བཅོམ་ལྡན་འདས་མི་འཁྲུགས་པའི་སྒོ་ནས་གཤིན་པོ་རྗེས་སུ་གཟུང་བའི་ཆོ་ག་བཞུགས། ཀ༽

༼ཨ༽༄༅། །བཅོམ་ལྡན་འདས་མི་འཁྲུགས་པའི་སྒོ་ནས་གཤིན་པོ་རྗེས་སུ་གཟུང་བའི་ཆོ་ག་བཞུགས་སོ།།

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པར་འདོད་ན་གཉིས་ཏེ། སྔོན་དུ་བསྙེན་པ་དང༌། ལས་ཀྱི་རིམ་པའོ། །དང་པོ་ནི། དབང་ཐོབ་པའི་རྣལ་འབྱོར་པས། སྟན་བདེ་བ་ལ་འདུག་ནས། མཆོད་པ་བྱིན་གྱིས་བརླབ་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་བཅོམ་ལྡན་འདས་མི་འཁྲུགས་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམ། ཨོཾ་བཛྲ་ས་མཱ་ཛཿབརྗོད། སེ་གོལ་གཏོགས། ཐལ་མོ་སྦྱར་ལ། ཆོས་དབྱིངས་མཉམ་པ་ཉིད་ལས་མ་གཡོས་ཀྱང༌། །ཐུགས་རྗེས་རྟག་ཏུ་མྱ་ངན་མི་འདའ་བར། །མཐའ་ཡས་འགྲོ་བའི་དོན་བསྒྲུབ་ལྷུར་མཛད་པའི། །བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨཀྵོ་བྷྱ་ས་པ་རི་ཝཱ་ར། ཞེས་པ་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་དང༌། ཀུན་གྱི་མཐར་པྲ་ཏཱིཙྪ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སྦྱར་ལ་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱས་ལ། བཛྲ་མུཿས་ཚོགས་རྟེན་གཤེགས་སུ་གསོལ་ལ། ཚད་མེད་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཤཱུ་ནྱ་ཏཱས་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཏེ། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་གླང་པོ་ཆེས་བཏེག་པའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཀཾ་ཀ་ནི་སོགས་ཀྱི་སྒྲ་བར་སྣང་ལ་གྲགས་པར་བསམས་ལ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་ཀྱི་ཡི་གེ་རྣམས་ཁ་དོག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། ཚུར་འདུས་སྔགས་ཀྱི་ཡི་གེ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པ་ས་གནོན་དང༌། གཡོན་པ་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པ། རལ་པའི་ཐོར་ཅོག་ཅན། རིན་པོ་ཆེའི་རྒྱན་སྣ་ཚོགས་དང༌། དར་གྱི་ཤམ་ཐབས་ཅན། མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ། དེ་ནས་ལག་པ་གཉིས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་སྦྱར་བའི་ཚིགས་དབུས་མ་ལ་མཛུབ་མོ་གཉིས་རྭའི་རྣམ་པར་བྱ། མཐེ་བོང་དང་མཐེའུ་ཆུང་གཉིས་རྩེ་སྤྲད་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྟེ། དེ་ཉིད་གནས་གསུམ་དུ་གཏུགས་ལ། ཀཾ་ཀ་ནི་ལན་གསུམ་བཟླས་པས་བྱིན་གྱིས་བརླབས་ཏེ། དམ་ཚིག་པ་བསྐྱེད་པའོ། །དེ་ནས་སྙིང་གའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མི་འཁྲུགས་པ་རྡོ་རྗེ་བསྡུ་བའི་སྔགས་ཀྱིས་སྤྱན་དྲང༌། མདུན་དུ་པདྨ་དང་ཟླ་བའི་སྟེང་དུ་བཅོམ་ལྡན་འདས་ཀྱི་སྐུ་འོད་ཟེར་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པར་བསམ། དེ་ལ་སྔར་བཞིན་མཆོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་སྟེ། ཡེ་ཤེས་པ་མདུན་དུ་སྤྱན་དྲངས་པའོ། །དེ་ནས་བདག་དང་མདུན་གྱི་སངས་རྒྱས་གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ། ཀཾ་ཀ་ནི་སྔགས་གཡས་སྐོར་དུ་བཀོད། རང་གི་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། མདུན་གྱི་སངས་རྒྱས་ཀྱི་ཐུགས་ཀར་ཕོག་པས། དེའི་ཐུགས་རྒྱུད་བསྐུལ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འོད་ཟེར་གྱི་ཚུལ་དུ་བྱུང་ནས་བདག་གི་སྙིང་གར་ཐིམ་པར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི། ནས། ནཉྩ་སྭཱ་ཧཱ། ཞེས་ཅི་ནུས་བཟླས། མཐར་མདུན་གྱི་ལྷ་ལ་མཆོད་པར་བསམས་ལ། མཆོད་བསྟོད་བྱ། དངོས་གྲུབ་བླངས་ལ། ཨོཾ་བཛྲ་མུཿ ཞེས་པས་གཤེགས་སུ་གསོལ། རང་དམ་ཚིག་པ་རྐྱང་པའི་ང་རྒྱལ་གྱིས་དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོས་ལ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །དེ་ལྟར་ཐུན་བཞིའི་རིམ་པས་གཟུངས་ཁྲིའམ་འབུམ་ཕྲག་གཅིག་བཟླས་ན་སངས་རྒྱས་ཀྱི་ཞལ་སྟོན་པ་དང༌། བྲིས་སྐུ་གཡོ་བ་ལ་སོགས་པའི་མཚན་མ་བཟང་པོ་ཐོབ་པར་འགྱུར་རོ། །གཉིས་པ་ལས་ཀྱི་རིམ་པ་ལ་དཀྱིལ་འཁོར་གྱི་ཆོ་ག་ནི་ལོགས་སུ་ཤེས་པར་བྱ་ལ། གཤིན་པོ་རྗེས་སུ་འཛིན་པའི་དོན་དུ་ཉིན་གཅིག་པའི་ཆོ་ག་བྱ་བ་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། གནས་ཁང་བྱི་དོར་བྱས་ལ། མི་འཁྲུགས་པའི་བྲིས་སྐུ་དགྲམ། ཅི་འབྱོར་པའི་མཆོད་པ་དང༌། གཏོར་མ་ཆ་གསུམ་བཤམ། མདུན་དུ་སྦྱངས་སྟེགས་ཀྱི་སྟེང་དུ་རུས་པའམ། མིང་བྱང་བཞག རང་གི་མདུན་དུ་བུམ་པ་ཆུ་དང༌། ནང་རྫས་ཀྱིས་གང་བ་དང༌། རྡོ་རྗེ་དྲིལ་བུ་སོགས་འོག་ཏུ་དགོས་པ་ཐམས་ཅད་འཚོག་པར་བྱའོ། །གཉིས་པ་དངོས་གཞི་ལ་བཞི། བདག་བསྐྱེད་བྱ་བ་དང༌། བུམ་པ་བཟླས་པ། མདུན་བསྐྱེད་སྒྲུབ་པ། ཚེ་འདས་རྗེས་སུ་གཟུང་བ་དངོས་སོ། །དང་པོ་ནི། མཆོད་པ་བྱིན་གྱིས་བརླབས་ནས། མདུན་གྱི་ཡེ་ཤེས་པ་གཤེགས་སུ་གསོལ་བའི་བར་སྔར་ལྟར་བྱ། གཉིས་པ་ནི་བུམ་པ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསང༌། སྭ་བྷཱ་ཝས་སྟོང་པར་བསྒོམ་པའི་ངང་ལས། པད་ཟླའི་སྟེང་དུ་བྷྲཱུྃ་ལས་བུམ་པ་མཚན་ཉིད་དང་ལྡན་པར་བསྐྱེད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྡོ་རྗེ་མི་འཁྲུགས་པ་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་བསྡུ་བའི་སྔགས་རྒྱ་བྱ། སྤྱན་དྲངས་པའི་སངས་རྒྱས་དེ་བུམ་པའི་ནང་དུ་བྱོན་པས། བུམ་ནང་གི་པདྨ་དང་ཟླ་བའི་སྟེང་དུ་མི་འཁྲུགས་པའི་ཞལ་ཕྱག་གསལ་བཏབ། དེ་ལ་མཆོད་བསྟོད་བྱས་ལ་བུམ་ནང་གི་མི་འཁྲུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་གཟུངས་ཀྱི་ཕྲེང་བ་བཀོད་པ་ལ་དམིགས་ཏེ། གཟུངས་ཅི་ནུས་བཟླ། མཐར་སྔར་ལྟར་མཆོད་བསྟོད་བྱས་ལ། དུང་ཆོས་ཀྱི་ཆུ་ཕུལ་བས་ལྷ་ཞུ་བ་ལས་བྱུང་བའི་བདུད་རྩིས་སྡིག་པ་འཁྲུད་ངེས་ཀྱི་ནུས་པ་ཅན་དུ་གྱུར་པར་བསམ་མོ། །གསུམ་པ་ནི། མདུན་གྱི་རས་བྲིས་ཀྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། འོག་རྡོ་རྗེའི་ས་གཞི། ཁོར་ཡུག་རྡོ་རྗེའི་རྭ་བ། དེའི་ནང་དུ་རྡོ་རྗེའི་གུར། གུར་གྱི་ནང་སྟེང་གི་ཕྱོགས་སུ་རྡོ་རྗེའི་བླ་རེ། རྭ་བའི་ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་བསྐོར་བའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་ནང་དུ་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་སོ་གཉིས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་ལྟེ་བ་གྲུ་བཞི་པའི་སྟེང་དུ། བྷྲཱུྃ་ལས་གཞལ་ཡས་ཁང་རྟ་བབས་དང་བཅས་པར་བསྐྱེད། ནང་གི་ཕྱོགས་མདོག ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བ་སེང་གེའི་ཁྲི་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་གཙོ་བོ་སྔར་བཞིན་བསྐྱེད། འདབ་མ་བརྒྱད་ལ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་ཤྃ་ལས་དཔལ་བེའུ། དེ་ལས་ལྷ་མོ་པདྨ་ཅན། སྐུ་མདོག་དཀར་མོ་ཕྱག་གཡས་ན་དཔལ་བེའུ་བསྣམས་པ། མེར་ཙྃ་ལས་འཁོར་ལོ། དེ་ལས་འཇིགས་བྱེད་མ་དཀར་མོ་གཡས་ན་འཁོར་ལོ་བསྣམས་པ། ལྷོར་པྃ་ལས་པདྨ། དེ་ལས་འོད་ལྡན་མ་དམར་སྐྱ། གཡས་ན་པདྨ་བསྣམས་པ། སྲིན་པོར་དྷྃ་ལས་རྒྱལ་མཚན། དེ་ལས་རྣལ་འབྱོར་མ་སྔོན་མོ་གཡས་ན་རྒྱལ་མཚན་བསྣམས་པ། ནུབ་ཏུ་ཚྃ་ལས་གདུགས། དེ་ལས་མདངས་ལྡན་མ་སྔོན་མོ་གཡས་ན་གདུགས་འཛིན་པ། རླུང་དུ་ཀྃ་ལས་བུམ་པ། དེ་ལས་དཀར་ཤམ་མ་དམར་སྐྱ་གཡས་ན་བུམ་པ་འཛིན་པ། དྲུག་པོ་འདི་དག་གི་ཕྱག་གཡོན་པ་ཁུ་ཚུར་དཀུར་འཛིན་པ། བྱང་དུ་ཤཾ་ལས་དུང༌། དེ་ལས་དྲི་མེད་མ་ལྗང་གུ་གཡོན་པས་དུང་ཐུགས་ཀར་འཛིན་ཅིང༌། གཡས་པ་གུང་མཛུབ་སྦྱར་ནས་དུང་གི་སྟེང་དུ་འཇོག་པ། དབང་ལྡན་དུ་མྃ་ལས་གསེར་ཉ། དེ་ལས་ཡིད་གཞུངས་མ་སེར་མོ། །གཡོན་པས་ཉའི་མགོ་དང༌། གཡས་པས་མཇུག་མ་འཛིན་པ། ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། འཛུམ་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང༌། དར་སྣ་ཚོགས་ཀྱི་ཤམ་ཐབས་ཀྱིས་མཛེས་པ། ཟླ་བའི་གདན་དང་ཟླ་བའི་རྒྱབ་བརྟེན་ཅན། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་བསམ་མོ། །དེ་ནས། ཛཿཧཱུྃ་བཾ་ཧོཿ བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་དང་རོ་གཅིག་ཏུ་གྱུར་པར་བསམས་ཏེ། དཀྱིལ་འཁོར་བསྐྱེད་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ་སོགས་བཀོད་དེ། གནས་གསུམ་བྱིན་གྱིས་བརླབ་པའོ། །རང་གི་སྙིང་ག་ནས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས་པར་བསམས་ལ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱ། ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲངས། བསྡུ་ན་དེས་ཆོག སྤྲོ་ན་སྔར་གྱི་དད་པ་སོགས་ཀྱི་ཚབ་ཏུ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་སོགས། སྤྱན་འདྲེན། ཕྱི་འབྲང་གི་བགེགས་བསལ་བ། བྱོན་ལེགས། གདན་དབུལ་སོགས་བྱ། དེ་ལྟར་སྤྱན་དྲངས་པའི་བཅོམ་ལྡན་འདས་ལྷ་དགུ་པོ་གཞལ་ཡས་ཁང་གི་ནམ་མཁའ་ལ་བཞུགས་པར་བསམས་ལ། མཆོད་པ་བསྡུས་པས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་ཝཱ་ཡ་སྭཱ་ཧཱ། ཞེས་པས་ལྷ་ཐམས་ཅད་མཉེས་པར་བསམས་ཏེ། ཡེ་ཤེས་པ་སྤྱན་དྲངས་པའོ། །དེ་ནས་དམ་ཚིག་པ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་ཀ་ལ་སྔར་བཞིན་དམིགས་ལ་གཙོ་བོ་ལ་གཟུངས་ཅི་ནུས་བཟླས། འཁོར་རྣམས་ལ། ཨོཾ་མངྒ་ལ་ཤྲི་ཡེ་སྭཱ་ཧཱ། ཨོཾ་མངྒ་ལ་ཙཀྲ་སྭཱ་ཧཱ། ཨོཾ་མངྒ་ལ་པདྨ་སྭཱ་ཧཱ། ཨོཾ་མངྒ་ལ་དྷྭ་ཛ་སྭཱ་ཧཱ། ཨོཾ་མངྒ་ལ་ཚ་ཏྲཾ་ཀ་སྭཱ་ཧཱ། ཨོཾ་མངྒ་ལ་ཀ་ལ་ཤ་སྭཱ་ཧཱ། ཨོཾ་མངྒ་ལ་ཤཾ་ཁ་སྭཱ་ཧཱ། ཨོཾ་མངྒ་ལ་མ་ཀ་ར་སྭཱ་ཧཱ། ཞེས་ཅི་ནུས་བཟླས་ལ། དཀྱིལ་འཁོར་བརྟན་བཞུགས་བྱས་ཏེ། མདུན་བསྐྱེད་སྒྲུབ་པའོ། །དེ་ནས་མཆོད་པའི་ཕྱིར་བདག་ཉིད་གཙོ་བོ་ལས་ཆ་གཅིག་ཆད་ནས་ཤར་སྒོར་གནས་པར་བསམས་ལ། མཆོད་པ་རྣམས་བྱིན་གྱིས་བརླབ། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། འདོད་ཡོན་ལྔ་རྣམས་དབུལ། བསྡུ་ན་ཉེར་སྤྱོད་ཙམ་གྱིས་རུང༌། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། བསྟོད་པ་རྒྱས་པའམ། དེ་ཙམ་མི་ནུས་ན། མཉམ་ཉིད་མི་གཡོའམ། འགྲོ་བ་རྒྱུད་ལྔ་སོགས་བྱ་སྟེ། མཆོད་བསྟོད་བྱ་བའོ། །དེ་ནས་གཏོར་མ་ཆ་གསུམ་གཏང༌། བཞི་པ་རྗེས་སུ་གཟུང་བའི་ཆོ་ག་ནི། སྔར་བཟླས་པ་བྱེད་པའི་སྐབས་རྣམས་སུ་ཡུངས་ཀར་རམ་བྱེ་མ་ལ་སྔགས་ཀྱི་ནུས་པ་བསྡུ། དེ་ནས་རྟེན་དེ་སྟོང་པར་བསྒོམ་པའི་ངང་ལས་ཟླ་བའི་སྟེང་དུ་ཚེ་འདས་བསྐྱེད། སྙིང་གའི་འོད་ཟེར་གྱིས་རྣམ་ཤེས་ཨ་ཐུང་གི་རྣམ་པར་བཀུག་ལ་བསྟིམ། དེ་ནས་བུམ་ཆུས་གཏོར་བའམ། མེ་ལོང་གི་ངོས་ལ་ཤར་བ་ལ་བཀྲུ་ཞིང་གཟུངས་ཀྱི་རྗེས་ལ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཞེས་བརྗོད་ཅིང་བཀྲུ། ཡང་མིང་ངམ་རུས་པ་ལ་ཡུངས་ཀར་རམ། བྱེ་མས་བྲབ་ཅིང་གཟུངས་བཟླས། དེ་ནས་སྡིག་བཤགས་དང་སྐྱབས་འགྲོ་བྱ། སེམས་བསྐྱེད་དཔོག་གོ །མཐར་ཚེ་འདས་ཀྱི་ཤེས་པ་ཨ་ཐུང་གི་རྣམ་པ་ཅན། མི་འཁྲུགས་པའི་ཐུགས་ཀར་ཐིམ་པར་བསམ་མོ། །གསུམ་པ་རྗེས་ནི། དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད། ནོངས་པ་བཟོད་པར་གསོལ་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ། དམ་ཚིག་གི་དཀྱིལ་འཁོར་གཙོ་བོ་ལ་བསྡུ། གཙོ་བོ་རང་ལ་ཐིམ་པར་བསམས་ལ་བསྔོ་བ་དང་སྨོན་ལམ་གདབ། བཀྲ་ཤིས་བྱའོ། །སློབ་མ་ལ་དབང་བསྐུར་བྱེད་ན། ས་ཆོག་སྤྱི་དང་མཐུན་པར་བྱས་པའི་གནས་སུ། སྟ་གོན་བྱ་བ་ལ་བཞི་སྟེ། དང་པོ་སའི་ལྷ་མོའི་སྟ་གོན་ནི། དཀྱིལ་འཁོར་གྱི་དབུས་སུ་མཎྜལ་ལ་མེ་ཏོག་གི་ཚོམ་བུ་བཀོད། དེ་བྃ་ལས་སའི་ལྷ་མོ་བསྐྱེད་པ་ལ། མཆོད་པ་དང་གཏོར་མ་དབུལ། སྐྱོབ་པ་སངས་རྒྱས་སོགས་ཀྱིས་གསོལ་བ་བཏབ་པས། གནང་བ་བྱིན་ཏེ་དེ་ཉིད་དུ་ཐིམ་པར་བསམ་མོ། །གཉིས་པ་ལྷ་སྟ་གོན་ནི། མཎྜལ་དྲིའི་ཆུས་བྱུག དེར་མེ་ཏོག་གི་ཚོམ་བུ་དགུ་བཀོད་པ་ཆོ་ག་གསུམ་གྱིས་ལྷར་བསྐྱེད་པ་ནས་མཆོད་བསྟོད་ཀྱི་བར་དཀྱིལ་འཁོར་སྒྲུབ་པའི་སྐབས་ལྟར་བྱ། མི་འཁྲུགས་རྒྱལ་པོ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །སོགས་ཀྱིས་སྙན་གསན་དབབ་བོ། །གསུམ་པ་བུམ་པ་སྟ་གོན་ནི། བཤད་ཟིན་ཏོ། །བཞི་པ་སློབ་མ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་སློབ་མ་ཁྲུས་བྱ་སྟེ་འཁོད་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་མི་འཁྲུགས་པའི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དཀྱིལ་འཁོར་དེར་ཞུགས་ལ་དབང་བླང་སྙམ་པ་གྱིས་ཤིག ཅེས་བརྗོད་ལ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །ཞེས་སོགས་ཀྱིས་མྱང་འདས་ཀྱི་བསམ་པ་བསྐྱེད། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས། ཞེས་སོགས་ཀྱིས་རྣ་གཏད། དགའ་ཆེན་སོགས་ཀྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་གྱིས་རྒྱུན་བཤགས་བྱ། སྐུ་གསུང་ཐུགས་བྱིན་བརླབ། དེ་ལ་མཆོད། སོ་ཤིང༌། ཁྱོར་ཆུ། སྲུང་སྐུད། ཀུ་ཤ ཆོས་བཤད་པ། རྨི་ལམ་བརྟག་པ་རྣམས་བྱ། རྗེས་ལ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་བྱས་ནས་ནམ་མཁར་བཏེག་ལ། ལས་ཀྱི་རྗེས་བསྡུའོ། །དངོས་གཞིའི་ཆོ་ག་ལ། སྟ་གོན་བྱས་པའི་གནས་སུ་དཀྱིལ་འཁོར་སྒོ་རྐྱང༌། ཕྱི་པདྨའི་ཁོར་ཡུག རྡོ་ར། མེ་རི། ནང་པདྨ་འདབ་བརྒྱད་དང་བཅས་པའི་ལས་ཐིག་སྤྱི་དང་མཐུན་པར་གདབ། དེར་རྡུལ་ཚོན་ལྔ་དང༌། ཁ་དོག་ལྔའི་ཐིག་སྐུད་བཞག་པ་བསང་སྦྱངས། སྟོང་པའི་ངང་ལས་ཐིག་སྐུད་དང༌། རྡུལ་ཚོན་སྔོན་པོ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ་ནས། ཐིག་སྐུད་དང་རྡུལ་ཚོན་ལྗང་གུ། ཨཿལས་དོན་ཡོད་གྲུབ་པ་ལྗང་གུ གཡས་སྐྱབས་སྦྱིན་དང༌། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་བར་དུ་བསྐྱེད། ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་དང༌། རྡུལ་ཚོན་བཀུག་ནས་ཐིམ་པར་བསམས་ལ། མཆོད་པ་དང་བསྟོད་པ་དབུལ། རིགས་ལྔ་ཞུ་བའི་ཡེ་ཤེས་ཀྱི་ཐིག་ཚོན་དུ་གྱུར་པར་བསམ། ཀཾ་ཀ་ནི་ཟློས་ཤིང་ཐིག་སྐུད་བསྒྲིལ། ཚོན་བྱིན་གྱིས་བརླབས་པའོ། །དེ་ནས་སློབ་དཔོན་མི་འཁྲུགས་པ་དང༌། སློབ་མ་བཀྲ་ཤིས་ཀྱི་ལྷ་མོའི་ང་རྒྱལ་གྱིས་ཡེ་ཤེས་ཀྱི་ཐིག་གདབ། དབང་ལྡན་གྱི་རྩིག་པ་བྲི། དཀྱིལ་འཁོར་སྤྱི་དང་མཐུན་པར་བྲིས་པའི་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། འདབ་མ་བརྒྱད་ལ་བཀྲ་ཤིས་ཀྱི་རྟགས་བརྒྱད་བྲི། མཆོད་པ་སྣ་ཚོགས་ཀྱིས་དཀྱིལ་འཁོར་གྱི་མཐའ་བསྐོར། དེ་ནས་དཀྱིལ་འཁོར་སྒྲུབ་པ་ནས། གཏོར་མའི་བར་སྔར་ལྟར་བྱས་ལ། རང་གིས་བདག་འཇུག་བླང་ངོ༌། །དེ་ནས་སྔར་སྟ་གོན་བྱས་པའི་སློབ་མ་རྣམས་ལ་དབང་བསྐུར་ཏེ། ཕྱག་དང་མཎྜལ་ཕུལ་ནས། དགའ་ཆེན་སོགས་ཀྱིས་གསོལ་བ་གདབ། རྒྱུན་བཤགས་བྱ། གདོང་གཡོགས། མེ་ཏོག་གི་ཕྲེང་བ་སྦྱིན། བགེགས་བསྐྲད་ལ། ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན། །ཞེས་དྲི། བདེ་ཆེན་བདག་ནི་སྐལ་བཟང་ལགས། །ཞེས་ལན་གདབ། སློབ་མའི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་སྟེང་དུ། སློབ་དཔོན་གྱིས་རྡོ་རྗེ་བཞག་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་སོགས་ཀྱིས་བརྟན་པར་བྱ། མགོར་རྡོ་རྗེ་བཞག་ལ། དེང་ཁྱོད་ཞེས་སོགས་ཀྱིས་གསང་བ་གདམས། ཨ་ཁཾ་ཝཱི་ར་ཧཱུྃ་གིས་ཡོལ་བའི་ནང་དུ་ཁྲིད་པར་བསམས་ཏེ། ཕྱི་འཇུག་གི་ཆོ་གའོ། །དེ་ནས་སློབ་མས་སློབ་དཔོན་ལ་གསོལ་བ་གདབ། ཆོ་ག་གསུམ་གྱིས་མི་འཁྲུགས་པར་བསྐྱེད་པའི་ཐུགས་ཀར་ཟླ་བ་ལ་ཨ་དམར་པོ་བསམ། དེའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཨ་ཡིག་དམར་པོ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་མའི་སྙིང་གར་ཐིམ་པར་བསམས་ལ། གཟུངས་ཟློས་ཤིང་རོལ་མོས་དབབ། ཏིཥྛ་བཛྲ་དང༌། སྤྱི་བོར་རྡོ་རྗེ་བཞག་པས་བརྟན་པར་བྱའོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་ལ། ཡང་དག་དཀྱིལ་འཁོར་འདི་རུ་ནི། །ཞེས་སོགས་ཀྱིས་གསོལ་བ་གདབ། ནམ་མཁའི་ཁ་དོག་དྲི། མེ་ཏོག་དོར། དེ་མགོ་ལ་བཞག མིག་ཕྱེ། དཀྱིལ་འཁོར་བསྟན་པ་རྣམས་བྱ་སྟེ། འཇུག་པའི་ཆོ་གའོ། །དེ་ནས་དབང་གི་དོན་དུ་མཎྜལ་དབུལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་གདབ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ། དབང་སྟེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ། སློབ་མ་ཆོ་ག་གསུམ་གྱིས་མི་འཁྲུགས་པར་བསྐྱེད། དབང་བསྐུར་བར་གསོལ་བ་བཏབ་པས། སློབ་དཔོན་དང་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བར་བསམས་ལ། ཇི་ལྟར་བལྟམས་པ་སོགས་དང༌། གཟུངས་ཀྱི་གཤམ་དུ། བཛྲ་ཨ་བྷི་ཥིཉྩ་བཏགས་ཏེ་དབང་བསྐུར་བས་སློབ་མའི་རྒྱུད་ལ་ཡོད་པའི་སྒྲིབ་པ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་འཁྲུགས་པར་གྱུར་པར་བསམས་ལ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྤྱི་བོར་བཞག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཏབྷ་ཝཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་དབང་བསྐུར་བའི་ཆོ་གའོ། །དེ་ནས་སྡིག་པ་བཀྲུ་བའི་ཆེད་དུ་ལྷ་ཐམས་ཅད་ཀྱིས་བུམ་པའམ། མེད་ན་སྔར་གྱི་བུམ་པས་ཁྲུས་བྱ་ཞིང༌། འདི་ནི་ཁྲུས་མཆོག་སོགས་དང༌། ཨོཾ་མངྒ་ལ་ཤྲི་ཡེ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། ཇི་ལྟར་བལྟམས་པ་དང༌། མངྒ་ལ་ཙཀྲ། འདི་ནི་སྦྱིན་པའི་སོགས་དང༌། མངྒ་ལ་པདྨ། ཞེས་སོགས་ནས། འདི་ནི་ཤེས་རབ་སོགས་དང༌། ཨོཾ་མངྒ་ལ་མ་ཀ་ར་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཞེས་བརྗོད་ཅིང་བཀྲུ། དེ་ནས་རྨ་བྱའི་སྒྲོས་སྡིག་པ་རྣམས་བྱབས་པར་བསམས་ལ། གཟུངས་ཀྱི་མཐར་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། ཞེས་བྱབ། དེ་ནས་གནས་གསུམ་དུ་རྡོ་རྗེས་རེག་ཅིང༌། གཟུངས་ཀྱི་མཐར་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་ཞེས་བརྗོད་པས་བསྲུངས་ལ། མེ་ལོང་ནས་ཡུངས་ཀར་གྱི་བར་བཀྲ་ཤིས་རྫས་བརྒྱད་སྦྱིན། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ། དབང་གི་མཐའ་རྟེན་ནོ། །དེ་ནས། གཙོ་བོས་ཇི་ལྟར་སོགས་ཀྱིས་དམ་ཚིག་བསྡུས་ཏེ་གཟུང༌། ཡོན་དབུལ་ལོ། །བླ་མས་དཀྱིལ་འཁོར་མཆོད་བསྟོད། རྡུལ་ཚོན་གྱི་ལྷ་གཤེགས། དཀྱིལ་འཁོར་བསྡུ་བ་སོགས་སྤྱི་དང་འདྲ་བར་བྱའོ། །ཤུ་བྷཾ།།  །། «༄༅། །དྲི་མེད་གསང་སྔགས་ཀྱི་དཀྱིལ་འཁོར་གྱི་བསྒོམ་བཟླས་བཞུགས་སོ།། » ༈ །ན་མོ་བུདྡྷ་ཡ། གཙུག་ཏོར་དྲི་མེད་ཀྱི་གསང་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཉི་ཤུ་རྩ་ལྔའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱེད་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་བས། རང་སྐད་ཅིག་གིས་རྣམ་སྣང་དུ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། གཙུག་ཏོར་ཆེན་པོའི་རིགས་ཀྱི་བདག །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །རྣམ་སྣང་མཛད་ལ་ཕྱག་འཚལ་ཞིང༌། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཅེས་པས་ཕྱག་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མཆོད་ཡོན། དེ་བཞིན་དུ་མེ་ཏོག་ནས། སིལ་སྙན་གྱི་བར་སྔགས་བསྒྱུར་ལ་དབུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱིས་རྒྱུན་བཤགས་ལན་གསུམ་བྱ། ཨོཾ་བཛྲ་མུཿ གཤེགས་སུ་གསོལ། ཚད་མེད་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་སོ། །དེ་ནས་སྭ་བྷཱ་ཝས་སྟོང་པར་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་སྔོན་འགྲོའོ། །སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་སོ་གཉིས་པའི་ལྟེ་བར་རྃ་ལས་ཉི་མ་དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས། རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར་དང༌། བླ་རེ་དང༌། མེ་རི་རབ་ཏུ་འབར་བའི་སྲུང་འཁོར་དུ་གྱུར། དེའི་ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷྲཱུྃ་ལས་སྐྱེས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་པ་ཕྱི་ནས་རིམ་པ་བཞིན། སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། ཕ་གུ་དང༌། དྲྭ་ཕྱེད་དང༌། མདའ་ཡབ་དང༌། པུ་ཤུས་མཛེས་པ། སྟེང་ཐོག་རིམ་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་སྤྲས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ལྷ་སྣམ་ཆ་ཆེན་གཅིག་ཤར་སྔོ་ལྷོ་སེར་ནུབ་དམར། བྱང་ལྗང་བའི་དབུས་སུ། ལིང་ཚེ་དགུ་ཕྱོགས་ཀྱི་མདོག་ཅན་རྡོ་རྗེ་ཕྲེང་བས་ཟླུམ་པོར་བསྐོར་བའི་དབུས་ཀྱི་རེ་མིག་དཀར་པོའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ། ནུབ་ཏུ་རྨ་བྱ། བྱང་དུ་ནམ་མཁའ་ལྡིང་གི་ཁྲི་བསམ། དབུས་ཀྱི་ཁྲིའི་སྟེང་དུ་པདྨ་དང་ཟླ་བ་ལ། ཨོཾ་ལས་རང་ཉིད་སྐད་ཅིག་གིས་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་བརྒྱད་དང་པོ་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཐུགས་ཀར་མཛད་པ། གཉིས་པས་མཉམ་གཞག་གི་ཕྱག་རྒྱ། གསུམ་པས་གཡས་ཀྱི་འཁོར་ལོ་དང༌། གཡོན་གྱིས་འཁོར་ལོས་མཚན་པའི་དྲིལ་བུ་འཛིན་པ། བཞི་པ་གཉིས་ཀྱིས་མདའ་དང་གཞུ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་མཛེས་པའོ། །དེའི་མདུན་དུ་ཡུམ་གྱི་ངོ་བོ་རྡོ་རྗེ་རྩེ་མོ་གསུམ་པ་གྱེན་དུ་ལངས་པ། གཡས་སུ་ཉི་མ། རྣམ་སྣང་དམར་པོ་གཡས་ཉི་མའི་དཀྱིལ་འཁོར། གཡོན་དུ་ཟླ་བ། རྣམ་སྣང་དཀར་པོ་གཡས་ཟླ་བའི་དཀྱིལ་འཁོར་འཛིན་པ། གཉིས་ཀའང་གཡོན་ཁུ་ཚུར་དཀུར་འཇོག་ཅིང༌། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་ལྡེམ་བག་གི་ཚུལ་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་མཛེས་པའོ། །ཤར་གྱི་ལིང་ཚེ་ལ་ཨཾ་ལས་མི་བསྐྱོད་པ་སྔོན་པོ། གཡས་ས་གནོན་གྱི་ཕྱག་རྒྱས་རྡོ་རྗེ། གཡོན་མཉམ་གཞག་མཛད་པ། ལྷོར་བཾ་ལས་རིན་འབྱུང་སེར་པོ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་རིན་པོ་ཆེ། གཡོན་མཉམ་གཞག ནུབ་ཏུ་སཾ་ལས་འོད་དཔག་མེད་དམར་པོ། ཕྱག་གཉིས་ཏིང་འཛིན་མཆོག་གི་ཕྱག་རྒྱས་པདྨ་དམར་པོ་བསྣམས་པ། བྱང་དུ་ཛྃ་ལས་དོན་གྲུབ་ལྗང་གུ། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། དེ་བཞིན་གཤེགས་པ་ལྔ་ནི་རྡོ་རྗེའི་སྐྱིལ་ཀྲུང་ཅན་ནོ། །ཤར་ལྷོར་ལྃ་ལས་སྤྱན་མ་དཀར་མོ་གཡས་འཁོར་ལོ། གཡོན་མིག་འབྲས་འཛིན་པ། ལྷོ་ནུབ་ཏུ་མྃ་ལས་མཱ་མ་ཀཱི་སྔོན་མོ། གཡས་རིན་པོ་ཆེ། གཡོན་རྡོ་རྗེ། ནུབ་བྱང་དུ་པྃ་ལས་གོས་དཀར་མོ་དམར་མོ། གཡས་གཡོན་གཉིས་ཀས་པདྨ། བྱང་ཤར་དུ་ཏཱྃ་ལས་སྒྲོལ་མ་ལྗང་གུ། གཡས་སྣ་ཚོགས་རྡོ་རྗེ། གཡོན་ཨུཏྤལ་བསྣམས་པའོ། །ལྷ་སྣམ་གྱི་ཤར་ལྷོར་རྃ་ལས་གཟུགས་རྡོ་རྗེ་མ་དཀར་མོ། གཡས་འཁོར་ལོ། གཡོན་མེ་ལོང༌། ལྷོ་ནུབ་ཏུ་ཤྃ་ལས་སྒྲ་རྡོ་རྗེ་མ་སེར་མོ། གཡས་རིན་པོ་ཆེ། གཡོན་པི་ཝང༌། ནུབ་བྱང་དུ་གཾ་ལས་དྲི་རྡོ་རྗེ་མ་དམར་མོ། གཡས་པདྨ། གཡོན་དུང་ཆོས། བྱང་ཤར་དུ་སྃ་ལས་རོ་རྡོ་རྗེ་མ་ལྗང་གུ། གཡས་སྣ་ཚོགས་རྡོ་རྗེ། གཡོན་རོའི་སྣོད་བསྣམས་པ། ལྷ་མོ་བརྒྱད་ཀའང་ནུ་འབུར་ཟུང་དང་ལྡན་པ་སྒེག་ཅིང་ཆགས་པའི་ཉམས་ཅན་ནོ། །ཤར་གྱི་སྣམ་བུའི་གཡས་སུ་མཻཾ་ལས་བྱམས་པ། གཡོན་དུ་ཀྵིཾ་ལས་སའི་སྙིང་པོ་གཉིས་ཀའང་དཀར་པོ་གཡས་འཁོར་ལོ་ཐུགས་ཀར་འཛིན་པ། ལྷོའི་གཡས་སུ་ཁཾ་ལས་ནམ་མཁའི་སྙིང་པོ། གཡོན་དུ་བྃ་ལས་ཕྱག་ན་རྡོ་རྗེ། གཉིས་ཀ་སེར་པོ་གཡས་རིན་པོ་ཆེ། ནུབ་ཀྱི་གཡས་སུ་མྃ་ལས་འཇམ་དབྱངས། གཡོན་དུ་ལྃ་ལས་སྤྱན་རས་གཟིགས། གཉིས་ཀ་དམར་པོ་གཡས་པདྨ། བྱང་གི་གཡས་སུ་སྃ་ལས་སྒྲིབ་པ་རྣམ་སེལ། གཡོན་དུ་སྃ་ལས་ཀུན་ཏུ་བཟང་པོ་གཉིས་ཀ་ལྗང་གུ། གཡས་སྣ་ཚོགས་རྡོ་རྗེ། སེམས་དཔའ་ཐམས་ཅད་ཀྱིས་གཡོན་ཁུ་ཚུར་དཀུར་བརྟེན་པ། ལྷ་མོ་དང་བྱང་སེམས་ཐམས་ཅད་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཤར་སྒོར་ཛཿལས་རྡོ་རྗེ་ལྕགས་ཀྱུ་དཀར་པོ་གཡས་ལྕགས་ཀྱུ། ལྷོ་སྒོར་ཧཱུྃ་ལས་རྡོ་རྗེ་ཞགས་པ་སེར་པོ་གཡས་ཞགས་པ། ནུབ་སྒོར་བྃ་ལས་རྡོ་རྗེ་ལྕགས་སྒྲོག་དམར་པོ་གཡས་ལྕགས་སྒྲོག །བྱང་སྒོར་ཧོཿལས་རྡོ་རྗེ་འབེབས་པ་ལྗང་གུ་གཡས་དྲིལ་བུ་འཛིན་པ་དེ་རྣམས་ཀྱིས་གཡོན་སྡིགས་མཛུབ་མཛད་ཅིང་སྦྲུལ་གྱིས་བརྒྱན་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བས་བཞུགས་པ། གཙོ་འཁོར་ཐམས་ཅད་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཀྱིས་མཛེས་པར་བྱས་པ་བསམས་ཏེ་བསྙེན་པའོ། །ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བཀོད་དེ་ཉེ་བར་སྒྲུབ་པའོ། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྣམ་སྣང་ཆེན་པོའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ། ཨོཾ་བཛྲ་ས་མཱ་ཛཿཞེས་པའི་སྔགས་རྒྱ་བྱ། སྔར་བཞིན་མཆོད་ཛཿཧཱུྃ་བྃ་ཧོཿས་རང་དང་དབྱེར་མེད་དུ་བསམས་ཏེ་སྒྲུབ་པའོ། །ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱལ་བ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ་མཆོད་དེ། མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། རྒྱལ་བ་རྣམས་ཀྱི་ཇི་ལྟར་བལྟམས་པ་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་དྲི་མ་ཐམས་ཅད་དག ཆུ་ལྷག་མ་སྤྱི་བོར་འཁྱིལ་པ་ལས་དེ་བཞིན་གཤེགས་པ་ལྔ་ལ་རིན་པོ་ཆེའི་ཅོད་པཎ་དང༌། ཤར་དང་ཤར་ལྷོ་པ་རྣམས་ལ་རྣམ་སྣང༌། ལྷོ་དང་ལྷོ་ནུབ་པ་རྣམས་ལ་རིན་འབྱུང༌། ནུབ་དང་ནུབ་བྱང་པ་ལ་འོད་དཔག་མེད། བྱང་དང་བྱང་ཤར་བ་ལ་དོན་གྲུབ་ཀྱིས་དབུར་བརྒྱན་པར་བསམས་ཏེ་སྒྲུབ་ཆེན་ནོ། །དེ་ནས་འོག་ནས་འབྱུང་བ་ལྟར་མཆོད་བསྟོད་བྱས་ལ། གཙོ་བོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། དེའི་མཐར་བཟླ་བྱའི་གསང་སྔགས་གཡས་སྐོར་དུ་འཁོད་པར་བསམས་ལ། དེ་ཀློག་པའི་ཚུལ་དུ་བྱ་ཞིང༌། ན་མ་སྟྲི་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨཱ་དྷཱ་ཏུ་གརྦྷེ། སཾ་ཧ་ར་མ་མ་ཨཱ་ཡུཿ སཾ་ཤོ་དྷ་ཡ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟ་ཨུཥྞཱི་ཥ་བི་མ་ལེ། བི་ཤུདྡྷེ། ཧཱུྃ་ཧཱུྃ། ཨྃ་བྃ་སྃ་ཛྃ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླས། མཐར་མཆོད་པ་རྣམས་ཡོ་ག་ལྟར་བསང་སྦྱངས་བྱིན་གྱིས་བརླབ། སོ་སོའི་ཚིགས་བཅད་དང་སྔགས་ཀྱིས་དབུལ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས་སོགས་ཀྱིས་རིགས་ལྔའི་བསྟོད་པས་བསྟོད་ལ། ཨོཾ་བཛྲ་མུཿས་བསྒོམས་པའི་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བྃ་ཧོཿ དམ་ཚིག་གི་དཀྱིལ་འཁོར་རྣམས་རང་རྣམ་སྣང་འབའ་ཞིག་ལ་བསྡུས་ལ། བདག་རྣམ་སྣང་གི་ང་རྒྱལ་གྱིས་ཆོ་གའི་བྱ་བའམ། སྤྱོད་ལམ་ལ་འཇུག་གོ །གཙུག་ཏོར་དྲི་མེད་གསང་སྔགས་ཀྱི་དཀྱིལ་འཁོར་ལྷ་ཉི་ཤུ་རྩ་ལྔའི་སྒྲུབ་ཐབས་འདི་རྒྱུད་སྡེའི་དབང་ཕྱུག་མཁས་གྲུབ་ཁྱུང་པོ་ལྷས་པས་མཛད་པའི་དཀྱིལ་ཆོག་གི་ཞབས་ཏོག་ཏུ་དམིགས་ནས་དྲིན་ཆེན་བླ་མ་དམ་པའི་ཞལ་ལས་ཇི་ལྟར་འབྱུང་བ་བཞིན་བདག་བསོད་ནམས་རིན་ཆེན་གྱིས་རྗེ་ཉིད་ཀྱི་སྤྱན་སྔར་སུ་བྲིས་སུ་བཀོད་པའོ།།  །།མངྒ་ལཾ།།  །། «༄། །འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་དཀྱིལ་འཁོར་གྱི་ཆོ་ག་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།  »༈ །འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་མཁྱེན་བརྩེ་ཡེ་ཤེས་ཉི་འོད་ཀྱིས། །ལས་ཉོན་སྲིད་པའི་དྲི་མ་ཀུན་བསལ་ནས། །རྣམ་གྲོལ་ཐར་པའི་སྣང་བ་རྒྱས་མཛད་པ། །ཐུབ་དབང་འགྲོ་བའི་མགོན་ལ་གུས་ཕྱག་འཚལ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འགྲོ་བའི་འཆི་བདག་བར་ཆད་ཀུན་ཞི་ཞིང༌། །སྤྱིན་བདག་བསོད་ནམས་རྒྱས་པར་བྱ་ཕྱིར་དུ། །འོད་ཟེར་དྲི་མེད་ཆོ་ག་བཤད་ཀྱིས་ཉོན། །འདིར་རིགས་གསུམ་སྤྱིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པས། བྱ་བའི་རྒྱུད་སྤྱི་དང༌། བྱེ་བྲག་ལ་མཁས་པའི་སྒྲུབ་པ་པོས། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ལས་བཤད་པའི། གཟུངས་ཀྱི་ཆོ་ག་ཉམས་སུ་བླང་བར་བྱ་བ་ལ་གཉིས་ཏེ། སྔོན་དུ་བསྙེན་པ་དང༌། ལས་ཀྱི་རིམ་པའོ། །དང་པོ་ལ་གཉིས། རྣལ་འབྱོར་དང་བཅས་པའི་བཟླས་བརྗོད་དང༌། དུས་རྒྱུན་གྱི་བཟླས་བརྗོད་དོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། གནས་དབེན་པར་སངས་རྒྱས་ཀྱི་རྟེན་གྱི་སྤྱན་སྔར། ཅི་འབྱོར་པའི་མཆོད་པ་དང༌། གཏོར་མ་གསུམ་བཤམས་ལ། ཡན་ལག་བདུན་པ་སྔོན་དུ་འགྲོ་བས། གསོ་སྦྱོང་རང་གིས་བླང་བའི་ཆོ་གས། ཉིན་ཞག་གི་མཐའ་ཅན་གྱི་གསོ་སྦྱོང་ལ་གནས་པར་བྱའོ། །དེ་ནས་སྟན་ལ་འདུག་སྟེ། མཆོད་རྫས་རྣམས་ལ། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ། ཅེས་པས་བགེགས་བསལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། རིན་པོ་ཆེའི་སྣོད་དུ་མཆོད་རྫས་རྣམས་སོ་སོར་བསྐྱེད་ལ། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། མཆོད་པའི་སྤྲིན་གྱི་གཟུངས་བཟླ་ཞིང༌། རོལ་མོའི་སྒྲ་རྒྱ་ཆེར་བྱའོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་དྲག་པོས་གཟིར་བ་རྣམས། བྱང་ཆུབ་མཆོག་གི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་བདག་གིས། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་ཆོ་ག་ལ་འཇུག་པར་བྱའོ། །སྙམ་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། ཕྱི་ནང་གི་དངོས་པོ་ཐམས་ཅད་ནི་རང་གི་སེམས་ལས་བྱེད་པ་པོ་གཞན་མེད་པས་སེམས་ཀྱང་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་བདག་མེད་པའི་རང་བཞིན་དུ་གྱུར་པར་བསྒོམ་པ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་སོ། །དེ་ནས་སྟོང་པའི་ངང་ལས་རང་གི་ལུས། སྒྱུ་མ་ལྟ་བུར་གྱུར་པའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ། དེའི་དབུས་སུ། ཛི་ན་ཛིཀ ཅེས་པའི་གསང་སྔགས་ཁ་དོག་སེར་པོ། འོད་ཟེར་ལྔ་འཕྲོ་བ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། འོད་ཟེར་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཐིམ་པས། རང་གི་སེམས་ཉིད་གསང་སྔགས་ཀྱི་ཡི་གེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམས་ལ། ལག་པ་གཉིས་ཐལ་མོ་བཀན་པ་ལས། མཛུབ་མོ་གཉིས་ཅུང་ཟད་བཀུག་པ། སྙིང་ག མགྲིན་པ། སྨིན་མཚམས། དཔུང་མགོ་གཉིས་རྣམས་སུ་བཞག་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་ཝེ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ་བོ། །འདི་ནི་བདག་གི་བྱ་བ་སྟེ། རྒྱུད་སྡེ་གཞན་གྱི་ལུགས་ཀྱི་བདག་བསྐྱེད་ཀྱི་དོད་ཡིན་ནོ། །དེ་ནས་མདུན་དུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཁ་གྱེས་པ་ཧཱུྃ་གིས་མཚན་པ། དེ་ཞུ་བ་ལས་འོག་རྡོ་རྗེའི་ས་གཞི། ཁོར་ཡུག་ཏུ་རྡོ་རྗེའི་རྭ་བ་གྲུ་བཞི་པ། སྟེང་གི་ཕྱོགས་སུ་བླ་རེ། ཕྱི་རོལ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་པས་བསྐོར་བའི་སྲུང་འཁོར་གྱི་ནང་དུ། པྃ་ལས་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་སོ་གཉིས་པའི་ལྟེ་བར། ཨྃ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། པྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་སྟེགས་བུ། དེའི་སྟེང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་པ། གྲུ་བཞི་པ། སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན། སྔོ་ལྗང་སེར་དམར་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། རྩིག་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་དང༌། སྟེང་གི་བྱ་འདབ་ལས་དྲྭ་བ་དང༌། དྲྭ་བ་ཕྱེད་པ་འཕྱང་ཞིང༌། མདའ་ཡབ་དང༌། པུ་ཤུ་དང༌། རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་མཆོད་པའི་ལྷ་མོ་དུ་མས་མཆོད་པ་བྱེད་བཞིན་པས་བསྐོར་བ། སྒོ་བཞིའི་སྟེང་གི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི། རྟ་བབས་བང་རིམ་བཞི་དང་ལྡན་པའི་དབུས་སུ་ཆོས་ཀྱི་འཁོར་ལོ། དེའི་སྟེང་དུ་གདུགས། གཡས་གཡོན་དུ་རི་དྭགས་ཕོ་མོ་དང་རྒྱལ་མཚན་དང་བ་དན་དུ་མས་མཛེས་པར་བྱས་པ། གཞལ་ཡས་ཁང་པའི་ནང་གི་ལྷ་སྣམ། ཤར་དམར། ལྷོ་སེར། ནུབ་ལྗང༌། དབུས་དཀར་པོ། བྱང་ནག་པོ་སྟེ། སྟེང་ཕྱོགས་ཀ་བ་བརྒྱད་ཀྱིས་བཏེག་པའི་གདུང་གིས་རིམ་པར་ཕུབ་པའི་རྩེ་མོར། རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་གཞལ་ཡས་ཁང་པར་གྱུར་པར་བསམ་མོ། །དེ་ནས་མདུན་དུ་དུང་ཆོས་སུ་དྲི་བཟངས་དང་བཅས་པའི་ཆུ་ལ་མེ་ཏོག་དཀར་པོ་བླུགས་པའི་མཆོད་ཡོན་དང༌། སྤོས་ཀྱི་རེང་བུ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བས་བཟུང་ལ། མཐེ་བོང་གཉིས་གཡབ་ཅིང༌། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་འདི་བཞེས་ནས། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི། ཞེས་བརྗོད་ལ། མཆོད་ཡོན་བཟེད་ཞལ་གྱི་ནང་དུ་སྦྲེངས། གྲོགས་གཞན་གྱིས་རོལ་མོ་ཅི་ནུས་པ་བྱས་ལ། ལྷ་རྣམས་སྤྱན་དྲང་ངོ༌། །དེ་ལྟར་སྤྱན་དྲངས་པས་རང་བཞིན་གྱི་གནས་ནས། དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་སེམས་ཅན་གྱི་དོན་ལ་བྱོན། གཞལ་ཡས་ཁང་པའི་ནང་དུ་སོ་སོའི་གདན་ལ་བཞུགས་པར་བསམས་ལ། དབུས་སུ་སེང་གེའི་ཁྲི་སྣ་ཚོགས་པདྨ་དང༌། ཟླ་བའི་གདན་ལ། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ། སྐུ་མདོག་སེར་པོ་ཞལ་གཅིག་པ། ཕྱག་གཉིས་ཀྱི་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་ངུར་སྨྲིག་བསྣམས་པ། དབུའི་གཙུག་ཏོར་ལ་སོགས་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་ཟེར་གྱི་དྲྭ་བས་མཛེས་པར་བྱས་པ་མངོན་སུམ་བཞིན་དུ་བཞུགས་པར་བསམ། དེའི་གཡས་སུ་པདྨ་དང་ཟླ་བའི་གདན་ལ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང༌། གཡོན་པདྨ་དཀར་པོ་ཐུགས་ཀར་བསྣམས་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །སངས་རྒྱས་ཀྱི་གཡོན་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཁྲོ་བོའི་ལུས་ཀྱི་ཉམས་ཅན། གཡས་རྔ་ཡབ་དང༌། གཡོན་རྡོ་རྗེ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་མདུན་དུ་ཁྱབ་འཇུག་ནག་པོ་མཁའ་ལྡིང་ལ་ཞོན་པ། ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ན་འཁོར་ལོ་དང་དུང༌། གཡོན་གཉིས་ན་བེ་ཅོན་དང་རལ་གྲི་འཛིན་པ། སངས་རྒྱས་ཀྱི་མདུན་དུ་དྲག་པོ་དཀར་པོ་ཁྱུ་མཆོག་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་པ། མགྲིན་པ་སྔོན་པོ་ཅན། གཡས་རྩེ་གསུམ་དང༌། གཡོན་རལ་གྲི་འཛིན་པ། སྤྱན་རས་གཟིགས་ཀྱི་མདུན་དུ་ཚོགས་བདག་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། འཇིག་རྟེན་སྐྱོང་བ་གསུམ་ཀའང་ལྷའི་གོས་དང་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པའོ། །ཕྱི་རོལ་ནུབ་ཀྱི་ལྷ་སྣམ་གྱི་གཡས་ངོས་སུ་ཚོགས་བདག་དཀར་པོ། གླང་པོ་ཆེའི་གདོང་པ་ཅན་ཞལ་གཅིག་ཕྱག་གཉིས། གཡས་དགྲ་སྟྭ་དང༌། གཡོན་ལ་ཕུག་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་མར་མེ་བཞག་པས། སངས་རྒྱས་སྲས་དང་བཅས་པ་ལ་མཆོད་པ་འབུལ་བ། གཞན་ཡང་གཞལ་ཡས་ཁང་གི་ནམ་མཁའི་ཁམས་ཐམས་ཅད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་ཀྱི་ལྷ་རབ་ཏུ་མང་པོས་གང་བར་མངོན་སུམ་བཞིན་དུ་བཞུགས་པར་བསམས་ལ། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱི་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་གིས་ཁྲུས་གསོལ་བར་བསམ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནཱ་ཡ་སྭཱ་ཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསྟྲ་ཨ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་གོས་རྒྱན་དབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཙནྡྲ་ཨཱ་ས་ན་ཏིཥྛན་ཏུ་སྭཱ་ཧཱ། ཞེས་པས་ལྷ་སོ་སོ་ལ་གདན་ཕུལ་བར་བསམ་མོ། །དེ་ནས་འོག་ནས་འབྱུང་བ་ལྟར་ལྷ་སོ་སོའི་སྔགས་ལན་གསུམ་གསུམ་བརྗོད་ཅིང་ཕྱག་རྒྱ་བསྟན་པར་བྱ་སྟེ། དེ་ལ་ལག་པ་གཉིས་ཕན་ཚུན་ཁུ་ཚུར་བཅངས་ནས། མཐེ་བོང་གཉིས་བསྒྲེང་བ་ནི་བཅོམ་ལྡན་འདས་ཀྱིའོ། །དེ་ཉིད་ལས། མཐེ་བོང་གཡས་པ་གཅིག་ཏུ་བསྟན་པ་ནི་སྤྱན་རས་གཟིགས་ཀྱིའོ། །ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྡམས་པ་ལས། གུང་མོ་གཉིས་ཕྱུང་སྟེ་བརྐྱང་བ་རྩེ་མོ་གཅིག་ཏུ་བྱས་པ་རྡོ་རྗེའི་རྩེ་མོ་འདྲ་བ་བྱས་པ་ཕྱག་རྡོར་གྱིའོ། །ཐལ་མོ་ཁོང་སྟོང་སྦྱར་ནས་མཐེ་བོང་གཉིས་གཤིབས་ནས་ཅུང་ཟད་གཏོད་པ་ཁྱབ་འཇུག་གིའོ། མཐེ་བོང་གིས་མཐེའུ་ཆུང་མནན་སོར་མོ་གསུམ་ཐུར་དུ་བརྐྱང་པ་དྲག་པོའི་མདུང་རྩེ་གསུམ་གྱི་ཕྱག་རྒྱའོ། །ལག་པ་གཉིས་བཀན་ཏེ་མཛུབ་མོ་དང་སྲིན་ལག་རྣམས་བསྣོལ་བར་དཀྲིས་ལ། མཐེ་བོང་གཉིས་ལག་པའི་ནང་དུ་བཅུག་ནས། སོར་མོ་ལྷག་མ་རྣམས་ནི་ཐམས་ཅད་ཀྱང་འདྲ་བར་སོ་སོ་ནས་ལག་པའི་སྟེང་དུ་གདུ་བུ་ལྟར་བཀུག་པ་ནི་གཡུང་དྲུང་རིས་ཀྱིའོ། །དེ་ལྟར་ཕྱག་རྒྱ་རྣམས་བསྟན་པས། དེ་བཞིན་གཤེགས་པ་རྣམས་སྒྲུབ་པ་པོའི་དོན་མཛད་པ་ལས་མི་འདའ་བར་བསམ་མོ། །དེ་ནས་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཤཱཀྱ་མུ་ན་ཡེ་ས་པ་རི་ཝཱ་ར། སྔོན་དུ་འགྲོ་བས། ཨརྒྷཾ་གྱིས་མཆོད་ཡོན། པཱདྱཾ་གིས་ཞབས་བསིལ། པྲོཀྵ་ནཾ་གིས་བསང་གཏོར། བཛྲ་པུཥྤེས་མེ་ཏོག དྷཱུ་པེས་བདུག་སྤོས། ཨཱ་ལོ་ཀེས་མར་མེ། གནྡྷེས་དྲི། ནཻ་ཝི་ཏེས་ཞལ་ཟས། ཤཔྟས་རོལ་མོ། སྔགས་ཀུན་གྱི་མཐར། པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་སྦྱར་ལ་དབུལ། དེ་ནས། ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང༌། །ཞེས་སོགས་ཀྱིས་སངས་རྒྱས་ཀྱི་བསྟོད་པ་གང་ཤེས་དང༌། སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུངས་ལ། །ཞེས་སོགས་སྤྱན་རས་གཟིགས་ཀྱི་དང༌། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །ཞེས་སོགས་ཀྱིས་ཕྱག་ན་རྡོ་རྗེ་དང༌། སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར། ཞེས་སོགས་འཇིག་རྟེན་པ་རྣམས་ལ་བསྟོད་ལ། དེ་བཞིན་གཤེགས་པ་སྲས་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པས་གསོལ་བ་གདབ་བོ། །དེ་ནས་བཟླས་པ་བྱ་བའི་ཕྱིར། བདག་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལས་འོད་ཟེར་འཕྲོས། མདུན་གྱི་སངས་རྒྱས་ཀྱི་ཐུགས་རྒྱུད་བསྐུལ། སངས་རྒྱས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ། བཟླས་བྱའི་གསང་སྔགས་བྲིས་པ་ལྟར་བཀོད་ལ། དེ་ལས་འོད་ཟེར་བྱུང་སྒྲུབ་པ་པོའི་ཐུགས་ཀར་ཟླ་བ་ལ་ཞུགས་པས། སྡིག་པ་དང་སྒྲིབ་པ་ཐམས་ཅད་དག ཚེ་དང་བསོད་ནམས་རྒྱས་པར་བསམས་ལ། ན་མཿསཔྟ་ནཱཾ། སམྱཀྶཾ་བུདྡྷ་ཀོ་ཊཱི་ནཱཾ། པ་རི་ཤུདྡྷེ་མ་ན་སི། ཨ་བྷྱཱ་ར་རྩི་ཏ། པྲ་ཏིཥྛ་ཏཱ་ནཱ་ན། ན་མོ་བྷ་ག་ཝ་ཏེ། ཨ་མི་ཏཱ་ཨཱ་ཡུ་ཥ། ཏ་ཐཱ་ག་ཏ་སྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤུདྡྷེ། ཨཱ་ཡུར་བི་ཤོ་དྷ་ནེ། སཾ་ཧ་ར་སཾ་ཧ་ར། སརྦ་ཏ་ཐཱ་ག་ཏ་བཱིརྻ་བ་ལེ་ན་པྲ་ཏི་སཾ་ཧ་ར། ཨཱ་ཡཱུཿསཱ་ར་སཱ་ར། སརྦ་ཏ་ཐཱ་ག་ཏ་སཏྭ་ས་མ་ཡ། བོ་དྷི་བོ་དྷི། བུ་དྷྱ་བུ་དྷྱ། བོ་དྷ་ཡ་བོ་དྷ་ཡ། མ་མ་སརྦ་པཱ་པཾ་ཨཱ་ཝ་ར་ཎ་བི་ཤུདྡྷེ། བི་ག་ཏ་མ་ལཾ། ཚ་ར་སུ་བུདྡྷ་བུདྡྷེ། ཧུ་རུ་ཧུ་རུ་སྭཱ་ཧཱ། ཞེས་པ་རྩ་བའི་སྔགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མཱ་ལ་བི་ཤོ་དྷ་ནི། རུ་དྷ་བ་ལེ། པྲ་ཏི་སཾ་སྐཱ་ར། ཏ་ཐཱ་ག་ཏ་དྷ་ཏུ་དྷ་རེ། དྷ་ར་དྷ་ར། སཾ་དྷ་ར་སཾ་དྷ་ར། སརྦ་ཏ་ཐཱ་ག་ཏ་ཨ་དྷེཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པ་སྙིང་པོའི་སྔགས་ཏེ་བཅོམ་ལྡན་འདས་ཀྱིའོ། །ཨོཾ་ཛི་ཛི་ཛི་ནཾ། ག་དྷི་ཡ་ཏི་དྷི་ནི་སྭཱ་ཧཱ། ཞེས་པ་སྤྱན་རས་གཟིགས་ཀྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ་སྱེ། ན་མཤྩཎྜ་པཱ་ཊི་སྱེ། མ་ཧཱ་ཡཀྵ་སེ་ན་པ་ཏི་སྱེ། ན་མཿཙཎྜ་པྲ་མ་ར་དྷ་ནཱ་ཡ་སྭཱ་ཧཱ། ཧི་རི་མི་རི་དྷི་རི་ཎི་སྭཱ་ཧཱ། ཞེས་པ་ཕྱག་ན་རྡོ་རྗེའི་འོ། །ན་མོ་བཛྲ་པཱ་ཎི་སྱེ། ཨོཾ་ལོ་ལ་ཙཀྲ་ཡ་སྭཱ་ཧཱ། ཞེས་པ་ཁྱབ་འཇུག་གིའོ། །ཨོཾ་པ་ཤུ་པ་ཏི་ནི་ལ་ཀན་ཐ་ཨུ་མ་ཏྲི་ཡ་སྭཱ་ཧཱ། ཞེས་པ་དྲག་པོའི་འོ། །ན་མོ་ཨོཾ་བཛྲ་པ་ཎི་སྱེ། ཨོཾ་བྷྲ་མ་ར་ཏི་ནི་སྭཱ་ཧཱ། ཞེས་པ་ཚོགས་བདག་རྣམས་ཀྱི་སྟེ། སྨྲ་བ་གཞན་སྤངས་ནས་ཇི་ཙམ་ནུས་ཀྱི་བར་དུ་བཟླས་སོ། །དེ་ནས་སྔར་བཞིན་མཆོད་པ་དང༌། བསྟོད་པ་དང༌། གསོལ་བ་གདབ་པ་རྣམས་བྱས་ལ། སྤྱན་དྲངས་པའི་ཕྱག་རྒྱ་ལས་མཐེ་བོང་ཕྱིར་བཀྱེད་ལ། གཤེགས་སུ་གསོལ་བའི་ཕྱག་རྒྱ་དང༌། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང༌། ཛི་ན་ཛིཀ་གཙྪ། ཞེས་བརྗོད་པས་ལྷ་རྣམས་གཤེགས་སུ་གསོལ། གཞལ་ཡས་ཁང་མི་དམིགས་པར་བསམ། རང་གི་སྙིང་གའི་གསང་སྔགས་ཟླ་བ་ལ་བསྡུ། ཟླ་བ་རྣམ་སྨིན་གྱི་ལུས་ལ་བསྡུས་ལ། སྒྱུ་མ་ལྟ་བུའི་བློས། དགེ་བའི་རྩ་བ་སངས་རྒྱས་སུ་བསྔོས། ཐུན་མཚམས་སུ་གཏོར་མ་རྣམས་ཆ་གསུམ་གྱི་ཆོ་ག་ལྟར་གཏོང་ངོ༌། །དེ་ལྟར་ཐུན་བཞིའི་རིམ་པས་སྡིག་པ་དག་པའི་མཚན་མ་མ་བྱུང་གི་བར་རམ་ཟླ་བ་གསུམ་མམ། ཞག་བདུན་གྱི་བར་དུ་ཉམས་སུ་བླངས་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་ཅིང་གཟིགས་ཏེ་བྱིན་གྱིས་རློབ་པ་མཛད་པར་འགྱུར་རོ། །གཉིས་པ་དུས་རྒྱུན་གྱི་བཟླས་བརྗོད་ནི། ནང་རེ་བཞིན་ཁྲུས་དང་གཙང་སྦྲ་དང་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་འགྲོ་བས། མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དམིགས་ལ། དེ་རྣམས་ཀྱི་གཙུག་ཏོར་ནས་འོད་ཟེར་བྱུང༌། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། འོད་ཟེར་སླར་འདུས་ཏེ་རྒྱལ་བ་རྣམས་ཀྱི་གཙུག་ཏོར་དུ་ཐིམ་པས་རྒྱལ་བ་རྣམས་དགྱེས་ཏེ། ཀ་ལ་པིང་ཀའི་དབྱངས་ལྟ་བུའི་སྒྲས་གསང་སྔགས་གསུངས་པའི་སྒྲའི་རྗེས་ཟློས་བདག་ཉིད་ཀྱིས་བྱེད་པར་བསྒོམས་ལ། རྩ་བའི་སྔགས་ཚར་རེ་རེ་མ་ཆགས་པར་འདོན། མཐར་དགེ་བ་བསྔོ་བ་སོགས་བྱས་ན། ལོངས་སྤྱོད་དང་བདེ་བ་མི་ཟད་པར་ཐོབ་པར་འགྱུར་རོ། །གཉིས་པ་ལས་ཀྱི་རིམ་པ་ལ་གཉིས་ལས་སྤྱིའི་ཆོ་ག་དང་སོ་སོའི་ལས་ཀྱི་ཆོ་གའོ། །དང་པོ་གང་དུ་མཎྜལ་བྲིས་པའི་སར། མཆོད་པ་ལྔ་དང༌། གཏོར་མ་གསུམ་དང༌། འོག་ཏུ་དགོས་པའི་ཡོ་བྱད་རྣམས་འཚོགས་པར་བྱ། རང་རྡོ་རྗེ་དྲིལ་བུ་བཟུང་ནས། ཁ་ནུབ་ཏུ་ཕྱོགས་ཏེ་གསོ་སྦྱོང་བླང་བ་དང༌། སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནས་བརྩམས་ཏེ། ལྷ་གཤེགས་སུ་གསོལ་བའི་བར་བསྙེན་པ་ཅི་ལྟ་བར་བྱ། དེ་ནས་ས་བླང་བའི་ཕྱིར། གཏོར་མ་དང་པོ་ཕྱོགས་སྐྱོང་ལ་ཕུལ་ལ་དཀྱིལ་འཁོར་ཀྱི་ས་ཕྱོགས་འདི་བདག་ཅག་ལ་གནང་བར་མཛད་དུ་གསོལ། ཞེས་བརྗོད། གཉིས་པ་འབྱུང་པོ་སྤྱི་ལ་ཕུལ་ལ། སྔར་བཞིན་ས་བླངས། གསུམ་པ་གནོད་འཚེ་བྱེད་པའི་བགེགས་ལ་བྱིན་ལ། ཕྱི་རོལ་དུ་བསྐྲད་ཅིང༌། ཚར་བཅད་པར་བསམས་ཏེ། ཆ་གསུམ་གྱི་གཏོར་མ་ལྟར་རོ། །དེ་ནས་ས་སྦྱང་བའི་ཕྱིར། ས་སྟེགས་བྱེད་དགོས་ན། ཁྲུ་གསུམ་གྱི་ཚད་དུ་ས་སྟེགས་དང་ཞ་ལ་བྱ། དེ་དག་མི་དགོས་ན། ལས་ཐམས་ཅད་པ་ཟློས་ཤིང་དྲི་བཟངས་ཀྱི་ཆུས་ཁྲུ་གསུམ་གྲུ་བཞིར་བྱུགས་ལ་བྱི་དོར་བྱ། དེར་རྡོ་རྗེ་བསྡམས་པ་བརྐྱང་བ་བཞག་སྟེ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ལན་ལྔ་བརྗོད་པས་ས་ཕྱོགས་རྡོ་རྗེའི་རང་བཞིན་དུ་བསམ། ཨོཾ་བྷཱུ་ཁཾ་ཞེས་བརྗོད་ཅིང་ལག་པ་གཉིས་ས་ལ་རེག་པས་སའི་ཉེས་སྐྱོན་ཐམས་ཅད་དག་ནས། ས་ཕྱོགས་ནམ་མཁའི་རང་བཞིན་དུ་གྱུར་པར་བསམས་ཏེ། སའི་ཆོ་གའོ། །དེ་ནས་ཉི་མ་གཉིས་པའམ། དེ་ཉིད་ཀྱི་དགོངས་ཐུན་ལའང་རུང་སྟེ། ས་ཆོག་བྱས་པའི་གནས་དེར། དཀྱིལ་འཁོར་དུ་བྱ་བ་དང༌། མཎྜལ་དུ་བྱ་བའི་ལུགས་གཉིས་ལས། དང་པོ་ལྟར་ན། སྟ་གོན་བྱེད་དགོས་པས། དེའི་སྔོན་དུ་དཀྱིལ་འཁོར་སྒོ་རྐྱང་ཆ་ཆེན་བཅུ་དྲུག་གི་ཐིག་གདབ། རྩིག་པའི་ནང་ཆ་ཆེན་བརྒྱད་ལ། དབུས་ཀྱི་ས་གཞིར་ཆ་ཆེན་བཞི་གྲུ་བཞིར་གདབ། དེའི་ཕྱི་ཆ་ཆེན་གཅིག་ལྷ་སྣམ། དེའི་ཕྱིའང་ཆ་ཆེན་གཅིག་མཆོད་པའི་སྣམ་བུ་བྱ། ཕྱིའི་ཐིག་རྣམས་སྤྱི་དང་མཐུན་པ་གདབ། ལྷའི་གནས་རྣམས་སུ། མེ་ཏོག་གི་ཚོམ་བུ་བཀོད། ལུགས་འདི་ལ་བུམ་པ་དཀྱིལ་འཁོར་གྱི་གྲྭར་མི་ཤོང་བས། བུམ་པ་དང་མཆོད་རྫས་རྣམས་དཀྱིལ་འཁོར་གྱི་མཐར་བཤམ། དེ་ནས་བདག་གི་བྱ་བ་སྔོན་དུ་འགྲོ་བས། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་བསང་ཞིང་སྦྱངས་ཏེ། གཞལ་ཡས་ཁང་དུ་བསྐྱེད། ལྷ་སོ་སོའི་སྔགས་ལན་བདུན་བདུན་བཟླས་པས། མེ་ཏོག་གི་ཚོམ་བུ་དེ་གཞི་དང་གདན་དུ་གྲུབ་པར་བསམ། དེ་ནས་ལྷ་སྤྱན་དྲངས་པའི་ཆོ་གས་སྤྱན་དྲངས་ཏེ། སོ་སོའི་གདན་གྱི་སྟེང་དུ་བཀོད། ཞལ་ཕྱག་རྣམས་གསལ་གདབ། དེ་ལ་མཆོད་ཡོན་དང་གདན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་པ་རྣམས་བསྙེན་པ་བཞིན་བྱ། བཟླས་པ་མི་མཛད། མཆོད་པ་རྣམས་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞེས་སོགས་ཀྱིས་ཚིགས་བཅད་དང་སྦྱར་ལ་རྒྱས་པར་དབུལ། བསྟོད་པ་དང་གསོལ་གདབ་སྔར་བཞིན་བྱ། དེ་ནས་གཡས་སྤོས་དང་བཅས་པའི་རྡོ་རྗེ་དང༌། གཡོན་དྲིལ་བུ་འཛིན་པས། ཤཱཀྱ་སེང་གེ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་ནི་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང༌། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གསང་སྔགས་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་བོ་ཆེ། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང༌། །འོད་ཟེར་དྲི་མེད་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ། སྙན་གསན་དབབ། དེ་ནས་གཏོར་མ་ཆ་གསུམ་བཏང༌། སླར་ཡང་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ། ནོངས་པ་བཟོད་པར་གསོལ་ལ། ལྷ་རྣམས་གཤེགས་སུ་གསོལ་ཏེ། ལྷ་སྟ་གོན་ནོ། །དབང་བསྐུར་བའི་བུམ་པ་དང༌། སློབ་མ་སྟ་གོན་ནི་དབང་མི་བསྐུར་བས་མི་དགོས་སོ། །དེ་ནས་ཐིག་སྐུད་གསར་པ་ཁ་དོག་ལྔ་པ། ལས་ཐམས་ཅད་པའི་སྔགས་ཟློས་ཤིང་སོ་སོར་བསྒྲིལ། དེ་ནས་གཅིག་ཏུ་བསྒྲིལ་ལ། གཙོ་བོའི་སྔགས་ལན་བདུན་བཟླས་པས་ཡེ་ཤེས་ལྔའི་རང་བཞིན་གྱི་ཐིག་སྐུད་དུ་གྱུར་པར་བསམས་ལ། མདུན་དུ་དཀོན་མཆོག་གསུམ་དང༌། དཀྱིལ་འཁོར་གྱི་ལྷ་བཞུགས་པར་མོས་ལ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་ཀྱིས་ཕྱག་བྱས་ནས། ཤར་དུ་ཐིག་སྐུད་བསྡོགས་ཏེ་བཟུང༌། དེ་ནས་ལྷོར་ཕྱིན་ལ། ཁ་བྱང་དུ་བལྟས། སྒྲུབ་པའི་གྲོགས་མཆོག་བྱང་དུ་འདུག་སྟེ། ཁ་ལྷོར་བལྟས་པའི་ལག་ཏུ་ཐིག་སྐུད་གཏད་དེ། དེ་ནས་གཡས་སྐོར་གྱིས་ཤར་དུ་སོང་སྟེ། ནུབ་ཏུ་བལྟས་ལ་ཚངས་ཐིག་དང་པོ་གདབ། དེ་ནས་ལྷོར་སོང་སྟེ་བྱང་དུ་བལྟས་ནས་གཉིས་པ་གདབ། དེ་ནས་མེར་སོང་སྟེ་བྱང་དུ་བལྟས་ལ་ཤར་གྱི་རྩ་ཐིག་དང༌། དེ་ཉིད་དུ་འདུག་སྟེ་ནུབ་ཏུ་བལྟས་པས་ལྷོའི་རྩ་ཐིག་དང༌། རླུང་དུ་འདུག་སྟེ་ལྷོར་བལྟས་པས་ནུབ་ཀྱི་རྩ་ཐིག་དང༌། དེ་ཉིད་འདུག་ནས་ཤར་དུ་བལྟས་ནས་བྱང་གི་རྩ་ཐིག་དང༌། མེར་འདུག་སྟེ་རླུང་དུ་བལྟས་ལ་ཟུར་ཐིག་དང༌། བདེན་བྲལ་དུ་འདུག་སྟེ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་བཏབ་ལ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང༌། ས་གཞི་དང་བར་སྣང་གཉིས་ཀ་ལ་གདབ་བོ། །དེ་ནས་རྡུལ་ཚོན་ཁ་དོག་ལྔ་པ་མདུན་དུ་བཞག་པ་བསང་ཞིང་སྦྱངས་ལ། ཡེ་ཤེས་ལྔའི་རང་བཞིན་དུ་བསྒོམས་ལ། ལས་ཐམས་ཅད་པ་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབས་ནས། གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་ནས་རེ་ཁཱ་ལྔ་ནང་ནས་རིམ་པ་བཞིན། དཀར་དམར་སེར་ལྗང་སྔོ་བའི་རྩིག་པ་ལྔ་གཡས་བསྐོར་དུ་སྒོ་ཚད་གཅིག་གི་བར་བྲིས་ལ། རིན་པོ་ཆེའི་སྣོད་ཀྱིས་བཀབ་ཕྱིས་སྦྲེལ་རན་པ་དང༌། སྣོད་བླངས་ཏེ་མཚན་མ་བརྟག་ཅིར་སྦྲེལ་ལོ། །དེ་ལ་དབུས་ཀྱི་ས་གཞི་གྲུ་བཞི་པ་དཀར་པོ། ཤར་དཀར། ལྷོ་སེར། ནུབ་ལྗང༌། བྱང་ནག་པོའོ། །གཞན་རྣམས་མེ་རིས་བར་སྤྱི་དང་མཐུན་པར་བྲི། དབུས་སུ་གདན་སེར་པོ་གྲུ་བཞི་པའི་སྟེང་དུ་པད་ཟླ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འོད་ཟེར་འཕྲོ་བས་བསྐོར་བ། མགོ་ཤར་དུ་བསྟན་པ་བྲི། དེའི་གཡས་སུ་གདན་ཟླུམ་པོ་ལ་པད་ཟླའི་སྟེང་དུ་སྡོང་བུ་དང་བཅས་པའི་པདྨ་དཀར་པོ། གཡོན་དུ་ཁྲི་ཟླུམ་པོ་ལ་པད་ཟླའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་མོ་གསུམ་པ། དེའི་མདུན་ནུབ་ཕྱོགས་སུ་གདན་ཟླུམ་པོ་ལ་དུང་དཀར་པོ། དབུས་ཀྱི་འཁོར་ལོའི་མདུན་དུ་ཟླུམ་པོ་ལ་མདུང་རྩེ་གསུམ་པ། དེའི་གཡོན་དུ་གཡུང་དྲུང་རིས་བྲིས་ཏེ། རིག་པ་མཆོག་ལས་གཡུང་དྲུང་རིས་ནི་དཀྱིལ་འཁོར་གྲུ་བཞི་ལམ་པ་གཉིས་རིམ་དུ་བྲིས་ཏེ། ངོས་བཞི་ནས་ཤད་བཞི་དྲངས་ལ་ཚིགས་བཅད་དེ། གཡས་ཕྱོགས་སུ་འཁྱིལ་པ་བྲིའོ། །ཤད་བཞི་པོ་དག་ཀྱང་རིན་པོ་ཆེའི་ཕྲེང་བས་བསྐོར་བར་བྱའོ། །ཞེས་པ་ལྟར་རོ། །ལྷ་སྣམ་ཕྱི་མའི་ཟུར་བཞིར། སྣ་ཚོགས་པདྨ་འདབ་བརྒྱད་རེ། ནུབ་ཀྱི་སྣམ་བུའི་བྱང་ངོས་སུ་ཚོགས་བདག་གི་གཟུགས་སྤྱི་བོར་མར་མེ་དང་བཅས་པ་བྲི། དེ་ལྟར་བྲིས་པ་རྫོགས་པ་དང༌། དཀྱིལ་འཁོར་གྱི་མཐའ་དྲི་བཟངས་པོའི་ཆུས་བྱུག མཆོད་པ་ཅི་འབྱོར་བས་མཐའ་བསྐོར། རྒྱལ་མཚན་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཙུགས། གྲྭ་བཞིར་བུམ་པ་དང༌། ཕྱོགས་བཞིར་མཆོད་པ་རྣམས་འོག་ནས་འབྱུང་བ་བཞིན་དུ་བཤམས་ལ། སྒྲུབ་མཆོད་སོགས་ཆོ་ག་ལ་འཇུག་གོ །མཎྜལ་དུ་བྱ་བ་ལྟར་ན། ས་སྟེགས་ཀྱི་དབུས་སུ་ཁྲུ་དོ་གྲུ་བཞིར་ཚངས་ཟུར་དང་བཅས་པའི་ཐིག་གདབ་ལ། ཚངས་ཐིག་གི་གཡས་གཡོན་ཕྱེད་མར་བྱས་པས་རེ་མིག་བཞིར་འགྱུར། དེའི་ནང་མའང་ཕྱེད་དུ་བྱས་ལ། དབུས་ཀྱི་ས་གཞི་གྲུ་བཞི་པ་དཀར་པོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཉིས་ཀྱི་མཚན་མ་དགོད། དེའི་ཕྱིར་ལྷ་སྣམ་ཕྱོགས་མདོག་ལ་འཇིག་རྟེན་སྐྱོང་བ་གསུམ་གྱི་མཚན་མ་དགོད་དོ། །དེ་ཉིས་འགྱུར་གྱི་ལྷ་སྣམ་ཕྱི་མ་ཕྱོགས་མདོག་ཏུ་བྱས་པའི་གྲྭ་བཞིར་པདྨ་འདབ་བརྒྱད། དེ་དག་གི་སྟེང་དུ་སྤོས་ཆུས་བཀང་བའི་བུམ་པ་དཀར་པོ་མགུལ་ཆིངས་ཁ་རྒྱན་དང་བཅས་པ་བཞི་བཞག ཤར་གྱི་མཆོད་སྣམ་སྟེང་དུ། དུ་བ་འཐུལ་བཞིན་པའི་རིན་པོ་ཆེའི་སྤོས་སྣོད་གསུམ། ལྷོའི་སྣམ་བུ་ལ་ཟས་བཟང་དགུ་སྣ་ཚོགས་པ་དང༌། དཀར་གསུམ་དང༌། འབྲས་ཆན་སྦྱར་བ་དགོད་དོ། །ནུབ་ཀྱི་སྣམ་བུ་ལ་དྲི་ཆུས་གང་བའི་དུང་ཆོས་དང༌། མེ་ཏོག་སྣ་ཚོགས་དང༌། འབྲས་བུ་སྣ་ཚོགས་ཀྱི་སྣོད་བཞག བྱང་གི་སྣམ་བུ་ལ་གཏོར་མ་དང༌། དྲི་ཆུས་གང་བའི་བུམ་པའམ། རིན་པོ་ཆེའི་སྣོད་དྲི་བཟངས་ཀྱིས་བཀང་བ་བཞག ནུབ་བྱང་གི་གྲྭར་ཚོགས་བདག་དཀར་པོ་གླང་སྣ་ཅན། གཡས་དགྲ་སྟྭ། གཡོན་ལ་ཕུག་འཛིན་པ། བྲིས་ལ་དེའི་སྤྱི་བོའི་སྟེང་དུ་མཆོད་པའི་མར་མེ་བཞག་གོ །དེ་ལྟར་མཎྜལ་གྲུ་བཞིར་བྲིས་པའི་མཐའ་སྐོར་དུ། སྔར་ལྟར་མཆོད་པ་དང༌། རྒྱལ་མཚན་དང༌། གཏོར་མ་ཆ་གསུམ་ཡང་བཤམ་མོ། །དེ་ལུགས་གཉིས་ལས་མཎྜལ་རྐྱང་པར་བྱེད་པ་འདི་གཟུངས་ཀྱི་དགོངས་པར་སྣང་ངོ༌། །དེ་ནས་མཎྜལ་གྱི་མདུན་དུ་འདུག་ལ། གསོ་སྦྱོང་བླང་བ་ནས། བདག་གི་བྱ་བའི་བར་བྱ། མདུན་གྱི་རྡུལ་ཚོན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས་ནས་གཞལ་ཡས་ཁང་བསྐྱེད་པའི་བར་སྔར་བཞིན་བྱ། དེ་ནས་མཎྜལ་གྱི་མདུན་དུ་དངུལ་ལ་སོགས་པའི་སྣོད་བཞག་ལ། དེར་རང་ངམ། སྒྲུབ་གྲོགས་ཀྱིས་ལྷ་རེ་རེ་བཞིན་མཆོད་ཡོན་སྦྲེངས་པས་སྤྱན་དྲངས་ཏེ། དད་པ་དང་ནི་དམ་ཚིག་སོགས་དང༌། ཤཱཀྱ་མུ་ནེ་ཨེ་ཧྱེ་ཧི་ཞེས་པས་སངས་རྒྱས་དང༌། ཨརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་རས་གཟིགས་དང༌། བཛྲ་པཱ་ཎི་ཨེ་ཧྱེ་ཧི་ཞེས་པས་ཕྱག་རྡོར་དང༌། བིཥྞུས་ཁྱབ་འཇུག་དང༌། རུ་དྲས་དྲག་པོ། ག་ཎ་པ་ཏི་ཨེ་ཧྱེ་ཧི་ཞེས་པས་ཚོགས་བདག་རྣམས་སྤྱན་དྲང༌། སོ་སོའི་གདན་གྱི་སྟེང་དུ་ལྷ་རྣམས་བསྐྱེད། དེ་ལ་བྱོན་ལེགས་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་པའི་བར་སྔར་ལྟར་བྱ། མཆོད་པའི་སྐབས་སུ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་པའི་ཚིགས་བཅད་དང་སྦྱར་ལ། རྒྱས་པར་དབུལ། གཙོ་བོ་ལ་བཟླས་པ་བརྒྱ་རྩ་བརྒྱད། གཞན་རྣམས་ལ་ཅི་ནུས་པ་བྱས་པའི་རྗེས་སུ། དཀྱིལ་འཁོར་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་ནས། བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལྷ་ལ་བརྟན་བཞུགས་བྱ། དེ་ནས་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ལ། སྔགས་དང་ཚིགས་བཅད་དང་བཅས་པའི་ཉེར་སྤྱོད་རོལ་མོ་དང་བཅས་པ་རྒྱས་པར་དབུལ། སྲབ་འཇམ་ཡང་པ་ལྷ་ཡི་གོས། །ཞེས་སོགས་ཀྱིས་ན་བཟའ་དང༌། རིན་ཆེན་སྣ་བདུན། འདོད་ཡོན་ལྔ། བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་པ་རྣམས་སྤྱི་དང་མཐུན་པ་བྱ། བསྟོད་པ་དང༌། གསོལ་བ་བཏབ་པ་སྔར་བཞིན་བྱས་པའི་རྗེས་ལ། ལྷ་རྣམས་ཀྱི་གཏོར་མ་རྣམས་སྦྱངས་ནས། ལས་ཐམས་ཅད་པས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ཁཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞལ་ཟས། ཁ་དོག་དྲི་རོ་བཅུད་ཕུན་སུམ་ཚོགས་པ། འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པར་བལྟས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཤཱཀྱ་མུ་ན་ཡེ། ལོ་ཀེ་ཤྭ་ར། བཛྲ་པཱ་ཎི། ས་པ་རི་ཝཱ་ར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། །ཞེས་སོགས་གསུམ་མམ། བདུན་གྱི་མཐར། མཆོད་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་གནས་དེ་ཉིད་དམ། ཕྱི་རོལ་དུ་གཏོར་མ་ཆ་གསུམ་བཏང་བ་ནི། དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཆོ་ག་སྟེ་འོག་ནས་འབྱུང་བའི་ལས་ཐམས་ཅད་པའི་སྔོན་དུ་འགྲོ་བའོ། །གཉིས་པ་སོ་སོའི་ལས་ལ་གཉིས། གཤིན་པོ་ལ་ཕན་གདགས་པའི་ཆོ་ག་དང༌། ཚོགས་བསགས་ཤིང་སྡིག་པ་སྦྱང་བའི་ཆོ་གའོ། །དང་པོ་ལ་གཉིས། བཟླས་བརྗོད་བྱས་ཏེ་སྡིག་པ་སྦྱང་བ་དང༌། མཆོད་རྟེན་བྱས་ཏེ་སྡིག་པ་སྦྱང་བའོ། །དང་པོ་ནི། སྒྲུབ་མཆོད་ཡན་སྔར་བཞིན་ཚར་བའི་རྗེས་ལ། དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ཚེ་འདས་ཀྱི་རུས་པའམ། མིང་བྱང་བཞག་ལ། མདུན་བསྐྱེད་ཀྱི་ལྷ་ལ། དེ་བཞིན་གཤེགས་པ་སྲས་དང་བཅས་པས། ཚེ་ལས་འདས་པ་ཆེ་གེ་མོའི་སྡིག་པ་དང༌། སྒྲིབ་པ་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ངན་འགྲོའི་ལམ་བཅད་དུ་གསོལ། མཐོ་རིས་ཀྱི་འཇིག་རྟེན་དུ་ཁྲིད་པར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ནས། འོད་ཟེར་ཅན་གྱི་སྣང་བ་ཆེན་པོ་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས། སླར་འདུས་ནས་མདུན་གྱི་རུས་པའམ་མིང་ལ་ཐིམ་པས། དེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་པར་བསམས་ལ། གཙོ་བོ་རྐྱང་པའི་རྩ་གསང་སྔགས་ལན་བདུན་ཅུ་རྩ་བདུན་དུ་བཟླས་སོ། །ཡང་བཟླས་པ་ཅི་ནུས་བྱས་ལ། བྱེ་མའམ་ཡུངས་ཀར་ལ་བསྔགས་ཏེ། རུས་བུ་ལ་གསང་སྔགས་བཟླས་ཤིང་བྲབ་བོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་རྒྱས་པར་འབུལ་བ་ནས། བཀྲ་ཤིས་ཀྱི་བར་དང༌། འོག་ནས་འབྱུང་བ་བཞིན་དུ་བྱས་ན། ཚེ་འདས་ངན་སོང་དུ་ལྷུང་བ་ཡང༌། དེའི་མོད་ལ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །གཉིས་པ་མཆོད་རྟེན་ལ་བརྟེན་ཏེ་སྡིག་པ་སྦྱོང་བ་ནི། མཆོད་རྟེན་འབུམ་ཕྲག་ལ་སོགས་པ་ཆོ་ག་བཞིན་བཏབ་པའི་ནང་དུ། འདིའི་གསང་སྔགས་བྲིས་པ་བཅུག་སྟེ། རབ་གནས་ཚུལ་བཞིན་དུ་བྱས་ལ་གནས་དབེན་པར་བཞག་པའམ། ཡང་ན་མཆོད་རྟེན་ཆེན་པོ་བྱས་ལ། དེར་སྔར་གྱི་མཆོད་རྟེན་རྣམས་རེ་རེ་ནས་དབུ་ཞབས་མ་ལོག་པར་བཀུར་སྟི་དང་བཅས་ཏེ་བཞུགས་སུ་བཅུག སྲོག་ཤིང་བརྟན་པའི་ཆོ་ག་འོག་ནས་འབྱུང་བ་བཞིན་དང༌། རབ་གནས་བྱས་ན། ཚེ་འདས་དེ་དག་དགའ་ལྡན་དུ་སྐྱེ་བར་འགྱུར་ཞིང༌། མཆོད་རྟེན་དེ་ལ་ཕྱག་དང་བསྐོར་བ་བྱས་པའི་གང་ཟག་ཀྱང་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ནས། གསང་སྔགས་གཞན་གྱི་བཅད་པ་དང༌། མནན་པར་མི་ནུས་པའི་བར་གྱི་ཕན་ཡོན་ཐམས་ཅད་འབྱུང་བར་འགྱུར་རོ།།  །།གཉིས་པ་ཚོགས་བསགས་ཤིང་སྡིག་པ་སྦྱང་བའི་ཆོ་ག་ལ་གསུམ། རང་ངམ་གཞན་གྱི་འཆི་བ་བསླུ་བའི་ཆོ་ག མཆོད་རྟེན་གྱི་སྲོག་ཤིང་འཛུགས་པའི་ཆོ་ག ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཆོ་གའོ། །དང་པོ་ནི། ཆོ་ག་མི་བྱེད་པའི་ཉི་མ་འགའ་ཞིག་གི་གོང་དུ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་བསྐོར་བ་ལན་བདུན་ཅུ་རྩ་བདུན་བྱ། བཅོམ་ལྡན་འདས་ཀྱི་རྩ་སྔགས་ལན་བདུན་ཅུ་རྩ་བདུན་བཟླས། མཆོད་རྟེན་བདུན་ཅུ་རྩ་བདུན་ཆོ་ག་བཞིན་བཏབ་པའི་ནང་དུ། འདིའི་རྩ་སྔགས་གསེར་རམ། མ་འབྱོར་ན་གི་ཝང་ངམ། སྣག་ཚས་བདུན་ཅུ་རྩ་བདུན་བྲིས་ལ་བཅུག རབ་ཏུ་གནས་པ་ཚུལ་བཞིན་དུ་བྱས། དེ་ནས་མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་མཐའ་སྐོར་དུ་བཀུར་སྟི་དང་བཅས་ཏེ་བཤམ། སྔར་ལྟར་དཀྱིལ་འཁོར་མཆོད་པ་ཡན་ཆད་ཚར་བ་དང༌། གྲྭའི་བུམ་པ་བཞི་བསང་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཾ་ལས་རིན་པོ་ཆེའི་བུམ་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམ། མདུན་གྱི་དེ་བཞིན་གཤེགས་པ་གཙོ་འཁོར་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་རྣམས་ཀྱི་སྡུག་བསྔལ་དང་སྡིག་པ་རྣམས་ཞི་བར་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད། དེ་ཐམས་ཅད་ལས་འོད་ཟེར་བདུད་རྩིའི་རྒྱུན་ལྟ་བུ་བྱུང་ནས། བུམ་ནང་གི་ཆུ་ལ་ཐིམ་པས། ཡེ་ཤེས་ཀྱི་ཆུར་གྱུར་པར་བསམས་ལ། རྩ་སྔགས་བདུན་ཅུ་རྩ་བདུན་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཅི་ནུས་བཟླས་ལ། ཡེ་ཤེས་ཀྱི་ཆུར་བསམས་ཏེ་བུམ་བཟླས་སོ། །དེ་ནས་བསྒྲུབ་བྱ་ཁྲུས་བྱ། གོས་གསར་པ་གྱོན། ཀུ་ཤའི་སྟན་ལ། དཀྱིལ་འཁོར་གྱི་ནུབ་ཕྱོགས་ནས་ཕྱག་འཚལ་དུ་བཅུག་ལ་བཞག མདུན་དུ་ཅི་འབྱོར་པའི་མཆོད་པ་དང༌། ཁྱད་པར་ཞལ་ཟས་མང་དུ་བཤམ། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་གུས་པའི་ཡིད་ཀྱིས། སློབ་དཔོན་གྱི་རྗེས་ཟློས་བྱ་ཞིང༌། ཕྱག་འཚལ་དུ་བཅུག་སྟེ། བདག་མིང་འདི་ཞེས་བགྱི་བས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་སྐྱོང་བར་ཞལ་གྱིས་བཞེས་པ། ཁྱབ་འཇུག་དང༌། དྲག་པོ་དང༌། ཚོགས་བདག་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་བསྟན་པ་སྐྱོང་དུ་གསོལ། ཞེས་དང༌། ཇི་སྙེད་སུ་དག ཞེས་སོགས་ཀྱིས་ཕྱག་འཚལ། མཆོད་པའི་སྐབས་སུ་མདུན་གྱི་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ལ། རྒྱས་པར་དབུལ་དུ་གཞུག དེ་ནས་སྡིག་པ་བཤགས་པ་ནས་བསྔོ་བའི་བར། ཡན་ལག་བདུན་པ་ཚང་བར་བྱས་པའི་རྗེས་ལ། བསྒྲུབ་བྱ་པུས་མོ་བཙུགས་ཐལ་མོ་སྦྱར། ལག་ཏུ་བདུག་སྤོས་འཛིན་དུ་བཅུག་ལ། དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་བྱས་ལ། དེ་བཞིན་གཤེགས་པ་སྲས་དང་བཅས་པས། བདག་གི་དུས་མ་ཡིན་པའི་འཆི་བའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ངན་འགྲོའི་ལམ་བཅད་དུ་གསོལ། གཤིན་རྗེའི་གནོད་པ་བཟློག་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག དེ་ནས་མདུན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། བསྒྲུབ་བྱའི་ལུས་ལ་ཕོག་པས། གཞན་སྲོག་བཅད་པའི་སྒྲིབ་པ་ལ་སོགས་པ་ཚེ་ཐུང་བའི་རྒྱུ་དང༌། སྡིག་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་བཀྲུས་པར་བསམས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱི་ཚིགས་བཅད་དང༌། རྩ་སྔགས་བདུན་ཅུ་རྩ་བདུན་ཟློས་བཞིན་དུ། ལྷོ་ནུབ་ཀྱི་བུམ་པ་ནས་གཡས་སྐོར་གྱིས་བླངས་ལ། འཐུང་ཞིང་ཁྲུས་བྱེད་དུ་བཅུག དེའི་ཚེ་སློབ་དཔོན་རྐྱང་པས་སྔགས་བདུན་ཅུ་རྩ་བདུན་འདོན། མི་ནུས་ན། སྒྲུབ་གྲོགས་སམ། དགེ་སློང་གཙང་མ་བཞིས། བསྒྲུབ་བྱའི་མཐའ་སྐོར་དུ་ཀློག་ཏུ་བཅུག་ལ་གྲངས་ཚང་བར་བྱ། དེ་ལྟར་འཐུང་ཞིང་ཁྲུས་བྱས་པས། ཚེ་ཐུང་བའི་རྒྱུ་སྡིག་པ་དང་དྲི་མ་ཐམས་ཅད་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ། ཡང་མདུན་གྱི་སངས་རྒྱས་ཀྱི་ཐུགས་ཀ་ནས་འཆི་མེད་ཚེའི་ཆུ་རྒྱུན་འོ་མ་ལྟ་བུ་མང་པོ་བྱུང་བ། བསྒྲུབ་བྱའི་སྤྱི་བོར་ཐིམ་པས་ཚེའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ། བཀྲ་ཤིས་ཀྱི་ཚིགས་བཅད་འདོན། མེ་ཏོག་གཏོར་ཞིང་རོལ་མོ་བྱའོ། །དེ་ནས་དཔོན་སློབ་རྣམས་ཐལ་མོ་སྦྱར་ཏེ། མདུན་དུ་འདུག་ལ་གསོལ་བ་གདབ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། འཕགས་པ་ཆོས་སྐྱོང་བའི་ཚོགས་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ནས་འབྱུང་བའི་ཆོ་ག་བཞིན། དེའི་རྩ་བའི་སྔགས་བདུན་ཅུ་རྩ་བདུན་བྲིས་ཏེ་ནང་དུ་བཅུག་པའི་མཆོད་རྟེན་བདུན་ཅུ་རྩ་བདུན་བཏབ་ཏེ། མཆོད་ཅིང་མངའ་གསོལ་བ་ཡང་བགྱི། དཀྱིལ་འཁོར་བྲིས་ཏེ་འཕགས་པའི་ཚོགས་དང་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་རྣམས་གདན་དྲངས་ཏེ། མཆོད་པའི་ཚོགས་སྦྱར་བ་རྣམས་ཀྱིས་མཆོད་ཅིང་གསོལ་བ་གདབ་པ་དང༌། གཟུངས་སྔགས་བཟླས་ཤིང༌། འབྱུང་པོ་རྣམས་གཏོར་མས་ཚིམ་པར་བྱས་པའི་མཐུས། ཆེ་གེ་མོ་ལ་སོགས་པ་ལས་དང་ཉོན་མོངས་པས་མནར་ཞིང༌། ནད་དང་སྡུག་བསྔལ་གྱིས་གཙེས་ནས་དུས་མ་ཡིན་པར་འཆི་བས་ཉེན་ཏེ། སྐྱབས་སུ་སོང་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ནས། སྔོན་གྱི་སྨོན་ལམ་བཟང་པོ་ལས་བླངས་ན་སྟེ། ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང༌། གནོད་པ་ཐམས་ཅད་བྱང་ཞིང༌། ཞི་བ་དང༌། ཕན་པ་དང༌། བདེ་བ་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་བར་བྱིན་གྱིས་བརླབ་ཅིང༌། ཇི་ལྟར་འཚལ་བ་བཞིན་དུ་འགྲུབ་པའི་དངོས་གྲུབ་དམ་པ་སྩལ་བར་ཅི་གནང༌། སྔོན་བྲམ་ཟེ་སེར་སྐྱའི་ཟླ་བ་ལ་ཐུགས་བརྩེ་བའི་སྒོ་ནས། དཔལ་གྱི་མགུར་ནས་འདི་སྐད་དུ། གང་ལ་ལ་འདིའི་ཆོ་ག་བྱེད་པར་འདོད་ན། ཚེས་བརྒྱད་དང༌། བཅུ་གསུམ་དང༌། བཅུ་བཞི་དང༌། བཅོ་ལྔ་རྣམས་གང་ཡང་རུང་བ་ལ་མཆོད་རྟེན་རིང་བསྲེལ་ཅན་ལ། བདུན་ཅུ་རྩ་བདུན་བསྐོར་ལ། གསང་སྔགས་འདི་ལན་བདུན་ཅུ་རྩ་བདུན་བཟླས་བརྗོད་བྱས་ཁྲུས་བྱས་ལ། དཀྱིལ་འཁོར་བྱས་ནས་གསང་སྔགས་ཀྱི་ཡི་གེ་བདུན་ཅུ་རྩ་བདུན་བྲིས་ཏེ། དེའི་གསང་སྔགས་འདོན་པ་དང༌། ཡི་གེ་འདྲི་བ་ཡང་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཏེ། ལུས་སྤོས་ཀྱིས་བྱུགས་ནས། ཟས་གཙང་མ་ཟོས་ལ། མེ་ཏོག་དང་བདུག་སྤོས་ཀྱིས་མཆོད་དེ། དེ་ལ་རིན་པོ་ཆེ་སྣ་བདུན་ཡང་ཡོན་དུ་ཕུལ་ལམ། ཡང་ན་བདག་གི་ཉམས་ཀྱིས་ཅི་འབྱོར་པ་ཕུལ་ཡང་རུང་སྟེ། སེམས་མགུ་བར་བྱའོ། །ཆོས་བཙུན་པར་བྱ་བའི་ཕྱིར། བསྟི་སྟང་དང་རིམ་གྲོ་ཆེར་བྱའོ། །གསང་སྔགས་ཀྱི་ཡི་གེ་ལ་ཡང་དཀོན་ཞིང་རིན་པོ་ཆེར་འདུ་ཤེས་བཞག་སྟེ། མཆོད་རྟེན་ཆེ་ཆུང་ཇི་ཙམ་ནུས་པ་བདུན་ཅུ་རྩ་བདུན་གདབ་པར་བྱ་ཞིང༌། དེ་རེ་རེའི་ནང་དུ་གསང་སྔགས་བཅུག་སྟེ། སེམས་རྩེ་གཅིག་ཏུ་མཆོད་པ་ཆེན་པོ་བྱས་ན། ཚེ་ཟད་པ་ལས་ཚེ་སླར་ནུར་ཏེ་ཚེ་རིང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ། ཚེ་རབས་གྲངས་མེད་པའི་སྡིག་པ་ཐམས་ཅད་བྱང་ནས། ནམ་དུ་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་ཀྱི་སྐྱེ་གནས་ཐམས་ཅད་དུ་སྐྱེ་བར་མི་འགྱུར་རོ། །གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་འགྱུར། ཡིད་ལ་བསམ་པ་ཐམས་ཅད་ཀྱང་དེ་བཞིན་དུ་འགྲུབ་པར་འགྱུར། དེ་བཞིན་གཤེགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གང་ལ་ལ་ཞིག་ནད་ཚབས་ཆེན་པོས་ཆེར་བཏབ་ཏེ། འཆི་བའི་དུས་བྱེད་པ་ལ་ཐུག་ན། དཀྱིལ་འཁོར་གྲུ་བཞི་པར་བྱས་ལ། དེའི་སྟེང་དུ་ཚོན་སྣ་ལྔའི་རི་མོར་བྲིས་ཏེ། དབུས་ཀྱི་ཆར་ནི་འཁོར་ལོ་དང༌། རྡོ་རྗེ་དང༌། དུང་དང༌། མདུང་རྩེ་གསུམ་པ་དང༌། གཡུང་དྲུང་རིས་དང༌། པདྨ་རྣམས་བྲིའོ། །གྲྭ་བཞིར་ཡང༌། པདྨ་རེ་རེ་བྲིས་ཏེ། དེའི་སྟེང་དུ་སྤོས་ཆུའི་བཀང་བའི་བུམ་པ་རེ་རེ་གྲྭ་བཞིར་གཞག་གོ །བདུག་སྤོས་ཀྱི་སྣོད་བཀང་བ་སྤོས་སྣ་ཚོགས་འཐུལ་བ་ཡང་གཞག་གོ །ཁ་དོག་སྣ་ལྔའི་མདོག་ཏུ་ཁ་ཟས་སྣ་ཚོགས་དང༌། ཟས་དཀར་གསུམ་དང༌། འབྲས་ཆན་དུ་སྦྱར་བ་བཞག ཡང་དྲིའི་ཆུ་དང༌། མེ་ཏོག་དང༌། འབྲས་སམ། འབྲུའི་སྣོད་ཕོར་བུ་རེ་རེ་བླུག་པ་དང༌། ཡང་ཁ་ཟས་སྣ་ཚོགས་སྦྱར་བའི་གཏོར་མ་སྤོས་ཆུས་བུམ་པ་གང་དང་སྦྱར་ཏེ། དཀྱིལ་འཁོར་གྱི་སྟེང་དུ་གཞག་གོ །གཏོར་མ་དེ་དང་འབྲས་ཀྱི་དྲུང་དུ་ཉེ་བར་ཚོགས་ཀྱི་བདག་པོའི་གཟུགས་བྲིས་ལ། དེའི་སྤྱི་བོའི་སྟེང་དུ་མར་མེ་གཞག་གོ །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ་ནད་པ་བཞག་ལ། དཀྱིལ་འཁོར་གྱི་ནང་དུ་ཁ་བསྟན་པའི་ནད་པའི་མདུན་དུ་ཡང་མཆོད་པའི་བཤོས་བཞག་སྟེ་དབུས་སུ་གཞུག་གོ །དེ་ནས་སྔགས་མཁན་གཙང་སྦྲ་ཆེར་བྱས་ཏེ། ནད་པ་དེ་ལ་གསང་སྔགས་བདུན་ཅུ་རྩ་བདུན་གྱིས་བཏབ་ཏེ་ཆོ་ག་འདི་ལྟར་བྱས་ན། ནད་པ་ཚེ་ཟད་དེ་འཆི་བའི་དུས་བྱེད་དུ་ཉེ་བ། ཞག་བདུན་ན་དྲན་པ་ཉམས་ཤིང་འཁྲུལ་པར་འགྱུར་བ་ཡང༌། ཚེ་སླར་ནུར་ཞིང་ཚེ་རིང་པོར་འགྱུར་རོ། །རྨི་ལམ་གྱི་སྡུག་བསྔལ་ཡང་མྱོང་བར་མི་འགྱུར། ཞེས་བྱ་བ་ལ་སོགས་པའི་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད། ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང༌། དེ་བཞིན་གཤེགས་པའི་བཀའ་ཡང་དག་པར་ཚད་མར་གྱུར་པས། ཇི་ལྟར་བཀའ་སྩལ་པ་བཞིན་དུ། བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང༌། ཞེས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་སློབ་མའི་སྤྱི་བོར་རྡོ་རྗེ་དང་བཅས་པའི་སྤོས་ཆུ་དང༌། ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས་ལ། ཕྱག་འཚལ་དུ་བཅུག་སྟེ། གནས་གཞན་དུ་བཏང་ངོ༌། །དེ་ལྟར་བྱས་ན་ཚེ་ཟད་པ་ཡང༌། སླར་ཚེ་འཕེལ་ཏེ། ཚེ་ཤིན་ཏུ་རིང་བར་འགྱུར་རོ། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་རྒྱས་པར་དབུལ། བསྟོད་པ་བྱ། འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་མང་དུ་བརྗོད་པས་ལྷག་ཆད་ཁ་བསྐང༌། མཆོད་ཡོན་དབུལ། ལྷ་རྣམས་གཤེགས་སུ་གསོལ། ཨ་ཀཱ་རོའི་སྔགས་ཀྱིས་རྡུལ་ཚོན་ཕྱགས་ལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར། ལས་ཀྱི་རྗེས་རྣམས་བསྡུས་ལ། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་དོ།།  །།གཉིས་པ་སྲོག་ཤིང་འཛུགས་པའི་ཆོ་ག་ནི། མཆོད་རྟེན་གྱི་བུམ་གདན་མན་ཆད་གྲུབ་ཚར་བ་དང༌། དེའི་ཉེ་ལོགས་སུ་སའི་ཆོ་ག་ནས། དཀྱིལ་འཁོར་སྒྲུབ་མཆོད་ཀྱི་བར་ཕལ་ཆེར་སྔར་དང་འདྲ་བར་བྱ། འོན་ཀྱང་སྔར་གྱི་གྲྭའི་བུམ་པ་བཞི་མི་དགོས་པས། དེའི་ཚབ་ཏུ་དུང་ཆོས་དྲི་བཟངས་ཀྱིས་བཀང་བ་རེ་བཞག སྣམ་བུའི་ནུབ་ཏུ་བཀོད་པའི་མཆོད་པ་རྣམས་ལྷོར་བཀོད། ཏིལ་ནག་དང༌། མ་ཤ་དང༌། འབྲས་བསྲེས་ནས་བཙོས་པའི་ཐུག་པ་དང༌། དཀར་གསུམ་གྱིས་བཀང་བའི་སྣོད་དམ་བུམ་པ་དང༌། ཤིང་ཏོག་སྣ་ཚོགས་དང༌། ཨ་རུ་ར་ལ་སོགས་པའི་འབྲས་བུ་དགུ་བཅུ་རྩ་དགུ་ནུབ་ཏུ་དགོད། བྱང་དུ་སྔར་བཤད་པའི་རྫས་དང༌། སྤོས་དང་མེ་ཏོག་སྣ་ཚོགས་དགོད། གཞན་རྣམས་སྔར་དང་འདྲ་བར་བྱའོ། །ཤིང་བཟོ་བ་དང༌། ཡི་གེ་པ་གསོ་སྦྱོང་གི་སྡོམ་པ་ལ་གནས་པས། ཙནྡན་ལ་སོགས་པ་ཤིང་བཟང་པོ་ལ་སྲོག་ཤིང་བྱས་པའི་ཕྱོགས་བཞིར་ཁུང་བུ་གྲུ་བཞི་པ་རེ་བཏོད་ལ། དེར་གསེར་དངུལ་ལམ། གི་ཝང་ངམ། མ་འབྱོར་ན། སྣག་ཚས། ཨོཾ་སརྦ་ཏ་ཐཱ་ག་ཏ་བི་པུ་ལ་ཡཥྚི། མ་ཎི་ཀ་ན་ཀ་རཱ་ཛ། བི་བྷཱུ་ཥི་ཏ་ཡཥྚི། དྷུ་རུ་དྷུ་རུ། ས་མནྟ་བི་ལོ་ཀི་ཏེ། ས་ར་ས་ར། མ་མ་སརྦ་པཱ་པཾ། བེ་ཤོ་དྷ་ནི། སཾ་བོ་དྷ་ནི། པྲ་བ་ར་ཡཥྚི། བ་ར་མ་ཎི་དྷྭ་ཛ་རུ་ཙི་ར། མ་ལ་བི་ཤུདྡྷེ། ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་དགུ་བཅུ་རྩ་དགུ་བྲིས་ལ་གཞུག གལ་ཏེ་ཆུང་བས་ནང་དུ་མི་ཤོང་ན། སྲོག་ཤིང་གི་ཕྱོགས་མཐའ་དག་ནས་དཀྲི། དེར་དར་ལ་སོགས་པའི་ན་བཟའ་བཟང་པོས་དཀྲིའོ། །འོད་ཟེར་དྲི་མེད་ཀྱི་གཟུངས་རྫོགས་པ་བྲིས་ལ། སྲོག་ཤིང་གི་སྟོད་ཀྱི་ཆར་བཅུག སྙིང་པོའི་སྔགས་སྲོག་ཤིང་གི་རྩ་བ་དང༌། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་བྲིས་ལ། སྲོག་ཤིང་གི་རྩེ་མོར་བཅུག བ་དན་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ལ། མཆོད་རྟེན་གྱི་དབུས་སུ་བཅུག་ལ། དགེ་སློང་གཙང་མས་བཟུང་བའམ། སྲོག་ཤིང་ཤིན་ཏུ་ཆེ་ན། སྲད་བུ་མང་དུ་བཏགས་པ། ཕྱོགས་མཐའ་དག་ནས་སྐྱེས་བུས་འཐེན། དེ་ལ་དར་གྱི་ལྡ་ལྡི་དང༌། མེ་ཏོག་གི་ཆུན་འཕྱང་མང་དུ་བཏགས་ལ་བཟུང༌། མཆོད་རྟེན་གྱི་ཕྱོགས་བཞིར་མཆོད་པ་སྣ་ཚོགས་པ་དང༌། འཕན་གདུགས་དང༌། རོལ་མོ་མང་དུ་བཤམ། དེ་ནས་གཏོར་མ་བཏང་བ་ཡན་ཆད་ཀྱི་སྒྲུབ་མཆོད་ཚར་བ་དང༌། སློབ་དཔོན་སྒྲུབ་གྲོགས་དང་བཅས་པས་སྣམ་སྦྱར་གྱོན། སྤོས་དང་རོལ་མོའི་སྒྲ་དང་བཅས་པས་ཤར་ཕྱོགས་དུ་སོང་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད། གསང་བ་པའི་བདག་པོ། རྒྱལ་པོ་ཆེན་པོ་བཞི། ཚངས་པ་དང༌། དབང་ཕྱུག་དང༌། ཁྱབ་འཇུག་རྣམས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་དབྱངས་དང་བཅས་པ་བྱ། སངས་རྒྱས་རྣམས་མདུན་དུ་མངོན་དུ་བྱོན་ནས་སྲོག་ཤིང་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །དེ་བཞིན་དུ། བཅོམ་ལྡན་འདས་མྱ་ངན་མེད་པའི་དཔལ་ལ་སོགས་པ་ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ལ་སོགས་པ་ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ བཅོམ་ལྡན་འདས་རྒྱལ་བའི་དབང་པོ་ལ་སོགས་པ་བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ལ་སོགས་པ་བྱང་ཤར་གྱི༴ པདྨོ་དམ་པའི་དཔལ་ལ་སོགས་པ་ཤར་ལྷོའི༴ ཉི་མའི་དཀྱིལ་འཁོར་སྣང་བའི་དཔལ་ལ་སོགས་པ་ལྷོ་ནུབ་ཀྱི༴ གདུགས་དམ་པའི་དཔལ་ལ་སོགས་པ་ནུབ་བྱང་གི༴ པདྨོའི་དཔལ་ལ་སོགས་པ་འོག་ཕྱོགས་ཀྱི༴ དགའ་བའི་དཔལ་ལ་སོགས་སྟེང་ཕྱོགས་ཀྱི་དེ་བཞིན་གཤེགས་པ༴ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ལ༴ གནོད་སྦྱིན་དབང་པོ་ནོར་བུ་བཟང་པོ་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་ལ༴ འཕགས་པ་ཆོས་སྐྱོང་བའི་སྲུང་མ་ཡུལ་འཁོར་སྲུངས་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་དང༌། ཚངས་པ་དང༌། དབང་ཕྱུག་དང༌། སྲེད་མེད་ཀྱི་བུ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །བསྟན་པ་བསྲུང་དུ་གསོལ། ཞེས་དང༌། ཇི་སྙེད་སུ་དག་སོགས་ཀྱིས་ཕྱག་བྱ། མཆོད་པའི་སྐབས་སུ། ཅི་ནུས་པའི་མཆོད་པ་དབུལ་ཞིང༌། རོལ་མོའི་སྒྲ་དང༌། མཆོད་པའི་སྤྲིན་གྱི་གཟུངས་བཟླས། དེ་ནས་དཀར་གཏོར་གསུམ་བཤམས་པའི་དང་པོ། སྔར་བཞིན་བྱིན་གྱིས་བརླབས་ནས། ཨོཾ་ཨཥྚ་མ་ཧཱ་ཡཀྵ་སེ་ན་ཨ་དྷི་པ་ཏ་ཡེ། ས་པ་རི་ཝཱ་ར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཞེས་སོགས་ཀྱིས་གནོད་སྦྱིན་དང༌། གཉིས་པ། ཨོཾ་ཙ་མ་ར་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར། ཞེས་སོགས་ཀྱིས་རྒྱལ་པོ་བཞི་དང༌། གསུམ་པ། ཨོཾ་བྲཧྨ་རྞ། ཨི་ཤྭ་ར། བིཥྞུ་ས་པ་རི་ཝཱ་ར་ཞེས་སོགས་ཀྱིས་ཚངས་པ་ལ་སོགས་ལ་གཏོར་མ་དབུལ། རེ་རེའི་མཐར་ཡང༌། བསྟན་པ་དར་ཞིང་འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་རྟེན་འདི་ལ། མཆོད་པ་དང་རིམ་གྲོར་བྱེད་ཅིང་བསྲུང་བ་དང༌། སྲོག་ཤིང་བརྟན་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་དོ། །དེ་ནས་སྡིག་བཤགས་སོགས་ཡན་ལག་བདུན་པའི་ལྷག་མ་རྣམས་བྱས་ལ། ཨོཾ་བི་པཱུ་ལ་ཞེས་སོགས་ཀྱི་སྔགས་ཉི་ཤུ་རྩ་བརྒྱད་འདོན། བདུག་སྤོས་རྒྱུན་མི་ཆད་དུ་འཐུལ། དེའི་ཚེ་སྤྱན་དྲངས་པའི་འཕགས་པ་རྣམས་སྲོག་ཤིང་ལ་ཐིམ་པས། ཆོས་ཀྱི་སྐུར་བྱིན་གྱིས་བརླབས་པར་བསམ། བཟླས་པ་ཟིན་པའི་མཐར། སྲོག་ཤིང་ལ་མེ་ཏོག་གཏོར་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་འབུམ་ཕྲག་དགུ་བཅུ་རྩ་དགུ་དང༌། གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་འཕགས་པ་ཐམས་ཅད། མཆོད་རྟེན་གྱི་སྲོག་ཤིང་འདི་ལ་བརྟན་པར་བཞུགས་ནས། མཆོད་རྟེན་ཆོས་ཀྱི་སྐུར་བྱིན་གྱིས་བརླབ་ཅིང་རིང་བསྲེལ་དང་ལྡན་པར་མཛད་དུ་གསོལ། ཞེས་ལན་གསུམ་དུ་བརྗོད། དེ་ནས་ཐལ་མོ་སྦྱར་ལ། སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་དང༌། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་འཁོར་དང་བཅས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང༌། ཁྱད་པར་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང༌། རྒྱལ་པོ་ཆེན་པོ་སྡེ་བཞི་དང༌། ཚངས་པ་དང་དབང་ཕྱུག་དང༌། སྲེད་མེད་ཀྱི་བུ་ལ་སོགས་པ་འཁོར་དང་བཅས་པ་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ལས་འབྱུང་བའི་ཆོ་ག་བཞིན། འཕགས་པ་གདན་འཛོམ་པར་མཛད་པའི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། འཕགས་པ་རྣམས་སྤྱན་དྲངས་ནས་མཆོད་ཅིང༌། གསོལ་བ་གདབ་པ་དང༌། མཆོད་རྟེན་སྲོག་ཤིང་བཙུགས་པའི་དགེ་བའི་རྩ་བ་འདིས། འཕགས་པ་ཐམས་ཅད་ཀྱིས། མཆོད་རྟེན་འདི་ཆོས་ཀྱི་སྐུར་བྱིན་གྱིས་བརླབས་ཏེ། རིང་བསྲེལ་དང་ལྡན་པར་མཛད་ནས། མཆོད་རྟེན་ལ་མཆོད་པ་དང༌། རིམ་གྲོ་བྱེད་ཅིང༌། སྲོག་ཤིང་བརྟན་པར་མཛད་དུ་གསོལ། ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང༌། སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས། ཚེ་རིང་ཞིང་ནད་མེད་པ་དང༌། བར་ཆད་ཀྱི་བགེགས་ཐམས་ཅད་དང་བྲལ་བ་དང༌། མཐར་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྔོན་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས། དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་གང་ལ་ལ་ཞིག་གིས། བསོད་ནམས་ཀྱི་འབྲས་བུ་ཆེན་པོ་ཐོབ་ཅིང༌། ཡོན་ཏན་ཐོབ་པར་འདོད་པས། གསང་སྔགས་ཀྱི་རྒྱལ་པོའི་ཆོ་ག་སྔར་བསྟན་པ་བཞིན་དུ་བྱ་སྟེ། དགུ་བཅུ་རྩ་དགུ་ཡི་གེར་བྲིས་ལ། སངས་རྒྱས་ཀྱི་མཆོད་རྟེན་གྱི་མདུན་དུ་དཀྱིལ་འཁོར་གྲུ་བཞིར་བྱས་ལ། བའི་ལྕི་བས་བྱུགས་ཏེ། གྲྭ་བཞིར་དྲི་བཟང་གི་ཆུས་བཀང་བའི་སྣོད་རེ་རེ་བཞག་གོ །བདུག་སྤོས་ཀྱི་སྣོད་དུ་འཐུལ་བ་ཡང་བཞག་ནས། སྣོད་ཆེན་པོའི་ནང་དུ་མེ་ཏོག་དང་དྲི་ཆུ་དང༌། འབྲས་སྐམ་པོ་རྣམས་བླུགས་ཏེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་པ་དང༌། ཡང་ཏིལ་ནག་པོ་དང༌། སྲན་མ་མ་ཤ་དང༌། འབྲས་རྣམས་བསྲེས་ཏེ་བཙོས་པའི་འབྲས་ཐུག་གི་ཀྲིས་ར་ཞེས་བྱ་བ་དང༌། ཟས་དཀར་གསུམ་དང༌། འདི་རྣམས་བུམ་པའི་ནང་དུ་བླུག་པ་དང༌། ཡང་ཤིང་རྟོག་སྣ་ཚོགས་པ་དང༌། འབྲས་བུ་དགུ་བཅུ་རྩ་དགུ་དང༌། ཁ་ཟས་མིང་གི་སྨོས་པ་འདི་རྣམས་དང༌། སྤོས་དང་མེ་ཏོག་ལ་སོགས་པ་དཀྱིལ་འཁོར་གྱི་སྟེང་དུ་བཀྲམ་ལ། གསང་སྔགས་ཀྱི་ཡི་གེ་མཆོད་རྟེན་གྱི་སྲོག་ཤིང་གི་ནང་དུ་བཅུག་ནས། མཆོད་རྟེན་གྱི་ཕྱོགས་བཞིར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་སུམ་དུ་དམིགས་ཏེ་ཕྱག་བྱས་ལ། སེམས་རྩེ་གཅིག་པས་གསང་སྔགས་འདི་གདོན་པར་བྱའོ། །འདི་ལྟ་སྟེ། ཨོཾ་བི་པུ་ལ། བི་མ་ལེ། སྲ་ཝ་རེ། ཛི་ན་བ་རེ། ས་ར་ས་ར། སརྦ་ཏ་ཐཱ་ག་ཏ། དྷཱ་ཏུ་གརྦྷེ། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡ་ཏ་ཏོ་པ་ཎི་སྭཱ་ཧཱ། སརྦ་དེ་ཝ་ཎི། བ་ཧ་ཡ། བི་ཤུདྡྷ། ཨ་དྷིཥྛཱ་ན། ས་མ་ཡེ་སྭཱ་ཧཱ། བདུག་སྤོས་འཐུལ་བ་རྒྱུན་མི་ཆད་པར་བྱ་ཞིང༌། གསང་སྔགས་ལན་ཉི་ཤུ་རྩ་བརྒྱད་འདོན་ན། བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བརྒྱད་དང༌། གསང་བའི་བདག་པོ་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ཚངས་པ་དང༌། དབང་ཕྱུག་ཆེན་པོ་དང༌། སྲེད་མེད་ཀྱི་བུ་རྣམས། དེའི་མོད་ལ། མཆོད་རྟེན་དེ་ལ་མཆོད་པ་དང༌། རིམ་གྲོར་བྱེད། སྲོག་ཤིང་བརྟན་པར་བྱེད་དོ། །དེ་བས་ན་གང་དུ་ཡང༌། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང༌། གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གནས་དེར་གཤེགས་ཏེ། མཆོད་རྟེན་དེ་ལ་མཆོད་པ་དང༌། ཆོས་ཀྱི་སྐུར་བྱིན་གྱིས་བརླབ་ཅིང༌། རིང་བསྲེལ་དང་ལྡན་པར་མཛད་དོ། །དེ་ལྟར་སེམས་ཐག་པ་ནས་ཆོ་ག་ཚུལ་བཞིན་དུ་བྱས་ན། ཡོན་ཏན་དེ་དག་དང༌། གཞན་ཡང་མཆོད་རྟེན་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་བསོད་ནམས་ཐོབ་པར་འགྱུར། རིན་པོ་ཆེའི་རྣམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་མཆོད་རྟེན་བྱས་པ་དང་འདྲ་བར་འགྱུར་ཏེ། དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ལྡན་ཞིང་ལུས་རྣམ་པར་དག་ལ། ཚེ་རིང་ཞིང་ནང་མེད་པ་དང༌། བགེགས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གཞན་ཡང་གང་ལ་ལ་ཞིག མཆོད་རྟེན་འདི་མཐོང་ངམ། མཆོད་རྟེན་དེའི་དྲིལ་བུའི་སྒྲ་ཐོས་ན་ཡང༌། ལས་ཀྱི་སྒྲིབ་པ་དང༌། སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ནས་འཆི་བའི་དུས་བྱས་པའི་འོག་ཏུ་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེའོ། །གང་ལ་ལ་ཞིག་གིས་མཆོད་རྟེན་དེའི་མིང་ཐོས་པ་ཙམ་ཡང་འཆི་བའི་དུས་བྱས་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་རོ། །ཐ་ན་བྱ་དང་རི་དྭགས་ལ་སོགས་པ་སེམས་ཅན་གང་གིས་མཐོང་བ་དེ་ཡང་ཚེ་འཕོས་ནས། དུད་འགྲོའི་སྐྱེ་གནས་སྤངས་ཏེ། བསོད་ནམས་དང་ལྡན་པའི་ལུས་ཐོབ་པར་འགྱུར་རོ། །ཞེས་བཀའ་སྩལ་པའི་ཕན་ཡོན་ཐམས་ཅད་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང༌། དེ་བཞིན་གཤེགས་པའི་བཀའ་ཡང་དག་པར་ཚད་མར་གྱུར་པས། ཇི་ལྟར་བཀའ་སྩལ་པ་བཞིན་དུ། བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང༌། ཞེས་ལན་གསུམ་གསོལ་བ་ནན་ཏན་དུ་གདབ་བོ། །དེ་ཙམ་མི་ནུས་ན། འདོད་དོན་གསོལ་གདབ་སྤྱི་དང་མཐུན་པར་བྱའོ། །དེ་བཞིན་དུ། ཕྱོགས་གཞན་གསུམ་དུ་ཡང་འཕགས་པ་སྤྱན་དྲངས་པ་ནས། གསོལ་བ་གདབ་པའི་བར་ཚར་རེ་རེ་བྱ། མཇུག་ཏུ་ཤར་ཕྱོགས་ནས་བཀྲ་ཤིས་བརྗོད། ཆོ་གའི་བར་ལ། ལས་བྱེད་རྣམས་ཀྱིས། ཕྱོགས་བཞི་ནས་རྩིག་པ་བྱ་བ་སོགས། སྲོག་ཤིང་བརྟན་པའི་ཐབས་བྱའོ། །དེ་ནས་དཀྱིལ་འཁོར་གྱི་མཇུག་གི་བྱ་བ། སྔ་མ་ལྟར་རྫོགས་པར་བྱས་ན། ཇི་སྐད་བཤད་པའི་ཕན་ཡོན་རྣམས་འབྱུང་ངོ༌།།  །།གསུམ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཆོ་ག་ནི། དང་པོར་སྲོག་ཤིང་གི་སྔགས་དང༌། སྙིང་པོའི་སྔགས། སྒྲིབ་སེལ་གྱི་གཟུངས། སྲོག་ཤིང་བརྟན་པའི་གཟུངས་བཞི་པོ། རེ་རེ་ཞིང་དགུ་བཅུ་རྩ་དགུ་བྲིས་ལ། དེ་ནང་དུ་བཅུག་པའི་སཱཙྪ་དགུ་བཅུ་རྩ་དགུ་པ་ཚན་པ་བཞི་བྱ། དེ་རྣམས་ཀྱི་འཕང་ལོའི་ནང་དུ། ན་མོ་ན་བ་ན་བ་ཊཱི་ནཱཾ་ཞེས་སོགས་ཀྱི་སྔགས་བྲིས་ལ་བཅུག རབ་གནས་ཆོ་ག་བཞིན་དུ་བྱ། དེ་ནས་གནས་དབེན་པར་དཀྱིལ་འཁོར་བྲི་བ་སོགས། སྒྲུབ་མཆོད་སྔར་བཞིན་དུ་བྱ། དཀྱིལ་འཁོར་གྱི་ལྷ་སྣམ་མམ། མ་ཤོང་ན་ཐ་མར་མཆོད་རྟེན་རྣམས་བཀོད། དེ་དག་ལ་མཆོད་པ་དང༌། གནས་བརྒྱད་ཀྱི་མཆོད་རྟེན་གྱི་བསྟོད་པ་འདོན། རོལ་མོ་དང་བཅས་པས་བསྐོར་བ་ལན་གསུམ་མམ་བདུན་བྱས་ལ། ན་མོ་ན་བ་ལ་སོགས་པའི་གསང་སྔགས་བརྒྱ་རྩ་བརྒྱད་དམ། དགུ་བཅུ་རྩ་དགུ་འདོན་ན། དཀྱིལ་འཁོར་གྱི་ལྷ་དང༌། མཆོད་རྟེན་རྣམས་ལ་ཡན་ལག་བདུན་པ་དབུལ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། འཕགས་པ་ཆོས་སྐྱོང་བའི་ཚོགས་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། བདག་ཅག་གིས་འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཀྱི་གཟུངས་ནས་འབྱུང་བའི་ཆོ་ག་བཞིན། འཕགས་པ་རྣམས་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་བཞེངས་ཏེ། འཕགས་པ་རྣམས་སྤྱན་དྲང༌། མཆོད་ཅིང་བསྟོད་ནས། བཟླས་བརྗོད་བགྱིས་པ་དང༌། གསང་སྔགས་བཞི་པོ་རེ་རེ་ཞིང་ནང་དུ་བཅུག་པའི་མཆོད་རྟེན་དགུ་བཅུ་རྩ་དགུ་བགྱིས་ཏེ། གསང་སྔགས་ཡི་གེར་བྲིས་ནས་མཆོད་རྟེན་གྱི་སྙིང་པོར་བཅུག་པའི་མཆོད་རྟེན་བགྱིས་ཏེ། མཆོད་ཅིང་བསྟོད་ནས། བསྐོར་བ་བྱས་ཏེ། གཟུངས་བཟླས་པའི་མཐུས། ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང༌། གནོད་པ་དང་སྡུག་བསྔལ་ཐམས་ཅད་ཞི་ནས། ཕན་བདེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དངོས་གྲུབ་སྩལ་བར་ཅི་གནང༌། སྔོན་གསང་བའི་བདག་པོ་ལ། དཔལ་གྱི་མགུར་ནས་འདི་སྐད་དུ། གང་ལ་ལ་ཞིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱོད་འདོད་པ་དེས། སྔ་མ་བཞིན་དུ་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། ས་དང་ལྕི་བས་བྱུགས་ལ་དེའི་སྟེང་དུ་སྤོས་ཀྱི་སྐྱང་ནུལ་གྱིས་བྱུགས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་དྲིའི་ཆུས་གང་བའི་སྣོད་རེ་རེ་བཞག་ལ་སྔར་བསྟན་པའི་གསང་སྔགས་བཞི་པོ་དག་ལས། རྣམ་པ་གཅིག་ཀྱང་དགུ་བཅུ་རྩ་དགུ་བྲིས་ཏེ། རང་གི་ལག་གིས་མཆོད་རྟེན་ཆུང་ངུ་དགུ་བཅུ་རྩ་དགུ་གདབ་ཅིང༌། གསང་སྔགས་རྣམས་གཅིག་ཀྱང་རེ་རེའི་ནང་དུ་གཞུག་གོ །དེ་ནས། ཡང་གསང་སྔགས་འདི་དགུ་བཅུ་རྩ་དགུ་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་འཕང་ལོ་རྣམས་ཀྱི་ནང་དུ་བཅུག་ལ། མཆོད་རྟེན་རྣམས་དཀྱིལ་འཁོར་གྱི་སྟེང་དུ་བཞག་སྟེ། མེ་ཏོག་དང༌། བྱུག་པས་མཆོད་ལ། ལན་བདུན་བདུན་བསྐོར་ཞིང༌། གསང་སྔགས་འདི་ཡང་གདོན་པར་བྱའོ། །ན་མོ་ན་བ་ཏཱི་ནཱཾ་ཏ་ཐཱ་ག་ཏ། གཾ་གཱ་ནཱ་དཱི་པཱ་ལྭ་ཀཱཾ། ཀོ་ཊི་ནི་ཡུ་ཏ་ཤ་ཏ་ས་ཧ་སྭཱ་ཎཱཾ། ཨོཾ་པོ་པོ་རི། ཙི་རི་ཎི་ཙ་རི་མོ་རི་ཀོ་རོ་ཙ་ལ་བ་རི་སྭཱ་ཧཱ། ཆོ་ག་འདི་ལྟར་བྱས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་སྤྱད་པར་ཡང་མ་ཟད་དོ། །དེས་ནི་རིན་པོ་ཆེའི་མཆོད་རྟེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གདྒཱའི་ཀླུང་གི་བྱེ་མ་སྙེད་བྱས་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སྙེད་ལ་མཆོད་ཅིང་བསྙེན་བཀུར་བྱས་པར་འགྱུར་རོ། །དེའི་གོང་དུ་ཡང༌། ལྷ་ཐམས་ཅད་ཀྱིས་མཆོད་པའི་སྤྲིན་སྣ་ཚོགས་བསྡུས་ཏེ། མཆོད་རྟེན་དེ་ལ་ཡོ་བྱད་སྣ་ཚོགས་སྦྱར་ནས་དེ་བཞིན་གཤེགས་པའི་ཕོ་བྲང་དང༌། ཡོ་བྱད་སྣ་ཚོགས་སྦྱར་ནས་མཆོད་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྙེད་ཀྱིས་མཁྱེན་ཅིང་གཟིགས་ཏེ་བྱིན་གྱིས་བརླབ་པར་མཛད་དོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་རྒྱ་ཆེན་པོའི་བསོད་ནམས་དང་ཡོན་ཏན་ཐམས་ཅད་ཐོབ་པར་མཛད་དོ། །ཡང་གང་ལ་ལ་ཞིག་གིས་གསང་སྔགས་ཀྱི་རྒྱལ་པོ་འདི་སྙིང་པོ་མ་ནོར་བར་ཡི་གེར་བྲིས་ལ་རྟག་ཏུ་འདོན་ཏེ། མཆོད་པའི་ལས་བྱས་ལ་ལུས་ལ་ཕོག་ན། རིག་པ་དེ་ཉིད་ཀྱིས་བསྲུང་བ་དང༌། བསྐྱབ་པ་མཛད་དེ། ཕས་ཀྱི་རྒོལ་བའི་དགྲ་ཐམས་ཅད་དང༌། ཤ་གཉེར་བ་རྣམས་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་ལ་སོགས་པ་ཐམས་ཅད་ཀྱིས་གནོད་པར་མི་འགྱུར་ཏེ། འཇིགས་ཤིང་སྐྲག་ནས་སོ་སོར་འབྱེར་བར་འགྱུར་རོ། །གང་ལ་ལ་ཞིག་གིས་རིག་པ་འདོན་པ་དེ་དང་གཏམ་བྱས་པ་ཡང་མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །གང་ལ་ལ་ཞིག་གིས་སྔགས་འདིའི་སྒྲ་ཐོས་སམ། གྲིབ་མ་ཕོག་གམ། ལུས་ལ་རེག་ཀྱང་རུང་སྟེ། དེའི་ཚེ་རབས་གཞན་གྱི་ལས་ཀྱི་སྒྲིབ་པ་དང༌། སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། །གང་རིག་པ་འདོན་པ་དེའི་ལུས་ལ་དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་ཁྱེར་བར་མི་འགྱུར། གནོད་པ་ཐམས་ཅད་ཀྱིས་ཀྱང་གླགས་མི་རྙེད། ཐོག་འབབ་པར་མི་འགྱུར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་བསྲུང་བ་དང༌། བསྐྱབ་པ་མཛད་ཅིང༌། སྤྱན་རས་གཟིགས་ཀྱིས་འཚོ་བར་མཛད་དོ། །ལྷ་ཐམས་ཅད་དང་དམ་ཚིག་ཅན་ཐམས་ཅད་ཀྱིས་ཀྱང༌། དེ་ལ་སྟོང་གྲོགས་བྱེད་པར་འགྱུར་ཏེ། གཞན་གྱི་རིག་སྔགས་དང༌། བྱད་དང་སྦྱོར་བ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལྟ་བས་ན། རིགས་པ་འདོན་པ་གནས་གང་ན་འདུག་ཀྱང༌། གསང་སྔགས་འདིའི་ཆོ་ག་དོན་དུ་གཉེར་བར་བྱས་ཏེ། གསང་སྔགས་ཡི་གེར་བྲིས་ལ། ལམ་གྱི་བཞི་མདོའམ། སུམ་མདོ་སྐྱེ་བོ་མང་པོ་ཕན་ཚུན་འགྲོ་བའི་གནས་སུ་མཆོད་རྟེན་བྱས་ལ། དེའི་ནང་དུ་བཅུག་ན་འགྲོ་བ་ཐམས་ཅད་དང༌། བྱ་དང་སྦྲང་མ་དང༌། ཐ་ན་གྲོག་སྦུར་ཡན་ཆད་ཀྱིས་མཐོང་བ་དང༌། ཐོས་པ་དང༌། རེག་པ་དང༌། དེ་ལ་ཕོག་པའི་ས་དང༌། རྡུལ་དང༌། རླུང་དང༌། གྲིབ་མས་ཕོག་ན་ཡང་བྱོལ་སོང་དང༌། ཡི་དྭགས་དང༌། ངན་སོང་ལ་སོགས་པར་ལྟུང་བ། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་སྡིག་པ་ཐམས་ཅད་དང་བྲལ་ཞིང༌། འཆི་བའི་དུས་བྱས་ནས། བདེ་འགྲོ་མཐོ་རིས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་བྱང་ནས་ཚེ་རབས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ཞིང༌། མི་ལྟུང་བའི་བློ་གྲོས་ཅན་དུ་འགྱུར་རོ། །ཞེས་བཀའ་སྩལ་པའི་ཕན་ཡོན་ཐམས་ཅད་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་འཕྲལ་དུ་འགྲུབ་པར་ཅི་གནང༌། དེ་བཞིན་གཤེགས་པའི་བཀའ་ཡང་དག་པ་ཚད་མར་འགྱུར་བས། ཇི་ལྟར་བཀའ་སྩལ་པ་བཞིན་དུ། བདེན་པ་མངོན་སུམ་དུ་བསྟན་པ་ཅི་གནང༌། ཞེས་གསོལ་བ་གདབ། དེ་ཙམ་མི་ནུས་ན། ཇི་ལྟར་རིགས་པའི་ཚིག་གིས་གསོལ་བ་དྲག་ཏུ་གདབ་བོ། །དེ་ནས་རྗེས་ཀྱི་ཆོ་ག་རྣམས་སྔར་བཞིན་བྱའོ། །དེ་ལྟར་ན་རང་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་དེར་མ་ཟད། སའི་མཆོད་རྟེན་དེ་རྣམས་ཀྱང་རིན་པོ་ཆེའི་མཆོད་རྟེན་བྱེ་བ་ཁྲག་ཁྲིག་བྱས་པར་འགྱུར་བ་ནས། སྔོན་གྱི་ཚེ་རབས་རྗེས་སུ་དྲན་པ་དང༌། ཕྱིར་མི་ལྡོག་པའི་ཆོས་ཅན་དུ་འགྱུར་བའི་བར་གྱི་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་རོ།།  །། « ༄༅། །ཨ་ར་པ་ཙ་ནའི་རྗེས་གནང་བཞུགས་སོ།།  »༈ །ན་མཿཤྲཱི་མཉྫུ་གྷོ་ཥཱ་ཡ། རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་བྱེད་པར་འདོད་ན། མཎྜལ་དྲི་བཟངས་ཀྱིས་བྱུག་པ་ལ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་པའི་མཐར། མཆོད་པ་དང་གཏོར་མ་བཤམ། རང་སྒྲུབ་ཐབས་ལྟར་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་སོང་ནས། མདུན་གྱི་མེ་ཏོག་གི་སྟེང་དུ་ས་བོན་ཙམ་ལས་འཇམ་དབྱངས་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བཅུག མི་བསྐྱོད་པས་རྒྱས་གདབ་བོ། །དེ་ནས་མཆོད་པ་རྣམས་དབུལ། ཅི་ཤེས་པའི་བསྟོད་པ་བྱ། གཏོར་མ་དགོས་འདོད་འབྱུང་བར་བྱིན་གྱིས་བརླབ། ཨ་ཀཱ་རོས་ཕུལ། འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ཅི་ནུས་ཞིག་བྱ་སྟེ། སློབ་དཔོན་གྱི་བྱ་བའི་རིམ་པའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་ཕུལ་ནས། ཀུན་མཁྱེན་ཡེ་ཤེས་སོགས་སམ། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པ་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་སོགས་ཀྱིས་རྒྱུན་བཤགས་བྱའོ། །རྗེས་གནང་དངོས་གཞི་ལ། རྗེས་སུ་བཟླས་པའི་ལུང༌། བྱིན་གྱིས་བརླབས་པའི་ལུང༌། དམ་བཅའ་བའི་ལུང་གསུམ་གྱི་དང་པོ་ནི། སློབ་མ་འཇམ་དབྱངས་སུ་བསྒོམ་དུ་བཅུག སློབ་དཔོན་ལ་གུས་འདུད་བྱས་པས། ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་འཇམ་པའི་དབྱངས་ཀྱི་སྐུ་དཔག་ཏུ་མེད་པ་བྱུང་སྟེ། སློབ་མ་ལ་ཐིམ་པར་དཔོན་སློབ་གཉིས་ཀས་བསམ། དེ་ནས་གཉིས་ཀའི་ཐུགས་ཀར་ཟླ་བའི་སྟེང་དུ་ཤེས་རབ་ཀྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཨ་དྷཱིཿ རྩིབས་བཞི་ལ་གཡས་སྐོར་དུ་ར་པ་ཙ་ན་བཀོད། སློབ་དཔོན་གྱི་ཐུགས་ཀའི་འཁོར་ལོ་ལས་སྔགས་ཀྱི་ཕྲེང་བ་ཞལ་ནས་ཐོན། སློབ་མའི་ཁར་ཞུགས། སྙིང་གའི་འཁོར་ལོ་ལ་ཐིམ་པས་ཤེས་རབ་རྒྱས་པར་བསམས་ལ། སྔགས་ཀྱི་རྗེས་ཟློས་ལན་མང་དུ་བྱ། ཡང་སློབ་མའི་མགྲིན་པར་དྷཱིཿམགོ་ཕུགས་སུ་བསྟན་པར་བསམས་ལ། དེའི་འོད་ཀྱིས་ངག་གི་ཉེས་སྐྱོན་ཐམས་ཅད་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་ཐམས་ཅད་བསྡུས་པར་བསམས་ལ་དྷཱིཿཞེས་ཅི་ནུས་བཟླས་སོ། །གཉིས་པ་བྱིན་གྱིས་བརླབས་པའི་ལུང་ནི། སློབ་མས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད། སློབ་དཔོན་གྱིས་དེའི་མགོར་མེ་ཏོག་བཞག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད་པས། སློབ་དཔོན་དང་འཇམ་དབྱངས་གཉིས་ཀྱི་བྱིན་རླབས་ཞུགས་པར་བསམ། གསུམ་པ་དམ་བཅའ་བའི་ལུང་ནི། སློབ་མས་ཐལ་མོ་སྦྱར་ལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་ད་ནས་བཟུང་སྟེ། ཅི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་གྱི་བར་དུ། རྗེ་བཙུན་འཇམ་པའི་དབྱངས་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ལན་གསུམ་བརྗོད། བསྒོམ་བཟླས་མ་ཆགས་པར་བྱེད་པར་འདོད་ན་འདིར་ཁས་ལེན་དུ་བཅུག་གོ །དེ་ནས་སྡོམ་པ་བསྡུས་ཏེ་ཁས་བླངས་པ་དང༌། ཡོན་འབུལ་བ་རྣམས་བྱ་སྟེ་རྗེས་གནང་ངོ༌། །དེ་ནས་མདུན་བསྐྱེད་ཀྱི་ལྷ་ལ་མཆོད་བསྟོད་བྱ། དངོས་གྲུབ་བླངས་ལ་གཤེགས་སུ་གསོལ། ལས་ཀྱི་རྗེས་མི་མངོན་པར་བྱའོ།།  །།« ༄༅། །འོད་དཔག་མེད་ཀྱི་ཚེ་སྒྲུབ་བཞུགས་སོ།། » ༈ །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེ་དཔག་ཏུ་མེད་པའི་བསྒོམ་བཟླས་ལ་འཇུག་པར་བགྱིའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་གི་གནས་ཁང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་གྱུར་པའི་མདུན་དུ། རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ། སྐད་ཅིག་གིས་རྒྱལ་བ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་དུ། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། དབུ་གཙུག་ཏོར་དང་བཅས་ཤིང་ཚངས་པར་སྤྱོད་པའི་ཆ་ལུགས་འཛིན་པ། ཞལ་འཛུམ་པ་གདང་ལྡན་ཞིང་འོད་ཟེར་གྱིས་བརྒྱན་པ། ན་བཟའ་ཆོས་གོས་ངུར་སྨྲིག་དང་བཅས་ཤིང༌། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་མཐའ་སྐོར་དུ་བླ་མ་བརྒྱུད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཞིང་མངོན་སུམ་དུ་བཞུགས་པ། འཇིག་རྟེན་འདྲེན་པ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་པ་རི་མི་ཏ་ཨརྒྷཾ་སོགས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། བཅོམ་ལྡན་འདས་རྒྱལ་བ་ཚེ་དཔག་ཏུ་མེད་པས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། བཅོམ་ལྡན་འདས་ཀྱི་ཕྱག་གི་མཐིལ་གྱི་ལྷུང་བཟེད་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ལྷ་དང་མིའི་བྲམ་ཟེ་དང༌། དྲང་སྲོང་ཚེའི་རིག་པ་འཛིན་པ་རྣམས་ཀྱི་ཐུགས་ཀ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་སྤྱན་དྲངས། ཕྱག་གི་མཐིལ་གྱི་ལྷུང་བཟེད་ཀྱི་ནང་གི་བདུད་རྩི་ལ་ཐིམ་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དུ་གྱུར་པར་བསམ། དེ་ནས་རང་གི་སྣ་བུག་གཉིས་ནས་རླུང་ཕྱིར་བཏང་བ་ལྷུང་བཟེད་ལ་རེག་པས། རླུང་དེ་འོད་ཟེར་ལྔའི་རྒྱུན་ལམ་དུ་གྱུར་པར་བསམ། ཡང་རང་གི་རླུང་ཕྱིར་བཏང༌། སླར་ནང་དུ་རྔུབས་པས་ལྷུང་བཟེད་ཀྱི་ནང་གི་བདུད་རྩི་སྤྱན་དྲངས། སྣ་སྒོ་གཉིས་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པར་བསམས་ལ་ལན་བདུན་ནམ་གསུམ་བྱ། མཐར་དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་ཤེས་པ་གཏད་ལ། ཨོཾ་ཨ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ལྔ་བརྒྱ་བཟླས། མཐར་སྔར་བཞིན་གསོལ་བ་བཏབ་ནས་བཅོམ་ལྡན་འདས་རང་ལ་བསྟིམ་པའམ། མི་དམིགས་པར་བསམ་པ་གང་རུང་བྱས་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ནས། དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་ཀྱིས་བསྔོ་བ་སྨོན་ལམ་བྱ། དགེ་ལེགས་བསམ་འགྲུབ་ལ་གནང་བའོ།།  །། «༄༅། །འཕགས་པ་སེང་གེ་སྒྲའི་སྒྲུབ་ཐབས་བཞུགས་སོ།། » ༈ །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་འཕགས་པ་སེང་གེ་སྒྲ་བསྒོམ་པར་བགྱིའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་སིཾ་ལས་སེང་གེ་དཀར་པོ་མགོ་གཡས་སུ་བསྟན་པའི་སྟེང་དུ། པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་བཅོམ། ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་འཕགས་པ་སེང་གེའི་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པ། ཕྱག་གཡས་པ་མཆོག་སྦྱིན་དང༌། གཡོན་པ་པདྨ་དཀར་པོ་བསྣམས་པ། རྒྱན་སྤངས་ཤིང་དཀའ་ཐུབ་ཀྱི་ཆ་ལུགས་ཅན། ཞལ་འཛུམ་བག་དང་ལྡན་ཞིང་དབུའི་གཙུག་ཏོར་དང་བཅས་པ། དེའི་གཡས་སུ་ཏྲི་ཤཱུ་ལ་ལ་སྦྲུལ་གཉིས་མགོ་གྱེན་དུ་བསྟན་ནས་དཀྲིས་པ། གཡོན་དུ་པདྨ་དཀར་པོ་ལ་གནས་པའི་ཐོད་པ་འབྲུ་དང༌། བཅུད་སྣ་ཚོགས་ཀྱིས་གང་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་འཕགས་པ་སེང་གེ་སྒྲ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ རང་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན། སྙིང་གར་ཟླ་བ་ལ་ཧྲཱིཿདཀར་པོའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས་འཕགས་པ་མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་དང་ས་བདག་གི་གནོད་པ་དང༌། ནད་དང་སྡུག་བསྔལ་ཐམས་ཅད་བཅོམ་པར་བསམ་ཞིང་སྔགས་བཟླས་པར་བྱའོ། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། ཅེས་དང༌། གཟུངས་རིང་ཅི་ནུས་བཟླས་འདི་བཞིན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊ་བིརྻེ་སྭཱ་ཧཱ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི། ཀླུ་དང་ས་བདག་གི་གནོད་པ་དང༌། ནད་དང་སྡུག་བསྔལ་ཐམས་ཅད་ཞི་བར་མཛད་དུ་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །འཇིག་རྟེན་དབང་ཕྱུག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཕུ་གསུམ་པ་ལ་གནང་བའོ།།  །། «༄། །སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་བཞུགས་སོ།།  »༈ །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ལྷ་མོ་སྣ་ཚོགས་ཡུམ་པདྨའི་འདུག་སྟངས་ཀྱིས་བཞུགས་པ། སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་མ། པདྨ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་དུ་བསྒོམས་ལ། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཱ། བཛྲ་ཀཎྜ་ཀཱ་ན། ནཱ་ཤ་ཡ་ནཱ་ཤ་ཡ། མ་མ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་མི་ཚིག་གིས་བར་མ་ཆོད་པར་སུམ་བརྒྱ་ལ་སོགས་པ་བཟླས་ལ། མཐར་རླུང་བུམ་པ་ཅན་བཟུང༌། མཇུག་ཏུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །ཞེས་པ་གྲྭ་པ་གཅིག་ལ་གནང་ངོ༌།། །། «༄། །རྨ་བྱ་ཆེན་མོའི་སྒྲུབ་ཐབས་བཞུགས་སོ།།  »༈ །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །འདིའི་ཚེ་སྒྲུབ་ཉམས་སུ་ལེན་པར་འདོད་པས། ཐོ་རངས་བྱ་ཁྭ་ཏའི་སྐད་མི་གྲགས་པའི་ཚེ་མལ་ནས་ལངས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མཾ་ལྗང་གུ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་འདུས་པ་ལས། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ། ཞལ་གཅིག་ཕྱག་གཉིས་མ། ཞལ་འཛུམ་བག་དང་ལྡན་པ། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་རྨ་བྱའི་མཇུག་སྒྲོ་དང༌། གཡོན་པས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་བསྐྱེད། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཾ་ལྗང་གུ། དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་སྤྱན་དྲངས། ཐུགས་ཀའི་མཾ་ཡིག་ལ་ཐིམ་པས། བཅོམ་ལྡན་འདས་མས་བདག་ལ་འཆི་མེད་ཚེའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་ལས་བདུད་རྩིའི་རྒྱུན་བབས་པས། བཅོམ་ལྡན་འདས་མའི་སྐུ་གང་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཟགས། རང་གི་སྤྱི་གཙུག་ནས་ཞུགས། སྙིང་གར་ཐིམ། ལུས་ཐམས་ཅད་འཆི་མེད་ཀྱི་བདུད་རྩིས་གང་བར་བསམས་ལ། ཨོཾ་ཨ་མ་ར་ཎི་ཛཱི་ཝནྟ་ཡེ་སྭཱ་ཧཱ། ཞེས་མ་ཡེངས་པར་སྟོང་ཕྲག་རེ་བཟླས། མཐར་བཅོམ་ལྡན་འདས་མ་ལ་མོས་པ་རྩེ་གཅིག་ཏུ་བྱས་ལ། མརྒད་མདོག་མཚུངས་ཉི་མ་ལྟ་བུར་གསལ། །ཉོན་མོངས་དུག་འཇོམས་རྨ་བྱའི་མཇུག་སྒྲོ་དང༌། །དངོས་གྲུབ་ཀུན་སྩོལ་བདུད་རྩིའི་བུམ་པ་བསྣམས། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མས་བདག་གི་ཚེའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་ནས། ཚེ་རིང་དུ་འཚོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་པས་བཅོམ་ལྡན་འདས་མས་བདུད་རྩིའི་ཆུ་རྒྱུན་དུ་ཞུ་ནས་རང་ལ་ཐིམ་པར་བསམ། རྗེས་བསྔོ་བ་བྱའོ། །དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས་གསུངས་པའི་མན་ངག རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་དཀའ་འགྲེལ་ལས་བྱུང་བའི་དོན་མ་ནོར་བར་བཀོད་པའོ།།  །། «༄། །སོ་སོར་འབྲང་མའི་སྒྲུབ་ཐབས་བཞུགས་སོ།།  »༈ །དཔལ་སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། །འདི་བསྒྲུབ་པར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་ཀྱི་རྗེས་སུ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྟོང་པར་བསམ། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་པྲཾ་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་སྐུ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་མ། ཞལ་འཛུམ་བག་དང་ལྡན་པ། ཕྱག་གཡས་པས་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པས་འཁོར་ལོ་དཀར་པོ་ཐུགས་ཀར་འཛིན་པ། ཞབས་གཉིས་ཟླུམ་པོའི་སྟབས་ཀྱིས་བཞུགས་པ། དབུ་སྐྲ་ནག་པོའི་ཐོར་ཅོག་ལ། མེ་ཏོག་གི་ཕྲེང་བའི་ཅོད་པཎ་གྱིས་མཛེས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། དར་གྱི་ཤམ་ཐབས་ཅན་དུ་བསམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་པྲཾ་ལས་འོད་ཟེར་འཕྲོས་པས། འོག་མིན་ནས་བཅོམ་ལྡན་འདས་མ་སོ་སོ་འབྲང་མ་ལ། སངས་རྒྱས་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ རང་ལ་དབྱེར་མེད་དུ་འདྲེས། ནམ་མཁའ་ནས་རིགས་ལྔ་འཁོར་དང་བཅས་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང༌། བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་མོ། །དེ་ནས་ཐུགས་ཀར་ཟླ་བའི་སྟེང་དུ་པྲཾ་དཀར་པོ། དེའི་མཐར། སྔགས་གཡས་སྐོར་དུ་བཀོད་པར་བསམ། དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཚེ་དང་དབང་ཕྱུག་ཐམས་ཅད་འོད་དཀར་པོའི་རྣམ་པས་སྙིང་གའི་ཡི་གེ་ལ་ཐིམ་པར་བསམས་ལ། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ངག་བཅད་དེ་ཅི་ནུས་སུ་བཟླས། མཐར་རང་སོ་སོ་འབྲང་མར་གསལ་བའི་མཁའ་ནང་ནས། རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་པར་བསམ་ཞིང༌། སྔགས་ཅི་ནུས་བཟླས་ནས། བཅོམ་ལྡན་འདས་མས་བདག་ལ་ཚེ་དང་དབང་ཕྱུག་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩལ་དུ་གསོལ། ཞེས་པའི་དངོས་གྲུབ་བླངས་ལ། དགེ་བའི་རྩ་བ་སངས་རྒྱས་སུ་བསྔོ། འདི་ནི་རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པར། བུད་མེད་གང་ཞིག་བུ་འདོད་པ། །སོ་སོ་འབྲང་མ་རྟག་དྲན་བྱ། །ཅེས་པའི་དོན། རྗེ་བཙུན་ཆེན་པོའི་གདམས་ངག་ལྟར། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བྲིས་པའོ།།  །།« ༄། །རྟ་མགྲིན་གྱི་སྒྲུབ་ཐབས་བཞུགས་སོ།། » ༈ །སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ། ཧཱུྃ་མཐིང་ནག་དེ་ལས་འོད་འཕྲོས། བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལ། རང་ཉིད་དཔལ་རྟ་མགྲིན་སྐུ་མདོག་ནག་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་བ། གཡོན་པས་སྡིགས་མཛུབ་མཛད་པ། སྤྱན་གསུམ་དང་ལྡན་ཞིང༌། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང༌། སྤྱི་གཙུག་ན་རྟ་མགོས་མཚན་པ། སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་དཔལ་རྟ་མགྲིན་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བདག་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་གནས་པའི་སངས་རྒྱས་ཐམས་ཅད་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དབང་བསྐུར། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུར་བརྒྱན། «ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམས་ཤིང༌།་་་་་»ཨོཾ་ཧྲཱི་པདྨཱནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་སོ། །བཅོམ་ལྡན་འདས་བདག་གི་ནད་དང༌། གདོན་དང༌། བགེགས་དང༌། བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག །ཁྲོ་རྒྱལ་རྟ་མགྲིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཨ་ཀ་ཨེ་ཇོའི་དོན་དུ་མཛད་པའོ།།  །།« ༄། །བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ཆོ་ག་བཞུགས་སོ།། » ༈ །ན་མོ་བུདྡྷཱ་ཡ། འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས། །སྲས་དང་སློབ་མར་བཅས་ལ་གུས་བཏུད་དེ། །བདེ་གཤེགས་བརྒྱད་ཀྱི་མཆོད་པའི་ཆོ་གའི་རིམ། །མ་ནོར་གཞུང་གི་དགོངས་པ་འདིར་ངེས་བྱ། །འདིར་བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་ཞལ་སྔ་ནས། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིམ་དུ། དེ་བཞིན་གཤེགས་པ་བདུན་གྱི་ཆོ་ག་དང༌། གཙུག་ཏོར་དྲི་མེད་ཀྱི་ཆོ་ག་གཉིས་མཛད་པ་ལས། དང་པོ་ཉམས་སུ་ལེན་པར་འདོད་ན། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། ས་གཞི་བསྟར་བ་སྤོས་ཆུས་ཟླུམ་པོར་བྱུག་པ་ལ། འོག་ནས་འབྱུང་བ་ལྟར་མེ་ཏོག་གི་ཚོམ་བུ་བཀོད། སྤྲོ་ན་ཚོན་ཕྱེའམ་ཞེས་གསུངས་པས། རྡུལ་ཚོན་གྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན་པ། ཕྱི་པདྨའི་ཕྲེང་བ་དང༌། འོད་ཟེར་ལྔས་བསྐོར་བའི་དབུས་སུ། མཆིམས་པས། པདྨ་རིམ་པ་གསུམ་གྱི་དང་པོ་ལ་བརྒྱད། བར་པ་ལ་བཅུ་དྲུག ཕྱི་མ་ལ་ཉེར་གཉིས་བྱེད་པ་ནི་གཞུང་དང་མི་མཐུན་པས། འདིར་དབུས་སུ། ལྷ་སྣམ་དཀར་པོ་གྲུ་བཞི་པ། དེའི་ཕྱི་རོལ་དུ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ལྷ་སྣམ་གྲུ་བཞི་པ་གཉིས་བྱས་ལ། དེའི་དབུས་དང་ཕྱོགས་མཚམས་བརྒྱད་དུ། མེ་ཏོག་གི་ཚོམ་བུའམ། ཚོན་སྤུངས་རེ་རེ། དེའི་ཕྱི་རོལ་དུ་མཚམས་བཞིར་རེ་རེ་དང༌། ཕྱོགས་བཞིར་གསུམ་གསུམ་སྟེ་བཅུ་དྲུག དེའི་ཕྱི་རོལ་དུ། ཤར་སྒོའི་གཡོན་ཕྱོགས་ནས་ནུབ་སྒོའི་བར་ལ། མཚམས་གཉིས་སུ་རེ་རེ། ཤར་ནུབ་ཏུ་གསུམ་གསུམ། བྱང་ཕྱོགས་སུ་བཞི་སྟེ་བཅུ་གཉིས་བཀོད། ལྷོ་སྒོའི་གཡས་གཡོན་དུ་རེ་རེ་དང༌། སྒོ་བཞིར་རེ་རེ་བཀོད་དོ། །དེ་རྣམས་ཀྱང་པདྨའི་དབུས་ཀྱི་ཚོམ་བུ་དགུ་ནི། མེ་ཏོག་གི་ཚོམ་བུའམ། ཚོན་སྤུངས་སུ་བྱས་ལ། གཞན་རྣམས་ནི་པདྨ་དང་ཟླ་བའི་གདན་རེ་རེ་བྱའོ། །མདོ་དང་གཞུང་གཉིས་ཀར་དེ་ཙམ་ལས་བཤད་པ་མི་སྣང་ཡང༌། རྒྱ་སྟོན་གྱིས། སྣམ་བུ་ཐ་མའི་གཡས་གྲལ་དུ་ཕྱོགས་སྐྱོང་བཅུ། ཉི་མ་དང་ཟླ་བ་གཉིས་ཏེ་བཅུ་གཉིས་པོ་གཡོན་གྲལ་དང་མཐུན་པར་དགོད་པར་འདོད་ལ། མཆིམས་ལ་སོགས་པས་ཕྱོགས་སྐྱོང་བཅུ་པོ་ཙམ་ཞིག་དགོད་པར་འདོད་དོ། །དེའི་མཐའ་སྐོར་དུ། ལྷ་རེ་རེ་ལ་མཆོད་པ་རྣམས་བདུན་བདུན་ལས་མི་ཉུང་བར་བཤམ། མཎྜལ་དེའི་ཤར་ཕྱོགས་སུ་བུམ་པ་དྲི་བཟང་གི་ཆུས་གང་བ་ཁ་རྒྱན་དང་བཅས་པ་དང༌། རྡོ་རྗེ་གཟུངས་ཐག་ཀྱང་བཞག་གོ །གཉིས་པ་དངོས་གཞི་ནི། སྟན་བདེ་བ་ལ་འདུག་ནས། སྐྱབས་སུ་འགྲོ་བ་མང་དུ་བྱས་ལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་སྟོང་ཉིད་དང༌། ཚད་མེད་པ་བཞི་བསྒོམས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་དོན་དུ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ། ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དང་སྨོན་ལམ་ཁྱད་པར་ཅན་རྣམས་གདབ་པར་བགྱིའོ། །ཞེས་སེམས་བསྐྱེད་ནས། དཀོན་མཆོག་གསུམ་གྱི་བདེན་པ་དང༌། །ཞེས་སོགས་ཆོ་ག་བཀླག་གོ །སྤྱན་དྲངས་པའི་ཚིགས་བཅད་ནི། ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་བཟུང་བའི། །དོན་མཛད་ཐུགས་རྗེས་གཤེགས་པར་མཛད་དུ་གསོལ། །ཞེས་སམ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཤླཽ་ཀ་གསུམ་བརྗོད་པའི་མཐར་རོལ་མོ་བྱ། དེ་ལྟར་སྤྱན་དྲངས་པའི་རྗེས་སོགས་གཞུང་བཞིན་ནམ། དེས་དམིགས་པ་མི་གསལ་ན། རྒྱ་སྟོན་གྱིས། སྤྱན་དྲངས་པའི་ལྷ་རྣམས་ཀྱི་ཞལ་ཕྱག་གསལ་འདེབས་པར་འདོད་པ་ཤིན་ཏུ་ལེགས་པས། དེ་ལྟར་སྤྱན་དྲངས་པས་སོ་སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། མདུན་གྱི་མཎྜལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་ཆེན་པོ་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་མཛེས་པར་བྱས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། བར་གྱི་སྣམ་བུ་རིམ་པ་གཉིས་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ཆོས་དཀོན་མཆོག་གི་ངོ་བོ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་ཆོས་འཆད་ཀྱི་ཕྱག་རྒྱ། གཉིས་པས་རྡོ་རྗེ། གཡོན་དང་པོ་མཉམ་གཞག གཉིས་པས་པུསྟི་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་མཛེས་པར་བྱས་ལ། ཕྱོགས་མཚམས་བརྒྱད་དུ། རིན་པོ་ཆེའི་ཁྲི་སེང་གེས་བཏེག་པ་བརྒྱད་ལ། ཤར་དུ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ། ལྷོར་སྒྲ་དབྱངས་རྒྱལ་པོ་སེར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག ནུབ་ཏུ་མྱ་ངན་མེད་མཆོག་དཔལ་དམར་སྐྱ་མཉམ་གཞག བྱང་དུ་མཚན་ལེགས་སེར་པོ་གཡས་མི་འཇིགས་པ་སྦྱིན་པ་དང་གཡོན་མཉམ་གཞག བྱང་ཤར་དུ་སངས་རྒྱས་སྨན་གྱི་བླ་སྐུ་མདོག་སྔོན་པོ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་ར་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱས་ལྷུང་བཟེད་བསྣམས་པ། ཤར་ལྷོར་གསེར་བཟང་དྲི་མེད་སེར་པོ་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ལྷོ་ནུབ་ཏུ་ཆོས་གྲགས་རྒྱ་མཚོའི་དབྱངས་སྐུ་མདོག་དཀར་དམར་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ནུབ་བྱང་དུ་མངོན་མཁྱེན་རྒྱལ་པོ་སྐུ་མདོག་དམར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་ན་བཟའ་ཆོས་གོས་ངུར་སྨྲིག་མནབས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་ཅན། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ། འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པར་བྱས་པའོ། །བར་གྱི་སྣམ་བུ་དང་པོའི་ཤར་གྱི་དབུས་སུ་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་གུར་གུམ་གྱི་མདོག་ཅན་ཕྱག་གཡས་རལ་གྲི་དང༌། གཡོན་ཨུཏྤ་ལའི་སྟེང་ན་པུསྟི་འཛིན་པ། དེའི་གཡས་སུ་སྐྱབས་གྲོལ་དཀར་པོ་ཕྱག་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་གཉིས་བརླའི་སྟེང་དུ་བཞག་ནས། གཡོན་དུ་སྙེམས་པའི་ཚུལ་གྱིས་ཅུང་ཟད་འགྱིང་བ། དེའི་གཡས་བྱང་ཤར་གྱི་གྲྭར་ཉི་མ་ལྟར་རྣམ་པར་སྣང་བྱེད་དམར་སེར་གཡས་ཨུཏྤ་ལའི་སྟེང་ན་ཉི་མས་མཚན་པའི་གླེགས་བམ། གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། འཇམ་དབྱངས་ཀྱི་གཡོན་དུ་ཕྱག་ན་རྡོ་རྗེ་ལྗང་གུ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང༌། གཡོན་རིན་པོ་ཆེའི་ཕྲེང་བ་འཛིན་པ། དེའི་གཡོན་ཤར་ལྷོའི་གྲྭར་ཟླ་བ་ལྟར་སྣང་བྱེད་དཀར་པོ། གཡས་ཨུཏྤ་ལའི་སྟེང་ན་གླེགས་བམ་ཟླ་བ་ཚེས་པས་མཚན་པ། གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པའོ། །དེ་ནས་གླེང་བཞི་ནས་འབྱུང་བ་བཅུ་གཅིག་ནི། ལྷོའི་སྣམ་བུ་ལ་སྤྱན་རས་གཟིགས་དཀར་པོ་གཡས་པདྨ་འཛིན་པ། དེའི་གཡོན་དུ་བློ་གྲོས་ཆེན་པོ་སེར་པོ་མིག་གིས་སྤྲས་པའི་པདྨ་འཛིན་པ། བྱམས་པ་མགོན་པོ་སེར་པོ་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པའི་རིལ་བ་སྤྱི་བླུགས་ཀྱིས་སྤྲས་པ་འཛིན་པ། ལྷོ་ནུབ་ཀྱི་གྲྭར་སྤོབས་པ་བརྩེགས་དཀར་པོ་རལ་གྲི་འཛིན་པ། ནུབ་ཏུ་རྣམ་གནོན་དོན་ཡོད་དཀར་པོ་རལ་གྲི་འཛིན་པ། བལྟ་ན་སྡུག་དཀར་པོ་པདྨའི་སྡོང་བུའི་སྟེང་དུ་གླེགས་བམ་རིན་པོ་ཆེས་སྤྲས་པ་འཛིན་པ། མུན་པ་ངེས་པར་འཇོམས་པའི་བློ་གྲོས་དཀར་པོ་དབྱུག་པ་འཛིན་པ། ནུབ་བྱང་གི་གྲྭར་བསམ་པ་ལེགས་པར་སེམས་དཔའ་དཀར་པོ་བུམ་པ་འཛིན་པ། བྱང་དུ་ལྷུན་པོ་བརྩེགས་དཀར་པོ་ཟླ་བ་ཕྱེད་པས་མཚན་པའི་པདྨའི་སྡོང་བུ་འཛིན་པ། སངས་སངས་པོའི་དབྱངས་སྔོ་སྐྱ་ཨུཏྤ་ལ་རིན་པོ་ཆེས་འབར་བ་དང་རྡོ་རྗེས་མཚན་པ་འཛིན་པ། རྡོ་རྗེ་རྩེ་འཛིན་རྒྱལ་པོ་སེར་པོ་རིན་པོ་ཆེའི་སྙེ་མ་འཛིན་པ། བཅུ་གཅིག་པོ་རྣམས་གཡས་པས་རང་རང་གི་ཕྱག་མཚན་ཐུགས་ཀར་འཛིན་ཅིང༌། གཡོན་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱིས་ན་བཟས་མཛེས་པ། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །སྣམ་བུ་ཐ་མའི་ཤར་སྒོའི་གཡས་སུ་གནོད་སྦྱིན་གྱི་སྡེ་དཔོན་ཇི་འཇིགས་སེར་པོ་གཡས་རྡོ་རྗེ་འཛིན་པ། དེའི་གཡས་སུ་རྡོ་རྗེ་སྨུག་ནག་རལ་གྲི། རྒྱན་འཛིན་སེར་པོ་དབྱུག་ཏོ། བྱང་ཤར་གྱི་གྲྭར་གཟའ་འཛིན་སྔོ་སྐྱ་དབྱུག་ཏོ། བྱང་དུ་རླུང་འཛིན་དམར་པོ་རྩེ་གསུམ། གནས་བཅས་དུད་ཁ་རལ་གྲི། དབང་འཛིན་དམར་པོ་དབྱུག་པ། གཏུན་འཛིན་སེར་པོ་དབྱུག་ཏོ། ནུབ་བྱང་གི་གྲྭར་སྨྲ་འཛིན་སེར་པོ་སྟྭ་རེ། ནུབ་ཏུ་བསམ་འཛིན་སེར་པོ་ཞགས་པ། སྔོ་འཛིན་སྔོན་པོ་དབྱུག་ཏོ། རྫོགས་བྱེད་དམར་པོ་འཁོར་ལོ། གཡས་རང་རང་གི་ཕྱག་མཚན་ཐུགས་ཀར་འཛིན་ཅིང༌། གཡོན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། རྒྱལ་པོ་རོལ་པའི་སྟབས་ཀྱིས་པདྨ་དང་དར་ཟབ་ཀྱི་གདན་ལ་བཞུགས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ལྷབ་ལྷུབ་ཏུ་མནབས་པ། ལྟོ་བ་འཕྱང་ཞིང་གསུས་ཁྱིམ་ཆེ་བ་འཇིགས་ཤིང་རྔམས་པའི་ཆ་ལུགས་ཅན་ཏེ། དེ་ལྟ་བུའི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཀྱང་གཡོན་གྲལ་ལ་བཞུགས་པའོ། །གཡས་གྲལ་ལ། གཞུང་ལྟར་ན། ཚངས་པ་དང་བརྒྱ་བྱིན་གཉིས་བཀོད་པས་ཆོག་ལ། རྒྱ་སྟོན་སོགས་ལྟར་ན། ཤར་སྒོའི་གཡས་སུ་ཤིང་རྟའི་སྟེང་དུ་ཉི་མ་དམར་པོ་ཕྱག་གཉིས་ཀྱིས་ཉི་མའི་དཀྱིལ་འཁོར་འཛིན་པ། དེའི་གཡོན་དུ་ངང་པའི་སྟེང་དུ་ཟླ་བ་དཀར་པོ་ཟླ་བ། ཚངས་པ་སེར་པོ་གདོང་བཞི་པ་ངང་པ་ལ་གནས་པ་གཡས་འཁོར་ལོ་དང་གཡོན་བུམ་པ། ཤར་ལྷོའི་གྲྭར་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་གནས་པ་རྡོ་རྗེ། ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་གནས་པ་མེ་ཐབ། གཤིན་རྗེ་སྔོན་པོ་མ་ཧེ་ལ་གནས་པ་དབྱུག་ཏོ། སྲིན་པོ་ནག་པོ་རོ་ལངས་ལ་གནས་པ་རལ་གྲི། ཆུ་ལྷ་དཀར་པོ་ཆུ་སྲིན་ལ་གནས་པ་སྦྲུལ་ཞགས། ལྷོ་ནུབ་ཀྱི་གྲྭར་རླུང་ལྷ་སྔོ་སྐྱ་ཤ་བ་ལ་གནས་པ་བ་དན། ནུབ་ཏུ་གནོད་སྦྱིན་སེར་པོ་རྟ་ལ་གནས་པ་དབྱུག་ཏོ། དབང་ལྡན་དཀར་པོ་གླང་ལ་གནས་པ་རྩེ་གསུམ། སའི་ལྷ་མོ་ཕག་པ་ལ་གནས་པ་ཕྱག་གཉིས་ཀྱིས་བུམ་པ་འཛིན་པ། ཐམས་ཅད་ཀྱང་རིན་པོ་ཆེའི་ཅོད་པཎ་དང་དར་གྱི་ན་བཟས་མཛེས་པ་སྟེ། དེ་ལྟར་ཕྱོགས་སྐྱོང་རྣམས་གཡས་གྲལ་ལ་བཞུགས་པར་འདོད་པ་ནི་གཞུང་ལས། ཀུ་བེ་ར་ལ་སོགས་པ་ཞེས་པའི་སོགས་ཁོངས་ཙམ་ལ་བརྟེན་པ་འདྲའོ། །ཤར་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་ཕྱག་གཉིས་ཀྱིས་པི་ཝང་འཛིན་པ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི། ནུབ་སྒོར་སྤྱན་མི་བཟང་དམར་པོ་སྤྲུལ་ཞགས། བྱང་སྒོར་རྣམ་ཐོས་སྲས་སེར་པོ་ནེའུ་ལེ་འཛིན་པ། བཞི་ཀའང་ཞབས་གཉིས་མཉམ་པའི་སྟབས་ཅན་རིན་པོ་ཆེའི་ཅོད་པཎ་དང༌། ལྷ་རྫས་ཀྱི་དར་དམར་པོའི་ལྷབ་ལྷུབ་ཀྱིས་མཛེས་པའོ། །དེ་ལྟར་སྤྱན་དྲངས་པའི་ལྷ་མདུན་དུ་བཞུགས་པ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་གསལ་བཏབ་ཅིང༌། བདག་ཉིད་ལྷར་མི་བསྐྱེད་པ་འདི་ནི། ལྷ་རྗེ་དཔོན་ལྟ་བུ་ལ་དངོས་གྲུབ་ལེན་པ་ཞེས་བྱ་བའི་རྒྱུད་ཀྱི་ལུགས་ཡིན་ནོ། །སྐུ་མདོག་དང་ཕྱག་མཚན་རྣམས་ལ་མི་འདྲ་བ་དུ་མ་སྣང་ཡང༌། འདིར་རྒྱལ་སྲས་ཐོགས་མེད་ཀྱིས་གསུང་ལྟར་བྱས་སོ། །དེ་ནས་སྤྱིར་ཕྱག་འཚལ་བ་དང༌། རེ་རེ་ནས་ཕྱག་འཚལ་ཞིང་སྨོན་ལམ་གདབ་པ་རྣམས་གཞུང་བཞིན་བྱ། ཤཱཀ་ཐུབ་ཀྱི་སྐབས་ཀྱི་གཟུངས་སྟོང་རྩ་བརྒྱད་དང༌། ཕྱག་རྡོར་གྱི་སྐབས་ཀྱི་གཟུངས་གཉིས་བརྒྱ་རྩ་རེ། གསེར་བཟང་གི་གཟུངས་ཅི་འགྲུབ་བཟླས། སྨོན་ལམ་ཐམས་ཅད་ཀྱི་སྐབས་སུ་རང་ངམ་གཞན་གྱི་མིང་གཞུག་གོ །དེ་ནས་གཟུངས་སྔགས་བཟླས་ལ་ཁྲུས་བྱ་ཞེས་པའི་དོན། སྔར་གྱི་བུམ་པ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་ཞེས་སོགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱངས་ནས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཧྲཱིཿལས་པདྨ་དང༌། ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དབུས་སུ་བྷྲཱུྃ་ཨཾ་ཛྲཱིཾ་ཁཾ་ཧཱུྃ་རྣམས་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བར་གྱུར། ཞེས་བྱ་བའམ། ཡང་ན་གཟུངས་ཀྱི་ཕྲེང་བས་བསྐོར་བར་དམིགས་ལ། འཕགས་པའི་ཚོགས་ཞེས་སོགས་ཀྱིས་མཆོད་པ་ཕུལ་ནས། དཔལ་བཻ་ཌཱུརྻའི་གཟུངས་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཁྱེད་ཀྱིས་བདག་གམ་བསྒྲུབ་བྱ་མིང་འདི་ཞེས་བགྱི་བའི་རྒྱུད་ལ་ཚོགས་གཉིས་རྫོགས་ཤིང་སྒྲིབ་པ་བྱང་ནས། ཆོས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ། གཟུངས་ཐག་ནས་བཟུང་ནས་བཟླས་པས། སྔགས་ཕྲེང་གཟུངས་ཐག་ལ་བརྟེན་ཏེ་སོང་ནས་དུང་ཆོས་ཀྱི་ཆུ་ལ་ཕོག་པས་དེ་ལུད་ནས་བུམ་པར་ལྷུང་སྟེ། ཡིག་འབྲུ་རྣམས་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། ཏདྱ་ཐཱ་གྷུ་མེ་སོགས་དང༌། ཨོཾ་ན་མོ་བྷ་ག་ཝ་ཏེ་གུ་རུ་བཻ་ཌཱུརྻ་སོགས་སུམ་བརྒྱ་ཙམ་བཟླས། མཐར་སྔར་བཞིན་མཆོད་ལ་དུང་ཆོས་ཀྱི་མཆོད་ཡོན་དབུལ་ཞིང་གསོལ་བ་བཏབ་པས། ཡིག་འབྲུ་རྣམས་ཞུ་བ་ལས་བྱུང་བའི་ཆུར་བསམ་མོ། །མཐར་རང་ཉིད་ཀྱིས་ཁྲུས་བྱ་ཞིང༌། བསྒྲུབ་བྱ་གཞན་ལ་བྱ་དགོས་ན། ཁྲུས་དང་བཀྲ་ཤིས་རྒྱས་པར་བྱའོ། །འདི་རྣམས་ནི་མཆིམས་ཀྱི་བཞེད་པ་ལྟར་བྲིས་པའོ། །སྐབས་འདིར་མདོ་ཀློག་མཁན་གཞན་མེད་ན་ཤེར་ཕྱིན་གྱི་མདོ་དང༌། འདིའི་མདོ་བརྒྱད་བརྒྱ་པ་ལན་བཞི་བཅུ་ཞེ་དགུར་འདོན་པར་བཤད་པས་ཅི་ནུས་སུ་ཀླག་གོ །གསུམ་པ་རྗེས་ནི། སྤྱིར་མཆོད་པ་ཅི་འབྱོར་པ་དབུལ་ཞེས་པ་གཏང་རག་མཆོད་པ་ཡིན་པས། སྔར་གྱི་ཕྱོགས་བཅུ་དུས་གསུམ་གྱི་ཞེས་པ་ནས་གསོལ་བར་འཚལ་ལོའི་བར་བྱས་ལ། དེ་བཞིན་གཤེགས་པ་བདུན་གྱི་མདོ་བཀླག་ཅིང༌། གཤེགས་གསོལ་ཚར་བའི་རྗེས་ལ། བཀྲ་ཤིས་རོལ་མོའི་སྒྲ་རྒྱ་ཆེར་བྱའོ། །གཞུང་ནས་ཟིན་པ་འདི་ཙམ་ཞིག་གིས་ཁ་མ་བསྐངས་ན་ཆོ་ག་ཆད་པར་འགྱུར་ལ། ལྷ་སོ་སོའི་བསྟོད་པ་དང༌། མཆོད་པ་དང༌། གསོལ་བ་གདབ་པའི་ཚིགས་རྣམས་སྐབས་སུ། སྦྱོར་བ་དང༌། ཕྱོགས་སྐྱོང་དང་གནོད་སྦྱིན་གྱི་སྐབས་སུ་གཏོར་མ་འབུལ་བ་རྣམས་ནི་ཆོ་ག་རྒྱས་པར་འགྱུར་བས་བྱས་ཀྱང་མི་འགལ་ཞིང༌། མ་བྱས་ཀྱང་ཆོ་ག་ཆད་པར་འགྱུར་བའི་ཉེས་པ་ནི་མེད་དོ། །གང་དག་ལྷ་རྣམས་ཞལ་ཕྱིར་བལྟས་ཀྱི་ཙ་ཀ་ལི་ལ་ཕོ་བྲང་དུ་མིང་བཏགས་པ། བོན་པོའི་ལུགས་ཀྱི་རྟེན་བཤམ་པ་དང༌། སྔོན་དུ་མཆོད་པ་བྱིན་བརླབ་བྱ་བ་དང༌། བྱིན་བརླབ་སྐོར་བཞིའི་སྐབས་སུ་དབྱངས་ཀྱི་ཚིག་ཆོ་གའི་དཀྱུས་སུ་སྦྱོར་བ་དང༌། སྤྱན་འདྲེན་དང༌། ཤཱཀ་ཐུབ་ཀྱི་སྐབས་སུ་གནས་བརྟན་བཅུ་དྲུག་གི་ཆོ་ག་སྦྱོར་བ་དང༌། ཆོས་དཀོན་མཆོག་གི་སྐབས་སུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཕྱག་མཆོད་སྦྱོར་བ་དང༌། སྐྱབས་གྲོལ་སོགས་ཀྱི་སྐབས་སུ་དོན་ཞགས་ལྷ་ལྔའི་ཕྱག་མཆོད་སྦྱོར་བ་དང༌། སྤྱིར་ཕྱག་འཚལ་བ་དང༌། གཏང་རག་གི་སྐབས་སུ། བཀའ་གདམས་བརྒྱུད་པའི་ཕྱག་འཚལ་སོགས་འབྲེལ་མེད་ཀྱི་བསྟོད་པ་མང་པོ་བྱེད་པ་དང༌། བྱེ་བྲག་ཏུ་གཤིན་པོའི་དོན་དུ་ཆོ་ག་བྱེད་ན། སྤྱན་དྲངས་པའི་རྗེས་སུ་མིང་བྱང་ངམ་རྟེན་བཤམས་ནས། དེ་ལ་བགེགས་སྦྱང་བ་ནས་སྐྱབས་འགྲོའི་བར་བྱེད་ཅིང༌། ཁྲུས་ཀྱི་སྐབས་སུ་ཁྲུས་དང་དུག་ཕྱུང་སོགས་བྱེད་པ་དང༌། མཇུག་ཏུ་སྐྱེ་ས་བཅུ་གཉིས་ཀྱི་སྨོན་ལམ་བྱེད་པ་དང༌། སྨན་བླ་ལོངས་སྐུའི་རྗེས་གནང་ཟེར་ནས། རྣལ་འབྱོར་བླ་མེད་ཀྱི་དབང་བཞི་མདོར་བསྡུས་ཞིག་སྦྱོར་བ་དང༌། དེའི་རྫོགས་རིམ་ཡིན་ཟེར་ནས་ཐིག་ལེ་དང་སེམས་འཛིན་གྱི་རྣལ་འབྱོར་འགའ་ཞིག་བྱེད་པ་དང༌། ཆོ་གའི་གནས་སྐབས་སུ་ཤ་ཆང་དང་སྒོག་བཙོང༌། ཕྱི་དྲོའི་ཁ་ཟས་ལ་ལོངས་སྤྱོད་པ་རྣམས་ནི་བླུན་པོ་རྣམས་ཀྱིས་རང་བཟོར་སྦྱར་བའི་ལྷད་ཁོ་ན་ཡིན་པས་བདག་ལེགས་སུ་འདོད་པའི་མཁས་པ་བློ་གྲོས་ཅན་རྣམས་ཀྱིས་དུག་བཞིན་དུ་སྤང་བར་བྱའོ། །གཞན་ཡང་སྨན་བླ་སྤྲུལ་སྐུའི་རྗེས་གནང་ཟེར་ནས། བླ་མའི་རྣལ་འབྱོར་ཁ་ཅིག་ལ་དཔེ་བྱས་པ་ལྟ་བུའི་ཆོ་ག་ཡང་སྣང་མོད། བཟླས་ལུང་ཙམ་ཞིག་བྱ་བའི་རྒྱུད་ཡིན་པས་ཤིན་དུ་རིགས་ནའང༌། དེ་བཞིན་གཤེགས་པ་གཅིག་ལ་གཅིག་བསྟིམ་བྱེད་པ་སོགས་བརྟག་དགོས་སོ། །དགེ་བའི་བཤེས་གཉེན་མཆིམས་ཀྱིས། ཆོ་ག་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས། འདི་འབྲིང་པོ་ཡིན་ཞེས་གསུངས་པ་ལ་ཁ་ཅིག ཆོ་ག་རྒྱས་པར་གྲགས་པ་ནི་འདིའི་སྤྱན་འདྲེན་གྱི་སྐབས་སུ་ཕྱོགས་སྐྱོང་སྤྱན་དྲངས་པ་སོགས་ཀྱི་ཚིག་མང་པོ་དང༌། མཆོད་པ་བཤམ་པའི་ཚུལ་རྒྱས་སུ་བཏང་བ་ཙམ་ཞིག་ཡིན་ལ། བསྡུས་པར་གྲགས་པ་ནི། སྤྱིར་ཕྱག་འཚལ་བའི་སྐབས་ལོགས་སུ་ཕྱུང་བ་ཡིན་པས། ཆོ་ག་རྒྱས་བསྡུས་གཉིས། བཀའ་གདམས་པ་འགའ་ཞིག་གིས་བྱས་པ་ཡིན་གྱི། མཁན་ཆེན་ཞི་བ་འཚོས་མཛད་པ་མ་ཡིན་ནོ། །ཞེས་ཟེར་བའང་བདེན་པ་འདྲའོ། །འདི་ལྟ་བུའི་ཆོ་ག་ཁྱད་པར་ཅན་འདི་ནི་སྟོན་པ་སངས་རྒྱས་ཀྱི་དུས་མཆོད་རྣམས་ལ་བྱས་ན་བསོད་ནམས་ཆེ་སྟེ། དེའང་རྗེ་ས་སྐྱ་པ་དང༌། ཇོ་བོ་ཨ་ཏི་ཤ་ལྟར་ན། མེ་མོ་ཡོས་བུའི་ལོ། དཔྱིད་ཟླ་ཐ་ཆུང་ས་གའི་ཚེས་བརྒྱད་དང་སྐར་མ་རྒྱལ་འཛོམ་པ་ནི་སྐུ་བལྟམ་པའི་དུས་སོ། །ཤིང་མོ་ལུག་གི་ལོ་དཔྱིད་ཟླ་ཐ་ཆུང་གི་ཚེས་བརྒྱད་ནི་རབ་ཏུ་བྱུང་བའི་དུས་སོ། །ལྕགས་མོ་བྱི་བའི་ལོ་དཔྱིད་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ནི་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སོ། །དེ་ཉིད་ཀྱི་དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཚེས་བཞི་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སོ། །བྱི་ལོ་སྟོན་ཟླ་ཐ་ཆུང་སྨིན་དྲུག་གི་ཚེས་བཅོ་ལྔ་ནི་ལྷ་ལས་བབས་པའི་དུས་སོ། །བྱི་ལོ་དགུན་ཟླ་ཐ་ཆུང་མཆུའི་ཚེས་བཅོ་ལྔ་ནི་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་སོ། །མེ་མོ་ཕག་གི་དཔྱིད་ཟླ་ཐ་ཆུངས་ཀྱི་ཚེས་བཅོ་ལྔ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་དུས་སོ། །ཁ་ཆེ་པཎ་ཆེན་དང༌། ཁྲོ་ལོ་ལྟར་ན། ལྷ་ལས་བབས་པའི་དུས་ནི་སྟོན་ཟླ་འབྲིང་པོའི་ཐ་སྐར་གྱི་ཉི་ཤུ་གཉིས་ཡིན་ལ། གཞན་རྣམས་སྔ་མ་དང་འདྲ་བར་སྣང་ངོ༌། །དེ་ལྟར་དུས་ཁྱད་པར་ཅན་བདུན་ལ། དགེ་བ་སྤྱད་ན་བསོད་ནམས་མཐའ་ཡས་པ་ཐོབ་པར་གསུངས་ཤིང༌། ཁྱད་པར་དུའང༌། ཆོ་འཕྲུལ་ཆེ་དང་མངོན་བྱང་ཆུབ། །འཁོར་ལོ་ལྷ་ལས་བབས་པའོ། །ཞེས་པ་དུས་ཆེན་པོ་བཞིའི་དུས་སུ། དགེ་བ་སྤྱད་པ་ནི་ས་ཡ་ཕྲག་བརྒྱའི་འགྱུར་དུ། ལུང་སིལ་བུ་དང༌། མྱ་ངན་ལས་འདས་པའི་མདོ་ལས་གསུངས་སོ། །ཞེས་འབྱུང་བས། བདེ་གཤེགས་འཁོར་དང་བཅས་པ་མཆོད་པ་ལ་སོགས་པའི་དགེ་བ་ལ་བརྩོན་པར་བྱའོ། །རྒྱ་ཆེན་ཚོགས་གཉིས་བདེ་བླག་རྫོགས་བྱེད་པའི། །བདེ་གཤེགས་མཆོད་པའི་ཆོ་ག་དྲི་མེད་འདི། །ངན་རྟོག་རང་བཟོའི་སྐྱོན་གྱིས་མ་གོས་པར། །བློ་ལྡན་བསོད་ནམས་རིན་ཆེན་དོན་དུ་སྦྱར། །འདི་སྦྱར་དགེ་བ་བདག་གིས་གང་ཐོབ་དེས། །བསྐུལ་བ་པོ་དང་སེམས་ཅན་ཐམས་ཅད་ཀྱི། །ལམ་གྱི་བར་ཆད་མཐའ་དག་ཞི་བ་དང༌། །ཐུབ་དབང་བྱང་ཆུབ་དམ་པའི་གནས་ཐོབ་ཤོག །ཅེས་པ་འདི་ཡང༌། དེང་སང་འདིའི་ཆོ་ག་ཤིན་དུ་དར་ཡང༌། ཆོ་གའི་དགོངས་པ་ལྟར་དག་པོ་བྱེད་མཁན་ཆེས་ཉུང་བར་མཐོང་ནས། དེ་རྣམས་ལ་ཕན་པར་གྱུར་ཅིག་སྙམ་པའི་བསམས་པས། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་མདོ་བརྒྱད་བརྒྱ་པ་དང༌། ཆོ་གའི་གཞུང་ལ་ཞིབ་དུ་དཔྱད་ནས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ནོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭཱ་ཧི་ཏོ་བྷ་ཝནྟུ།།  །། «༄། །དབུ་མ་ལུགས་ཀྱི་སེམས་བསྐྱེད་རང་གི་བླང་བའི་ཆོ་ག་བཞུགས་སོ།།»  ༈ །ན་མོ་བུདྡྷཱ་ཡ། དབུ་མ་ལུགས་ཀྱི་སེམས་བསྐྱེད་སྔར་སློབ་དཔོན་ལ་ཐོབ་ནས་ཕྱིས་རྟེན་གྱི་སྤྱན་སྔར་རང་གི་ལེན་པར་འདོད་ན། ཐུབ་པ་ཆེན་པོའི་རྟེན་གྱི་དྲུང་དུ་ཅི་འབྱོར་པའི་མཆོད་པ་རྒྱ་ཆེན་པོ་བཤམས། རང་རྟེན་ལ་ཁ་ཕྱོགས་ནས་འདུག མདུན་དུ་སྟོན་པ་ཐུབ་པའི་དབང་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་དང་བཅས་པ་བཞུགས་པར་བསམས་ལ། ཕྱག་གསུམ་ཕུལ་ལ་མཎྜལ་སེམས་བསྐྱེད་པ་ཞུ་བའི་ཡོན་དུ་ཕུལ་ནས། ཐལ་མོ་སྦྱར་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་དེ་བླངས་ལ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསྶཾ་གྷཱ་ཡ། ན་མོ་མནྟྲ་དེ་བ་ཏ་བྷྱཿ ན་མོ་གུ་རུ་བྷྱཿ ཞེས་ཕྱག་བྱས་ལ། མཆོད་རྫས་རྣམས་བསམ་གྱིས་མི་ཁྱབ་པར་བསམས་ལ། ཕུན་ཚོགས་ལྷ་རྫས་ལས་གྲུབ་ཡིད་འོང་བའི། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་མཆོད་ཚོགས་འདིས། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་བརྗོད་ལ་རོལ་མོ་དབུལ། མེ་ཏོག་དོར། བདུག་སྤོས་དབུལ་ལོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དང༌། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཅི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་བྱ། དགོངས་གསོལ་དང༌། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་ཐོག་མ་མེད་པ་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ། དེ་ཐམས་ཅད་སོ་སོར་བཤགས་ཤིང་སླར་ཡང་མི་བགྱིད་དོ། །ཅེས་སྡིག་པ་བཤགས་པ་དང༌། སོ་སོ་སྐྱེ་བོའི་དགེ་བ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་ལ་དགའ་ཞིང་རྗེས་སུ་ཡི་རངས་བར་བགྱིའོ། །ཞེས་དགེ་བ་ལ་རྗེས་སུ་ཡི་རངས་པ་དང༌། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སྲས་དང་བཅས་པ། ཆོས་ཀྱི་འཁོར་ལོ་བསྐོར་བར་མི་བཞེད་པ་དེ་དག་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་སོ། །ཞེས་ཆོས་འཁོར་བསྐོར་བར་བསྐུལ་བ་དང༌། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །ཞེས་པ་མྱ་ངན་ལས་མི་འདའ་བར་གསོལ་བ་དང༌། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་བསྔོ་བ་ལན་གསུམ་བྱ་སྟེ། སྦྱོར་བའོ། །དེ་ནས་ཡིད་ལ་འདི་ལྟར་བསམས་ཏེ། བདག་གི་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་དུས་གསུམ་གྱིས་བསྡུས་པ་ཐམས་ཅད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྤྱི་མཐུན་དུ་ལྟོས་པ་མེད་པར་སྦྱིན་པ། བྱིན་པའི་ནོར་ལ་བདག་ཁ་མི་འཛུད་པ་ལྟར་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་དབང་བར་བསྒོམ། དེ་ནས་སེམས་ཅན་རྣམས་ཀྱིས་བདག་ལ་ལུས་ཀྱི་རྡེག་བཙོག་བྱེད་དམ་ངག་གིས་མི་སྙན་པར་བརྗོད་དམ་སེམས་ཀྱི་ཆགས་སྡང་ཅི་སྐྱེད་ཀྱང་རུང་སྟེ། ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་བོན་ཐེབས་པར་བསྒོམ་མོ། །བདག་སེམས་ཅན་ཐམས་ཅད་ལ་སྤྱིར་འཁོར་བའི་ལོངས་སྤྱོད་དང༌། ཇི་ལྟར་དགོས་པའི་བྲན་དང༌། གང་མཁོ་བའི་གྲོགས་དང་ཇི་ཙམ་དགོས་པའི་བར་ལྷུན་གྲུབ་ཏུ་འབྱུང་བར་འདོད་པ་ཞེ་ཐག་པ་ནས་རྐང་གི་ཁོང་རུས་པའི་གཏིང་ནས་བསྒོམས་ལ། ངག་ཏུ་དགོངས་གསོལ་དང༌། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད། རེ་རེའི་མཚམས་སུ་བློ་སྦྱང་བསྒོམ་པ་དང་སྤེལ་བར་བྱ་སྟེ། དངོས་གཞིའོ། །དེ་ནས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གི་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཅེས་པ་རང་དགའ་བ་བསྒོམ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་གཞན་དགའ་བ་བསྒོམ་དུ་གཞུག་པར་བྱ། དེ་ནས་མདུན་གྱི་སངས་རྒྱས་རྣམས་ཀྱིས་བསླབ་བྱ་གསུངས་པར་བསམས་ལ། བྱང་སེམས་ཀྱི་བསླབ་པར་བྱ་བ་མདོར་བསྡུས་ན། ཐེག་པ་ཆེན་པོའི་བླ་མ་ལ་གུས་པར་བྱ་བ་དང༌། ནག་པོའི་ཆོས་བཞི་སྤང་བར་བྱ་བ་དང༌། སེམས་ཅན་བློའི་མི་སྤང་བ་དང་གསུམ་མོ། །སྨོན་པའི་བསླབ་བྱ་བསྡུས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་བསམ་པ་དང༌། འཇུག་པའི་བསླབ་བྱ་བསྡུས་པ། དོན་མེད་པའི་སྡིག་པ་མི་བྱེད་པ་དང༌། ཅི་ནུས་ཀྱིས་དགེ་བ་སྒྲུབས་ཤིག་གསུངས་པར་བསམ། དེའི་ནག་པོའི་ཆོས་བཞི་ནི། བླ་མ་དང་མཆོད་པར་འོས་པ་བསླུ་བ་དང༌། གཞན་ཆོས་དང་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་དང༌། ཐེག་ཆེན་ལ་ཞུགས་པའི་གང་ཟག་ཐམས་ཅད་ལ་སྨོད་ཅིང་ཚིག་ངན་པ་སྨྲ་བ་དང༌། གཡོ་སྒྱུས་གཞན་ལ་ངན་བྱེད་པ་སྟེ་བཞི་པོ་འདི་སྤང་བར་བྱའོ། །ཞེས་གསུངས་པར་བསམས་ཏེ་བསླབ་བྱ་བརྗོད་པའོ། །དེ་ནས་གཏང་རག་གི་ཕྱིར་མཆོད་པ་གསར་པ་བཤམས་ལ། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་བཤད་པའི་ཡན་ལག་བདུན་པ་ཕུལ་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་དང༌། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་འགྱུར་ཞིང༌། །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །ཅེས་སོགས་ཀྱིས་བསྔོ་བ་དང༌། སྨོན་ལམ་ཅི་ནུས་པ་གདབ་སྟེ་རྗེས་སོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བས། རང་གིས་བླངས་ན་བྱང་སེམས་ཀྱི་སྡོམ་པ་ཉམས་པའང་སོར་ཆུད་ནས་སྡོམ་ལྡན་དུ་འགྱུར་བས། ཡང་ཡང་ལེན་པ་ལ་འབད་པར་བྱས་ན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། །མསྟུ་སརྦ་ཛ་ག་ཏཾ།།  །། «༄། །གསོ་སྦྱོང་རང་གིས་བླང་བའི་ཆོ་ག་བཞུགས་སོ།།  »༈ །ན་མོ་བུདྡྷཱ་ཡ། གསོ་སྦྱོང་རང་གིས་ལེན་པར་འདོད་པས། དཀོན་མཆོག་གི་རྟེན་དང་སྤྱན་རས་གཟིགས་ཀྱི་སྐུ་གཟུགས་ཀྱི་མདུན་དུ། མཆོད་པ་ཅི་འབྱོར་པ་བཤམས་ལ་ཁྲུས་བྱས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། བླ་མ་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར། ཨོཾ་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པས་འདོད་ཆགས་བྲལ་བར་འགྱུར། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པའི། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དྭང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་བཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པས་ཕྱག་བྱས། དེ་ནས་ཏིང་ཏིང་ཤག་ལ་སོགས་པའི་རོལ་མོ་རྣམས་དབུལ་ཞིང༌། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་བདུག་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་ཞེས་སོགས་ནས། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་བརྗོད། དེ་ནས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །བདག་གིས་སྡིག་པ་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རངས། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདས་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་བདུན་པ་ནི་སྦྱོར་བའོ། །དེ་ནས་རྟེན་གྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས། ཐལ་མོ་སྦྱར་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ་བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་པ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དུ། གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་ནས་ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་མཐོན་པོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་ལྟར་དུ་ནི་བདག་གིས་ཀྱང༌། །དེང་ནས་སྲོག་གཅོད་ལ་སོགས་སྤང༌། །སྡུག་བསྔལ་མང་འཁྲུགས་འཇིག་རྟེན་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་བརྗོད་པ་ནི་དངོས་གཞིའོ། །དེ་ནས་དེ་ལྟར་ཚུལ་ཁྲིམས་བླངས་པ་ལས་བྱུང་བའི་དགེ་བ་ཕ་མས་ཐོག་དྲངས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་དུ་བསམས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་པོ་ཐོབ་པར་ཤོག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་བསྔོ་བ་དང་སྨོན་ལམ་བྱ་བ་ནི་རྗེས་སོ། །དེ་ལྟར་དང་པོར་སློབ་དཔོན་ལ་ཐོབ་ནས། ཕྱིས་རང་གི་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་ཉིན་རེ་བཞིན་མ་ཆགས་པར་བླངས་ན། ཐེག་པ་ཆེན་པོ་སོ་སོར་ཐར་པ་རྒྱུན་ཆགས་སུ་གནས་ལ། དེའི་རྟེན་ལ་དགེ་བ་ཅི་སྤྱད་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །དེའི་ཕྱིར་བདག་བདེ་ལེགས་སུ་འདོད་པ་དག་ཚུལ་འདི་ལ་ནན་ཏན་དུ་བྱ་བར་རིགས་སོ།།  །།མངྒ་ལཾ།།  །། «༄༅། །མཆོད་སྦྱིན་ཆེན་མོའི་ཟིན་བྲིས་བཞུགས་སོ།།  »༈ །མྱུར་དུ་སྤྱོན། ཨོཾ་སརྦ་ཏ་ཐཱ་ག་ཏ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། ཞེས་སྤྱན་དྲངས་ནས། དེ་ལྟར་སྤྱན་དྲངས་པས་མདུན་གྱི་མཎྜལ་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རིའི་རྒྱལ་པོ་རི་རབ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཅུ་གཉིས། ཕྱི་རོལ་ལྕགས་རི་དང་བཅས་པས་ཡོངས་སུ་བསྐོར་བའི་ལྷུན་པོའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་པའི་ལྷ་སྣམ་རིམ་པ་དྲུག་གི་ལྟེ་བར་སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བཅུ་པའི་ལྟེ་བའི་དབུས་སུ། སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ཤར་དུ་གླང་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་ལ། མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང༌། གཡོན་མཉམ་གཞག་མཛད་པ། ལྷོར་རྟའི་ཁྲིའི་སྟེང་དུ་སྣ་ཚོགས་པད་ཟླ་ལ། རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་དང༌། གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ནུབ་ཏུ་རྨ་བྱའི་ཁྲིའི་སྟེང་དུ་པད་ཟླ་ལ་འོད་དཔག་མེད་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། བྱང་དུ་མཁའ་ལྡིང་གི་ཁྲིའི་སྟེང་དུ་སྣ་ཚོགས་པད་ཟླ་ལ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྐྱབས་སྦྱིན་དང༌། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཐམས་ཅད་ཀྱང་དར་གྱི་ན་བཟའ་དང༌། རིན་པོ་ཆེ་ཡིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཙོ་བོའི་གཡས་སུ་སེང་གེའི་ཁྲིའི་སྟེང་དུ་སྣ་ཚོགས་པད་ཟླ་ལ། སྟོན་པ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་གནོན། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཆོས་གོས་ངུར་སྨྲིག་བསྣམས་པ། དབུའི་གཙུག་ཏོར་དང་བཅས་པ་སྤྲུལ་པའི་སྐུའི་ཆ་བྱད་ཅན། གཡོན་དུ་རིན་པོ་ཆེའི་བུམ་པའི་སྟེང་དུ་གསུང་རབ་པུསྟི་དང༌། དར་ཟབ་སྣ་ཚོགས་ཀྱི་ན་བཟས་མཛེས་པ། ཕྱི་རོལ་གྱི་པད་འདབ་རྣམས་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྲུལ་པའི་སྐུའི་རྣམ་པ་ཅན་དང༌། ཕྱི་རོལ་གྱི་ལྷ་སྣམ་རྣམས་ལ་འཇམ་དབྱངས་དང༌། སྤྱན་རས་གཟིགས་ལ་སོགས་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང༌། སྤྱན་མ་ལ་སོགས་པའི་ཡུམ་གྱི་ཚོགས་རྣམས་དང༌། ཁམས་གསུམ་རྣམ་རྒྱལ་ལ་སོགས་པ་ཁྲོ་བོའི་ཚོགས་རྣམས་དང༌། གདུང་བ་སེལ་བ་ལ་སོགས་པ་རང་རྒྱལ་རྣམས་དང༌། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཀྱི་ཚོགས་རྣམས་དང༌། བྷ་ར་དྷྭ་ཛ་ལ་སོགས་པའི་གནས་བརྟན་ཆེན་པོ་རྣམས་དང༌། གྲགས་འཛིན་མ་ལ་སོགས་པ་དགྲ་བཅོམ་པ་ཕ་མའི་ཚོགས་དང༌། འཇིག་རྟེན་གྱི་ཁམས་ཀྱི་སྐུ་གདུང་དང་མཆོད་རྟེན་ཐམས་ཅད་དང༌། དབྱངས་ཅན་མ་ལ་སོགས་པ་སྒྲའི་ལྷ་མོའི་ཚོགས་དང༌། དཔལ་ཆེན་མོ་ལ་སོགས་པ་ནོར་ལྷའི་ཚོགས་དང༌། གཟུགས་ཅན་སྙིང་པོ་ལ་སོགས་པ་སངས་རྒྱས་དང་སྤྱོད་ཡུལ་གཅིག་པའི་ལྷའི་ཚོགས་དང༌། འདོད་པའི་ལྷ་ལ་སོགས་པ་ཆོས་ཁམས་འབྱེད་པའི་ལྷའི་ཚོགས་དང༌། ཕོ་ཉ་ས་ལྷ་ལ་སོགས་པ་ཅི་བགྱིའི་ཚོགས་དང༌། གཙང་རིས་སྡེ་ལྔ་ལ་སོགས་པ་གཟུགས་ཁམས་ཀྱི་ལྷ་རྣམས་དང༌། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ལ་སོགས་པ་འདོད་ཁམས་ཀྱི་ལྷའི་ཚོགས་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་བ་བཅུ་དང༌། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ལ་སོགས་པའི་རྒྱལ་པོ་ཆེན་པོ་སྡེ་བཞི་དང༌། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད་དང༌། སྨིན་དྲུག་དང་སྣར་མ་ལ་སོགས་པ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། ཡང་དག་ཤེས་དང་རྒྱལ་བ་ཁྱུ་མཆོག་ལ་སོགས་པ་གནོད་སྦྱིན་གྱི་ཚོགས་དང༌། གདྒཱ་ལ་སོགས་པ་བཀྲ་ཤིས་ཀྱི་བདག་པོའི་ཚོགས་དང༌། ལྷ་ཀླུ་དང་གནོད་སྦྱིན་ལ་སོགས་པ་སྡེ་བརྒྱད་ཀྱི་ཚོགས་དང༌། རིའི་ལྷ་དང་ཤིང་གི་ལྷ་དང་འབྱུང་བ་བཞིའི་ལྷ་ལ་སོགས་པ་འཇིག་རྟེན་པའི་ཚོགས་དང༌། ལྷའི་བླ་མ་དང་ཕུར་བུ་ལ་སོགས་པ་བསྟན་བཅོས་རིགས་པའི་ལྷའི་ཚོགས་དང༌། དུང་ཅན་མ་ལ་སོགས་པ་གཟུངས་ཀྱི་ལྷ་མོའི་ཚོགས་དང༌། གཞོན་ནུ་གདོང་དྲུག་ལ་སོགས་པ་ལྷའི་བུ་མཐུ་བོ་ཆེའི་ཚོགས་དང༌། ལྔས་རྩེན་ལ་སོགས་པ་གཙུག་ལག་ཁང་གི་བདག་པོ་རྣམས་དང༌། ནོར་བཟང་དང་གཅེན་བཅུ་ལ་སོགས་པ་སྐུ་གཟུགས་སྲུང་མའི་ཚོགས་དང༌། ཤཱནྟ་རཀྵི་ཏ་ལ་སོགས་པ་སྔོན་གྱི་མཁན་པོའི་ཚོགས་དང༌། ཤཱི་ལ་ཨ་ཏི་ལ་སོགས་པ་ཆོས་ཀྱི་རྒྱལ་པོའི་ཚོགས་དང༌། དྲི་ཟའི་རྒྱལ་པོ་ལ་སོགས་པ་རི་དྭགས་སྨན་གྱི་ལྷའི་ཚོགས་རྣམས་ཏེ། ཐམས་ཅད་ཀྱང་རང་རང་གི་རྒྱན་ཆ་ལུགས་དང་ལྡན་ཞིང་རང་རང་གི་གཡོག་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཞན་ཡང་འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་བཞིས་བསྡུས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་མཆོད་སྦྱིན་བཞེས་པའི་སླད་དུ་རི་རབ་ཀྱི་མཐའ་སྐོར་དུ་འཁོད་པར་བསམས་ལ། དེ་ནས་ཐལ་མོ་སྦྱར་ལ། བདག་གི་རྒྱུན་བཤགས་བྱེད་པ་སེམས་ཅན་ཐམས་ཅད་ཀྱིས་བྱེད་པར་བསམས་ལ། སངས་རྒྱས་གཙོ་ལ་སོགས་པ་ལན་གསུམ་བརྗོད། མཆོད་པའི་སྤྲིན་གྱི་གཟུངས་བཟླས་པའི་ཚེ། རོལ་མོ་ཅི་འབྱོར་དབུལ། དེ་ནས་མགྲོན་སྤྱི་ལ། གཏོར་མ་གཅིག་དང་ལྷ་བཤོས་གཅིག་དབུལ་ཞིང༌། དུས་གསུམ་རྒྱལ་བ་ལ་སོགས་བརྗོད། དེ་ནས་སོ་སོའི་གཏོར་མ་རྒྱས་པར་དབུལ་བ་ལ། གཏོར་མ་གཅིག་དང་ཞལ་ཟས་དབུལ་ཞིང༌། སརྦ་བུདྡྷ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས། ལན་གསུམ་གསུམ་རེ་དང༌། ཨརྒྷཾ་སོགས་ཀྱིས་མཆོད། བླ་མེད་ཞེས་སོགས་བརྗོད་ལ་དབུལ། མཆོད་པ་འབུལ་ཞེས་པ་ཐམས་ཅད་ཀྱི་རྗེས་སུ། བདུད་རྩི་བསིལ་དངར་དམ་པས་མཆོད། །འཇིག་རྟེན་མཐའ་དག་སྐྱིད་པ་དང༌། །བསྟན་པ་རྒྱས་པར་མཛད་དུ་གསོལ། །ཞེས་པ་ཐམས་ཅད་ལ་སྦྱར་ཞིང༌། གཏོར་མ་སྔ་མ་གཏང༌། ཡང་ཕྱི་མ་བཤམས་ལ། སདྡྷརྨ་རཏྣ། སཾ་གྷ་བོ་དྷི་སཏྭ། སརྦ་བུདྡྷ་བོ་དྷི་སཏྭ། སརྦ་བུདྡྷ་བོ་དྷི་སཏྭ་སརྦ་མ་ཊི་ཀ ཨཱདྱ་ཀྲོ་དྷ་ཨ་བྷི་མནྟྲ་དེ་བ། ཨཱརྻ་པྲ་ཏྱེ་ཀ ཨཱརྻ་ཤྲ་བ་ཀ ཨཱརྻ་མ་ཧཱ་སྠཱ་ཝི་ར་ལ་ཁ་ཊ་ད་ཤ ཨཱརྻ་ཨ་ཧ་ར་ཧཏ། ཨཱདྱ་ཨཱདྱ་ཙདྱ་མ་ཧཱ་ཝཱ་གཱི་ཤྭ་ར་ཤྲཱི་ཤཔྟ་སྭཱ་ར། བྷ་ག་ཝ་ཏི་བ་སུན་དྷ་ར་ཤྲཱི་དེ་ཝཱི། བུདྡྷ་གུ་ཧྱ་ཨ་དྷི་དེ་ཝ། བུདྡྷ་ས་ད་སྱ། རཱུ་པ་དྷ་དྷཱུ་དེ་བ། མ་ཧཱ་པྲ་ཧྨ་ཎ་ས་དྷི་པ་ཏི། དེ་ཝི་ཨིནྡྲ། ལོ་ཀ་དེ་བ། མ་ཧཱ་ཙ་ཏུ་ར་རཱ་ཛ། ད་ཤ་དི་ཀ་ལོ་ཀ་པཱ་ལ། མངྒ་ལ་དེ་བ། དེ་བ་ཨ་སུ་ར་ཨཥྚ། ལོ་ཀ་དེ་བ། ཤསྟྲ་དེ་བ། དྷ་རི་ནི་དེ་ཝི། དེ་ཝ་ཀུ་མ་ར། བེ་ཧ་ར་ཨ་ཏི། བེ་ཧ་ར་ཨ་དྷི་པ་ཏི་ཨ་དྷི་ཨུ་པ་ཨཱརྻ། བྷོ་ཏྲ་ཀུ་ཤ་ལ་མི་ཏྲ་ཙ་དྷརྨཱ་རཱ་ཛ། བྷོ་ཏྲ་དེ་ཝ། ཐམས་ཅད་ཀྱི་མཐར་ས་པ་རི་ཝཱ་ར་སྦྱར། དེ་ལྟར་སོ་སོའི་གཏོར་མ་རྫོགས་པ་དང༌། རྗེ་བཙུན་འཕགས་མ་སྒྲོལ་མ་ཞེས་སོགས་ཀྱི་ཚིགས་བཅད་དང༌། ཆོས་ཐམས་ཅད་ཀྱི་ཞེས་སོགས་ལྷུག་པ་ནས། ཚོགས་གཉིས་རྫོགས་པར་གྱུར་ཅིག་གི་བར་ལན་ཅིག་བརྗོད་ལ། གཏོར་མ་རྣམས་གཙང་སར་དོར་རོ། །དེ་ནས་རྗེས་ཀྱི་བྱ་བ་ལ། མཆོད་པ་རྣམས་བསང་སྦྱངས། སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ་བོ། །གཙང་ཞིང་གཙང་མར་སྦྱར་བ་ཡི། །ཞེས་སོགས་ཀྱི་ཚིགས་བཅད་ཀྱིས་དབུལ། སྣང་སྟོང་རྡོ་རྗེ་སོགས་རིགས་ལྔའི་བསྟོད་པ་བྱ། ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། སངས་རྒྱས་རྣམས་དང༌། ཞེས་སོགས་ཀྱི་མཎྜལ་ལ་བཀོད་པའི་ལྷ་རྣམས་གཤེགས་སུ་གསོལ། རང་གི་གནས་གསུམ་བསྲུང་ལ་བཀྲ་ཤིས་བྱའོ། །སེར།«་་་་་བྱང་ཆུབ་སེམས་དཔའ། »སྔོ།«་་་་་ཁྲོ་བོ། »དཀར།«་་་་་རང་རྒྱལ།» ལྗང༌།«་་་་་ཉན་ཐོས། »དམར།«་་་་་གཙང་རིས་དཔལ་མགོན། »ཚོན་མདོག་གོ།  །། «༄། །གཏོར་ཆེན་གྱི་ལྷན་ཐབས་བཞུགས་སོ།། » ༈ །བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་གཏན་པ་མེད་པའི་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་བགྱིས་པ་འདིའི་མཐུས། ཡོན་བདག་གམ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ནད་དང༌། གདོན་དང་བགེགས་དང༌། ཕྱི་དང་ནང་གི་བར་དུ་གཅོད་པ་དང༌། ཉེ་བར་འཚེ་བ་ཐམས་ཅད་ཞི་བར་མཛད་དུ་གསོལ། གཞན་གྱི་རིགས་སྔགས་དང༌། རྦོད་གཏོང་དང༌། བྱད་དང༌། འཁྲུལ་འཁོར་ལ་སོགས་པའི་གནོད་པ་ཐམས་ཅད་ཕྱིར་བཟློག་ཏུ་གསོལ། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ། བསྟན་པ་དང་སེམས་ཅན་མང་པོ་ལ་གནོད་ཅིང་འཚེ་བར་བྱེད་ཅིང༌། དཀོན་མཆོག་གསུམ་གྱི་རྟེན་དང་གཙུག་ལག་ཁང་ལ་གནོད་པར་བྱེད་པའི་དགྲ་དང་བགེགས་ཐམས་ཅད་ཞི་བ་དང་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། གང་དག་ཞི་བས་མི་འདུལ་བའི་གདུག་པ་ཅན་མཆིས་ན། དེ་བཞིན་གཤེགས་པ་ཁྱེད་རྣམས་རྡོ་རྗེ་ཁྲོ་བོའི་ཚོགས་སུ་སྤྲུལ་ནས། བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མའི་ཚོགས་དུ་མ་དང་བཅས་པས་དྲག་པོའི་ལས་ཀྱིས་གདུག་པ་ཅན་དེ་ཚར་གཅད་དུ་གསོལ། བདག་གི་ཉེས་པའི་ཚོགས་ཅི་ཡང་མ་བགྱིས་ཤིང༌། གདུག་པ་ཅན་འདིའི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་དཀོན་མཆོག་གསུམ་ལ་གནོད་པ་གྲངས་མེད་པར་བྱས་པས་གདུག་པ་ཅན་འདི་ཚར་བཅད་པར་རིགས་སོ། །རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པ་རྫོགས་སོ།།  །། «༄། །གསེར་སྐུ་རྡོ་རྗེ་འཆང་ཆེན་དུ་མཛད་པ་བཞུགས་སོ།།  »༈ །ན་མོ་བུདྡྷ་ཡ། གསེར་སྐུ་རྡོ་རྗེ་འཆང་དུ་མཛད་ན། མཐའ་སྐོར་ལ་རིགས་ལྔ། ཡུམ་བཞི། བྱང་སེམས་བརྒྱད། ལྷ་མོ་དྲུག ཁྲོ་བོ་བཅུ་རྣམས་བླ་མ་གདན་གསུམ་ཚང་བའི་དཀྱིལ་འཁོར་ཡིན་པས་མཛད་ན་ལེགས། དཔུང་པ་གཡས་གཡོན་གྱི་ཐད་ཀར་ཀྱེ་རྡོ་རྗེ། བདེ་མཆོག ཁྱུང་གི་འོག་དབུའི་སྟེང་ཐད་དུ་ཆོས་རྗེ་སེང་གེ་བ་སོགས་ཁང་པ་རང་གི་ཆོས་ཐོབ་པའི་བླ་མ་གང་ཤོང༌། ལྡེམ་གཉིས་སྤྱན་རས་གཟིགས་དང་འཇམ་དབྱངས་སུ་མཛད་ན་དོན་གྱི་རིགས་གསུམ་མགོན་པོ་ཚང་མར་འགྱུར། གདན་ཁྲི་ལ་རྡོ་རྗེའི་གཡས་གཡོན་དུ་གུར་མགོན་ལྕམ་དྲལ། དེའི་འོག་བསྟར་ལ་ཕྱོགས་སྐྱོང་བཅུ། རྒྱལ་པོ་བཞི། དེའི་འོག་བསྟར་མཆོད་པའི་གཞི་ལ་དབུས་སུ་ཛམྦྷ་ལ་ནག་པོ། གཡས་སུ་ཛཾ་སེར། གཡོན་དུ་ནོར་རྒྱུན་མ། རིན་ཆེན་སྣ་བདུན་འདོད་འཇོའི་བ་དང་བརྒྱད། བཀྲ་ཤིས་རྟགས་བརྒྱད་རྣམས་གང་ཤོང་བ་བྱ། ཁྲིའི་གདོང་ལ་ཡོན་བདག་དང་ལྷ་བཟོ་བ་འདི་ཞེས་བྱ་བས། དགོས་པ་འདིའི་ཆེད་དུ་ལོ་ཟླ་ཚེས་གྲངས་འདི་ལ་རབ་གནས་གྲུབ་པར་བྱས། ཞེས་སོགས་ཀྱི་དཀར་ཆག་གཟོང་གིས་བརྐོ། ཐུབ་དབང་དུ་མཛད་ན་མཐའ་སྐོར་ལ་སངས་རྒྱས་སུམ་ཅུ་སོ་ལྔ་སྤྲུལ་སྐུ་རིགས་ལྔའི་ཕྱག་རྒྱ་ཅན་སྤེལ་མར་བྱ། ཕྲག་གོང་གཡས་གཡོན་དུ་མར་མེ་མཛད་དང་བྱམས་པ་གཉིས། ཁྱུང་གི་འོག་ཏུ་བླ་མ་སྔར་དང་འདྲ། གཡས་གཡོན་གྱི་ལྡེམ་གཉིས་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས། ཁྲིའི་འབུལ་དང་དཀར་ཆག་སྔར་དང་འདྲ། ཐག་ཚད་འདི་བཞིན་བྱས་ན་ཆེན་པོ་གཅིག་ཡོང་བར་གདའ་བས། ཁྲི་སུམ་ཆ། སྐུ་སུམ་ཆ། སྐུའི་སྟེང་གི་རྒྱབ་ཡོལ་སུམ་ཆ་བྱེད་པར་གདའ་ནའང༌། ད་ལན་ཁྲི་མཐོ་བ་རྟེན་འབྲེལ་བཟང་བས་སུམ་ཆ་བྱེད། རྒྱབ་ཡོལ་ཀྱི་སུམ་ཆ་ནས་མཐོ་དོ་སྐུ་ལ་བསྣན་ན་ལེགས་པ་ཅིག་མཆི། རྒྱུད་སྡེ་བཞིའི་ལྷ་ཚོགས་བྲིས་སྐུར་མཛད་ན་དཀྱིལ་འཁོར་ཐོབ་ཐང་ཡིན་པས་བསོད་ནམས་ཆེ། གྱང་རིས་སུ་མཛད་ན་རྒྱུན་དུ་ལྷ་འགའ་ཞིག དབུ་ཞབས་བསྒྱུར་ནས་བཞུགས་དགོས་པ་དེ་མི་འཐད་ཅེས་ཟེར་བས། རང་རང་གི་འཁོར་གྱིས་བསྐོར་བའི་ཞིང་ཁམས་རེ་མཛོད། རས་བྲིས་ཀྱི་གྲྭ་ཟུར་དུ་སྒྲུབ་ཐབས་རྒྱ་མཚོའི་ལྷ་གང་ཤོང༌། སྟེང་བསྟར་ལ་སོ་སོའི་དབང་བཀའི་བླ་མ་བརྒྱུད་པ། འོག་བསྟར་ལ་ཆོས་སྐྱོང༌། ཕྱོགས་སྐྱོང༌། རིག་མ་བཅུ་དྲུག ཁྲོ་བཅུ་སོགས་སྐབས་སུ་གང་བབ་རེ་བྲིས་པས་ཁྱབ་ལགས། གསེར་སྐུའི་ནང་དུ་ནང་རྫོང་གཞན་པས་གཟུངས་རྣམས་ཤོག་དྲིལ་དུ་འཇུག་པ་བསོད་ནམས་ཆེ། གཟུངས་རྣམས་ཆོས་སྐུའི་རིང་བསྲེལ་ཡིན་པར་གསུངས་གདའ། གོས་དར་རྣམས་གཟུངས་ཀྱི་ན་བཟའ་མཛད་ནས་སྟོད་སྨད་ཐམས་ཅད་དུ་བཅུག་པས་ཁྱབ། ཡང་གོས་དར་གང་འཛོམ། རིན་པོ་ཆེའི་རིགས་དང་འབྲུ་སྣ་ཟས་སྣ་བཟང་པོ་དར་རམ་རས་ཀྱི་ཁུད་དུ་གྲིལ་བ་རྣམས་དང༌། གནོད་སྦྱིན་གྱི་འཁོར་ལོ་ནོར་ལྷའི་གཟུངས། བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་པད་གདན་གྱི་དབུས་སུ་བཞུགས། པད་གདན་གྱི་ནང་གི་གཡས་གཡོན་གཉིས་སུ་ཆོས་སྐྱོང་ཕྱོགས་སྐྱོང་གཟའ་རྒྱུ་སྐར། རྒྱལ་ཆེན་སྡེ་བཞི་སོགས་དཔལ་མགོན་བདུན་ཅུ་རྩ་ལྔའི་གཟུངས་རྣམས་དར་གྱིས་གྲིལ་ནས་དྲི་བཟངས་དང་ལྷན་ཅིག་བཞག བླ་མ་བཟང་པོའི་གདུང་རུས་དང༌། བདེ་བར་གཤེགས་པ་རང་གི་གདུང་རུས་ལ་ཐུབ་དབང་ངམ། མི་འཁྲུགས་པའམ། ཚེ་དཔག་མེད་སོགས་ཀྱི་པར་སྐུའམ། ཡང་ན་ཚ་ཚ་ཆུང་ངུ་ལ་གསེར་ཚོན་བཏང་བ་མང་རབ་བྱས་ལ་གཙུག་ཏོར་ནས་ཐུགས་ཀའི་ཐད་དུ་བཞག་པས་ཆོག ཐུགས་ཀའི་ཐད་རང་དུ་ཉིད་ཀྱི་རྩ་བའི་ཡི་དམ་གང་ཡིན་གྱི་གསེར་སྐུའམ་ལྡེར་སྐུ་ཤིང་བརྐོས་སོགས་ཆུང་ངུ་ཅིག་བྱས་ལ། མུ་ཏིག་དང་གསེར་ལ་སོགས་པའི་ཕྲེང་བས་བརྒྱན། །དྲི་བཟངས་མང་པོ་དང་ལྷན་ཅིག་ཏུ་སྐུ་མདོག་དང་མཐུན་པའི་དར་གྱིས་གྲིལ། དེའི་ཕྱི་ནས་ཤོག་བུ་སྔོན་པོ་ལ་གསེར་ཡིག་གིས་བཅོམ་ལྡན་འདས་ཆེ་གེ་མོ་ཞེས་བགྱི་བས་བདག་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞེས་བགྱི་བ་ལ་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདིར་ཚེ་རིང་བ་དང་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ། ཞེས་སོགས་ཚེ་འདི་ཕྱི་གཉིས་ཀ་ལ་དམིགས་པའི་འདོད་དོན་གང་ཡིན་པ་བྲིས་ལ་དཀྲི། དེ་གོས་དར་མང་པོས་དཀྲིས་ལ་ཐུགས་ཀར་བཞག གཟུངས་ཀྱི་ནང་ནས་གཙུག་ཏོར་རྣམ་རྒྱལ། ཚེ་དཔག་མེད། སྦྱོང་རྒྱུད་ཚེ་དཔག་མེད་རྣམས་ཀྱི་གཟུངས་ཚར་ལྔ་བརྒྱ་རེ་ཙམ་མང་བར་བྲིས་ལ། མཇུག་ཏུ་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་ཨོཾ་ཞེས་པ་བྲིས་ལ་བཅུག ན་བཟའ་ཐེར་མའམ་དར་གྱི་ཆོས་གོས་ལྟ་བུ་འདུག་ན་གཟུངས་ཀྱི་ཕྱི་གཡོགས་ན་བཟའི་ཚུལ་དུ་དཔུང་པ་མན་ཆད་སྐྱིལ་ཀྲུང་ཡན་ཆད་ལ་མདུན་རྒྱབ་ཁྱབ་པ་མཛད་པས་རུང༌། གཞན་ཞབས་ལྷྭམ་སོགས་འཇུག་ཏུ་མི་རུང༌། གདུང་རུས་ལ་ཚ་ཚའམ་ལྷ་སྐུ་བྱས་ན་མ་གཏོགས་རུས་པ་དངོས་སུ་བཅུག་ན་ཡུལ་དེ་ལ་གནོད་པར་འདུལ་བ་ལུང་དང༌། རབ་གནས་དོན་གསལ་དུ་བཤད་གདའ། གལ་ཏེ་གཟུངས་ཀྱིས་ཁ་མ་ཁེངས་ན། ལྟེ་བ་མན་ཆད་ལ་སྤང་སྤོས་དང་ཤུག་པ་ཞིབ་མོར་བརྡུངས་པ་སོགས་སྤོས་སྣ་མང་པོ་རས་སམ་དར་གྱི་ཁུག་མར་བཅུག་པ་མང་པོས་འགེངས། ལྟེ་བ་མན་ཆད་སྐྱིལ་ཀྲུང་ཡན་ཆད་ལ་འཇམ་དཔལ་དང༌། སྡུད་པ་སོགས་མདོ་ཕྲན་གྱི་པུསྟིའི་བར་བར་དུ་གུར་གུམ་སོགས་དྲི་བཟངས་པོ་སྐམ་པོའི་ཕྱེ་མ་གཏོར་བ་གླེགས་ཤིང་མེད་པར་བྱས་པ་གོས་དར་དང་རྟེན་ཁེབས་མང་པོས་དྲིལ་ནས་བཟང་ལོགས་ཡར་བསྟན། ཕྱི་ལོགས་མར་བསྟན་པ། སྔ་ལོགས་ཀྱི་གུག་སྐྱེད་གསེར་སྐུའི་རྒྱབ་ཕྱོགས་དང་ཞབས་ཀྱུ་མདུན་དུ་བསྟན་ལ་གཞུག པད་གདན་མན་ཆད་མ་ཁེངས་ན། འབྲུ་སྣ་དང་ཟས་སྣ་མང་པོ་ཐུམ་བུར་བྱས་ལ་བཅུག གནོད་སྦྱིན་གྱི་འཁོར་ལོའི་མ་དཔེ་རྗེ་བཙུན་ཆེན་པོའི་ཕྱག་དཔེ་ལྟར་དག་པར་བྲི། སྔགས་རྣམས་ཀྱི་རིང་ཆ་ཐུང་ཆ་སོགས་ཤིན་དུ་དག་པར་བྱས་ནས་ཕུལ་ཡོད་པ་འདི་ལ་མ་དཔེ་མཛད་ནས། དེ་འབྲི་བའི་བྱང་བུ་འབྱོར་ན་གསེར་དངུལ་ལེབ་བརྡུངས། མ་འབྱོར་ན་ཟངས་ལེབ་བརྡུངས་སྲབ་འཇམ་གྲུ་བཞིར་བྱས་པ་ལ། ཟངས་དང་དངུལ་ལ་གསེར། གསེར་ལ་མཚལ་གྱིས་བྲི། འཁོར་ལོ་ལ་བཀོད་པའི་སྔགས་ཀྱི་བཟླས་པ་དང༌། དཀར་གསུམ་གྱི་གཏོར་མ་ཕུལ་བའི་སྒྲུབ་པ་དགེ་སློང་བཞིས་ཞག་བདུན་བྱ། དེ་ནས་འཁོར་ལོའི་མཐའ་མ་ལ་སྦྲང་དཀར་པོ་ལ་གུར་གུམ་དང་ཀ་ར་ཕྱེ་མ་བཏབ་པས་བྱུགས་ལ་སྟེང་འོག་མ་ནོར་བར་ཁ་སྦྱར། དར་རམ་རས་སྐུད་སེར་པོ་མདུད་པ་མེད་པས་རྒྱ་གྲམ་དུ་འཁོར་ལོ་ནུབ་ནུབ་ཀྱི་དཀྲི། དེ་གོས་དར་སེར་པོ་མང་པོས་དཀྲིས་ལ་གཞུག་གོ །མོ་འཁོར་འོག ཕོ་འཁོར་སྟེང༌། མ་ཎི་བྷ་དྲ་དང་ཙནྡྲ་ཀཱནྟྱཻ་གཉིས་ཤར་དུ་ཡོང་བ་བྱེད་དགོས། པད་གཟུངས་མ་གཏོགས་གཞན་རྣམས་གདུང་རུས་ཀྱི་བྲིས་ཀྱང་ཆོག་ཅིང་བསོད་ནམས་ཆེ། པད་གཟུངས་རྣམས་ལ་ནོར་ལྷའི་སྔགས་རྣམས་ངེས་པར་གསེར་དངུལ་གྱིས་བྲི། ཆོས་སྐྱོང་ཕྱོགས་སྐྱོང་སོགས་གསེར་དངུལ་མ་འབྱོར་ན་མཚལ་དང་སྣག་ཚས་བྲིས་ཀྱང་རུང༌། སྤྱིར་པད་གཟུངས་གདུང་རུས་ལ་འབྲི་ཡེ་མི་ཉན། གཟུངས་གཞུག་བྱེད་པའི་སྔོན་དུ་གཟུངས་རྣམས་ལ་རབ་གནས་རེ་བྱ། གསེར་སྐུ་དང་ནང་རྫོང་རྣམས་ལ་སྦྱང་བ་གསུམ་སྔོན་དུ་འགྲོ་བས་བགེགས་བསྐྲད་བྱ། ནང་དུ་འཇུག་མཁན་གྱི་མི་དགེ་སློང་སྡོམ་བརྩོན་དང༌། གྲོགས་བྱེད་ཀྱི་མི་དགེ་ཚུལ་དང་དགེ་བསྙེན་སོགས་གཙང་མས་བྱེད། ཐམས་ཅད་ཀྱིས་ཁྲུས་བྱ། གོས་བཟང་པོ་གྱོན། བཀྲ་ཤིས་ཀྱི་ཚིགས་བཅད་འདོན་བཞིན་དུ་ལས་བྱེད། ཇ་བུར། མར་ཐུད། ཞོ་འབྲས་སོགས་དཀར་གསུམ་གྱིས་ཐམས་ཅད་ཚིམ་པར་བྱེད་པ་ཕྱིས་ཀྱང་ལོངས་སྤྱོད་ཀྱི་རྟེན་འབྲེལ་དུ་གདའ། འདི་བཞིན་མཛད་པས་ཡོན་མཆོད་སྐུ་ཚེ་བརྟན་ཞིང་འབྱོར་པ་རྒྱས་པ་དང་ཤིན་དུ་བཀྲ་ཤིས་པར་འགྱུར་རོ། །ཨཱ་ནནྟ་བྷ་དྲས་སྦྱར་བའོ།།  །།  «༄༅། །གནོད་སྦྱིན་གྱི་འཁོར་ལོའི་སྔགས་ལ་ཞུས་དག་མཛད་པ་བཞུགས་སོ།། » ༈ །མོ་འཁོར་གྱི་ལྟེ་བ་ལ། ཨོཾ་བ་སུ་དྷཱ་རི་«་་་་་ནོར་འཛིན་མ་»ཎྱཻ་«་་་་་ཀྱེ་»མ་«་་་་་བདག་ལ་»མ་དྷ་ནཾ་«་་་་་ནོར་»དེ་ཧི་«་་་་་སྩོལ་སྩོལ་»དེ་ཧི་སྭཱ་ཧཱ། ཤར་གྱི་པད་འདབ་ལ། ཨོཾ་ཙནྡྲ་ཀཱནྟྱཻ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ཤར་ལྷོར། ཨོཾ་སུ་བྷ་དྲ་ཡཻ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ལྷོར། ཨོཾ་དཏྟཱ་ཡཻ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ལྷོ་ནུབ་ཏུ། ཨོཾ་གུཔྟཱ་ཡེ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ནུབ་ཏུ། ཨོཾ་སུ་དཏྟཱ་ཡཻ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ནུབ་བྱང་དུ། ཨོཾ་དེ་བྱཻ་མ་མ་དྷ་དཾ་དེ་ཧི་དེ་ཧི་སྭཱ་ཧཱ། བྱང་དུ། ཨོཾ་ཨཱརྻ་ཡཻ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། བྱང་ཤར་དུ། ཨོཾ་«་་་་་དབྱངས་ཅན་མ་»ས་ར་སྭ་ཏྱཻ་མ་«་་་་་བདག་ལ་»མ་«་་་་་ནོར་»དྷ་ནཾ་དེ་ཧི་«་་་་་སྩོལ་སྩོལ་»དེ་ཧི་སྭཱ་ཧཱ། །ཕོ་འཁོར་གྱི་ལྟེ་བར། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ཤར་གྱི་འདབ་མར། ཨོཾ་མ་ཎི་བྷ་དྲཱ་ཡ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ཤར་ལྷོར། ཨོཾ་ཙ་རེནྡྲཱ་ཡེ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ལྷོར། ཨོཾ་བཻ་ཤྲཱ་ཝ་ཎཱ་ཡ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ལྷོ་ནུབ་ཏུ། ཨོཾ་མུ་ཁེནྡྲ་ཡེ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ནུབ་ཏུ། ཨོཾ་དྷ་ན་དཱ་ཡེ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ནུབ་བྱང་དུ། ཨོཾ་རྩི་མི་ཀུཎྜ་ལ་ཡེ་མ་མ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། བྱང་དུ། ཨོཾ་པཱུརྞ་བྷ་དྲཱ་ཡེ་མ་མ་དྷ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། བྱང་ཤར་དུ། ཨོཾ་ཀི་«་་་་་རོལ་པའི་»ལི་མཱ་«་་་་་ཕྲེང་བ་»ལི་ན་ཡེ་«་་་་་ཀྱེ་»མ་«་་་་་བདག་ལ་»མ་དྷ་«་་་་་ནོར་»ནཾ་དེ་ཧི་དེ་«་་་་་སྩོལ་སྩོལ་»ཧི་སྭཱ་ཧཱ། ཞེས་པའི་སྔགས་འདི་རྣམས་མུས་པའི་ལྷ་ཆེན་གྱི་འཁོར་ལོ་འབྲི་དུས། རྗེ་ཉིད་ཀྱིས་ཞུ་དག་མཛད་ནས་དག་པར་ཡོད་པ་འདི་བཞིན་རིང་ཐུང་འདོགས་འབྲེལ་རྣམས་མ་ནོར་པར་ཅི་ལྟ་བ་བཞིན་བྲིའོ།།  །། «༄། །དགེ་ཚུལ་གྱི་བསླབ་བྱ་མདོར་བསྡུས་པ་རགས་སྡོམ་བཅུའི་འབྲུ་འགྲེལ་བཞུགས་སོ།།  »༈ །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་ཚུལ་གྱི་བསླབ་བྱ་ནི། རགས་སྡོམ་བཅུ་སྟེ། ཇི་སྐད་དུ། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་གཙང་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་སྟན་མཐོ་བ་དང༌། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང༌། །ཞེས་པ་ལྟར་རོ། །དེ་ལ་དང་པོ་སྲོག་གཅོད་ནི། གཞི་བསམ་པ་སྦྱོར་བ་མཐར་ཐུག་སྟེ། ཡན་ལག་བཞི་ཚང་ན་ཕམ་པར་འགྱུར་ཏེ། དེ་ལ་གཞི་ནི་མིའམ་མིར་ཆགས་པ། བསམ་པ་མ་འཁྲུལ་ཞིང་གསོད་པར་འདོད་པ། སྦྱོར་བ་དུག་མཚོན་མཐུ་གཡོ་སྒྱུའི་འཆི་བར་གཏོང་བ། གཞན་གྱིས་གསོད་པར་ཞུ་བ་གནང་བ། གནོད་སེམས་ཀྱིས་བསད་འོས་སུ་སྟོན་པ་སོགས་རང་ངམ་བསྐོས་པའི་མིས་མི་འགྱོད་པར་བསད་པར་བརྩམས་པའོ། །མཐར་ཐུག་རྐྱེན་དེ་རྣམས་ཀྱི་ཤི་བའོ། །གཉིས་པ་མ་བྱིན་ལེན་ལ། གཞིའི་ཡན་ལག མི་ཡི་ཡིན་པ་རང་ལས་ནོར་ཐ་དད་པའི་རྫས་རིན་ཐང་ཚང་བ་སྟེ། བོད་དུ་དངུལ་སྐྱ་ཞོ་གང་གི་བརྒྱད་ཆ་བརྐུས་ན་རིན་ཐང་ཚང་ངོ༌། །བསམ་པའི་ཡན་ལག གཞན་གྱི་རྫས་ཡིན་པར་ཤེས་པ། རང་གི་ཆེད་དུ་ཐོབ་འདོད་རྒྱུན་མི་ཆད་པ། སྦྱོར་བ་ཐབས་སྣ་ཚོགས་ཀྱིས་རང་ངམ་གཞན་རྐུར་འཇུག་པར་བརྩམ་པ། མཐར་ཐུག་གི་ཡན་ལག་བརྐུས་ནས་ཐོབ་བློ་སྐྱེས་པའོ། །གསུམ་པ་མི་ཚངས་སྤྱོད་ལ། གཞིའི་ཡན་ལག བུད་མེད་ཀྱི་ཁ་བཤང་ལམ་ཟག་བྱེད་དེ་གསུམ་དུ་ནོར་བུ་ལས་སུ་རུང་བར་སྩལ་པ། བསམ་པའི་ཡན་ལག་འདུ་ཤེས་འཁྲུལ་མ་འཁྲུལ་བ་འདྲ་ཞིང༌། གཉིས་སྦྱོར་བདག་གི་བྱེད་འདོད་རྒྱུན་མི་ཆད་པ། སྦྱོར་བའི་ཡན་ལག མི་ཚངས་སྤྱོད་པ་བྱེད་པར་བརྩམས་པ། མཐར་ཐུག་གི་ཡན་ལག་བཅུག་ཅིང་ཉམས་སུ་མྱོང་བའོ། །བཞི་པ་རྫུན་ནི། གཞི་སྨྲ་བའི་ཡུལ་མི་ཡིན་པ། སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས་པ།           རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*