གཞན་དོན་ལེའུ་བཞུགས། ཀ༽

༼ཀ༽༄༅། །གཞན་དོན་ལེའུ་བཞུགས།།

གཉིས་པ་གཞན་དོན་རྗེས་དཔག་འཆད་པ་ལ་གསུམ་སྟེ། ཐོག་མར་འབྲེལ་གྱིས་མཚམས་སྦྱར་བསྟན། །བར་དུ་ལེའུ་གཞུང་ཉིད་བཤད། །ཐ་མར་མཚན་གྱིས་མཇུག་སྡུད་བསྟན་པའོ། །དང་པོ་ནི། རྒྱན་གྱིས་མདོ་དང་རྣམ་ངེས་ཀྱི་གོ་རིམ་ལྟར་འདིར་ཡང་རང་དོན་རྗེས་དཔག་གི་དེ་མ་ཐག་ཏུ་གཞན་དོན་རྗེས་དཔག་འཆད་པར་འདོད་པ་རྩོམ་པ་པོའི་དགོངས་པ་མ་ཡིན་པའི་ཚུལ་དང་། ལྷས་རང་དོན་རྗེས་དཔག་དགོས་པའི་དབང་གིས་དང་པོར་བཤད་ཟིན་ནས། ད་ནི་གཞན་དོན་རྗེས་དཔག་ཉིད་ལུས་པས་དེ་འཆད་པར་བཞེད་པ་ལེགས་པའི་ཚུལ་རྣམས་ལེའུ་དང་པོར་བཤད་ཟིན་ཏོ། །གཉིས་པ་ལ་སྔ་རབས་པ་དག་སྒྲུབ་པའི་ངག་གི་མཚན་ཉིད་བཤད། །ཤུགས་ལ་གོ་བྱ་བསྒྲུབ་བྱ་བཤད། །དངོས་ཀྱི་བརྗོད་བྱ་གཏན་ཚིགས་བཤད་པ་དང་གསུམ། ཞེས་འཆད་པ་ནི་མི་ལེགས་ཏེ། སྒྲུབ་ངག་གི་ཤུགས་ལ་གོ་བྱ་ནི་སྒྲ་མི་རྟག་པ་ལྟ་བུ་བསྒྲུབ་བྱའི་གཞི་ལྡོག་ཡིན་ལ། དེ་ཤུགས་ལ་གོ་བས་བཤད་མི་དགོས་ཀྱང་བསྒྲུབ་བྱའི་མཚན་ཉིད་ལ་རྨོངས་པ་སེལ་བའི་ཆེད་དུ་བཤད་ཅེས་པའི་འདིར་བཤད་པ་དང་ཤུགས་ལ་གོ་བྱ་གཉིས་པོ་མི་གཅིག་པའི་ཕྱིར་ཏེ། སྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་རྨོངས་མེད་ཕྱིར་མཚན་ཉིད། །ཅེས་གསུངས་པས་སོ། །དཔེར་ན་ཚད་མ་རང་གི་ངོ་བོ་ཤེས་པ་ཡིན་པའི་ཆ་རང་ལས་རྟོགས་ཤིང་མི་བསླུ་བའི་ཆ་ཐ་སྙད་ལས་རྟོགས་ཀྱང་ཚད་མའི་མཚན་ཉིད་ལ་རྨོངས་པ་སེལ་བའི་ཆེད་དུ་ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་འཆད་ཅེས་གསུངས་པ་བཞིན་ནོ། །དངོས་ཀྱི་བརྗོད་བྱ་གཏན་ཚིགས་ཞེས་པའང་མི་འཐད་དེ། འདིར་གཏན་ཚིགས་ནི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་ཡིན་ལ། སྒྲུབ་ངག་གི་དངོས་ཀྱི་བརྗོད་བྱ་ནི་གཏན་ཚིགས་གཉིས་ལས་མེད་ཅིང་གཞན་བདུན་པོ་ལྟར་སྣང་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། འདི་ལ་གསུམ་སྟེ། བརྗོད་བྱའི་གཙོ་བོ་སྒྲུབ་ངག་བཤད། །རྨོངས་པ་སེལ་ཕྱིར་བསྒྲུབ་བྱ་བཤད། །བརྗོད་ཚུལ་རྟོགས་ཕྱིར་གཏན་ཚིགས་བཤད་པའོ། །དང་པོ་ལ་གཉིས་ཏེ། བདག་མཐོང་སྨོས་པའི་དགོས་པ་བཤད། །དོན་ཅེས་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། བདག་གིས་མཐོང་བའི་རྣམ་བཅད་བཤད། །རྣམ་བཅད་དོན་ཉིད་རིགས་པས་བསྒྲུབ། །ཐལ་བའི་ངག་ལ་མཚུངས་པ་སྤང་བའོ། །དང་པོ་ནི། ཚད་མ་མདོར། གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །ཅེས་ཚིག་རྐང་དང་པོས་མཚོན་བྱ་དང་། གཉིས་པས་མཚན་ཉིད་བསྟན་པ་ལས། རང་གིས་མཐོང་བ་ནི་སྔར་རྒོལ་རང་ཉིད་ཀྱིས་མཐོང་བའོ། །དོན་ཅེས་པ་ནི་གཏན་ཚིགས་ཡང་དག་གི་དོན་ལྡོག་ཚུལ་གསུམ་ཚང་བའོ། །རབ་གསལ་བྱེད་ཅེས་པ་ནི་བརྗོད་ཚུལ་ལྷག་ཆད་ནོར་བའི་སྐྱོན་དང་བྲལ་བའོ། །འོ་ན་རང་གིས་མཐོང་བ་སྨོས་པའི་དགོས་པ་གང་ཞེ་ན། མདོར་བདག་གིས་མཐོང་བ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཁ་ཅིག་སྟེ་གྲངས་ཅན་པ་ན་རེ། བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་སངས་རྒྱས་པའི་ངོར་བཀོད་པ་ན་གཏན་ཚིགས་དེའི་ཕྱོགས་ཆོས་སྔར་རྒོལ་བདག་ཉིད་ཀྱིས་མཐོང་བ་མིན་ཡང་། གཞན་སངས་རྒྱས་པ་དག་གིས་ལུང་ལས་མཐོང་བ་ཙམ་གྱིས་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་ཡིན་ཏེ། གཞན་ཕྱིར་རྒོལ་ལ་བསྒྲུབ་བྱ་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་རྟགས་བཀོད་ཀྱི་རྒོལ་བའི་དོན་དུ་བཀོད་པ་མིན་པའི་ཕྱིར། ཞེས་ཟེར་བ་དེ་ལྟ་བུའི་ལོག་རྟོག་སྤང་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལུང་ལས་སྐྱེ་འཇིག་ཅན་དུ་གྲུབ་པ་དགག །སྐྱེ་འཇིག་ཅན་ལས་སེམས་མེད་གྲུབ་པ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་སྟོབས་ཡུལ་ལ་ལུང་ཚིག་ཚད་མ་མིན། །ཚད་མ་མིན་པས་བསྒྲུབ་བྱ་སྒྲུབ་མི་ནུས། །ཕྱིར་རྒོལ་ཉིད་ལ་ཚད་མར་གྲུབ་པ་དགག་པའོ། །དང་པོ་ནི། ལུང་ཚིག་ཆོས་ཅན། ཁྱོད་ལས་བློ་བདེ་སྐྱེ་འཇིག་ཅན་དུ་མི་འགྲུབ་པར་ཐལ། ཁྱོད་དངོས་སྟོབས་རྗེས་སུ་དཔག་པའི་ཡུལ་ལ་སྒྲུབ་བྱེད་ཚད་མ་ཉིད་དུ་འདོད་པ་མ་ཡིན་པའི་ཕྱིར་ཏེ། དངོས་སྟོབས་རྗེས་དཔག་གིས་ཁྱོད་ཀྱི་དོན་ལ་ཡོངས་སུ་བརྟགས་ནས་དཔྱད་པས་དག་པའི་ཚེ། གཞལ་བྱ་གཞན་གྱི་སྒྲུབ་བྱེད་དུ་ཡོངས་སུ་ལེན་དགོས་པའི་ཕྱིར། དཔྱད་པས་དག་པའི་ཚེ་ནའང་ལུང་དེ་ཆོས་ཅན། ཁྱོད་ལས་བློ་བདེ་སྐྱེ་འཇིག་ཅན་དུ་མི་འགྲུབ་པར་ཐལ། ཁྱོད་སྒྲུབ་བྱེད་དུ་འཛུག་པའི་ཡུལ་དེར་ནི་དངོས་སྟོབས་རྗེས་དཔག་འཇུག་པར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། བློ་བདེ་སེམས་མེད་དུ་སྒྲུབ་པ་དེའི་ཚེ་ཆོས་ཅན། སངས་རྒྱས་པའི་ལུང་དེ་ནི་ཚད་མ་མིན་པར་ཐལ། སངས་རྒྱས་པའི་ལུང་ལ་གནོད་པའི་ཕྱིར་དུ་གཞན་ཕྱིར་རྒོལ་ལ་ནི་སངས་རྒྱས་པའི་ལུང་དང་འགལ་བ་བློ་བདེ་སེམས་མེད་ལ་སྒྲུབ་བྱེད་ཡང་དག་བརྗོད་རིགས་པའི་ཕྱིར། འདོད་ན། སངས་རྒྱས་པའི་ལུང་ཆོས་ཅན། དེས་གྲུབ་ན་གཏན་ཚིགས་མ་ལུས་པ་གྲུབ་པར་འགྱུར་བ་མ་ཡིན་པར་ཐལ། ཚད་མ་མ་ཡིན་པའི་ལུང་ཙམ་ཡིན་པ་དེ་བས་ན་སྟེ་དེའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ལུང་དེས་དོན་ལ་རྟགས་སུ་མི་འགྲུབ་ཀྱང་ལུང་དེ་དང་ལྡན་པའི་ཕྱིར་རྒོལ་སངས་རྒྱས་པ་ལ་ལུང་དེས་རྟགས་དེ་གྲུབ་ཅེ་ན། བློ་བདེ་སྐྱེ་འཇིག་ཅན་དུ་སྟོན་པའི་ལུང་ཆོས་ཅན། སངས་རྒྱས་པ་ཁོ་ན་ལ་ལྡན་པའི་རྒྱུ་མཚན་གྱིས་སངས་རྒྱས་པ་གང་གི་ལུང་དུ་ངེས་པ་གང་ལས་ཡིན་ཏེ་མིན་པར་ཐལ། སངས་རྒྱས་པ་དང་བདག་གཅིག་དེ་བྱུང་གི་འབྲེལ་པ་གང་རུང་མ་གྲུབ་པའི་ཕྱིར། གཞན་ཡང་སངཾས་རྒྱསཾ་པ་ཆོས་ཅན། ཁྱོད་ལ་སངས་རྒྱས་པའི་ལུང་དེ་ཇི་ལྟར་ན་ཚད་མར་གྲུབ་པ་ཡིན་ཏེ་མིན་པར་ཐལ། ཁྱོད་ཀྱི་བློ་ངོར་སངས་རྒྱས་པའི་ལུང་ལ་ཚད་མས་གནོད་པར་གྱུར་པ་ཡི་ཕྱིར། རྟགས་ཁས་བླངས། ཡང་དེ་ཆོས་ཅན། སངས་རྒྱས་པའི་ལུང་དེ་དང་འགལ་བ་ཁས་ལེན་པར་སངས་རྒྱས་པའི་ལུང་དེ་ཉིད་ཀྱིས་ནི་ཇི་ལྟར་འགྲུབ་པར་འགྱུར་ཏེ་མི་འགྱུར་བར་ཐལ། སངས་རྒྱས་པའི་ལུང་ཁྱོད་ལ་ཚད་མ་མིན་པའི་ཕྱིར། རྟགས་ཁས། གལ་ཏེ་ཁས་ལེན་ན་སངས་རྒྱས་པ་ཆོས་ཅན། སངས་རྒྱས་པའི་ལུང་དེ་དོར་བའི་ཡན་ལག་ཡིན་གྱི་སྒྲུབ་བྱེད་ཚད་མ་མིན་པར་ཐལ། སངས་རྒྱས་པའི་ལུང་དེ་ལས་གཞན་པ་སྟེ། དེའི་དོན་དང་འགལ་བ་ཁས་ལེན་རིགས་པའི་ཕྱིར་ནའོ། །གཉིས་པ་ལ་གསུམ་སྟེ། རང་གིས་སྒྲུབ་བྱེད་བརྗོད་པར་རིགས། །གཞན་གྱིས་ཁས་བླངས་སྒྲུབ་བྱེད་མིན། །སྒྲུབ་བྱེད་མེད་ཀྱང་གྲུབ་པ་དགག་པའོ། །དང་པོ་ནི། གྲངས་ཅན་པ་ཆོས་ཅན། རང་གིས་བློ་བདེ་སེམས་མེད་དུ་རྟོགས་པ་སྒྲུབ་བྱེད་གང་ལས་བྱུང་བར་གྱུར་པའི་སྒྲུབ་བྱེད་དེ་ནི་གཞན་ལ་ཡང་ཅིས་མ་བརྗོད་དེ་བརྗོད་རིགས་པར་ཐལ། བློ་བདེ་སེམས་མེད་སྒྲུབ་པའི་སྔར་རྒོལ་ཡིན་པའི་ཕྱིར། གལ་ཏེ་ངེད་ཀྱིས་རང་གིས་ཁས་བླངས་པའི་ལུང་ལས་བློ་བདེ་སེམས་མེད་དུ་རྟོགས་པས་དེ་གཞན་ལ་མ་བརྗོད་དོ་ཞེ་ན། གྲངས་ཅན་པ་ཆོས་ཅན། རང་གི་ལུང་ཚད་མར་འཛིན་པའི་རིགས་པ་སངས་རྒྱས་པ་ལ་བརྗོད་རིགས་པར་ཐལ། སངས་རྒྱས་པའི་ངོར་བློ་བདེ་སེམས་མེད་དུ་སྒྲུབ་པའི་སྔར་རྒོལ་གང་ཞིག རང་གི་ལུང་ལས་གཞན་པའི་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་མེད་ལ། རིགས་པ་གང་གིས་ལུང་ཚད་མར་འཛིན་པའི་རིགས་པ་དེ་ནི་སངས་རྒྱས་པ་འདིས་ཀྱང་ཅིས་མི་འཛིན་ཏེ་འཛིན་རིགས་པའི་ཕྱིར། གལ་ཏེ་ངེད་ཀྱི་རྣལ་འབྱོར་མངོན་སུམ་ལས་རྟོགས་པ་ཡིན་པས་དེ་གཞན་ལ་མ་བརྗོད་དོ་ཞེ་ན། གྲངས་ཅན་པ་ཆོས་ཅན། རྣལ་འབྱོར་མངོན་སུམ་སྒྲུབ་པའི་ཐབས་སངས་རྒྱས་པ་ལ་སྟོན་རིགས་པར་ཐལ། སྔ་མ་གང་ཞིག་རྣལ་འབྱོར་མངོན་སུམ་ལས་གཞན་པའི་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་མེད་ལ། སྔར་ནི་ཐ་མལ་པར་གྱུར་པ་ན་སྒྲུབ་བྱེད་གང་དག་གི་ནུས་པ་ལས་རྣལ་འབྱོར་མངོན་སུམ་འབྱུང་བར་རྟོགས་པ་དང་། དབང་པོ་སྟེ་རྣལ་འབྱོར་མངོན་སུམ་འབྱུང་བའི་སྒྲུབ་བྱེད་དེ་དག་བསྟན་ན་སྒྲུབ་བྱེད་འདི་ལས་རྣལ་འབྱོར་མངོན་སུམ་འབྱུང་བར་འགྱུར་རོ་ཞེས་བསྒྲུབ་བྱ་སྒྲུབ་བྱེད་དེའི་དོན་གྱི་ནུས་པའམ་འབྲེལ་བ་ཤེས་པ་ལ་ཕྱིར་རྒོལ་སངས་རྒྱས་པ་ཡང་ནུས་པ་ཡོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་ཐབས་མེད་དེ། རྣལ་འབྱོར་མངོན་སུམ་དེ་དོན་གང་དང་ཡང་འབྲེལ་པ་རྣམ་པར་ཆད་པ་ཅན་ཡིན་པས་སྒྲུབ་བྱེད་ཀྱི་སྒོ་ནས་སྤྱིའི་ཚུལ་གྱིས་ཀྱང་སྤྱོད་ཡུལ་དུ་བྱ་བ་མིན་པའི་ཕྱིར་ཞེ་ན། རྣལ་འབྱོར་མངོན་སུམ་ཆོས་ཅན། བློ་བདེ་སེམས་མེད་དང་ཁྱོད་ཀྱི་དོན་དེ་དག་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་དུ་དཔྱོད་པ་ཅུང་ཟད་ཀྱང་མེད་པར་ཐལ། ཁྱོད་དོན་གང་དང་ཡང་འབྲེལ་པ་རྣམ་པར་ཆད་པ་ཅན་ཡིན་པས་སྤྱིའི་ཚུལ་གྱིས་ཀྱང་སྤྱོད་ཡུལ་དུ་བྱ་བ་མིན་པའི་ཕྱིར། གཉིས་པ་ནི། སྐྱེས་བུའི་བསམས་པ་སྟེ་འདོད་པ་ཙམ་གྱི་དབང་གིས་ནི་གནས་ལུགས་ཀྱི་དེ་ཉིད་དང་དེ་ཉིད་མིན་པ་འཇོག་རིགས་པར་ཐལ། ལུང་ཁས་བླངས་པ་ཙམ་གྱིས་ལུང་ཚད་མར་འགྱུར་ཞིང་། དེ་ལས་བསྒྲུབ་བྱ་འགྲུབ་པའི་ཕྱིར། འདོད་ན། གཏན་ཚིགས་ཡང་དག་དང་། དེར་སྣང་གི་རྣམ་གཞག་མཐའ་གཅིག་ཏུ་མེད་པར་འགྱུར་ཏེ། སྐྱེས་བུའི་འདོད་པ་དེ་ནི་དངོས་པོའི་གནས་ཚུལ་ལ་བརྟེན་པ་མིན་པའི་ཕྱིར་རོ། །དེས་ན་སྐྱེ་འཇིག་ཅན་ཆོས་ཅན། བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་ཡང་དག་མིན་པར་ཐལ། བློ་བདེ་སེམས་མེད་དུ་སྒྲུབ་པའི་ཚུལ་གསུམ་མེད་པ་ལ་བློས་ཡོད་པར་ཤེས་པ་ཙམ་ཡིན་པས་སོ། །ཁྱབ་སྟེ། སྒྲུབ་བྱེད་ཡང་དག་ཡིན་ན་དོན་ཚུལ་གསུམ་ཡོད་པ་ཚད་མས་ཤེས་པ་ལ་ལྟོས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་སྐྱེ་འཇིག་ཅན་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་ཡང་དག་མ་ཡིན་ཡང་བློ་བདེ་སེམས་མེད་དོན་ལ་ཡོད་པས་དེ་འཛིན་པའི་བློ་ཚད་མ་ཡིན་ནོ་ཞེ་ན། བློ་བདེ་སེམས་མེད་དོན་ལ་ཡོད་དུ་ཆུག་ཀྱང་སྐྱེ་འཇིག་ཅན་གྱི་རྟགས་ལས་དེ་ལྟར་རྟོགས་པ་ཆོས་ཅན། ཡུལ་བདེན་པ་རྟོགས་པ་མེད་པའི་བློ་དང་འཁྲུལ་བར་མཚུངས་ཏེ། དངོས་པོ་སྟེ་ཚུལ་གསུམ་ཚང་བའི་རྟགས་དང་འབྲེལ་པ་མེད་པར་བསྒྲུབ་བྱ་འཛིན་པའི་བློ་ཡིན་པའི་ཕྱིར། གལ་ཏེ་དེའི་རྟགས་ཆོས་ལ་འབྲེལ་བ་ཡོད་ན་རང་བཞིན་གྱི་རྟགས་དང་ནི་འབྲས་བུའམ་སྣང་བ་མཐོང་བ་མེད་པ་སྟེ་མ་དམིགས་པ་ཉིད་ཀྱི་རྟགས་གསུམ་པོ་ཁོ་ན་ལ་འབྲེལ་བ་གྲུབ་པས་སྐྱེ་འཇིག་ཅན་དེ་རྟགས་གསུམ་པོ་གང་རུང་དུ་དངོས་པོ་ལ་གྲུབ་པ་ཡིན་ན། སྐྱེ་འཇིག་ཅན་དེ་ཆོས་ཅན། གྲངས་ཅན་རང་ལ་བློ་བདེ་སེམས་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་ཅིའི་ཕྱིར་མ་གྲུབ་སྟེ་གྲུབ་པར་ཐལ། གྲངས་ཅན་རང་ལ་དེ་ལྟར་སྒྲུབ་པའི་རྟགས་གསུམ་གང་རུང་དུ་གྲུབ་པའི་ཕྱིར། གསུམ་པོར་མ་འདུས་ན་གཞན་ཕྱིར་རྒོལ་གྱིས་ཀྱང་ཆོས་ཅན། གཞན་སྐྱེ་འཇིག་ཅན་ལས་བློ་བདེ་སེམས་མེད་དུ་རྟོགས་པར་མི་རིགས་པར་ཐལ། སྐྱེ་འཇིག་ཅན་དེ་དེ་ལྟར་སྒྲུབ་པའི་རྟགས་གསུམ་གང་རུང་དུ་མ་འདུས་པའི་ཕྱིར། གསུམ་པ་ནི། གལ་ཏེ་རང་རྒྱུད་ཀྱི་རྟགས་ཀྱི་ཕྱོགས་ཆོས་སྔར་རྒོལ་རང་ལ་གྲུབ་པ་དགོས་ན་ཐལ་འགྱུར་གྱི་རྟགས་ཀྱང་སྔར་རྒོལ་རང་ལ་གྲུབ་པ་དགོས་ཤིང་དེ་ཡང་འདོད་ན། བྱེ་བྲག་པས་སྤྱི་རྫས་གཅིག་ཉིད་གསལ་བ་དུ་མ་ལ་དོན་ལ་ཁྱབ་པར་འདོད་པ་ལ། ཕྱོགས་ཀྱི་གླང་པོས། བ་ལང་གི་སྤྱི་ཆོས་ཅན། དུ་མར་ཐལ། གསལ་བ་དུ་མ་ལ་དོན་ལ་ཁྱབ་པའི་ཕྱིར་ཞེས་པའི་ཐལ་བ་བཀོད་པ་མི་རུང་བར་འགྱུར་རོ་ཞེ་ན། གཞན་གྱིས་བརྟགས་པའི་བསལ་བ་དུ་མ་ལ་དོན་ལ་ཁྱབ་པ་རྟགས་སུ་བཀོད་པ་ཡིས་དུ་མར་ཐལ་ཞེས་མི་འདོད་པ་ཐལ་བར་འཕེན་པ་བསྒྲུབ་པ་དེ་ཆོས་ཅན། ཁྱོད་ཀྱི་གཏན་ཚིགས་སྔར་རྒོལ་རང་ཉིད་ཀྱིས་མ་གྲུབ་ཀྱང་། ཐལ་བར་འཕེན་པ་མི་རུང་བ་མ་ཡིན་ཏེ་གཅིག་དུ་མ་དེ་མེད་ན་གཞན་གསལ་བ་དུ་མ་ལ་དོན་ལ་ཁྱབ་པ་དེ་དགག་པའི་ཕྱིར་དུ་ཐལ་བ་བཀོད་པ་ཡིན་གྱི་རང་རྒྱུད་ཀྱི་བསྒྲུབ་བྱ་དངོས་སུ་སྒྲུབ་པར་བྱེད་པ་མིན་པའི་ཕྱིར་རོ། །དུ་མ་མེད་ན་གསལ་བ་དུ་མ་ལ་དོན་ལ་ཁྱབ་པ་དགག་ནུས་ཏེ། གསལ་བ་དུ་མ་དང་དུ་མ་གཉིས་བདག་ཉིད་གཅིག་ཏུ་འབྲེལ་པའི་ཕྱིར། དེས་རང་རྒྱུད་འཕེན་པའི་ཚེ་གཏན་ཚིགས་སྔར་རྒོལ་རང་ཉིད་ཀྱིས་གྲུབ་པ་དགོས་ཏེ། བ་ལང་གི་སྤྱི་ཆོས་ཅན། གསལ་བ་དུ་མ་ལ་དོན་ལ་ཁྱབ་པ་མ་ཡིན་ཏེ། དུ་མ་མིན་པའི་ཕྱིར་ཞེས་པ་ལྟ་བུའོ། །གཉིས་པ་ལ་གསུམ་སྟེ། དོན་ཅེས་སྨོས་པའི་རྣམ་བཅད་བཤད། །རྣམ་གཅོད་དོན་ཉིད་རིགས་པས་བསྒྲུབ། །ཕྱོགས་ཚིག་སྒྲུབ་བྱེད་མིན་པས་གྲུབ་པའོ། །དང་པོ་ནི། མདོར་གཞན་དོན་རྗེས་དཔག་གི་མཚན་ཉིད་དུ་དོན་ཞེས་སྨོས་པ་དེ་ནི་ཆོས་ཅན། ཚུལ་གསུམ་མ་ཚང་ཡང་སྒྲ་སྟེ་ལུང་དག་དང་རྟོག་པས་རྟགས་སུ་སྒྲོ་བཏགས་པའི་བདག་ཉིད་ཅན་སྒྲ་རྟག་པར་བསྒྲུབ་པ་ལ་ཕྱོགས་དང་མཐུན་ཕྱོགས་གང་རུང་བཀོད་པ་ལྟ་བུ་གཞན་དོན་རྗེས་དཔག་གི་བརྗོད་བྱར་གྱུར་པའི་རྟགས་ཉིད་མིན་པར་གྲུབ་པའི་དོན་དུ་སྨོས་པ་ཡིན་ཏེ། ཚུལ་གསུམ་ཚང་བའི་རྟགས་སྟོན་པར་བྱེད་པ་ཁོ་ན་གཞན་དོན་རྗེས་དཔག་ཏུ་བསྟན་པའི་ཕྱིར་རོ། །སྒྲོ་བཏགས་རྟགས་སུ་མི་རུང་བའི་རྒྱུ་མཚན་གང་ཞེ་ན། བསྒྲུབ་བྱའི་དོན་ནི་ཆོས་ཅན། ལུང་དང་རྟོག་པས་སྒྲོ་བཏགས་པ་ཙམ་གྱི་རྟགས་ལས་གྲུབ་པ་མིན་ཏེ། དོན་ཏེ་ཚུལ་གསུམ་ཚང་བའི་རྟགས་ཉིད་ལས་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། རྟོག་པ་དང་ལུང་དག་ཆོས་ཅན། ཁྱོད་ཀྱི་རང་དགར་བཏགས་པ་དག་ནི་བསྒྲུབ་བྱ་སྒྲུབ་པ་ལ་འཁྲུལ་པ་ཡིན་ཏེ། ཁྱོད་དོན་གྱི་དངོས་པོའི་རྗེས་སུ་མི་འཇུག་པར་བྱེད་པ་པོའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་པའི་ཕྱིར་དང་། དོན་གྱི་དངོས་པོ་ལས་གཞན་དུའམ་འཇུག་སྲིད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། ཕྱོགས་ཚིག་དངོས་དང་བརྒྱུད་པའི་སྒྲུབ་བྱེད་མིན། །དེས་ན་གཞན་ལ་བཀོད་སྐྱོན་རང་ལ་མེད། །ཕྱོགས་ཚིག་སྒྲུབ་བྱེད་ཡིན་པའི་རྩོད་ལན་དགག་པའོ། །དང་པོ་ལ་གསུམ་སྟེ། ཚིག་གཉིས་དངོས་སུ་བསྒྲུབ་བྱེད་མིན་པར་མཚུངས། །བརྒྱུད་ནས་སྒྲུབ་བྱེད་ཡིན་མིན་ཁྱད་པར་ཡོད། །ཕྱོགས་ཚིག་བརྒྱུད་ནས་སྒྲུབ་བྱེད་ཡིན་པ་དགག་པའོ། །དང་པོ་ནི། དོན་ཞེས་པའི་ཚིག་དེས་བསྒྲུབ་བྱ་དངོས་སུ་སྒྲུབ་པ་ལ་དོན་ཚུལ་གསུམ་ཚང་དགོས་པར་བསྟན་པས་ཚིག་གཉིས་ཀ་བསྒྲུབ་བྱ་དངོས་སུ་སྒྲུབ་པའི་སྒྲུབ་བྱེད་མིན་པར་གྲུབ་སྟེ། འདིར་ལྟར། སྒྲ་མི་རྟག་ཅེས་ཕྱོགས་བརྗོད་པ་དང་། གང་བྱས་ན་མི་རྟག་པས་ཁྱབ་ཅེས་སོགས་གཏན་ཚིགས་བརྗོད་པ་གཉིས་པོ་ཆོས་ཅན། བསྒྲུབ་བྱའི་དོན་སྒྲ་མི་རྟག་པ་དངོས་སུ་བསྒྲུབ་པ་ལ་ནུས་པ་མེད་པར་མཚུངས་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མ་ཚང་བའི་ཕྱིར། ཁྱབ་སྟེ། ཚུལ་གསུམ་གྱི་དོན་གྱིས་བསྒྲུབ་བྱའི་དོན་རྟོགས་དགོས་པའི་ཕྱིར། དེས་ན་ཚིག་གཉིས་པོ་དེ་དག་ཆོས་ཅན། རང་ཉིད་ལས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པར་གནས་པ་མ་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ནུས་པ་མེད་པ་དེས་ནའོ། །འོ་ན་ཕྱོགས་ཚིག་གཏན་ཚིགས་ཡང་དག་ཏུ་འགྱུར་བ་མི་སྲིད་དམ་སྙམ་ན། ཕྱོགས་ཀྱི་ཚིག་དེ་ཆོས་ཅན། རང་སྨྲ་བ་པོའི་གང་ཟག་གི་རྒྱུད་ལ་ཀུན་སློང་གི་བསམ་པ་སྟོན་པར་བྱེད་པ་ལ་སྒྲུབ་བྱེད་ཚད་མ་ཡིན་ཏེ། དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། ཚིག་དེ་ཆོས་ཅན། རང་གི་བརྗོད་བྱ་དངོས་སུ་སྒྲུབ་བྱེད་མིན་ཏེ། ཁྱོད་ལས་རང་གི་བརྗོད་བྱ་ལ་ཐེ་ཚོམ་དག་སྐྱེ་བའི་ཕྱིར། གཉིས་པ་ནི། སྒྲ་མི་རྟག་ཅེས་པའི་ཕྱོགས་ཚིག་ཆོས་ཅན། བརྒྱུད་པ་ཡིས་ཀྱང་སྒྲ་མི་རྟག་པ་སྒྲུབ་ནུས་པའི་སྒྲུབ་ངག་ཏུ་མེད་དེ། བསྒྲུབ་པར་བྱ་བ་སྒྲ་མི་རྟག་པ་ཉིད་བརྗོད་ཀྱི་དེའི་སྒྲུབ་བྱེད་མ་བརྗོད་པ་ཡིས་སོ། །གང་བྱས་ན་མི་རྟག་པས་ཁྱབ་ཅེས་སོགས་གཏན་ཚིགས་བརྗོད་པའི་སྒྲུབ་ངག་ཆོས་ཅན། སྒྲ་མི་རྟག་པར་བརྒྱུད་ནས་སྒྲུབ་བྱེད་ཡིན་ཏེ། རང་ཉིད་ལ་སྒྲ་མི་རྟག་པར་དངོས་སུ་སྒྲུབ་པའི་ནུས་པ་མེད་ཀྱང་སྒྲ་མི་རྟག་པར་དངོས་སུ་སྒྲུབ་ནུས་ཀྱི་ཚུལ་གསུམ་སྟོན་བྱེད་ཀྱི་སྒྲུབ་ངག་ཡིན་པའི་ཕྱིར། སློབ་དཔོན་ཕྱོགས་གླང་ཕྱོགས་ཚིག་དངོས་དང་བརྒྱུད་པའི་སྒྲུབ་བྱེད་མིན་པར་བཞེད་དམ་ཞེ་ན་བཞེད་དེ། ཕྱོགས་གླང་ཆོས་ཅན། ཕྱོགས་ཚིག་དངོས་ཀྱི་སྒྲུབ་བྱེད་མིན་པར་དེ་ལས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ་ཞེས་པས་བཤད་ཅིང་། བརྒྱུད་ནས་སྒྲུབ་བྱེད་མིན་པར་ཡང་བཞེད་དེ། གཏན་ཚིགས་ཀྱི་དོན་གྱི་ཡུལ་ཡིན་པ་ཉིད་ཀྱི་བསྒྲུབ་བྱ་སྒྲུབ་པའི་ནུས་མེད་ཀྱི་བསྒྲུབ་བྱ་དེ་ནི་ཕྱོགས་ཚིག་གིས་བརྗོད་པར་བཤད་པའི་ཕྱིར་ཏེ། དེ་ལས་དཔག་བྱ་བསྟན་པ་ནི་གཏན་ཚིགས་དོན་གྱི་ཡུལ་དུ་འདོད། །ཅེས་གསུངས་སོ། །གསུམ་པ་ལ་གཉིས་ཏེ། རྟགས་ཚིག་འཇུག་པའི་སྒྲུབ་བྱེད་དགག །ནུས་པ་འཇུག་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ་སྟེ། འདོད་པ་བརྗོད། སུན་འབྱིན་བཤད། གྲུབ་དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་ཕྱོགས་ཚིག་དེ་ལའང་ཆོས་ཅན། བརྒྱུད་ནས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཡོད་དེ། དེ་ལ་བརྟེན་ནས་གཏན་ཚིགས་ཀྱི་ཚིག་འགོད་པ་ནི་འཇུག་པའི་ཕྱིར་ཞེ་ན། གཉིས་པ་ནི། ཕྱིར་རྒོལ་སྒྲ་རྟག་གམ་མི་རྟག་ཐེ་ཚོམ་ཟ་བ་དང་། དེ་ལས་མཐའ་གཅིག་ཏུ་ཤེས་པ་འདོད་པ་དང་། དེ་ལས་བསྒྲུབ་བྱ་ལ་ཡིན་མིན་རྩོད་པའི་སྐབས་དང་། རྒོལ་བའི་དཔག་འདོད་སོགས་ཆོས་ཅན། བརྒྱུད་ནས་སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཀྱི་ཚིག་འཇུག་པ་དེ་ནི་ཁྱོད་ལ་བརྟེན་པ་ཡིན་པའི་ཕྱིར། གལ་ཏེ་ཐེ་ཚོམ་སོགས་ཚིག་མིན་པས་སྒྲུབ་བྱེད་མིན་ནོ་ཞེ་ན། མི་མཐུན་ཕྱོགས་སྒྲ་རྟག་པར་ཚིག་གིས་ཁས་ལེན་ན་ཡང་ཚིག་དེ་ཆོས་ཅན། སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་ཐལ། དེ་ལ་བརྟེན་ནས་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཚིག་འཇུག་པའི་ཚིག་ཡིན་པ་དེ་མཚུངས་པའི་ཕྱིར། འདོད་ན། དེའི་ཕྱིར། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་ཐུག་མེད་དུ་འགྱུར་རོ། །གསུམ་པ་ནི། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་དེ་ཉིད་བརྗོད་པའི་ཚིག་ཆོས་ཅན། ཁྱོད་ལ་བརྒྱུད་ནས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཡོད་དེ། ནང་གི་ཡན་ལག་བསྒྲུབ་བྱ་དངོས་སུ་སྒྲུབ་པའི་ནུས་པ་ནི་ཚུལ་གསུམ་ཚང་བའི་རྟགས་དག་ལ་ཡང་དག་པར་གནས། ཚུལ་གསུམ་དེ་ལ་དྲན་པ་བསྐྱེད་པ་ནི་ཁྱོད་ལ་ཡང་དག་པར་གནས་པའི་ཕྱིར་རོ། །ཕྱོགས་ཚིག་ལ་བརྒྱུད་ནས་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་དེ། དེ་ལས་སྒྲུབ་བྱེད་ལ་དྲན་པ་བསྐྱེད་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འདོད་པ་བརྗོད། སུན་འབྱིན་བཤད། རྩོད་པ་སྤོང་བའོ། །དང་པོ་ནི། གལ་ཏེ་གཏན་ཚིགས་ཀྱི་ནུས་ཡུལ་བསྟན་པ་ཕྱོགས་ཚིག་ངག་ཉིད་ལས་ནི་བསྒྲུབ་བྱ་སྒྲུབ་པ་ལ་ནུས་པ་གྲུབ་པར་འདོད་དེ། གཏན་ཚིགས་ཀྱི་ནུས་ཡུལ་བསྟན་པ་དག་མེད་པར་ནི་དེ་སྒྲུབ་པའི་གཏན་ཚིགས་འཇུག་པ་མེད་པའི་ཕྱིར་ཅེ་ན། གཉིས་པ་ནི། བསྒྲུབ་བྱ་སྒྲུབ་པའི་ནུས་པ་གྲུབ་པ་ལ་གཏན་ཚིགས་ཀྱི་ནུས་ཡུལ་བསྒྲུབ་བྱ་དངོས་སུ་བསྟན་པ་མི་དགོས་ཏེ། གང་བྱས་ན་མི་རྟག་པས་ཁྱབ་ཅེས་སོགས་ཁྱབ་པ་སྔོན་འགྲོ་ཅན་ལ་བསྒྲུབ་བྱ་དངོས་སུ་བསྟན་པ་དེ་མེད་ཀྱང་སྒྲ་མི་རྟག་པར་རྟོགས་པར་འགྱུར་བའི་ཕྱིར་དང་། སྒྲ་ནི་བྱས་པ་ཡིན། གང་བྱས་པ་འདི་འདྲ་བ་ཀུན་མི་རྟག་ཅེས་ཕྱོགས་ཆོས་སྔོན་འགྲོ་ཅན་ནི་བརྗོད་པས་ཀྱང་དོན་གྱིས་སྒྲ་དེ་ནི་འཇིག་པར་རྟོགས་པའི་བློ་རྗེས་དཔག་སྐྱེ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། ཕྱོགས་དངོས་སུ་མ་བརྗོད་ན་སྒྲུབ་ངག་ཡན་ལག་མ་ཚང་བའི་སྐྱོན་ཅན་དུ་འགྱུར་རོ་ཞེ་ན། སྒྲུབ་ངག་ཆོས་ཅན། ཚུལ་གསུམ་ལས་ཚུལ་གང་ཡང་རུང་བ་ཉིད་དངོས་སུ་མ་བསྟན་ན་མ་ཚང་བའི་སྐྱོན་ཅན་ཡིན་པར་བརྗོད་ཀྱི། ཕྱོགས་ཚིག་མ་ཚང་བས་སྐྱོན་ཅན་དུ་མི་འགྱུར་ཏེ། ཕྱོགས་དངོས་སུ་བསྟན་པ་ནི་མེད་ན་ཡང་ཁྱོད་ལས་བསྒྲུབ་བྱ་འགྲུབ་པ་ལ་ནི་གེགས་མེད་པའི་ཕྱིར་རོ། །གཉིས་པ་ནི། ཕྱོགས་ཚིག་སྒྲུབ་བྱེད་མ་ཡིན་པར་བསྟན་པ་དེས་རིགས་པ་ཅན་པའི་དམ་བཅའི་མཚན་ཉིད་ལ་སློབ་དཔོན་ཕྱོགས་གླང་གིས་བརྗོད་པའི་སྐྱོན་རྣམས་རང་ལ་མི་འཇུག་པར་ཡང་གྲུབ་སྟེ། འདི་ལྟར་ཕྱོགས་ཚིག་སྒྲུབ་བྱེད་དུ་མི་འདོད་པ་ལྟར་ན་བསྒྲུབ་བྱ་བརྗོད་པར་དམ་བཅའི་མཚན་ཉིད་དུ་སྨྲས་ནའང་། སྨྲ་བ་པོ་དེ་ལ་ཆོས་ཅན། དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅའ་བར་ཐལ། །ཞེས་པའི་སྐྱོན་འགོད་པ་འཐད་པ་མིན་ཏེ། དཔེ་དང་གཏན་ཚིགས་ལྟར་སྣང་བརྗོད་པ་དམ་བཅར་ཐལ་བའི་སྐྱོན་འཇུག་པ་མིན་པའི་ཕྱིར་ཏེ། བསྒྲུབ་བྱ་བརྗོད་པ་དམ་བཅའ་ཡིན་ཞེས་པས་ནི་སྒྲུབ་བྱེད་དུ་མ་བཀོད་པའི་མ་གྲུབ་པའི་བརྗོད་པ་ཞིག་དམ་བཅའ་བསྟན་ལ། དཔེ་དང་གཏན་ཚིགས་ལྟར་སྣང་བརྗོད་པ་ནི་སྒྲུབ་བྱེད་ཀྱི་དབང་དུ་བྱས་པ་བརྗོད་པ་ཡིན་པ་ཉིད་ཀྱིས་སོ། །གལ་ཏེ་ཁྱོད་ངེས་གཟུང་གི་ཁྱད་པར་མེད་པར་བསྒྲུབ་བྱ་བརྗོད་པ་ཙམ་དམ་བཅའི་མཚན་ཉིད་དུ་སྨྲ་བས་སྐྱོན་འདི་འཇུག་གོ་སྙམ་ན། བསྒྲུབ་བྱ་ཁོ་ན་བརྗོད་པ་དམ་བཅའ་ཡིན། །ཞེས་ངེས་གཟུང་གི་ཁྱད་པར་མེད་པར། བསྒྲུབ་བྱ་བརྗོད་པ་དམ་བཅའ་ཡིན་ཞེས་པ་སྤྱིར་བརྗོད་ན་ཡང་ཚིག་དེ་ལས་ཆོས་ཅན། དམ་བཅའ་དང་རིགས་མི་མཐུན་པའི་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅའ་ཡིན་ནམ་སྙམ་དུ་ཐེ་ཚོམ་འབྱུང་བ་མི་རིགས་ཏེ། དམ་བཅའ་དང་རིགས་གཅིག་པའི་སྒྲུབ་བྱེད་དུ་མ་བཀོད་པའི་མ་གྲུབ་པ་བརྗོད་པ་ཁོ་ན་དམ་བཅའ་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་བར་འགྱུར་བའི་ཕྱིར་རོ། །རིགས་མི་གཅིག་པ་ལ་ཐེ་ཚོམ་མི་སྐྱེ་བ་ལས་གཞན་དུ་དམ་བཅའི་མཚན་ཉིད་ཀྱི་ཚིག་དེ་ལས་མ་གྲུབ་པ་བརྗོད་པ་ཀུན་དམ་བཅར་དོགས་ན་རྫ་མཁན་གྱིས་རྫ་བུམ་བྱའོ་ཞེས་སོགས་བསྒྲུབ་བྱ་བརྗོད་པ་ཀུན་ཆོས་ཅན། དམ་བཅའི་མཚན་ཉིད་སྟོན་པའི་ཚིག་དེ་ལས་དམ་བཅའ་བར་ནི་དོགས་པར་ཐལ་བར་འགྱུར་ཏེ། བསྒྲུབ་བྱ་བརྗོད་པ་ཡིན་པའི་ཕྱིར་རོ། །དེས་ན་དམ་བཅའི་མཚན་ཉིད་སྟོན་པའི་ཚིག་དེ་ལས་ཤེས་བྱེད་སྐབས་ཀྱི་མ་གྲུབ་པ་བརྗོད་པ་དམ་བཅའ་ཡིན་ཞེས་ཤུགས་ཀྱིས་གོ་ཞེས་ཁས་བླངས་དགོས་ལ། དེ་ལྟར་ན་ངེད་ཀྱིས་ཀྱང་ཚིག་དེ་ལས་སྒྲུབ་བྱེད་དུ་མ་གྱུར་པའི་བསྒྲུབ་བྱ་བརྗོད་པ་དམ་བཅའ་ཡིན་ཞེས་ཤུགས་ཀྱིས་གོ་བ་སྨྲ་ནུས་པར་མཚུངས་སོ། །གལ་ཏེ་ཕྱོགས་ཚིག་སྒྲུབ་བྱེད་དུ་བརྗོད་པ་གཞན་དག་ལ་ཡང་དཔེ་རྟགས་མ་གྲུབ་པ་བརྗོད་པ་ཆོས་ཅན། དམ་བཅའ་བར་ཐལ་བའི་སྐྱོན་མེད་དེ། སྒྲུབ་བྱེད་བརྗོད་པ་མིན་པའི་ཕྱིར་ཏེ། མ་གྲུབ་པ་བརྗོད་པའི་ཕྱིར། ཁྱབ་སྟེ། ཚད་མས་གྲུབ་པ་བརྗོད་པ་སྒྲུབ་བྱེད་ཡིན་པའི་ཕྱིར་རོ་ཞེ་ན། ད་ནི་བསྒྲུབ་བྱ་སྟོན་པའི་ཚིག་དག་ཆོས་ཅན། ཇི་ལྟར་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ཏེ་མིན་པར་ཐལ། མ་གྲུབ་པ་བརྗོད་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །གསུམ་པ་ནི། རིགས་སྒོའི་འགྲེལ་བྱེད་མང་ལེན་གྱི་བུ་ལ་སོགས་པ་ན་རེ། ཕྱོགས་ཚིག་ཆོས་ཅན། སྒྲུབ་བྱེད་ཡིན་ཏེ། ལྟར་སྣང་བ་དང་བཅས་པ་སྒྲུབ་པ་འགོད་པའི་དུས་སུ་བརྗོད་པའི་ཕྱིར། གཏན་ཚིགས་དང་དཔེའི་ཚིག་བཞིན་ཞེས་ཕྱོགས་སྔ་བཀོད་པ་དང་། སོགས་ཀྱིས་བསྡུས་པ་དེ་ལ་མངོན་སུམ་གྱིས་མ་ངེས་ཞེས་སུན་འབྱིན་བརྗོད་པའི་ལན་དུ་ཚིག་གི་རང་བཞིན་ལྟར་སྣང་བ་དང་བཅས་པ་སྒྲུབ་པ་འགོད་པའི་དུས་སུ་བརྗོད་པའི་ཕྱིར་ཞེས་པ་ལ་སོགས་པ་ནི་ཆོས་ཅན། རྩོད་ལན་ནི་འབྲེལ་མེད་ཉིད་ཀྱིས་བཞད་གད་ཀྱི་གནས་ཡིན་ཏེ། ཕྱོགས་སྔ་གསོ་བར་མི་ནུས་པ་ལ་ནུས་པར་སྨྲ་བའི་ཕྱིར་ཏེ། ཚིག་གི་རང་བཞིན་ལྟར་སྣང་བ་དང་བཅས་པར་བརྗོད་པ་བཀོད་པ་ལ་ཡང་ཁྱབ་པ་མ་ངེས་པའི་སྐྱོན་ཡོད་པའི་ཕྱིར། ཕྱོགས་དེ་ལ་རིགས་སྒོའི་ཊཱིཀ་བྱེད་པས་ལན་ཏེ། སུན་འབྱིན་གྱི་ཚིག་གིས་མ་ངེས་ཞེས་པ་དང་། དེ་ལ་གཞན་གྱི་ཚིག་གི་རང་བཞིན་ལྟར་སྣང་དང་བཅས་པར་བཤད་པ་ཞེས་བྱེ་བྲག་ཡོད་ཅེས་དང་། དེའི་ལན་དུ་སུན་འབྱིན་གྱི་ཚིག་ཀྱང་ཚིག་གི་རང་བཞིན་ལྟར་སྣང་དང་བཅས་པ་བཤད་པ་ཡིན་པས་སྒྲུབ་བྱེད་མ་ངེས་ཞེས་པའི་སུན་འབྱིན་ཡང་ནི་ཆོས་ཅན། འབྲེལ་མེད་བཞད་གད་ཡིན་ཏེ། དེ་ལྟ་བུའི་ཁྱད་པར་བརྒྱུད་པའི་སུན་འབྱིན་བརྗོད་དགོས་ན་མཐར་སུན་འབྱིན་བརྗོད་པའི་ནུས་པ་མེད་པར་འགྱུར་བས་སོ། །འོ་ན་ཅི་ལྟར་ཞེ་ན། འདི་ལྟར་དེ་ལྟ་བུའི་ཕྱོགས་སྔ་དེ་ནི་རིགས་པ་ཉིད་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཇི་ལྟར་ཞེ་ན། རིག་བྱེད་པ་ན་རེ། འདོན་པ་པོ་ཡིན་པའི་ཕྱིར་ན་འདོན་པ་པོ་གཞན་སྔོན་དུ་སོང་བས་ཁྱབ་ཟེར་བ་ལ། དྲང་སྲོང་རྒྱས་པ་རང་ཉིད་ཀྱིས་རིག་བྱེད་ཙམ་ནི་འདོན་པས་མ་ངེས་ཞེས་སུན་ཕྱུང་བ་ན། རིག་བྱེད་ཁྱད་པར་ཅན་འདོན་པ་ཞེས་ཁྱད་པར་ཡོད་པར་སྨྲ་ཞིང་། ཁྱད་པར་ཅི་ཡོད་དྲིས་པས། གཞན་དུ་འདོན་མི་ནུས་པ་ཞེས་སོགས་སྨྲ་བའི་སྐབས་སུ་བཀག་ཟིན་ཏོ། །གཉིས་པ་རྨོངས་པ་སེལ་ཕྱིར་བསྒྲུབ་བྱ་བཤད་པ་ལ་གསུམ་སྟེ། རང་ལུགས་བསྒྲུབ་བྱའི་མཚན་ཉིད་བཤད། །གཞན་ལུགས་བསྒྲུབ་བྱའི་མཚན་ཉིད་དགག །ཕྱོགས་ལྟར་སྣང་བའི་དཔེ་ཡང་དགག་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་བསྟན་པའི་དགོས་པ་བཤད། །དགོས་པ་ཅན་གྱི་མཚན་ཉིད་བསྟན་པའོ། །དང་པོ་ནི། གལ་ཏེ་ཚུལ་གསུམ་བརྗོད་པའི་ངག་ལས་བསྒྲུབ་བྱ་རྟོགས་པར་འགྱུར་ན། བསྟན་བཅོས་ལས་བསྒྲུབ་བྱའི་མཚན་ཉིད་བསྟན་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན། སྒྲུབ་བྱེད་ཚུལ་གསུམ་བརྗོད་པ་བསྒྲུབ་བྱ་རྟོགས་པའི་དོན་ཅན་ཉིད་ཡིན་ཡང་། བསྟན་བཅོས་ལས་བསྒྲུབ་བྱའི་མཚན་ཉིད་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། ཞེ་འདོད་ཀྱི་ཡུལ་དུ་བྱས་པ་སོགས་བསྒྲུབ་བྱ་ཡིན་པ་ལ་མ་ཡིན་པ་དང་། ལུང་དོན་སོགས་བསྒྲུབ་བྱ་བསྒྲུབ་བྱ་མ་ཡིན་པ་ལ་ཡིན་པར་རྨོངས་པ་མཐོང་བས་དེ་མེད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱར་འཇོག་བྱེད་ཚིག་བཞི་བཤད། །ཡང་དག་འཇོག་བྱེད་མ་བསལ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཚིག་བཞིས་བཟུང་བའི་དོན་བཞི་བསྟན། །ཕྱི་མ་གཉིས་པོ་རྒྱས་པར་བཤད་པའོ། །དང་པོ་ནི། མདོར། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་ལྔ་གསུངས་པའི་ནང་ནས་ངོ་བོ་དང་། ཁོ་ན་ཞེས་པའི་ཚིག་ཕྲད་དང་། འདོད་པ་དང་། བདག་ཉིད་ཅེས་པའི་ཚིག་གིས་ཆོས་ཅན། གཞན་དོན་བསྒྲུབ་བྱ་དེ་ཡི་མཚན་ཉིད་བཞི་བཟུང་སྟེ། ཕྱིར་རྒོལ་གྱིས་མ་གྲུབ་པ་དང་། སྒྲུབ་བྱེད་དུ་བཀོད་བཞིན་པ་མིན་པ་དང་། ངག་ཏུ་མ་སྨྲས་ཀྱང་དོན་གྱིས་བརྗོད་པ་སྟེ་འདོད་པས་ཡུལ་དུ་བྱས་པ་དང་། རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་རྣམས་གཟུང་བའི་ཕྱིར་རོ། །ཅིའི་ཕྱིར་མ་བསལ་བ་འདིར་མ་བརྗོད་ཅེ་ན། མཚན་ཉིད་དང་པོ་བཞི་པོ་གཞན་དོན་བསྒྲུབ་བྱ་ཙམ་གྱི་མཚན་ཉིད་ཡིན་ཏེ། གྲངས་ཅན་པས་མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པ་ལ་འདུས་བསགས་བཀོད་པའི་ཚེ་མིག་སོགས་བདག་དོན་བྱེད་པ་ལ་མཚན་ཉིད་བཞི་ཆར་ཚང་བའི་ཕྱིར་རོ། །འདི་དང་རིགས་སྒོ་ནས་བཤད་པའི་བསྒྲུབ་བྱར་ཁས་བླངས་པ་དོན་གཅིག་པས་དེའི་སྟེང་དུ་མ་བསལ་བ་ཚང་ན་ཕྱོགས་ཡང་དག་ཏུ་འགྱུར་ཞེས་ཤེས་པའི་ཆེད་དུ་འདིར་མ་བསལ་བ་མ་སྨོས་པ་ཡིན་ལ། མདོར་ནི་ཡང་དག་གི་མཚན་ཉིད་ཡོངས་རྫོགས་སྟོན་པའི་སྐབས་ཡིན་པས་སྨོས་སོ། །གནད་འདི་མ་རྟོགས་པར་འདི་མདོར་བསྟན་དུ་བྱས་ནས་མ་བསལ་བ་རྒྱས་པར་བཤད། ཅེས་པའི་ས་བཅད་བྱེད་པས་ནི་ཚིག་གིས་དེ་ཡི་མཚན་ཉིད་བཞི་ཞེས་པ་དང་། ཁས་བླངས་དེ་ཡང་ཚད་མ་ནི། །ངག་གིས་བཀག་མེད་ཡིན་པར་འདོད། །ཅེས་པའི་གཞུང་གཉིས་ཀྱི་ནུས་པ་མ་རྟགས་པའོ། །འདིར་ཚིག་རྐང་དང་པོར་བདག་ཉིད་དང་འདོད་པ་རིམ་པ་བཞིན་བཤད་པ་ནི་མདོའི་གོ་རིམ་གྱི་དབང་དུ་བྱས་ལ། ཕྱི་མར་དེ་ལས་བཟློག་པ་ནི་རྒྱས་བཤད་ཀྱི་གོ་རིམ་གྱི་དབང་དུ་བྱས་སོ། །རྒྱས་བཤད་ལས་གོ་རིམ་དེ་ལྟར་མཛད་པ་ནི་འདོད་པ་ཞེས་པ་ཞེ་འདོད་སྐབས་ཀྱི་བསྒྲུབ་བྱར་བསྟན་པ་ན་རྒོལ་བས་ཁས་བླངས་པའི་ལུང་དོན་ཐམས་ཅད་ཞེ་འདོད་ཀྱི་ཡུལ་ཡིན་པས་སྐབས་ཀྱི་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་བཟློག་པའི་ཆེད་དུ་རང་ཉིད་སྨོས་དགོས་པའི་དབང་དུ་བྱས་ཤིང་། མདོ་ལས་ནི་འདོད་པ་ཞེས་པ་རྒོལ་བ་རང་ཉིད་ལ་སྦྱར་བའི་ཆེད་དུ་རང་ཉིད་ཐོག་མར་སྨོས་སོ། །གཞན་དག་ནི་དོགས་པ་ཙམ་ཡང་མ་ཞུགས་ན་ཆོད་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །གཉིས་པ་ལ་གཉིས་ཏེ། འདོད་པ་རྒྱས་པར་བཤད་པ་དང་། རང་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཞེ་འདོད་བསྒྲུབ་བྱ་ཡིན་པར་བསྟན། །བསྒྲུབ་བྱ་མིན་ན་ཧ་ཅང་ཐལ། །ཚུལ་དེས་ལོག་རྟོག་གཞན་ཡང་ཁེགས་པའོ། །དང་པོ་ལ་གསུམ་སྟེ། ཞེ་འདོད་བསྒྲུབ་བྱ་ཡིན་པའི་དཔེ། །དེ་ལ་གཞན་གྱིས་རྩོད་པ་སྤོང་། །དེ་ལྟར་བསྟན་པའི་དགོས་པ་བཤད་པའོ། །དང་པོ་ནི། འདོད་པ་ཞེས་པས་ངག་ཏུ་མ་བརྗོད་ཀྱང་ཞེ་བས་འདོད་པ་སྐབས་ཀྱི་བསྒྲུབ་བྱར་བསྟན་ན། དེའི་དཔེ་ཇི་ལྟ་བུ་ཞེ་ན། ངག་ཏུ་མ་བརྗོད་ན་ཡང་རྒོལ་བས་ཞེ་བས་འདོད་པས་ཁྱབ་པའི་ཚོགས་དོན་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱ་ཡིན་ཏེ། ཞེ་བས་བསྒྲུབ་བྱར་འདོད་པའི་ཕྱིར་རོ། །དཔེར་ན་གྲངས་ཅན་པས་མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པ་ན་མིག་སོགས་བདག་གི་དོན་བྱེད་པ་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། རང་སྒྲ་དོན་མེད་འགྱུར་བ་སྤང་། །འགལ་རྟགས་གཅིག་ཏུ་འགྱུར་བ་སྤང་། །འདོད་པ་རྟོགས་པ་མེད་པ་སྤང་བའོ། །དང་པོ་ནི། འདོད་པ་ཅེས་པས་རྒོལ་བས་ཞེ་བས་མི་འདོད་པ་བསྒྲུབ་བྱ་ཡིན་པ་ཁེགས་ན་རང་སྒྲ་དོན་མེད་དུ་འགྱུར་རོ་ཞེ་ན། འདོད་པ་ཅེས་པའི་སྒྲས་རྒོལ་བ་ལས་གཞན་གྱི་འདོད་པ་ཐམས་ཅད་བསྒྲུབ་བྱ་ཡིན་པ་བཟློག་ན་ཡང་། རང་ཉིད་ཅེས་པའི་སྒྲ་འདི་ནི་ཆོས་ཅན། དགོས་པ་ཡོད་དེ། རྒོལ་བས་ཁས་བླངས་པའི་ལུང་དོན་ཐམས་ཅད་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པའི་གནས་ནི་བཟློག་པ་སྟེ། དེའི་དོན་དུ་བྱས་པ་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། ཀུན་བཏུས་ཀྱི་འགྲེལ་པར། བདག་ཉིད་ཅེས་བྱ་བའི་སྒྲ་ནི་བསྟན་བཅོས་ལ་མ་ལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ནི། རྒོལ་བའི་ཞེ་འདོད་ཁོ་ན་བསྒྲུབ་བྱ་ཡིན་ན་འགལ་རྟགས་ཐམས་ཅད་ཞེ་འདོད་ལ་ལྟོས་ནས་གཅིག་ཏུ་འགྱུར་རོ་ཞེ་ན། འགལ་རྟགས་དེ་ནི་ཆོས་ཅན། ཞེ་འདོད་གཅིག་ཉིད་བརྗོད་ཚུལ་ལ་ལྟོས་ནས་དུ་མར་འགྱུར་ཏེ། བརྗོད་ཚུལ་ལ་ལྟོས་ནས་རེས་འགའ་ཆོས་དག་གི་སྒོ་ནས་བརྗོད་པ་དང་། རེས་འགའ་ཆོས་ཅན་དག་གི་སྒོ་ནས་བརྗོད་པ་དང་། རེས་འགའ་དེ་གཉིས་ཀྱི་ཁྱད་པར་དག་གི་སྒོ་ནས་དུ་མར་འགྱུར་བ་ཡིན་པར་བརྗོད་པའི་ཕྱིར་རོ། །འདི་ནི་རྣམ་ངེས་ལས། དེ་ནི་རེས་འགའ་ཆོས་དག་གི་སྒོ་ནས་སམ། རེས་ཆོས་ཅན་དག་གི་སྒོ་ནས་སམ། དེའི་ཁྱད་པར་དག་གི་སྒོ་ནས་ཐ་དད་དུ་བྱེད་དོ་ཞེས་པའི་དོན་ས་སྐྱ་པས་བཀྲལ་བའི་ལུགས་ཏེ་དགག་སྒྲུབ་རྒྱས་པར་སྤྱི་དོན་དུ་བསྟན་ཟིན་ཏོ། །གསུམ་པ་ནི། མིག་སོགས་བདག་དོན་བྱེད་པ་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་པར་གང་ལས་རྟོགས་ཤེ་ན། གྲངས་ཅན་གྱིས་མིག་སོགས་བདག་དོན་བྱེད་པ་ངག་ཏུ་མ་བརྗོད་ནའང་ཞེ་བས་འདོད་པ་ནི་ཆོས་ཅན། ཁྱོད་རྟོགས་པའི་ཐབས་ཡོད་དེ། ཁྱོད་མིག་སོགས་བདག་དོན་བྱེད་པའི་སྒྲུབ་བྱེད་འགོད་པའི་སྐབས་ལས་རྟོགས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། མིག་སོགས་བདག་དོན་བྱེད་པ་སྐབས་ཀྱི་བསྒྲུབ་བྱར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པ་དེར་ནི་འདུས་བསགས་ཞེ་འདོད་ཀྱི་སྒྲུབ་ཆོས་ལ་གནོད་བྱེད་ཡིན་པས་འགལ་རྟགས་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། དེར་མ་ཟད་མིག་སོགས་གཞན་དོན་བྱེད་པའི་སྒྲུབ་ཆོས་དེ་མཐུན་དཔེར་རྗེས་འགྲོ་མེད་པ་ཡི་སྐྱོན་ཡང་བསྟན་ཏེ། བདག་དོན་བྱེད་པར་མཐུན་དཔེ་ལས་རྗེས་སུ་མི་འགྲོ་བ་བསྟན་པའི་ཕྱིར། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱིས། བདག་ནི་གཞན་ཞེས་པའི་ཚིག་གིས་བསྟན་ན་དེ་དཔེ་ལ་མ་གྲུབ་ཅེས་བཤད་པ་བཞིན་ནོ། །གཉིས་པ་ནི། གལ་ཏེ་གྲངས་ཅན་པ་དང་སངས་རྒྱས་པ་བདག་ཡོད་མེད་གང་ལ་རྩོད་པའི་ཚེ་གྲངས་ཅན་པ་ཡིས་གང་ལ་སྒྲུབ་བྱེད་བཀོད་པའི་མིག་སོགས་བདག་དོན་བྱེད་པ་དེ་སྐབས་ཀྱི་བསྒྲུབ་བྱ་མིན་ན། འདུས་བསགས་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པའི་བསྒྲུབ་བྱ་ཅི་ཡིན་ཏེ་མེད་པར་ཐལ། མིག་སོགས་བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་མིན་པ་གང་ཞིག བདག་དོན་བྱེད་པ་ལས་གཞན་དུ་གཞན་དོན་བྱེད་པ་དེ་བསྒྲུབ་བྱ་ཡིན་ན་སྔར་རྒོལ་གྱིས་སྒྲུབ་མི་འདོད་པའམ་ཕྱིར་རྒོལ་ལ་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། གཉིས་བཅས་སྦྱོར་བ་སྐྱོན་ཅན་ཉིད་དུ་གྲུབ། །ཡང་དག་རྟགས་ལ་མཚུངས་པའི་རྩོད་པ་སྤོང་། །ཚུལ་དེས་ཉེས་པ་མེད་པ་གཞན་ཡང་གྲུབ་པའོ། །དང་པོ་ནི། ཞེ་འདོད་སྐབས་ཀྱི་བསྒྲུབ་བྱར་བསྟན་པའི་རིགས་པ་འདིས་ནི་ཆོས་ཅན། རྒྱང་འཕེན་གྱི་གཉིས་བཅས་ཀྱི་སྦྱོར་བ་ལ་ཆོས་དཔེའི་རྗེས་འགྲོ་མེད་པ་དང་། གཏན་ཚིགས་འགལ་བའི་སྐྱོན་དག་བསྟན་པ་ཡིན་ཏེ། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་ཀྱི་ཟླ་བཅས་དེ་གཉིས་བཅས་ཀྱི་སྦྱོར་བའི་སྒྲུབ་ཆོས་སུ་བསྟན་པ་ཡིན་པའི་ཕྱིར་རོ། །འོ་ན་གཉིས་བཅས་ཀྱི་སྦྱོར་བ་ཇི་ལྟ་བུ། སྐྱོན་གཉིས་པོ་གནས་པའི་ཚུལ་ཇི་ལྟ་བུ་སྙམ་ན། རྒྱང་འཕེན་པས་ལུས་སེམས་རྫས་གཅིག་ཏུ་བསྒྲུབ་པར་འདོད་ནས་བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་། བུམ་པ་གང་རུང་གི་ཟླ་བཅས་ཡིན་ཏེ། ཨུཏྤལ་མ་ཡིན་པའི་དངོས་པོ་ཡིན་པའི་ཕྱིར། བུམ་ལྡན་གྱི་རྩིག་པ་བཞིན་ཞེས་འགོད། དེའི་ཞེ་འདོད་ཀྱི་ཆོས་ནི་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་ཀྱི་ཟླ་བཅས་ཡིན་པས་དེ་དཔེ་ལ་རྗེས་འགྲོ་མེད་པ་དང་། རྟགས་དེ་དེ་སྒྲུབ་པ་ལ་ཁྱབ་པ་འགལ་བའོ། །ཅི་སྟེ་ཡང་སྐབས་དེར་དེ་སྒྲུབ་ཆོས་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་མེད་དེ། བསྒྲུབ་པར་བྱ་བའི་ཆོས་ནི་ལུས་བུམ་གང་རུང་གི་ཟླ་བཅས་སྤྱིར་གྱུར་པ་དེ་སྒྲུབ་པར་འདོད་པའི་ཕྱིར་ཞེ་ན། བུམ་པ་ཆོས་ཅན། ཁྱོད་ལུས་སེམས་རྫས་གཅིག་པའི་ལུས་ཀྱི་ཟླ་བཅས་སུ་མི་འགྱུར་ན་ལུས་བུམ་གང་རུང་གི་ཟླ་བཅས་སུ་གྲུབ་པ་མིན་པར་ཐལ། ཁྱོད་ལུས་སེམས་རྫས་གཅིག་པའི་ལུས་ཀྱི་ཟླ་བཅས་སུ་མི་འགྱུར་ན་དེ་འདྲའི་ལུས་དང་བུམ་པ་གང་རུང་གི་སྤྱི་དེ་ཉིད་ཁྱོད་ཀྱི་དོན་གཞན་གྱི་ཟླ་བོར་གཏན་མེད་པའི་ཕྱིར། བུམ་པའི་ཟླ་བཅས་ཀྱང་མ་ཡིན། ལུས་ཀྱི་ཟླ་བཅས་ཀྱང་མ་ཡིན་བཞིན་དུ་བུམ་པ་ལུས་བུམ་གང་རུང་གི་ཟླ་བཅས་ཡིན་ཞེས་སྨྲ་བ་རྒྱང་འཕེན་པ་རྣམས་ཀྱི་ཚིག་འདི་དེ་ཆོས་ཅན། མི་ཤེས་པ་གཏི་མུག་གི་དབང་གིས་སླདཾ་པ་ཡིན་ཏེ། བརྗོད་བྱས་སྟོང་པ་བརྗོད་པའི་ཚིག་ཡིན་པའི་ཕྱིར། གཉིས་པ་ནི། སྒྲའི་མི་རྟག་པ་དང་བུམ་པའི་མི་རྟག་པ་གང་བསྒྲུབ་ཅེས་པའི་ཁྱད་པར་གྱིས་བརྟགས་ན་བྱས་པས་སྒྲ་འཇིག་པར་བསྒྲུབ་པ་ལའང་གཉིས་བཅས་ཀྱི་སྦྱོར་བ་ལ་བཀོད་པའི་སྐྱོན་མཚུངས་ཏེ། སྒྲའི་མི་རྟག་པ་བསྒྲུབ་ན་དཔེ་ལ་མེད། བུམ་པའི་མི་རྟག་པ་བསྒྲུབ་ན་ཆོས་ཅན་སྒྲ་ལ་མི་སྲིད་པའི་ཕྱིར་ཅེ་ན། བྱས་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་སྒྲ་དང་བུམ་པའི་མི་རྟག་པ་བསྒྲུབ་བྱའི་ཆོས་སུ་བྱས་པའི་རྒྱུ་མཚན་གྱིས་གཉིས་བཅས་ཀྱི་སྦྱོར་བའི་སྐྱོན་མཚུངས་པ་མ་ཡིན་ཏེ། སྒྲ་བུམ་གང་རུང་གིས་ཁྱད་པར་དུ་མ་བྱས་པའི་འཇིག་པ་ཙམ་གྲུབ་པ་ཡིས་སྒྲ་ནི་འཇིག་པ་དེ་ལྟར་གྲུབ་པའི་ཕྱིར་དང་། དེ་བཞིན་དུ་ལུས་བུམ་གང་རུང་གི་སྤྱི་དོན་གཞན་ཡོད་པར་གྱུར་ན་བུམ་པའང་དེ་དང་ལྡན་པར་འགྱུར་པ་ལས་དེ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ནའང་ཆོས་མི་རྟག་པ་ཆོས་ཅན། མཐུན་དཔེ་བུམ་སོགས་ལ་རྗེས་འགྲོ་མེད་པར་ཐལ། སྒྲ་ཡིས་ཁྱད་པར་ཅན་ཡིན་པའི་ཕྱིར་ཞེ་ན། མི་རྟག་པ་ཆོས་ཅན། སྒྲའི་ཁྱད་པར་ཅན་ཡིན་པས་བུམ་སོགས་ལ་མེད་པ་མ་ཡིན་ཏེ། སྒྲ་ལ་མ་འབྲེལ་བ་ཟློག་པ་ཙམ་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱིར་རྣམ་གཅོད་ལ་མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་རྣམ་པ་གཉིས་ལས་ཆོས་དེས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར་ན། ཆོས་གཞན་དང་ནི་རྗེས་འགྲོ་མེད་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བྱས་པ་ཆོས་ཅན། སྒྲ་འཇིག་པར་གྲུབ་ཟིན་པ་བསྒྲུབ་པའི་གཏན་ཚིགས་སུ་འགྱུར་ཏེ་སྒྲ་འཇིག་པ་ཙམ་བསྒྲུབ་པའི་གཏན་ཚིགས་གང་ཞིག འཇིག་ཙམ་གྲུབ་ཟིན་པའི་ཕྱིར་རོ་ཞེ་ན། བྱས་པ་ཆོས་ཅན། འཇིག་ཙམ་གྲུབ་ཟིན་ཀྱང་སྒྲ་འཇིག་པར་གྲུབ་ཟིན་པ་སྒྲུབ་པ་ཉིད་མིན་ཏེ། སྒྲ་དེ་ལ་སྤྱི་སྟེ་འཇིག་པ་ཙམ་མི་ལྡན་རྣམ་གཅོད་དུ་བསྒྲུབ་པར་བྱ་བ་ཡིན་པས་སོ། །དེས་ན་འཇིག་ཙམ་དེ་ནི་ཆོས་ཅན་མཐུན་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་ལྡན་པ་མིན་ཏེ། ཆོས་ཅན་སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་ཅན་དུ་བྱས་པ་ཅན་ཡིན་པའི་ཕྱིར། གསུམ་པ་ནི། སྒྲ་བུམ་གང་རུང་གིས་ཁྱད་པར་ཅན་དུ་མ་བྱས་པའི་འཇིག་ཙམ་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཆོས་སུ་བསྟན་པ་འདིས་ནི་ཆོས་ཅན། བྱས་པས་སྒྲ་ལ་ཆོས་ཅན་སྒྲ་དག་གིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་མི་རྟག་པ་དང་། ཆོས་མི་རྟག་པ་དག་གིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཅན་སྒྲ་འགོག་པས་སྒྲ་མི་རྟག་པར་སྒྲུབ་པའི་འགལ་རྟགས་སུ་འགྱུར་བ་དག་ནི་བསལ་བ་ཡིན་ཏེ། བྱས་པས་ཆོས་ཅན་སྒྲ་ལ་ཁྱད་པར་ཅན་གཉིས་པོ་དེ་ལྟར་མི་སྒྲུབ་པར་བསྟན་པའི་ཕྱིར། བྱས་པ་ཆོས་ཅན། ཆོས་ཅན་སྒྲ་ལ་ནི་སྒྲ་དང་མི་རྟག་པའི་ཚོགས་པ་དག་བསལ་བས་སྒྲ་མི་རྟག་པར་བསྒྲུབ་པའི་གཏན་ཚིགས་འགལ་བ་མ་ཡིན་ཏེ། གང་གི་ཕྱིར་ན་སྒྲ་ལ་སྒྲ་དང་མི་རྟག་པའི་ཚོགས་པ་དེ་ལྟར་བསྒྲུབ་པར་འདོད་པ་མིན་པའི་ཕྱིར་ཏེ། ཆོས་ཅན་སྒྲ་འདིར་ཆོས་མི་རྟག་པ་འབའ་ཞིག་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་རང་ཉིད་རྒྱས་པར་བཤད་པ་ལ་གསུམ་སྟེ། རང་གི་ལུགས་ཀྱི་དགོས་པ་བཤད། །གཞན་གྱི་ལུགས་ཀྱི་དགོས་པ་དགག །དགག་སྒྲུབ་གཉིས་ཀྱི་མཇུག་བསྡུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། རང་སྒྲའི་རྣམ་བཅད་དགོས་པ་བསྟན། །རྣམ་བཅད་དོན་ཉིད་རྒྱས་པར་བཤད། །རྒྱས་བཤད་གྲུབ་པའི་དོན་བསྡུ་བསྟན་པའོ། །དང་པོ་ནི། མདོར། གཞན་དོན་བསྒྲུབ་བྱའི་མཚན་ཉིད་དུ་ནི་བདག་ཉིད་ཀྱི་ནི་སྒྲ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཆོས་ཅན་སྒྲ་ལྟ་བུ་གཅིག་ལ་ཕྱི་ནང་གི་བསྟན་བཅོས་ལས། ནམ་མཁའི་ཡོན་ཏན་དང་མི་རྟག་པ་ལ་སོགས་པའི་ཆོས་རྣམས་དུ་མ་རྣམ་པར་གཞག་ཀྱང་། སྒྲུབ་བྱེད་འགོད་པའི་ཚེ་རྒོལ་བ་བདག་ཉིད་བསྒྲུབ་བྱར་འདོད་པ་ཁོ་ན་བསྒྲུབ་བྱ་ཡིན་གྱི། གཞན་མ་ཡིན་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གཞན་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག །རང་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གལ་ཏེ་རྒོལ་བ་དེས་སྒྲུབ་བྱེད་འགོད་པ་ན་རང་གིས་ཁས་བླངས་པའི་ལུང་དོན་ཐམས་ཅད་བསྒྲུབ་བྱར་གཟུང་དགོས་ཏེ། རྒོལ་བས་བསྟན་བཅོས་ཁས་བླངས་པའི་ཕྱིར། དེ་བས་ན་བྱས་པ་ལྟ་བུའི་རྟགས་ཀྱིས་ལུང་དོན་དེ་གཅིག་ལ་རབ་ཏུ་གནོད་ནའང་གཏན་ཚིགས་འགལ་བ་དང་། དམ་བཅའ་བ་དག་བསལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། གཉིས་པ་ལ་གསུམ་སྟེ། གནོད་བྱེད་བརྗོད། སྒྲུབ་བྱེད་དགག རྩོད་པ་སྤོང་བའོ། །དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པ་ན་རྟགས་བྱས་པ་ཆོས་ཅན། དྲི་ལ་སའི་ཡོན་ཏན་ཟློག་པའི་ཕྱིར་ཏེ་དེའི་སྒོ་ནས་ཀྱང་གཏན་ཚིགས་འགལ་བར་འགྱུར་བར་ཐལ། དྲི་ལ་སའི་ཡོན་ཏན་བཀག་པས་ཀྱང་ལུང་དོན་བཀག་པའི་ཕྱིར། གལ་ཏེ་བྱས་པས་དྲི་ལ་སའི་ཡོན་ཏན་བཀག་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འགལ་བ་མིན་ཏེ། སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་དྲི་ལ་སའི་ཡོན་ཏན་སྐབས་ཀྱི་བསྒྲུབ་བྱ་མིན་པའི་ཕྱིར་ཞེ་ན། བྱས་པ་ཆོས་ཅན། སྒྲ་ལ་ནམ་མཁའི་ཡོན་ཏན་བཀག་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་འགལ་བར་མི་འགྱུར་བར་ཐལ། བསྒྲུབ་བྱ་མ་ཡིན་པ་དེ་ནི་གཞན་ནམ་མཁའི་ཡོན་ཏན་ལ་ཡང་མཚུངས་པའི་ཕྱིར། ཅི་སྟེ་ཆོས་ཅན་སྒྲ་འདིར་སྐབས་སུ་བབ་པ་ཡིན་པས་དེའི་ཆོས་ནམ་མཁའི་ཡོན་ཏན་ཡང་སྐབས་སུ་བབ་པའི་ཕྱིར་ན་དེ་བཀག་ན་སྐྱོན་དུ་འགྱུར་གྱི། ཆོས་ཅན་དྲི་སྐབས་སུ་མ་བབ་པས་དེའི་ཆོས་བཀག་པ་སྐྱོན་དུ་མི་འགྱུར་རོ་ཞེ་ན། རིགས་པ་ཅན་པ་ཆོས་ཅན། ནམ་མཁའི་ཡོན་ཏན་སྒྲའི་ཆོས་ཡིན་པའི་རྒྱུ་མཚན་གྱིས་དེ་བཀག་པས་སྐྱོན་དུ་འགྱུར་བ་དང་། སའི་ཡོན་ཏན་སྒྲའི་ཆོས་མ་ཡིན་པས་དེ་བཀག་པས་སྐྱོན་དུ་མི་འགྱུར་ཞེས་འབྱེད་མི་ནུས་པར་ཐལ། ནམ་མཁའི་ཡོན་ཏན་ལུང་དོན་ཡིན་པས་དེ་བཀག་ན་སྐྱོན་དུ་འགྱུར་བར་ཁས་བླངས་པ་གང་ཞིག དྲི་སའི་ཡོན་ཏན་དེ་ལ་གནོད་ནའང་བསྟན་བཅོས་ཀྱི་དོན་ལ་གནོད་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ན་ནམ་མཁའི་ཡོན་ཏན་ཆོས་ཅན། རྒོལ་བས་བསྒྲུབ་བྱར་འདོད་པ་ཡིན་ཏེ། ཆོས་ཅན་སྒྲའི་ཆོས་ཡིན་པ་དང་སོགས་པ་བསྒྲུབ་བྱའི་ཕྱོགས་གཅིག་ཏུ་གྱུར་པའི་ཁྱད་པར་ཡིན་པའི་ཕྱིར་ཞེས་པའི་སྒྲུབ་བྱེད་ཀྱིས་སོ་ཞེས་བརྗོད་ན། སྒྲ་ལ་རྟག་མི་རྟག་སོགས་རྩོད་པའི་གནས་སྐབས་འགའ་ཡིས་རྒོལ་བའི་རྒྱུད་ལ་གང་རུང་གཅིག་ལ་དཔག་འདོད་སྐྱེ་བར་འགྱུར་ཞིང་། འདོད་པ་དེ་ཕྱིར་རྒོལ་གྱིས་རྟོགས་པ་ཡང་དོན་དེ་ལ་སྒྲུབ་བྱེད་འགོད་པའི་འབྲས་རྟགས་དེ་དག་གིས་ཡིན་པ་ལས་དེ་འདྲའི་སྒྲུབ་བྱེད་མེད་པར་ནན་གྱིས་ཁྱོད་ནམ་མཁའི་ཡོན་ཏན་འདི་སྒྲ་མི་རྟག་སྒྲུབ་ཀྱི་རྒོལ་བས་བསྒྲུབ་བྱར་འདོད་ཅེས་པའི་གྲུབ་མཐའ་དེ་ཆོས་ཅན། གསལ་བར་དབང་གིས་ཕྱུག་པའི་རྒྱལ་རིགས་ངན་པའི་སྤྱོད་པ་དང་མཚུངས་པ་ཡིན་ཏེ། སྒྲུབ་བྱེད་མེད་པའི་དོན་དམ་བཅས་པའི་གྲུབ་མཐའ་ཡིན་པའི་ཕྱིར། ཆོས་ཅན་གྱི་ཆོས་ཡིན་པ་སོགས་ཆོས་ཅན། སྔར་རྒོལ་ལ་དཔག་འདོད་བསྒྲུབ་པའི་འབྲས་བུའི་རྟགས་ཀྱི་མཚན་ཉིད་ཅན་མིན་པར་བརྗོད་དེ། དཔག་འདོད་ཡོད་པ་ལ་འཁྲུལ་བ་ཡིས་ནི་དེའི་ཁྱབ་པ་ལ་གནོད་པར་འགྱུར་བའི་ཕྱིར་རོ། །དེས་ན་རྟགས་བྱས་པ་ཆོས་ཅན། ལུང་དོན་ནམ་མཁའི་ཡོན་ཏན་ལ་གནོད་ཀྱང་གཞན་མི་རྟག་པ་ལ་ཅི་ཞིག་གནོད་དེ་མི་གནོད་པར་ཐལ། ནམ་མཁའི་ཡོན་ཏན་མེད་ན་མི་རྟག་པ་མི་འབྱུང་བ་མིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྒྲུབ་བྱེད་བསྟན་བཅོས་ཁས་བླངས་དགག །བསྒྲུབ་བྱ་ཐམས་ཅད་གཟུང་བ་དགག །གྲུབ་དོན་གཏན་ཚིགས་འགལ་བ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་སྟོབས་ཡུལ་ཉིད་བསྟན་བཅོས་ལ་མི་ལྟོས། །ལུང་ལ་ལྟོས་ནས་གཞལ་བྱ་བསྒྲུབ་པའི་དུས། །ཀུན་ལ་བསྟན་བཅོས་དགོས་ན་ཧ་ཅང་ཐལ་བའོ། །དང་པོ་ནི། དངོས་སྟོབས་རྗེས་དཔག་ཆོས་ཅན། རང་ཡུལ་ལ་དཔྱོད་པ་དེའི་ཚེ་ཡུལ་འཇལ་བ་བསྟན་བཅོས་ལ་ལྟོས་པ་མ་ཡིན་ཏེ། ཁྱོད་དེས་གྲུབ་པ་དེ་ནི་ལེགས་པར་སྟེ་རིགས་པས་གྲུབ་པའི་ཕྱིར་དང་། ཁྱོད་རང་གི་སྤྱོད་ཡུལ་འཇལ་བ་ལ་ལུང་ལ་ལྟོས་པ་མེད་པར། རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཅེས་པར་བཤད་ཟིན་པའི་ཕྱིར་རོ། །དེ་ལྟར་ན་དངོས་སྟོབས་རྗེས་དཔག་གིས་རང་ཡུལ་ལ་དཔྱོད་པ་དེའི་ཚེ་བསྟན་བཅོས་ཁས་བླངས་ནས་རྩོད་པའི་སྐབས་ཡིན་པས་བསྟན་བཅོས་ལ་གནོད་ན་རྒོལ་བས་བསྟན་བཅོས་ཁས་བླངས་ནས་རྩོད་པ་དེ་དོར་བར་འགྱུར་བས་ཁས་བླངས་ཉམས་པར་འགྱུར་རོ་ཞེ་ན། དངོས་སྟོབས་རྗེས་དཔག་གིས་རང་ཡུལ་ལ་དཔྱོད་པ་དེའི་ཚེ་ཆོས་ཅན། བསྟན་བཅོས་ཁས་བླངས་ནས་རྩོད་པ་དོར་བའི་སྐྱོན་ཡོད་པ་མིན་ཏེ། བསྟན་བཅོས་ཁས་བླངས་པ་མེད་པའི་ཕྱིར། དེས་ན་རྒོལ་བ་ཆོས་ཅན། དངོས་སྟོབས་རྗེས་དཔག་གིས་རང་ཡུལ་ལ་རྩོད་པ་དེའི་ཚེ་ལུང་ཁས་བླངས་པ་ཡོད་ཀྱང་སྒྲུབ་བྱེད་ཀྱི་ཡན་ལག་མིན་ཏེ། དངོས་སྟོབས་རྗེས་དཔག་གིས་རང་ཡུལ་ལ་དཔྱོད་པ་འདི་ནི་ལུང་ཁས་ལེན་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ལྟར་མངོན་སུམ་དང་དངོས་སྟོབས་རྗེས་དཔག་གིས་ཡུལ་མངོན་གྱུར་དང་ལྐོག་གྱུར་གཉིས་དཔྱོད་པས་རྣམ་པར་དག་པ་ན་གནས་གསུམ་པ་དཔྱོད་པའི་དུས་དེ་ནི་ཆོས་ཅན། བསྟན་བཅོས་ཚད་མ་སྒྲུབ་བྱེད་དུ་ཡོངས་སུ་འཛིན་པར་འདོད་པའི་དུས་ཡིན་ཏེ། གཞལ་བྱའི་སྒྲུབ་བྱེད་ཡོད་ཅིང་བསྟན་བཅོས་ཚད་མ་ལས་གཞན་པའི་སྒྲུབ་བྱེད་མེད་པའི་ཕྱིར། རྒོལ་བ་ཆོས་ཅན། གནས་གསུམ་པ་ལ་དཔྱོད་པ་དེའི་ཚེ་ལུང་ཚད་མ་དང་འགལ་ན་བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར་ཏེ། ལུང་ཚད་མ་དེས་གྲུབ་པའི་དོན་གནས་གསུམ་པ་ལ་ལུང་ཚད་མ་དེ་དང་ནི་འགལ་བར་སེམས་པ་མི་རུང་བའི་ཕྱིར། གཉིས་པ་ནི། བསྟན་བཅོས་སྒྲུབ་བྱེད་དུ་ལེན་པའི་དུས་གང་ཞེ་ན། གཞལ་བྱའི་གནས་དང་པོ་གཉིས་ཚད་མ་གཉིས་ཀྱིས་གྲུབ་ནས་གནས་གསུམ་པར་ནི་འཕོ་བ་ན་ཆོས་ཅན། བསྟན་བཅོས་ཚད་མ་སྒྲུབ་བྱེད་དུ་ལེན་པར་རིགས་པ་དང་ལྡན་པ་ཡིན་ཏེ། སྒྲུབ་བྱེད་ཡོད་ཅིང་བསྟན་བཅོས་ཚད་མ་ལས་གཞན་པའི་སྒྲུབ་བྱེད་མེད་པའི་ཕྱིར། གནས་གསུམ་པ་ལ་འཕོ་བའི་སྐབས་དེར་ཡང་ཆོས་ཅན། བསྒྲུབ་བྱའི་ཆོས་དང་ནི་དེའི་མེད་ན་མི་འབྱུང་གི་འབྲེལ་ཡུལ་ལ་གནོད་པ་ཉིད་སྤང་བར་བྱ་ཡི་འབྲེལ་མེད་གཞན་ལ་གནོད་པས་གཏན་ཚིགས་འགལ་བར་འགྱུར་བ་མིན་ཏེ། གལ་ཏེ་ཡིན་ན་འགལ་རྟགས་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། གཞལ་བྱའི་གནས་ལ་དཔྱོད་པ་ཀུན་ལ་བསྟན་བཅོས་དག་སྒྲུབ་བྱེད་དུ་གཟུང་དགོས་ཞེས་པའི་ལུགས་འདི་ཆོས་ཅན། གང་གིས་བྱས་ཏེ་མི་འཐད་པར་ཐལ། དེ་ལྟར་ཡིན་པ་དེ་ནི་བ་ལང་རྫི་ལ་སོགས་པ་རྣམས་ཀྱིས་ཆོས་ཅན། དུ་བའི་རྟགས་ལས་མེ་ནི་རྟོགས་པར་མི་འགྱུར་བར་ཐལ། གྲུབ་མཐའ་ཁས་ལེན་པ་མེད་པའི་ཕྱིར་རོ། །གལ་ཏེ་རྩོད་པའི་དུས་ན་བདག་ཉིད་ཀྱིས་ལུང་གཟུང་དགོས་སོ་ཞེ་ན། བདག་ཉིད་ཀྱི་ལུང་ཞེས་པའི་དོན་རང་དང་ལྷན་ཅིག་སྐྱེས་པ་ལ་བྱེད་དམ། ལུང་ཁས་བླངས་པའི་ཡོན་ཏན་དང་། ཁས་མ་བླངས་པའི་སྐྱོན་རྟོགས་ནས་ཁས་ལེན་པ་ལ་བྱེད། གཉིས་ཀ་ལྟར་ན་མི་འཐད་དེ། སྐྱེ་བོ་ལུང་དང་མ་འབྲེལ་བའི་རིང་བུར་སྐྱེས་པར་འགྱུར་ཀྱང་ལུང་ཙམ་ཁས་བླངས་པ་དང་། མ་བླངས་པའི་ཡོན་ཏན་དང་ཉེས་པ་མ་མཐོང་བའི་ཕྱིར་རོ། །དེས་ན་རང་གི་གྲུབ་མཐའ་ངན་པ་འདི་ནི་མི་བཟད་པའི་གདོན་ཞིག་སྟེ། འདི་ནི་ཀྱེ་མ་སུ་ཡིས་བགོས་པ་ཡིན་ཞེས་དཔྱས་པའོ། །གཉིས་པ་བསྒྲུབ་བྱ་ཐམས་ཅད་གཟུང་བ་དགག་པ་ལ་བཞི་སྟེ། ལུང་དོན་བསྒྲུབ་བྱར་གཟུང་ན་ཧ་ཅང་ཐལ། །ལུང་དོན་ཁས་བླངས་མེད་ཀྱང་བསྒྲུབ་བྱ་འགྲུབ། །ལུང་དོན་མེད་ཀྱང་གཏན་ཚིགས་སྐྱོན་ཅན་མིན། །ལུང་དོན་མེད་ཀྱང་རྒོལ་བ་སྐྱོན་ཅན་མིན་པའོ། །དང་པོ་ནི། གལ་ཏེ་མཐུན་དཔེ་ལ་བསྟན་བཅོས་ནས་བཤད་པའི་ལུང་དོན་ཀུན་གྱིས་སྒྲུབ་པར་བྱེད་པའི་རྟགས་གཅིག་ཉིད་ལ་ཁྱབ་པ་བསྟན་པ་ཁོ་ན་སྒྲུབ་བྱེད་དུ་འགྱུར་གྱི་གཞན་དུ་མ་ཡིན་ནོ་ཞེ་ན། འདི་ནི་འཇིག་རྟེན་འདས་ལུགས་ཡིན་ཏེ། འཇིག་རྟེན་ན་རྟགས་ཡང་དག་མི་སྲིད་པར་ཐལ། ལུང་དོན་ཀུན་གྱིས་ཁྱབ་པར་ངེས་པའི་རྟགས་མི་སྲིད་པའི་ཕྱིར། གཞན་ཡང་སྒྲ་ཆོས་ཅན། ཆོས་ནམ་མཁའི་ཡོན་ཏན་ནི་མ་གྲུབ་པས་ཆོས་མི་རྟག་པ་མ་གྲུབ་པར་ནི་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་ཐལ། མི་རྟག་པ་དེ་ནམ་མཁའི་ཡོན་ཏན་ལ་འབྲེལ་བ་མེད་པའི་ཕྱིར་རོ། །དེས་ན་སྒྲ་མི་རྟག་པ་དེ་བསྒྲུབ་པའི་ཕྱིར་དུ་བརྗོད་པའི་རྟགས་བྱས་པ་ཆོས་ཅན། འབྲེལ་མེད་ཀྱི་ལུང་དོན་ལ་གནོད་པས་གཏན་ཚིགས་སྐྱོན་ལྡན་ཇི་ལྟར་ཡིན་ཏེ་མིན་པར་ཐལ། ཁྱོད་ལས་རང་གི་བསྒྲུབ་བྱ་དེ་གྲུབ་པ་ཡིན་པའི་ཕྱིར་ནའོ། །གཉིས་པ་ནི། རྟགས་ཀྱིས་བསྒྲུབ་བྱ་བསྒྲུབ་པ་ན་ཆོས་ཅན། ལུང་ལས་བཤད་པའི་ཆོས་ཅན་གྱི་ཆོས་མ་ལུས་པས་རྟགས་ལ་ཁྱབ་པ་དཔེའི་སྟེང་དུ་བསྟན་མི་དགོས་པར་ཐལ། ཆོས་ཅན་སྐྱེས་བུ་ཕ་རོལ་པོ་དང་ལའི་ཆོས་ནི་མ་ལུས་པས་རྟགས་ལ་ཁྱབ་པ་མཐུན་དཔེར་ཁས་བླངས་པ་མེད་པར་ཁོ་ནར་ནི་སྐྱེ་བོས་ཚིག་དང་དུ་སོགས་ལས་སྐྱེས་བུ་ཕ་རོལ་པོ་སེམས་ལྡན་དང་། ལ་ལ་མེ་སོགས་རྗེས་སུ་དཔོག་པར་བྱེད་ནུས་པའི་ཕྱིར་རོ། །གསུམ་པ་ནི། རང་བཞིན་ཤིང་ཙམ་དང་། རྒྱུ་མེད་དག་གཞི་འགར་སྒྲུབ་པར་བྱེད་པའི་དོན། ཤ་བ་དང་དུ་བ་ལྟ་བུ་ཆོས་ཅན། རྒོལ་བ་འགའི་སྨྲ་བ་ལ་གནོད་པས་རང་གིས་བསྒྲུབ་བྱ་བསྒྲུབ་པའི་ངོ་བོ་ཉིད་ལས་ལྡོག་པ་མ་ཡིན་ཏེ། རང་གི་བསྒྲུབ་བྱའི་ཆོས་དང་མི་འཁྲུལ་བའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་པས་ནའོ། །ལུང་དོན་མི་ཤེས་པའི་རྒོལ་བའི་ངོར་དེ་ལྟར་ཡིན་ཀྱང་ལུང་དོན་ཤེས་པའི་རྒོལ་བའི་ངོར་དེ་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ཏེ། དེས་ལུང་དོན་ལ་གནོད་པའི་ཕྱིར་ཞེ་ན། ལུང་དོན་མི་ཤེས་པའི་རྒོལ་བ་གཞན་དག་ཆོས་ཅན། གཏན་ཚིགས་ཤ་པ་དང་དུ་བ་དེས་ཇི་ལྟར་ན་རང་གི་བསྒྲུབ་བྱ་རྟོགས་པར་འགྱུར་བ་མ་ཡིན་ཏེ་ཡིན་པར་ཐལ། ཤ་པ་དང་དུ་བ་དེ་ནི་རང་གི་འདོད་པའི་བསྒྲུབ་བྱའི་ཆོས་ཀྱི་དོན་དང་མེད་ན་མི་འབྱུང་རྟོགས་པ་ཡིན་པའི་ཕྱིར་རོ། །བཞི་པ་ནི། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་འགོད་མཁན་གྱི་རྒོལ་བ་དེ་རྒོལ་བ་སྐྱོན་ཅན་ཡིན་ཏེ། ལུང་དོན་ལ་གནོད་པའི་གཏན་ཚིགས་བརྗོད་པའི་ཕྱིར་ཞེ་ན། རྒོལ་བས་བྱས་པ་གཏན་ཚིགས་སུ་བརྗོད་དམ་མ་བརྗོད་ཀྱང་ལུང་དོན་དང་འགལ་བ་སྟེ་གནོད་བྱེད་ཡིན་ནམ། འོན་ཏེ་བརྗོད་པས་གནོད་བྱེད་དུ་སྐྱེས་པ་ཡིན། དང་པོ་ལྟར་ན་བྱས་པས་སྒྲ་མི་རྟག་པ་སྒྲུབ་པའི་སྐབས་འདིར་ཆོས་ཅན། བྱས་པས་ལུང་དོན་བཀག་པའི་ཆ་ནས་རྒོལ་བས་ཉེས་པ་ཅི་བྱས་ཏེ་ཅི་ཡང་མ་བྱས་པར་ཐལ། རྒོལ་བ་དེས་བྱས་པ་གཏན་ཚིགས་སུ་བརྗོད་པའི་ཉེས་པས་བསྟན་བཅོས་ལ་གནོད་བྱེད་དུ་ནི་བྱས་པ་དེ་སྐྱེས་པ་མིན་གྱི་བྱས་པ་དེ་ངོ་བོ་ཉིད་ཀྱིས་ལུང་དོན་ལ་གནོད་བྱེད་ཡིན་པའི་ཕྱིར། གལ་ཏེ་སྔར་བསྟན་བཅོས་ཁས་བླངས་ནས་ཕྱིས་དེ་ལ་གནོད་བྱེད་ཀྱི་རྟགས་བརྗོད་པའི་ཕྱིར་རྒོལ་བ་སྐྱོན་ཅན་ཡིན་ཞེ་ན། རྒོལ་བ་ཆོས་ཅན། བྱས་པ་རྟགས་སུ་བརྗོད་པའི་ཆ་ནས་ཁྱོད་ཀྱིས་མི་རིགས་པ་བྱེད་པ་མིན་ཏེ། གལ་ཏེ་ཁྱོད་ཀྱིས་བྱས་པ་རྟགས་སུ་མ་བརྗོད་ན་བྱས་པ་དེ་ཅི་ལུང་དོན་ལ་གནོད་པ་མིན་ནམ་སྟེ་དང་པོ་ནས་གནོད་བྱེད་ཡིན་པའི་ཕྱིར། འདོད་ན་རྒོལ་བ་ཆོས་ཅན། རྒྱུ་མཚན་ཅིས་ན་རྒོལ་བ་སྐྱོན་ཅན་ཡིན་ཏེ་མིན་པར་ཐལ། རྒོལ་བ་སྐྱོན་ཅན་དུ་འཇོག་པའི་བྱ་བ་མ་བྱས་པའི་ཕྱིར། གལ་ཏེ་རྟགས་ལྟར་སྣང་བརྗོད་པའང་རྒོལ་བའི་སྐྱོན་དུ་མི་འགྱུར་བར་ཐལ། རྒོལ་བས་བརྗོད་པས་རྟགས་ལྟར་སྣང་དུ་གྱུར་པ་མིན་པའི་ཕྱིར་ཞེ་ན། གཏན་ཚིགས་ལྟར་སྣང་དུ་བརྗོད་པའི་རྒོལ་བ་ཆོས་ཅན། རྒོལ་བ་སྐྱོན་ཅན་དུ་འགྱུར་ཏེ། སྒྲུབ་བྱེད་སྐྱོན་མེད་འགོད་པ་སྐབས་སུ་བབ་བཞིན་དུ་བསྒྲུབ་བྱ་སྒྲུབ་པ་ལ་དོན་མེད་པའི་རྟགས་བརྗོད་པའི་ཕྱིར་ཏེ། གཞན་ཕྱིར་རྒོལ་དག་ལ་རྒོལ་བ་རང་འདོད་པའི་བསྒྲུབ་བྱ་ཉིད་ནི་སྒྲུབ་པའི་ནུས་པ་མེད་པའི་རྟགས་བརྗོད་པའི་རྒོལ་བ་ཡིན་པའི་ཕྱིར་རོ། །བྱས་པས་སྒྲ་མི་རྟག་པར་བསྒྲུབ་པའི་སྐབས་འདིར་རྒོལ་བ་དེ་ཆོས་ཅན། རྒོལ་བ་སྐྱོན་ཅན་མིན་ཏེ། རང་འདོད་པའི་བསྒྲུབ་བྱ་དེ་སྒྲུབ་ནུས་ཀྱི་རྟགས་ཡང་དག་བརྗོད་པའི་ཕྱིར་ནའོ། །གསུམ་པ་ནི། གལ་ཏེ་བསྟན་བཅོས་ལ་ལར་སྒྲ་ནམ་མཁའི་ཡོན་ཏན་དུ་བཤད་པ་ལྟ་བུ་འགའ་རིགས་པ་མིན་པ་བྱས་པའི་རྟགས་ཀྱིས་འགོག་པས་ན་རིགས་པར་སྨྲ་བའི་དོན་སྒྲ་མི་རྟག་པ་ལྟ་བུ་གཞན་པ་དག་ཀྱང་འགོག་པར་བྱེད་ཅེས་བྱ་བའི་གྲུབ་མཐའ་འདི་ཆོས་ཅན། རྒྱལ་རིགས་ངན་པའི་ལུགས་དང་ཆོས་མཚུངས་པ་ཡིན་ཏེ། མི་རིགས་པ་གཅིག་བཀག་པས་རིགས་པ་གཞན་རྣམས་ཀྱང་བཀག་པར་ཁས་བླངས་པའི་གྲུབ་མཐའ་ཡིན་པའི་ཕྱིར་རོ། །དཔེར་ན་མི་རིགས་པ་གཅིག་ལ་ཁྲོས་ནས་ཉེས་མེད་གཞན་ཡང་ཚར་གཅོད་པ་བཞིན་ནོ། །གཞན་ཡང་རྣམ་པ་ཀུན་ཏུ་བསྒྲུབ་བྱ་དང་། སྒྲུབ་བྱེད་རྟགས་ཡང་དག་གི་རྣམ་གཞག་འདི་ཉམས་ཤིང་རྒྱུན་ཆད་པར་འགྱུར་བར་ཐལ། ལུང་དོན་ཀུན་བསྒྲུབ་བྱ་ཉིད་དུ་མཚུངས་པར་བྱས་ནས་ནི་སྒྲུབ་བྱེད་ཡང་དག་བརྗོད་པར་ནུས་པ་མ་ཡིན་པ་དེས་ནའོ། །གསུམ་པ་རྩོད་པ་སྤོང་བ་ལ་གཉིས་ཏེ། འགལ་ལ་མི་འཁྲུལ་རྟགས་སྐྱོན་མིན་པ་སྤོང་། །དེ་ལ་གཞན་ལན་ལྟར་སྣང་བརྗོད་པ་བཀག་པའོ། །དང་པོ་ནི། གལ་ཏེ་བྱས་པའི་རྟགས་ཀྱིས་ལུང་དོན་ནམ་མཁའི་ཡོན་ཏན་བཀག་ནས་ནམ་མཁའི་ཡོན་ཏན་མ་ཡིན་པ་གྲུབ་ཀྱང་མི་རྟག་པ་གྲུབ་པ་ལ་མི་གནོད་ན། མཉན་བྱ་ཉིད་ལ་སོགས་པས་སྒྲ་ལ་རྟག་སོགས་གྲུབ་ཀྱང་མི་རྟག་སོགས་འགྲུབ་པ་དང་ཕན་ཚུན་མི་གནོད་པར་མཚུངས་སོ་ཞེ་ན། ཆོས་ཅན་སྒྲ་ལྟ་བུ་གཅིག་ཆོས་ཅན། ཁྱོད་མི་རྟག་པ་ཡིན་པར་རྟགས་ཀྱིས་གྲུབ་ན་དེ་དང་འགལ་བར་ངེས་པའི་རྟག་པ་ཡིན་པར་འགྲུབ་པ་ལ་གནོད་པར་འགྱུར་ཏེ། ཁྱོད་ལ་རྟག་མི་རྟག་འགལ་བ་དག་ཚོགས་པར་མི་རུང་བའི་ཕྱིར་ནའོ། །བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་སྐབས་འདིར་ནི་ཆོས་ཅན། སྒྲ་ལ་ནམ་མཁའི་ཡོན་ཏན་མ་ཡིན་པ་དང་མི་རྟག་པ་གཉིས་ཕན་ཚུན་གཅིག་གྲུབ་པས་ཅིག་ཤོས་འགྲུབ་པ་ལ་གནོད་པ་མ་ཡིན་ཏེ། ནམ་མཁའི་ཡོན་ཏན་མིན་པ་དང་མི་རྟག་པ་གཉིས་རྟག་མི་རྟག་དེ་འདྲ་བའི་འགལ་བ་ཡོད་པ་མ་ཡིན་ནོ་སྟེ་དེའི་ཕྱིར། གཉིས་པ་ནི། མི་རྟག་པ་ནམ་མཁའི་ཡོན་ཏན་དང་འབྲེལ་པ་མེད་ཀྱང་བྱས་པས་སྒྲ་ནམ་མཁའི་ཡོན་ཏན་ལ་གནོད་ན་སྒྲ་མི་རྟག་པ་ལ་ཡང་གནོད་པས་འགལ་རྟགས་སུ་འགྱུར་ཏེ། མི་རྟག་པ་དང་ནམ་མཁའི་ཡོན་ཏན་མིན་པ་དེ་དག་གནོད་བྱ་གནོད་བྱེད་ནི་མིན་ཡང་བྱས་པས་སྒྲ་ནམ་མཁའི་ཡོན་ཏན་ལ་གནོད་ན་བསྟན་བཅོས་ཀྱི་དོན་བསླད་པ་སྟེ་བཀག་པའི་ཕྱིར་ཞེ་ན། བྱས་པ་དང་རྩོལ་བྱུང་སོགས་ཐམས་ཅད་ཆོས་ཅན། དྲི་རྟག་པ་སའི་ཡོན་ཏན་ལ་གནོད་པ་སོགས་ཐམས་ཅད་ཀྱིས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པའི་འགལ་བར་འགྱུར་བར་ཐལ། དྲི་རྟག་པ་སའི་ཡོན་ཏན་ལ་གནོད་པས་ལུང་དོན་གཅིག་བཀག་པའི་ཕྱིར། གལ་ཏེ་ནམ་མཁའི་ཡོན་ཏན་སྒྲ་དང་འབྲེལ་པ་ཡོད་པ་དེས་ན་བྱས་པས་ཆོས་ཅན། སྒྲ་ལ་ནམ་མཁའི་ཡོན་ཏན་བཀག་པས་མི་རྟག་པ་དེ་ཉིད་ལ་གནོད་པའི་འགལ་བར་འགྱུར་གྱི། དྲི་ལ་སའི་ཡོན་ཏན་བཀག་ཀྱང་འགལ་བར་མི་འགྱུར་རོ་ཞེ་ན། བྱས་པ་ཆོས་ཅན། སྒྲ་ལ་ནམ་མཁའི་ཡོན་ཏན་བཀག་པས་སྒྲ་མི་རྟག་པར་བསྒྲུབ་པའི་འགལ་རྟགས་སུ་འགྱུར་བ་མ་ཡིན་ཏེ། སྒྲ་ནམ་མཁའི་ཡོན་ཏན་དེ་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་ཀུན་རང་གི་བསྒྲུབ་བྱ་ལ་ལྟོས་ཏེ་དེ་དག་བཀག་ན་སྐྱོན་འགལ་བ་སོགས་དང་། སྒྲུབ་ནུས་ན་ཡང་དག་ཡིན་པའི་ཡོན་ཏན་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་སྒྲ་ནམ་མཁའི་ཡོན་ཏན་མེད་ན་སྒྲ་མི་རྟག་བསྒྲུབ་ཀྱི་བསྒྲུབ་བྱ་མི་འབྱུང་བའི་འབྲེལ་པ་དེ་ནི་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པའི་སྐབས་འདིར་རྟོགས་པ་མེད་ལ། འོན་ཀྱང་འདི་ནི་བྱས་པས་སྒྲ་ནམ་མཁའི་ཡོན་ཏན་ལ་གནོད་ན་བསྟན་བཅོས་ཀྱི་ཞེན་དོན་ལ་གནོད་པ་འབའ་ཞིག་གི་སྒོ་ནས་རྟགས་འགལ་བའི་སྐྱོན་ཡིན་པ་འདོད་དགོས་ལ། དེ་ལྟར་ན་བྱས་པ་ཆོས་ཅན། གཞན་ཡང་དྲི་ལ་སའི་ཡོན་ཏན་བཀག་པས་ཀྱང་སྒྲ་མི་རྟག་པར་བསྒྲུབ་པའི་འགལ་རྟགས་སུ་འགྱུར་བར་ཐལ། ལུང་དོན་བཀག་པ་དེ་དྲི་ལ་སའི་ཡོན་ཏན་བཀག་པ་ལ་ཡང་མཚུངས་པའི་ཕྱིར་རོ། །གཉིས་པ་རང་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཀུན་བཏུས་ཀྱི་འགྲེལ་བྱེད་ཁ་ཅིག གལ་ཏེ་རྒོལ་བས་བསྟན་བཅོས་ཚད་མར་ཁས་བླངས་ན་དེའི་ཕྱིར་བསྟན་བཅོས་དེ་ལས་བཤད་པར་མཐོང་བའི་དོན་མ་ལུས་པ་རྒོལ་བས་སྐབས་ཀྱིས་བསྒྲུབ་བྱར་འདོད་ཅེ་ན། གཉིས་པ་ལ་གཉིས་ཏེ། མ་གྲུབ་བརྗོད་པ་དམ་བཅར་ཐལ། །རང་སྒྲ་སྨོས་ལ་དོན་མེད་འགྱུར་བའོ། །དང་པོ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། རྒོལ་བས་ཁས་བླངས་པའི་བསྟན་བཅོས་ལས་བཤད་པའི་དཔེ་དང་གཏན་ཚིགས་མ་གྲུབ་པ་ཆོས་ཅན། ཁྱོད་སྨྲ་བའི་ཚིག་དེ་ཡང་དམ་བཅའ་བར་ནི་ཐལ་བར་འགྱུར་ཏེ། ཁྱོད་རྒོལ་བས་སྐབས་ཀྱི་བསྒྲུབ་བྱར་འདོད་པའི་ཕྱིར། གཉིས་པ་ནི། གལ་ཏེ་སྒྲུབ་བྱེད་ཉིད་དུ་བརྗོད་པའི་དཔེར་རྟགས་མ་གྲུབ་པ་ཆོས་ཅན། ཁྱོད་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་ཏེ། བསྒྲུབ་བྱའི་མཚན་ཉིད་དུ་འདོད་པ་ཞེས་སྨོས་པས་ཁྱོད་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་བསལ་བའི་ཕྱིར་ཞེ་ན། ལུང་ལས་བཤད་པའི་དཔེར་རྟགས་མ་གྲུབ་པ་ནི་ཆོས་ཅན། ཁྱོད་བསྒྲུབ་བྱ་ཡིན་པར་འདོད་པ་ཞེས་པའི་ཚིག་ལས་བཟློག་པ་མ་ཡིན་པར་ཐལ། ཁྱོད་བསྒྲུབ་བྱ་ཡིན་པར་ལུང་དོན་ཡིན་པའི་རིགས་པས་ཐོབ་པའི་ཕྱིར་རོ། །གལ་ཏེ་དཔེར་རྟགས་མ་གྲུབ་པ་ཆོས་ཅན། བསྒྲུབ་བྱ་མིན་ཏེ། རྒོལ་བས་བསྒྲུབ་བྱར་མི་འདོད་པའི་ཕྱིར་ཞེ་ན། སྒྲ་ལ་ཆོས་གཞན་ནམ་མཁའི་ཡོན་ཏན་ཡང་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་མིན་པར་ཐལ། སྒྲ་མི་རྟག་བསྒྲུབ་རྒོལ་བས་བསྒྲུབ་བྱར་མི་འདོད་པའི་ཕྱིར། འདོད་ན་དེའི་ཚེ་བྱས་པ་ཆོས་ཅན། སྒྲ་ནམ་མཁའི་ཡོན་ཏན་ལ་གནོད་པས་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཅི་ཞིག་འགལ་ཏེ་མི་འགལ་བར་ཐལ། སྒྲ་ནམ་མཁའི་ཡོན་ཏན་དེ་ཁྱོད་ཀྱིས་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། ཕྱོགས་ཀྱི་མཚན་ཉིད་སྟོན་པའི་ཚིག་ཟུར་གྱི་རང་ཉིད་ཀྱི་སྒྲ་ཡང་ཆོས་ཅན། ཕྱོགས་ཀྱི་མཚན་ཉིད་སྟོན་པའི་ཚིག་ཟུར་དུ་སྨོས་པ་དོན་མེད་འགྱུར་བར་ཐལ། ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་གྱི་དོན་ཅན་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། ལུང་དོན་བསྒྲུབ་བྱ་ཡིན་པའི་དོགས་པ་མི་སེལ་ཞིང་། དེ་ལས་གཞན་པའི་དོགས་པ་ཡང་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ལུང་དོན་ཆོས་ཅན། བསྒྲུབ་བྱ་ཡིན་པའི་དོགས་པ་མི་སེལ་ཡང་རང་སྒྲ་དོན་མེད་དུ་མི་འགྱུར་ཏེ། རང་ཉིད་ཀྱི་སྒྲས་སྔར་ཁས་བླངས་པའི་ལུང་དེ་དོར་ནས་རྩོད་པའི་དུས་སུ་བསྟན་བཅོས་གཞན་ལ་འདོད་པས་འཇུག་ལྡོག་བྱེད་ནུས་སོ་ཞེས་ཤེས་པའི་དོན་དུ་སྨོས་པའི་ཕྱིར་ཞེ་ན། འོ་ན་རང་ཉིད་ཀྱི་སྒྲ་ཆོས་ཅན། བསྟན་བཅོས་ལ་འདོད་པས་འཇུག་ལྡོག་བྱེད་ནུས་སོ་ཞེས་ཤེས་པའི་ཆེད་དུ་སྨོས་མི་དགོས་པར་ཐལ། བསྟན་བཅོས་ལ་འདོད་པས་འཇུག་ལྡོག་བྱེད་མི་ནུས་སམ་སྙམ་པའི་དོགས་པ་འདི་གང་ལས་ཡོད་པ་ཡིན་ཏེ་མེད་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་ལ་འདོད་པས་འཇུག་ལྡོག་བྱེད་པའི་ཆེད་དུ་སྨོས་སོ་ཞེ་ན། འོ་ན་རྒོལ་བས་རང་གི་འདོད་པའི་ལུང་འཛིན་པ་ལ་ཚད་མས་གནོད་དམ་མི་གནོད། མི་གནོད་ན་རྒོལ་བ་ཆོས་ཅན། ཁྱོད་ཀྱིས་ལུང་འཛིན་པ་རང་སྒྲ་མ་སྨོས་ཀྱང་རྐྱེན་གང་གིས་བཟློག་པར་ནུས་ཏེ་མི་ནུས་པར་ཐལ། ཁྱོད་ཀྱིས་ལུང་འཛིན་པ་དེ་ནི་ཚད་མས་བཀག་པ་མེད་པའི་ཕྱིར་ནའོ། །གལ་ཏེ་གནོད་ན་རྒོལ་བ་ཆོས་ཅན། ཁྱོད་རང་ཉིད་ཀྱི་ཚིག་ལས་ལུང་ལ་གང་གིས་འཇུག་པར་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་ཀྱིས་ལུང་འཛིན་པ་ཚད་མས་བཀག་ན་ཡང་སྟེ་བཀག་པའི་ཕྱིར་རོ། །གཞན་ཡང་རྒོལ་བ་ཆོས་ཅན། ཁྱོད་ལུང་ལ་འདོད་པས་འཇུག་ལྡོག་བྱེད་པའི་དོན་དུ་རང་ཉིད་ཀྱི་སྒྲ་སྨོས་མི་དགོས་པར་ཐལ། ཁྱོད་དེ་དག་སྔར་ཡང་གྲུབ་མཐའ་ནི་རང་གི་འདོད་པ་ཉིད་ཀྱིས་འཛིན་ཅིང་། དེ་ནི་ཕྱིས་ཀྱང་ཅི་ཞིག་ལྟར་རང་ཉིད་ཀྱི་སྒྲ་མེད་ཀྱང་རང་གི་འདོད་པས་བསྟན་བཅོས་གཞན་འཛིན་པ་ནི་ཅིས་མི་འཐོབ་སྟེ་ཐོབ་པའི་ཕྱིར་རོ། །གསུམ་པ་རྒྱས་བཤད་གྲུབ་པའི་མཇུག་སྡུད་པ་ནི། ཕྱོགས་ཀྱི་མཚན་ཉིད་འདིར་ནི་རང་ཉིད་ཀྱི་སྒྲ་ཕྱོགས་གླང་གིས་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། རྒོལ་བས་ཁས་བླངས་པའི་ལུང་དོན་ཐམས་ཅད་བསྒྲུབ་བྱ་ཡིན་ནོ་ཞེས་ལོག་པར་རྟོག་པ་མཐོང་བས་དེ་བསལ་པའི་ཆེད་ཡིན་པའི་ཕྱིར་ཏེ། རྒོལ་བ་རང་ཉིད་ཀྱིས་བསྒྲུབ་བྱར་མི་འདོད་པའི་ལུང་དོན་ལ་གནོད་ཀྱང་འདོད་པའི་བསྒྲུབ་བྱ་ལ་གནོད་པ་མེད་པ་དང་། ལུང་དོན་བསྒྲུབ་བྱ་མིན་པ་དང་། ལུང་དོན་བཀག་པས་གཏན་ཚིགས་འགལ་ན་འགལ་རྟགས་ཐུག་པ་མེད་པར་བསྟན་པས་ནའོ། །འདིར་ཁ་ཅིག་བསྟན་བཅོས་འདོད་འཇུག་མན་ཆད་གཞན་ལུགས་ཀྱི་རང་སྒྲའི་དགོས་པ་དགག་པ་ལ་སྦྱར་བ་དང་། གཞན་དག་གཞུང་ལུགས་ཀྱིས་བྱས་ཁྱད་པར་དག །ཅེས་སོགས། རང་ཉིད་སྒྲ་ཡང་དོན་མེད་འགྱུར། །ཞེས་སོགས་དོགས་གཅོད་ལ་སྦྱར་བ་ནི་ཚིགས་བཅད་འདིས་རང་ལུགས་ཀྱི་མཇུག་སྡུད་བསྟན་པ་དང་། གཞུང་སྔ་མའི་མཇུག་གིས་ཕྱི་མའི་མགོ་འདྲེན་པའི་རྣམ་འགྲེལ་གྱི་འཆད་ལུགས་མ་རྟོགས་པའི་སྐྱོན་ནོ། །གཉིས་པ་གཞན་གྱི་རང་སྒྲའི་དགོས་པ་དགག་པ་ལ་གཉིས་ཏེ། གྲགས་པ་རྟེན་དུ་ཤེས་པའི་ཆེད་དུ་སྨོས་པ་དགག །ཆོས་ཅན་བསྒྲུབ་བྱ་མིན་པར་ཤེས་ཕྱིར་སྨོས་པ་དགག་པའོ། །དང་པོ་ནི། གཞུང་ལུགས་མཁན་གྱིས་བྱས་པའི་ནམ་མཁའི་ཡོན་ཏན་ལ་སོགས་པའི་ཁྱད་པར་དག་སྒྲ་མི་རྟག་སྒྲུབ་པ་ལྟ་བུའི་ཆོས་ཅན་ཡིན་པ་ཡོངས་སུ་སྤངས་ནས་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་རབ་ཏུ་གྲགས་པ་སྟེ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་སྒྲ་ལྟ་བུ་དག་ནི་སྐབས་དེའི་ཆོས་ཅན་ཡིན་པ་གཟུང་བའི་དོན་དུ་མདོའི་འགྲེལ་བྱེད་གཞན་ནི་རང་ཉིད་ཀྱི་སྒྲ་བརྗོད་པ་ཡིན་ནོ་ཞེས་ཟེར་རོ། །སྒྲ་རྟག་མི་རྟག་ལ་རྩོད་པ་བྱེད་པའི་རྒོལ་ཕྱིར་རྒོལ་ཆོས་ཅན། ཁྱོད་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་སྒྲ་ལྟ་བུ་སྐབས་ཀྱི་ཆོས་ཅན་ཡིན་པར་ཤེས་པའི་དོན་དུ་རང་ཉིད་ཀྱི་སྒྲ་དོན་མེད་དུ་ཐལ། རང་ཉིད་ཀྱི་སྒྲ་མེད་ཀྱང་སྒྲའི་སྟེང་དུ་རྟག་མི་རྟག་སོགས་དཔྱད་པ་ཉིད་ཀྱི་སྐབས་ཀྱིས་ནི་ཁྱོད་གཉིས་ཀ་ལ་རབ་ཏུ་གྲགས་པ་སྟེ་མཐུན་སྣང་དུ་གྲུབ་པའི་སྒྲ་ལྟ་བུ་སྐབས་ཀྱི་རྟེན་ཆོས་ཅན་ཡིན་པར་ནི་གྲུབ་པར་འགྱུར་བའི་ཕྱིར་ཏེ། བསྟན་བཅོས་མཁན་རང་རང་གི་འདོད་པས་བཏགས་པའི་ཁྱད་པར་ཅན་ནམ་མཁའི་ཡོན་ཏན་ལ་སོགས་པའི་དངོས་པོ་རྣམས་ལ་ཁྱད་པར་གྱི་ཆོས་ལ་རྩོད་པ་མེད་ཅིང་སྒྲ་ཙམ་གྱི་སྟེང་དུ་རྟག་མི་རྟག་རྩོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གྲུབ་ཟིན་དོན་ཉིད་བསྒྲུབ་བྱ་མིན་པ་དགོས་པ་ཡིན་པ་དགག །གཞི་མེད་ཆོས་ཅན་བསྒྲུབ་བྱ་མིན་པ་དགོས་པ་ཡིན་པ་དགག་པའོ། །དང་པོ་ནི། ཅི་སྟེ་རང་ཉིད་ཀྱི་སྒྲ་ཆོས་ཅན་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་ཚད་མས་གྲུབ་པར་བསྟན་པ་ཡིས་གྲུབ་ཟིན་གྱི་ཆོས་ཅན་དེ་འབའ་ཞིག་བསྒྲུབ་བྱ་མིན་པར་བརྗོད་ཅེ་ན། ཕྱོགས་ཀྱི་མཚན་ཉིད་ཆོས་ཅན། གྲུབ་ཟིན་གྱི་ཆོས་ཅན་བསྒྲུབ་བྱ་མིན་པར་ཤེས་པའི་དོན་དུ་ཁྱོད་ཀྱི་ཟུར་དུ་རང་ཉིད་སྨོས་མི་དགོས་པར་ཐལ། རང་གི་ངོ་བོ་ཉིད་བསྟན་པ་སྟེ་ངོ་བོ་ཁོ་ན་ཞེས་བྱ་བ་ཁྱོད་ཀྱི་ཟུར་དུ་སྨོས་པ་འདི་ཉིད་ཀྱིས་ཚད་མས་གྲུབ་ཟིན་པའི་ཆོས་ཅན་བསྒྲུབ་བྱ་མིན་པ་དེ་རྟོགས་པའི་ཕྱིར་ཏེ། ཚད་མས་གྲུབ་བཞིན་པ་དང་། སྒྲུབ་བྱེད་དུ་བཀོད་པའི་ངོ་བོ་དཔེར་རྟགས་མ་གྲུབ་པ་དག་ནི་བསྒྲུབ་བྱར་བསྟན་པའམ། དོགས་པ་དག་ནི་ཡོད་པ་ཡིན་ན། ཁྱོད་ཀྱི་ཟུར་དུ་བསྒྲུབ་བྱ་ཉིད་དུ་བསྟན་པ་ཞེས་བྱ་བ་འདི་ནི་འབྲས་བུ་སྟེ་དགོས་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཆོས་ཅན་བསྒྲུབ་བྱ་ཡིན་པ་གཞན་གྱིས་བསལ། །ཆོས་ཅན་བསྒྲུབ་བྱར་བྱས་ན་ཕྱོགས་སྐྱོན་མིན། །ཕྱོགས་སྐྱོན་ཡིན་ན་ཕྱོགས་ཀྱི་བསལ་བྱར་བསྟན་པའོ། །དང་པོ་ནི། རང་ཉིད་ཀྱི་སྒྲས་གྲགས་པ་ཆོས་ཅན་དུ་བསྟན་པའི་སྒོ་ནས་གྲུབ་ཟིན་གྱི་ཆོས་ཅན་བསྒྲུབ་བྱ་ཡིན་པ་སེལ་བ་མིན་གྱི། གཙོ་བོ་སོགས་དོན་ལ་མ་གྲུབ་པའི་ཆོས་ཅན་བསྒྲུབ་བྱ་ཡིན་པ་སེལ་ཞེ་ན། ཕྱོགས་ཀྱི་མཚན་ཉིད་འདིར་ནི་ཆོས་ཅན་མ་གྲུབ་པའི་ཆོས་ཅན་བསྒྲུབ་བྱ་ཡིན་པ་སེལ་བའི་དོན་དུ་རང་ཉིད་ཅེས་དེ་སྐད་མ་བསྟན་ཀྱང་ཕྱོགས་ཀྱི་མཚན་ཉིད་ལའང་འགལ་བ་སྟེ་སྐྱོན་ཅུང་ཟད་ཀྱང་མེད་པར་ཐལ། རྗེས་སུ་དཔག་པ་ཐམས་ཅད་སྤྱི་ཡི་ནི་ཡུལ་ཅན་ཉིད་དུ་སྟེ་དཔེར་དང་ཐུན་མོང་གི་རྩོད་གཞིའི་ཆོས་ཡུལ་དུ་བྱེད་པར་སློབ་དཔོན་གྱིས་བཤད་པ་དེས་མ་གྲུབ་པའི་ཆོས་ཅན་བསྒྲུབ་བྱ་མིན་པར་རྟོགས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་མ་གྲུབ་པའི་ཆོས་ཅན་བསྒྲུབ་བྱར་བྱས་ན་དེ་ལས་ཕྱོགས་སྐྱོན་ཅིར་འགྱུར་ཞེས་དྲིས་པས། དེ་རྟགས་ཀྱིས་སྒྲུབ་པར་མི་ནུས་པའི་སྐྱོན་དུ་འགྱུར་ཏེ། ཅིའི་ཕྱིར་ན། དེ་ཆོས་ཅན་དུ་གཟུང་ན་ཆོས་ཅན་མ་གྲུབ་པས་རྟགས་ཕྱོགས་ཆོས་མེད་ཅིང་། ཆོས་སུ་གཟུང་ན་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར་ཞེ་ན། ཆོས་ཅན་གཙོ་བོ་ལྟ་བུ་མ་གྲུབ་པས་ཕྱོགས་ཆོས་མེད་པ་དང་། ཆོས་དཔེ་ལ་རྗེས་འགྲོ་མེད་པ་འདི་ཆོས་ཅན། ཕྱོགས་སྐྱོན་མ་ཡིན་ཏེ། ཕྱོགས་ལ་མ་ལྟོས་པ་རྟགས་དཔེ་དེ་དག་གི་སྐྱོན་མིན་ནམ་སྟེ་ཡིན་པའི་ཕྱིར། ཁྱབ་སྟེ། ཡན་ལག་ཕྱི་མ་རྟགས་དཔེ་ལ་ལྟོས་པའི་སྐྱོན་ཕྱོགས་སྐྱོན་དུ་འདོད་པ་རིགས་པ་མིན་པའི་ཕྱིར་རོ། །གལ་ཏེ་དེ་དག་གིས་ཀྱང་ཕྱོགས་འགྲུབ་པ་ལ་གནོད་པས་ཕྱོགས་སྐྱོན་ཡིན་ནོ་ཞེ་ན། དེ་ལྟ་ནའང་གཏན་ཚིགས་དང་། ལ་སོགས་པ་དཔེའི་ཉེས་པ་ཀུན་ཡང་ཆོས་ཅན། ཕྱོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་ཏེ། ཁྱོད་ཐམས་ཅད་ཀྱིས་ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར་རོ། །སྒྲུབ་བྱེད་ཀྱི་སྐྱོན་ཕྱོགས་སྐྱོན་མིན་པ་དེའི་ཕྱིར་ཕྱོགས་ཆོས་ཅན། གཞན་རྟགས་དཔེའི་སྐྱོན་ཁྱོད་ཀྱི་སྐྱོན་མིན་ཏེ། ཁྱོད་ཀྱི་སྐྱོན་ཡིན་ན་དམ་བཅའ་བ་དེ་ཙམ་དང་འབྲེལ་བའི་སྐྱོན་དུ་འདོད་དགོས་པའི་ཕྱིར། དཔེར་ན་དམ་བཅས་ཙམ་ཉིད་ན་མངོན་སུམ་ལ་སོགས་པ་དང་འགལ་བ་ཕྱོགས་སྐྱོན་དུ་འཇོག་པ་བཞིན་ནོ། །གསུམ་པ་ལ་གསུམ་སྟེ། མ་ཁྱབ་ཁྱབ་ཆས་བསལ་བྱར་བསྟན། །རང་གཞུང་གཞན་དང་འགལ་བ་སྤང་། །ངེས་གཟུང་དོན་མེད་འགྱུར་བ་སྤང་བའོ། །དང་པོ་ནི། སྒྲུབ་བྱེད་ཀྱི་སྐྱོན་ཡིན་ན་ཕྱོགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་མ་ཡིན་དགོས་ཏེ། ཤེས་བྱེད་ཀྱི་རྒྱུ་རྟགས་དཔེ་སོགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་སེལ་བ་ལ་ལྟོས་པ་མེད་པར་ཕྱོགས་ཡིན་པ་ལ་མ་ཁྱབ་པ་དང་ལྡོག་པ་ཁྱབ་ཆེས་པ་དག་ནི་སྤང་བའི་ཕྱིར་དུ་ཕྱོགས་ཀྱི་མཚན་ཉིད་ཀུན་བཏུས་སུ་བཤད་པ་ཡིན་པའི་ཕྱིར་རོ། །འོ་ན་མཚན་ཉིད་ཀྱི་ཟུར་གང་དང་གང་གིས་བསལ་བྱ་གཉིས་པོ་བསལ་བ་ཡིན་ཞེ་ན། རང་ཉིད་དང་། ཚིག་ཕྲད་ཁོ་ན་དང་། ངོ་བོའི་སྒྲ་དང་། མ་བསལ་བ་དང་བཅས་པ་བཞི་པོ་དག་ཆོས་ཅན། ཕྱོགས་ཡང་དག་ལ་ལྡོག་པ་ཁྱབ་ཆེས་པ་སེལ་བར་བྱེད་པ་ཡིན་ཏེ། རིམ་པ་བཞིན་ལུང་དོན་དང་། སྒྲུབ་བྱེད་དུ་བཀོད་བཞིན་པ་དང་། ཕྱིར་རྒོལ་གྱིས་གྲུབ་ཟིན་པ་དང་། ཚད་མས་བསལ་བ་ཞུགས་པ་རྣམས་ཕྱོགས་ཡང་དག་ཡིན་པ་སེལ་བར་བྱེད་པའི་ཕྱིར། འདོད་པ་ཞེས་པའི་སྒྲས་ཆོས་ཅན། ཕྱོགས་ལ་མ་ཁྱབ་པ་སེལ་བར་བྱེད་པ་ཡིན་ཏེ། ངག་ཏུ་མ་སྨྲས་ཀྱང་ཞེ་བས་བསྒྲུབ་བྱར་འདོད་པ་ཕྱོགས་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར། གཉིས་པ་ནི། ཕྱོགས་ཡང་དག་གི་མཚན་ཉིད་ལྔ་ལྡན་དགོས་ན་རིགས་སྒོར་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་བསལ་བ་དེ་ཡང་ཕྱོགས་ཡིན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ལོག་རྟོག་སེལ་བའི་དབང་དུ་བྱས་ནས་མཚན་ཉིད་ལྔ་ལྡན་གསུངས་ཀྱང་། རིགས་མི་མཐུན་སེལ་བའི་དབང་དུ་བྱས་ན་བསྒྲུབ་བྱར་ཁས་བླངས་ཤིང་། ཚད་མས་མ་བསལ་བ་དེས་ཕྱོགས་ཡང་དག་གི་མཚན་ཉིད་རྫོགས་ཏེ། ཕྱོགས་ཡང་དག་གི་རིགས་མི་མཐུན་ལྔ་པོ་དེ་རྣམས་ལ་ནི་རིགས་སྒོ་ནས་གསུངས་པའི་ཕྱོགས་ཀྱི་མཚན་ཉིད་མེད་པའི་ཕྱིར་ཏེ། ཚད་མས་བསལ་བ་ལ་ནི་ཚད་མས་གནོད་པ་དང་། ལྷག་མ་ཕྱིར་རྒོལ་གྱིས་གྲུབ་ཟིན་པ་སོགས་བཞི་ལ་ཕྱོགས་ཀྱི་མཚན་ཉིད་བསྒྲུབ་བྱར་ཁས་བླངས་པ་དེ་འཇུག་པ་མེད་པའི་ཕྱིར་རོ། །འདི་ནི་སྔར་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་བསྟན་ནས། ཕྱོགས་གླང་གིས་གཞུང་གི་ཆ་འགའ་ཞིག་ཏུ་མ་ཤེས་དོན་གསལ་གསུངས་པ་དང་འགལ་བ་སྤངས་ཏེ་དོན་གཅིག་ཏུ་བསྟན་པ་དེ་བཞིན་དུ་མདོ་ལས་གསུངས་པའི་མཚན་ཉིད་ལྔ་ལྡན་བཤད་ནས་རིགས་སྒོ་ནས་གསུངས་པ་དང་འགལ་བ་སྤངས་ཏེ་དོན་གཅིག་ཏུ་བཤད་པ་ཡིན་ཏེ། གཞུང་འདིར་མདོའི་དོན་གཙོ་བོར་བཤད་ནས་གཞུང་གཞན་ཞར་བྱུང་དང་དོགས་སྤོང་གི་ཚུལ་དུ་འཆད་པར་སྣང་བའི་ཕྱིར་རོ། །གཞན་དག་གི་བཤད་ཚུལ་ལ་ནི་འདི་ལྟ་བུའི་གནད་ཟིན་པ་མི་སྣང་ངོ་། །གསུམ་པ་ནི། གལ་ཏེ་མདོ་ནས་གསུངས་པའི་ཕྱོགས་ཀྱི་མཚན་ཉིད་ཀྱི་ཚིག་རང་ཉིད་འདོད་པ་ཞེས་པ་དེས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་བའི་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་ན་ཁོ་ན་ཞེས་པའི་ངེས་གཟུང་སྨོས་པ་དོན་མེད་པར་འགྱུར་ཞིང་། མི་ནུས་ན་རིགས་སྒོའི་འདོད་པ་ཞེས་པའི་ཚིག་ལའང་མཚུངས་སོ་ཞེ་ན། བསྟན་བྱ་བ་དང་མ་འབྲེལ་ན་རང་ཉིད་འདོད་པ་བསྒྲུབ་བྱ་ཡིན་ཞེས་བརྗོད་པ་ཡིས་ངེས་གཟུང་གི་དོན་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་མ་ཡིན་པ་ནི་རྟོགས་ན་ཡང་ཀུན་བཏུས་ཀྱི་བསྒྲུབ་བྱའི་མཚན་ཉིད་སྟོན་པའི་ངག་ཆོས་ཅན། ཁྱོད་ཀྱི་ཡན་ལག་ཏུ་སྨོས་པའི་འདོད་པ་ཞེས་པ་དེས་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་ནུས་པའི་རྒྱུ་མཚན་གྱིས་ཁྱོད་ཀྱི་ཡན་ལག་ཏུ་ངེས་གཟུང་སྨོས་པ་དོན་མེད་མ་ཡིན་ཏེ། ཁྱོད་ཀྱི་ཡན་ལག་ཏུ་སྨོས་པའི་འདོད་པ་ཞེས་པའི་ཚིག་དེ་བྱེད་པ་སྟེ་དུས་གསུམ་གྱི་ཡུལ་ཅན་བསྟན་བྱ་བ་ཞེས་པའི་མཐའ་དང་འབྲེལ་པའི་ཕྱིར་ན་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་མི་ནུས་པས། དུས་གཞན་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་པའི་ཕྱིར་ཁྱོད་ཀྱི་ཡན་ལག་ངེས་གཟུང་བཤད་དགོས་པ་ཡིན་པའི་ཕྱིར་རོ། །དེས་ན་ཀུན་བཏུས་ཀྱི་བསྒྲུབ་བྱའི་མཚན་ཉིད་སྟོན་པའི་ངག་འདིར་ནི་ཆོས་ཅན། འདོད་པའི་སྐད་ཀྱི་བྱིངས་ཨི་ཥིའི་རྐྱེན་ནིཥྠ་དེ་འདོད་པར་གྱུར་ཟིན་ཁོ་ན་ལ་འཇུག་པའི་སྒོ་ནས་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་པའི་ཡན་ལག་ཏུ་གྱུར་པ་མིན་ཏེ། ནིཥྠ་དེ་མ་འོངས་པ་སྟོན་པའི་ཚིག་བསྟན་བྱ་བ་ཞེས་པ་དང་འབྲེལ་བའི་ཕྱིར། རིགས་སྒོར་འདོད་པར་གྱུར་པ་ཕྱོགས་ཡིན་ཞེས་པའི་ཕྱོགས་ཀྱི་མཚན་ཉིད་ཀྱི་ཚིག་དག་ལ་ཆོས་ཅན། དེ་ཡིས་ནི་གཏན་ཚིགས་མ་གྲུབ་པ་ལ་སོགས་བསྒྲུབ་བྱ་ཡིན་པ་འགོག་ནུས་ཏེ། མ་འོངས་པ་སྟོན་པའི་ཚིག་དང་མ་འབྲེལ་བས་དཔེར་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་པ་གཅོད་པའི་ཡན་ལག་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་དགག་སྒྲུབ་གཉིས་ཀྱི་མཇུག་སྡུད་བསྟན་པ་ནི། རང་ཉིད་ཀྱི་སྒྲ་ཆོས་ཅན། གྲགས་པ་ཆོས་ཅན་དུ་ཤེས་པ་སོགས་ཁྱོད་སྨོས་པའི་དགོས་པར་མི་རིགས་པར་ཐལ། གྲགས་པ་ཆོས་ཅན་ཡིན་པ་སོགས་རྗོད་བྱེད་མིན་པའི་ཕྱིར་ཡང་ངོ་། །དེས་ན་ཀུན་བཏུས་ཀྱི་བསྒྲུབ་བྱའི་མཚན་ཉིད་ཆོས་ཅན། ཁྱོད་ཀྱི་ཡན་ལག་ཏུ་སྨོས་པའི་རང་ཉིད་ཀྱི་དོན་རྒོལ་བས་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་ཀུན་ལ་ལྟོས་པ་མེད་པར་རྒོལ་བ་དེ་བསྒྲུབ་བྱར་འདོད་པ་ནི་སྐབས་ཀྱི་བསྒྲུབ་བྱ་ཡིན་པ་ཉིད་ཡིན་ཏེ། ཁྱོད་ཀྱི་ཡན་ལག་ཏུ་སྨོས་པའི་རང་ཉིད་དེ་རྒོལ་བ་བདག་ཉིད་ལ་འདོད་པའི་ཕྱིར་རོ། །དེས་ན་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་བྱས་པ་ཆོས་ཅན། རང་གི་བསྒྲུབ་བྱར་མི་འདོད་པ་ནམ་མཁའི་ཡོན་ཏན་ལྟ་བུ་དང་དོན་གཅིག་ལ་འབྲེལ་པའི་འདོད་པ་མི་རྟག་པ་ལྟ་བུ་ལ་ཡང་དག་གནོད་པ་ན་ཕྱོགས་ལ་བསལ་བ་དང་གཏན་ཚིགས་འགལ་བའི་སྐྱོན་མེད་པ་ཉིད་ཡིན་ཏེ་ནམ་མཁའི་ཡོན་ཏན་དང་དོན་གཅིག་ལ་འདུ་བའི་མི་རྟག་པ་ལ་གནོད་ཀྱང་ཇི་ལྟར་རང་གི་བསྒྲུབ་བྱ་བསྒྲུབ་པ་ལ་གནོད་པ་མེད་པའི་ཕྱིར་རོ། །གཉིས་པ་ཡང་དག་འཇོག་བྱེད་མ་བསལ་བཤད་པ་ལ་གཉིས་ཏེ། བསྒྲུབ་བྱ་ཡང་དག་འཇོག་ལ་མ་བསལ་དགོས། །ཚད་མས་བསལ་བ་ཕྱོགས་ཀྱི་སྐྱོན་དུ་བསྟན་པའོ། །དང་པོ་ནི། འོ་ན་ཀུན་བཏུས་སུ་གསུངས་པའི་མཚན་ཉིད་དང་པོ་བཞི་པོ་རིགས་སྒོར་གསུངས་པའི་བསྒྲུབ་བྱར་ཁས་བླངས་པའི་ནང་དུ་འདུས་ན་དེ་ཙམ་གྱིས་ཕྱོགས་ཡང་དག་ཏུ་འགྱུར་རམ་ཞེ་ན། རྒོལ་བ་ཆོས་ཅན། ཁྱོད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་ཙམ་གྱིས་ཕྱོགས་ཡང་དག་ཏུ་འགྱུར་བ་མ་ཡིན་ཏེ། ཁྱོད་ཀྱིས་བསྒྲུབ་བྱར་ཁས་བླངས་པ་དེ་ཡང་ཕྱོགས་ཡང་དག་ཏུ་འགྱུར་བ་ལ་ཚད་མ་ནི་དག་གིས་བཀག་པ་མེད་པ་དགོས་པ་ཡིན་པར་འདོད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཚད་མས་བསལ་བ་ཆོས་ཅན། གཏན་ཚིགས་ནུས་པ་འཇུག་པའི་རྟེན་བསྒྲུབ་བྱ་ཡང་དག་མ་ཡིན་ཏེ། གང་ལ་རྟགས་སུ་སོང་བའི་རྒོལ་བས་ཐེ་ཚོམ་མི་འཇུག་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་ཡང་དག་ནི་གང་ལ་རྟགས་སུ་སོང་བའི་རྒོལ་བའི་ཐེ་ཚོམ་དང་ལྡན་པའི་དོན་ཉིད་ལ་སྒྲུབ་བྱེད་དུ་འཇུག་པར་བརྗོད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཆོས་ཀྱི་ངོ་བོ་འགོག་པའི་བསལ་བ་བཤད། །ཚུལ་དེས་ཁྱད་པར་འགོག་སོགས་སྐྱོན་དུ་གྲུབ་པའོ། །དང་པོ་ནི། ཚད་མ་མདོར། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་རང་རྟེན་ལའོ། །ཞེས་པའི་དོན་འགྲེལ་བ་ལ་བཞི་སྟེ། སེལ་བྱེད་སྒོ་ནས་དབྱེ་བ་བསྟན། །དབྱེ་བ་སོ་སོའི་རང་བཞིན་བཤད། །བསལ་གཞི་རང་རྟེན་དགོས་པ་བཤད། །རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན་པའོ། །དང་པོ་ནི། འོ་ན་སེལ་བྱེད་ཚད་མ་གཉིས་ཡིན་པའི་ཕྱིར། བསལ་བའང་གཉིས་སུ་འགྱུར་རོ་ཞེ་ན། སློབ་དཔོན་ཕྱོགས་གླང་ཆོས་ཅན། རྗེས་སུ་དཔག་པ་ལ་དངོས་པོ་སྟོབས་ཤུགས་ཀྱི་དང་། ཡིད་ཆེས་པའི་དང་། གྲགས་པའི་རྗེས་དཔག་གསུམ་དུ་དབྱེ་བ་དང་། དེའི་སྟེང་དུ་མངོན་སུམ་སྟེ་སེལ་བྱེད་བཞིར་བྱེ་བ་ཡིས་ཚད་མས་གནོད་པའི་བསལ་བ་དེ་ནི་མདོ་ལས་རྣམ་པ་བཞིར་བཤད་དེ། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པ་ཞེས་གསུངས་པའི་ཕྱིར། འདིར་གནོད་པ་དེ་ནི་རྣམ་བཞིར་བཤད། །ཅེས་པའི་རྣམ་པ་བཞི་པོ་དེ་ནི་གཏན་ལ་དབབ་པར་བྱ་བ་ཡིན་ཅིང་། དེའང་ཚད་མས་གནོད་པའི་བསལ་བའི་ངོས་ནས་བཤད་པར་བྱ་བ་ཡིན་ཀྱང་ཁ་ཅིག་ཚད་མས་བསལ་བ་བསྟན་བཅོས་ཀྱི་བརྗོད་བྱར་མི་རུང་སྙམ་ནས་མ་བསལ་བའི་ངོས་ནས་བཤད་པ་ནི། གཙོ་བོ་ནི་མེད་དེ་མ་དམིགས་པའི་ཕྱིར་ཞེས་པའི་སྐབས་སུ་གཙོ་བོའི་སྒྲ་དོན་ཆོས་ཅན་དུ་སོང་བར་གསུངས་པ་ལྟ་བུའི་གཞན་སེལ་གྱི་འཇུག་པ་མ་ཤེས་པའི་སྐྱོན་ཡིན་ཞིང་། གཞུང་གི་འཆད་ཚུལ་གྱི་བབས་ཀྱང་མ་ཤེས་པ་སྟེ། བསྒྲུབ་བྱར་ཁས་བླངས་པ་དེ་ཡང་ཡང་དག་ཏུ་འགྱུར་བ་ལ་མ་བསལ་བ་དགོས་ཏེ། ཚད་མས་བསལ་བ་ནི་ཕྱོགས་སྐྱོན་ཡིན་པས་དེ་གང་ལ་ཞུགས་པའི་ཕྱོགས་ནི་ཕྱོགས་སྐྱོན་ཅན་ཡིན་པའི་ཕྱིར། འོ་ན་ཚད་མས་བསལ་བའི་ཕྱོགས་སྐྱོན་ལ་དུ་ཡོད་ཅེ་ན། སེལ་བྱེད་ཚད་མའི་སྒོ་ནས་གཞན་སེལ་གྱི་ངོར་བཞི་ནི་དབྱེ་རུང་ཅེས་པའི་བཞི་པོ་གཏན་ལ་དབབ་པའི་སྐབས་ཡིན་པའི་ཕྱིར་ཏེ། ལྷས་ཕྱོགས་ནི་གཏན་ཚིགས་ཀྱི་ཡུལ་ཡིན་ལ། དེ་གང་གི་ཚེ་བསལ་བར་གྱུར་པ་དེའི་ཚེ་ཡུལ་ཅན་གྱི་གཏན་ཚིགས་ཀྱང་མི་འཇུག་ཅེས་དང་། ཤཱས་བསལ་བ་དག་ནི་ཕྱོགས་ལྟར་སྣང་བ་སྟེ། དེ་དག་ནི་ཕྱོགས་ཉིད་མ་ཡིན་ཏེ། མངོན་སུམ་ལ་སོགས་པས་གནོད་པ་ཉིད་ཀྱི་ཕྱིར་རོ་ཞེས་སོ། །འདི་ལ་དགོངས་ནས་མདོར་སྒྲ་ནི་མཉན་པར་བྱ་བ་མ་ཡིན་ནོ་ཞེས་སོགས་བསལ་བའི་ངོས་ནས་གསུངས་པ་དང་། འདིར་ཡང་། གནོད་པ་དེ་ནི་རྣམ་བཞིར་བཤད། །ཅེས་དང་། རིགས་ཐིགས་ལས་དེ་ལ་མངོན་སུམ་གྱི་བསལ་བ་ནི་དཔེར་ན་སྒྲ་ནི་མཉན་དུ་མི་རུང་ངོ་ཞེས་པ་ལྟ་བུའོ། །རྗེས་སུ་དཔག་པས་བསལ་བ་ནི་དཔེར་ན་བུམ་པ་རྟག་གོ་ཞེས་བྱ་བ་ལྟ་བུའོ། །གྲགས་པས་བསལ་བ་ནི་དཔེར་ན་རི་བོང་ཅན་ཟླ་བ་མ་ཡིན་ཞེས་པ་ལྟ་བུའོ། །རང་ཚིག་གི་བསལ་བ་ནི་དཔེར་ན་རྗེས་སུ་དཔོག་པ་ནི་ཚད་མ་མིན་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ན་ཕྱོགས་ལྟར་སྣང་བ་བཞི་བསལ་བ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ལ་ཁ་ཅིག ཁས་བླངས། གྲགས་པ། མངོན་སུམ། དངོས་སྟོབས་རྗེས་དཔག་གི་བསལ་བ་བཞི་ཞེས་པའི་ས་བཅད་བྱེད་པ་ནི་མི་འཐད་དེ། ཁས་བླངས་དང་གྲགས་པ་གཉིས་ཐོག་མར་མདོར་བསྟན་དང་། མཇུག་ཏུ་དོན་བསྡུ་ཕྱོགས་གཅིག་ཏུ་ཡོད་པས་ལོགས་སུ་གཅད་མི་དགོས་པའི་ཕྱིར་དང་། དངོས་སྟོབས་རྗེས་དཔག་གི་བསལ་བ་རང་དོན་ལེའུར་བསྟན་ཟིན་པ་ལ་དགོངས་ནས་སྐབས་འདིར་མ་གསུངས་པའི་ཕྱིར་རོ། །དེས་ན་འདི་ལ་གཉིས་ཏེ། ཡིད་ཆེས་གྲགས་པའི་བསལ་བ་རྒྱས་པར་བཤད། །དོན་དང་མཉན་བྱ་མངོན་སུམ་བསལ་བ་བཤད་པའོ། །དང་པོ་ལ་གསུམ་སྟེ། སེལ་བྱེད་ཚད་མ་རྗེས་དཔག་ཁོངས་སུ་བསྡུ། །གསལ་བ་གཉིས་ཀྱི་རང་བཞིན་སོ་སོར་བཤད། །གནོད་ཚུལ་རྒྱས་པར་བསྟན་པའི་དགོས་པ་བཤད་པའོ། །དང་པོ་ནི། སེལ་བྱེད་རྗེས་དཔག་ལ་གསུམ་དུ་དབྱེ་ན། དངོས་སྟོབས་རྗེས་དཔག་རང་དོན་ལེའུར་བཤད་པའི་འབྲས་རང་མ་དམིགས་པའི་རྟགས་གསུམ་ལ་བརྟེན་མོད་ཀྱི་ཡིད་ཆེས་དང་གྲགས་པའི་རྗེས་དཔག་གང་ལ་བརྟེན་ཅེ་ན། རྗེས་དཔག་གསུམ་ཡོད་པ་དེ་ལ་ཁས་བླངས་ཏེ་ལུང་ཚད་མ་རང་གི་ཞེན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བར་བསྒྲུབ་པ་ལ་དཔྱད་གསུམ་གྱིས་དག་པའི་ལུང་དེ་ནི་ཆོས་ཅན། འབྲས་བུའི་རྟགས་ཡང་དག་ཡིན་ཏེ། ཆོས་ཅན་གྱི་སྟེང་དུ་ཞེ་འདོད་ཀྱི་བསྒྲུབ་ཆོས་རང་རྒྱུ་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། འགྲོ་བ་ལ་གྲགས་པ་སྟེ་རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དུ་བསྒྲུབ་པ་ལ་རྟོག་ཡུལ་ན་ཡོད་པ་དེ་ནི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། ཆོས་ཅན་གྱི་སྟེང་དུ་ཞེ་འདོད་ཀྱི་བསྒྲུབ་ཆོས་རང་དང་བདག་ཉིད་གཅིག་པའི་བསྒྲུབ་བྱ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་ཕྱིར། འདིར་རྒྱན་ན་མཛད་པ་རྗེས་འབྲང་དང་བཅས་པས་ཁས་བླངས་དང་གྲགས་པ་གཉིས་འབྲས་རྟགས་དང་རང་བཞིན་རྟགས་ཀྱི་གཟུགས་བརྙན་ཙམ་ཡིན་གྱི་དངོས་མ་ཡིན་པར་བཤད་པ་ནི་རང་དོན་ལེའུར་བཤད་པའི་དངོས་པོ་སྟོབས་ཞུགས་ཀྱི་འབྲས་རང་གི་གཏན་ཚིགས་ལྟ་བུ་དངོས་མ་ཡིན་པ་ལ་དགོངས་སོ། །གཉིས་པ་ལ་གཉིས་ཏེ། ཡིད་ཆེས་ཀྱི་བསལ་བ་བཤད། གྲགས་པའི་བསལ་བ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་དང་། གཞུང་གི་དོན་ནོ། །དང་པོ་ནི། ཡིད་ཆེས་ཀྱི་སྐབས་འདིར་བཤད་པར་བྱ་བ་ནི་མདོར་ཁས་བླངས་དང་རང་ཚིག་གཉིས་ཡིད་ཆེས་ཞེས་གཅིག་ཏུ་བསྡུས་པའི་དོན་བཤད་པ་དང་། དེས་ན་བསལ་བའི་དཔེར་བརྗོད་གཅིག་ཏུ་གསུངས་པའི་དོན་བཤད་པ་དང་། ཡིད་ཆེས་རྗེས་དཔག་ལས་ཐ་དད་དུ་གསུངས་པའི་དོན་བཤད་པ་དང་གསུམ་དུ་འདུས་པ་ལས། དང་པོ་ནི་ཡང་དག་ངེས་ལྡན་ཅེས་སོགས་དང་། གཉིས་པ་ནི་དེས་ན་འདི་ལ་ཞེས་སོགས་དང་། གསུམ་པ་ནི་དེ་ལ་བརྟེན་མིན་ཞེས་སོགས་ཀྱིས་དངོས་སྟོབས་རྗེས་དཔག་ལས་ཡིད་ཆེས་རྗེས་དཔག་ཐ་དད་དུ་གསུངས་པའི་དོན་ལ་ཡིད་ཆེས་ལ་གཉིས་སུ་ཕྱེ་ནས་ཁས་བླངས་ཐ་དད་དུ་གསུངས་པའི་རྒྱུ་མཚན་བསྟན་ནས། དེས་ན་གནོད་ཕྱིར་ཞེས་སོགས་ཚིག་རྐང་དྲུག་གིས་དངོས་སྟོབས་རྗེས་དཔག་ལས་ཁས་བླངས་ཐ་དད་དུ་གསུངས་པའི་དོན་དངོས་བསྟན། རང་གི་ཚིག་ཀྱང་ཞེས་སོགས་ཚིག་རྐང་གཉིས་ཀྱིས་དངོས་སྟོབས་རྗེས་དཔག་ལས་རང་ཚིག་ཐ་དད་དུ་གསུངས་པའི་དོན་བསྟན། དེ་ཡིསཾ་བསྟན་བཅོས་ཞེས་སོགས་ཀྱིས་ཁས་བླངས་ཐ་དད་དུ་གསུངས་པའི་དོན་ལ་རྩོད་པ་སྤོང་བ་བསྟན་ནོ། །འུ་ཡུག་པས། དེ་ལ་བརྟེན་མིན་ཞེས་པ་མན་ཆད་རིགས་སྒོར་ཁས་བླངས་དང་རང་ཚིག་ཐ་དད་དུ་གསུངས་པའི་དོན་བཤད་པར་བྱས་ནས། འདི་ལ་གཞན་ལུགས་དགག རང་ལུགས་གཞག ཁས་བླང་བར་བྱ་བའི་ལུང་ངོས་བཟུང་བ་དང་གསུམ་ལས། དང་པོ་ལ་གཉིས་ཏེ། བྱེད་པའི་སྒོ་ནས་ཕྱེ་བར་འདོད་པ་དགག །ཡུལ་གྱི་སྒོ་ནས་ཕྱེ་བར་འདོད་པ་དགག་པའོ། །དང་པོ་ལ་འདོད་པ་བརྗོད་པ་ནི། དེ་ལ་བརྟེན་མིན་ཞེས་པ་ནས་གེགས་བྱེད་ཡིན་ཞེས་པའི་བར་རོ། །དེ་དགག་པ་ནི། དེ་ཡི་བསྟན་བཅོས་ཞེས་སོགས་ཚིགས་བཅད་གཉིས་སོ། །གཉིས་པ་ལ་འདོད་པ་བརྗོད་པ་ནི། དེས་ན་རབ་གྲགས་ཞེས་སོགས་ཚིགས་བཅད་གཅིག་གོ །དེ་དགག་པ་ཁ་བསྐང་བ་རང་ལུགས་གཞག་པ་ནི། རྣམ་ངེས་ལས་ངག་གི་དབྱེ་བས་ཐ་དད་དུ་གཞག་པ་དྲང་ངོ་། །ཁས་བླང་བར་བྱ་བའི་ལུང་ངོས་གཟུང་བ་ནི། འདི་ལ་བརྟགས་པ་ཞེས་སོགས་ཚིགས་བཅད་གཉིས་སོ། །ཞེས་འཆད་དོ། །འདི་ནི་ཤིན་ཏུ་མི་འཐད་དེ། རྗེས་དཔག་ལས། ཁས་བླངས་ཕྱི་རོལ་གྱུར་མིན་ཡང་། །ཞེས་པ་ཕྱོགས་སྔ་ཡིན་ན་གྲགས་པའི་སྐབས་སུ་སྔ་མ་བཞིན་ཞེས་པ་ཡང་ཕྱོགས་སྔར་འགྱུར་བའི་ཕྱིར་དང་། དེ་ལ་བརྟེན་མིན་ཞེས་སོགས་མདོར་རྗེས་དཔག་ལས་ཡིད་ཆེས་ལོགས་སུ་སྟོན་པའི་དོན་འཆད་པ་ཡིན་གྱི་རིགས་སྒོར་ཁས་བླངས་དང་རང་ཚིག་ཐ་དད་དུ་གཞག་པའི་དོན་འཆད་བྱེད་མིན་པའི་ཕྱིར་དང་། དངོས་ཀུན་ལ་གནོད་བྱེད་ཅེ་ན། །ཞེས་པའི་དོན་གནོད་བྱེད་དུ་འགྱུར་རོ་ཞེས་འཆད་པ་ནི་ཧ་ཅང་ཐལ་བའི་ཕྱིར་དང་། ལུང་གིས་གྲུབ་པའི་ཆོས་ཅན་ལ་ལུང་གནོད་བྱེད་མ་ཡིན་ན། རྣམ་ངེས་ལས། ཆོས་ཅན་རྣམ་པར་འཇོག་པས་ན་བསྟན་བཅོས་རྣམ་པར་རྟོག་པ་ཡིན་ལ། དེས་ན་དེ་ནི་གནོད་པར་བྱེད་པ་ཡིན་ནོ་ཞེས་པ་དང་འགལ་ཞིང་། གནོད་བྱེད་ཡིན་ན། དེས་ན་རབ་གྲགས་ཞེས་སོགས་ཕྱོགས་སྔར་བྱེད་པ་དང་འགལ་བའི་ཕྱིར་རོ། །སྔ་མ་དག རང་གི་ཚིག་ཀྱང་ཐ་དད་པ། །ཞེས་པ་རིགས་སྒོར་ཁས་བླངས་པ་ལས་རང་ཚིག་ཐ་དད་དུ་སྟོན་པའི་དོན་འཆད་བྱེད་ཡིན་ཞེས་པ་ཡང་མི་འཐད་དེ། ཡིད་ཆེས་ལ་གཉིས་ལས། ཁས་བླངས་རྗེས་དཔག་ལས་ཐ་དད་དུ་གཞག་པའི་དོན་བསྟན་ཟིན་ནས། འདིས་རང་ཚིག་རྗེས་དཔག་ལས་ཐ་དད་དུ་གཞག་པའི་དོན་སྟོན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཚིག་གཉིས་གཅིག་ཏུ་སྡུད་པའི་མདོ་དོན་བཤད། །བསལ་བ་གཅིག་ཏུ་སྟོན་པའི་མདོ་དོན་བཤད། །ཡིད་ཆེས་ལོགས་སུ་སྟོན་པའི་མདོ་དོན་བཤད་པའོ། །དང་པོ་ལ་གཉིས་ཏེ། ཚིག་གཉིས་གཅིག་ཏུ་སྡུད་པའི་རྒྱུ་མཚན་བཤད། །ཚིག་གཉིས་གཅིག་ཏུ་སྡུད་པའི་དགོས་པ་བཤད་པའོ། །དང་པོ་ནི། མདོར། རང་གི་ཚིག་དང་ནི་བསྟན་བཅོས་གཉིས་ཡིད་ཆེས་ཞེས་གཅིག་ཏུ་བསྡུས་ནས་བཤད་པ་ཆོས་ཅན། ཁྱོད་ཀྱི་རྒྱུ་མཚན་ཡོད་པ་ཡིན་ཏེ། རྒོལ་བ་བདག་ཉིད་དང་གཞན་བསྟན་བཅོས་མཁན་པོ་བརྗོད་བྱའི་དོན་ཡང་དག་པར་ངེས་པ་དང་ལྡན་པའི་སྒོ་ནས་དོན་དེ་གཞན་ལ་བརྗོད་པར་འདོད་པའི་རྒོལ་བའི་ངོར་རང་ཚིག་དང་ལུང་ཚིག་གཉིས་ཡིད་ཆེས་ཀྱི་གནས་སུ་མཚུངས་པ་དེ་ཁྱོད་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་ནའོ། །གཉིས་པ་ནི། མདོར། བསྟན་བཅོས་འདི་རང་གི་ཚིག་དང་ལྷན་ཅིག་ཡིད་ཆེས་ཞེས་པའི་ཚིག་གིས་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཇི་ལྟར་རྒོལ་བ་བདག་ནི་བརྗོད་བྱའི་དོན་ལ་ཚད་མ་ཉིད་དུ་ཁས་ལེན་པ་མིན་ན། དོན་དེ་སྟོན་པའི་ཚིག་ནི་འཇུག་པར་མི་འགྱུར་བས་རང་ཚིག་སྨྲས་པ་ཙམ་གྱིས་བརྗོད་བྱ་ངེས་པའི་ཚད་མ་ཡོད་པར་དོན་གྱིས་ཁས་བླངས་པར་འགྱུར་བ་དེ་བཞིན་དུ་བསྟན་བཅོས་ཚད་མར་མི་བསྟེན་ན་བསྟན་བཅོས་དེར་གྲགས་པའི་དོན་ཆོས་ཅན་ལ་དཔྱོད་པ་ཡང་མི་འཇུག་པས་ལུང་གིས་གྲུབ་པའི་ཆོས་ཅན་ཁས་བླངས་པ་ཉིད་ཀྱིས་ལུང་ཚད་མར་ཁས་བླངས་པར་འགྱུར་བར་མཚུངས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། །ཁ་ཅིག་འདི་རྒྱུ་མཚན་སྟོན་བྱེད་དུ་སྦྱོར་བ་ནི་རྣམ་ངེས་དང་འགལ་ཏེ། རྣམ་ངེས་སུ། སྐབས་ཀྱི་རྟེན་ཉིད་ལ་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་བརྗོད་པའི་དོན་དུ་ཇི་ལྟར་བདག་ཉིད་ཚད་མ་ཡིན་ན་ཞེས་སོགས་གསུངས་པའི་ཕྱིར། བསྟན་བཅོས་འདི་རང་གི་ཚིག་དང་ལྷན་ཅིག་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་ཚད་མར་ཁས་བླངས་ན་དེའི་སྐབས་རྟེན་ཏེ་ལུང་གིས་གྲུབ་པའི་ཆོས་ཅན་ཉིད་ལ་གནོད་བྱེད་ཡིན་གྱི་དངོས་སྟོབས་ཀྱིས་གྲུབ་པའི་ཆོས་ཅན་ལ་ནི་མ་ཡིན་ནོ་ཞེས་པའི་དོན་དུ་འདི་བསྟན་པའི་ཆེད་དུ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ལུང་དང་རང་ཚིག་ཡིད་ཆེས་སུ་མཚུངས་པ་དེས་ན་ལུང་དང་རང་ཚིག་གི་བསལ་བ་གཉིས་པོ་འདི་ལ་ཆོས་ཅན། དཔེ་དག་ཀྱང་མཚུངས་པ་ཉིད་དུ་མདོ་ལས་བསྟན་པ་ཡིན་ཏེ། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དོ་ཞེས་པས་དཔེ་བསྟན་པའི་ཕྱིར། འདི་ལུང་དང་རང་ཚིག་གཉིས་ཀ་དང་འགལ་བ་ཡིན་ཏེ། འདི་ལྟར་ལུང་ཚད་མར་ཁས་བླངས་པའི་རྒོལ་བ་དག་ཆོས་ཅན། ཁྱོད་ཀྱིས་ཚད་མ་མེད་པར་དམ་བཅས་ན་ཚིག་དེ་ཉིད་ཚད་མ་ཅན་དུ་ཤུགས་ཀྱིས་བསྟན་པའི་དམ་བཅའ་དེ་དང་། སྔར་ཚད་མར་ཁས་བླངས་པའི་ལུང་དེས་གནོད་པར་འགྱུར་ཏེ། སྤྱིར་ཚད་མ་རྣམས་ནི་ཡོད་པ་མིན་ན་བསྟན་བཅོས་དང་རང་གི་ཚིག་ཀྱང་ཚད་མ་ཅན་དུ་མི་རུང་བའི་ཕྱིར་རོ། །དེས་ན་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་པར་དམ་བཅས་པའི་དམ་བཅའ་ཆོས་ཅན། རང་ཚིག་འགལ་བ་ལ་བསལ་བའི་དཔེ་ཡིན་ཏེ། དངོས་སུ་ཚད་མ་མེད་པར་དམ་བཅའ་བཅས་ནས་ཤུགས་ཀྱིས་ཚིག་དེ་ཉིད་ཚད་མ་ཅན་དུ་ཁས་བླངས་པའི་ཕྱིར་རོ། །ཡང་དེ་ཆོས་ཅན། ལུང་དང་འགལ་བ་ལ་ཕྱོགས་ཙམ་བསྟན་པའི་དཔེ་ཡིན་ཏེ། སྔར་ལུང་ཚད་མ་ཅན་དུ་ཁས་བླངས་པ་དང་། ཕྱིས་ཚད་མ་མེད་པར་དམ་བཅའ་བཅས་པ་འགལ་བའི་སྒོ་ནས་ལུང་དང་འགལ་བའི་དཔེར་བསྟན་གྱི། རང་གི་ལོག་ཕྱོགས་ལུང་ཁོ་ནས་གྲུབ་པས་རང་གི་ཞེན་དོན་ལ་གནོད་པ་དེ་མིན་པའི་ཕྱིར་རོ། །ཆོས་ནི་མ་འོངས་པ་ན་བདེ་བ་མི་འགྲུབ་ཅེས་བྱ་བའི་དམ་བཅའ་ཆོས་ཅན། ལུང་དང་འགལ་བ་དེ་ལ་བསལ་བའི་དཔེ་ཡིན་ཏེ། ལུང་ཁོ་ནས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་ཆོས་ལུང་ཚད་མ་དང་འགལ་བ་དམ་བཅའ་བཅས་པའི་དམ་བཅའ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། ལུང་ཚིག་ལོགས་སུ་གསུངས་པའི་དགོས་པ་བཤད། །རང་ཚིག་ལོགས་སུ་གསུངས་པའི་དགོས་པ་བཤད། །དགོས་པ་དང་པོའི་དོན་ལ་རྩོད་པ་སྤོང་བའོ། །དང་པོ་ལ་གསུམ་སྟེ། དངོས་སྟོབས་ཀྱིས་གྲུབ་རྟེན་ལ་ལུང་ཉིད་གནོད་བྱེད་མིན། །ལུང་གིས་གྲུབ་པའི་རྟེན་ལ་ལུང་ཉིད་གནོད་བྱེད་ཡིན། །དེས་ན་ཡིད་ཆེས་ལོགས་སུ་བསྟན་པའི་དགོས་པ་འགྲུབ་པའོ། །དང་པོ་ནི། སྒྲུབ་བྱེད་ལུང་དེ་ལ་བརྟེན་པ་མིན་པ་དངོས་སྟོབས་ཀྱི་ཚད་མས་གྲུབ་པའི་དངོས་པོ་སྟེ་སྒྲ་ལྟ་བུ་ཆོས་ཅན། ཁྱོད་ལ་དཔྱོད་པ་བས་སྒྲ་རྟག་པར་སྟོན་པའི་བསྟན་བཅོས་དེ་དང་འགལ་བ་ཚད་མས་མ་གྲུབ་བཞིན་དུ་མི་རྟག་པ་བརྗོད་ཅིང་དམ་བཅའ་བཅས་ན་ཡང་ལུང་དེས་ཁྱོད་མི་རྟག་པར་དམ་བཅའ་བཅས་པའི་དམ་བཅའི་ཞེན་དོན་ལ་གནོད་པ་མ་ཡིན་གྱི། ཕན་ཚུན་གེགས་བྱེད་པར་འགྱུར་ཏེ། ཁྱོད་རྟག་སྟོན་གྱི་བསྟན་བཅོས་དང་། ཁྱོད་མི་རྟག་པར་དམ་བཅའ་བཅས་པའི་དམ་བཅའ་གཉིས་པོ་དག་སྒྲུབ་བྱེད་མེད་པའི་དམ་བཅའ་འགལ་བ་ནུས་པ་མཚུངས་པ་ཡིན་པའི་ཕྱིར། དཔེར་ན་ཁོ་བོའི་མ་མོ་གཤམ་ཡིན་ཞེས་པའི་རང་གི་ཚིག་སྔ་ཕྱི་གེགས་བྱེད་པ་བཞིན་ནོ། །སྔར་སྒྲ་རྟག་སྟོན་གྱི་བསྟན་བཅོས་ཁས་བླངས་པ་དེ་ཡང་ཆོས་ཅན། དངོས་པོ་སྟོབས་ཞུགས་དེའི་ཚེ་རྒོལ་བ་རང་གི་ཚིག་གི་བདག་ཉིད་ཡིན་ཏེ། རྒོལ་བ་རང་གིས་དངོས་སྟོབས་ཚད་མས་གྲུབ་པའི་ལོག་ཕྱོགས་སྨྲས་པའི་ཚིག་ཡིན་པའི་ཕྱིར་རོ། །འོ་ན་སྒྲ་མི་རྟག་པར་ཚད་མས་གྲུབ་ནས་སྒྲ་མི་རྟག་པར་དམ་བཅའ་བཅས་ན་ཡང་ཕན་ཚུན་གེགས་བྱེད་ཙམ་ཡིན་ནམ་ཞེ་ན། གཉིས་ཀ་ཚད་མ་ཅན་མ་ཡིན་པར་མཚུངས་ན་གེགས་བྱེད་ཡིན་གྱི། ཚིག་གཉིས་པོ་དེ་དག་གི་ནང་ནས་སྒྲ་མི་རྟག་པར་ཚད་མས་གྲུབ་ནས་སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའ་དེ་ནི་ཆོས་ཅན། གཞན་སྒྲ་རྟག་པའི་དམ་བཅའ་ལ་གནོད་བྱེད་དུ་འགྱུར་ཏེ། ཁྱོད་དང་དེ་གཉིས་གཞི་གཅིག་ལ་ཆོས་འགལ་བ་དམ་བཅའ་བཅས་པའི་དམ་བཅའ་གང་ཞིག ཁྱོད་གང་ལ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་རོ། །གལ་ཏེ་རྒྱབ་རྟེན་ཚད་མ་དང་བྲལ་བའི་ཚིག་འགལ་བ་ཕན་ཚུན་གེགས་བྱེད་དེ་ལྟ་མིན་པར་ལུང་ཁོ་ནས་གནོད་ན། སྒྲ་རྟག་པར་སྟོན་པ་ལྟ་བུ་ལུང་གི་དམ་བཅའ་ཆོས་ཅན། རང་དང་ནུས་པ་མཚུངས་པ་ཡི་སྒྲ་མི་རྟག་པ་ལྟ་བུའི་དམ་བཅའ་དང་། དེའི་སྒྲུབ་བྱེད་ཇི་བཞིན་དོན་ཅན་གྱི་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལ་ནི་ཇི་ལྟར་གནོད་དེ་མི་གནོད་པར་ཐལ། སྒྲུབ་བྱེད་ཀྱི་རིགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་རྒྱབ་རྟེན་ཚད་མ་དང་བྲལ་བའི་ལུང་རྣམས་ཆོས་ཅན། ཁྱོད་ལུང་ཚད་མ་ཡིན་པའི་རྒྱུ་མཚན་གྱིས་རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་པ་མིན་པར་ཐལ། ཁྱོད་ལུང་ཚད་མ་ཡིན་པ་ནི་སྔར་ཉིད་རྣམ་པར་བཟློག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པའི་ཆོས་ཅན་ལ་ལུང་གནོད་བྱེད་མིན་པ་དེའི་ཕྱིར་ན་ལུང་གིས་གྲུབ་པའི་ཆོས་ཅན་ཁས་བླངས་ནས་དེའི་སྟེང་དུ་ཆོས་དཔྱོད་པ་དག་ལ་ཆོས་ཅན་ལུང་ཚད་མ་དང་འགལ་བ་དམ་བཅས་ན་ལུང་ཚད་མས་གནོད་པའི་སྐྱོན་འདི་འདོད་དེ། ལུང་ཁོ་ནས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་ཁྱད་ཆོས་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ལུང་གིས་གྲུབ་པའི་ཆོས་ཅན་ལ་ལུང་ཚད་མ་རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་བྱེད་ཡིན་པ་དེས་ན་ཁས་བླངས་པའི་ལུང་རྣམ་དག་ལ་བརྟེན་པའི་བློ་ཆོས་ཅན། ལུང་ཚད་མར་ཁས་ལེན་པའི་ངོར་རྗེས་དཔག་ལས་ཕྱི་རོལ་ཏུ་གྱུར་པ་མིན་ཏེ། དེའི་ངོར་རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་བྱེད་ཀྱི་ཚད་མ་གང་ཞིག་མངོན་སུམ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཡང་མདོར། ཡིད་ཆེས་རྗེས་དཔག་དངོས་སྟོབས་རྗེས་དཔག་ལས་ཐ་དད་དུ་བྱས་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། དངོས་སྟོབས་རྗེས་དཔག་དངོས་སྟོབས་ཀྱིས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་གནོད་བྱེད་ཡིན། ཡིད་ཆེས་རྗེས་དཔག་ལུང་གིས་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་གནོད་བྱེད་ཡིན་པ་ལྟ་བུའི་ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར་ནའོ། །འདི་གཉིས་ཡུལ་གྱི་སྒོ་ནས་ཐ་དད་དུ་ཕྱེ་བ་དེ་ལྟ་མིན་པར་རྟགས་ཐ་དད་ལ་བརྟེན་པ་ཙམ་གྱིས་ཕྱེ་ན། མདོར་ཚད་མའི་བསལ་བ་འཆད་པའི་སྐབས་འདིར་ཆོས་ཅན། འབྲས་རང་མ་དམིགས་པའི་རྟགས་ལ་བརྟེན་པའི་བསལ་བ་ཐ་དད་དུ་འབྱེད་རིགས་པར་ཧ་ཅང་ཐལ་ཆེས་པའི་སྐྱོན་ཡོད་དེ། རྗེས་དཔག་གསུམ་པོ་རྟགས་ཐ་དད་ལ་བརྟེན་པའི་ཕྱིར། ཡང་ཡིད་ཆེས་རྗེས་དཔག་ཆོས་ཅན། དངོས་སྟོབས་རྗེས་དཔག་ལས་ལོགས་ཤིག་བྱས་པ་དོན་མེད་པར་འགྱུར་བར་ཐལ། དེ་ལས་ཐ་དད་དུ་བྱས་པ་ལ་ཡུལ་གྱི་ཁྱད་པར་བསྟན་པའི་དགོས་པ་མེད་ཅིང་། དགོས་པ་གཞན་ཡང་མེད་པའི་ཕྱིར་རོ། །གཉིས་པ་ནི། ལུང་ཚིག་ཐ་དད་དུ་བྱས་པའི་དགོས་པ་དེ་ལྟར་ཡིན་ན་ཡང་། རང་ཚིག་ཐ་དད་དུ་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཀུན་བཏུས་སུ་རང་གི་ཚིག་ཀྱང་དངོས་སྟོབས་ལས་ཐ་དད་དུ་བྱས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། ཚད་མ་ཅན་མ་ཡིན་པའི་ཚིག་ཙམ་བརྗོད་པ་ལ་དངོས་ཤུགས་ཕན་ཚུན་གེགས་བྱེད་པ་ཙམ་རང་ཚིག་འགལ་བ་ཡིན་གྱི་གནོད་བྱེད་ནི་མ་ཡིན་ལ། དངོས་སྟོབས་ནི་གནོད་བྱེད་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། འདིས་ངག་གི་དབྱེ་བའང་འགྲུབ་སྟེ། རྣམ་ངེས་ལས། ངག་གི་དབྱེ་བ་ལས་ཏེ་ཞེས་དང་། རྒྱལ་དབང་བློས། ངག་གི་དབྱེ་བ་ལས་ཏེ་རང་ཉིད་ཁོ་ནས་ཕ་རོལ་པོའི་སྒོ་ཅན་གྱི་ངག་གཞན་གྱི་དོན་འགའ་ཞིག་སོ་སོར་བཞག་ནས་ཡང་དོན་འདི་ཁོ་ན་ཕྱི་མས་ཉམས་པར་བྱེད་པའི་ཕྱིར་ལུང་དང་འགལ་བ་སྟེ། དཔེར་ན་བྱེ་བྲག་པས་སྒྲ་རྟག་གོ་ཞེས་པ་ལྟ་བུའོ། །ངག་དེ་ཉིད་ཀྱིས་རང་གི་དོན་དང་འགལ་ན་རང་ཚིག་འགལ་བ་སྟེ། དཔེར་ན་རྗེས་དཔག་ཚད་མ་མིན་ནོ་ཞེས་པ་ལྟ་བུའོ་ཞེས་དང་། རིགས་གཏེར་དུ་ཡང་། སློབ་དཔོན་ངག་གི་དབྱེ་བར་བཞེད། །ཅེས་གསུངས་སོ། །གསུམ་པ་ལ་གསུམ་སྟེ། ལུང་གིས་ཀུན་ལ་གནོད་ན་ཧ་ཅང་ཐལ། །ལུང་གིས་གནོད་ཡུལ་ཡིན་མིན་སོ་སོར་དབྱེ། །ལུང་གི་དོན་ལ་བརྟགས་པའི་དགོས་པ་བཤད་པའོ། །དང་པོ་ནི། རྒོལ་བ་དེ་ཡིས་བསྟན་བཅོས་ཚད་མར་ནི་ཁས་བླངས་པའི་ཕྱིར་ན་ཚད་མ་ཉིད་ཡིན་ལ། དེས་ན་ལུང་གིས་གྲུབ་པ་དང་དངོས་སྟོབས་ཀྱིས་གྲུབ་པའི་དངོས་པོ་ཀུན་ལ་ལུང་རང་འགལ་གྱི་དམ་བཅའི་ཞེན་དོན་ལ་གནོད་བྱེད་ཡིན་ཞེ་ན། འོ་ན་ལུང་ཆོས་ཅན། གལ་ཏེ་སྔར་ལུང་ཚད་མ་དང་གནོད་བྱེད་དུ་ཁས་བླངས་ཤིང་ཕྱིས་རྒོལ་བས་དེ་ཚད་མ་དང་གནོད་བྱེད་དུ་མི་འདོད་པའི་ཚེ་ལུང་གནོད་བྱེད་ཡིན་ནམ་ཅི་སྟེ་མིན་པར་ཐལ། ལུང་དེ་རྒོལ་བས་ཚད་མར་ཁས་བླངས་པས་ཚད་མ་དང་གནོད་བྱེད་དུ་སྐྱེས་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་རྒོལ་བ་འདིའི་རང་ཚིག་སྔ་ཕྱི་འགལ་བ་ཡིན་ཏེ། དེའི་ཚེ་སྔ་མ་དེས་ཕྱི་མ་ལ་གནོད་པའི་ཕྱིར་ཞེ་ན། དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པའི་ཆོས་ཅན་ལ་སྔར་ཁས་བླངས་པའི་བསྟན་བཅོས་དང་འགལ་བ་དམ་བཅའ་བཅས་པ་ཆོས་ཅན། རྒོལ་བ་རང་གི་ཚིག་དང་འགལ་བ་དང་གེགས་བྱེད་དུ་ཐ་དད་མེད་པར་འགྱུར་བར་ཐལ། རང་ཚིག་དང་འགལ་བ་ཡིན་པའི་ཕྱིར། འདོད་ན། ཁོ་བོའི་འདོད་པ་གྲུབ་བོ། །གཞན་ཡང་ལུང་དེ་ཆོས་ཅན། ཡོངས་སུ་རྫོགས་པའི་ཚད་མ་ཉིད་དེ་ཚད་མ་མིན་པར་ཐལ། སྐྱེས་བུའི་འདོད་པས་ཚད་མར་ཁས་བླངས་པ་ཙམ་གྱིས་ཚད་མར་བྱས་པའི་ཕྱིར་ནའོ། །གཉིས་པ་ནི། དངོས་སྟོབས་ཀྱིས་གྲུབ་པའི་ཆོས་ཅན་ལ་ལུང་གནོད་བྱེད་མིན་པ་དེས་ན་མངོན་སུམ་དང་རྗེས་དཔག་རབ་ཏུ་གྲགས་པའི་དོན་ཏེ། ཆོས་ཅན་དག་ལ་དཔྱོད་པ་ན་ཆོས་ཅན། བསྟན་བཅོས་སྒྲུབ་བྱེད་དུ་དོར་ནའང་འདོད་དོན་མི་འགྲུབ་པའི་ཉེས་པ་མེད་དེ། ལུང་ལ་མ་བརྟེན་ཡང་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་འདོད་དོན་འགྲུབ་པའི་ཕྱིར་རོ། །ཤིན་ཏུ་ལྐོག་གྱུར་གྱི་དོན་དག་ཆོས་ཅན། ཁྱོད་ལ་དཔྱོད་པ་ན་ལུང་ཚད་མར་ཁས་ལེན་དགོས་ཏེ། ཁྱོད་ལ་དཔྱོད་པ་ན་བསྟན་བཅོས་ནི་ཚད་མར་མི་འདོད་ན་ཁྱོད་ཉིད་མ་གྲུབ་པས་ཁྱོད་ལ་དཔྱོད་པ་ཉིད་མི་འཇུག་པའི་ཕྱིར་རོ། །གསུམ་པ་ནི། དངོས་སྟོབས་ཀྱི་ཡུལ་ལ་ལུང་ཚད་མ་དང་གནོད་བྱེད་མིན་ན་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ལུང་དོན་ལ་བརྟགས་པ་དགོས་པ་མེད་པར་འགྱུར་རོ་ཞེ་ན། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ལུང་འདི་ལ་བརྟགས་པ་ཆོས་ཅན། དགོས་པ་ཡོད་དེ། ལུང་ཕལ་ཆེར་ནི་ཁས་བླངས་འགལ་བ་བརྗོད་པ་ཡིན་པ་འདི་ལྟ་སྟེ། ཆགས་སོགས་དུག་གསུམ་པོ་ནི་ཆོས་མིན་གྱི་རྩ་བ་དང་། ཁྲུས་ཀྱིས་ཆོས་མིན་སྡིག་པ་དག་པར་འགྱུར་བར་སྟོན་པ་དང་། འགའ་ཞིག་ཁས་བླངས་དང་འགལ་བ་མེད་པ་ཡིན་པས་དེ་རྟོགས་པའི་ཆེད་ཡིན་པའི་ཕྱིར་རོ། །འོ་ན་དེ་ལྟར་དཔྱད་པ་ལ་དགོས་པ་ཅི་ཡོད་ཅེ་ན། དངོས་སྟོབས་ཀྱི་ཚད་མས་ལུང་དོན་ལ་ནང་འགལ་ཡོད་མེད་དཔྱོད་པ་འཇུག་པར་འགྱུར་བ་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། མཐོང་བ་མངོན་གྱུར་དང་། མ་མཐོང་བ་ལྐོག་གྱུར་དང་། ཤིན་ཏུ་ལྐོག་གྱུར་དག་སྟོན་པ་ལ་མངོན་སུམ་དང་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་དང་། ལུང་རང་གི་ཚིག་གིས་གནོད་པ་མེད་པའི་བསྟན་བཅོས་གང་ཡིན་པ་དེ་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་སྒྲུབ་བྱེད་དུ་གཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་གྲགས་པའི་བསལ་བ་བཤད་པ་ལ་གཉིས་ཏེ། བཤད་ཚུལ་དང་པོས་གནོད་བྱེད་འགྲན་ཟླ་མེད། །བཤད་ཚུལ་གཉིས་པས་ཡུལ་གྱི་དབྱེ་བ་འགྲུབ་པའོ། །དང་པོ་ལ་གཉིས་ཏེ། གནོད་བྱེད་མེད་པའི་དོན་དུ་བཤད། །འགྲན་ཟླ་མེད་པའི་དོན་དུ་བཤད་པའོ། །དང་པོ་ལ་ལྔ་སྟེ། བརྗོད་རུང་ཀུན་ལ་ཁྱབ་པར་བསྟན། །དེ་ཉིད་གནོད་བྱེད་གྲགས་པར་བསྟན། །བརྗོད་རུང་འགོག་ན་དེ་ཡིས་གནོད། །གྲགས་ཟིན་མེད་ཀྱང་བརྗོད་རུང་གྲུབ། །དེས་ན་གནོད་བྱེད་མེད་པར་གྲུབ་པའོ། །དང་པོ་ནི། མདོར། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ནི་མེད་ལ། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་བསལ་བ་དེ་ཡང་ཕྱོགས་མ་ཡིན་ཏེ། དཔེར་ན་རི་བོང་ཅན་ནི་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་དོན་འདིར་རིམ་པ་བཞིན་དུ་འགྲེལ་བ་ལ་ཐོག་མར་འདོད་རྒྱལ་བའི་སྒྲས་བརྗོད་རུང་དོན་ཐམས་ཅད་ལ་ཁྱབ་པར་བསྟན་པ་ལ། བརྗོད་རུང་དེ་གྲགས་པ་མཚན་ཉིད་པ་མ་ཡིན་ཡང་འདིར་དེས་གནོད་པ་ལ་གྲགས་པས་གནོད་པར་འཇོག་པའི་སྐབས་ཡིན་པས། དེ་ལ་གྲགས་པའི་མིང་གིས་འདོགས་པའི་རྒྱུ་མཚན་དང་། བརྗོད་རུང་ལ་སྒྲུབ་བྱེད་ཡོད་པས་བརྗོད་མི་རུང་ལ་གནོད་པ་ཡིན་གྱི་བརྗོད་མི་རུང་ལ་སྒྲུབ་བྱེད་མེད་པས་བརྗོད་རུང་ལ་མི་གནོད་ཅེས་པ་རྣམས་གནོད་བྱེད་མེད་པའི་དོན་དུ་བཤད་པའི་དོན་ཡིན་ནོ། །སྔ་མ་ཁ་ཅིག གཞན་དུ་འདིར་ནི་གནོད་པ་ཡི། །ཞེས་པའི་སྐབས་སུ་མདོ་ཚིག་དྲངས་པས་དེ་མན་ཆད་ཀྱིས་འཆད་པར་འདོད་པ་ནི། རྣམ་ངེས་ལས། འདིའི་སྔ་འགྲེལ་དུ་གྲགས་པ་ཡང་འགལ་བའི་དོན་གྱིས་དམ་བཅའ་བ་ལ་གནོད་པར་བྱེད་པ་ཡིན་ཏེ་ཞེས་དང་། དེ་ལ་དེ་ནི་གྲུབ་པ་ཡིན་ཞེས་པའི་མཇུག་ཏུ་སྔ་མའི་གྲུབ་དོན་བསྡུས་ནས། གང་ལ་ཐུན་མོང་མ་ཡིན་པའི། །ཞེས་སོགས་ཀྱི་མདོ་ཚིག་དྲངས་པ་དང་འགལ་ལོ། །གཞུང་གི་དོན་ནི་སྐྱེས་བུའི་འདོད་པ་དང་རྗེས་སུ་འབྲེལ་པ་འདོད་རྒྱལ་བ་ཟླ་བ་ཞེས་སོགས་ཀྱི་སྒྲ་ཆོས་ཅན། ཁྱོད་དོན་གང་ལ་ཡང་འཇུག་པ་ལ་གནོད་པ་མེད་པའི་ངག་ཏུ་ཐ་སྙད་མཐུན་པའི་སྐྱེ་བོ་རྣམས་འདོད་ཅིང་ཡིད་ཆེས་པར་བྱ་བ་ཡིན་ཏེ། ཁྱོད་དེའི་བརྗོད་བྱར་རུང་བ་ཉིད་དོན་ཐམས་ཅད་ལ་བཀག་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། གྲགས་པ་ལ་བརྗོད་རུང་གི་གྲགས་པ་དང་། ཐ་སྙད་ཀྱི་གྲགས་པ་གཉིས་ལས། དང་པོ་བརྗོད་རུང་གི་ཆོས་དེ་ཆོས་ཅན། གྲགས་པ་མཚན་ཉིད་པ་མ་ཡིན་ཡང་སྐབས་འདིར་གྲགས་པའི་སྒྲ་ཡིས་བཏགས་ནས་སྒྲ་ལས་བྱུང་བའི་གྲགས་པ་ཞེས་མདོ་ལས་བརྗོད་དེ། ཟླ་བ་ཞེས་སོགས་གྲགས་པ་མཚན་ཉིད་པ་ཐ་སྙད་ལས་ནི་སྐྱེས་པ་སྟེ་དེ་ལ་ལྟོས་པར་སྣང་བའི་ཕྱིར་རོ། །གྲགས་པའི་འབྲས་བུ་ལ་གྲགས་པར་བཏགས་ནས་དེས་གནོད་པ་ལ་གྲགས་པས་གནོད་པར་གཞག་པར་མ་ཟད་མངོན་སུམ་དང་། ལ་སོགས་པ་རྗེས་དཔག་དང་། ལུང་རྣམས་ཀྱི་གཞལ་བྱ་ཡང་ཆོས་ཅན། འཇལ་བྱེད་མངོན་སུམ་སོགས་ཀྱི་སྒྲ་སྒྲོ་བཏགས་ནས་བརྗོད་དེ། མངོན་སུམ་སོགས་མ་ཡིན་ཡང་དེས་གནོད་པ་ལ་མངོན་སུམ་སོགས་ཀྱིས་གནོད་པར་བཞག་པའི་ཕྱིར་རོ། །སྔ་མ་དག་བརྗོད་རུང་དེ་བརྗོད་མི་རུང་གི་དམ་བཅའི་ལྡོག་ཕྱོགས་ཡིན་པས་བརྗོད་མི་རུང་གི་དམ་བཅའ་སེལ་བ་རིགས་ཀྱང་། མངོན་སུམ་རྗེས་དཔག་ལུང་རྣམས་ནི་དམ་བཅའི་དོན་གྱི་ལྡོག་ཕྱོགས་ཀྱི་ཡུལ་ཅན་ཡིན་གྱི། ལྡོག་ཕྱོགས་ཉིད་མིན་པས་ཇི་ལྟར་དམ་བཅའ་ལ་གནོད་ཅེ་ན། བདེན་ཏེ། ཞེས་པའི་འཕྲོས་བྱེད་པ་དང་། ཕྱི་མ་དག་སྔ་མའི་དཔེར་བརྗོད་དུ་འཆད་པ་གཉིས་ཀས་ཀྱང་ཡང་སྒྲའི་ནུས་པ་མ་ཐོན་པའོ། །གསུམ་པ་ནི། འཇིག་རྟེན་པ་དེ་ལ་བརྟེན་ནས་འབྱུང་བ་ཅན་གྱི་འདོད་རྒྱལ་བའི་སྒྲ་ཟླ་བ་ཞེས་སོགས་ཆོས་ཅན། ཁྱོད་འཇུག་རུང་དོན་གང་ལ་ཡང་དགག་ཏུ་མེད་པ་ཡིན་ཏེ། འདོད་པ་ཙམ་གྱིས་དོན་ལ་འཇུག་པའི་ཕྱིར་རོ། །དེས་ན་སྔར་ཟླ་བའི་བརྡ་བྱས་པ་རི་བོང་ཅན་ལྟ་བུ་དང་མ་བྱས་པ་བུམ་སོགས་རྣམས་སུ་ཆོས་ཅན། ཟླ་བ་ཞེས་སོགས་འདོད་རྒྱལ་བའི་སྒྲ་སྣ་ཚོགས་ཀྱི་རང་བཞིན་ཉིད་ཀྱིས་བརྗོད་དུ་རུང་སྟེ། འདོད་རྒྱལ་བའི་སྒྲ་རྣམས་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། དེས་ན་རྟོག་ཡུལ་གྱི་དོན་ཙམ་དང་ནི་རྗེས་སུ་འབྲེལ་པ་ཅན་སྔར་བརྡ་བཏགས་ཟིན་པས་སྒྲ་དེའི་བརྗོད་རུང་དུ་བྱུང་བའམ་ནི་ཕྱིས་འདོགས་པར་འགྱུར་བའི་སྒོ་ནས་སྒྲ་དེའི་བརྗོད་རུང་དུ་འབྱུང་བར་འགྱུར་བའི་འདོད་རྒྱལ་བའི་སྒྲ་ཡི་བརྗོད་པར་བྱར་རུང་བ་ཉིད་དེ་ཡིས་ཆོས་ཅན། དེ་དང་མི་མཐུན་པ་བརྗོད་རུང་འགོག་པའི་དམ་བཅའ་དག་ལ་གནོད་པར་འགྱུར་ཏེ། བརྗོད་མི་རུང་གི་འགལ་ཟླ་གང་ཞིག རྒྱབ་རྟེན་ཚད་མ་དང་བཅས་པར་བསྒྲུབས་ཟིན་པའི་ཕྱིར། བཞི་པ་ནི། བུམ་པ་སོགས་ལ་ཟླ་བ་སོགས་ཀྱི་སྒྲ་གྲགས་ཟིན་པ་མེད་ཀྱང་བུམ་སོགས་དེ་ལ་ཆོས་ཅན། ཟླ་བ་སོགས་ཀྱི་སྒྲ་ཀུན་འབྲེལ་པ་སྟེ་འཇུག་ཏུ་རུང་སྟེ། དངོས་པོ་ཐམས་ཅད་ལ་འདོད་རྒྱལ་གྱི་སྒྲ་ཐམས་ཅད་འཇུག་ཏུ་རུང་བ་ཉིད་དེ་ཡི་སྟོབས་ཉིད་ལས་དེ་ལྟར་གྲུབ་པའི་ཕྱིར། དེས་ན་ཕྱོགས་གླང་ཆོས་ཅན། བུམ་སོགས་དེ་ལ་ཟླ་བ་ཞེས་སོགས་ཀྱི་སྒྲ་དེ་ནི་གྲུབ་པར་བཤད་པ་ཡིན་ཏེ། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་སོགས་གསུངས་པས་སོ། །རྣམ་ངེས་ཀྱི་བཤད་ཚུལ་ལོ། །ལྔ་པ་ནི། དེ་ལས་གཞན་དུ་དོན་ཐམས་ཅད་འདོད་རྒྱལ་བའི་སྒྲས་བརྗོད་དུ་མི་རུང་བ་དེས་བརྗོད་རུང་ལ་གནོད་ན། རི་བོང་ཅན་ཆོས་ཅན། ཁྱོད་ཟླ་སྒྲས་བརྗོད་རུང་དེ་འགོག་ན་རྗེས་དཔག་ལས་འགོག་པར་འགྱུར་ཏེ། སྒྲ་དོན་དེ་ཁྱོད་ཟླ་སྒྲས་བརྗོད་མི་རུང་ལ། དབང་པོའི་མངོན་སུམ་སྒྲུབ་བྱེད་འཇུག་པ་མེད་པའི་ཕྱིར་རོ། །འདོད་མི་ནུས་ཏེ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་འདིར་ནི་གནོད་བྱེད་དུ་བཀོད་པ་ཡི་གཏན་ཚིགས་ཡོད་པ་དེ་རྩོད་གཞི་དང་མཐུན་དཔེ་གཉིས་ཀྱི་ཐུན་མོང་བ་ཉིད་དུ་མི་འགྱུར་བར་བསྒྲུབས་ཟིན་པའི་ཕྱིར་ཞེས་པ་སྟེ། རྣམ་ངེས་ལས། དེ་ཉིད་ཀྱི་ཕྱིར་གནོད་པའི་གཏན་ཚིགས་ནི་ཐུན་མོང་མ་ཡིན་པ་སྟེ། གང་ལ་ཡང་ཟླ་བ་མ་ཡིན་པར་མ་གྲུབ་པའི་ཕྱིར་རོ་ཞེས་རང་རྒྱུད་གསུངས་པའི་ཕྱིར་རོ། །གལ་ཏེ་ཡོད་པ་རྗེས་འགྲོ་མེད་ཀྱང་གཏན་ཚིགས་གཞན་རྗེས་འགྲོ་ཡོད་མོད་ཅེ་ན། རི་བོང་ཅན་ཟླ་སོགས་འདོད་རྒྱལ་བའི་སྒྲས་བརྗོད་མི་རུང་དུ་བསྒྲུབ་པ་ལ། གཏན་ཚིགས་ཡོད་པ་དཔེ་ལ་རྗེས་འགྲོ་མེད། །ཅེས་སློབ་དཔོན་གྱིས་དཔེར་བརྗོད་པ་ཆོས་ཅན། ཁྱོད་ལས་རི་བོང་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་བསྒྲུབ་པ་གང་ལ་དངོས་པོ་ཀུན་ལ་ཁྱབ་པའི་ཡོད་པའི་རྟགས་དཔེ་ལ་རྗེས་འགྲོ་མེད་པར་རྟོགས་པ་དེས་དོན་གང་ལ་འདོད་རྒྱལ་བའི་སྒྲ་གང་གིས་བརྗོད་རུང་འགོག་ཀྱང་རྟགས་སུ་གང་བཀོད་པ་རྣམས་དཔེ་ལ་ཐུན་མོང་མིན་པ་ཉིད་ཡིན་པས་རྗེས་དཔག་མེད་ཅེས་དེ་ལྟར་རྟོགས་ན་འབྲས་བུའམ་དགོས་པ་དང་ནི་ལྡན་པར་འདོད་དེ། ཁྱོད་དོན་ཐམས་ཅད་འདོད་རྒྱལ་བའི་སྒྲས་བརྗོད་རུང་འགོག་པའི་གཏན་ཚིགས་ཐམས་ཅད་ཐུན་མོང་མིན་པ་ཉིད་དུ་ཤེས་པའི་ཆེད་དུ་སློབ་དཔོན་གྱིས་སྨོས་པའི་དཔེ་ཡིན་པའི་ཕྱིར། གཉིས་པ་ནི། དོན་ཐམས་ཅད་བརྗོད་རུང་ཙམ་གྲུབ་མོད་ཀྱི་བརྗོད་རུང་དེ་ལ་ཅིའི་ཕྱིར། སྒྲ་ལས་བྱུང་བའི་གྲགས་པ་དང་། །ཞེས་གསུངས་ཤེ་ན། བརྗོད་རུང་དེ་ལ་སློབ་དཔོན་གྱིས་སྒྲ་ལས་བྱུང་བའི་གྲགས་པ་ཞེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། འདོད་རྒྱལ་བའི་སྒྲ་དོན་ལ་འཇུག་པ་ནི་བརྡ་ལ་བརྟེན་པ་ཅན་ཡིན་ལ། བརྡ་དེ་ཡང་བརྗོད་འདོད་ཙམ་ལ་བརྟེན་པ་ཡིན་ན། ཟླ་བ་ཞེས་སོགས་འདོད་རྒྱལ་བའི་སྒྲ་ཀུན་གྱིས་བརྗོད་རུང་དུ་གྲུབ་པ་དོན་གང་ལ་ཡང་མ་གྲུབ་པ་མིན་ཞེས་དེ་ལྟར་རྟོགས་པའི་ཆེད་ཡིན་པའི་ཕྱིར། རྣམ་ངེས་དང་རིགས་གཏེར་གྱི་བཤད་ཚུལ་ལོ། །དེས་ན་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་བསལ་བ་དེ་ཡང་ཕྱོགས་མ་ཡིན་ཞེས་པའི་ལུང་ཚིག་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པས་སྒྲུབ་རྣམ་ལ་གཞལ་བྱའི་དོན་གྱི་ལྡོག་ཕྱོགས་འཇལ་བའི་འགལ་བ་ལ་འཁྲུལ་པ་མེད་པ་ཅན་གྱི་ཚད་མ་མེད་པར་སྟོན་པ་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་མ་ཞུགས་པར་འདོད་པ་ཙམ་ལས་བྱུང་བ་དེ་ལྟ་བུའི་གྲགས་པ་ལའང་འགྲན་ཟླའི་ཚད་མ་མེད་པར་བསྟན་པས་དེ་ལྟར་རྗེས་སུ་དཔོག་ཅིང་སྟོན་པ་ཡིན་པའི་ཕྱིར་རོ། །གཉིས་པ་བཤད་ཚུལ་གཉིས་པས་ཡུལ་གྱི་དབྱེ་བ་འགྲུབ་པ་ལ་གསུམ་སྟེ། ཡུལ་གྱི་དབྱེ་བ་འགྲུབ་ཚུལ་དངོས། །དེས་ལ་གཞན་གྱིས་བརྟགས་པ་དགག །སློབ་དཔོན་ཉིད་ཀྱི་དགོངས་པ་དཔྱད་པའོ། །དང་པོ་ནི། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་སོགས་ཀྱི་ལུང་གི་དོན་གྲགས་པའི་རྗེས་དཔག་ལ་གནོད་བྱེད་དང་འགྲན་ཟླ་མེད་པར་བཤད་པ་ལས། ཡང་ན་ལུང་དེ་ཆོས་ཅན། འཇིག་རྟེན་གྱི་བརྗོད་པ་རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་ལ། དངོས་སྟོབས་རྗེས་དཔག་མེད་པར་བརྗོད་པ་ཡིན་ཏེ། དངོས་སྟོབས་རྗེས་དཔག་གི་ཡུལ་ནི་དངོས་པོ་ཡིན་ལ། བརྗོད་མི་རུང་ནི་སྒྲོ་བཏགས་ཡིན་པར་བསྟན་པའི་ཕྱིར། འདིར་སྔ་མ་དག་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དག་པ་བ་བསྒྲུབ་པའི་རྗེས་དཔག་མེད་ཅེས་དང་། བརྗོད་རུང་དངོས་པོ་བསྒྲུབ་པའི་རྗེས་དཔག་མེད་ཅེས་དང་། དངོས་སྟོབས་ཀྱི་བརྗོད་རུང་བསྒྲུབ་པ་ལ་རྗེས་དཔག་ཅེས་འཆད་པ་རྣམས་ནི་དགོངས་པ་མིན་ཏེ། གང་ལ་ཐུན་མོང་མིན་པའི་ཕྱིར། །ཞེས་སོགས་ཀྱི་གཞུང་འདི་འཆད་ཚུལ་གཉིས་པོ་གང་ལྟར་ཡང་བརྡ་སྤྲོད་པས་རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་དུ་འདོད་པ་ལ་རྗེས་དཔག་མེད་པའི་དོན་དུ་སྦྱར་དགོས་པའི་ཕྱིར། དེས་ན་བཤད་ཚུལ་དང་པོས་བརྗོད་མི་རུང་ལ་གྲགས་པའི་རྗེས་དཔག་མེད་པར་བསྟན་ཅིང་། གཉིས་པས་དངོས་སྟོབས་རྗེས་དཔག་མེད་པར་བསྟན་པ་གཞུང་གི་དགོངས་པ་སྟེ། རིགས་གཏེར་རང་འགྲེལ་དུ། ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ་ཞེས་བྱ་བའི་དོན་རི་བོང་ཅན་ཟླ་བ་མ་ཡིན་ཞེས་ཟེར་བའི་འཇིག་རྟེན་གྱི་བརྗོད་པ་ལ་རྗེས་སུ་དཔག་པ་མེད་པར་སྟོན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་གྲགས་པ་ཡུལ་ཐ་དད་པར་གསུངས་སོ་ཞེས་གསུངས་པས་ཤེས་སོ། །རི་བོང་ཅན་ཟླ་སྒྲས་བརྗོད་མི་རུང་ལ་དངོས་སྟོབས་རྗེས་དཔག་མེད་པར་བསྟན་པ་དེས་ནི་ཆོས་ཅན། དགོས་པ་ཡོད་དེ། དངོས་སྟོབས་རྗེས་སུ་དཔག་པ་ལས་གྲགས་པའི་རྗེས་དཔག་ཡུལ་ཐ་དད་པ་ཅན་ཉིད་དུ་བསྟན་པའི་ཕྱིར་རོ། །ཡུལ་ཐ་དད་པ་དེས་ན་འཇུག་ཡུལ་གྱི་དངོས་པོ་རྣམས་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པ་ཅན་གྱི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་གྲགས་པ་ཡུལ་ཐ་དད་དུ་བསྟན་པ་དེ་ཆོས་ཅན། དགོས་པ་ཡོད་དེ། གྲགས་པ་དེ་ཡུལ་ལ་དངོས་པོའི་དབང་གིས་མི་འཇུག་པར་དེ་སྐྱེས་བུའི་འདོད་པ་ཙམ་ལས་སྐྱེས་པ་ཡིན་ཞེས་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཞན་སྡེའི་གཏན་ཚིགས་ཐུན་མོང་མིན་པར་བསྟན། །རང་སྡེའི་འཆད་ཚུལ་ཉིད་ཀྱང་མི་འཐད་པའོ། །དང་པོ་ནི། བརྡ་སྤྲོད་པས་རི་བོང་ཅན་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་པའི་གཏན་ཚིགས་དེ་ནི་མཐུན་དཔེ་ལ་ཐུན་མོང་དུ་རྗེས་སུ་འགྲོ་བ་མ་ཡིན་པར་འདོད་དེ། གཏན་ཚིགས་དེ་ལ་མཐུན་དཔེ་མེད་པ་ཅན་ཡིན་པའི་ཕྱིར་ཏེ། དོན་ཐམས་ཅད་འདོད་རྒྱལ་བའི་སྒྲས་བརྗོད་རུང་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །གཏན་ཚིགས་དེ་ཐུན་མོང་མ་ཡིན་པར་བསྟན་དགོས་ཏེ། བརྡ་སྤྲོད་པ་ཟླ་བར་གྲགས་པའི་རི་བོང་ཅན་ཟླ་བར་མི་འདོད་པ་དེ་གྲགས་པ་གང་ཞིག་འདོད་པར་འགྱུར་ཏེ། གྲགས་པ་ཐམས་ཅད་བཀག་པ་དེ་ཡི་ཕྱིར། གཉིས་པ་ནི། རིགས་སྒོའི་འགྲེལ་བྱེད་ཁ་ཅིག སློབ་དཔོན་གྱི་མདོའི་ཚིག་དེ་དག་རི་བོང་ཅན་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་པའི་དཔེ་འདི་ཁོ་ན་འགོག་པའི་ཆེད་དུ་བསྟན་པ་ཡིན་ཏེ། འཇིག་རྟེན་ན་ཟླ་བ་གཅིག་ལས་མེད་ལ། དེ་རྩོད་གཞི་ཁོ་ན་ལ་ཡོད་ཀྱི། དཔེ་ལ་མེད་པའི་ཕྱིར་ཞེ་ན། མདོའི་ཚིག་དེ་ཆོས་ཅན། རི་བོང་ཅན་ཟླ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་པའི་དཔེ་འདི་ཉིད་ཁོ་ནའི་དབང་དུ་བྱས་ནས་ནི་དེ་སྐད་བཤད་པ་མིན་ཏེ། གྲགས་གསལ་སྤྱིའི་མཚན་ཉིད་ཏེ། མཚོན་བྱེད་ཡིན་པའི་ཕྱིར། རི་བོང་ཅན་ཟླ་བ་མ་ཡིན་པ་ཁོ་ན་ལ་གྲགས་པས་གནོད་པ་ཡང་མ་ཡིན་ཏེ། དེ་ལ་གྲགས་པས་གནོད་པ་དེ་བཞིན་དུ་ད་ཏྲིཀ་སྟེ་སྐྱུ་རུ་རའི་སྡོང་པོ་ཤིང་མིན་ཞེས་བརྗོད་པ་ལ་ཡང་གྲགས་པས་གནོད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། ཟླ་བའི་སྒྲ་ཐུན་མོང་བར་བསྒྲུབ་པ། །དེ་ལ་དངོས་པོ་སྟོབས་ཞུགས་སུ་འགྱུར་བ། །བརྗོད་རུང་འགོག་ན་གྲགས་པ་དང་འགལ་བའོ། །དང་པོ་ནི། གཏན་ཚིགས་ཡོད་པ་འདིར་ཡང་ཆོས་ཅན། བརྡ་བྱས་ཙམ་ལས་དོན་ལ་འཇུག་པར་འགྱུར་བའི་ཟླ་བའི་སྒྲས་བརྗོད་རུང་བསྒྲུབ་པ་ལ་མཐུན་དཔེ་ལ་རྗེས་སུ་མི་འགྲོ་བའི་ཐུན་མོང་མིན་པ་ཉིད་ཀྱང་ཅི་ཡིན་ཏེ་མིན་པར་ཐལ། སྤོས་སྦྱོར་དང་བཅུད་ལེན་གྱི་བསྟན་བཅོས་ལས་རིམ་པ་ལྟར་ག་བུར་དང་དངུལ་ཆུ་སོགས་ལ་འཇིག་རྟེན་ན་ནི་ཟླ་བའི་སྒྲ་མཐོང་ཞིང་དེ་ལ་ཁྱོད་རྗེས་སུ་འགྲོ་བའི་ཕྱིར་ཏེ། གཉིས་པ་ནི། ཟླ་བ་ཞེས་པའི་སྒྲ་དེ་ཆོས་ཅན། གལ་ཏེ་ག་བུར་དང་དངུལ་ཆུ་སོགས་ལ་ལར་ཁྱོད་བརྡའི་དབང་གིས་འཇུག་རུང་གྲུབ་ན་དེ་ཉིད་དཔེར་བྱས་ནས་རིང་བོང་ཅན་ལའང་བརྡའི་དབང་གིས་འཇུག་པ་དེ་ནི་དངོས་པོའི་སྟོབས་ལས་གྲུབ་པ་ཡིན་ཏེ། ཁྱོད་ག་བུར་སོགས་ལ་གྲགས་པས་གྲུབ་པར་ཁས་ལེན་ན་རི་བོང་ཅན་ལའང་གྲགས་པས་གྲུབ་པ་དངོས་སྟོབས་ཀྱི་ཚད་མས་བཟློག་པ་མེད་པར་གྲུབ་པའི་ཕྱིར། འདི་ནི་རྣམ་ངེས་སུ། གལ་ཏེ་དེ་ལ་འགའ་ཞིག་ཏུ་གྲུབ་ན་དེ་དངོས་པོའི་དབང་གིས་གྲུབ་པ་ཡིན་ཏེ། གྲགས་པས་གྲུབ་པར་ཁས་ལེན་ན་ནི་རི་བོང་ཅན་ལ་ཡང་མི་བཟློག་པའི་ཕྱིར་རོ་ཞེས་དང་། རིགས་གཏེར་དུ། བརྡ་ལ་འཇུག་རྣམས་ཐུན་མོང་བ། །གཅིག་ལ་གྲུབ་ན་ཀུན་ལ་གྲུབ། །འདི་ནི་དངོས་པོ་སྟོབས་ཞུགས་ཡིན། །ཞེས་པའི་འཆད་ཚུལ་ཡིན་ལ། གཞན་དག་གིས་ནི་ཕྱིན་ཅི་ལོག་ཏུ་བཤད་དོ། །གལ་ཏེ་ག་བུར་སོགས་རྒྱུ་མཚན་གྱི་དངོས་པོ་ཡོད་པ་ལ་ནི་ཟླ་བའི་སྒྲ་གྲུབ་པ་ཡིན་ནོ་ཞེ་ན། རི་བོང་ཅན་ལའང་ཆོས་ཅན། ཟླ་བ་ཞེས་པའི་སྒྲ་དེ་བཟློག་པ་མེད་པར་ཐལ། རྒྱུ་མཚན་གྱི་དངོས་པོ་དེ་གྲུབ་པའི་ཕྱིར། གལ་ཏེ་རི་བོང་ཅན་ལ་རྒྱུ་མཚན་གྱི་དངོས་པོ་དེ་མེད་ན། རི་བོང་ཅན་ལ་ཆོས་ཅན། ཟླ་བ་ཞེས་པའི་སྒྲ་དེ་བཟློག་ཀྱང་གྲགས་པ་དང་འགལ་བའི་ཉེས་པ་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་གྱི་དངོས་པོ་དེ་མེད་པ་གང་ཞིག རྒྱུ་མཚན་ཅན་གྱི་སྒྲ་རྒྱུ་མཚན་མེད་པར་འཇུག་པ་ལ་གྲགས་པས་མི་གནོད་པའི་ཕྱིར་རོ། །གསུམ་པ་ལ་བཞི་སྟེ། འདོད་པས་བརྗོད་རུང་ཀུན་ལ་ཁྱབ། །དེ་ཉིད་འགོག་ན་གྲགས་པས་གནོད། །སྒྲ་གཞན་འགོག་ལ་གནོད་པ་མེད། །དེས་ན་ལོགས་སུ་བསྟན་པར་འཐད་པའོ། །དང་པོ་ནི། རྒྱུ་མཚན་ཅན་གྱི་སྒྲ་རྒྱུ་མཚན་མེད་པར་འཇུག་པ་འགོག་ཀྱང་གྲགས་པས་མི་གནོད་པ་དེའི་ཕྱིར། རྒྱུ་མཚན་གྱི་དངོས་པོ་ངེས་པ་ལ་བརྟེན་པ་མེད་པར་བརྡ་བྱས་པ་ཅན་འདོད་རྒྱལ་གྱི་སྒྲ་ཆོས་ཅན། ཁྱོད་ལས་བྱུང་བའི་ཆོས་རྣམས་ཀྱི་རུང་བ་སྟེ། ཁྱོད་ཀྱི་བརྗོད་རུང་དོན་རྣམས་ཐམས་ཅད་ཉིད་ཡིན་ཏེ། ཁྱོད་འཇུག་པའི་རྒྱུ་བརྗོད་འདོད་ཤེས་བྱ་ཀུན་ལ་འཇུག་པ་ལ་གེགས་བྱེད་པ་མེད་པའི་ཕྱིར་རོ། །གལ་ཏེ་ལ་ལར་ཞེས་པ་འདི་རྣམ་ངེས་དང་ལྷའི་འགྲེལ་པར་གོང་དུ་སྨོས་ཤིང་། གོང་གི་གཞུང་ཚིག་དེ་དེ་གཉིས་ན་མེད་པས་དེ་ལྟར་དུ་བཤད་ལ། གོང་གི་གཞུང་ཚིག་དེ་རྒྱན་ན་ཡོད་པས་དེ་འདིར་དྲངས་ནས་འཆད་ན། གལ་ཏེ་ལ་ལར་ཏེ། རི་བོང་ཅན་ཁོ་ན་ལ་ཟླ་བའི་སྒྲས་བརྗོད་རུང་དེ་གྲུབ་ན། ཟླ་བའི་སྒྲ་དེ་ནི་ཆོས་ཅན། བརྡ་ཙམ་གྱིས་མི་འཇུག་པར་རྒྱུ་མཚན་གྱི་དངོས་པོའི་སྟོབས་ལས་གྲུབ་པ་ཡིན་དགོས་ཏེ། ཁྱོད་གྲགས་པས་གྲུབ་པར་ཁས་ལེན་ན། རི་བོང་ཅན་མ་ཡིན་པ་ལའང་ཁྱོད་འཇུག་པ་བཟློག་པ་མེད་པའི་ཕྱིར་ཞེས་འཆད་དགོས་པ་འདྲའོ། །གཉིས་པ་ནི། བརྡ་དོན་གང་ལའང་འགོག་ཏུ་མེད་པ་ལ་སྐྱེས་པ་ཡི་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པ་ཆོས་ཅན། དོན་འགའ་ཞིག་འདོད་རྒྱལ་བའི་སྒྲས་བརྗོད་དུ་རུང་བ་ཉིད་དེ་བཀག་པ་ལ་ཁྱོད་ཀྱིས་གནོད་པར་བྱེད་དེ། དོན་ཐམས་ཅད་འདོད་རྒྱལ་བའི་སྒྲས་བརྗོད་དུ་རུང་བའི་ཡུལ་ཅན་གྱི་ཚད་མ་ཡིན་པའི་ཕྱིར། དོན་གང་ཡང་འདོད་རྒྱལ་བའི་སྒྲས་བརྗོད་རུང་འགོག་པ་ལ་གྲགས་པའི་རྗེས་དཔག་གིས་གནོད་པར་བསྟན་པ་འདིས་ནི་ཆོས་ཅན། བརྡ་ཙམ་གྱི་རྗེས་སུ་འཇུག་པ་ཡི་འདོད་རྒྱལ་གྱི་སྒྲ་རྣམས་ལ་ནི་བརྗོད་བྱའི་དོན་གཅིག་ཁོ་ནར་ངེས་པ་ཡོད་པ་མིན་ཞེས་བརྗོད་དེ། འདོད་རྒྱལ་བའི་སྒྲ་དེ་དག་རྣམས་རི་བོང་ཅན་ལ་སོགས་པའི་དོན་དེར་འགོག་པ་ནི་གྲོགས་པ་དང་འགལ་བ་ཡིན་པར་བསྟན་པའི་ཕྱིར་རོ། །གསུམ་པ་ནི། འདོད་རྒྱལ་བའི་སྒྲ་དོན་གཅིག་ཁོ་ན་ལ་འཇུག་པའི་ངེས་པ་མེད་པར་བསྟན་པ་དེས་ནི་ཆོས་ཅན། རྒྱུ་མཚན་མེད་པའི་དོན་རྒྱུ་མཚན་ཅན་གྱི་སྒྲ་ཡི་བརྗོད་རུང་གི་དོན་ནམ་ཡིན་པ་འགོག་པ་སྒྲ་རྣམས་ཀྱི་ནི་བརྗོད་རུང་གི་དོན་དམ་པ་སྟེ་དངོས་པོ་བ་ཉིད་འགོག་པ་ལ་སྒྲ་བྱུང་གི་གྲགས་པས་གནོད་པ་མེད་པར་བསྟན་པ་ཡིན་ཏེ། འདོད་རྒྱལ་བའི་སྒྲའི་ཡུལ་འགོག་པ་ཁོ་ན་ལ་གྲགས་པས་གནོད་པར་བསྟན་པའི་ཕྱིར་རོ། །བཞི་པ་ནི། སེལ་བྱེད་རྩ་བའི་དབྱེ་བ་འཆད་པའི་སྐབས་སུ་རྗེས་དཔག་ལས་གྲགས་པ་ཐ་དད་དུ་བསྟན་པས་གྲགས་པའི་རྗེས་དཔག་རྗེས་དཔག་མིན་པར་འགྱུར་རོ་ཞེ་ན། འདོད་རྒྱལ་བའི་སྒྲའི་བརྗོད་རུང་བཀག་པ་ཁོ་ན་ལ་གྲགས་པས་གནོད་པ་དེས་ན་གྲགས་པ་རྗེས་དཔག་ཙམ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཡང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་ཐ་དད་དུ་བྱས་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། གྲགས་པའི་ཡུལ་བརྗོད་རུང་ལྟོས་པ་བ་ཡིན་ཅིང་། དངོས་སྟོབས་རྗེས་དཔག་གི་ཡུལ་དངོས་པོ་ཡིན་པའི་ཡུལ་གྱི་ཁྱད་པར་ནི་ཐ་དད་དུ་ཡོད་པ་དེ་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར་རོ། །སྔ་མ་ཡིད་ཆེས་རྗེས་དཔག་ཡུལ་གྱི་སྒོ་ནས་དངོས་སྟོབས་རྗེས་དཔག་ལས་ཐ་དད་དུ་བྱས་པ་བཞིན་ནོ། །གསུམ་པ་གནོད་ཚུལ་རྒྱས་པར་བསྟན་པའི་དགོས་པ་བཤད་པ་ནི། གཞན་དོན་ལེའུ་འདིར་ཡིད་ཆེས་དང་གྲགས་པའི་བསལ་བ་འདི་གཉིས་ཀྱི་དཔེར་བརྗོད་ནི་རྒྱུ་མཚན་དང་བཅས་པར་སློབ་དཔོན་གྱིས་རབ་ཏུ་བརྗོད་པ་དེ་ཆོས་ཅན། དགོས་པ་ཡོད་དེ། ཡིད་ཆེས་དང་གྲགས་པ་གཉིས་ཀ་རྗེས་དཔག་ཏུ་གྲུབ་པ་ཡིན་ན་ཡང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་ལས་ཐ་དད་དུ་བཤད་པ་ལ་ལུང་དང་རང་ཚིག་ནི་ཚད་མར་ཁས་བླངས་པའི་སྟོབས་ཀྱིས་རང་འགལ་གྱི་དམ་བཅའ་ལ་གནོད་བྱེད་ཡིན་གྱི། དངོས་པོའི་སྟོབས་ཀྱིས་མ་ཡིན་ལ། སྒྲ་བྱུང་གི་གྲགས་པ་ནི་འདོད་པ་ཙམ་ལས་བྱུང་བའི་ངང་ཚུལ་ཅན་ཡིན་པས་འདོད་རྒྱལ་བའི་སྒྲས་བརྗོད་རུང་འགོག་པ་ལ་གནོད་བྱེད་ཡིན་ནོ་ཞེས་པའི་དགོས་པ་འདི་གཉིས་ཡོད་པ་དེ་བསྟན་པའི་ཆེད་ཡིན་པའི་ཕྱིར་རོ། །མདོར། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་དེ་ཞེས་བྱ་བ་ནི་དམ་བཅའ་བ་ཙམ་གྱིས་གནོད་པ་ཡིན་ནོ་ཞེས་པ་དང་། སྒྲ་ལས་བྱུང་བའི་རབ་ཏུ་གྲགས་པས་ཡིན་གྱི་དངོས་པོ་གྲུབ་པས་ནི་མ་ཡིན་ནོ་ཞེས་སོ། །མངོན་སུམ་དང་རྗེས་དཔག་གིས་གནོད་པའི་བསལ་བ་ལ་ནི་ཆོས་ཅན། སློབ་དཔོན་ཕྱོགས་གླང་གིས་གཞན་དོན་ལེའུ་འདིར་སྒྲ་མཉན་བྱ་མ་ཡིན་ནོ། །བུམ་པ་རྟག་གོ་ཞེས་བསལ་བྱའི་དམ་བཅའ་ཙམ་ཞིག་གསུངས་ཀྱི། གནོད་པའི་རྒྱུ་མཚན་དང་བཅས་པ་གསུངས་པ་མིན་ཏེ། གནོད་པའི་རྒྱུ་མཚན་མངོན་སུམ་དང་རང་དོན་ལེའུར་བསྟན་ཟིན་པ་ལ་དགོངས་པའི་ཕྱིར་རོ། །གཉིས་པ་དོན་དང་མཉན་བྱས་མངོན་སུམ་བསལ་བ་བཤད་པ་ལ་གཉིས་ཏེ། དོན་ཞེས་སྨོས་པའི་དགོས་པ་བཤད། །མཉན་བྱ་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ནི། མངོན་སུམ་གྱིས་གནོད་པའི་བསལ་བ་འདི་ལ་ཡང་ཆོས་ཅན། གཞན་དོན་ལེའུ་འདིར་ཅུང་ཟད་བཤད་དུ་ཡོད་དེ། ཀུན་བཏུས་སུ། རྩ་བར་དོན་ཞེས་པ་དང་། འགྲེལ་པར་མཉན་བྱ་སྨོས་པའི་དགོས་པའི་སྒོ་ནས་བཤད་དུ་ཡོད་པའི་ཕྱིར། འོ་ན་དོན་ཞེས་སྨོས་པའི་དགོས་པ་གང་ཞེ་ན། མངོན་སུམ་དོན་དང་ཞེས་དོན་གྱི་སྒྲ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་ནི་མི་རྟག་པ་ཉིད་དང་བྱས་པ་ཉིད་ལ་སོགས་པ་ལྡོག་པ་དུ་མའི་དངོས་པོ་ཉིད་དུ་གྲགས་པའི་ནང་ནས་སྒྲའི་ངོ་བོ་ཉིད་གང་ཞིག ཉན་པའི་ཤེས་པ་ལ་སྤྱི་དང་བྱེ་བྲག་གཉིས་མེད་པར་སྣང་བར་གྱུར་པ་སྟེ་སྤྱི་གཞན་གྱིས་དབེན་པའི་སྒྲ་རང་མཚན་དེ་སྐབས་འདིར་བསལ་གཞི་ཡིན་ནོ་ཞེས་པ་དེ་ཉིད་བསྟན་པའི་དོན་དུ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་སྒྲ་རང་མཚན་ལ་སྤྱི་བྱེ་བྲག་གཉིས་མེད་ཅེ་ན། སྒྲ་རང་མཚན་ཆོས་ཅན། ཁྱོད་ལ་སྤྱི་དང་བྱེ་བྲག་གཉིས་དོན་ལ་མེད་དེ། ཁྱོད་ལ་སྤྱི་དང་བྱེ་བྲག་སྣ་ཚོགས་སུ་ནི་སྣང་བ་ཡི་རང་གི་ཡུལ་ཅན་གྱི་བློ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །དེས་ན་ཉན་ཤེས་ཀྱི་ཡུལ་གྱི་སྒྲ་རང་མཚན་འདི་ཉིད་ནི་ཆོས་ཅན། ཁྱོད་མཉན་བྱ་ཡིན་པ་སྤོང་ན་ཉན་ཤེས་མངོན་སུམ་གྱིས་གནོད་པར་འགྱུར་ཏེ། ཁྱོད་མཉན་བྱ་ཡིན་པ་ཉན་ཤེས་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྣམ་བཅད་ཀྱི་དགོས་པ་བཤད། །ཡོངས་གཅོད་ཀྱི་དགོས་པ་བཤད་པའོ། །དང་པོ་ནི། ཉན་ཤེས་ཀྱི་ཡུལ་སྒྲ་རང་མཚན་གྱི་ངོ་བོ་དེ་ཉིད་སྒྲ་དེ་ལ་དོན་དམ་པ་ཡིན་ལ། ལྷག་མ་ལྡོག་པའི་མཚན་ཉིད་ཅན་གྱི་མི་རྟག་པ་ཉིད་ལ་སོགས་པའི་ཕྱིར་ནི་ཆོས་ཅན། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་མིན་ཏེ། དངོས་མེད་ཀྱི་ངོ་བོ་ཡིན་པ་དེའི་ཕྱིར་རོ། །དེས་ན་མི་རྟག་པ་ཉིད་ལ་སོགས་པ་སྤྱིའི་ཆོས་རྣམས་ནི་ཆོས་ཅན། ཁྱོད་མཉན་བྱ་ཡིན་པ་སྤོང་ཡང་དབང་པོའི་མངོན་སུམ་གྱིས་གནོད་པ་ཡོད་པ་མིན་ཏེ། ཁྱོད་དབང་པོའི་མངོན་སུམ་གྱི་ཡུལ་མིན་པར་གྲུབ་པའི་ཕྱིར་ཞེས་པ་ནི་སློབ་དཔོན་གྱིས་མངོན་སུམ་གྱི་བསལ་བའི་དཔེར་བརྗོད་དུ་མཉན་བྱའི་ཚིག་སྨོས་པས་བསྟན་པ་ཡིན་ནོ། །གཉིས་པ་ནི། འོ་ན་མཉན་བྱའི་སྒྲས་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་གྱི་སྒྲ་རང་མཚན་བཤད་ན་དེ་རང་མིང་གིས་དངོས་སུ་ཅིའི་ཕྱིར་མ་བརྗོད་ཅེ་ན། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་གྱི་སྒྲ་རང་མཚན་ཆོས་ཅན། རང་མིང་གིས་དངོས་སུ་བརྗོད་མི་ནུས་ཏེ། རྣམ་པ་ཀུན་དུ་སྒྲས་དངོས་སུ་བརྗོད་བྱའི་དངོས་པོ་མིན་པའི་ཕྱིར་རོ། །སྤྱིའི་ཚུལ་གྱིས་ནི་མཉན་བྱའི་སྒྲས་དབང་པོའི་སྤྱོད་ཡུལ་གྱི་སྒྲ་རང་མཚན་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་རང་མཚན་ཉན་ཤེས་མངོན་སུམ་གྱིས་གྲུབ་པས་སྒྲ་རང་མཚན་ཡོད་པའི་སྒྲུབ་བྱེད་ཉན་ཤེས་དེ་ལ་བརྟེན་པའི་ཕྱིར་དང་། ཉན་ཤེས་དེ་ཡི་སྟོབས་ཀྱིས་སྒྲ་རང་མཚན་འགོག་པའི་དམ་བཅའ་ལ་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །རྣམ་ངེས་སུ་འདིར་དངོས་སྟོབས་རྗེས་དཔག་གི་བསལ་བའི་དཔེར་བརྗོད་འཕྲོས་དོན་དང་བཅས་པ་གསུངས་ཀྱང་འདིར་མ་གསུངས་སོ། །གསུམ་པ་བསལ་གཞི་རང་རྟེན་དགོས་པ་བཤད་པ་ལ་གསུམ་སྟེ། དགོས་པ་གསུམ་པོ་རྒྱས་པར་བཤད། །དགོས་པའི་དོན་ལ་རྩོད་པ་སྤོང་། །དཔེ་དང་བཅས་ཏེ་གྲུབ་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། རང་ལུགས་གཞག་པའི་དགོས་པ་བཤད། །དོགས་པ་བསལ་བའི་དགོས་པ་བཤད། །ལོག་རྟོག་བསལ་བའི་དགོས་པ་བཤད་པའོ། །དང་པོ་ནི། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་རང་གི་ཆོས་ཅན་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། མདོར་རང་གི་ཆོས་ཅན་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྩོད་པའི་དུས་སམ་བསྒྲུབ་བྱའི་དུས་ཀུན་ཏུ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན་པ་སྐབས་སུ་བབ་པའི་ཆོས་དེ་དང་ལྡན་པའི་ཆོས་ཅན་ལ་ཚད་མས་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་ཚད་མས་གནོད་པར་འགྱུར་གྱི། ཆོས་གཞན་རྒོལ་བས་མི་འདོད་པའི་ཆོས་དེ་ཉིད་ཀྱིས་ནི་ཆོས་ཅན་ལ་གནོད་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་སྐབས་ཀྱི་ཆོས་ཅན་ལས་གཞན་དུ་སྐབས་སུ་མ་བབས་པའི་ཆོས་ཅན་གཞན་ལ་ནི་གནོད་ཀྱང་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་མི་འགྱུར་ཏེ། སྐབས་ཀྱི་བསྒྲུབ་བྱ་འདི་ལ་ཚད་མས་ཅི་ཞིག་དགག་སྟེ་མ་བཀག་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྐབས་ཀྱི་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པར་རྟོགས་པའི་ཆེད་དུ་རང་གི་ཆོས་ཅན་ཞེས་སྨོས་མི་དགོས་ཏེ། རང་ཉིད་འདོད་པ་བསྒྲུབ་བྱའི་མཚན་ཉིད་དུ་བསྟན་པས་དེ་ལྟར་རྟོགས་པའི་ཕྱིར་ཞེ་ན། དེ་ལྟ་བུའི་དོན་དེ་བསྒྲུབ་བྱའི་མཚན་ཉིད་ཀྱི་རྟོགས་ཀྱང་རང་གི་ཆོས་ཅན་ཞེས་སྨོས་པས་ནི་ཆོས་ཅན། དགོས་པ་གཞན་ཡང་ཡོད་དེ། ཆོས་ལ་གནོད་ན་བསྒྲུབ་བྱ་ལ་གནོད་པར་མ་ཟད་སྐབས་ཀྱི་ཆོས་ཅན་ལ་ནི་གནོད་པས་ཀྱང་བསྒྲུབ་བྱ་ལ་གནོད་པར་འགྱུར་ཞེས་ནི་གྲུབ་པའི་དོན་ཅན་ཡིན་པའི་ཕྱིར་ཏེ། དེའི་རྒྱུ་མཚན་ཡང་སྐབས་ཀྱི་རྟེན་ཆོས་ཅན་ནི་ཆོས་ཅན། ཁྱོད་ལ་ཚད་མས་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་ཚད་མས་གནོད་དེ། ཁྱོད་ཚད་མ་དང་འགལ་བ་སྟེ་བཀག་པར་གྱུར་པ་ཡིས་དེ་བརྟེན་པ་བསྒྲུབ་བྱའི་ཆོས་ནི་ཚད་མ་དང་འགལ་བ་སྟེ་བཀག་པར་འགྱུར་བའི་ཕྱིར་རོ། །དེས་ན་སྐབས་ཀྱི་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཆོས་ཅན། ཁྱོད་རྟོགས་པའི་དོན་དུ་རང་གི་ཆོས་ཅན་ཞེས་སྨོས་དགོས་ཏེ། ཁྱོད་རྟོགས་པའི་ཆེད་དུ་རང་གི་ཆོས་ཅན་སྨོས་པ་ལས་གཞན་དུ་མ་སྨོས་ན་བསྒྲུབ་བྱ་ཉིད་དུ་འདོད་པ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས་བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར། བསྒྲུབ་བྱའི་ཆོས་དེ་ཉིད་ལ་གནོད་པའི་སྒོ་ནས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཉིད་ཡིན་པར་སེམས་པ་འབྱུང་གི་ཆོས་ཅན་ལ་གནོད་པས་ནི་མ་ཡིན་ནོ་ཞེས་ལོག་པར་རྟོག་པར་དེས་ན་དེ་སེལ་དགོས་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། བསལ་བྱའི་ལོག་རྟོག་ཡོད་པར་བསྟན། །ལོག་རྟོག་དེ་ཡི་དཔེར་བརྗོད་བཤད། །དེ་ཉིད་ཇི་ལྟར་སེལ་བའི་ཚུལ་ལོ། །དང་པོ་ནི། སྐབས་ཀྱི་ཆོས་ཅན་ལ་གནོད་ན་ཕྱོགས་ལ་གནོད་པ་འདི་ཡང་ཆོས་ལ་གནོད་ན་ཕྱོགས་ལ་གནོད་པར་བསྟན་པས་དོན་གྱིས་གྲུབ་པ་མིན་ནམ་སྟེ་ཡིན་ཏེ། ཆོས་ཅན་ལ་གནོད་ཀྱང་ཆོས་ལ་གནོད་པའི་ཕྱིར། དེས་ན་རང་གི་ཆོས་ཅན་ཞེས་སྨོས་མི་དགོས་ཞེ་ན་བདེན་ཏེ། རང་གི་ཆོས་ཅན་ཞེས་སྨོས་པ་ཆོས་ཅན། ཁྱོད་ཀྱིས་བསལ་བྱའི་ལོག་རྟོག་གཞན་ཡང་ཡོད་དེ། རྒོལ་བ་འགའ་ཞིག་སྐབས་ཀྱི་ཆོས་ཅན་ལ་མི་གནོད་ཀྱང་སྐབས་སུ་མ་བབས་པའི་ཆོས་ཅན་ནི་འབའ་ཞིག་བཀག་པ་ལ་ཡང་ནི་རང་གི་ཆོས་ཅན་བཀག་པའི་སྒོ་ནས་གཏན་ཚིགས་དམ་བཅའ་དང་འགལ་བའི་སྐྱོན་དང་ལྡན་པར་ཁས་ལེན་པ་ཡོད་པས་དེ་སེལ་བའི་ཆེད་དུ་ཁྱོད་སྨོས་དགོས་པའི་ཕྱིར། གཉིས་པ་ནི། དེ་ལྟ་བུའི་ལོག་རྟོག་ཀྱང་དཔེར་ན་བྱེ་བྲག་པས་ནམ་མཁའ་དང་། ཕྱོགས་དང་། དུས་ལ་སོགས་ལ་རྟག་པའི་དངོས་པོར་འདོད་པ་ན། སངས་རྒྱས་པས་དངོས་གྱུར་གྱི་ནམ་མཁའ་སོགས་ཆོས་ཅན་དུ་མ་གཟུང་བར་སྤྱིར་མཁའ་སོགས་ཆོས་ཅན། རྐྱེན་གཞན་དག་གིས་སྔོན་མེད་པའི་རང་བཞིན་དུ་བསྐྱེད་དུ་མེད་པའི་རྟག་རྫས་མིན་ཏེ། ཞེས་ཆོས་རྣམ་བཅད་ཙམ་གྲུབ་པ་ལ་གཏན་ཚིགས་ཅིག་ཆར་སྒྲ་སོགས་ཀྱི་རྒྱུ་མིན་པ་སྟེ། ཅིག་ཆར་འབྲས་བུ་མི་བྱེད་པའི་ཕྱིར་ཞེས་བཤད་པ་ལ་སུན་འབྱིན་པ་ན་རེ། རྟགས་དེས་སྔར་གྱི་བསྒྲུབ་བྱ་དེ་སྒྲུབ་ནུས་པ་དེ་བཞིན་དུ་མཁའ་སོགས་ཆོས་ཅན་གྱི་ངོ་བོའང་དངོས་མེད་དུ་སྒྲུབ་པར་བྱེད་ལ། དེས་ན་ཆོས་ཅན་ནམ་མཁའ་སོགས་དངོས་པོར་ཡོད་པ་བཀག་པས་རྟགས་དམ་བཅའ་དང་འགལ་བ་ཡིན་ཞེས་བརྗོད་པ་བཞིན་ནོ། །གསུམ་པ་ནི། དེའི་ཚེ་དེ་འདྲའི་རྟགས་ཆོས་ཅན། ཆོས་ཅན་ནམ་མཁའ་སོགས་དངོས་པོར་ཡོད་པ་བསལ་ཡང་ཆོས་ཅན་མཁའ་སོགས་ཙམ་ལ་ཆོས་རྟག་རྫས་རྣམ་པར་བཅད་ཙམ་དེ་ལྟར་སྒྲུབ་པར་འདོད་པའི་བསྒྲུབ་བྱ་ལ་གནོད་པ་འགའ་ཡང་མེད་པ་ཉིད་ཡིན་ཏེ། ཆོས་ཅན་མཁའ་སོགས་དངོས་པོར་ཡོད་པ་བསལ་ཡང་ཆོས་ཅན་མཁའ་སོགས་ཙམ་ལ་རྟག་རྫས་རྣམ་པར་བཅད་ཙམ་སྒྲུབ་ནུས་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། དེས་ན་རང་གི་ཆོས་ཅན་ཞེས་པ་འདིས་ནི་ཆོས་ཅན། སྐབས་སུ་བབ་པའི་ཆོས་དང་ཆོས་ཅན་གཉིས་ཀ་ཚོགས་པ་བསྒྲུབ་བྱར་གཟུང་བ་ཉིད་ཡིན་ན་སྐབས་ཀྱི་ཆོས་ཅན་དེ་ལ་གནོད་པ་གང་ཡིན་པ་དེ་སྐབས་ཀྱི་བསྒྲུབ་པར་བྱ་བའི་ཆོས་འགོག་པས་སྐབས་ཀྱི་བསྒྲུབ་བྱ་དེ་ལ་གནོད་པ་ཡིན་གྱི། འབྲེལ་མེད་ཀྱི་ཆོས་ཅན་འབའ་ཞིག་པ་དེ་ལ་གནོད་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མིན་ཞེས་དོན་གྱིས་བསྟན་པ་ཡིན་ཏེ། རང་གི་བསྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་བྱས་པ་དེ་ལྟ་ཉིད་དུ་རང་གི་ཆོས་ཅན་ཡང་བསྒྲུབ་བྱ་ཉིད་ཡིན་གྱི་ཆོས་ཀྱིས་ཁྱད་པར་དུ་མ་བྱས་པའི་ཆོས་ཅན་འབའ་ཞིག་པ་བསྒྲུབ་བྱ་མིན་པའི་ཕྱིར་རོ།      རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*