པ་ཉིད་དུ་འཐད་པ་མ་ཡིན་ཏེ། གཞི་རྟགས་གཉིས་ཆོས་དེ་ལྡོག་པ་ཐ་དད་པའི་ཕྱིར་རོ། །གསུམ་པ་བརྗོད་ཚུལ་རྟོགས་ཕྱིར་གཏན་ཚིགས་བཤད་པ་ལ་གསུམ་སྟེ། ཕྱོགས་ཆོས་ཅན་ལ་དབྱེ་བའི་དགོས་པ་བསྟན། །ཕྱོགས་ཆོས་ཡིན་ན་རྗེས་འགྲོ་མེད་པ་སྤོང་། །དབྱེ་བ་སོ་སོའི་དགོས་པ་རྒྱས་པར་བཤད་པའོ། །དང་པོ་ནི། མདོར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང་། །རྣམ་གཉིས་རེ་རེ་དག་ལ་ཡང་། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང་། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་པའི་དོན་འཆད་པ་ལ་ཐོག་མར་ཕྱོགས་ཆོས་ཅན་དགུར་དབྱེ་བའི་དགོས་པ་གང་ཞེ་ན། གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རབ་ཏུ་དབྱེ་བའི་དོན་ཕྱོགས་ཆོས་ཅན་གྱི་རབ་ཏུ་དབྱེ་བ་ཡིས་དགུར་མདོར་བསྡུས་པ་ནི་གསུངས་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། གཞན་དོན་རྗེས་དཔག་གིས་གཏན་ཚིགས་ཡང་དག་བརྗོད་ཚུལ་བདེ་བར་གཟུང་བར་གྲུབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྟགས་ཕྱོགས་ཀྱི་ཆོས་ཡིན་ན། ཆོས་ཅན་གྱིས་ཁྱད་པར་དུ་བྱས་པས་དཔེ་ལ་མི་འཇུག་པའི་ཕྱིར་མཐུན་ཕྱོགས་ལ་ཡོད་ཅེས་སོགས་མི་རུང་ལ། ཅི་སྟེ་ཆོས་ཅན་གྱིས་ཁྱད་པར་དུ་མ་བྱས་ན་ཕྱོགས་ཀྱི་ཆོས་སུ་མི་འཐད་དོ་ཞེ་ན། དེའི་ལན་ལ་གསུམ་སྟེ། ངེས་གཟུང་སྦྱར་བའི་རྣམ་གཅོད་བཤད། །ངེས་གཟུང་མེད་པའི་རྣམ་གཅོད་བཤད། །དེ་ཉིད་སྐབས་ཀྱི་དོན་ལ་སྦྱར་བའོ། །དང་པོ་ནི། རྟགས་ཆོས་ཅན་གྱིས་མི་ལྡན་རྣམ་གཅོད་ཙམ་གྱིས་ཁྱད་པར་དུ་བྱས་པའི་ཕྱིར་ན་ཇི་སྐད་བཤད་པའི་སྐྱོན་མེད་ཅེས་སྟོན་པ་ལ། ཐོག་མར་རྣམ་གཅོད་ཆོས་ཅན། ཁྱོད་ལ་གསུམ་ཡོད་དེ། ཁྱོད་ལ་ཆོས་ཀྱི་ཚིག་ཕྲད་ཁོ་ནའམ་ཉིད་ཅེས་པ་སྦྱོར་ས་ཐ་དད་པ་སྦྱོར་བར་བྱེད་པས་ཆོས་དེ་ཆོས་ཅན་ལ་མི་ལྡན་པ་དང་། གཞན་ལ་ལྡན་པ་དང་། ཤིན་ཏུ་མི་སྲིད་པ་རྣམ་པར་གཅོད་པར་བྱེད་པ་རྣམས་སུ་ཡོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། སྒྲ་བྱས་པ་ཁོ་ན་ཞེས་པ་ལྟ་བུ་ཚིག་ཕྲད་དེ་ཁྱད་པར་གྱི་ཆོས་དང་ལྷན་ཅིག་སྦྱར་བ་ཆོས་ཅན། ཆོས་དེ་ཆོས་ཅན་ལ་མི་ལྡན་པ་རྣམ་པར་གཅོད་པར་བྱེད་དེ། ཆོས་དེ་ཆོས་ཅན་ལ་ལྡན་པ་ཁོ་ནར་སྟོན་པའི་ཕྱིར། སྒྲ་ཁོ་ན་མཉན་བྱ་ཞེས་པ་ལྟ་བུ་ཚིག་ཕྲད་ཁྱད་པར་ཅན་ཆོས་ཅན་དག་དང་ལྷན་ཅིག་སྦྱར་བ་ཆོས་ཅན། ཆོས་དེ་ཆོས་ཅན་དེ་ལས་གཞན་ལ་ལྡན་པ་རྣམ་པར་གཅོད་པར་བྱེད་དེ། ཆོས་དེ་ཆོས་ཅན་དེ་ཁོ་ན་ལ་ཡོད་པར་སྟོན་པའི་ཕྱིར་རོ། །ལ་ལ་དུ་བ་སྲིད་པ་ཁོ་ན་ཞེས་པ་ལྟ་བུ་ཚིག་ཕྲད་བྱ་བ་དག་སྲིད་པ་དག་ནི་ལྷན་ཅིག་བརྗོད་པ་ཆོས་ཅན། ཆོས་དེ་ཆོས་ཅན་དེ་ལ་མི་སྲིད་པ་རྣམ་པར་གཅོད་པར་བྱེད་དེ། ཆོས་དེ་ཆོས་ཅན་དེ་ལ་སྲིད་པ་ཁོ་ནར་སྟོན་པའི་ཕྱིར། གཉིས་པ་ནི། འོ་ན་རྣམ་གཅོད་ཀྱི་དོན་གོ་བ་ལ་ཚིག་ཕྲད་གསུམ་པོ་དངོས་སུ་སྦྱར་དགོས་སམ་ཞེ་ན་ངག་སྨྲ་བ་ན་ཆོས་ཅན། ཚིག་ཕྲད་དེ་དག་དངོས་སུ་སྦྱར་བ་མེད་ཀྱང་འཆད་པ་པོའི་སྐབས་ལས་འོངས་པའི་བརྗོད་འདོད་ཀྱི་དབང་ལས་ཚིག་ཕྲད་གསུམ་པོ་དེ་དག་གི་དོན་རྣམ་གཅོད་གསུམ་པོ་གང་ཡང་རུང་བ་ཉིད་ནི་རྟོགས་པར་འགྱུར་བས་ཁྱབ་སྟེ། གང་གི་ཕྱིར་ན་ཚིག་ཕྲད་དངོས་སུ་མ་སྦྱར་ཡང་ངག་ཐམས་ཅད་རྣམ་གཅོད་གསུམ་པོ་གང་རུང་གོ་བའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །དེ་གསུམ་གྱི་དཔེ་རིམ་པ་ལྟར་དཔེར་ན་ནག་པ་འཕོང་སྐྱེན་ནམ་མི་སྐྱེན་དྲིས་པའི་ཚེ་ནག་པ་འཕོང་སྐྱེན་ཞེས་པའམ། ནག་པ་དང་སྲིད་སྒྲུབ་གཉིས་ཀྱི་ནང་ནས་གང་འཕོང་སྐྱེན་ཞེས་དྲིས་པ་ན་སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། མཚོ་སྐྱེས་ལ་སྔོན་པོ་སྲིད་དམ་མི་སྲིད་དྲིས་པ་ན། སྔོན་པོ་མཚོ་སྐྱེས་ལ་སྲིད་པར་འགྱུར་ཞེས་པ་བཞིན་ནོ། །ངེས་གཟུང་དངོས་སུ་མ་སྦྱར་བའི་ངག་གསུམ་པོ་དེར་ཡང་ཆོས་ཅན། རིམ་པ་ལྟར་རང་རང་གི་ཟླའོ་ནག་པ་འཕོང་མི་སྐྱེན་པ་དང་། ནག་པ་འཕོང་སྐྱེན་པ་དང་། མཚོ་སྐྱེས་ལ་སྔོན་པོ་མི་སྲིད་པ་རྣམ་པར་གཅོད་པའི་དོན་རྣམས་ལ་ནི་རྟོག་པ་བསྐྱེད་པར་འགྱུར་ཏེ། དེ་དག་གཅོད་པ་དེ་ལྟར། འཇིག་རྟེན་གྲགས་པ་དང་དེ་ལྟར་ནུས་པའི་ཕྱིར་དང་། སྒྲ་དེ་དག་ནི་དེ་ལྟར་བརྗོད་པར་འདོད་པའི་བརྗོད་འདོད་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །གསུམ་པ་ནི། རྟགས་ཆོས་ཅན་ལ་མི་ལྡན་པ་གཅོད་པ་ཙམ་ཡིན་པ་དེས་ན། རྟགས་ཀྱི་ཆོས་ཆོས་ཅན། ཆོས་ཅན་དེ་ཡི་ཁྱད་པར་ཅན་གྱི་ཆོས་ཡིན་པ་ཙམ་གྱིས་མཐུན་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་བསྟན་པ་མིན་ཏེ། མི་ལྡན་པ་རྣམ་པར་གཅོད་པ་ཙམ་གྱིས་ཆོས་ཅན་ཁྱོད་ཀྱི་ཁྱད་པར་དུ་བྱེད་ཆོས་ཡིན་གྱི་ཆོས་ཅན་ཁོ་ན་ལ་ཡོད་པ་མིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། དགུ་པོ་སོ་སོའི་དགོས་པ་བསྡུས་ཏེ་བསྟན། །ཡང་དག་གཉིས་དང་མཉན་བྱ་རྒྱས་པར་བཤད། །དགག་རྟགས་ལོགས་སུ་མི་སྟོན་རྒྱུ་མཚན་བཤད་པའོ། །དང་པོ་ནི། ཕྱོགས་ཆོས་ཅན་དགུ་པོ་སོ་སོའི་དགོས་པ་གང་ཞེ་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་གཏན་ཚིགས་ཡང་དག་གཉིས་དང་། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར་ཞེས་དང་། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་བཟློག་པ་འགལ་རྟགས་གཉིས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རང་བཞིན་དང་འབྲས་བུ་གཉིས་རང་གི་རང་བཞིན་ཅན་དང་རྒྱུ་སྒྲུབ་ན་རྟགས་ཡང་དག་ཡིན་ནོ་ཞེས་དང་། དེའི་རྗེས་འགྲོ་གྲུབ་པ་ལ་མཐུན་ཕྱོགས་ལ་འཇུག་པ་དགོས་སོ་ཞེས་གྲུབ་པའི་དོན་དུ་ཡིན་པའི་ཕྱིར་རོ། །སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར་ཞེས་དང་། གཞལ་བྱ་ཡིན་པའི་ཕྱིར་ཞེས་ཁྱད་པར་མཉན་བྱ་དང་སྤྱི་གཞལ་བྱ་དག་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ལྡོག་པ་རྐྱང་པ་ཅན་དང་། རྗེས་འགྲོ་རྐྱང་པ་ཅན་གྱི་རྟགས་གཉིས་གོ་བྱེད་ཡིན་ཞེས་འདོད་པ་ལ་རྩོད་པའི་ཆེད་ཡིན་པའི་ཕྱིར། ལྷག་མ་སྒྲ་ཆོས་ཅན། རྩོལ་བ་ལས་མ་བྱུང་སྟེ། མི་རྟག་པའི་ཕྱིར། རྟག་སྟེ། ལུས་ཅན་མིན་པའི་ཕྱིར། རྩོལ་བ་ལས་བྱུང་སྟེ། མི་རྟག་པའི་ཕྱིར་ཞེས་པ་གསུམ་ནི་ཆོས་ཅན། རྟགས་ཡང་དག་གི་ལྡོག་པའི་ཚུལ་བྱེ་བྲག་ཏུ་སྒྲུབ་པར་བྱེད་པ་ཡིན་ཏེ། རིམ་པ་ལྟར་རྗེས་འགྲོ་ཡོད་ཙམ་དང་། རྗེས་སུ་འགྲོ་ལྡོག་ཆ་མཉམ་པ་དང་། རྗེས་འགྲོ་གཙོ་ཆེ་བ་རྟགས་ཡང་དག་ཡིན་ནོ་ཞེས་པ་རྣམས་ལ་མ་ངེས་པར་བསྟན་པས་རྟགས་ཡང་དག་ཡིན་ན། མི་མཐུན་ཕྱོགས་མཐའ་དག་ལས་བཟློག་པའི་ལྡོག་པ་གྲུབ་པ་དགོས་པར་བསྟན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཡང་དག་གཉིས་པོ་རྒྱས་པར་བཤད། །ཁྱད་པར་མཉན་བྱ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡང་དག་གཉིས་ཀྱིས་བསྟན་ཚུལ་བཤད། །གཉིས་སུ་ཕྱེ་བའི་དགོས་པ་བཤད་པའོ། །དང་པོ་ལྔ་སྟེ། བྱས་པ་ཁྱབ་བྱེད་འཇུག་པའི་རང་བཞིན་ཡིན། །རྩོལ་བྱུང་རྣམ་གཉིས་འཇུག་པའི་འབྲས་བུར་བསྟན། །རང་བཞིན་ལོགས་སུ་སྟོན་པའི་དགོས་པ་བཤད། །གཉིས་པོ་སྐབས་འདིར་སྟོན་པའི་དགོས་པ་བཤད། །རྩོལ་བྱུང་སྨོས་པའི་དགོས་པ་གཉིས་པ་བཤད་པའོ། །དང་པོ་ནི། ཅིའི་ཕྱིར་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་བྱས་པ་སྐབས་འདིར་རང་བཞིན་གྱི་རྟགས་ཀྱི་དཔེར་སྨོས་ཤེ་ན། དེ་ལྟར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རང་བཞིན་གྱི་རྟགས་ཉིད་ལས་གཞན་འབྲས་བུའི་རྟགས་ཀྱིས་ནི་གོ་བྱ་སྟེ་མཐུན་ཕྱོགས་ལ་ཁྱབ་པ་ཡོད་པ་མིན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། འབྲས་བུའི་གཏན་ཚིགས་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་མིན་ཏེ། རྒྱུ་ནི་འབྲས་བུ་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །དེས་ན་འབྲས་བུའི་གཏན་ཚིགས་ཆོས་ཅན། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་སྟེ། མཐུན་ཕྱོགས་ལ་འཇུག་པ་གང་ཞིག ཁྱབ་བྱེད་དུ་མི་འཇུག་པ་དེའི་ཕྱིར་རོ། །གཉིས་པ་ནི། ཅིའི་ཕྱིར་རྩོལ་བྱུང་འབྲས་རྟགས་ཀྱི་དཔེར་སྨོས་ཤེ་ན། རྩོལ་མ་ཐག་ཏུ་བྱུང་བའི་སྒྲ་འཛིན་པའི་ཤེས་པ་རང་རྒྱུ་སྒྲ་མི་རྟག་པའི་འབྲས་བུ་ཡིན་པར་ཤེས་པའི་ཆེད་ཡིན་ནོ། །འདི་ཡང་ཅི་ལྟར་ཤེས་ཏེ། ཤེས་པ་དེ་སྒྲ་རྟག་པའི་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། རྩོལ་བ་དེ་ཆོས་ཅན། ཁྱོད་ལས་སྔར་ཡོད་པ་ཡི་སྒྲ་རྟག་པར་འཛིན་པའི་ཤེས་པ་ནི་ཁྱོད་རྩོལ་མ་ཐག་ཏུ་བྱུང་བར་ངེས་པ་མིན་པར་ཐལ་ཏེ། ཁྱོད་ཏེ་སྔར་ནས་ཡོད་པའི་སྒྲ་རྟག་པའི་སྒྲིབ་བྱེད་དང་། སྒྲ་རྟག་པར་དམིགས་པའི་དབང་པོ་དང་། སྒྲ་རྟག་པ་ཉིད་དེ་གསུམ་པོ་གང་ལ་ཡང་ཁྱད་པར་ཅུང་ཞིག་ཀྱང་རྣམ་པ་ཀུན་ཏུ་ཉེ་བར་སྦྱོར་བ་མིན་པའི་ཕྱིར་རོ། །དེ་ཡང་རིམ་པ་ལྟར་སྒྲིབ་བྱེད་དང་། དབང་པོ་དང་། སྒྲ་ཉིད་མི་སྲིད་པའི་ཕྱིར་རོ། །དེས་ན་སྒྲ་ཆོས་ཅན། དུས་འགའ་ཞིག་གི་ཚེ་འབྲས་བུ་ཉན་ཤེས་མི་བྱེད་པ་འགལ་བ་སྟེ་རྟག་ཏུ་བྱེད་པར་ཐལ། རྐྱེན་ལ་ལྟོས་པ་མེད་པར་ཉན་ཤེས་སྐྱེད་བྱེད་ཡིན་པའི་ཕྱིར། དེས་ན་རྩོལ་བྱུང་གི་སྒྲ་ཉན་པའི་ཤེས་པ་འདི་འདྲ་དེ་ཆོས་ཅན། བརྒྱུད་ནས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡིན་ཏེ། སྒྲ་རེས་འགའ་བའི་འབྲས་བུར་ཚད་མས་གྲུབ་པས་ནའོ། །གསུམ་པ་ནི། རྩོལ་བ་ལས་བྱུང་བའི་ཕྱིར་ཞེས་དཔེར་བརྗོད་པ་འདི་ཉིད་ཀྱིས་ནི་རང་བཞིན་གྱི་རྟགས་ཀྱིའང་དཔེར་བརྗོད་ཉིད་གྲུབ་ཀྱང་། དེ་ལས་ཐ་དད་དུ་བྱས་པ་རང་བཞིན་རྟགས་ཀྱི་དཔེར་བྱས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། འབྲས་བུའི་རྟགས་དང་རང་བཞིན་གྱི་རྟགས་གཉིས་ཀ་ལ་ལྷན་ཅིག་ཏུ་རྩོལ་བྱུང་དཔེར་བརྗོད་དུ་བསྟན་པ་ན་རྩོལ་བྱུང་ལྟར་རང་བཞིན་གྱི་རྟགས་ཐམས་ཅད་ཀྱང་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་གམ་སྙམ་པའི་དོགས་པ་སྐྱེ་བའི་རང་བཞིན་གྱི་རྟགས་ཐམས་ཅད་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ་དེ་འདྲར་ཤེས་པར་མི་འགྱུར་བའི་ཆེད་ཡིན་པའི་ཕྱིར་རོ། །བཞི་པ་ནི། གཞན་དོན་ལེའུ་འདིར་རྟགས་ཡང་དག་གི་རབ་ཏུ་དབྱེ་བ་འབྲས་རང་གི་གཏན་ཚིགས་གཉིས་ཙམ་བཤད་པ་དེ་ཆོས་ཅན། དགོས་པ་ཡོད་དེ། རང་དོན་རྗེས་སུ་དཔག་པར་བཤད་ཟིན་པའི་དོན་གཏན་ཚིགས་ཡང་དག་རྣམས་གཞན་དོན་རྗེས་དཔག་གིས་བརྗོད་པར་བྱས་པ་ཡིན་ནོ་ཞེས་རྟོགས་པའི་དོན་དུ་ཡིན་པའི་ཕྱིར་རོ། །གཞན་དོན་ལེའུ་འདིར་ཆོས་ཅན། རྟགས་ཡང་དག་གི་མཚན་ཉིད་མ་བཤད་དེ། རྟགས་ཡང་དག་གི་མཚན་ཉིད་བཤད་པ་ལ་ནི་རང་དོན་རྗེས་དཔག་གི་སྐབས་སུ་བཤད་པ་ལས་དགོས་པ་ཐ་དད་མེད་པའི་ཕྱིར་རོ། །འདིར་སྔ་མ་ཁ་ཅིག་རབ་ཏུ་དབྱེ་བའི་གཏན་ཚིགས་དགུ་ཆར་ལ་འདོད་པ་ནི་ཡང་དག་གཉིས་ཀྱི་དགོས་པ་འཆད་པའི་སྐབས་ཡིན་པ་མ་རྟོགས་པའི་སྐྱོན་ཡིན་ཅིང་། ཕྱི་མ་དག་ཡང་དག་གཉིས་ལ་འདོད་ཀྱང་དབྱེ་བ་བདེ་བླག་ཏུ་རྟོགས་པའི་དོན་དུ་ཞེས་འཆད་པ་ནི། མཚན་ཉིད་ལ་ནི་ཐ་དད་མེད། །ཅེས་པའི་དངོས་བསྟན་ཤུགས་བསྟན་གཉིས་ཀ་མ་རྟོགས་པའི་སྐྱོན་ནོ། །ལྔ་པ་ནི། འོ་ན་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་ཀྱི་དཔེ་བརྗོད་ལོགས་སུ་སྨོས་དགོས་སོ་ཞེ་ན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་འདིར་ཆོས་ཅན། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རང་བཞིན་རྟགས་ཀྱི་དཔེར་བརྗོད་རྩོལ་བྱུང་ལས་ལོགས་སུ་སྨོས་མི་དགོས་ཏེ། རྩོལ་བྱུང་དེས་འབྲས་བུའི་རྟགས་ཀྱི་དཔེར་བརྗོད་བསྟན་པ་ཡིས་ནི་རང་བཞིན་གྱི་རྟགས་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་བརྟེན་པའི་དཔེའང་བཤད་པས་སོ། །དེས་ན་རྩོལ་བྱུང་ཆོས་ཅན། མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་སྒྲུབ་རྟགས་གཉིས་ཀ་མཚོན་ནུས་ཏེ། རྩོལ་བ་ལས་ཉན་ཤེས་ལ་གསལ་བ་འབྲས་བུའི་རྟགས་དང་། རྩོལ་བ་ལས་སྐྱེ་བ་རང་བཞིན་གྱི་རྟགས་གཉིས་ཀ་ལ་ཁྱོད་དུ་འདྲ་བར་དཔེར་བརྗོད་པའི་ཕྱིར་རོ། །གཉིས་པ་ནི། སྐབས་འདིར་འབྲས་རང་གི་གཏན་ཚིགས་གཉིས་སུ་དབྱེ་བ་ལ་དགོས་པ་ཅི་ཡོད་ཅེ་ན། སྐབས་འདིར་འབྲས་རང་གི་གཏན་ཚིགས་འདི་གཉིས་རབ་ཏུ་ཕྱེ་སྟེ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་བུར་ཡོད་པ་གང་རང་གི་རྒྱུ་མེད་ན་མི་འབྱུང་བ་སྟེ། རང་གི་བསྒྲུབ་བྱའི་ཆོས་དང་དེ་བྱུང་དུ་འབྲེལ་བ་གྲུབ་པའམ་རྟགས་རང་གི་བདག་ཉིད་དུ་གྱུར་པའི་བསྒྲུབ་བྱའི་ཆོས་ལས་རྣམ་དབྱེར་མེད་པ་ཅན་གང་ཡིན་པ་སྟེ། དེ་དང་བདག་གཅིག་ཏུ་འབྲེལ་པ་དེ་ནི་རང་གི་བསྒྲུབ་བྱའི་ཆོས་དེ་དང་འཁྲུལ་པར་མི་འགྱུར་ཞེས་ཤེས་པར་བྱ་བའི་དོན་དུ་ཡིན་པའི་ཕྱིར་རོ། །འབྲས་བུ་དང་རང་བཞིན་གཉིས་རྒྱུ་དང་རང་བཞིན་ཅན་ལ་མི་འཁྲུལ་བར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ལྡན་པ་དང་འདུ་བ་ཅན་སོགས་རྟགས་སུ་བཀོད་པ་གང་དག་ལ་བདག་གཅིག་དེ་བྱུང་དེ་འདྲའི་འབྲེལ་པ་ཡོད་པ་མིན་ལ། དེ་དག་འཁྲུལ་པ་སྲིད་པའི་ཕྱིར་ན་གཏན་ཚིགས་ཡང་དག་མིན་ཞེས་དོན་གྱིས་བཤད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་དག་ལ་བདག་གཅིག་དེ་བྱུང་གི་འབྲེལ་པ་ཡོད་པ་ཡིན་ན་ཡང་ལྡན་པ་ཅན་སོགས་ཀྱི་གཏན་ཚིགས་ཆོས་ཅན། ཁྱོད་ལས་རང་གི་བསྒྲུབ་བྱ་རྟོགས་པ་ལ་འབྲེལ་པ་གཞན་ཁས་བླངས་པ་དོན་མེད་པར་ཐལ། བདག་གཅིག་དེ་བྱུང་གི་འབྲེལ་པ་གཉིས་པོ་དེ་ཉིད་ཁྱོད་ལས་བསྒྲུབ་བྱ་རྟོགས་པའི་སྒྲུབ་བྱེད་ཡིན་པའི་ཕྱིར་ཏེ། རྟགས་ཆོས་འབྲེལ་པ་ངེས་པ་བསྒྲུབ་བྱའི་ཆོས་མེད་ན་རྟགས་མི་འབྱུང་བ་ཡིན་ལ། དེ་ལྟ་བུའི་འབྲེལ་པ་ཚད་མས་ངེས་པ་མེད་པ་སྒྲུབ་བྱེད་མིན་པའི་ཕྱིར་རོ། །གཉིས་པ་ཁྱད་པར་མཉན་བྱ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྲོག་ལ་ལྡོག་པ་གྲུབ་པ་དགག །དེས་ན་མཉན་སྲོག་མཚུངས་པར་བསྟན། །ཚུལ་དེ་རིགས་ཅན་གཞན་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། འབྲེལ་པ་ཡོད་མེད་བརྟགས་ཏེ་དགག །མི་མཐུན་ཕྱོགས་ལ་བརྟགས་ཏེ་དགག །ཐལ་བའི་དོན་ལ་བརྟགས་ཏེ་དགག་པའོ། །དང་པོ་ལ་གསུམ་སྟེ། འབྲེལ་པ་མེད་པས་ལྡོག་པ་མེད། །དེ་ལ་ལུང་དང་འགལ་བ་སྤོང་། །ལྡོག་པ་གྲུབ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་དང་བྱེ་བྲག་པ་ན་རེ། གསོན་ལུས་ཆོས་ཅན། བདག་དང་བཅས་པ་ཡིན་ཏེ། སྲོག་སོགས་དང་ལྡན་པའི་ཕྱིར་ཞེས་པ་འདི་ལ་རྗེས་འགྲོ་མེད་ཀྱང་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པའི་ལྡོག་ཁྱབ་རྐྱང་པ་དང་། ཕྱོགས་ཆོས་ཡོད་པས་རྟགས་ཡང་དག་ཡིན་ནོ་ཞེས་འདོད་པ་འགོག་པའི་ཆེད་དུ་སློབ་དཔོན་གྱིས་ཕྱོགས་ཆོས་ཅན་གྱི་སྐབས་འདིར་མཉན་བྱ་སྨོས་པ་ཡིན་པས་ན། ཐོག་མར་སྲོག་སོགས་གཏན་ཚིགས་ཡིན་པ་འགོག་པ་ནི། སྲོག་སོགས་ཆོས་ཅན། བསྒྲུབ་བྱའི་ཆོས་བདག་དང་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པ་ཡིན་པར་བརྗོད་རིགས་པར་ཐལ། མི་མཐུན་ཕྱོགས་བདག་མེད་ཁོ་ན་ལས་ལྡོག་པ་ཉིད་ནི་ངེས་པ་ཉིད་ཀྱི་རྟགས་ཡིན་པའི་ཕྱིར། ཁྱབ་སྟེ། བདག་མེད་ལས་ལྡོག་པའི་མི་འཁྲུལ་བའི་ལྡོག་པ་དེ་ཡང་བདག་དང་འབྲེལ་པ་མེད་པ་ལ་མེད་པའི་ཕྱིར་རོ། །འདོད་ན་སྲོག་སོགས་ཆོས་ཅན། གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ལ་རྗེས་འགྲོ་གནས་པར་ཐལ། བདག་དང་འབྲེལ་པ་གྲུབ་པ་དེ་ཉིད་ཀྱི་ཕྱིར་ནའོ། །ཁྱད་པར་གསོན་ལུས་བདག་བཅས་སུ་གྲུབ་པ་ལ་སྲོག་སོགས་ནི་ཆོས་ཅན། ལྡོག་ཁྱབ་མེད་ཅིང་རྗེས་འགྲོའི་ཁྱབ་པའང་ཡོད་པ་མ་ཡིན་པར་ཐལ། རྟགས་ཆོས་ལ་འབྲེལ་པ་གཉིས་པོ་གང་ཡང་མེད་པའི་ཕྱིར། ཁྱབ་སྟེ། བསྒྲུབ་བྱའི་ཆོས་དེ་རྟགས་རང་གི་བདག་གམ་ཏེ་རྟགས་ཆོས་བདག་གཅིག་འབྲེལ་པའམ་རྟགས་ཀྱི་རྒྱུའི་དངོས་པོར་ནི་ཚད་མས་གྲུབ་ན་ལྡོག་པ་གྲུབ་པར་འགྱུར་བ་ཡིན་གྱི། གཞན་དུ་མིན་པ་དེ་ཡི་ཕྱིར་ནའོ། །གཉིས་པ་ནི། འོ་ན་སློབ་དཔོན་གྱིས་ཁྱད་པར་གྱི་རྟགས་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལས་ལྡོག་པར་བཤད་པ་ཇི་ལྟར་ཞེ་ན། ཕྱོགས་གླང་ཆོས་ཅན། ལྡོག་ཁྱབ་གྲུབ་པ་ལ་དགོངས་ནས་ཐུན་མོང་མ་ཡིན་པའི་རྟགས་ཕྱོགས་གཉིས་ཀ་ལས་ལྡོག་པར་བཤད་པ་མ་ཡིན་ཏེ། ཕྱོགས་གཉིས་ཀ་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་གྲུབ་པར་འདོད་པའི་གྲུབ་མཐའ་ལ་བརྟེན་ནས་མཉན་བྱ་སོགས་ཀྱང་ཕྱོགས་གཉིས་ཀ་མ་མཐོང་བས་ལྡོག་པ་འབའ་ཞིག་ཅན་དུ་བཤད་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་སྒྲ་རྟག་པར་སྒྲུབ་པ་ལ་མཉན་བྱ་སོགས་ཆོས་ཅན། མ་ངེས་པའི་རྟགས་ཡིན་ཏེ། ཕྱོགས་ཆོས་གྲུབ་ཅིང་ཕྱོགས་གཉིས་ཀ་ལ་མ་མཐོང་བ་ཡིན་པ་དེ་ཡི་ཕྱིར་ནའོ། །གཞན་དུ་སྟེ་མི་འཁྲུལ་པའི་ལྡོག་པ་གྲུབ་པ་ཅན་ཡིན་ན། དེ་ཆོས་ཅན་གོ་བར་བྱེད་པར་རྟགས་ཡང་དག་ཏུ་འགྱུར་གྱི་མ་ངེས་པར་མི་འགྱུར་བར་ཐལ། ཕྱོགས་ཆོས་དང་ལྡོག་ཚུལ་གྲུབ་པ་ཅན་གྱི་གཏན་ཚིགས་ཡིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་གསོན་ལུས་ལ་ཁྱབ་བྱེད་སྲོག་མེད་ལྡོག་པས་ཁྱབ་བྱ་བདག་མེད་ཀྱང་ལྡོག་པས་བདག་བཅས་སུ་འགྲུབ་བོ་ཞེ་ན། གསོན་ལུས་ཆོས་ཅན། ཁྱོད་ལ་ཁྱབ་བྱེད་སྲོག་མེད་ལོག་པས་ཁྱབ་བྱ་བདག་མེད་ལྡོག་པ་དེ་མི་འཐད་པར་ཐལ། གལ་ཏེ་བདག་ནི་ལྡོག་པ་ཡིས། །སྲོག་སོགས་དག་ནི་ལྡོག་འགྱུར་ན། །སྲོག་སོགས་མེད་པས་བདག་མེད་ལ། །ཁྱབ་པར་འགྱུར་ན་ཡང་བདག་ལྡོག་པས་སྲོག་ལྡོག་པ་དེ་ཡང་ཁྱོད་ལ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། བདག་སྲོག་ལ་འབྲེལ་པ་མེད་པའི་ཕྱིར། ཁྱབ་སྟེ། འབྲེལ་མེད་གཞན་ལྡོག་པར་ནི་གྱུར་པ་ཡིས་འབྲེལ་མེད་གཞན་ལྡོག་པར་ནི་མི་རུང་བའི་ཕྱིར་རོ། །གལ་ཏེ་རྟགས་མ་གྲུབ་སྟེ། སྲོག་སོགས་དེ་བདག་དེ་ལས་བྱུང་བས་དེ་བྱུང་དུ་འབྲེལ་པའི་ཕྱིར་ཞེ་ན། སྲོག་སོགས་དེ་ཆོས་ཅན། ཁྱོད་བདག་གི་འབྲས་བུ་མིན་པར་ཐལ། གལ་ཏེ་ཁྱོད་དང་བདག་གཉིས་ཀ་སྣང་རུང་གི་གཞི་འགའ་ཞིག་ཏུ་དང་པོར་གཉིས་ཀ་མ་དམིགས། དེ་ནས་བདག་ནི་དམིགས་པ་ན་དེའི་རྗེས་སུ་ཁྱོད་དམིགས་པའམ། ཡང་ན་ཁྱོད་དང་བདག་གཉིས་ཀ་དམིགས་པའི་གཞི་འགའ་ཞིག་ཏུ་དང་པོར་བདག་རྟོགས་པ་མེད་པར་ཡང་སྟེ་མ་དམིགས། དེའི་རྗེས་སུ་ཁྱོད་མ་རྟོགས་ན་ཁྱོད་བདག་གི་འབྲས་བུ་ཡིན་པ་འདི་གྲུབ་པར་འགྱུར་ན་ཡང་བདག་རེས་འགའ་མཐོང་བ་དང་། རེས་འགའ་མ་མཐོང་བ་དེ་གྲུབ་པ་མེད་པའི་ཕྱིར་ཏེ། བདག་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་སྟེ་ཚད་མས་མ་དམིགས་པའི་ཕྱིར། གཉིས་པ་ནི། སྲོག་སོགས་གསོན་ལུས་བདག་བཅས་སུ་སྒྲུབ་པའི་མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་ན་དེའི་མི་མཐུན་ཕྱོགས་གང་ཡིན། བུམ་པ་ལ་སོགས་པའོ་ཞེ་ན། བདག་ཆོས་ཅན། གསོན་ལུས་ལ་ཡོད་ཅིང་བུམ་སོགས་ལ་མེད་པར་ངེས་ཞེས་ཚད་མས་གང་ལས་གྲུབ་སྟེ་མ་གྲུབ་པར་ཐལ། གཞི་གཞན་གང་ལ་ཡང་མཐོང་བ་མེད་པའི་ངོ་བོ་ཅན་ཡིན་པའི་ཕྱིར། འདོད་ན། བུམ་སོགས་ཆོས་ཅན། ཁྱོད་ལ་བདག་མེད་ལ་སྲོག་མེད་ཀྱིས་ཁྱབ་པའི་ལྡོག་པའི་ཁྱབ་པའང་ཇི་ལྟར་ཚད་མས་གྲུབ་པ་ཡིན་ཏེ་མིན་པར་ཐལ། ཁྱོད་ལ་བདག་ལྡོག་པ་ཚད་མས་ཤེས་པ་མེད་པ་ཡི་ཕྱིར་རོ། །ཐལ་བ་སྔ་མ་ལ་ཁྱབ་པ་ཡོད་དེ། སྲོག་སོགས་གཞི་ལ་ལར་མཐོང་བ་ཡི་སྒོ་ནས་གསོན་ལུས་ལ་ཡོད་པ་དང་བུམ་སོགས་ལ་མེད་པ་ཉིད་དུ་ནི་རྟོགས་པར་འགྱུར་ལ། གལ་ཏེ་དེ་ལྟར་བདག་ཀྱང་གཞི་ལ་ལར་མཐོང་ན་གསོན་ལུས་ལ་ཡོད་པ་དང་བུམ་སོགས་ལ་མེད་པ་ཉིད་དུ་ནི་རྟོགས་པར་འགྱུར་གྱི་གཞན་དུ་མིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། ཐལ་བས་གནོད་པ་མེད་པར་བསྟན། །གནོད་པ་ཡོད་པའི་སྒྲུབ་བྱེད་དགག །གནོད་པ་མེད་པའི་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། གསོན་ལུས་ཆོས་ཅན། སྲོག་སོགས་མེད་པར་ཐལ། བདག་མེད་པའི་ཕྱིར། བུམ་པ་བཞིན་ནོ་ཞེ་ན། སྲོག་སོགས་ཆོས་ཅན། བདག་དེ་ཁྱོད་ཀྱི་རྒྱུ་ཡིན་པའི་རྒྱུ་མཚན་གྱིས་གསོན་ལུས་ལ་བདག་མེད་ན་ཁྱོད་མེད་པར་ཐལ་བ་འཕེན་མི་རིགས་པར་ཐལ། ཁྱོད་ཀྱི་རྒྱུ་བློ་དང་རྩོལ་བ་སོགས་གང་ཞིག་ནི་མེད་པ་ཡིས་བུམ་པ་ལ་སྲོག་སོགས་མཐོང་བ་མེད་པ་ལྟར་གསོན་ལུས་ལའང་གལ་ཏེ་རྒྱུ་དེ་དག་མེད་པར་ཁས་ལེན་ན་གསོན་ལུས་ལ་ཁྱོད་མེད་པར་ཐལ་བ་འཕེན་པ་རིགས་པ་ཡིན་ཏེ། བདག་དེ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་བདག་མེད་རྣམས་སྲོག་སོགས་མི་དམིགས་པ་ཁོ་ནར་ཅུང་ཟད་ཆོས་མཐུན་པའི་ཕྱིར། བུམ་པ་ལས་ཐ་དད་པ་གསོན་ལུས་ཡང་སྲོག་སོགས་ཡོད་པའི་ཕྱིར་བདག་ཡོད་པ་རྗེས་སུ་དཔོག་པ་སྟེ་རྟོགས་ན། བུམ་སོགས་རྣམས་ཆོས་ཅན། བདག་དང་བཅས་པར་ཅིས་མི་དཔོག་སྟེ་བདག་བཅས་སུ་ཐལ། བདག་ཡོད་པའི་གསོན་ལུས་དང་གཞལ་བྱ་ཉིད་དུ་ཆོས་མཐུན་པའི་ཕྱིར། གལ་ཏེ་བུམ་པ་བདག་བཅས་སུ་གྲུབ་པའི་མཐའ་ལས་མི་འདོད་པས་བདག་བཅས་མིན་ཞེ་ན། བུམ་སོགས་ཆོས་ཅན། བདག་བཅས་སུ་འདོད་རིགས་པར་ཐལ། བདག་བཅས་དང་ཅུང་ཟད་ཆོས་མཐུན་པའི་རིགས་པས་བདག་བཅས་སུ་ཚད་མས་གྲུབ་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ཚད་མས་གྲུབ་པ་ཉིད་དེ་ལྟར་འདོད་པ་ཀུན་གྱི་རིགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། ཚད་མས་གྲུབ་པ་དེ་མེད་པར་ནི་དངོས་པོ་དང་དངོས་མེད་ཀྱི་རྣམ་གཞག་རྟོག་ལྡན་གང་གིས་ནུས་ཏེ་མི་ནུས་པའི་ཕྱིར་རོ། །གསུམ་པ་ནི། རྒྱུ་གང་ཞིག་ནི་མེད་པ་ཡིས། །ཞེས་གང་ཞིག་ལོག་པས་སྲོག་སོགས་ལྡོག་པའི་སྲོག་སོགས་ཀྱི་རྒྱུ་གང་ཞེ་ན། སྲོག་དང་མིག་འབྱེད་འཛུམ་དང་། ལ་སོགས་པ་དབུགས་འབྱུང་རྔུབ་ནི་ཆོས་ཅན། བདག་ལས་སྐྱེས་པ་མིན་ཏེ། དྲན་པ་དང་། འདོད་པ་དང་། ལུས་ཀྱི་ནུས་པ་དང་། བློ་དང་། རྩོལ་བ་སོགས་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །དྲན་འདོད་སོགས་དེ་དག་ཀྱང་ཆོས་ཅན། བདག་ལས་སྐྱེས་པ་མིན་ཏེ། ཡུལ་དང་། དབང་པོ་དང་། བློ་སྔ་མ་ལས་བྱུང་ཞིང་ཡུལ་དབང་བློ་དེ་ཡང་ཕན་ཚུན་རྐྱེན་ལ་ནི་ལྟོས་པའི་ཉེར་ལེན་རང་གི་རིགས་འདྲ་སྔ་མ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །དེས་ན་སྲོག་སོགས་ཀྱི་བདག་ཉིད་ཀྱི་དངོས་པོ་འདི་ཆོས་ཅན་བློ་དང་། ལུས་དང་། རྩོལ་བ་སོགས་དེ་ཙམ་ལས་འདི་དག་སྐྱེ། བདག་ལས་སྐྱེ་བ་མིན་ཏེ། རང་གི་རྒྱུ་བློ་དང་། ལུས་དང་། རྩོལ་བ་ལ་སོགས་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་ཡིན་གྱི། བདག་ལ་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར། ཁྱབ་སྟེ། རྗེས་སུ་འགྲོ་ལྡོག་བྱས་ལས་གཞན་དུ་སྟེ་གཞན་པའི་བདག་ཀྱང་རྒྱུར་རྟོག་ན་སྲོག་སོགས་ཀྱི་རྒྱུ་གཞན་དང་གཞན་ཡང་དགོས་པས་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་དེས་ན་མཉན་སྲོག་མཚུངས་པར་སྒྲུབ་པ་ལ་བཞི་སྟེ། ལྡོག་པ་འཁྲུལ་པས་མཉན་སྲོག་མཚུངས་པར་བསྟན། །མི་མཚུངས་པ་ཡི་ཁྱད་པར་ཡོད་པ་དགག །སྲོག་སོགས་འཁྲུལ་པ་མེད་པའི་རྒྱུ་མཚན་དགག །སྲོག་སོགས་ལྡོག་པ་འཁྲུལ་བའི་རྒྱུ་མཚན་འགོད་པའོ། །དང་པོ་ནི། སྒྲ་རྟག་པར་སྒྲུབ་པ་ལ་མཉན་བྱ་དང་གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ། སྲོག་སོགས་འདི་ནི་ཆོས་ཅན། རྟགས་ཡང་དག་མིན་པར་མཚུངས་པར་འགྱུར་ཏེ། ལྡོག་པ་འཁྲུལ་བར་མཚུངས་པ་ཉིད་ཀྱིས་སོ། །གཉིས་པ་ལ་གཉིས་ཏེ། ཁྱད་པར་བརྗོད། སོ་སོར་དགག་པའོ། །དང་པོ་ནི། གལ་ཏེ་རྟགས་གྲུབ་པ་མ་ཡིན་ཏེ། སྲོག་སོགས་མི་འཁྲུལ་བའི་ལྡོག་པ་ཅན་ཡིན་ཡང་མཉན་བྱ་འདི་ནི་ལྡོག་པ་འཁྲུལ་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། མཉན་བྱ་འཁྲུལ་པའི་རྒྱུ་མཚན་སྲོག་ལ་མཚུངས། །སྲོག་ལ་ལྡོག་ཁྱབ་ཡོད་ན་རྗེས་འགྲོ་གྲུབ་པའོ། །དང་པོ་ནི། མཉན་བྱ་ལྡོག་པ་ཇི་ལྟར་འཁྲུལ་པ་ཡིནཾ། སྒྲུབ་མིན་ཏེ་མི་མཐུན་ཕྱོགས་ཉིད་ལས་དེ་ལྡོག་པ་མིན་གྱི། མཐུན་ཕྱོགས་ལས་ཀྱང་ལྡོག་པའི་ཕྱིར་ཞེ་ན། འོ་ན་མཉན་བྱ་ཆོས་ཅན། དོན་གྱིས་དེ་བསྒྲུབ་བྱའི་ཆོས་ལྡན་མཐུན་ཕྱོགས་ལ་རྗེས་སུ་འཇུག་པ་མིན་པའི་སྒོ་ནས་ལྡོག་པ་འཁྲུལ་བ་དེ་ལྟར་བརྗོད་དགོས་པར་འགྱུར་བར་ཐལ། མཐུན་ཕྱོགས་ལས་ལྡོག་པའི་རྒྱུ་མཚན་གྱིས་ལྡོག་པ་འཁྲུལ་བའི་ཕྱིར། འདོད་ན། གཞན་སྲོག་སོགས་ཆོས་ཅན། ལྡོག་པ་འཁྲུལ་བར་ཐལ། མཐུན་ཕྱོགས་ལ་རྗེས་འགྲོ་མེད་པ་དེ་ནི་ཁྱོད་ལའང་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། གསོན་ལུས་བདག་བཅས་སུ་བསྒྲུབ་པ་ལ། སྲོག་སོགས་ཆོས་ཅན། མཐུན་ཕྱོགས་ལ་ཡོད་པར་ཐལ། མི་མཐུན་ཕྱོགས་ཁོ་ན་ལས་ལྡོག་པའི་ཕྱིར། ཁྱབ་སྟེ། བསྒྲུབ་བྱའི་ཆོས་ཡོད་མིན་པ་མི་མཐུན་ཕྱོགས་ཉིད་ལས་རྣམ་པར་གཅད་པ་སྟེ་ལྡོག་ཅེས་སྨྲ་བས་བསྒྲུབ་བྱ་སྟེ་མཐུན་ཕྱོགས་ལ་གནས་པར་བརྗོད་པ་ཡིན་པས་སོ། །རྗེས་སུ་འགྲོ་ལྡོག་གཉིས་གནད་གཅིག་པས་གཅིག་དངོས་སུ་བསྟན་པས་གཞན་དེའང་གོ་བ་དེ་ཉིད་ཀྱི་ཕྱིར་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། རྗེས་སུ་འགྲོ་ལྡོག་གཉིས་གཅིག་དངོས་སུ་བསྟན་པས་ཅིག་ཤོས་དོན་གྱིས་གོ་བས་ངག་གཅིག་གིས་གཉིས་ཀ་བསྟན་པར་བརྗོད་དེ། ཡང་ན་དོན་གྱིས་གོ་བས་གང་ཡང་རུང་བས་གཉིས་ཀ་རབ་ཏུ་བསྟན་པའི་ཕྱིར་ཞེས་གསུངས་པས་སོ། །དེས་ན་རྟགས་ཆོས་ཅན། རྗེས་འགྲོ་མེད་པ་ལས་མི་མཐུན་ཕྱོགས་ལ་གཏན་ནས་མེད་པ་འདི་འདྲའི་མི་འཁྲུལ་བའི་ལྡོག་པ་གྲུབ་པ་མ་ཡིན་ཏེ། ལྡོག་ཁྱབ་ངེས་པ་ལ་རྗེས་འགྲོ་ངེས་པས་ཁྱབ་པ་དེའི་ཕྱིར། གཞན་ཡང་སྲོག་སོགས་ཆོས་ཅན། མཐུན་ཕྱོགས་བདག་བཅས་ལ་ཡོད་པར་ཐལ། མཐུན་ཕྱོགས་བདག་བཅས་ལ་ལྡོག་པ་མེད་པའི་ཕྱིར། ཁྱབ་སྟེ། ཆོས་དེ་བཀག་པ་སྟེ་མེད་པ་འགོག་པ་བྱེད་པ་ནི་ཆོས་དེ་སྒྲུབ་པ་སྟེ་ཡོད་པ་ལས་གཞན་ཅི་འདྲ་ཞིག་ཡིན་ཏེ་མིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཁས་བླངས་བརྗོད། དེ་དགག་པའོ། །དང་པོ་ནི། སྲོག་སོགས་ཆོས་ཅན། སྒྲུབ་མིན་ཏེ་མི་མཐུན་ཕྱོགས་ཉིད་ལ་མེད་པའི་ལྡོག་པ་རྐྱང་པ་ཅན་ཡིན་ཏེ། ལྡོག་པ་ཅན་གང་ཞིག བསྒྲུབ་བྱ་སྟེ་མཐུན་ཕྱོགས་ལས་ལྡོག་པ་མེད་པ་དེས་ན་སྟེ་དེའི་ཕྱིར། དེའི་རྒྱུ་མཚན་ཡང་མཐུན་ཕྱོགས་བདག་བཅས་གཏན་ནས་མེད་ཅིང་མེད་པ་ལྡོག་གཞིར་མི་རུང་བའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། མེད་པ་ལྡོག་གཞི་མིན་པ་མི་འགྲུབ། །གྲུབ་ཀྱང་མཐུན་ཕྱོགས་མེད་པར་མ་ངེས་པའོ། །དང་པོ་ལ་དྲུག་སྟེ། འདོད་པ་དགག་ཏུ་མེད་པར་ཐལ། །ཤིན་ཏུ་འགལ་བ་འགྲུབ་པར་འགྱུར། །ལྡོག་པ་དགག་ཏུ་མེད་པའི་ཚུལ། །མེད་པའི་ཐ་སྙད་ཆད་པར་ཐལ། །དགག་པའི་དོན་ཡང་ཆད་པར་ཐལ། །རང་གི་ཕྱོགས་ལ་དགག་སྒྲུབ་འཐད་པའོ། །དང་པོ་ནི། མེད་པ་ཆོས་ཅན། ལྡོག་པ་མེད་དོ་ཞེས་ལྡོག་པ་དེ་ཉིད་ནི་ཇི་ལྟར་ན་དེ་ལས་ལྡོག་པར་འདོད་དེ་ལྡོག་པའི་གཞི་མིན་པར་ཐལ། ལྡོག་གཞིར་མི་རུང་བའི་ཕྱིར། གཉིས་པ་ནི། བླུན་པོ་བྱེ་བྲག་པ་ཆོས་ཅན། ཁྱོད་དེ་ཡི་ནི་དཔྱོད་ལ་ལྟོས་ཏེ་འགལ་བ་ཁས་བླངས་པ་ཡིན་ཏེ། རྟགས་སྲོག་སོགས་མཐུན་ཕྱོགས་དངོས་མེད་ལ་ལྡོག་པ་མེད་པ་ནི་སྒྲུབ་པ་སྟེ་ཡོད་པ་ཡིན་པའི་ཕྱིར་ན་སྲོག་སོགས་དངོས་པོར་ཡོད་པ་ནི་དངོས་མེད་ནའང་ཡོད་པར་ཁྱོད་ཀྱིས་ཁས་བླངས་པ་ཡིན་ལ། རྟགས་ཀྱི་དངོས་པོ་མེད་པའང་མེད་པ་ལ་ཡོད་པ་མིན་ཞེས་འདོད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་མཐུན་ཕྱོགས་དངོས་མེད་དེ་ལས་ལྡོག་པ་མེད་ན་དངོས་མེད་དེ་ལས་གཏན་ཚིགས་སྲོག་སོགས་འཇུག་པར་འདོད་དམ་ཅི་ཞེས་དྲིས་པ་ན་འཇུག་པ་དེའང་མིན་ཞེ་ན། སྲོག་སོགས་ཆོས་ཅན། མཐུན་ཕྱོགས་དངོས་མེད་ལ་ལྡོག་པ་ཅི་སྟེ་འགོག་སྟེ་དགག་མི་ནུས་པར་ཐལ། མཐུན་ཕྱོགས་དངོས་མེད་ལ་མི་འཇུག་པའི་ཕྱིར། ཁྱབ་སྟེ། ལྡོག་པ་བཀག་པ་ནི་འཇུག་པ་འདི་ཉིད་ཡིན་པའི་ཕྱིར་ནའོ། །བཞི་པ་ནི། མཐུན་ཕྱོགས་བདག་བཅས་སོགས་དངོས་མེད་འདིར་ནི་ཆོས་ཅན། མི་སྨྲ་བ་ཐོབ་སྟེ། ཐ་སྙད་གཏན་ནས་མི་འཇུག་པར་ཐལ། སྒྲུབ་པའི་ཐ་སྙད་དང་། དགག་པའི་ཐ་སྙད་དེ་གང་ཡང་ཁྱོད་ལ་མེད་པའི་ཕྱིར། ཁྱབ་སྟེ། སྒྲུབ་དང་དགག་པ་མ་གཏོགས་པ། །སྒྲ་ལས་བྱུང་བའི་ཐ་སྙད་གཞན། །ཡོད་པ་མིན་པའི་ཕྱིར་རོ། །ལྔ་པ་ནི། འགྲོ་བ་ཤེས་བྱ་ལ་ཆོས་ཅན། བུམ་པ་ལྟ་བུ་དགག་པའི་དོན་ཏེ་གཞི་ནི་མེད་པར་འགྱུར་བར་ཐལ། བུམ་པ་ཡོད་པ་རྣམས་བུམ་པ་ལ་དེ་མེད་དོ་ཞེས་དགག་པ་བྱར་མེད་ལ། བུམ་པ་དགག་པ་དེ་ནི་བུམ་པ་མེད་པ་གང་ལའང་བྱར་ཡོད་པ་མ་ཡིན་པའི་རིགས་པ་འདི་ཡིས་སོ། །གལ་ཏེ་སྐྱོན་མེད་དེ། ཡུལ་དུས་འགའ་ཞིག་ཏུ་དགག་བྱའི་ཆོས་འགའ་ཞིག་འགོག་ཅེ་ན། ཡུལ་དུས་འགའ་ཞིག་དུའང་ཆོས་ཅན། དགག་བྱའི་ཆོས་འགའ་ཞིག་དགག་ཏུ་མེད་པར་ཐལ། ཇི་ལྟར་དགག་བྱའི་ཆོས་དེ་ཡོད་པ་དེ་ལྟར་ནི་མི་འགོག་ལ། ཇི་ལྟར་དགག་བྱའི་ཆོས་དེ་མེད་པ་དེ་ལྟར་ཡང་ནི་དགག་ཆོས་དེ་འགོག་པར་མི་འགྱུར་བའི་ཕྱིར་རོ། །དྲུག་པ་ལ་གསུམ་སྟེ། སྒྲ་ཡི་དོན་ལ་དགག་སྒྲུབ་འཇུག །ཕྱི་རོལ་དོན་ལ་འཇུག་པ་དགག །འཁྲུལ་ངོར་དགག་སྒྲུབ་འཇུག་ཚུལ་བཤད་པའོ། །དང་པོ་ནི། དངོས་པོར་ཡོད་པའི་ཆོས་ཅན་དགག་སྒྲུབ་ཀྱི་ཐ་སྙད་ཀྱི་རྟེན་དུ་འགྱུར་བར་རིགས་ཀྱང་། ཅི་ལྟར་ན་དངོས་པོར་མེད་པའི་ཆོས་ཅན་དགག་སྒྲུབ་ཀྱི་ཐ་སྙད་ཀྱི་རྟེན་དུ་འགྱུར་ཞེ་ན། དངོས་མེད་དགག་སྒྲུབ་ཀྱི་རྟེན་དུ་མི་རུང་ན་སྐྱོན་ཡོད་པ་དེའི་ཕྱིར། ཕྱི་རོལ་ལ་བརྟེན་པ་མིན་པའི་དངོས་པོར་ཞེན་པ་ཅན་གྱི་བློ་ལ་སྣང་བ་དངོས་པོ་ལ་བརྟེན་པ་དང་དངོས་མེད་དུ་ཞེན་པ་ཅན་གྱི་བློ་ལ་སྣང་བ་དངོས་མེད་ལ་བརྟེན་པ་ཅན་གྱི་སྒྲ་དོན་ཆོས་ཅན། ཁྱོད་ལ་བརྟེན་ནས་དགག་སྒྲུབ་ཀྱི་སྐབས་འདིར་ནི་སྒྲུབ་པ་དང་དགག་པ་ཐམས་ཅད་བྱེད་པར་འདོད་པ་ཡིན་ཏེ། དགག་སྒྲུབ་བྱེད་པའི་བློ་ལ་དགག་སྒྲུབ་གཉིས་དང་འབྲེལ་བར་སྣང་བའི་གཞི་ཡིན་པའི་ཕྱིར། དོན་ལ་དགག་སྒྲུབ་དེ་འདྲ་མེད་ནའང་རྟོག་པ་ལ་སྣང་བའི་ཆོས་ཅན་དེ་ཆོས་ཅན། ཁྱོད་ལ་དགག་སྒྲུབ་ཀྱི་ཐ་སྙད་བརྟེན་པར་འདོད་དེ། འཁྲུལ་ངོར་དགག་སྒྲུབ་དེ་དག་དང་ནི་འབྲེལ་བར་སྣང་བའི་ཕྱིར། སྒྲ་དོན་དེ་ཡོད་པར་ཅིས་འགྲུབ་ཅེ་ན། དགག་སྒྲུབ་བྱེད་པའི་རྟོག་པ་ཆོས་ཅན། ཁྱོད་ལ་སྣང་བའི་སྒྲ་དོན་དེ་ཡང་དོན་ལ་མེད་ཀྱང་ཡོད་ཅེས་བརྗོད་དུ་རུང་སྟེ། སྒྲ་འཇུག་པ་ཉིད་ལས་སྒྲ་དོན་དེ་ཁྱོད་ལ་སྣང་བའི་ཕྱིར་རོ། །གཉིས་པ་ནི། སྒྲ་དོན་ལ་དགག་སྒྲུབ་དངོས་སུ་བྱེད་པ་དེ་ལྟ་མིན་པར་རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་ན། བུམ་པ་ལ་སོགས་པའི་དོན་ཆོས་ཅན། ཁྱོད་རྣམས་ཀྱི་ཆོས་མི་རྟག་པ་ལྟ་བུ་གཅིག་བསྒྲུབས་སམ་རྟག་པ་ལྟ་བུ་གཅིག་བཀག་པ་ན་བྱས་པ་ལ་སོགས་པའི་བདག་ཉིད་ཐམས་ཅད་སྒྲུབ་པ་དང་མ་བྱས་པ་སོགས་ཐམས་ཅད་བཀག་པར་འགྱུར་བར་ཐལ། ཁྱོད་རྣམས་ལས་བྱས་མི་རྟག་སོགས་དང་མ་བྱས་པ་དང་རྟག་པ་བཀག་པ་སོགས་ཐམས་ཅད་བདག་ཉིད་ཐ་དད་མེད་པར་རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། རྫས་ཐ་དད་ཡིན་ན་སྒྲུབ་པ་བྱས་མི་རྟག་དག་ཆོས་ཅན། ཆོས་ཅན་བུམ་པ་ལྟ་བུ་དེ་ཁྱོད་གཉིས་ཀ་ཡིན་པའི་ཚུལ་གྱིས་ཁྱོད་གཉིས་བུམ་པ་གཅིག་ལ་འདུ་བར་མི་འགྱུར་བར་ཐལ། ཁྱོད་གཉིས་བུམ་པ་ལས་རྫས་ཐ་དད་པའི་ཕྱིར། གཞན་བུམ་པ་དང་གཞན་སྣམ་བུ་སྒྲུབ་པ་གཞི་གཅིག་ལ་གཞི་མཐུན་དུ་མི་འདུ་བ་བཞིན། ཡང་རྟག་པ་དགག་པ་དང་མ་བྱས་པ་དགག་པ་དག་ཆོས་ཅན། བུམ་པ་གཅིག་ལ་གཞི་མཐུན་དུ་འདུ་བར་མི་འགྱུར་བར་ཐལ། བུམ་པ་ལས་རྫས་ཐ་དད་ཡིན་པའི་ཕྱིར། བུམ་པ་མིན་དང་སྣམ་བུ་མིན་པ་སོགས་བཀག་པ་གཞི་གཅིག་ལ་གཞི་མཐུན་དུ་མི་འདུ་བ་བཞིན་ནོ། །ཡང་ན་བྱས་མི་རྟག་རྫས་ཐ་དད་པ་ཕྱོགས་སྔར་བྱས་ནས་མ་བྱས་པ་བཀག་པ་དང་མི་རྟག་པ་བསྒྲུབ་པ་ལ་སྦྱར་རོ། །གསུམ་པ་ལ་གསུམ་སྟེ། འཕེལ་འགྲིབ་མེད་ཀྱང་འཕེལ་འགྲིབ་ལྟ་བུར་སྣང་། །དོན་ལ་མེད་ཀྱང་ཚད་མས་གནོད་པ་མེད། །འཁྲུལ་པ་ཡིན་ཀྱང་འཁྲུལ་པར་ཤེས་པ་མེད་པའོ། །དང་པོ་ནི། དོན་དགག་སྒྲུབ་མེད་ཀྱང་བྱས་མི་རྟག་སོགས་ལྡོག་པ་སྣ་ཚོགས་པའི་ཆོས་ཀྱི་གཞིར་གྱུར་པ་རྟོག་པ་ལ་སྣང་བའི་ཆོས་ཅན་བུམ་པ་ལྟ་བུ་དེ་ཆོས་ཅན། ཁྱོད་ལ་སེལ་ངོར་དགག་ཆོས་འགྲིབ་པ་དང་སྒྲུབ་ཆོས་འཕེལ་བ་ལྟ་བུར་སྣང་སྟེ། ཁྱོད་གཅིག་གིས་དབང་དུ་བྱས་ཏེ་མི་རྟག་པ་ལྟ་བུ་གཅིག་སྒྲུབ་པ་ན་ཆོས་དེ་བསྟན་པ་ཉིད་དུ་སྣང་བ་དང་། གཞན་བྱས་པ་ལ་སོགས་རྣམས་དགག་སྒྲུབ་གང་ཡང་མ་བྱས་པས་བཏང་སྙོམས་ལྟ་བུ་དང་། ཁྱོད་ལ་རྟག་པ་ལྟ་བུ་གཅིག་འགོག་ན་རྟག་པ་དེ་ཡིས་དབེན་པ་དང་། དེ་ལས་གཞན་མ་བཀག་པ་རྣམས་ལ་ལྟོས་པ་ལྟ་བུར་སྣང་བའི་ཕྱིར་རོ། །གཉིས་པ་ནི། དོན་ལ་མེད་པ་ཡི་ནི་དོན་ཏེ་ཡུལ་ཅན་གྱི་དགག་སྒྲུབ་ཀྱི་ཐ་སྙད་ཅི་ལྟར་རྟོག་པའི་བློས་བསྟན་པ་དེ་ཆོས་ཅན། ཁྱོད་ཇི་ལྟར་བརྟགས་པ་ལྟར་དེ་བཞིན་ཉིད་དུ་ཆོས་དང་ཆོས་ཅན་གྱི་དངོས་པོ་ཡོད་མེད་དེ་མ་བརྟགས་པར་རང་མཚན་ཐ་དད་པའི་དོན་ལ་བརྒྱུད་ནས་བརྟེན་པ་ཅན་དུ་ཐ་སྙད་དུ་ཁས་ལེན་པ་ལ་ཚད་མས་གནོད་པར་མི་འགྱུར་ཏེ། ཁྱོད་ཐོག་མ་མེད་པའི་ཐ་སྙད་ཀྱི་བག་ཆགས་ལས་བྱུང་བའི་འཇིག་རྟེན་པའི་སྒྲ་དོན་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་རང་མཚན་རྣམས་ཐ་དད་པ་ཡིན་ཞེ་ན། མིག་གི་དབང་པོ་ནི་ཆོས་ཅན། ཁྱོད་གཅིག་ཉིད་ལས་ཐ་དད་ཅེས་བརྗོད་དུ་རུང་སྟེ། མིག་ཤེས་དེའི་འབྲས་བུ་བྱེད་པ་ཅན་དང་སྒྲ་ཤེས་དེའི་འབྲས་བུ་མེད་པ་ཅན་ཡིན་པས་མིག་ཤེས་ཀྱི་རྒྱུ་མིན་པ་དེ་ལས་ཐ་དད་པ་དང་། སྒྲ་ཤེས་ཀྱི་རྒྱུ་ཡིན་པ་དེ་ལས་ཐ་དད་པ་གཉིས་ཀ་ཁྱོད་ཀྱི་དོན་གཅིག་ཡིན་པའི་ཕྱིར་རོ། །གསུམ་པ་ནི། བཤད་མ་ཐག་པའི་རང་མཚན་ཐ་དད་པ་ལ་བརྒྱུད་ནས་བརྟེན་པ་ཅན་གྱི་དགག་སྒྲུབ་བྱེད་པའི་རྟོག་བློ་ཆོས་ཅན། བསླད་པ་འཁྲུལ་ཤེས་ཡིན་ཏེ། དོན་ལ་སྒྲུབ་ཆོས་འཕེལ་བ་དང་དགག་ཆོས་འགྲིབ་པ་མེད་ཀྱང་སྒྲུབ་ཆོས་གསར་དུ་འཕེལ་བ་དང་དགག་ཆོས་གསར་དུ་འགྲིབ་པ་ལྟ་བུར་བྱེད་པར་སྣང་བ་ཡི་བློ་ཡིན་པའི་ཕྱིར་རོ། །འོ་ན་རང་ཉིད་ཀྱིས་འཁྲུལ་པར་ཤེས་སམ་ཞེ་ན། དགག་སྒྲུབ་བྱེད་པའི་རྟོག་བློ་དེ་དག་ཆོས་ཅན། བསླད་པ་འཁྲུལ་ཤེས་ཡིན་པའང་རང་ཉིད་ཀྱིས་ཤེས་པ་མ་ཡིན་ཏེ། ཐ་སྙད་དེ་དང་འཇུག་ཡུལ་དེ་དག་གི་བརྒྱུད་ནས་འབྲེལ་པ་འགའ་ལས་རང་ལ་སྣང་བའི་རྣམ་པ་དེ་ཕྱི་རོལ་གྱི་དོན་དེ་དང་ལྡན་པ་ཉིད་མིན་ཡང་ཕྱི་རོལ་གྱི་དོན་དུ་མཐོང་བས་སྣང་བརྟགས་གཅིག་ཏུ་སྦྱོར་བ་དེས་ན་སྟེ་དེའི་ཕྱིར་རོ། །གཉིས་པ་གྲུབ་ཀྱང་མཐུན་ཕྱོགས་མེད་པར་མ་ངེས་པ་ནི། ཁྱོད་མཐུན་ཕྱོགས་བདག་བཅས་མེད་པས་དེ་ལས་སྲོག་སོགས་མི་ལྡོག་ཅེས་འདོད་པ་མི་འཐད་དེ། བདག་དེ་ཆོས་ཅན། མེད་པར་ཚད་མས་ངེས་པ་མ་ཡིན་པར་ཡོད་མེད་ཐེ་ཚོམ་དུ་འགྱུར་བར་ཐལ། ཁྱོད་གསོན་ལུས་ལ་ཡོད་པ་ཉིད་དུ་བསྒྲུབ་པའི་སྒྲུབ་བྱེད་ཡང་དག་འཇུག་པའི་ཕྱིར། གལ་ཏེ་སངས་རྒྱས་པས་བདག་མེད་པར་ཁས་བླངས་པས་མེད་པར་གྲུབ་ཅེ་ན། སངས་རྒྱས་པས་བདག་མེད་པར་ཁས་བླངས་པ་ཆོས་ཅན། ཁྱོད་ཚད་མ་ཅན་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལས་བདག་མེད་པར་གྲུབ་པ་ཉིད་ཀྱང་རིགས་པ་མ་ཡིན་པར་ཐལ། ཁྱོད་ཚད་མ་ཅན་ཉིད་མིན་པའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱིས་མཐུན་ཕྱོགས་བདག་བཅས་མེད་པ་ལས་སྲོག་སོགས་ལྡོག་པ་མེད་པར་བརྗོད་ན་ཡང་། སྲོག་སོགས་ཆོས་ཅན། མཐུན་ཕྱོགས་བདག་བཅས་ལས་ལྡོག་པར་ཐེ་ཚོམ་ཟ་བར་ཐལ། མཐུན་ཕྱོགས་བདག་བཅས་དེ་ཡོད་མེད་ཉིད་ལ་ཐེ་ཚོམ་ཟ་བའི་ཕྱིར་ཏེ། དེ་འདོད་ན་སྲོག་སོགས་ཆོས་ཅན། མི་མཐུན་ཕྱོགས་བདག་མེད་ལས་ལྡོག་པར་ཡང་ཐེ་ཚོམ་ཟ་བ་སྟེ་ལྡོག་པར་ཚད་མས་མ་གྲུབ་པར་ཐལ། མཐུན་ཕྱོགས་བདག་བཅས་ལ་ཡོད་མེད་གང་རུང་དུ་ཚད་མས་མ་གྲུབ་པའི་ཕྱིར། ཁྱབ་སྟེ། བདག་ཡོད་མེད་ལྟ་བུའི་ཕུང་པོ་གཉིས་ལས་མཐུན་ཕྱོགས་བདག་བཅས་ལྟ་བུ་ཉིད་གཅིག་ལ་ནི་ཡོད་པར་ངེས་པར་གྲུབ་ན་གཞན་བདག་མེད་ལྟ་བུ་ལས་ནི་ལྡོག་པར་གྲུབ་ཀྱི། གཞན་དུ་མིན་པའི་ཕྱིར་རོ། །གལ་ཏེ་སྲོག་སོགས་དེ་བདག་མེད་ཀྱི་ཁྱད་པར་བུམ་སོགས་ལ་མ་མཐོང་བས་བདག་བཅས་ལ་ཡོད་ཅིང་བདག་མེད་ལས་ལྡོག་པར་གྲུབ་ཅེ་ན། སྲོག་སོགས་ཆོས་ཅན། མཐོང་བའི་བདག་མེད་བུམ་པ་ལྟ་བུ་འགའ་ཞིག་ལ་མ་མཐོང་བ་ཡིན་ཡང་། དེ་ཙམ་གྱིས་བདག་མེད་མཐའ་དག་ལ་མེད་ངེས་སུ་མི་འགྲུབ་པར་ཐལ། དེ་ལ་མ་མཐོང་ཡང་མཐོང་བ་མེད་པའི་བདག་མེད་འགའ་ཞིག་དག་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། ཁྱབ་སྟེ། དེའི་རིགས་ཅན་འགའ་ཞིག་ལ་ཆོས་དེ་མ་མཐོང་བས་དེའི་རིགས་ཅན་འགར་ཡང་ཆོས་དེ་མེད་པར་ངེས་པ་མེད་པའི་ཕྱིར་ཏེ། དེ་གསལ་བ་སྟེ་རིགས་མཐའ་དག་ལ་ཆོས་དེ་ཁྱབ་བྱེད་དུ་ཡོད་པ་ནི་མིན་ཡང་དེའི་རིགས་ཅན་དུ་གྱུར་པ་འགའ་ཞིག་ལ་དོན་དེ་ཡོད་པ་སྲིད་པའི་ཕྱིར་ཏེ། དཔེར་ན་མཁྲེགས་པའི་ཁྱད་པར་རྡོ་རྗེ་སོགས་མཚོན་གྱིས་མི་ཆོད་པར་མཐོང་ཡང་མཁྲེགས་པའི་རིགས་ཅན་ཤིང་ལ་སོགས་པ་མཚོན་གྱིས་ཆོད་པར་མཐོང་བ་བཞིན་ནོ། །བཞི་པ་སྲོག་སོགས་ལྡོག་པ་འཁྲུལ་བའི་རྒྱུ་མཚན་འགོད་པ་ལ་གཉིས་ཏེ། འགལ་བ་ངེས་པ་མེད་པས་ལྡོག་པ་འཁྲུལ། འབྲེལ་པ་ངེས་པ་མེད་པས་ལྡོག་པ་འཁྲུལ་བའོ། དང་པོ་ལ་གཉིས་ཏེ། ལྡོག་པ་མེད་པའི་རྒྱུ་མཚན་དངོས། །ཡོད་ཀྱང་བདག་བཅས་སུ་མི་འགྲུབ་པའོ། །དང་པོ་ནི། སྲོག་སོགས་ཆོས་ཅན། མི་མཐུན་ཕྱོགས་བདག་མེད་ལ་ཡོད་མེད་ཀྱི་ཐེ་ཚོམ་གང་ལས་ལྡོག་པར་འགྱུར་ཏེ་མི་འགྱུར་བར་ཐལ། བདག་མེད་ལ་ཡོད་པ་ལ་འགལ་བ་ཚད་མས་མ་མཐོང་བའི་ཕྱིར་ནའོ། །གལ་ཏེ་དངོས་སུ་མི་འགལ་ཡང་སྲོག་སོགས་ཀྱི་ཁྱབ་བྱེད་བདག་དང་བདག་མེད་འགལ་བས་སྲོག་སོགས་དེ་བདག་མེད་དང་བརྒྱུད་ནས་འགལ་ལོ་ཞེ་ན། སྲོག་སོགས་ཆོས་ཅན། བདག་གི་ཁྱབ་བྱ་ཡིན་པའི་སྒོ་ནས་བདག་མེད་དང་འགལ་བ་དེ་མི་འཐད་པར་ཐལ། བདག་གི་འབྲས་བུ་དང་། བདག་དང་བདག་གཅིག་པ་གང་ཡང་མིན་པའི་ཕྱིར། ཁྱབ་སྟེ། བདག་མེད་དང་འགལ་བ་དེ་ཡང་ཡོད་ན་ལ་ལར་བདག་དེའི་འབྲས་བུ་དང་། ཡང་ན་བདག་དེ་བདག་ཉིད་དུ་ངེས་པ་ལས་གཞན་ཅི་ཡོད་དེ་མེད་པའི་ཕྱིར། དེས་ན་སྲོག་སོགས་འདིར་ནི་ཆོས་ཅན། བདག་མེད་པ་ལས་ཀྱང་ལྡོག་པར་ཐེ་ཚོམ་ཟ་སྟེ་ལྡོག་པར་མ་གྲུབ་པར་ཐལ། བདག་མེད་ལ་ཡོད་པ་ལ་དངོས་འགལ་དང་བརྒྱུད་འགལ་གང་ཡང་མེད་པའི་ཕྱིར། གཉིས་པ་ནི། སྲོག་སོགས་བདག་མེད་ལས་ལྡོག་ཅིང་གསོན་ལུས་ལ་སྲོག་སོགས་ཡོད་པས་བདག་མེད་ལྡོག་ཏུ་ཆུག་པ་དེ་ལྟ་ནའང་། གསོན་ལུས་ཆོས་ཅན། ཁྱོད་ལ་བདག་མེད་མེད་པའི་རྒྱུ་མཚན་ལས་ཁྱོད་བདག་བཅས་སུ་འགྲུབ་པར་མི་འགྱུར་བར་ཐལ། རྒྱུ་མཚན་གང་གིས་ན་རིག་པ་ཅན་པ་དེ་ནི་གཞི་འགའ་ཞིག་ལ་ཆོས་དེ་ལྡོག་པ་མེད་པས་ངེས་པར་དངོས་པོར་ཏེ་ཆོས་དེ་ཡོད་པར་འགྱུར་བར་འདོད་པ་མ་ཡིན་པའི་ཕྱིར་རོ། །དཔེར་ན་སྲོག་སོགས་མཐུན་ཕྱོགས་ལ་ལྡོག་པ་མེད་ཀྱང་མཐུན་ཕྱོགས་ལ་ཡོད་པ་མིན་པར་འདོད་པ་བཞིན་ནོ། །གལ་ཏེ་གཏན་ཚིགས་སྲོག་སོགས་ཆོས་ཅན། མཐུན་ཕྱོགས་ལ་རྗེས་འགྲོ་ཅན་དུ་ཐལ། མཐུན་ཕྱོགས་ལས་ལྡོག་པ་མེད་པ་དེའི་རྒྱུ་མཚན་གྱིས་སོ། །གལ་ཏེ་མ་ཁྱབ་ན། གསོན་ལུས་ཆོས་ཅན། ཁྱོད་བདག་མེད་མ་ཡིན་པ་ཙམ་གྱིས་བདག་བཅས་སུ་གྲུབ་པ་མིན་པར་ཐལ། གཞི་འགའ་ཞིག་ལ་ཆོས་དེ་ལྡོག་པ་མིན་ཡང་གཞི་དེ་ལ་ཆོས་དེ་རྗེས་འགྲོ་ཅན་དུའང་འགྱུར་བ་མིན་པའི་ཕྱིར་ནའོ། །གཉིས་པ་ལ་གཉིས་ཏེ། ལྡོག་པ་འབྲེལ་བ་ངེས་ལ་ལྟོས། །ངེས་བྱེད་མེད་པས་ལྡོག་པ་འཁྲུལ་པའོ། །དང་པོ་ནི། གཏན་ཚིགས་ཡང་དག་ཆོས་ཅན། རྗེས་སུ་འགྲོ་ལྡོག་ངེས་པ་འབྲེལ་པ་ངེས་པ་ལ་ལྟོས་ཏེ། ཁྱོད་འཇུག་པ་སྟེ་ཡོད་པ་ལ་གང་གི་རང་གི་བདག་ཉིད་རང་གི་ཁྱབ་བྱེད་ཡོད་པ་དང་། རང་གི་ཁྱབ་བྱེད་གང་མེད་ན་རང་མི་འབྱུང་བ་ཅན་གྱི་འབྲེལ་པ་གྲུབ་པ་ཡིན་པ་དེའི་ཕྱིར་ཏེ། དེའི་རྒྱུ་མཚན་གྱིས་ཁྱབ་བྱེད་དེ་ཉིད་ལྡོག་ན་རང་ཉིད་ལྡོག་པར་བྱེད་པ་ཡིན་ཏེ། རང་འཇུག་པ་སྟེ་ཡོད་པ་ན་ཡང་རང་གི་ཁྱབ་བྱེད་དེ་འཇུག་པ་སྟེ་ཡོད་པར་གོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །རྟགས་ཡང་དག་ཆོས་ཅན། རང་གི་བསྒྲུབ་བྱའི་ཆོས་དང་མེད་ན་མི་འབྱུང་བའི་འབྲེལ་བ་དེ་ཡང་ནི་སྒྲུབ་པར་བྱེད་པའི་ཚད་མ་ལ་ལྟོས་པ་ཡིན་ཏེ། འབྲེལ་པ་ཡོད་ཀྱང་ཚད་མའི་སྟོབས་ཀྱིས་མ་ངེས་ན་གོ་བྱེད་དུ་མི་རུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དེ་བྱུང་འབྲེལ་པའི་ངེས་བྱེད་མེད། །བདག་གཅིག་འབྲེལ་པའི་ངེས་བྱེད་མེད་པའོ། །དང་པོ་ལ་གསུམ་སྟེ། དེ་བྱུང་འབྲེལ་བའི་ངེས་བྱེད་དངོས། །བདག་སྲོག་གཉིས་ལ་དེ་མ་གྲུབ། །ངེས་བྱེད་དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། རྒྱུ་འབྲས་གཉིས་ཀ་སྣང་རུང་གི་གཞི་འགར། དང་པོར་གཉིས་ཀ་མ་དམིགས། དེ་ནས་རྒྱུ་མཐོང་བའི་རྗེས་སུ་འབྲས་བུ་མཐོང་བ་དང་། ཡང་ན་དང་པོར་འབྲས་བུ་དམིགས། དེ་ནས་རྒྱུ་མ་མཐོང་བའི་རྗེས་སུ་འབྲས་བུ་མ་མཐོང་བ་དེ་དག་ཆོས་ཅན། རྒྱུ་དང་འབྲས་བུ་ཉིད་དུ་ཚད་མས་ངེས་པར་བྱེད་དེ། རྒྱུ་འབྲས་སུ་མངོན་སུམ་ཕུགས་གསུམ་གང་རུང་གིས་ངེས་པར་བྱེད་པའི་ཕྱིར། གཉིས་པ་ནི། སྲོག་སོགས་ཆོས་ཅན། བདག་གི་འབྲས་བུ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་ལས་དོན་གཞན་བདག་དེ་རྟོགས་པར་བྱེད་པའི་རྟགས་སུ་ཡོད་པ་མ་ཡིན་པར་ཐལ། ཁྱོད་བདག་གི་འབྲས་བུ་མིན་པའི་ཕྱིར་ཏེ། ཁྱོད་དེ་ཡོད་ན་བདག་ཡོད་པའི་ངེས་པ་མེད་པའི་ཕྱིར་དང་། བདག་མེད་པ་ན་ཁྱོད་དེ་དག་མེད་པར་འགྱུར་མི་སྲིད་པའི་ཕྱིར་ཏེ། བདག་དེ་རྟག་ཏུ་ཡོད་པས་དུས་ནམ་ཡང་མེད་པར་འགྱུར་བ་མི་སྲིད་པས་སོ། །གསུམ་པ་ལ་བཞི་སྟེ། ལྡོག་པ་འཁྲུལ་ན་འབྲས་བུ་མིན། །འཁྲུལ་ཡང་འབྲས་བུ་ཡིན་པ་དགག །རྒྱུ་ལ་འཁྲུལ་པའི་དཔེར་བརྗོད་དགག །འཁྲུལ་པ་མེད་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། གལ་ཏེ་ཆོས་དེའི་འབྲས་བུ་ཡིན་པ་ཙམ་གྱིས་ཆོས་དེ་ལྡོག་ན་དེ་ལྡོག་པར་མ་ངེས་ཏེ། དུ་བ་མེའི་འབྲས་བུ་ཡིན་ཀྱང་མེ་ལྡོག་ན་དུ་བ་ལྡོག་པར་མ་ངེས་པའི་ཕྱིར་ཏེ། དུ་བ་དེ་མེ་མེད་བརྒྱ་བྱིན་གྱི་སྤྱི་བོ་ལས་འབྱུང་བའི་ཕྱིར་ཞེ་ན། འབྲས་བུའི་རང་བཞིན་ཐ་དད་རྣམས་ཆོས་ཅན། རང་རྒྱུར་འདོད་པ་དེ་དག་མེད་པར་གཞན་ལས་བྱུང་ན་ཅི་ལྟར་རང་རྒྱུར་འདོད་པ་དེས་སྐྱེད་པའི་རང་བཞིན་ཡིན་ཏེ་མིན་པར་ཐལ། རང་རང་གི་རྒྱུ་རྣམས་ལས་ནི་བྱུང་བའི་ཕྱིར། ཡང་དངོས་པོ་རྣམས་ཆོས་ཅན། སྣ་ཚོགས་པའི་ངོ་བོ་ཉིད་ཡིན་ཏེ། རྒྱུ་ཚོགས་མི་འདྲ་བ་དུ་མ་པའི་ནུས་པ་ཐ་དད་པ་ལས་སྐྱེས་པའི་ཕྱིར། གལ་ཏེ་རྒྱུ་ཚོགས་པ་ཐ་དད་འདིས་འབྲས་བུ་ཐ་དད་སྐྱེད་པར་བྱེད་པ་མིན་ན། འགྲོ་བ་གསུམ་པོ་འདི་ཆོས་ཅན། ངོ་བོ་གཅིག་ཏུ་འགྱུར་བར་ཐལ། དངོས་པོ་གང་ཞིག་རྒྱུ་ཐ་དད་དང་རྒྱུ་ཚོགས་གཅིག་པ་གང་གིས་ཀྱང་ཐ་དད་དུ་མ་བསྐྱེད་པའི་ཕྱིར། རྟགས་ཕྱི་མ་ཚད་མས་གྲུབ་པའོ། །གཉིས་པ་ནི། བརྒྱ་བྱིན་གྱི་སྤྱི་བོ་འདི་མེའི་འབྲས་བུ་ལས་ཐ་དད་པའི་འབྲས་བུ་ཡང་བྱེད་ལ། ཡང་མེའི་འབྲས་བུ་ལས་ཐ་དད་པའི་འབྲས་བུ་བྱེད་པ་མིན་པར་མེའི་འབྲས་བུ་དུ་བ་སོགས་བསྐྱེད་པས་དུ་བ་དེ་མེ་ལ་ལྡོག་པ་འཁྲུལ་ལོ་ཞེ་ན། བརྒྱ་བྱིན་གྱི་སྤྱི་བོ་ཆོས་ཅན། རང་བཞིན་གཅིག་ཉིད་ཡིན་པ་ཉམས་པར་ཐལ། མེ་ཡོད་ཀྱི་ཚོགས་པའི་འབྲས་བུ་ལས་ཐ་དད་བྱེད་མི་བྱེད་གཉིས་ཡིན་པའི་ཕྱིར། བརྒྱ་བྱིན་གྱི་སྤྱི་བོ་གཅིག་ནི་ཆོས་ཅན། མེ་ཡོད་དང་མེ་ཡོད་མིན་པའི་རང་བཞིན་གཉིས་སུ་ཐལ། མེ་ཡོད་ཀྱི་ཚོགས་པའི་འབྲས་བུ་བྱེད་པ་དང་། མེ་ཡོད་ལས་ཐ་དད་པའི་ཚོགས་པའི་འབྲས་བུ་བྱེད་པའི་རང་བཞིན་དུ་མ་ཡིན་པའི་ཕྱིར། དེས་ན་དུ་བའི་རྒྱུར་འདོད་པའི་གཞན་བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་དེ་ནི་ཆོས་ཅན། ཁྱོད་མེ་ཡོད་བཞིན་དུ་དུ་བ་བསྐྱེད་པ་མིན་པར་ཐལ། ཁྱོད་དེས་དུ་བ་བསྐྱེད་པའི་རང་བཞིན་ཡིན་ན་ཁྱོད་དེ་མེ་ཡོད་ཡིན་དགོས་པའི་ཕྱིར་ཏེ། ཁྱོད་དེས་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་ན་དུ་བ་དེ་ནི་ཁྱོད་དེ་ལས་ཇི་ལྟར་འབྱུང་སྟེ་མི་འབྱུང་བའི་ཕྱིར་རོ། །དེས་ན་རྒྱུ་དང་འབྲས་བུ་དག་ཆོས་ཅན། རྒྱུ་དེས་རང་འབྲས་ཁོ་ན་བསྐྱེད་ཅིང་། འབྲས་བུ་དེ་རང་རྒྱུ་ཁོ་ན་ལས་སྐྱེ་བའི་ཚུལ་གྱིས་ཕན་ཚུན་རང་བཞིན་ངེས་པ་ཉིད་དེ་འབྲས་བུ་དེ་བསྐྱེད་བྱེད་ཡིན་ན་འབྲས་བུ་དེ་རྒྱུའི་རང་བཞིན་ཡིན་དགོས་ཤིང་། འབྲས་བུ་དེའི་རྒྱུའི་རང་བཞིན་མིན་ན་འབྲས་བུ་དེ་མི་སྐྱེ་བ་དེའི་ཕྱིར་རོ། །དེས་ན་རྒྱུ་ཉིད་ཀྱི་རང་བཞིན་དངོས་སུ་མཐོང་བ་བཞིན་འབྲས་བུ་དུ་བ་ལྟ་བུ་ཆོས་ཅན། ཁྱོད་མཐོང་ན་ཡང་སྟེ་རྟགས་སུ་བྱས་པ་ལས་གཞི་འགར་རང་རྒྱུ་དེ་ཡོད་པར་རྟོགས་པར་འགྱུར་སྲིད་དེ། གཞི་འགའ་ཞིག་ཏུ་རང་རྒྱུ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། གསུམ་པ་ནི། གལ་ཏེ་རྒྱུ་ཚོགས་པ་མི་འདྲ་བ་དུ་མས་འབྲས་བུ་རིགས་གཅིག་བསྐྱེད་པ་ཡོད་དེ། ཆུ་དང་འོ་མ་མི་འདྲ་བས་རང་འབྲས་རུལ་བ་གཅིག་བསྐྱེད་པ་བཞིན་ནོ་ཞེ་ན། ཆུ་དང་འོ་མ་ཆོས་ཅན། ཁྱོད་ཀྱིས་རང་འབྲས་རུལ་བ་གཅིག་བསྐྱེད་པར་འགྱུར་བ་བཞིན་ཏེ་དེ་ཉིད་དཔེར་བྱས་པ་ལས་རྒྱུ་ཚོགས་པ་མི་འདྲ་བ་དུ་མ་ལས་འབྲས་བུ་རིགས་གཅིག་བསྐྱེད་པར་ཅི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་གཤེར་བར་རིགས་གཅིག་པའི་ནུས་པ་གང་ལས་རང་འབྲས་རུལ་བ་གཅིག་བསྐྱེད་པར་འགྱུར་བའི་ཕྱིར་ཏེ། ཁྱོད་གཉིས་ཀའང་རྒྱུ་རིགས་གཅིག་པ་ཉིད་ཀྱི་རྒྱུ་མཚན་གྱིས་འབྲས་བུ་རིགས་གཅིག་བསྐྱེད་དགོས་པའི་ཕྱིར། འོ་ན་ཅི་ཆུ་དང་འོ་མ་འདི་ནི་ཐ་དད་དང་གཅིག་པའི་བདག་ཉིད་དམ་སྟེ་ཐ་དད་དང་གཅིག་གཉིས་ཀའི་རང་བཞིན་དུ་འགྱུར་ཏེ། ནུས་པ་གཅིག་ཅིང་སྣང་བ་ཐ་དད་པའི་ཕྱིར་རོ་ཞེ་ན། ཆུ་དང་འོ་མ་ཆོས་ཅན། ཐ་དད་དང་གཅིག་གཉིས་ཀའི་རང་བཞིན་མིན་པར་ཐལ། དོན་དམ་པར་རྫས་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར། འོ་ན་གཤེར་བ་ཉིད་དུ་རིགས་གཅིག་པ་ཅི་ལྟར་ཡིན་ཞེ་ན། དོན་དམ་པར་ཕན་ཚུན་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར། རྫས་ཐ་དད་པ་ཡིན་ཀྱང་དེ་དག་ཆོས་ཅན། གཤེར་བར་རིགས་གཅིག་ཅེས་བརྗོད་དུ་རུང་སྟེ། གཤེར་བ་དེའི་རང་བཞིན་ཅན་དུ་ངེས་པ་ཅན་གྱི་བློ་དོན་མཐུན་གྱི་རྒྱུར་མཚུངས་པས་བློ་དེ་གཤེར་བར་ཐ་དད་མེད་པར་འཇུག་པའི་ཕྱིར་རོ། །ཆུ་དང་འོ་མ་རྫས་ཐ་དད་ཀྱང་བློ་རིགས་གཅིག་བྱེད་པས་རིགས་གཅིག་པར་བརྗོད་པ་དེ་བཞིན་དུ་མེའི་བྱེ་བྲག་རྣམས་ནི་ཐ་དད་ཀྱང་སྲེག་ནུས་ལ་སོགས་པའི་ཆ་གང་གིས་ནི་མེར་རྟོགས་པའི་རྟེན་ཏེ་རྒྱུ་ཡིན་པར་ཐམས་ཅད་མཚུངས་པ་དེས་ན་དུ་བ་ཆོས་ཅན། ཁྱོད་རྟགས་སུ་བྱས་པ་ལས་གཞི་འགར་མེ་ཙམ་དེ་ལྟར་རྟོགས་པར་འགྱུར་བ་ཡིན་ཏེ། མེ་ཙམ་དེས་ནི་ཁྱོད་བསྐྱེད་པ་དེས་ནའོ། །བཞི་པ་ནི། དུ་བ་ཆོས་ཅན། མེ་ཙམ་དེ་ལ་འཁྲུལ་བ་མེད་པ་ཅན་ཡིན་ཏེ། མེར་རིགས་གཅིག་པར་ཤེས་པའི་ངེས་ཤེས་ཀྱི་ཡན་ལག་སྟེ་རྒྱུར་གྱུར་པའི་མེ་ཙམ་དེ་རྐྱེན་གཞན་བུད་ཤིང་ལས་ནི་ལྟོས་པ་ཉིད་ལས་ཁྱོད་བྱུང་བའི་ཕྱིར། དུ་བ་མེ་ལ་མི་འཁྲུལ་བ་དེ་ལྟར་འབྲས་བུ་གཞན་ཡང་ཆོས་ཅན། རང་རང་གི་རྒྱུ་ལ་མི་འཁྲུལ་བ་དེ་བཞིན་དུ་འགྲུབ་སྟེ། རང་རང་གི་རྒྱུ་དེའི་འབྲས་བུ་གང་ཞིག་དེ་ལ་འཁྲུལ་ན་དེའི་འབྲས་བུ་མིན་པའི་ཕྱིར་རོ། །གཞན་ཡང་དོན་འགའ་ཞིག་གལ་ཏེ་མེ་མིན་ན་དེ་ལས་བྱུང་བ་དེ་དུ་བ་མིན་ཞིང་། གལ་ཏེ་དེ་ལས་འབྱུང་བ་དེ་དུ་བ་ཡིན་ན་དེ་མེ་ཡོད་དེ་ཉིད་དུ་འགྱུར་བའི་ཚུལ་གྱིས་དུ་བ་མེ་ཡོད་ལ་མི་འཁྲུལ་ཏེ། དུ་བ་དང་བུད་ཤིང་གི་འགྱུར་བ་བསྐྱེད་པའི་ཡན་ལག་གམ་རྟེན་གང་ཡིན་པ་དེ་ཉིད་ལ་མེར་ཡོད་ཅེས་བྱ་བར་འཇོག་པའི་ཕྱིར་རོ། །གཉིས་པ་བདག་གཅིག་འབྲེལ་པའི་ངེས་བྱེད་མེད་པ་ནི། སྲོག་སོགས་ཆོས་ཅན། ཁྱོད་གསོན་ལུས་བདག་བཅས་སུ་སྒྲུབ་པར་བྱེད་པའི་རང་བཞིན་གྱི་གཏན་ཚིགས་ཀྱང་མ་ཡིན་ཏེ། ཁྱོད་བདག་དང་རང་བཞིན་གཅིག་པའི་ཚུལ་གྱིས་བདག་དང་མེད་ན་མི་འབྱུང་གི་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱི་གཏན་ཚིགས་ཐམས་ཅད་ཇི་ལྟར་གཏན་ཚིགས་རང་གི་རྒྱུ་ལས་བསྒྲུབ་བྱའི་ཆོས་ཀྱི་རང་བཞིན་དུ་སྐྱེས་པ་ལ་ལྟོས་ནས་བསྒྲུབ་བྱའི་ཆོས་ཀྱི་རང་བཞིན་མེད་ན་གཏན་ཚིགས་རང་ཉིད་མི་འབྱུང་བར་ཤེས་པར་བྱ་དགོས་པའི་ཕྱིར་རོ། །དཔེར་ན་འཇིག་པ་དང་བྱས་པ་ཉིད། །རྒྱུ་མེད་ཕྱིར་ན་འཇིག་པ་ནི། །ཞེས་སོགས་གོང་དུ་ཇི་སྐད་བཤད་པའི་ཚུལ་བཞིན་ནོ། །དེས་ན་བདག་སྲོག་གཉིས་ལ་འབྲེལ་བ་གཉིས་པོ་གང་ཡང་མེད་པས་སྲོག་ལས་བདག་སྒྲུབ་པ་མི་འཐད་ཅེས་པའོ། །གསུམ་པ་ཚུལ་དེ་རིགས་ཅན་གཞན་ལ་སྦྱར་བ་ནི་རིག་པ་ཅན་གྱི་ལྡོག་པ་ཅན་དུ་འདོད་པའི་སྲོག་སོགས་རྟགས་མ་ཡིན་པར་མཉན་བྱ་དང་མཚུངས་པར་བསྟན་པའི་ཕྱིར། ཕྱོགས་ཆོས་ཅན་གྱི་རབ་དབྱེར་སྲོག་སོགས་ཉིད་དཔེར་མ་བརྗོད་པར་མཉན་བྱ་ཉིད་ནི་སློབ་དཔོན་ཕྱོགས་གླང་གིས་དཔེར་བརྗོད་པར་མཛད་པ་ལས་སྲོག་སོགས་གཏན་ཚིགས་མིན་པ་ཉིད་དུ་སྔར་བཤད་པའི་རིགས་པས་རྟོགས་པ་ཡི་ཚུལ་འདི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། ཁྱོད་ལས་ཕྱོགས་གཉིས་ཀ་ལ་མ་མཐོང་ཙམ་གྱིས་ལྡོག་པ་ཅན་དུ་འདོད་པ་ཐམས་ཅད་ལ་ཁྱབ་པ་འཁྲུལ་པར་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་དགག་རྟགས་ལོགས་སུ་མི་སྟོན་པའི་རྒྱུ་མཚན་བཤད་པ་ལ་གཉིས་ཏེ། ཡང་དག་གཉིས་ཀྱིས་འགྲུབ་ཚུལ་བཤད། །ཚུལ་དེས་མ་དམིགས་གཞན་ཡང་འགྲུབ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་དང་ཁྱབ་བྱེད་མ་དམིགས་གྲུབ། །སྣང་རུང་རང་བཞིན་མ་དམིགས་གྲུབ་པའོ། །དང་པོ་ལ་གསུམ་སྟེ། དཔེར་བརྗོད་ཡང་དག་ཉིད་ཀྱིས་གྲུབ། །སྣང་རུང་སྲོག་སོགས་འཁྲུལ་པས་གྲུབ། །དཔེར་བརྗོད་གྲུབ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ་འབྲས་རང་གི་གཏན་ཚིགས་གཉིས་ཀྱི་དཔེ་བསྟན་ནས་མ་དམིགས་པའི་རྟགས་ཀྱི་དཔེ་ཅི་སྟེ་མ་བསྟན་ཅེ་ན། ཕྱོགས་གླང་ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པ་ན་འབྲས་རང་གི་རྟགས་ཀྱི་དཔེར་བརྗོད་ལས་ཐ་དད་པར་ནི་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་དཔེ་མ་བཤད་དེ། འབྲས་བུ་དང་རང་བཞིན་གཉིས་རྒྱུ་དང་ཁྱབ་བྱེད་ཀྱིས་གོ་བྱེད་དུ་བསྟན་པས་རྒྱུ་དང་ངོ་བོ་ལྡོག་པ་ཉིད་ཀྱིས་འབྲས་བུ་དང་ཁྱབ་བྱའི་དོན་ལྡོག་པར་ནི་དོན་གྱིས་བརྗོད་པ་ལས་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་དཔེ་ནི་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་རྟགས་དེ་དག་ལ་ཁྱད་པར་སྣང་རུང་དགོས་པར་སློབ་དཔོན་གྱི་ཚིག་གང་ལས་ཐོབ་ཅེ་ན། གཏན་ཚིགས་དེ་གཉིས་ཆོས་ཅན། ཁྱོད་ཀྱི་དགག་བྱའི་ཆོས་ཡོད་ན་སྣང་རུང་དགོས་པར་ཕྱོགས་གླང་བཞེད་དེ། ཕྱོགས་གླང་གིས་སྐྱེས་བུ་སྟེ་བདག་མཐོང་བ་མེད་པ་སྟེ་སྣང་དུ་མི་རུང་བའི་རྒྱུ་མཚན་ལས་བདག་ལྡོག་པས་སྲོག་སོགས་ལྡོག་པ་ཚད་མས་གྲུབ་པ་མེད་པའི་ཕྱིར། གཏན་ཚིགས་སྲོག་སོགས་ཡོད་མེད་ཐེ་ཚོམ་ཟ་ཡི་མེད་ངེས་སུ་མི་འགྲུབ་པར་བཤད་པས་ཁྱོད་དེ་དག་ལའང་གང་ལྡོག་པས་གང་ཞིག་བསྒྲུབ་པར་བྱ་བ་དེ་གལ་ཏེ་སྣང་རུང་མིན་ན་བལྟ་རུང་མིན་པའི་དོན་ལ་མ་དམིགས་པ་དེ་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་ནོ་ཞེས་བསྟན་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། འོ་ན་གཏན་ཚིགས་གཉིས་པོ་འདི་སྒྲུབ་རྟགས་གཉིས་དང་ཁྱད་པར་མེད་པར་འགྱུར་ཏེ། སྒྲུབ་རྟགས་གཉིས་ཀྱིས་འདི་གཉིས་ཀྱི་ཁྱབ་པ་འགྲུབ་པའི་ཕྱིར་ཞེ་ན། སྔ་མ་སྒྲུབ་རྟགས་ཆོས་ཅན། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་ཁྱོད་དང་ཁྱད་པར་མེད་པ་མིན་ཏེ། རྒྱུ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་འདིས་ནི་ཆོས་ཅན་དངོས་པོར་གྱུར་པ་དང་། དེར་མ་ཟད་རང་གི་ཆོས་ཅན་དངོས་པོ་མིན་པ་ལའང་བསྒྲུབ་བྱའི་ཆོས་དངོས་པོའི་ཆ་ཁས་བླངས་པ་མེད་པར་རང་གི་བསྒྲུབ་བྱའི་ཆོས་དགག་པའི་དོན་དང་ཐ་སྙད་ཙམ་ཉིད་ནི་སྒྲུབ་པར་བྱེད་ལ། ཁྱོད་གཉིས་པོ་དག་གིས་ནི་མ་ཡིན་དགག་སྟེ་སྒྲུབ་ཆོས་སྒྲུབ་པ་སྒྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དགག་རྟགས་གཉིས་ལས་ལོགས་སུ་སྟོན་པའི་རྒྱུ་མཚན་བཤད། །སྒྲུབ་རྟགས་གཉིས་ལས་ལོགས་སུ་མི་སྟོན་རྒྱུ་མཚན་གྲུབ་པའོ། །དང་པོ་ལ་གཉིས་ཏེ། ཐ་སྙད་འབའ་ཞིག་སྒྲུབ་པས་ལོགས་སུ་བསྟན། །ཐ་སྙད་འབའ་ཞིག་སྒྲུབ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུ་ཁྱབ་བྱེད་མ་དམིགས་པས་སྒྲུབ་ཆོས་དགག་པ་སྒྲུབ་པར་བྱེད་ན་དེ་ལས་ལོགས་སུ་རང་བཞིན་མ་དམིགས་པའི་གཏན་ཚིགས་བསྟན་མི་དགོས་པར་འགྱུར་རོ་ཞེ་ན། ཕྱོགས་གླང་ཆོས་ཅན། མེད་པའི་ཐ་སྙད་ཀྱི་ཡུལ་མ་དམིགས་པ་ཤེས་ཀྱང་ཡུལ་ཅན་མེད་པའི་ཐ་སྙད་མི་ཤེས་པ་ཤེས་པར་བྱ་བའི་ཕྱིར་རྒྱུ་ཁྱབ་བྱེད་མ་དམིགས་པ་ལས་ལོགས་སུ་རང་བཞིན་མི་དམིགས་པའི་དཔེར་བརྗོད་ཅིག་དགོས་པར་བཞེད་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། སྒྲུབ་ཆོས་དགག་པ་སྒྲུབ་པ་དེ་ལ་དགག་བྱའི་ཆོས་ཀྱི་དོན་མི་འགོག་པར་ཐ་སྙད་འབའ་ཞིག་འགོག་པའི་གཏན་ཚིགས་གཅིག་དགོས་པའི་ཕྱིར། ཁྱབ་སྟེ། རྒྱུ་ཁྱབ་བྱེད་མ་དམིགས་པ་གཉིས་ཀྱིས་དགག་བྱའི་ཆོས་ཀྱི་དོན་ཡང་འགོག་པའི་ཕྱིར་ཏེ། དགག་བྱའི་ཆོས་ཡོད་ན་དམིགས་སུ་རུང་བ་རྣམས་ཀྱིས་ནི་ཡོད་པའི་དོན་དམིགས་པ་ལས་ནི་གཞན་མིན་ཞིང་། གཏན་ཚིགས་དེ་གཉིས་ཀྱིས་ནི་འབྲས་བུ་དང་ཁྱབ་བྱ་དམིགས་པ་དེ་ཡང་འགོག་པ་དེའི་ཕྱིར། འདི་རང་བཞིན་མ་དམིགས་པའི་དགག་བྱ་ལ་སྦྱར་བ་དག་གིས་ནི་ཇི་སྙེད་བཙལ་ཀྱང་གཞུང་འདིའི་འབྲུ་མི་རྙེད་དོ། །གཉིས་པ་ལ་གསུམ་སྟེ། ཡོད་ངེས་ཐ་སྙད་འགོག་པར་བསྟན། །མེད་ངེས་ཐ་སྙད་སྒྲུབ་པར་བསྟན། །རྟགས་ཆོས་འཆོལ་བའི་རྩོད་པ་སྤོང་བའོ། །དང་པོ་ནི། འོ་ན་རང་བཞིན་མ་དམིགས་པས་དགག་ཆོས་ཅི་ལྟ་བུ་ཞིག་འགོག་པ་ཡིན་ཞེ་ན། སྣང་རུང་བུམ་པ་ལྟ་བུ་མ་དམིགས་པའི་གཞི་དེར་ཆོས་ཅན། ལས་ལ་ཡོད་པའི་བུམ་པ་དམིགས་པའི་ཡུལ་ཅན་ནི་ཡོད་པར་ངེས་པའི་ཤེས་པ་དང་། ཡོད་པར་བརྗོད་པའི་སྒྲ་དོན་མཐུན་དང་། ཡོད་དམ་མེད་སྙམ་པའི་ཐེ་ཚོམ་གསུམ་འགོག་པར་འགྱུར་ཏེ། དེ་གསུམ་གྱི་ཡུལ་ལས་ལ་ཡོད་པའི་བུམ་པ་ཚད་མས་དམིགས་པ་དེ་མེད་པའི་ཕྱིར། དཔེར་ན་མེ་མིན་གྱི་རྫས་འགའ་ཞིག་མེར་རྟོག་པ་ན་དེ་ཆོས་ཅན། མེ་མ་ཡིན་ཏེ་སྲེག་པར་བྱེད་པ་མིན་པའི་ཕྱིར་ཞེས་བྱ་བ་ན་མེའི་ཡུལ་ཅན་དེ་གསུམ་གྱི་ཡུལ་སྲེག་པར་བྱེད་པ་བཀག་པའི་སྒོ་ནས་ཡུལ་ཅན་དེ་གསུམ་འགོག་པ་བཞིན་ནོ། །འདིར་ཤེས་བརྗོད་ནི་མ་དམིགས་པ་སྤྱིའི་དགག་ཆོས་ཡིན་ལ། ཐེ་ཚོམ་ནི་སྣང་རུང་མ་དམིགས་པའི་ཐུན་མོང་མ་ཡིན་པའི་དགག་ཆོས་ཡིན་ཅིང་། རྒྱུ་ཁྱབ་བྱེད་མ་དམིགས་པས་ནི་དེ་གསུམ་གྱི་ཡུལ་ཡང་འགོག་པ་སྟེ། དེ་ལྟར་ན་རྒྱུ་དང་ཁྱབ་པར་བྱེད་པ་མ་དམིགས་པ་དག་ནི་གཉིས་ཀའི་ཡང་གཏན་ཚིགས་ཡིན་ནོ་ཞེས་པའི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །འདིར་རང་བཞིན་མ་དམིགས་པའི་དགག་ཆོས་ལ་ལས་ལ་ཡོད་པ་དང་བྱེད་པ་པོ་ལ་ཡོད་པ་གཉིས་ལས། དང་པོ་ནི། བུམ་པ་ཡོད་པ་ལྟ་བུ་དེ་ཉིད་ཡིན་ལ། ཕྱི་མ་ནི་ཡུལ་ཅན་ཤེས་བརྗོད་ཐེ་ཚོམ་གསུམ་སྟེ། འགོག་པའི་ཚུལ་ཡང་བཀོད་ཚོད་ལ་ལས་ལ་ཡོད་པ་བཀག་པའི་སྒོ་ནས། སོང་ཚོད་ལ་བྱེད་པ་པོ་ལ་ཡོད་པ་བཀག་པའོ། །གཉིས་པ་ནི། འོ་ན་རང་བཞིན་མ་དམིགས་པས་སྒྲུབ་ཆོས་ཅི་ལྟ་བུ་ཞིག་བསྒྲུབ་པ་ཡིན་ཞེ་ན། ཡོད་ན་དམིགས་སུ་རུང་བའི་བུམ་པ་ལྟ་བུ་ཆོས་ཅན། ཁྱོད་མེད་པའི་ཐ་སྙད་ཀྱི་ཡུལ་ཁྱོད་མ་དམིགས་པ་ཡིན་ཏེ། ཁྱོད་མེད་པའི་དོན་ནི་ཁྱོད་མི་དམིགས་པ་ལས་གཞན་མ་ཡིན་པ་དེའི་ཕྱིར། དེས་ན་སྣང་རུང་བུམ་པ་ཚད་མས་མ་དམིགས་པའི་གཞི་དེར་ཆོས་ཅན། ཡུལ་བུམ་པ་ཚད་མས་མ་དམིགས་པ་དེ་ཡོད་པར་རྟགས་སུ་བཀོད་པ་ལས། དེའི་རྒྱུ་མཚན་ཅན་གྱིས་ཏེ་འབྲས་བུ་བུམ་པ་མེད་ངེས་ཀྱི་སྒྲ་དང་ཤེས་པ་སོགས་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ཏེ། བུམ་པ་མེད་ངེས་ཀྱི་དོན་སྒྲུབ་མི་དགོས་ཤིང་ཐ་སྙད་བསྒྲུབ་དགོས་པའི་ཕྱིར་རོ། །འདིར་རྟགས་སུ་བཀོད་པའི་མ་དམིགས་པ་ལ་ལས་ལ་ཡོད་པ་དང་བྱེད་པ་པོ་ལ་ཡོད་པ་གཉིས་ལས། དང་པོ་ནི་བུམ་པ་ཚད་མས་མ་དམིགས་པ་དེ་ཉིད་ཡིན་ལ། ཕྱི་མ་ནི་དེའི་གཞི་འཛིན་པའི་དབང་པོའི་མངོན་སུམ་དང་དེས་དྲངས་པའི་གཅད་ཤེས་སོ། །དེས་ན་བཀོད་ཚོད་དང་སོང་ཚོད་ནི་སྔར་བཞིན་ནོ། །འདིའི་སོང་ཚོད་དང་རློམ་ཚོད་ཀྱིས་ཟླས་ཕྱེ་བའི་སོང་ཚོད་མ་ནོར་བ་གལ་ཆེའོ། །གསུམ་པ་ནི། བུམ་པ་སྣང་རུང་མ་དམིགས་པ་དེ་བུམ་པ་མེད་ངེས་ཀྱི་ཐ་སྙད་ཀྱི་རྒྱུ་ཡིན་ན། དེ་ལས་དེ་སྒྲུབ་པ་འཁྲུལ་བར་འགྱུར་ཏེ། རྒྱུ་ལ་འབྲས་བུས་མ་ཁྱབ་པའི་ཕྱིར་ཞེ་ན། བུམ་པ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའི་རྟགས་དགོད་པར་བྱ་བའི་ཕྱིར་རྒོལ་ཆོས་ཅན། བུམ་པ་མེད་ངེས་ཀྱི་ཐ་སྙད་དེ་བུམ་པ་སྣང་རུང་མ་དམིགས་པའི་འབྲས་བུ་ཡིན་ཡང་། བུམ་པ་སྣང་རུང་མ་དམིགས་པའི་རྟགས་དེ་ལས་ནི་ཁྱོད་ཀྱི་བློ་ངོར་བུམ་པ་མེད་པའི་བློ་སྒྲ་སྟེ་ཐ་སྙད་ཐེ་ཚོམ་མེད་པར་འགྲུབ་སྟེ། སྤྱིར་སྣང་རུང་གི་ཆོས་གཞན་གྱི་སྟེང་དུ་སྣང་བར་རུང་བའི་དོན་མ་མཐོང་ན་དོན་འདི་མེད་དོ་ཞེས་བྱ་བའི་ཐ་སྙད་འདིས་ཁྱབ་པ་ཁྱོད་ཀྱི་བློ་ཡུལ་དུ་གྲུབ་ཟིན་པས་སོ། །དེས་ན་བུམ་པ་སྣང་རུང་མ་དམིགས་པ་ཆོས་ཅན། ཁྱོད་ཀྱིས་རྩོད་གཞི་ལ་བུམ་པ་མེད་པའི་དོན་གསར་དུ་བསྒྲུབ་མི་དགོས་ཏེ། བུམ་པ་མེད་ངེས་ཀྱི་ཐ་སྙད་ཀྱི་ཡུལ་ལས་ལ་ཡོད་པའི་བུམ་པ་སྣང་རུང་མ་དམིགས་པ་ཚད་མས་གྲུབ་པ་ཡོད་ན་ཡང་། ཡུལ་ཅན་བུམ་པ་མེད་ངེས་ཀྱི་ཐ་སྙད་ལ་རྨོངས་པས་རྩོད་གཞི་འདིར་གཞན་དག་བུམ་པ་མེད་ངེས་ཀྱི་ཐ་སྙད་དག་རྗེས་སུ་མི་བརྗོད་པ་ཡོད་པས་རྒོལ་བ་དེའི་ངོར་ཁྱོད་ཀྱིས་སྣང་རུང་གི་ཆོས་འགའ་ཞིག་མ་དམིགས་པ་ཉིད་ལ་མེད་པའི་ཐ་སྙད་ཕྱིར་རྒོལ་དེ་ཉིད་ལ་གྲུབ་ཟིན་པ་དང་ནི་ཆོས་མཐུན་པ་ལས་རྩོད་གཞིའི་སྟེང་དུ་བུམ་པ་མེད་ངེས་ཀྱི་བརྡ་དྲན་པར་བྱེད་པ་འབའ་ཞིག་གོ་སྟེ་ཡིན་པའི་ཕྱིར་རོ། །དཔེ་ཇི་ལྟར་ན་དོན་གཞན་སྔ་མ་མཐོང་ན་མཐོང་བ་དང་། མ་མཐོང་ན་མ་མཐོང་བ་སྟེ། དོན་གཞན་ཕྱི་མའི་རྗེས་སུ་འགྲོ་ལྡོག་བྱ་ས་དང་། སྔ་མའི་བྱེད་པ་པོའི་རྟགས་ལས་རིམ་པ་ལྟར་མེ་དང་དུ་བ་ལ་རྒྱུ་དང་འབྲས་བུའི་ཐ་སྙད་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི་དོན་སྒྲུབ་པ་མིན་པ་བཞིན་ཏེ། དོན་གཞན་སྔ་མའི་རྗེས་སུ་བྱས་དང་བྱེད་པ་པོ་དེ་གཉིས་ལ་ནི་རིམ་པ་ལྟར། རྒྱུ་དང་འབྲས་བུ་ལ་སོགས་པའི་སྒྲ་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། ཐ་སྙད་ཚེགས་ཆུང་བའི་དོན་དུ་བཀོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ཡང་དག་གཉིས་ལས་ལོགས་སུ་མི་སྟོན་རྒྱུ་མཚན་བཤད་པ་ལ་གཉིས་ཏེ། རྒྱུ་ལས་འབྲས་བུ་སྒྲུབ་པས་རང་བཞིན་ཡིན། །རྒྱུ་ལས་འབྲས་བུ་སྒྲུབ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རང་བཞིན་མ་དམིགས་པ་འདིས་ནི་ཆོས་ཅན། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་དབྱེ་བཤད་པ་ལས་རང་བཞིན་གྱི་རྟགས་ལས་ཐ་དད་པར་ནི་དཔེར་མ་བསྟན་ཏེ། ཁྱབ་འབྲེལ་གྱི་སྒོ་ནས་རང་བཞིན་གྱི་རྟགས་ཀྱི་ནང་དུ་འདུས་པའི་ཕྱིར་ཏེ། མཐར་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པས་ན་སྟེ་དེའི་ཕྱིར། དེའི་དོན་ཡང་ཕྱོགས་ཆོས་ཅན་གྱི་སྐབས་འདིར་གཏན་ཚིགས་བསྟན་པ་ཐམས་ཅད་གཞན་དོན་རྗེས་དཔག་གི་རྟགས་ཡང་དག་གི་ཁྱབ་པ་བརྗོད་ཚུལ་རྟོགས་པའི་ཆེད་ཡིན་ལ། རང་བཞིན་མ་དམིགས་པ་འདི་ཡང་ཁྱབ་འབྲེལ་གྱི་སྒོ་ནས་རང་བཞིན་གྱི་རྟགས་ཀྱི་ནང་དུ་འདུས་ཞེས་པའི་དོན་ཏེ། ཅི་ལྟར་ཞེ་ན། དངོས་སུ་ལས་ལ་ཡོད་པའི་མ་དམིགས་པ་བཀོད་ཀྱང་། རྟགས་ཀྱི་དོན་བྱེད་པ་པོ་ལ་ཡོད་པའི་མ་དམིགས་པ་བུམ་དག་གིས་ཕྱོགས་འཛིན་པའི་དབང་པོའི་མངོན་སུམ་ལྟ་བུ་དེ་བུམ་པ་ཚད་མས་མ་དམིགས་པའི་ངེས་ཤེས་རྒོལ་བ་མཁས་རྨོངས་གཉིས་ཀ་ལ་རང་སྟོབས་ཀྱིས་དྲངས་ཤིང་། མཁས་པ་ལ་ནི་བུམ་པ་མེད་ངེས་ཀྱི་ཐ་སྙད་ཀྱང་རང་སྟོབས་ཀྱིས་དྲན་ནུས་པས་རྟགས་ལ་མི་ལྟོས་ལ། རྨོངས་པ་ལ་ནི་རང་བཞིན་མ་དམིགས་པའི་གཏན་ཚིགས་བཀོད་པས་ཐ་སྙད་མ་དྲན་པ་དྲན་པར་བྱེད་དོ། །ཐ་སྙད་ཀྱང་གཉིས་ཏེ། བུམ་པ་མེད་པར་ངེས་པའི་ངེས་ཤེས་དང་། བུམ་པ་མེད་དོ་ཞེས་བརྗོད་པའི་སྒྲའོ། །དེ་ལྟར་ན་གཏན་ཚིགས་འདིའི་ཕྱིར་རྒོལ་རྨོངས་པ་ཡིན་པ་དང་། རྒྱུ་ལས་འབྲས་བུ་གྲུབ་པ་དང་། དེ་ཡང་བློ་སྒྲ་ཐེ་ཚོམ་མེད་པར་གྲུབ་ཅེས་པ་རྣམས་ཀྱི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །འོ་ན་རྒྱུ་ལས་འབྲས་བུ་སྒྲུབ་ན་འདིའི་ཁྱབ་འབྲེལ་ཇི་ལྟར་གྲུབ་སྙམ་ན། དག་གཞི་འཛིན་པའི་མངོན་སུམ་དེ་ཡང་ངེས་ཤེས་འབྱུང་རུང་ལས་གཞན་མ་ཡིན་པས་ན་བདག་གཅིག་གི་འབྲེལ་བ་གྲུབ་སྟེ། མྱུ་གུའི་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་མྱུ་གུ་འབྱུང་རུང་སྒྲུབ་པ་བཞིན་ནོ། །འདིར་ཤཱཀྱ་བློས། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་སྒྲུབ་པར་བཤད་པ་ནི་རྒྱ་གར་མཁས་པའི་བཤད་སྲོལ་བླ་ན་མེད་པ་ཡིན་ཞིང་། བོད་སྔ་ཕྱི་མང་པོ་རྣམ་འཇོག་གི་རྒྱུ་ལས་རྣམ་གཞག་གི་འབྲས་བུ་སྒྲུབ་ཅེས་འཆད་པ་ནི་གཞུང་གོང་འོག་རྣམས་མ་ཆུན་པའོ། །གཉིས་པ་ལ་གསུམ་སྟེ། གཞི་འཛིན་མངོན་སུམ་རྒྱུ་ཚོགས་ཡིན། །གཏན་ཚིགས་གཞི་འཛིན་མངོན་སུམ་ཡིན། །དེས་ན་ཐ་སྙད་འབྱུང་རུང་གྲུབ་པའོ། །དང་པོ་ནི། གལ་ཏེ་རང་བཞིན་མ་དམིགས་པ་དེ་ཉིད་བློ་གང་གིས་གྲུབ་པ་ཡིན་ཅིང་རྒྱུ་མཚན་གང་གིས་ན་མེད་པའི་ཐ་སྙད་འབྱུང་རུང་དུ་གྲུབ་ཅེ་ན། རང་བཞིན་མ་དམིགས་པའི་རྟགས་ནི་བྱེད་པ་པོ་ལ་ཡོད་པའི་མ་དམིགས་པ་དགག་གཞི་འཛིན་པའི་མངོན་སུམ་ཉིད་ཡིན་ལ། དེ་ལས་དགག་ཆོས་མ་དམིགས་པའི་ངེས་ཤེས་རང་རིག་མངོན་སུམ་གྱི་སྟོབས་ཀྱིས་དྲངས་ཤིང་མེད་ངེས་ཀྱི་ཐ་སྙད་ནི་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་ན་རང་སྟོབས་ཀྱིས་དྲངས། དེ་ལས་བཟློག་ན་གཞན་གཏན་ཚིགས་ལ་ལྟོས་ནས་འགྲུབ་བོ་ཞེས་སྟོན་པ་ནི། གཅིག་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། ཁྱོད་ལ་བུམ་པ་ཚད་མས་མ་དམིགས་པ་རང་རིག་མངོན་སུམ་གྱི་སྟོབས་ལས་འགྲུབ་སྟེ། ཁྱོད་དམིགས་པའི་དབང་པོའི་མངོན་སུམ་རང་མྱོང་རང་རིག་མངོན་སུམ་གྱིས་ཉམས་སུ་མྱོང་བ་ལས་ས་ཕྱོགས་འདི་ནི་དམིགས་སོ་ཞེས་བྱའམ། བུམ་པ་འདི་ནི་མ་དམིགས་སོ་ཞེས་རྟོག་པ་ཅན་གྱི་བློ་ངེས་ཤེས་ནི་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །འོ་ན་གཅིག་དམིགས་པ་ལས་ཞེས་བརྗོད་པར་རིགས་ཀྱི། ཉམས་སུ་མྱོང་བ་ལས་ཞེས་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དོན་ཐ་དད་དང་ཐ་མི་དད་ནི་རང་ཡོད་པ་ཙམ་གྱིས་འགྲུབ་པ་ཡིན་གྱི། དོན་མྱོང་བའི་ཤེས་པ་བུམ་པ་དམིགས་པ་ལས་ཁྱད་པར་ཅན་ཉིད་ལས་ས་ཕྱོགས་ཀྱི་དོན་དེ་རྣམས་བུམ་པ་ཡོད་པ་ལས་ཁྱད་པར་ཅན་དུ་རྟོགས་ཤིང་། ཤེས་པ་ཐ་དད་དང་ཐ་མི་དད་ནི་དེ་ལ་དམིགས་པའི་ཤེས་པ་གཞན་ལ་མི་ལྟོས་པར་རང་ཉིད་ཀྱིས་འགྲུབ་པ་ཡིན་ཞེས་རྟོགས་པའི་དགོས་པ་ཡོད་པའི་ཕྱིར། དེས་ན་བློའི་ཐ་དད་དང་ཐ་མི་དད་ཀྱི་དབྱེ་བ་ནི་བློ་རང་ཉིད་ལས་གྲུབ་པར་འགྱུར་ཞིང་། བློ་དེ་དག་གིས་བློ་དེའི་དོན་ཏེ་ཡུལ་དུ་གྱུར་པའི་དོན་ཐ་དད་དང་ཐ་མི་དད་ཀྱི་དབྱེ་བ་འགྲུབ་པར་འགྱུར་ཏེ། དོན་ཐ་དད་དུ་འགྲུབ་བྱེད་བློ་ལས་གཞན་མེད་ཅིང་། དོན་ཐ་དད་དུ་རྟོགས་པ་དེ་ལྟ་བུའི་བདག་ཉིད་ཅན་གྱི་བློ་རང་གི་ངོ་བོ་ཉམས་སུ་མྱོང་བའི་རང་རིག་འདི་ཉིད་ནི་བློ་རང་གི་བདག་ཉིད་འདི་ནི་བློ་གཞན་ལས་ཐ་དད་དུ་འབྱེད་པའི་རྒྱུ་སྟེ་འབྱེད་བྱེད་ཡིན་གྱི། བློ་གཞན་གྱིས་ཐ་དད་དུ་འབྱེད་མི་དགོས་པ་དེའི་ཕྱིར་རོ། །གལ་ཏེ་བློའི་དབྱེ་བ་རང་ཉིད་ལས་འགྲུབ་པ་དེ་ལྟ་མིན་པར་དེ་ལ་དམིགས་པའི་བློ་རྫས་གཞན་གྱིས་འགྲུབ་དགོས་ན། བློ་ཆོས་ཅན། ཁྱོད་ཀྱི་དབྱེ་བ་སྒྲུབ་བྱེད་ཐུག་མེད་དུ་འགྱུར་བར་ཐལ། ཁྱོད་ཀྱི་དབྱེ་བ་བློ་གཞན་གྱིས་འགྲུབ་དགོས་ཤིང་། བློ་གཞན་དེའི་དབྱེ་བའང་བློ་གཞན་གྱིས་འགྲུབ་དགོས་པར་མཚུངས་པའི་ཕྱིར། འདོད་ན། དེའི་ཕྱིར་དོན་དང་བློ་འགའ་ཡང་ཐ་དད་དུ་གྲུབ་པར་མི་འགྱུར་བར་ཐལ་ལོ། །དེ་དག་ནི་ཞར་ལས་འོངས་པའོ། །གཉིས་པ་ནི། རང་བཞིན་མ་དམིགས་པའི་རྟགས་འགོད་པ་ན་ཆོས་ཅན། སྣང་རུང་གི་བུམ་པ་དེ་མི་དམིགས་པའི་ཕྱིར་ཞེས་པའི་རྟགས་ཀྱི་དོན་ཡང་དགག་བྱའི་ཆོས་སྣང་རུང་གི་བུམ་སོགས་དེ་ལས་ཁྱད་པར་ཅན་ཏེ་དེས་དབེན་པའི་དགག་གཞི་ས་ཕྱོགས་དམིགས་པའི་མངོན་སུམ་ཉིད་ཡིན་ཏེ། དགག་གཞི་རང་བཞིན་ཁྱད་པར་ཅན་དགག་བྱའི་ཆོས་ཀྱིས་དབེན་པ་མྱོང་བའི་དབང་པོའི་མངོན་སུམ་དེ་ལས་གཞན་བུམ་པ་བསལ་བ་སྟེ་བཀག་པ་བ་ནི་གཞན་མ་ཡིན་པ་དེའི་ཕྱིར། གསུམ་པ་ནི། དེས་ན་རང་བཞིན་མི་དམིགས་པའི་རྟགས་འདི་ནི་ཆོས་ཅན། རང་ཉིད་མྱོང་བའི་རང་རིག་མངོན་སུམ་ལས་རྟོགས་པ་ཡིན་ཏེ། དགག་གཞི་འཛིན་པའི་གཞན་རིག་མངོན་སུམ་ཡིན་པ་དེས་ན་སྟེ་དེའི་ཕྱིར། དེས་ན་བུམ་པ་སྣང་རུང་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུ་རང་བཞིན་མ་དམིགས་པའི་རྟགས་ཆོས་ཅན། རྒོལ་བ་བླུན་པོ་ལ་རྩོད་གཞིའི་སྟེང་དུ་བུམ་པ་དེ་མེད་པའི་རྣམ་གཞག་སྟེ་མེད་པའི་ཐ་སྙད་གོ་བྱེད་ཡིན་ཏེ། རྒོལ་བ་མཁས་པ་ལ་རང་ཉིད་ཡོད་པ་ཙམ་གྱིས་རྟགས་ལ་མི་ལྟོས་པར་བུམ་པ་མེད་པའི་ཐ་སྙད་ལ་འཇུག་པ་ཅན་གྱི་མངོན་སུམ་ཡིན་པའི་ཕྱིར། རང་བཞིན་མ་དམིགས་པ་དགག་གཞི་དམིགས་པའི་ཤེས་པ་ཡིན་པའི་སྒོ་ནས་རང་མྱོང་རང་རིག་མངོན་སུམ་ལས་གྲུབ་པ་ལས་གཞན་དུ་མི་འགྲུབ་ན། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་པའི་སྒྲུབ་བྱེད་ཐུག་པ་མེད་པར་འགྱུར་བར་ཐལ། བུམ་པ་ལྟ་བུའི་དོན་གྱི་མེད་པ་ཉིད་ནི་བུམ་པ་མི་དམིགས་པ་ལས་རྟོགས་པར་འགྱུར་ཞིང་། དེ་ཡང་རང་རིག་གིས་མི་འགྲུབ་པར་བུམ་པ་དམིགས་པའི་བློ་མི་དམིགས་པ་ལྟ་བུ་བློ་གཞན་གྱིས་བུམ་པ་དམིགས་པ་མེད་པ་ཉིད་སྒྲུབ་དགོས་ལ། དེ་ཡང་མ་དམིགས་པ་གཞན་དང་གཞན་གྱིས་སྒྲུབ་དགོས་པ་ཡིན་པའི་ཕྱིར་ནའོ། །གཉིས་པ་ཚུལ་དེས་མ་དམིགས་གཞན་ཡང་གྲུབ་པ་ལ་གཉིས་ཏེ། སྔ་མས་མི་སྣང་མ་དམིགས་གྲུབ། །ཕྱི་མས་འགལ་ཟླ་དམིགས་པ་གྲུབ་པའོ། །དང་པོ་ནི། འོ་ན་ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ་མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། འདི་ནི་རྒྱུ་དམིགས་བྱེད་ཀྱི་ཚད་མ་བཀག་པའི་སྒོ་ནས་འབྲས་བུ་ཡོད་ངེས་ཀྱི་ཐ་སྙད་འགོག་པས་རྒྱུ་མ་དམིགས་པར་འདུས་ལ། དེ་ནི་འབྲས་བུའི་རྟགས་ཀྱིས་གྲུབ་པར་བཤད་ཟིན་ཏོ་ཞེས་སྟོན་པ་ནི། ཤ་ཟ་སྐལ་དོན་དུ་སོང་བའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་ཤ་ཟ་ཚད་མས་མ་དམིགས་པས་གཞི་དེར་ཤ་ཟ་མེད་ངེས་ལས་གཞན་དུ་ཡོད་ངེས་སུ་བཞག་པ་སྟེ་ཡོད་ངེས་ཀྱི་ཐ་སྙད་འགོག་པར་འགྱུར་གྱི་མེད་ངེས་སུ་སྒྲུབ་མི་ནུས་ཏེ། ཁྱོད་ལ་ཤ་ཟ་མི་སྣང་བ་སྟེ་མ་དམིགས་པས་གཞི་དེར་ཤ་ཟ་མེད་པའི་ངེས་པ་མི་རུང་བའི་ཕྱིར། དཔེར་ན་ཚུར་མཐོང་གིས་སེམས་ཅན་གཞན་ཕ་རོལ་པོ་ལ་རྟགས་མེད་པའི་རྣམ་རྟོག་ལ་སོགས་ཀྱི་ཁྱད་པར་ཡོད་ངེས་སུ་མི་འགྲུབ་པ་བཞིན། ཅིའི་ཕྱིར་དེས་ཤ་ཟ་མེད་པའི་ཐ་སྙད་མི་སྒྲུབ་ཅེ་ན། སྐལ་དོན་མ་དམིགས་པ་འདིས་ནི་ཆོས་ཅན། གཞི་དེར་སྐལ་དོན་ལྡོག་པ་སྟེ་མེད་པའི་ཐ་སྙད་སྒྲུབ་པར་ནུས་པ་མ་ཡིན་ཏེ། འབྲས་བུ་སྐལ་དོན་མེད་པའི་ཐ་སྙད་ཀྱིས་ཁྱབ་པ་ངེས་པ་མེད་པ་ཅན་ཡིན་པའི་ཕྱིར། འོ་ན་སྔར་མེད་ངེས་ཀྱི་ཐ་སྙད་སྒྲུབ་པའི་གཏན་ཚིགས་བཤད་པ་དང་འགལ་ལོ་ཞེ་ན། མེད་ངེས་ཀྱི་ཐ་སྙད་སྒྲུབ་པའི་གཏན་ཚིགས་ཆོས་ཅན། ཁྱོད་མ་དམིགས་པའི་གཏན་ཚིགས་ལ་གཉིས་ཡོད་པའི་དང་པོ་སྣང་རུང་མ་དམིགས་པའི་དབང་དུ་བྱས་པ་ཡིན་ཏེ། ཁྱོད་དགག་བྱའི་ཆོས་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡིན་པ་གང་ཞིག ཆོས་དེ་སྣང་རུང་མ་དམིགས་ན་ཆོས་དེ་མེད་པར་ངེས་པའི་ཐ་སྙད་བསྒྲུབ་ནུས་པའི་ཕྱིར་རོ། །འདིར་སྔ་མ་དག་དགག་རྟགས་ལོགས་སུ་སྟོན་པའི་རྒྱུ་མཚན་ལ། དཔེར་བརྗོད་གྲུབ་ཟིན་པས་མ་བསྟན། མ་དམིགས་པའི་ངེས་བྱེད་བཤད། མི་སྣང་བ་མ་དམིགས་པས་མེད་ངེས་བསྒྲུབ་མི་ནུས། སྣང་རུང་མ་དམིགས་པའི་སྦྱོར་བའི་དབྱེ་བ་དང་བཞི་ཞེས་སོགས་ཀྱི་ས་བཅད་བྱས་ནས། གཞུང་འདིས་མི་སྣང་བ་མ་དམིགས་པས་བསྒྲུབ་བྱ་སྒྲུབ་ཚུལ་ཙམ་དང་། གཞུང་འོག་མས་སྣང་རུང་མ་དམིགས་པའི་སྦྱོར་བའི་དབྱེ་བ་ཙམ་སྟོན་པར་འཆད་པ་དག་གིས་ནི་གཞུང་གི་འཕྲོས་ཚུལ་དང་། སྡོད་ས་དང་། དགོས་པ་ལ་བློ་ཁ་གཏན་མ་ཕྱོགས་པ་སྟེ། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་འདིར་མ་དམིགས་པའི་གཏན་ཚིགས་བཅོ་བརྒྱད་ཚང་མ་ལོགས་སུ་མི་སྟོན་པའི་རྒྱུ་མཚན་འཆད་དགོས་ཤིང་། གསུམ་གྱི་རྒྱུ་མཚན་སྔར་བསྟན་ཟིན་ལ། འདིས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ལོགས་སུ་མི་སྟོན་པའི་རྒྱུ་མཚན་འཆད་ཅིང་། ལྷག་མ་འགལ་ཟླ་དམིགས་པའི་གཏན་ཚིགས་བཅུ་བཞི། དངོས་འབྲས་མ་དམིགས་རྣམས་ལོགས་སུ་མི་སྟོན་པའི་རྒྱུ་མཚན་གཞུང་འོག་མས་འཆད་དགོས་པའི་ཕྱིར། ཅི་ལྟར་ཞེ་ན། འདིའི་རྒྱུ་མཚན་ནི་བཀོད་ཟིན་ལ། ལྷག་མ་རྣམས་ནི་སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་འབྲེལ་ཟླ་མ་དམིགས་པ་དང་། འགལ་ཟླ་དམིགས་པའི་སྒོ་ནས་དབྱེ་བ་ཡོད་ཀྱང་དགག་བྱ་འགོག་ཚུལ་གྱི་སྒོ་ནས་མཐར་དགག་བྱ་སྣང་རུང་མ་དམིགས་པས་མེད་ངེས་ཀྱི་ཐ་སྙད་སྒྲུབ་པར་མཚུངས་ལ། དེ་ནི་མཐར་རྒྱུ་ལས་འབྲས་བུ་སྒྲུབ་པ་སྔར་བཤད་ཟིན་པས་ཁྱབ་འབྲེལ་གྱི་སྒོ་ནས་རང་བཞིན་གྱི་རྟགས་ཀྱི་ནང་དུ་འདུས་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ལེའུ་དང་པོར་འབྲེལ་པ་ངེས་བྱེད་ཀྱི་སྐབས་སུ་ཐོག་མར་མི་སྣང་བ་མི་དམིགས་པ་དང་། དེ་ནས་སྣང་རུང་མ་དམིགས་པ་ལ་སྦྱོར་བའི་སྒོ་ནས་གཉིས་སུ་ཕྱེ་བའི་ཚུལ་གསུངས་པ་དང་། མངོན་སུམ་ལེའུར། དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་གྲུབ་པ་ཡིན། །ཞེས་དང་། མི་དམིགས་པ་ནི་འདི་ཙམ་ཞིག །མེད་ལ་ངེས་པའི་འབྲས་ཅན་ཡིན། །ཞེས་དང་། འདིར་གཞུང་འདི་དག་བཀོད་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་རྟོགས་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། སྦྱོར་བའི་སྒོ་ནས་དབྱེ་ཚུལ་བཤད། །བརྒྱུད་འགལ་སྦྱོར་བ་རྒྱས་པར་བཤད་པའོ། །དང་པོ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་སུ་དངོས་འབྲས་མ་དམིགས་པ་དང་འགལ་ཟླ་དམིགས་པའི་དཔེར་བརྗོད་ཅིའི་ཕྱིར་ལོགས་སུ་མ་བསྟན་ཅེ་ན། སྣང་རུང་མ་དམིགས་པ་ཆོས་ཅན། དགག་བྱ་འགོག་ཚུལ་གྱི་དོན་ལ་ཐ་དད་མེད་ཀྱང་། སྦྱོར་བ་འགོད་ཚུལ་གྱི་སྒོ་ནས་དུ་མར་ཡོད་དེ། རང་གི་སྦྱོར་བ་འགོད་ཚུལ་དག་ལ་མ་དམིགས་པ་དེའི་རང་གི་ངོ་བོ་རྟགས་སུ་སྦྱོར་བ་རྒྱུ་ཁྱབ་བྱེད་མ་དམིགས་པ་ལ་སོགས་པའམ། དགག་བྱའི་ཆོས་ཀྱི་དོན་ལ་གནོད་བྱེད་ཀྱི་ངོ་བོ་སྟེ་འགལ་ཟླ་དམིགས་པ་རྟགས་སུ་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར་རོ། །འགལ་ཟླ་དམིགས་པ་རྟགས་སུ་སྦྱོར་བ་ལ་དུ་ཡོད་ཅེ་ན། སྤྱིར་འགལ་བ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། ཁྱོད་ལ་གནོད་བྱ་རྒྱུ་མ་ཟད་པ་རྒྱུན་ལྡན་དུ་ཡོད་པ་ན་དེར་གནོད་བྱེད་གསར་དུ་ཡོད་པའི་སྟོབས་ཀྱིས་གནོད་བྱ་དེའི་རྒྱུན་མེད་པར་སོང་བའི་ཕྱིར་རམ་སྟེ་ལྷན་ཅིག་མི་གནས་འགལ་དང་ཕན་ཚུལ་སྤངས་ཏེ་ཐ་དད་དུ་གྲུབ་པའི་སྒོ་ནས་འགལ་བའི་ཕྱིར་ཏེ། ཕན་ཚུན་སྤང་འགལ་གཉིས་སུ་ཡོད་པའི་ཕྱིར། དཔེ་རིམ་བཞིན་ཚ་རེག་དང་གྲང་རེག་ལྟ་བུ་དང་། གཏན་དངོས་ཏེ་རྟག་པ་དང་ནི་འཇིག་པ་བཞིན་ནོ། །འོ་ན་དངོས་འགལ་གྱི་འགལ་ཟླ་གཅིག་རྟགས་སུ་བཀོད་ནས་ཅིག་ཤོས་འགོག་པའི་གཏན་ཚིགས་ཡོད་དམ་ཞེ་ན། དངོས་འགལ་ཆོས་ཅན། ཁྱོད་ལ་དེ་ལྟར་མེད་ཀྱང་ཁྱོད་ཀྱིས་ཁྱད་པར་དུ་བྱས་ན་དེ་ལྟར་ཡོད་དེ། ཁྱོད་ཀྱིས་ཁྱད་པར་དུ་བྱས་པའི་དོན་འགའ་ཞིག་རྟགས་སུ་བྱས་པ་ལ་བརྟེན་པའི་ཚད་མ་གཞན་གྱིས་ཆོས་གཞན་འགའ་ཞིག་ལ་གནོད་པའི་ཕྱིར་ཡང་ཚད་མ་དེའི་རྟེན་རྟགས་དེ་དང་ཚད་མ་དེའི་གནོད་བྱ་བརྒྱུད་ནས་འགལ་བར་འགྱུར་བའི་ཕྱིར་ཏེ། དཔེར་ན་བུམ་སོགས་ཆོས་ཅན། འཇིག་པར་འགྱུར་བ་རང་རྒྱུ་ལས་ཕྱིས་རྒྱུ་གཞན་ལ་ལྟོས་པ་མེད་དེ། འཇིག་པའི་ངོ་བོར་ངེས་པའི་ཕྱིར་ཞེས་པའི་རྟགས་ལ་བརྟེན་ནས་ངེས་གྱུར་དང་ནི་ལྟོས་བཅས་ཀྱང་བརྒྱུད་ནས་འགལ་བར་འགྱུར་བ་བཞིན་ནོ། །གཉིས་པ་ལ་བཞི་སྟེ། ལྟོས་བཅས་ཡིན་ན་ངེས་པ་འགལ། །ལྟོས་མེད་ཡིན་ན་ངེས་པ་འགྲུབ། །དེ་ལ་ཧ་ཅང་ཐལ་བ་སྤང་། །ངེས་པ་གྲུབ་ཚུལ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། གལ་ཏེ་ངེས་གྱུར་དང་ལྟོས་བཅས་མི་འགལ་ཏེ། བུམ་པ་འཇིག་པར་ངེས་ཀྱང་འཇིག་རྒྱུ་གཞན་ལ་ལྟོས་པ་དང་བཅས་པའི་ཕྱིར་ཞེ་ན། བུམ་པའི་འཇིག་པ་ཆོས་ཅན། ཉེ་བར་ནི་གདོན་མི་ཟ་བར་བུམ་པ་ལ་ག་ལ་ཡོད་དེ་མེད་པར་ཐལ། བུམ་པའི་རྒྱུ་ལས་ཕྱིས་འབྱུང་བའི་རྒྱུ་གཞན་ལས་སྐྱེ་བའི་ཕྱིར། གལ་ཏེ་དངོས་པོའི་རྒྱུ་ལས་དངོས་པོ་འཇིག་བྱེད་མི་རྟག་པ་ཞེས་བྱ་བ་བྱུང་བའི་སྒོ་ནས་དེས་དངོས་པོ་འཇིག་པར་བྱེད་པ་ཡིན་ཞེ་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་ལས་འཇིག་པ་དོན་གཞན་སྐྱེ་ཞིང་དེས་ཁྱོད་འཇིག་པར་བྱེད་ཅེས་པ་བརྒྱུད་པའི་དུབ་པས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། ཁྱོད་ཀྱི་རྒྱུ་ལས་ཁྱོད་ཀྱི་འཇིག་པ་སྐྱེ་བར་རིགས་པའི་ཕྱིར། གཞན་ཡང་གལ་ཏེ་དངོས་པོའི་རྒྱུ་དེས་འཇིག་པ་དངོས་པོ་ལས་དོན་གཞན་བསྐྱེད་པའི་འཇིག་པ་དེས་དངོས་པོ་དེ་མི་འཇིག་པར་འགྱུར་བར་འདོད་ན། དངོས་པོའི་རྒྱུ་དེས་དངོས་པོ་དེ་ཉིད་འཇིག་པ་ཡི་ངང་དུ་སྐྱེ་ན་སྐྱོན་ཅི་ཞིག་ཏུ་འགྱུར་ཞེས་དྲིས་པས། ངེད་ལ་སྐྱོན་དུ་མི་འགྱུར་ཡང་དངོས་པོའི་གནས་ལུགས་མིན་ནོ་ཞེ་ན། འཇིག་པ་དོན་གཞན་གྱིས་བྱས་པའི་འཇིག་པ་དེ་དངོས་པོའི་བདག་ཉིད་ཡིན་ནམ་དངོས་པོ་ལས་གཞན་ཡིན། དང་པོ་ལྟར་ན་དངོས་པོ་དེ་ནི་ཆོས་ཅན། རང་གི་བདག་ཉིད་ཀྱི་འཇིག་པ་ལ་ཕན་འདོགས་བྱེད་པ་རང་གི་རྒྱུ་ལས་གཞན་གང་ཞིག་དགོས་ཏེ་མི་དགོས་པར་ཐལ། བདག་ཉིད་ཀྱི་དངོས་པོ་རྫོགས་པ་རང་རྒྱུ་ལས་གྲུབ་པར་གྱུར་པའི་ཕྱིར་ནའོ། །འདོད་ན་འཇིག་པ་དོན་གཞན་དེ་ཆོས་ཅན། དངོས་པོའི་བདག་ཉིད་ཀྱི་འཇིག་པ་དེ་ཡིས་ལྟོས་བྱའི་རྒྱུ་གང་ཅི་ཞིག་ཡིན་ཏེ་མིན་པར་ཐལ། དངོས་པོའི་བདག་ཉིད་ཀྱི་འཇིག་པ་ལ་ཕན་འདོགས་བྱེད་མིན་པས་ནའོ། །གཉིས་པ་ལྟར་ན་དངོས་པོ་ཆོས་ཅན། ཁྱོད་ཀྱི་འཇིག་པ་ཐུག་མེད་དུ་འགྱུར་བར་ཐལ། ཁྱོད་ཀྱི་རྒྱུ་དེས་ཁྱོད་ཀྱི་འཇིག་པ་དོན་གཞན་བསྐྱེད་དགོས། དེས་ཀྱང་ཁྱོད་ཀྱི་འཇིག་པ་དོན་གཞན་བསྐྱེད་དགོས་པའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་ཆོས་ཅན། རང་ཡོད་པའི་དུས་ནམ་ཡང་ནི་འཇིག་པ་དེ་ལྟ་མིན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། རང་ཉིད་འཇིག་པ་རང་རྒྱུད་ལས་གཞན་ལ་ལྟོས་མེད་དུ་སྐྱེས་པའི་ཕྱིར། དཔེར་ན་དངོས་པོ་དེ་ཉིད་འཇིག་ཀ་མར་གྱུར་པའི་ཚེ་སྐད་ཅིག་ཙམ་ཡང་སྡོད་པ་ལ་བརྟེན་པར་མི་འདོད་པ་དེ་བཞིན་ནོ། །གསུམ་པ་ནི། འོ་ན་སྐད་ཅིག་ཙམ་ཡང་དངོས་པོ་ཡོད་མིན་པར་འགྱུར་བར་ཐལ། དངོས་པོའི་ཞིག་པ་དེ་རྒྱུ་ལ་ལྟོས་པ་མེད་ན་ཐམས་ཅད་ཀྱི་ཚེ་ཡོད་པར་འགྱུར་བས་དངོས་པོ་དེ་སྐྱེ་བའི་སྐད་ཅིག་གཅིག་ལ་ཡང་ཞིག་པ་དེ་དངོས་པོའི་རང་བཞིན་དུ་འགྱུར་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྒྱུ་གཞན་ལ་ལྟོས་མེད་དུ་རང་གི་ངང་གིས་འཇིག་པ་དེ་ལྟར་གྱུར་པ་སྟེ་དངོས་པོ་ཉིད་ཡིན་གྱི་ཞིག་ཟིན་གྱི་དངོས་མེད་ནི་ལྟོས་མེད་དུ་འཇིག་པ་དེ་ལྟར་ཇི་ལྟར་འགྱུར་ཏེ་མི་འགྱུར་བས་སོ། །བཞི་པ་ནི། གང་དག་ཆོས་དེ་ཡོད་པ་རང་གི་རྒྱུ་ལས་རྒྱུ་གཞན་ལ་ལྟོས་པ་མེད་པར་སྐྱེས་པ་དེ་དག་ཆོས་དེ་ཡོད་པ་ཡིན་པ་ལ་ངེས་པ་ཡིན་ཏེ། དཔེར་ན་འབྲས་བུའི་ལས་ཏེ་འབྲས་བུ་བསྐྱེད་པ་ལ་གེགས་བྱེད་པ་མེད་པ་ཅན་གྱི་ཚོགས་པ་ཐ་མས་འབྲས་བུ་བསྐྱེད་པ་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་མེད་དུ་སྐྱེས་པས་འབྲས་བུ་སྐྱེད་བྱེད་དུ་ངེས་པ་བཞིན། དངོས་པོ་ཡང་རང་རྒྱུ་ལས་རྒྱུ་གཞན་ལ་ལྟོས་མེད་དུ་འཇིག་པར་སྐྱེས་སོ་ཞེས་པའི་ངག་ཆོས་ཅན། གཞན་དོན་རྗེས་དཔག་ཡིན་ཏེ། རང་གི་མཐོང་དོན་རབ་གསལ་བྱེད་ཡིན་པའི་ཕྱིར། གསུམ་པ་ནི། ཚད་མ་རྣམ་འགྲེལ་ཀྱི་རྣམ་བཤད་ཀུན་ཏུ་བཟང་པོའི་འོད་ཟེར་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ་ལེའུ་བཞི་པའི་རྣམ་པར་བཤད་པའོ། །གསུམ་པ་ཐ་མར་དགེ་བ་གཞུང་གི་ཆེ་བ་བརྗོད་པ་ལ་གཉིས་ཏེ། རྟོགས་པར་དཀའ་བ་ཆུ་བོའི་དཔེ་དང་སྦྱར། །གཞན་ལ་ཕན་པ་ཉི་མའི་དཔེ་དང་སྦྱར་བའོ། །དང་པོ་ནི། ཆོས་ཀྱི་གྲགས་པ་ཁོ་བོའི་གཞུང་རྣམ་འགྲེལ་འདི་རྒྱ་མཚོ་ལ་ནི་ཆུ་བོ་གངྒཱ་སོགས་བཞི་པོ་དང་པོར་ཡང་མཚོ་མ་དྲོས་པ་ནས་བརྒྱུད་ནས་བྱུང་ཞིང་ཕྱིས་རྒྱ་མཚོ་ཉིད་ལ་ཐིམ་པ་བཞིན་དུ་རང་གི་བློ་གྲོས་ཀྱི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ཞེ་ན། འགྲོ་བ་རྣམས་ལ་རང་ཉིད་དང་མཚུངས་པར་ལེགས་བཤད་འདི་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་ཅི་སྟེ་ཞེ་ན། བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་མཐོང་མེད་ལྡན་པ་དེས་ནའོ། །གཉིས་པ་ནི། གཞུང་ལུགས་འདི་ནི་ཆོས་ཅན། ཉིན་མོར་བྱེད་པ་དང་ཆོས་མཚུངས་ཏེ། ཚུལ་དང་ཚུལ་མིན་རྣམ་པར་འབྱེད་མཁས་ལྟ་བ་ངན་པའི་ཚང་ཚིང་བསྲེག འཕགས་པ་ཉིད་ཀྱིས་རྗེས་སུ་བཟུང་བས་ཡང་དག་རིགས་པའི་ལམ་སྟོན་པ་དེས་ནའོ། །ཡོན་ཏན་བརྒྱ་དང་ལྡན་པའི་གཞུང་ལུགས་འདི་བློ་གྲོས་ངན་པ་ཉིན་མོ་སྤོང་བ་སྲིན་བྱ་ལྟ་བུ་འཇིགས་པ་བསྐྱེད་པས་དེས་སྤངས་པ་དེ་ལྟ་མོད་ཀྱི། བློ་མིག་རྣམ་དག་མཁས་པའི་པདྨོ་རྒྱས་བྱེད་ཡིན་ནོ། །གསུམ་པ་བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ལ་གཉིས་ཏེ། རྩོམ་བྱེད་གང་གིས་རྩོམ་པའི་ཚུལ། །སྒྱུར་བྱེད་གང་གིས་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་འདི་ནི་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་པར་འཇུག་པ་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པ་ཁྱབ་པ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པ་རྫོགས་སོ།།  །།གཉིས་པ་ལ་གསུམ་སྟེ། སྔ་འགྱུར། བར་འགྱུར། ཕྱིས་འགྱུར་རོ། །དང་པོ་ནི། རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། གཉིས་པ་ནི། དཔལ་ལྡན་དམ་པའི་ལས་ལ་མངོན་དགྱེས་པ། །ཞེས་པ་ནས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ་ཞེས་པའི་བར་རོ། །གསུམ་པ་ནི། དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་ཞེས་པ་ནས་སྟོན་པ་གངས་ཅན་འདི་ན་ཁོ་བོ་ཙམ་ཞེས་པའི་བར་སྟེ་དཔལ་ལྡན་ས་སྐྱ་པཎྜི་ཏས་བཤད་ཉན་གྱི་སྒོ་ནས་དར་རྒྱས་སུ་མཛད་པའོ།།  །།ཀུན་མཁྱེན་རྒྱ་མཚོར་འཇུག་འདོད་རིགས་གནས་ལྔ་ཡི་གྲུ་ལ་བརྟེན་བྱའོ་ཞེས། །རྒྱལ་ཚབ་ཆོས་ཀྱི་དེད་དཔོན་དེ་ཡིས་གསུངས་བཞིན་འཕགས་ཡུལ་མཁས་རྣམས་ཀྱིས། །གསལ་བར་ཕྱེ་ལས་ལོག་རྟོག་ཚང་ཚིང་འཇོམས་བྱེད་གཏན་ཚིགས་རིགས་པའི་སྲོལ། །འཕགས་པས་རྗེས་བཟུང་དཔལ་ལྡན་དྲི་མེད་བློ་མངའ་གང་དེས་ཕྱེ་བར་མཛད། །དེ་ལྟ་ན་ཡང་དེའི་ཚིག་བརླིང་བ་མ་རྟོགས་དེ་ལ་རྨོངས་པ་རྣམས། །དོན་མིན་སྐྱེ་བ་སྤངས་ནས་སྟོན་དང་བསྟན་པ་ཕུལ་བྱུང་སར་གཞག་པའི། །དོན་ཆེན་བསྒྲུབ་ཕྱིར་རིགས་པའི་གཙུག་རྒྱན་སྨྲ་བ་ཀུན་གྱི་མཆོག་གྱུར་དེས། །སྡེ་བདུན་འོད་ཀྱི་སྣང་བས་ཡང་དག་རིགས་པའི་གཞུང་ཆེན་གསལ་བར་མཛད། །ཚུལ་དེ་ལྷ་རྒྱན་ཆོས་སོགས་འཕགས་ཡུལ་སྨྲ་བའི་ཟླ་བས་མཚན་མོ་གསལ། །གངས་རིའི་ཁྲོད་འདིར་ལྷག་བསམ་མཁའ་ལ་བརྩོན་པའི་རླུང་གིས་རབ་འདེགས་པའི། །སྔོན་རབས་མཁས་པ་རྒྱུ་སྐར་ཕྲེང་བས་ཉི་ཚེའི་སྣང་བ་བསྐྱེད་ན་ཡང་། །ས་སྐྱ་པ་ཞེས་གྲགས་པའི་ཉི་འོད་སྣང་བས་མ་ཁྱབ་དེ་སྲིད་དུ། །ཀུན་བཏགས་གྲུབ་མཐའི་སྦུབས་ནས་གྲགས་པའི་དགོངས་དོན་གེ་སར་གསལ་མ་ནུས། །དེ་སླད་སྐྱེས་ཐོབ་མེ་ཤེལ་ལས་གྲུབ་ཡང་དག་བརྒྱུད་པའི་རྟ་ལྗང་ཅན། །འཇམ་དབྱངས་མཁྱེན་པ་ཉི་མའི་དཀྱིལ་འཁོར་ལས་བྱུང་ལེགས་བཤད་འོད་སྟོང་འཕྲོ། །རིགས་གཏེར་རིགས་པའི་ཟེར་གྱིས་ཡང་དག་རིགས་པའི་ལམ་མཆོག་སྣང་བར་མཛད། །བདག་ཀྱང་སྨྲ་བ་དེ་ཡི་རྗེས་འབྲངས་ནས། །འཇུག་ལྡོག་ཡུལ་ལ་བླང་དོར་བྱེད་པའི་ཐབས། །ཐ་སྙད་ཚད་མས་གཞལ་བྱ་རྟོགས་པའི་ཚུལ། །རིགས་གཞུང་ཆེ་དང་མཐུན་པའི་སྣང་བ་ཐོབ། །ལེགས་བཤད་འདི་ཡང་དེ་ཡི་ཚུལ་ལུགས་བཞིན། །གཞུང་གི་གོ་རིམ་གང་ལས་གང་འཕྲོས་དང་། །བརྗོད་བྱའི་གཙོ་བོ་གང་གིས་གང་སྟོན་སོགས། །དཔལ་ལྡན་གྲགས་པའི་དགོངས་པ་ཇི་བཞིན་བཤད། །རིགས་པའི་གཏེར་གྱི་འགྲེལ་པའི་ཚིག་ཙམ་ལ། །བརྟེན་ནས་སྤྱི་བསྡུས་སྨྲ་བ་མང་མོད་ཀྱང་། །ལེགས་བཤད་དེ་ཡིས་བསྟན་བཅོས་རྣམ་འགྲེལ་གྱི། །གཞུང་དོན་ཇི་བཞིན་འགྲེལ་པ་ཁོ་བོ་ཙམ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་གྲགས་པ་ཡི། །གཞུང་ལུགས་ནམ་མཁའི་ནོར་བུ་མཛེས་བྱེད་པའི། །རིགས་པའི་འོད་ཟེར་འབུམ་ཕྲག་སྤྲོ་བས་ན། །འདི་ནི་ཀུན་ཏུ་བཟང་པོའི་འོད་ཟེར་ཡིན། །སྒྲོས་ངན་སྲིན་བྱའི་སྐད་ཀྱིས་དོན་གཉེར་ལ། །ལོག་རྟོག་ལྟས་ངན་བསྐྱལ་བ་མ་མཐོང་ནས། །ཕྱྭ་གཡང་འགུགས་པའི་སྐད་སྙན་ཇི་བཞིན་དུ། །གུས་པར་བྱེད་པའི་སྐྱེ་བོ་སྐལ་པའང་དམན། །དོན་སྨྲ་མདོ་སྡེའི་གྲུབ་མཐའ་འཆད་པའི་ཚེ། །རང་རིག་ཙམ་གྱི་གསལ་བ་ཡུལ་ཅན་འདོད། །རྣམ་པ་འཇོག་བྱེད་རྒྱུ་ནི་ཡུལ་མིན་ཞིང་། །རང་དུས་སྣང་བ་དཔྱད་ཚེ་ཡུལ་དུ་སྨྲ། །སྒྲོ་བཏགས་སྤྱི་ནི་དངོས་པོར་ཡོད་པར་འདོད། །དེ་ཡང་གསལ་བ་རྣམས་དང་རྫས་གཅིག་སྨྲ། །དོན་སྤྱིར་མ་འདུས་རིགས་སྤྱི་ཡོད་ཅེས་ཟེར། །བྱེ་བྲག་གཞི་མཐུན་དོན་ལ་ཡོད་པར་འདོད། །རང་མཚན་ཐམས་ཅད་རང་རང་ལྡོག་པར་སྨྲ། །ལྡོག་པ་ལས་གཞན་གཞན་སེལ་ཡོད་ཅེས་ཟེར། །དགག་པ་རྣམ་བཅད་ཚེ་ནའང་དགག་པ་ཡིན། །དགག་པ་གཉིས་ཀྱིས་རྣལ་མགོ་ཞེས་ཟེར། །རང་མཚན་སྒྲ་ཡི་དངོས་ཀྱི་བརྗོད་བྱར་འདོད། །དངོས་ཀྱི་བརྗོད་བྱ་རྗོད་བྱེད་དངོས་པོར་སྨྲ། །དངོས་བསྟན་དང་ནི་དངོས་ཀྱི་བརྗོད་བྱ་དང་། །དངོས་མིང་ཐམས་ཅད་ཁྱད་པར་མེད་ཅེས་ཟེར། །ཕན་ཚུན་སྤངས་ཏེ་གནས་ཙམ་ཐམས་ཅད་ནི། །འགལ་བ་སྨྲས་ཕྱིར་མེ་དུ་འགལ་བར་འདོད། །ཐ་སྙད་མེད་ན་མི་འབྱུང་འབྲེལ་པའི་ཕྱིར། །རྟ་ལས་རྫས་གཞན་བ་གླང་རྟ་དང་འབྲེལ། །གཞུང་ཡང་རྟགས་ཀྱི་ཡོན་ཏན་ཚུལ་གསུམ་ནི། །ཡོན་ཏན་ཅན་གྱི་གཏན་ཚིགས་ཡིན་ཞེས་ཟེར། །བློ་ངོར་འཇོག་པའི་མཐུན་ཕྱོགས་མི་མཐུན་ཕྱོགས། །དངོས་འགལ་ཡིན་ཕྱིར་རྩོད་གཞི་ཕྱོགས་གཉིས་སྨྲ། །དོན་མེད་རྣམ་རིག་གྲུབ་མཐའ་སྨྲ་བའི་ཚེ། །ཐ་སྙད་ཚེ་ནའང་ཕྱི་དོན་མེད་སྨྲ་ཞིང་། །རིགས་པས་དཔྱད་ཚེ་གཟུགས་སོགས་ཡོད་པར་འདོད། །རྣམ་པ་བརྫུན་པའི་གྲུབ་མཐའ་སྨྲ་བའི་ཚེ། །རང་དུས་སྣང་བའི་གཟུང་རྣམ་འདི་ཉིད་ནི། །ཤེས་པ་ཉིད་དུ་འདོད་ཅིང་དེ་ཉིད་ལ། །འཛིན་རྣམ་རང་རིག་བཏགས་པ་བ་ཞེས་སྨྲ། །ཤེས་པ་ཡིན་ཀྱང་བདེན་པར་མེད་ཅེས་ཟེར། །དེ་སོགས་མདོ་སེམས་གྲུབ་མཐའི་རྒྱ་མཚོ་ལ། །ཐ་སྙད་དོན་དམ་རྣམ་པར་འབྱེད་པ་ཡི། །བློ་གྲོས་གྲུ་སྐྱ་འཛུགས་པར་མ་ནུས་པའི། །མཁས་རློམ་དེ་དག་ཅ་ཅོ་ངེས་མེད་སྨྲ། །འདི་དག་ཆོས་ཀྱི་གྲགས་པས་བོར་བ་ཡི། །ངན་རྟོག་བོད་འདིར་ལྷུང་བ་ཉེར་གཅིག་ཡིན། །མཁས་རློམ་ཤེས་རབ་འཆལ་བར་བསྒྲུབ་པ་ཡི། །གཏན་ཚིགས་ཡིན་ཏེ་རྒྱས་པར་དཔག་ཏུ་མེད། །དེ་སླད་རིགས་པ་སྨྲ་བར་རློམ་རྣམས་ཀྱི། །ལོག་རྟོག་དྲྭ་བ་དུ་མ་བསལ་བ་དང་། །ཡང་དག་དོན་ཉིད་གཏན་ལ་དབབ་པའི་ཕྱིར། །འཁྲུལ་མེད་གནད་ཀྱི་ཉི་མ་འདི་བྱས་སོ། །རབ་དཀར་དགེ་ཚོགས་གང་ཞིག་གྲུབ་པ་དེ། །སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཛིན། །ཀུན་དགའ་བཟང་པོ་ལ་སོགས་ཡོངས་འཛིན་མཆོག །བདེ་བར་གཤེགས་པའི་ཚོགས་ལ་དབུལ་བར་བགྱི། །དེ་དག་ཐུགས་རྗེའི་སྤྲིན་ཚོགས་ལས་བྱུང་བའི། །བྱིན་རླབས་བདུད་རྩིའི་ཆར་གྱི་རྣམ་རོལ་དེས། །བདག་དང་བདག་གི་སྐྱེ་བ་ཀུན་གྱི་མ། །མཁའ་མཉམ་འགྲོ་བ་ཀུན་ལ་ཁྱབ་པར་ཤོག །བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་འོད་ཟེར་ཞེས་བྱ་བ་འདི་ནི་གངས་རིའི་ཁྲོད་ཀྱི་རིགས་པ་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་གྱུར་པ་མཁྱེན་རབ་ཀྱི་དབང་ཕྱུག་སངས་རྒྱས་འཕེལ་གྱི་དྲུང་དུ་ལུང་རིགས་ལེགས་པར་སྦྱངས་ཤིང་གཞན་ཡང་མཁས་གྲུབ་དུ་མ་བསྟེན་པས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ལ་བློ་ཁ་ཅུང་ཟད་ཕྱོགས་པ་མདོ་ཁམས་འབོམ་གྱི་ས་ཆར་སྐྱེས་པའི་བཙུན་པ་བསོད་ནམས་སེང་གེས་མདོ་དང་རྣམ་འགྲེལ་ངེས་རང་འགྲེལ་དང་བཅས་པ་གོང་འོག་དང་ཕན་ཚུན་བསྡེབས། དགོངས་འགྲེལ་ཆེན་པོ་རིགས་པའི་གཏེར་གྱིས་གཞི་བྱས། དེར་ཅུང་ཟད་མི་གསལ་བ་ལྷའི་འགྲེལ་པ་དང་། བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་ལེགས་བཤད་ཀྱིས་ཁ་བསྐངས་ནས་རྒྱལ་བ་ཞེས་བྱ་བ་ཤིང་ཕོ་རྟའི་ལོ་ཁྲུམས་ཀྱི་ཟླ་བ་ལ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོས་བགྱིས་སོ།།  །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་དང་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་མྱུར་ཐོབ་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*