སྤྱོད་རྒྱུད་སྤྱིའི་རྣམ་བཞག བྱ་རྒྱུད་སྤྱིའི་རྣམ་བཤད། ང༽

སྔགས་འདི་ཟློས་ཤིང༌། །སྤྱི་གཙུག་དག་ཀྱང་བཅིངས་བར་བྱ། །ཨོཾ་སུ་སིདྡྷི་ཀ་རི་སྭཱ་ཧཱ། ཞེས་བཤད་པ་ལྟར། ཁྱིམ་པ་ཡིན་ན་གཙུག་ཕུད་བཅིངས་ཏེ། རབ་བྱུང་ཡིན་ན་བཅིངས་པར་མོས་པ་ཙམ་བྱའོ། །དེ་ནས་སའི་ཆ་བླངས་ཏེ། ཨོཾ་བྷུརྦྷུ་ཝ་སྭཱ་ཧཱ། ཞེས་བསྔགས་ཏེ། གཡས་ནས་བསྐོར་ཞིང་ཉི་མ་ལ་བསྟན་ནས་ལུས་ལ་བསྐུ་བར་བྱའོ། །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོཏྐ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ། མ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་དང༌། ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་གུང་མོ་དང་སྲིན་ལག་བཀུག་སྟེ། མཐེ་བོའི་རྩེ་མོ་མནན། མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་བཀུག་པའི་ཕྱག་རྒྱས་ཆུ་དཀྲུགས་ཏེ། ལེགས་གྲུབ་ལས། དེ་ནས་མཁས་པས་ཆུ་ལ་ནི། །ལག་པས་དཀྲུག་ཅིང་བཟླས་པར་བྱ། །ཡིད་ལ་གཙང་བར་གྱུར་བར་དུ། །གསང་སྔགས་འདི་ཡང་བརྗོད་པར་བྱ། །ཞེས་སོ། །དེ་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་བུདྡྷཱ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་ཆུ་ཁྱོར་བ་གསུམ་དཀོན་མཆོག་གསུམ་ལ་དབུལ་ལོ། །དེ་ནས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་ལ། རང་གི་མགོ་བོར་སྙིམས་པ་གསུམ་བླུགས་ཏེ། ལེགས་གྲུབ་ལས། སྤྱི་བོར་སྙིམས་པ་གསུམ་བླུག་ཅིང༌། ཁྲུས་ཚེ་སྒྲུབ་པས་མི་སྨྲའོ། །ཞེས་སོ། །དེ་ནས་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་དྲན་བཞིན་དུ་ཁྲུས་བྱའོ། །ཁྲུས་ཟིན་པ་དང་ལག་པ་བཀྲུས་ཏེ། གསང་སྔགས་དེ་ཉིད་ཀྱི་ཆུ་སྙིམས་པ་གསུམ་གྱིས་བདག་ཉིད་ལ་དབང་བསྐུར་ཞིང༌། རང་གི་ལྷ་ཡིད་ཀྱིས་སྤྱན་དྲངས་ཏེ་པདྨའི་གདན་ལ་བཞུགས་སུ་གསོལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏེ་སྭཱ་ཧཱ། ཞེས་པས་སྐུ་བསིལ་ལོ། །གལ་ཏེ་ལྷ་ཁང་དུ་བཟླས་བརྗོད་བྱེད་ན། དེའི་ཚེ་ཆུ་ནང་དུ་རང་གི་ལྷའི་སྔགས་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་སོ། །དེ་ལྟར་ཁྲུས་དང་གཙང་སྦྲ་ལ་གནས་པ་ནི་རྒྱུད་འདིར་ལམ་གྱི་གཙོ་བོ་གཅིག་ཏུ་བཤད་པས་ཤིན་ཏུ་གལ་ཆེ་སྟེ། ལེགས་གྲུབ་ལས། མ་བསྡམས་པའམ་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་གྱི། །ཞེས་ཁྲུས་ལ་སོགས་པ་གཙང་སྦྲ་མ་བྱས་པའི་བཟླས་བརྗོད་རྣམས་བཟླས་པའི་གྲངས་སུ་མི་སྦྱར་བར་གསུངས་སོ། །གསུམ་པ་སྒྲུབ་ཁང་ནང་དུ་འཇུག་ཚུལ་ནི། དེ་ལྟར་ཁྲུས་ཟིན་པ་དང༌། ལྷའི་ཁང་པའི་དྲུང་དུ་ཕྱིན་ལ་རྐང་པ་བཀྲུས་ཏེ། ཤར་རམ་བྱང་དུ་ཁ་བལྟས་ནས་ཉེ་རེག་བྱས་ཏེ་ནང་དུ་ཞུགས་ལ་ལྷ་རྣམས་མངོན་སུམ་དུ་དམིགས་པ་ལ། ཕྱག་བྱས་ནས། ཨོཾ་བི་ར་ཛ་བི་ར་ཛ་མ་ཧཱ་བཛྲི། ས་ཏ་ས་ཏ། སཱ་ར་ཏ་སཱ་ར་ཏེ། ཏྲ་ཡི་ཏྲ་ཡི། བི་ཏི་མ་ནི་སཾ་བྷཉྫ་ནི། ཏ་ར་མ་ཏི་སི་ཏ་དྷ་གེ་ཏཾ་སྭཱ་ཧཱ། ཞེས་པ་དམ་ཚིག་ལ་འཇུག་པའི་སྔགས་བཟླས་ཏེ། ལེགས་གྲུབ་ལས། ཇི་ཙམ་འདོད་པར་བཟླས་ནས་སུ། །མཁས་པས་ལྷ་ཡི་གནས་སུ་འགྲོ། །དེ་ཡི་བར་དུ་མི་ཁྲོ་ཞིང༌། །འདོད་ཆགས་ཅན་དུ་མི་བྱའོ། །ལྷ་ལ་གཞོལ་བའི་ཡིད་ཀྱིས་སུ། །མ་ཡེངས་པར་ཡང་འགྲོ་བར་བྱ། །སྡོམ་པ་དག་ནི་བཟུང་བ་དང༌། །ནན་ཏན་དུ་ནི་དམ་ཚིག་བསྲུང༌། །ཞེས་དང༌། །ཟློས་པས་དང་པོ་ལྷ་ཁང་དུ། །ཞུགས་ཏེ་མཉམ་པར་བཞག་ནས་ནི། །ལྷ་ལ་མངོན་དུ་ཕྱོགས་འདུག་སྟེ། །ཐལ་མོ་སྦྱར་ལ་ཕྱག་འཚལ་ནས། །ཞེས་སོ། །བཞི་པ་ཆས་སུ་ཞུགས་པ་ནི། ལེགས་གྲུབ་ལས། ཀུ་ཤ་སྔོན་པོའི་རྩྭ་སྟན་ནི། །འཕང་དུ་སོར་བཞི་ཡོད་པ་ལ། །མཉམ་ཞིང་ཞེང་དུ་མཐོ་གང་བ། །སྲིད་དུ་སོར་ནི་བཅུ་དྲུག་བྱ། །སྔོན་དུ་བསྙེན་པའི་བཟླས་བརྗོད་ཚེ། །དེ་དག་ཐམས་ཅད་བྱ་བར་གསུང༌། །དེ་དག་མ་འབྱོར་ཀུ་ཤའི་རྩྭའམ། །ཡང་ན་འཇག་མ་སྔོན་པོར་འགྱུར། །ལས་ཀྱི་བྱེ་བྲག་ཇི་ལྟ་བར། །ཤིང་ལས་བྱས་པའི་སྟན་ཡང་བཤད། །དེ་ཡི་ཚད་དུ་ལེགས་བཞོགས་པའི། །ཤིང་གི་ཁྲིའུ་རབ་ཏུ་ཤིས། །འདབ་མ་གཙང་མ་དེ་དང་དེ། །ཁྱད་པར་དུ་ནི་ལས་ཀུན་ལ། །མན་ངག་བསྟན་པ་དེ་ཡིས་ནི། །ལོ་མའི་སྟན་ཡང་བཤད་པ་ཡིན། །ཞེས་གསུངས་པ་ལྟར་གྱི་གདན་གང་ཡང་རུང་བ་ལ། བདུད་རྩི་ཐབ་སྦྱོར་གྱིས་བསང་གཏོར་བྱ་སྟེ། ལེགས་གྲུབ་ཏུ། སྟན་ཡང་རྣམ་པར་སྦྱོང་བའི་ཕྱིར། །ལས་ཀུན་བྱེད་པའི་གསང་སྔགས་སམ། །ཡང་ན་ཁྲོ་བོའི་རྒྱལ་པོ་ཡིས། །སྤོས་ཀྱི་ཆུས་ནི་བསང་གཏོར་བྱ། །ཞེས་སོ། སྟན་དེ་ལ་བཀྲ་ཤིས་དང༌། པདྨ་དང༌། རྡོ་རྗེའི་སྐྱིལ་ཀྲུང་གང་ཡང་རུང་བས་འདུག་སྟེ། ལེགས་གྲུབ་ལས། མཆོག་ལ་སོགས་པའི་བྱེ་བྲག་གི །སྤྱི་ཡི་ལས་རྣམས་ཐམས་ཅད་ལ། །སྐྱིལ་ཀྲུང་བཀྲ་ཤིས་བཟང་པོ་སྟེ། །དེ་དག་འདུག་ཐབས་གསུམ་ཡིན་ནོ། །མཁས་པས་དེར་ཡང་འདུག་ནས་ནི། །ཞེས་སོ། །དེ་ནས་ལེགས་གྲུབ་ལས། མཁས་པས་སྔགས་ནི་འདི་གཉིས་ཀྱི། །བརྒྱ་འམ་ཡང་ན་སྟོང་དག་ཏུ། །རྣམ་པར་སྔགས་པ་བྱས་པ་ཡིས། །ལས་ཀྱི་རྡོ་རྗེ་རྟག་ཏུ་བཅང༌། །ཞེས་པ་ལྟར། ཐོག་ཕོག་པའི་ཤིང་ངམ། ནིམ་པའམ། དུར་ཁྲོད་ཀྱི་མགལ་དུམ་མམ། ཙནྡན་ལ་སོགས་པ་ལ་རྡོ་རྗེ་རྩེ་གསུམ་པའམ། དཔུང་བཟང་དུ་ལྔ་པར་ཡང་བཤད་པས། དེ་ལྟ་བུ་བྱས་ལ་ལེགས་པར་བཀྲུས་ཏེ་ཙནྡན་དམར་པོས་བྱུག ལྷ་རྣམས་ལ་མཆོད་ནས་ཁྲོ་བོ་ལེགས་གྲུབ་སྤྱན་དྲངས་ཏེ་མཆོད་པས་མཆོད་ལ་རྡོ་རྗེ་ལ་བསྟིམས་པས་དེའི་རང་བཞིན་དུ་བསྒོམ་མོ། །འདིར་བླ་མ་དག རྡོ་རྗེ་ལེགས་གྲུབ་ཏུ། བསྐྱེད་པར་བཞེད་པ་ནི། རྒྱུད་སྡེ་གོང་མ་དང་འདྲེས་པ་ཡིན་གྱི། བྱ་རྒྱུད་གང་ནས་ཀྱང་མ་བཤད་དོ། །དེ་ནས། ཨོཾ་དྷུ་ན་བཛྲ་ཧ། ཞེས་པ་དང་པོ་རབ་གནས་ཀྱི་དུས་སུ་སྟོང་རྩ་གཅིག་དང༌། ཕྱིས་ཆོ་ག་ནམ་བྱ་བའི་ཚེ་བདུན་རེ་བཟླས་ལ། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཞུགས་ཏེ། བདག་གི་ལས་ཐམས་ཅད་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། མཆོད་པ་བྱ་ཞིང་ལག་པ་གཡོན་པས་བཟུང་སྟེ། ལེགས་གྲུབ་ལས། གནམ་ལྕགས་ཕོག་པའི་ཤིང་དག་གམ། །ནིམ་པའམ་དུར་ཁྲོད་མགལ་དུམ་མམ། །ཙནྡན་དག་གམ་གཞན་ཡང་རུང༌། །རྡོ་རྗེ་རྩེ་མོ་གསུམ་པ་བྱ། །ལེགས་པར་གྲུབ་བྱེད་ཅེས་བྱ་བ། །དེ་ནི་བློ་ལྡན་ལག་གཡོན་གྱིས། །བཟླས་བརྗོད་སྦྱིན་སྲེག་ལ་སོགས་པའི། །ལས་ལ་དེ་ནི་གཟུང་བར་བྱ། །རྡོ་རྗེ་དེ་ནི་བཅངས་པ་ཡིས། །བགེགས་དང་ལོག་འདྲེན་ཐམས་ཅད་དང༌། །གང་དག་གནོད་པར་བྱེད་པ་རྣམས། །ཤིན་ཏུ་སྐྲག་ནས་འབྱེར་བར་འགྱུར། །དེ་ཡང་གསང་སྔགས་དེ་ཉིད་ཀྱིས། །མཁས་པས་རྟག་ཏུ་མཆོད་པར་བྱ། །ཙནྡན་དམར་པོས་བསྐུས་ནས་ནི། །བཞག་སྟེ་མངོན་པར་སྔགས་ཀྱི་བཟླས། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ། །འདི་ནི་རྨད་ཀྱི་ལས་ཀྱང་བྱེད། །ཅེས་སོ། །བཟླས་བརྗོད་ཟིན་ནས་ཇི་ལྟར་བྱ་སྙམ་ན། དཔུང་བཟང་ལས། བཟླས་བརྗོད་ཟིན་ནས་མྱུར་བ་ཁོ་ནར་ཡང༌། །དད་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱི། །མཆོད་ནས་རྡོ་རྗེ་རྒྱལ་བ་ཞབས་དྲུང་བཞག །ང་ཡི་རིགས་ཀྱི་གསང་སྔགས་སྒྲུབ་པ་པོས། །རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ། །དེ་ལྟར་གཅིག་ཀྱང་རྙེད་པར་མ་གྱུར་ན། །ཁུ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས། །ཞེས་སོ། །དེ་ནས་ལག་པ་གཡས་པའི་མཁྲིག་མ་ལ་བུ་མོས་བཀལ་བའི་སྐུད་པ་གྲངས་མི་མཉམ་པ་བསྒྲིལ་ནས། མདུད་པ་གྲངས་མི་མཉམ་པར་བོར་ཏེ། དབུས་སུ་རིགས་གང་ཡིན་གྱི་ཕྲེང་རྡོག་གཅིག་བཏགས་ཏེ། རང་རང་གི་སྔགས་བཟླས་ཏེ། ལེགས་གྲུབ་ལས། རིག་སྔགས་འདི་ནི་བརྒྱར་བཟླས་པའི། །སྤོས་ཀྱིས་བྱུགས་པའི་གདུབ་བུ་ནི། །རྟག་ཏུ་ལག་ལ་གདགས་པར་བྱ། །ཞེས་སོ། །སྔགས་ཀྱང་དེ་ཉིད་ལས། ཨོཾ་རུ་རུ་སྥུ་ར་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྠ་སཱ་དྷཱ་ཡ་སྭཱ་ཧཱ། ཞེས་པས་དེ་བཞིན་གཤེགས་རིགས་ཀྱི་ཡུམ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། མཐོང་བ་དང་ནི་ཐོས་པ་དང༌། །རེག་པ་དང་ནི་དྲན་པའང་རུང༌། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་ཀུན་གྱི་གསོས་གྱུར་ཅིག །ཏདྱ་ཐཱ། ཀ་ཏེ་བི་ཀ་ཏེ། ཀཾ་ཀ་ཏེ། ཀ་ཊ་བི་ཀ་ཏྃ། ཀ་ཊྃ་ཀ་ཊེ། བྷ་ག་ཝ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་པ་པདྨའི་རིགས་ཀྱི་ཡུམ་དང༌། ཨོཾ་ཀུ་ལནྡྷ་རི་བནྡྷ་བནྡྷ་ཧཱུྃ་ཕཊ། ཅེས་པ་རྡོ་རྗེའི་རིགས་ཀྱི་ཡུམ་སྟེ་དེ་རྣམས་བཟླ་བར་བཤད། ཕྲེང་བ་ཡང༌། ལེགས་གྲུབ་ཏུ། ཕྱག་ན་རྡོ་རྗེའི་རིགས་ལ་ནི། །རུ་རཀྵ་ཡི་གདུབ་བུ་བྱ། །ཞེས་པ་དང༌། རྒྱལ་བའི་རིགས་ལ་བོ་དྷི་ཙེ། །ཞེས་དང༌། པདྨའི་རིགས་ལ་པདྨའི་སྙིང༌། །ཞེས་བཤད་དོ། །དེ་དག་བཅངས་པའི་ཕན་ཡོན་ཡང༌། དེ་ལས། འདི་དག་ཉིད་ཀྱིས་དེ་ལ་ནི། །བགེགས་ཀྱི་ཟིལ་གྱིས་མི་ནོན་འགྱུར། །དེ་དག་བརྗོད་པས་མྱུར་དུ་ནི། །དངོས་གྲུབ་ཐོབ་ཅིང་གཙང་བར་འགྱུར། །ཞེས་ཏེ་གདུབ་བུའི་ཆོ་གའོ། །དེ་ནས་ལེགས་གྲུབ་ལས། རིགས་ཀྱི་སྙིང་པོ་འབྲུ་གསུམ་པ། །སོ་སོར་བཟླས་བརྗོད་བྱས་པ་ཡི། །ཀུ་ཤ་ཡི་ནི་བསང་བྱེད་ཀྱང༌། །སྲིན་ལག་ལ་ནི་གདགས་པར་བྱ། །ཇི་ན་ཛིཀ་ཨ་རོ་ལྀཀ་བཛྲ་དྷྲྀཀ །མཆོད་དང་བཟླས་བརྗོད་སྦྱིན་སྲེག་ལ། །དེ་ནི་རྟག་ཏུ་བཅང་བར་བྱ། །སྒྲུབ་པ་པོས་ནི་འབད་པ་ན། །འདིས་ནི་ལག་པ་གཙང་བར་འགྱུར། །ཞེས་པ་ལྟར། ཀུ་ཤའི་བསང་བྱེད་སྲིན་ལག་ལ་གདགས་ཏེ། ཀུ་ཤ་གདགས་པའི་ཆོ་གའོ། །དེ་ནས་དར་རམ་རས་དམར་པོ་ལས་བྱས་པའི་ཟེའུ་ཀ་གོས་ལ་གདབ་པའི་སྔགས་ཀྱིས་བཏབ་ནས་མགོ་ལ་བཅིང༌། སྔགས་དེ་བཟླས་པའི་བླ་གོས་དང་མཐང་གོས་གསར་པ་ཡང་བགོ་སྟེ། ལེགས་གྲུབ་ཏུ། བཟླས་བརྗོད་སྦྱིན་སྲེག་ཆོ་ག་ལ། །རྟག་ཏུ་སྟོད་གཡོགས་བགོ་བར་བྱ། །ཉལ་དང་འཕྲེད་ལ་བསྙེས་པ་མེད། །དེ་ཡང་རྟག་ཏུ་སྔགས་པར་བྱ། །ཞེས་ཏེ། ཟེའུ་ཀ་བཅིང་བའི་ཆོ་གའོ། །སློབ་དཔོན་བྱང་ཆུབ་མཆོག་གིས། རྡོ་རྗེ་བཅང་བ་ནས་ཟེའུ་ཀ་བཅིང་བའི་བར་འདི། གང་དམ་ཚིག་ལ་འཇུག་པའི་སྔགས་ཀྱི་བར་དུ་གསུངས་པ་ནི། བརྗོད་བདེ་བའི་དབང་དུ་བྱས་ལ། འདིར་ནི་རྣལ་འབྱོར་ཉམས་སུ་ལེན་པའི་དབང་དུ་བྱས་པའོ། །གཉིས་པ་ལ་གསུམ། མཆོད་པ་བྱིན་གྱིས་བརླབ་པ། བདག་བསྲུང་བ། གནས་བསྲུང་བའོ། །དང་པོ་ནི། གསོ་སྦྱོང་ལ་གནས་པའི་སྒྲུབ་པ་པོས། སྔར་བཤད་པའི་སྟན་ལ་འདུག་ནས། ཀུ་ཤའི་བསང་བྱེད་ཀྱིས་སྤོས་ཆུ་བླངས་ལ། མཆོད་རྫས་རྣམས་ལ་གཏོར་ཞིང་དེ་བཞིན་གཤེགས་པའི་རིགས་ལ། ཨོཾ་ཏྲཾ་བནྡྷ་སྭཱ་ཧཱ། ཞེས་དང༌། པདྨའི་རིགས་ལ། ན་མོ་མ་ཧཱ་ཤྲཱི་ཡེ། ཨོཾ་ཤ་མེ་ས་མ་ཡེ་སཱུ་མེ་སིདྡྷི་སིདྡྷི་སཱ་དྷ་ཡ། ཤི་བྷེ་ཤི་བཾ་ཀ་རི། ཨ་བྷ་ཧ། སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་དང༌། རྡོ་རྗེའི་རིགས་ལ། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ། ཅེས་པ་སྟེ། རིགས་གསུམ་གྱི་ལས་ཐམས་ཅད་པའོ། །ཡང་ན་ཐུན་མོང་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡ་ཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་གྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་མཆོད་རྫས་རྣམས་ཀྱི་བགེགས་བསལ་ཏེ། ལེགས་གྲུབ་ལས། ཁྲོ་བོའི་གསང་སྔགས་བརྒྱར་བཅས་པས། །མེ་ཏོག་ལ་སོགས་རྣམ་པར་བསང༌། །ཞེས་སོ། །དེའི་དགོས་པ་ཡང༌། དཔུང་བཟང་ལས། དེ་བཞིན་དྲི་ཟ་ཞེས་ནི་བྱ་བའི་བགེགས། །དེ་ནི་དྲི་འབུལ་བ་ན་ལུས་ལ་འཇུག །ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས། །སྙོམ་ཞིང་བུད་མེད་དག་ལ་ཆགས་པར་འགྱུར། །ནག་པོ་ལུས་ཆེ་བ་ནི་བརྟོལ་ནས་སུ། །བདུག་པ་རབ་ཏུ་འབུལ་བའི་ཚེ་ན་འཇུག །འཇུངས་དང་གཡོ་སྒྱུ་བྱེད་ཅིང་མི་བསྲུན་ལ། །འདོད་ཆགས་ཆེ་ལ་རབ་གཏུམ་ཁུ་ཆུ་འཛག །མར་མེ་གཙུག་ཕུད་གཅིག་ལ་བགེགས་བྱེད་དོ། །སྙིང་གར་ཚ་ཞིང་གཟེར་ཐབས་སེམས་ཉམས་བྱེད། །འགྲེང་བའི་ཚེ་ན་གཙུག་འཕྱང་འཇུག་འགྱུར་ཏེ། །རིམས་དང་འཁྲུ་སྐྱུག་དྲག་པོས་འདེབས་པར་བྱེད། །མེ་ཏོག་འབུལ་ཚེ་མེ་ཏོག་ཆེར་བཀོད་པ། །རང་གི་གནས་སྐབས་རྙེད་ནས་ལུས་ལ་འཇུག །རིམས་དང་ཆམ་པས་ལུས་ཚིགས་ན་བ་དང༌། །གྲོགས་པོ་དག་དང་རྣམ་པར་བྲལ་བར་བྱེད། །བགེགས་ཀྱིས་བརླམས་པས་ལམ་མིན་མང་དུ་མཐོང༌། །ཞེས་གསུངས་པ་ལྟར་གྱི་གནོད་པ་དེ་དག་བསྲུང་བའི་ཕྱིར་ཡིན་ནོ། །འོ་ན་དེ་ལྟར་བསྲུངས་པས་ཞི་བར་འགྱུར་རམ་ཞེ་ན། འགྱུར་ཏེ། དེ་ཉིད་ལས། བགེགས་དང་ལོག་འདྲེན་རྣམ་པར་གཞིག་པའི་ཕྱིར། །བདུད་རྩི་ཐབ་སྦྱོར་དྲག་ཤུལ་ལས་ཀྱང་སྦྱར། །སྔགས་པ་དེ་ཡིས་གསང་སྔགས་ལམ་ཞུགས་པ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོངས་མི་ཚུགས། །ཞེས་སོ། །དེ་ལྟར་བགེགས་བསལ་ནས། རང་རང་གི་རིགས་ཀྱི་བདག་པོའི་གསང་སྔགས་སམ། ཛི་ན་ཛིཀ་ལ་སོགས་པ་རང་རང་གི་སྙིང་པོས་ཀྱང་བསང་བར་བྱའོ། །དེ་ནས་དྲི་ལ་སོགས་པའི་མཆོད་པ་རྣམས་གཟི་བྱིན་བསྐྱེད་པའི་ཕྱིར། སྔར་གྱི་བགེགས་བསལ་བའི་ཕྱག་རྒྱ་ལས། གཡོན་པའི་གུང་མོ་གཡས་ཀྱི་ལག་པའི་སོར་མོ་གསུམ་རྡོ་རྗེའི་ཚུལ་དུ་བྱས་པས་བཟུང་ལ། དེ་མཆོད་པ་རྣམས་ཀྱི་སྟེང་དུ་བྲིམ་ཞིང༌། བྱིན་བསྐྱེད་པའི་སྔགས་བཟླ་སྟེ། དེ་བཞིན་གཤེགས་རིགས་ལ། ཨོཾ་ཏེ་ཛ་ཏེ་ཛ་ས་ནི་སིདྡྷི་སཱ་དྷ་ཡ་ཧཱུྃ་ཕཊ། ཅེས་དང༌། པདྨའི་རིགས་ལ། ཨོཾ་དི་བྱ་དི་བྱ་དྷི་པ་ཡ། ཨཱ་བེ་ཤ་མ་ཧཱ་ཤྲི་ཡེ་སྭཱ་ཧཱ། ཞེས་དང༌། རྡོ་རྗེའི་རིགས་ལ། ཨོཾ་ཛྭ་ལ་ཛྭ་ལ་ཡ་བནྡྷ་རི་ཧཱུྃ་ཕཊ། ཅེས་པ་དང༌། ཐུན་མོང་དུ་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱི་བྱིན་གྱིས་བརླབས་ནས། རིགས་ཀྱི་སྙིང་པོ་བཟླས་སོ། །གཉིས་པ་ནི། དེ་ནས་བདག་བསྲུང་བའི་ཕྱིར། བགེགས་བསལ་བའི་སྔགས་དང༌། ཕྱག་རྒྱ་སྔར་བསྟན་པ་ལྟ་བུ་བྱ་བའམ། ཡང་ན་ཅི་ཤེས་པས་བསྲུངས་ཏེ། ལེགས་གྲུབ་ཏུ། བདག་གི་གསང་སྔགས་འདི་ཉིད་ཀྱང༌། །སྙིང་པོ་དེ་དག་ཉིད་ཀྱིས་བསྲུང༌། །ཞེས་དང༌། །སྙིང་གར་མཐེ་བོའི་རྩེ་བཙུགས་ཏེ། །བདག་ཉིད་བསྲུང་བའི་ཕྱིར་བཟླས་སོ། །ཡང་ན་ཐལ་བའམ་ཉུངས་ཀར་རས། །བདག་ཉིད་བསྲུང་བར་སྤྱད་པར་བྱ། །ཞེས་སོ། །དེས་ན་བདག་བསྲུང་བའི་ཆོ་ག་སོ་སོའི་གཞུང་བཞིན་དུ་ཉམས་སུ་བླང་ངོ༌། །གསུམ་པ་ནི། བྱང་ཆུབ་མཆོག་གིས། དེ་ནས་ཕུར་བུ་དང༌། རྭ་བ་དང༌། དྲྭ་བ་དང༌། བདུད་རྩི་ཐབ་སྦྱོར་དང༌། ཀཱི་ལི་ཀཱི་ལས་མཚམས་གཅོད་པ་ལ་སོགས་པ་གནས་བསྲུང་བར་བྱའོ། །ཞེས་གསུངས་པ་ལྟར། རང་གང་དུ་རྣལ་འབྱོར་བསྒོམ་པའི་གནས་བསྲུང་བའི་ཕྱིར། སྤོས་ཆུ་ལ། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་བཛྲཱི་བྷུར་བནྡྷ་བནྡྷ་ཧཱུྃ་ཕཊ། ཅེས་བདུན་བཟླས་ལ། དེས་ས་ཕྱོགས་ཀུན་ཏུ་གཏོར་བས་ས་སྦྱངས་ཏེ། ལེགས་གྲུབ་ལས། ལན་བདུན་བཟླས་བརྗོད་བྱས་པའི་ཆུས། །ས་ཕྱོགས་ཀུན་ཏུ་བསང་གཏོར་བྱ། །བསང་བ་དང་ནི་སྦྱང་བ་དག །གསང་སྔགས་འདིས་ནི་བྱས་པར་འགྱུར། །ཞེས་སོ། །དེ་ནས་སྔགས་དེ་ཉིད་འདོན་བཞིན་དུ། ལག་པ་གཉིས་ཀྱི་གུང་མོ་དང་སྲིན་ལག་གཉིས་ཕན་ཚུན་གདུ་བུ་ལྟར་བྱ་སྟེ། སོ་སོའི་དྲུང་དུ་རྩེ་མོ་སྦྱར་ཏེ། མཐེའུ་ཆུང་དང་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང༌། མཐེ་བོང་ཕུར་བུའི་ཚུལ་དུ་བྱས་ཏེ་ས་ལ་བཙུགས་པ་ཕུར་བུའི་ཕྱག་རྒྱས། བགེགས་རྣམས་ལ་ཕུར་བུས་བཏབ་པས། ལུས་གཡོ་འགུལ་མེད་པར་བསམ་མོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ལ། ཨོཾ་ཛྭ་ལ་ཧཱུྃ་དང༌། པདྨའི་རིགས་ལ། ཨོཾ་པདྨ་ནི་པདྨ་ནི། བྷ་ག་ཝ་ཏི་མོ་ཧཱ་ཡ། མོ་ཧཱ་ཡ། ཛ་ག་ན་མོ་ཧ་ནི་སྭཱ་ཧཱ། ཞེས་དང༌། རྡོ་རྗེའི་རིགས་ལ་སྔགས་ཟུར་པ་ལེགས་གྲུབ་ཏུ་མ་བྱུང་ངོ༌། །ཐུན་མོང་དུ། ཨོཾ་སུ་སིདྡྷི་ཀ་ར་ཛ་ལི་ཏ། ཨ་ནནྟ། མཱུརྟ་ཡེ། ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླ་ཞིང༌། སྤོས་ཀྱི་བདུག་པ་བདུགས་པས་སྟེང་གི་ལྷ་རྣམས་བཅིངས་པར་བསམས་ཏེ། ལེགས་གྲུབ་ཏུ། དེ་ནས་སྟེང་དུ་བློ་ཆེན་གྱིས། །རིག་པའི་རྒྱལ་པོ་འདི་འདོན་ཅིང༌། །བདུགས་པས་ལྷ་རྣམས་བསང་བ་དང༌། །བཅིང་བ་དང་ནི་སྦྱང་བར་བྱ། །ཞེས་སོ། །དེ་ནས་ཕྱོགས་བཅིང་བའི་ཕྱིར་དུ། རིགས་ཀྱི་སྙིང་པོ་གང་ཡིན་བཟླས་པའི་སྤོས་ཆུས་ཁོ་ར་ཁོར་ཡུག་ཏུ་གཏོར་བས་ཕྱོགས་ཀྱི་བགེགས་ཐམས་ཅད་བཅིངས་པར་བསམས་ཏེ། ལེགས་གྲུབ་ཏུ། དེ་ནས་བློ་དང་ལྡན་པ་ཡིས། །རིགས་ཀྱི་སྙིང་པོ་ཡོངས་བཟླས་པའི། སྤོས་ཆུས་ཁོ་ར་ཁོར་ཡུག་ཏུ། །ཐམས་ཅད་དུ་ནི་ཕྱོགས་བཅིང་བའོ། །རིག་སྔགས་རྒྱལ་པོའི་སྙིང་པོའམ། །བདག་གི་རིག་སྔགས་རྒྱལ་པོའམ། །རང་གི་གསང་སྔགས་མངག་གཞུག་པས། །ཕྱོགས་བཅིང་བ་ནི་གུས་པར་བྱ། །བྷྲཱུྃ་ཨོཾ་ཨ་མྲྀ་ཏོདྦྷ་བོདྦྷ་བ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ། བྷ་ག་ཝཱན། བིདྱཱ་རཱ་ཛ་ཧཱུྃ་ཕཊ་སྭཱ་ཧཱ། རིགས་གསུམ་རིག་པའི་རྒྱལ་པོའི་སྔགས། །དེ་ཉིད་ཀྱི་ནི་སྙིང་པོ་ཡིན། །ཞེས་སོ། །དེ་ནས་རྭ་བའི་ཕྱིར་དུ། སྔར་གྱི་ཕྱག་རྒྱ་ལས། མཐེ་བོང་གྱེན་དུ་སྒྲེང་བ་རྭ་བའི་ཕྱག་རྒྱ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་པཱ་ཎ་ཡི། ཨོཾ་ས་ར་ས་ར་བཛྲ་པྲ་ས་ར་བཛྲ་པྲ་ཀ་ར་ཧཱུྃ་ཕཊ། ཅེས་བརྗོད་པས་གནས་ཁང་རྡོ་རྗེའི་རྭ་བ་གོ་མཚམས་མེད་པས་བསྐོར་བར་བྱས་ཏེ། ལེགས་གྲུབ་ཏུ། རྭ་བ་རྣམས་ཀྱང་རབ་ཏུ་སྦྱར། །ཞེས་སོ། །དེ་ནས་དྲྭ་བའི་ཕྱིར་དུ། སྔར་གྱི་རྭ་བའི་ཕྱག་རྒྱ་དེ་ཉིད་ཁ་ཐུར་དུ་བསྟན་པ་བསྐོར་བ་དྲྭ་བའི་ཕྱག་རྒྱ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎྜ་བཛྲ་པཱ་ཎ་ཡེ། ཨོཾ་བི་རུ་ར་རཀྵ་བཛྲ་པཱ་ནི་ཧཱུྃ་ཕཊ། ཅེས་བརྗོད་པས་སྔར་གྱི་རྭ་བའི་སྟེང་དུ་དྲྭ་བ་སྟེ་རྡོ་རྗེའི་གུར་བྱུང་པར་བསམ་མོ། །འདིར་པཉྫ་ར་ཞེས་པ་གུར་དང༌། དྲྭ་བ་དང༌། གཟེབ་ལ་སོགས་པ་མང་པོ་ལ་འཇུག་ཀྱང༌། སྐབས་ཐོབ་ཀྱིས་གུར་དུ་བསྒྱུར་བ་ཉིད་ལེགས་སོ། །དེ་ནས་གུར་དེ་བྱིན་གྱིས་བརླབ་པའི་ཕྱིར། སྔར་བཤད་པའི་བདུད་རྩི་ཐབ་སྦྱོར་དང༌། ཀཱི་ལི་ཀཱི་ལ་རྣམས་ཀྱི་སྔགས་དང༌། ཕྱག་རྒྱ་བྱས་ཏེ། ལེགས་གྲུབ་ལས། ལས་རྣམས་ཀུན་ལ་ཐམས་ཅད་དུ། །བགེགས་ལ་སོགས་པ་བསལ་བ་ལས། །རྣམ་པར་རྟོག་པའི་ཆོ་ག་ཡིས། །བདུད་རྩི་ཐབ་སྦྱོར་རབ་ཏུ་སྦྱར། །ཁང་པའི་ཁོ་ར་ཁོར་ཡུག་ཏུ། །དྲྭ་བ་རྭ་བ་ཕུར་བུ་དག །ཀཱི་ལི་ཀཱི་ལ་བདུད་རྩི་ཞེས། །ཁྲོ་བོ་གཉིས་ནི་རྟག་ཏུ་སྦྱར། །ཞེས་སོ། །དེ་ནས་མཚམས་གཅད་པའི་ཕྱིར། ཁུ་ཚུར་བཅངས་ཏེ་མཐེ་བོས་སེན་མོ་རྣམས་མནན་ཏེ་མཛུབ་མོ་ཕྱུང་ནས་གསང་སྔགས་ལན་གསུམ་བརྗོད་ཅིང༌། དབུས་ནས་བསྐོར་བའི་ཕྱག་རྒྱ་དང༌། ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་ཏ་ར་ཏ་ར། ཏུ་རུ་ཏུ་རུ། མ་ཊ་མ་ཊ། བནྡྷ་བནྡྷ། སརྦ་སཏྭ་ཨ་པྲ་ཏི་ཧ་ཏེ། ས་སི་མེ་སོ་མ། བནྡྷ་ཀུ་རུ་ཀུ་རུ། ཏ་ར་ཏ་ར། ས་མནྟ་བཛྲེ། ས་མནྟ་བཛྲེ། ཀུ་རུ་ཨ་མ་ལེ། ཀུ་རུ་ན་མ་ཡེ། རུ་ཏ་ཡེ་རུ་ཏ་ཡ། བ་ར་བ་ར། ཀ་ར་ཀ་ར། སུ་མ་མི། ས་མནྟ། བིད་ཏྲན་ས་ཡེ་ཛྭ་ལ་ཡ་སྭཱ་ཧཱ། ཞེས་བརྗོད་པས་ཕྱོགས་ཐམས་ཅད་མེ་འབར་བས་ཁྱབ་པར་བསམ་མོ། །འདིར་གནས་བསྲུང་བའི་དོན་ནི་འདི་ཡིན་ཏེ། དང་པོར་སྤོས་ཆུས་བསང་གཏོར་བྱས་པས་ས་ཕྱོགས་ཡོངས་སུ་དག་པ་དང༌། བདག་དང་ལྷ་བསྲུང་བར་འགྱུར་ལ། དེ་ནས་ཕུར་བུས་འོག་ཕྱོགས་ཀྱི་བགེགས་ཚར་གཅད་པ་དང༌། བདུགས་པས་སྟེང་གི་དང༌། སྤོས་ཆུས་ཁོར་ཡུག་ཏུ་གཏོར་བས་ཕྱོགས་མཚམས་ཀྱི་བགེགས་ཚར་གཅད་པ་སྟེ། འདི་གསུམ་ནི་སྔར་ཡོད་ཀྱི་བགེགས་ཚར་བཅད་པའི་དོན་ནོ། །དེ་ནས་རྭ་བས་ཕྱོགས་ཐམས་ཅད་རྡོ་རྗེའི་དྲྭ་བ་གྲུ་བཞི་པས་བསྐོར་བ་དང༌། དྲྭ་བ་སྟེ་གུར་གྱི་དེའི་སྟེང་རྡོ་རྗེའི་གུར་དུ་བྱ་བ་དང༌། མཚམས་བཅད་པས་དེའི་ཕྱི་རོལ་ཐམས་ཅད་མེ་རིར་བྱ་བ་སྟེ། འདི་གསུམ་ནི་ཕྱིན་ཆད་བགེགས་ཀྱིས་མི་ཚུགས་པའི་དོན་ནོ། །བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་སོ་སོ་ལ་གང་དུ་སྲུང་འཁོར་མ་བཤད་པ་དེར་ཆོ་ག་འདི་སྦྱར་བའམ། སོ་སོའི་གཞུང་དུ་བཤད་པ་ཡོད་ན་དེ་བཞིན་དུ་བྱས་པས་ཀྱང་རུང་སྟེ། ལེགས་གྲུབ་ལས། བསྲུང་བའི་གསང་སྔགས་ཐ་དད་པ། །ཆོ་ག་ལས་བསྟན་གང་ཡིན་པ། །དེ་ཉིད་འདིར་ནི་སྦྱར་བར་བྱ། །ཡང་ན་གང་ལ་དད་པའང་རུང༌། །ཞེས་སོ། །དེ་ལྟར་སྲུང་འཁོར་གང་བསྒོམས་ཀྱང༌། རིགས་ཀྱི་ཡུམ་གསུམ་གྱི་གསང་སྔགས་བཟླས་པ་ནི། ཕན་ཡོན་བསམ་གྱིས་མི་ཁྱབ་པར་བཤད་དེ། དེར། བཅོམ་ལྡན་སྤྱན་ནི་གང་ཡིན་དང༌། །གོས་དཀར་སྤྱན་མ་གང་ཡིན་དང༌། །རིག་སྔགས་མཱ་མ་ཀཱི་གང་ཡིན། །དེ་དག་ཐོག་མར་ཡོངས་སུ་བཟླས། །དེས་ནི་བདག་དང་ལྷ་ཡང་བསྲུང༌། །སྡིག་པ་ཐམས་ཅད་བྱང་བར་འགྱུར། །བགེགས་རྣམས་སྨ་ཡང་འབེབས་པ་དང༌། །བསམ་པའི་འབྲས་བུ་མངོན་དུ་འགྱུར། །རིག་སྔགས་མཱ་མ་ཀཱི་གཅིག་པུ། །རྒྱལ་དང་པདྨའི་རིགས་ལ་ཡང༌། །བློ་ཅན་དག་ནི་ཟུང་དུ་འདོད། །ཐམས་ཅད་ལ་ཡང་རབ་ཏུ་སྦྱར། །ཆོ་ག་ལས་བཤད་གསང་སྔགས་ཀྱིས། །བསྲུང་བའི་ལས་རྣམས་ཙམ་དུའང་རུང༌། །ཞེས་གསུངས་སོ། །གཉིས་པ་དངོས་གཞི་ལ་གསུམ། བདག་གི་རྣལ་འབྱོར། ལྷའི་རྣལ་འབྱོར། སྔགས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ་གྱི། དང་པོ་བདག་དག་པར་བྱ་བ་ནི། དེ་ནས་སྤོས་ཆུ་ལག་མཐིལ་དུ་བླུགས་ལ་རིགས་ཀྱི་སྙིང་པོ་མང་དུ་བཟླས་ནས་རང་གི་སྤྱི་བོར་བསང་གཏོར་བྱས་པས། རང་རྒྱུད་ཀྱི་འབགས་པ་དང་མི་གཙང་བ་ལ་སོགས་པ་ཐམས་ཅད་དག་པར་བསམས་ཏེ། ལེགས་གྲུབ་ལས། ལག་པ་གཡོན་པར་བཞག་པའི་ཆུས། །ཐོག་མ་ཉིད་དུ་བསང་གཏོར་བྱ། །བདག་པོའི་སྔགས་ཀྱིས་བྱ་བའམ། །ཡང་ན་རིགས་ཀྱི་སྙིང་པོས་བྱ། །མདོར་ན་གསང་སྔགས་ཐམས་ཅད་དང༌། །ཕྱག་རྒྱར་བཅས་པས་བསང་བར་བྱ། །བདག་ཉིད་རྣམ་པར་སྦྱང་བའི་ཕྱིར། །སྤོས་ཆུ་ལག་མཐིལ་བླུགས་པ་ལ། །བལྟ་ཞིང་དེ་ཡི་སྙིང་པོ་བཟླས། །རང་གི་སྤྱི་བོར་བསང་གཏོར་བྱ། །ཞེས་སོ། །གཉིས་པ་འདུག་སྟངས་ཇི་ལྟ་བུས་རྣལ་འབྱོར་བསྒོམ་པ་ནི། སློབ་དཔོན་བྱང་ཆུབ་མཆོག་གིས། ལུས་དྲང་པོར་བསྲངས་ཏེ་བཞག་ལ་དབང་པོ་ལྔའི་ཡུལ་གྱི་ཁྱད་པར་དག་ལས་བཟློག་སྟེ། མགྲིན་པ་རྨ་བྱ་ལྟར་བྱས་ནས། དབུགས་ཕྱི་ནང་དུ་རྒྱུ་བ་དལ་བུས་དབྱུང་ཞིང༌། མིག་ཅུང་ཟད་ཙམ་ཕྱེ་སྟེ། སྣའི་རྩེ་མོར་ལྟ་བ་སྟེ་གཏད་ཅིང་སོས་སོ་མནན་ནས་ལྕེ་རྐན་ལ་སྦྱར་ཏེ། ཞེས་སྒལ་ཚིགས་དྲང་པོར་བསྲང་པ། མགྲིན་པ་ཅུང་ཟད་སྒུ་བ། མིག་འཛུམས་པ་མེད་པར་བལྟ་བ། ལྕེ་རྐན་ལ་སྦྱར་བ་རྣམས་བཤད་ལ། རྐང་སྟབས་ནི་རིགས་སོ་སོའི་དབང་གིས། དེ་བཞིན་གཤེགས་པའི་རིགས་ལ་བཀྲ་ཤིས་དང༌། པདྨ་ལ་པདྨའི་སྐྱིལ་ཀྲུང་དང༌། རྡོ་རྗེའི་རིགས་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་གནས་པར་སྔར་བཤད་པ་ལྟར་རོ། །ལག་པ་མཉམ་གཞག་གི་ཕྱག་རྒྱ་བྱ་བ་དོན་གྱིས་ཐོབ་བོ། །གསུམ་པ་རྣལ་འབྱོར་དངོས་ལ་གསུམ། དོན་དམ་པའི་རྣལ་འབྱོར། ཀུན་རྫོབ་ཀྱི་རྣལ་འབྱོར། བྱིན་གྱིས་བརླབ་པའི་རྣལ་འབྱོར་རོ། །དང་པོ་ནི། ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེ་རྣམས་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་མོ་སྙམ་དུ་ཡང་ཡང་དྲན་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྒོམས་ཏེ། དེའི་ཚུལ་ཡང༌། དཔུང་བཟང་ལས། དེ་ཕྱིར་བཅོམ་ལྡན་འདས་རྒྱལ་བའི་དབང་པོ་ཡིས། །ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས་གསུངས། །སེམས་ནི་དྭང་བས་ལྷ་མིའི་བདེ་བ་དང༌། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །སེམས་ཀྱི་སྐྱོན་གྱིས་དུད་འགྲོར་སྐྱེ་བ་དང༌། །སེམས་ཅན་དམྱལ་གནས་མི་སྡུག་དབུལ་པོར་འགྱུར། །སེམས་ནི་རབ་ཏུ་དྭང་བར་གྱུར་པའི་མིས། །ས་ཆུ་མེ་རླུང་སྐྱེ་རྒ་འཆི་ལ་སོགས། །བར་དང་ཐ་མར་གནོད་པ་ཀུན་བྲལ་བ། །རྣམ་གྲོལ་བདེ་ཞིང་ཞི་བ་ཐོབ་པར་འགྱུར། །གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་དང༌། །བདེ་བ་ཆུང་ཞིང་སྡུག་བསྔལ་རྒྱ་དང་འབྲེལ། །ཉོན་མོངས་དུག་བཅས་རྣམ་པར་འཇིག་པར་འགྱུར། །དད་པའི་སེམས་ཀྱིས་ཐོབ་པར་འགྱུར་བ་ཡིན། །འདོད་རྒྱལ་ལས་ལས་མ་བྱུང་དུས་ལས་མིན། །རང་བཞིན་དབང་ཕྱུག་ལས་ཀྱང་འབྱུང་བ་མིན། །རྒྱུ་མེད་རྐྱེན་མིན་སྐྱེས་བུས་མ་བྱས་ཀྱང༌། །ལས་དང་ཉོན་མོངས་པ་ལས་སེམས་ཅན་འབྱུང༌། །གཟུགས་ནི་འབྱུང་པ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། །གཟུགས་ནི་སྟོང་པའོ་ཕུང་བཞིའང་རིགས་པར་གྱིས། །གཟུགས་ནི་ལྦུ་བ་དག་དང་འདྲ་བ་སྟེ། །ཚོར་བ་ཆུ་བུར་བཞིན་དུ་རྟག་པ་མེད། །དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན། །ཞེས་གསུངས་ལ། དེའི་དོན་གཏན་ལ་དབབ་པ་ལ་གསུམ་གྱི་དང་པོ། འཁོར་འདས་ཀྱི་རྩ་བ་སེམས་སུ་བསྟན་པ་ནི། དེ་ཕྱིར་སོགས་ཏེ། སེམས་ལས་སུ་རུང་ན། དགེ་བའི་ཆོས་ཐམས་ཅད་འབད་མེད་དུ་འགྲུབ་པ་དེའི་ཕྱིར་བཅོམ་ལྡན་འདས་རྒྱལ་བའི་དབང་པོ་ཡིས་ཆོས་འདི་ཀུན་གྱི་རྩ་བ་སེམས་ཞེས་ཐེག་པ་ཆེན་པོའི་མདོ་རྒྱུད་དུ་མ་ལས་གསུངས་ཏེ། དེའི་དོན་ཡང་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བས་བསྡུས་པའི་ཆོས་ཐམས་ཅད་ནི་སེམས་ལས་བྱུང༌། ཞེས་པའོ། །དེའི་ཕྱིར་སེམས་ནི་དྭང་བ་སྟེ། སེམས་དགེ་བར་གྱུར་ན་གནས་སྐབས་སུ་ལྷ་དང་མིའི་བདེ་བ་དང༌། མཐོ་རིས་དང་ནི་བྱང་གྲོལ་གྱི་བདེ་བ་ཐོབ་པར་འགྱུར་ལ། སེམས་ཀྱི་སྐྱོན་གྱིས་ཏེ་མི་དགེ་བའི་སེམས་ཀྱིས་བསླད་པས་དུད་འགྲོའི་འཇིག་རྟེན་དུ་སྐྱེ་བ་དང༌། སེམས་ཅན་དམྱལ་བའི་ཁམས་ལ་གནས་ཤིང་གལ་ཏེ་མིར་སྐྱེས་ཀྱང༌། སྡུག་བསྔལ་ཅན་དང་དབུལ་པོར་སྐྱེ་བར་འགྱུར་བ་རྣམས་ཀྱང་སེམས་ཉིད་དགེ་མི་དགེའི་བག་ཆགས་ཀྱི་དབང་གིས་སྣ་ཚོགས་སུ་སྣང་བའོ། །གཞན་ཡང་སེམས་རབ་ཏུ་དྭང་བ་སྟེ། སྒྲིབ་པ་གཉིས་སྤངས་པས་གནས་གྱུར་པའི་མི་ལ་ས་ཆུ་མེ་རླུང་སྟེ། འབྱུང་བ་བཞི་དང་བྲལ་ཏེ་ཆོས་ཀྱི་སྐུའི་ངོ་བོ་ཉིད་ཐོབ་པའི་ཕྱིར་རོ། །སྐྱེ་བ་དང༌། རྒ་བ་དང༌། འཆི་བ་ལ་སོགས་པའི་སྡུག་བསྔལ་དང་ཡང་བྲལ་ཏེ་དེ་ལ་དབང་ཐོབ་པའི་ཕྱིར་རོ། །ཐོག་མ་དང་བར་དང་ཐ་མར་གནོད་པ་ཀུན་དང་བྲལ་བ་ཆོས་དབྱིངས་ལ་གནས་པ། དེ་ནི་དུས་གསུམ་ལས་འདས་པའི་ཕྱིར་རོ། །དེ་ནི་ཁམས་གསུམ་པའི་འཆིང་བའི་རྒྱུ་ཐམས་ཅད་ལས། རྣམ་པར་གྲོལ་བའི་བདེ་བ་དང་ལྡན་ཞིང༌། རྣམ་པར་དག་པ་མཐའ་དག་ཞི་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །གསང་སྔགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའི་དངོས་གྲུབ་ཀྱི་རྒྱུར་ཐུན་མོང་བར་ཉམས་སུ་ལེན་པ་ནི། མྱ་ངན་ལས་འདས་པ་ལ་ལྟོས་ན་མི་བདེ་བས་བདེ་བ་ཆུང་ཞིང་འགྱུར་བ་དང་འདུ་བྱེད་ལ་སོགས་པའི་སྡུག་བསྔལ་བརྒྱ་ཕྲག་མང་པོ་དང་འབྲེལ་ལ། ཉོན་མོངས་པ་དུག་གསུམ་པོ་དང་བཅས་པ་ཡིན་པས་རྣམ་པར་འཇིག་པར་འགྱུར་ཏེ། ཐེར་ཟུག་པའི་དངོས་གྲུབ་མི་ཐོབ་པ་ཡིན་ནོ། །དེས་ན་འཁོར་འདས་ཐམས་ཅད་ཀྱི་རྩ་བ་ནི་སེམས་ཡིན་པས། སེམས་ལས་སུ་རུང་བར་བྱ་ཞེས་པའི་དོན་ཏོ། །གཉིས་པ་སེམས་སྐྱེ་མེད་དུ་གཏན་ལ་དབབ་པ་ནི། དད་པའི་སོགས་ཏེ། དེ་ལྟར་སེམས་ཉིད་དད་པ་སྟེ། དགེ་བའི་སེམས་ཀྱིས་བརླན་པར་གྱུར་ན། འབྲས་བུ་བྱང་གྲོལ་མྱུར་དུ་ཐོབ་པར་འགྱུར་བ་ཡིན་པས། སེམས་ཀྱི་རང་བཞིན་སྐྱེ་མེད་དུ་གཏན་ལ་དབབ་པར་བྱའོ། །ཇི་ལྟར་ན། གཟུགས་ལ་སོགས་པའི་ཆོས་འདི་རྣམས་ནི། གནམ་བབས་སུ་གྱུར་པ་འདོད་རྒྱལ་ཏེ། དེ་ལས་ཀྱང་མ་བྱུང་སྟེ། སྐྱེས་བུའི་བྱེད་པ་འབྲས་བུ་དང་བཅས་པར་མཐོང་བའི་ཕྱིར་རོ། །དུས་ནི་ཇི་སྐད་དུ། དུས་ནི་འབྱུང་བ་རྣམ་སྨིན་བྱེད། །དུས་ནི་སྐྱེ་དགུ་རྣམ་འབྱེད་བྱེད། །དུས་ནི་གཉིད་ལོག་རྣམ་སད་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་སོ། །དེ་ལས་མིན་པ་ནི། །ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང༌། བཟློག་པ་མི་དམིགས་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །གྲངས་ཅན་པ་རྣམས་ཀྱིས་བཏགས་པའི་ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པའི་རྡུལ་མུན་སྙིང་སྟོབས་གསུམ་ངོ་བོ་ཉིད་གཅིག་ཏུ་རྟག་པ། ཁྱབ་པ་ཞིག་དམིགས་པ་ལ་ནི་རང་བཞིན་ཞེས་བརྗོད་དོ། །དེ་ཡང་མ་ཡིན་ཏེ། དེ་ནམ་མཁའ་ལྟར་རྟག་པ་ཁྱབ་པ་ཞིག་ཡིན་ན་ནི། འགྱུར་དུ་མི་རུང་བས་ཆོས་ཐམས་ཅད་ཀྱི་རྒྱུར་འགྱུར་བའི་བྱ་བ་བྱེད་མི་སྲིད་ལ། གལ་ཏེ་འགྱུར་ན་ནི་ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་རམ། འོན་ཏེ་ཕྱོགས་གཅིག་གི་བདག་ཉིད་དུ་འགྱུར། དང་པོ་ལྟར་ན། རང་བཞིན་ཆད་པར་འགྱུར་ལ། གཉིས་པ་ལྟར་ན་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་དབང་ཕྱུག་ནི་ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱེད་ཀུན་རིག་ཐམས་ཅད་བྱེད། །རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུལ། །ཉི་མ་ཟླ་བ་ས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའི་ལུས་ཅན་ཏེ། །ཞི་བའི་བདེ་དགའ་འགྲུབ་པར་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ། །ཞེས་འདོད་དོ། །དེའང་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་ས་ལ་སོགས་པ་ལྟ་བུ་ཁོ་ནའོ། །གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་ཉིད་རུང་བ་མ་ཡིན་ལ། དུ་མའི་བདག་ཉིད་ཀྱང་མ་ཡིན་པས་ས་ལ་སོགས་པའི་ལུས་ཅན་དེ་རྣམས་མི་སྲིད་དོ། །རབ་ཏུ་སྲབ་མོར་བྱེད་པ་ཡང་མ་ཡིན་ཏེ། སྐྱེ་བའི་ལུས་ཅན་ཡིན་པའི་ཕྱིར། སྐྱེས་བུ་ལྟ་བུ་ཁོ་ནའོ། །ཀུན་རིག་པ་ཡང་མ་ཡིན་ཏེ། རབ་ཏུ་སྲབ་མོར་བྱེད་པའི་ཕྱིར་གྲོལ་བའི་བདག་བཞིན་ནོ། །ཐམས་ཅད་བྱེད་པ་ཡང་མ་ཡིན་ཏེ། ཕྲ་བའི་ཕྱིར་རྡུལ་ཕྲ་རབ་བཞིན་ནོ། །རྟག་པ་ཡང་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་རྒྱུ་ཡང་མ་ཡིན་ཏེ། ཅིག་ཅར་མི་བསྐྱེད་པའི་ཕྱིར་རྫ་མཁན་བཞིན་ནོ། །གཟུགས་ལ་སོགས་པས་བསྐྱེད་པ་ཡང་མ་ཡིན་ཏེ། དང་པོ་ཡིན་པའི་ཕྱིར་དབང་ཕྱུག་བཞིན་ནོ། །ཐམས་ཅད་བྱེད་པ་ཡང་མ་ཡིན་ཏེ། བདག་མེད་པའི་ཕྱིར་བུམ་པ་བཞིན་ནོ། །བདག་ཡོད་ན་སྐྱེས་བུ་བཅིངས་པ་བཞིན་དུ་དབང་ཕྱུག་མ་ཡིན་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་དབང་ཕྱུག་ལས་ཀྱང་བྱུང་བ་མ་ཡིན་ནོ། །རྒྱུ་མེད་པ་ཅན་ནི། ཇི་སྐད་དུ། པདྨའི་སྡོང་བུ་ལོ་མ་སྙིང་པོ་དང་ཁ་དོག དབྱིབས་དང་འཇམ་པ་ལ་སོགས་པ་ཡི་རྒྱུ་ནི་གང༌། །བྱ་ཡི་འདབ་གཤོག་སྣ་ཚོགས་རི་མོར་བྲིས་པ་སུ། །འགྲོ་བ་འདི་དག་ངོ་བོ་ཉིད་ཀྱིས་དེ་བཞིན་ངེས། །ཞེས་སྨྲས་ཏེ། དེའི་ཕྱོགས་གཅིག་པ་ནི་འཇིག་རྟེན་ཉིད་ཀྱིས་བཀག་པས་མ་ཡིན་ནོ། །སྐྱེས་བུ་ནི་བདག་དང་ཤེད་བུ་ལ་སོགས་པ་བདག་ཏུ་ལྟ་བའི་མིང་གི་རྣམ་གྲངས་ཏེ། དེ་རྣམས་ཀྱིས་ཀྱང་བྱས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞིག་ཡིན་སྙམ་ན། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང༌། མི་གཡོ་བ་གསུམ་གྱི་ལས་དང་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ལས་སེམས་ཅན་རྣམས་འབྱུང་ངོ༌། །དེས་ས་འཁོར་བ་ལུགས་འབྱུང་དུ་འབྱུང་བའི་རྒྱུ་ནི་ལས་ཉོན་གཉིས་སོ། །ལས་ཉོན་གྱིས་བསྐྱེད་པའི་གཟུགས་ནི་ས་ལ་སོགས་པའི་འབྱུང་བ་ཆེན་པོ་བཞི་དང་ལྡན་ཏེ། འབྱུང་བཞིའི་རང་བཞིན་ལས་གཞན་མ་ཡིན་པའི་དོན་ཏོ། །གཟུགས་དེ་ནི་བདག་མ་ཡིན་ལ་བདག་ཀྱང་གཟུགས་དེ་ཉིད་མ་ཡིན་ཏེ། བདག་ཅེས་བྱ་བའི་ཀུན་བརྟགས་དེ་གཟུགས་ཀྱི་ངོ་བོ་ཉིད་དམ། གཟུགས་དང་ལྡན་པར་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ལ་བདག་མེད་དེ། འབྱུང་བའི་ངོ་བོ་སོ་སོར་ཕྱེ་བའམ། འདུས་པ་ལ་བདག་མེད་པའི་ཕྱིར་རོ། །བདག་ལ་གཟུགས་མེད་དེ། བརྟགས་པའི་ངོ་བོ་དེ་ལ་གཟུགས་ཀྱི་རྫས་མེད་པའི་ཕྱིར་རོ། །དེ་ལྟར་ན་གཟུགས་ནི་རྡུལ་ཕྲ་རབ་ཡིན་ལ། དེ་ཉིད་ཀྱང་ཕྱོགས་ཆས་སོ་སོར་བཤིག་ན་ཐ་མ་མེད་པར་གྲུབ་པས། དོན་དམ་པར་གཟུགས་ཀྱང་གཟུགས་ཀྱི་རང་བཞིན་གྱིས་སྟོང་པ་ཡིན་ལ། དེ་བཞིན་དུ་ཕུང་པོ་ལྷག་མ་བཞི་ལ་ཡང་གཟུགས་ལ་ཇི་ལྟར་སྤྱོད་པ་བཞིན་ཕྱེ་སྟེ་བརྟགས་ན་བདག་ཡོད་པར་མི་འགྱུར་ཞིང༌། སྟོང་པར་རྟོགས་པར་འགྱུར་ཏེ། ཇི་ལྟར་ན། གཟུགས་ནི་ལྦུ་བ་རྡོས་པ་དག་དང་འདྲ་བ་རང་བཞིན་མེད་པ་སྟེ། ཚོར་བ་ཡང་ཆུའི་ཆུ་བུར་བཞིན་དུ་རྟག་པ་མེད་པ་ཉིད། འདུ་ཤེས་ནི་སྨིག་སྒྱུ་ལྟ་བུ་བདེན་པ་མེད་པ་དང༌། འདུ་བྱེད་ནི་ཆུ་ཤིང་བཞིན་དུ་སྙིང་པོ་མེད་པ་དང༌། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་རྟོགས་པ་འདི་ནི་ལྟ་བ་བཟང་པོ་ཡིན་ཞེས་ཏེ། འགྲེལ་པར། འདི་བས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་བཤད་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ལྟ་བུར་རང་སྣང་བར་རྟོགས་པས་དབུ་མའི་ལམ་མ་ནོར་བར་བསྟན་པའི་ཕྱིར་རོ། །ཞེས་སོ། །ཚུལ་འདི་བསམ་གཏན་ཕྱི་མར་ཡང་གསུངས་ཏེ། ཇི་སྐད་དུ། ཕྱི་ནས་ཡན་ལག་རྣམ་གྲོལ་བ། །མི་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། །བློ་ཡི་དཔྱོད་པ་མདུན་ན་གནས། །ཞེས་སོ། །དེ་ལ་མུ་སྟེགས་ཀྱིས་ཀུན་བརྟགས་པའི་བདག་ནི་ཐ་སྙད་དུ་ཡང་མེད་པས་འདིར་ཕུང་པོ་ལྔ་པོ་འདི་ཙམ་ལ་བདག་ཅེས་བཏགས་པ་ཙམ་མོ། །དེ་འདྲ་བའི་བདག་གི་དེ་ཁོ་ན་ཉིད་ནི་འདི་འདྲར་བྱས་ཞེས་དྲང་ངོ༌། །དུས་ནི་བདག་དང་གནས་བསྲུང་བ་སོགས་ཟིན་པའི་ཕྱི་ནས་སོ། །ཇི་ལྟར་བྱས་པ་ནི་དོན་དམ་ལ་བརྟེན་པའི་རྣལ་འབྱོར་པས་དཔྱད་ན། གཞན་རྒྱུད་ཀྱི་མིག་ལ་སོགས་པའི་ཤེས་པས་མི་འབྱེད་པ་སྟེ་མི་འཛིན་ཞིང་བདག་དེས་ཀྱང་ཡུལ་གཞན་འབྱེད་པ་སྟེ་འཛིན་པ་རྣམ་པར་སྤངས་ཏེ། དོན་དམ་པར་ན་མིག་ལ་སོགས་པའི་ཡན་ལག་རྣམས་རྣམ་པར་གྲོལ་བ་སྟེ་མ་གྲུབ་པའི་ཕྱིར་རོ། །དེས་ནི་གཟུང་འཛིན་བདེན་པ་བ་བཀག་པས་གཉིས་ཀྱིས་སྟོང་པ་སྟེ་བདག་གི་དེ་འདྲར་བྱས་པའོ། །དེ་ལྟ་ན་ཡང་རྨི་ལམ་གྱི་ཤེས་པ་དང་འདྲ་བར་ནང་གི་འཁྲུལ་པའི་དབང་གིས་དོན་དུ་སྣང་བ་འདི་སུས་འགོག་ནུས་སྙམ་ནས་གཉིས་སྟོང་གི་ཤེས་པ་བདེན་པར་རྟོགས་ན། དེ་ལ་ཡང་རང་བཞིན་མེད་པ་ནི་ཤིན་ཏུ་ཡང་ཕྲ་བས་ན་ཕྲ་ཞེས་སྨོས་སོ། །གསུམ་པ་དེའི་ངང་ལ་འཇོག་ཚུལ་བསྟན་པ་ནི། དེ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིག་པས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕབ་ནས། དེའི་དོན་ལ་ཞི་གནས་ཀྱི་ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་མཉམ་པར་གཞག་དགོས་ཏེ། དཔུང་བཟང་ལས། སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང༌། །ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་དམིགས་པ་གནས་པ་ཐོབ་པ་སྟེ། །སེམས་ནི་ལས་སུ་རུང་བར་འགྱུར་བར་ངེས། །རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ལུས་སྦྱངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། །ཞེས་སོ། །དེ་ལྟར་སྟོང་ཉིད་ཀྱི་ངང་ལས་སེམས་མཉམ་པར་འཇོག་པ་འདི་ནི། ལྷའི་མཚན་ཉིད་དོན་དམ་པའི་ངོ་བོ་ཉིད་ཅེས་ཀྱང་བྱ་སྟེ། དེའི་རྒྱུ་མཚན་ཡང་མདུན་དུ་བསྒོམས་པའི་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་དང་བདག་གི་དེ་ཁོ་ན་ཉིད་གཉིས་དོན་དམ་པར་ཐ་མི་དད་པས་ན། དེའི་དབང་དུ་བྱས་པ་སྟེ། བསམ་གཏན་ཕྱི་མའི་འགྲེལ་པར། ཇི་ལྟར་བདག་གི་དེ་ཁོ་ན་ཉིད་པོ་འདི་རྣམ་པར་མི་རྟོག་ཅིང༌། རྣམ་པ་མེད་པ། ཕྱོགས་ཐམས་ཅད་དུ་ཁྱབ་པ་དེ་བཞིན་དུ། བདག་འདོད་པའི་གསང་སྔགས་ཀྱང་དེ་བཞིན་ཏེ། དེ་བས་ན། འདི་གཉིས་རྣམ་པ་ཐམས་ཅད་དུ་མཚུངས་པས་ལྷའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བ་སྟེ་བདག་གིས་རྣམ་པར་མི་རྟོག་པའི་བདག་གི་དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་སྣང་བའི་ནང་དུ་འདུས། བདག་གིས་ཀྱང་ཆུ་དང་འོ་མ་བཞིན་དུ་འདུས་པས་ན། བདག་ཅག་གཉིས་གཅིག་གོ་ཞེས་ཡོངས་སུ་བརྟགས་ཏེ་ཡང་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང་ལྷ་གཉིས་གཅིག་པར་ང་རྒྱལ་མངོན་དུ་བྱས་ཏེ། སྣང་བ་མེད་པར་རང་གི་རིག་པ་ཤིན་ཏུ་མངོན་སུམ་དུ་གྱུར་པར་བསམ་གཏན་བྱའོ། །ཞེས་བཤད་ལ། དེའི་དོན་ཡང་རྣམ་པར་མི་རྟོག་པའི་སྣང་བའི་རང་བཞིན་དུ་བདག་དང་ལྷ་གཉིས་གཅིག་ཅེས་པའོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པའི་ངང་ལས་རང་གི་སེམས་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བལྟའོ། །དེའི་སྟེང་དུ་བཟླས་པར་བྱ་བའི་གསང་སྔགས་རྣམས་གོ་རིམ་བཞིན་དུ་བཀོད་དེ། འདི་ལ་བླ་མ་དག་དེ་བཞིན་གཤེགས་རིགས་ཀྱི་རྣམ་རྒྱལ་ལྟ་བུ་ལ། ཨོཾ་བྷྲཱུྃ་སྭཱ་ཧཱ། ཞེས་པས་སྔགས་ཐུང་བ་བཀོད་པས་ཀྱང་ཆོག་གོ་ཞེས་གསུངས་ལ། སྔ་རབས་པ་ཁ་ཅིག་བྷྲཱུྃ་དང་ཧྲཱིཿདང་ཧཱུྃ་ལ་སོགས་པའི་རིགས་གསུམ་སོ་སོའི་ས་བོན་ཙམ་དགོད་པའང་བཞེད་དེ། དེ་དག་ལས་འོད་ཟེར་སྣ་ཚོགས་པ་འཕྲོས་འོད་ཟེར་རྣམས་རང་གི་ལྷའི་སྐུར་གྱུར་ཏེ་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་སྤྲོས། དེ་རྣམས་ཀྱིས་སངས་རྒྱས་རྣམས་ལ་མཆོད་པའི་སྤྲིན་ཆེན་པོས་མཆོད་ཅིང་སྤྲིན་དེ་ལས་བདུད་རྩིའི་ཆར་རྒྱུན་བབས་དམྱལ་བ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས། སླར་ཡང་སངས་རྒྱས་ཐམས་ཅད་དང་འོད་ཟེར་རྣམས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཐིམ་པར་བསམ་མོ། །འདི་ནི་ལྷའི་རྣལ་འབྱོར་ཀུན་རྫོབ་པ་ཞེས་ཀྱང་བྱ་བ་ཡིན་ནོ། །ལྷའི་རྣལ་འབྱོར་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་དབྱེ་བ་ནི། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ་ལས། རང་གི་ལྷའི་རྣལ་འབྱོར་སྒྲུབ་པ་ཀུན་རྫོབ་པའམ་དོན་དམ་པར་བྱའོ་ཞེས་འབྱུང་ངོ༌། །དེ་ལ་ལྷའི་མཚན་ཉིད་དོན་དམ་པའི་ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། རང་གི་ལྷ་དང་བདག་གི་དེ་བཞིན་ཉིད་དག་ཐ་མི་དད་པའི་མཚན་ཉིད་དུ་མོས་པའི་སྒོ་ནས་དེ་དང་ལྷན་ཅིག་པ་ཉིད་འདི་ནི་རང་གི་ལྷའི་རྣལ་འབྱོར་དོན་དམ་པ་ཡིན་ནོ། །རང་གི་ལྷའི་རྣལ་འབྱོར་ཀུན་རྫོབ་པའི་གོ་རིམ་ཀྱང་འདི་ལས་རྣམ་པ་གཉིས་སུ་བསྟན་ཏེ། དེ་ལ་གཅིག་ནི། རང་གི་སེམས་རྣམ་པར་སྣང་བ་ཐམས་ཅད་ཀྱིས་དབེན་པ། ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་བསྒྱུར་བས་བདག་ཉིད་རང་གི་ལྷར་སྣང་བ་སྒྲུབ་པ་ཡིན་ནོ། །དེ་ལས་གཞན་པ་ནི་སྣང་བས་དབེན་པའི་སེམས་ལས་ཀྱང་ལངས་ཏེ། བདག་དང་རང་གི་ལྷ་སྒྱུ་མ་ལྟ་བུ་མཉམ་པ་ཉིད་དུ་མོས་པ་སྔོན་དུ་འགྲོ་བའི་ཆོས་ཉིད་མཉམ་པ་གཅིག་ཏུ་མོས་པས་བདག་ཉིད་ལྷའི་གཟུགས་སུ་མོས་པར་བྱས་ཏེ། བདག་གི་རྣམ་པར་སྨིན་པའི་གཟུགས་ཀྱི་རྣམ་པ་ཁོ་ན་རང་གི་ལྷ་ཉིད་དུ་ང་རྒྱལ་བྱ་བ་འདི་ནི་རང་གི་ལྷའི་རྣལ་འབྱོར་གཉིས་པ་ཀུན་རྫོབ་པ་ཡིན་ནོ། །ཞེས་གསུངས་ལ། དེའི་དོན། དང་པོར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྒྲུབ་པ་པོ་དང་ལྷ་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་པ་ནི། དོན་དམ་གྱི་རྣལ་འབྱོར་ཡིན་ལ། དེ་ལས་ཀུན་རྫོབ་ཏུ་ལྡང་ཚུལ་ནི་སྟོང་ཉིད་ལས་ཟླ་བའི་དཀྱིལ་འཁོར་དང༌། དེའི་སྟེང་དུ་ས་བོན་གྱི་རྣམ་པར་ལྡང་བ་སྟེ། དེ་ལྟ་བུ་དང༌། ཡང་ན་སྟོང་ཉིད་ལས་ལྷ་སྐུ་སྒྱུ་མ་ལྟ་བུར་ལྡང་བ་སྟེ་ལུགས་གཉིས་བཤད་པ་ལས་བྱ་རྒྱུད་ཀྱི་སྐབས་འདིར་ཚུལ་དང་པོ་བསྟན་པ་ཡིན་ནོ། །འོ་ན་ལམ་འདི་བསྒྲུབས་པས་འབྲས་བུ་གཟུགས་སྐུ་ཐོབ་པར་མི་འགྱུར་ཏེ། དེ་ཐོབ་པ་ལ་རང་ཉིད་གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པའི་རྣམ་པ་ཅན་དུ་བསྒོམ་དགོས་པ་ལ་འདིར་ཟླ་བ་དང༌། ས་བོན་ཙམ་ཞིག་ལས་བསྒོམ་པ་མེད་པའི་ཕྱིར་རོ། །ཞེ་ན། མི་འཐད་དེ། ད་ལྟར་རང་གི་སེམས་ཉིད་དོན་དམ་པར་ལྷའི་དེ་ཁོ་ན་ཉིད་དང་གཉིས་སུ་མེད་པར་བསྒོམ་ཞིང༌། ཀུན་རྫོབ་ཏུ་ཟླ་བ་དང་ཡིག་འབྲུའི་རྣམ་པར་བསྒོམས་པས་མ་འོངས་པ་ན་གཟུགས་ཀྱི་སྐུའི་སྣང་བ་འགྲུབ་པ་ཡིན་ཏེ། ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་བསྒྱུར་བས་བདག་ཉིད་རང་གི་ལྷར་སྣང་བ་སྒྲུབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཟླ་བ་དང་ཡིག་འབྲུ་ཙམ་བསྒོམས་པས་འབྲས་བུ་ལྷའི་སྐུ་འགྲུབ་ན། སྔགས་ཀྱི་ཐེག་པར་རྒྱུ་འདྲ་བས་འབྲས་བུ་འདྲ་བ་བསྒྲུབ་དགོས་པ་མ་ཡིན་པར་ཐལ་ལོ་སྙམ་ན། དེ་ནི་མི་འཐད་དེ། འདིར་རྣམ་པ་ཟླ་བ་དང་ཡིག་འབྲུར་བསྒོམ་ཡང་དོན་ལྷར་གསུངས་ཏེ། རྣམ་འཇོམས་ཀྱི་འགྲེལ་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པར། དེ་ལ་ལྷ་དང་སྔགས་དབྱེར་མེད་པས་རིག་པ་འཛིན་པའི་སྡེ་སྣོད་དེ། དེ་ཡང༌། རིག་པ་འཛིན་པའི་སྡེ་སྣོད་གསལ་བའོ། །ཞེས་གསུངས་པ་དང༌། སྔགས་ཉིད་ལྷ་སྟེ་དེ་ཉིད་སྔགས་ཞེས་གསུངས་སོ། །ཞེས་གསལ་བར་བཤད་པའི་ཕྱིར་རོ། །དེ་ཉིད་རྒྱུད་གཞན་ལས་ཀྱང་གསུངས་ཏེ། དཔའ་བོ་གཅིག་གྲུབ་ལས། ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །སྔགས་པས་དེ་ཉིད་བསྒོམས་ན་ནི། །དེ་གྲུབ་ན་ནི་དེ་འགྲུབ་འགྱུར། །ཞེས་དང༌། ཕྱག་རྡོར་དབང་བསྐུར་ལས། གང་ཞིག་རྟོག་པ་གནས་བྱེད་པ། །དེ་ལ་དངོས་གྲུབ་མི་འབྱུང་ངོ༌། །དེ་ལྟ་བས་ན་རྟོག་སྤངས་ལ། །སྔགས་ཀྱི་གཟུགས་ནི་བསམ་པར་བྱ། །ཞེས་སོ། །གསུམ་པ་ནི། བྱང་ཆུབ་མཆོག་གིས། དེ་ནས་རང་གི་ལྷ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྙིང་ག་དང༌། སྨིན་མཚམས་དང༌། མགྲིན་པ་དང༌། དཔུང་མགོ་རྣམས་སུ་བྱིན་གྱིས་བརླབ་བོ། །ཞེས་གསུངས་པས། སྔར་བཤད་པའི་རིགས་གསུམ་གྱི་དམ་རྒྱ་ལས་སྐབས་སུ་གང་བབ་ཀྱི་དམ་རྒྱ་བཅིངས་ལ། རང་རང་གི་སྔགས་བཟླས་པས་བྱིན་གྱིས་བརླབ་བར་བྱའོ། །གཉིས་པ་ལྷའི་རྣལ་འབྱོར་ལ་དྲུག རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་སྤྱན་དྲངས་ཏེ་བསྒོམ་པ། ཕྱག་རྒྱ་བསྟན་པ། མཆོད་བསྟོད་བྱ་བ། སྡིག་བཤགས་སོགས་བྱ་བ། ཚད་མེད་པ་བཞི་བསྒོམ་པའོ། །དང་པོ་ནི། དེ་ནས་རང་གི་མདུན་དུ་བྲིས་སྐུ་ལ་སོགས་པ་གང་དུ་བཀྲམ་པའི་ཕྱོགས་སུ། རིན་པོ་ཆེ་དུ་མ་ལས་བྱུང་བའི་ས་གཞི་གསེར་གྱི་བྱེ་མ་བདལ་བ་བསམས་ལ། ཨོཾ་ཙ་ལ་བི་ར་ཧཱུྃ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ། དེའི་སྟེང་དུ། འོ་མའི་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་ཉ་ལྕིབས་ལ་སོགས་པའི་སྐྱོན་དང་བྲལ་བ། པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་གིས་རབ་ཏུ་བརྒྱན་པ་རིན་པོ་ཆེའི་བྱའི་ཚོགས་མང་པོ་ལྡིང་བ་བསམས་ལ། ཨོཾ་བི་མ་ལ་དྷ་ཧ་ཧཱུྃ་ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེའི་དབུས་སུ་རིའི་རྒྱལ་པོ་རི་རབ་གྲུ་བཞི་པ། ངོས་བཞི་ནས་གསེར་དང་དངུལ་དང་ཨིནྡྲ་ནཱི་ལ་དང་སྦུར་ལོང་ལས་བྱས་པའི་ཐེམ་སྐས་ཀྱི་ཕྲེང་བས་བརྒྱན་པ་མཐའ་མ་ཐོག་ཐག་དཔག་བསམ་གྱི་ཤིང་ལེགས་པར་འཁྲུངས་པ་ལས་རྣམ་པར་རྒྱལ་བའི་བདེན་སྟོང་འཕུར་བས་བརྒྱན་པར་བསམ། དེའི་སྟེང་དུ་པདྨའི་སྡོང་བུ་རིན་པོ་ཆེ་དུ་མས་བརྒྱན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་འདབ་མ་ཅན། གསེར་གྱི་ཟེ་བ་དང་ལྡན་པ་སྦུར་ལོང་གི་ཟེའུ་འབྲུ་ཅན་སྙིང་པོའི་ཐོག་ལ་དངུལ་གྱི་རི་མོས་བསྐོར་བ། དཔག་ཚད་དུ་མའི་ཁྱོན་ཅན་རི་རབ་ཀྱི་དབུས་བརྟོལ་ནས་བྱུང་བར་བསམ་མོ། །དེ་ལས་ཀྱང་དེ་འདྲ་བའི་པདྨ་གཞན་བརྒྱ་སྟོང་ཁྲི་བྱེ་བ་སྙེད་བྱུང་བར་བསམས་ལ། ཕྱག་འཚལ་བའི་ཐལ་མོ་ལས་ཕན་ཚུན་བསྣོལ་ཏེ། གཡས་པའི་མཐེ་བོས་གཡོན་པའི་མཐེ་བོ་མནན་ལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཐཱ་ཨུཏྒ་ཏེ་སྥ་ར་ཎ། ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ་བོ། །སྐབས་འདིར། བྱང་ཆུབ་མཆོག་གིས་སྟེང་དུ་བླ་རེ་ཡང་ཡིད་ཀྱིས་སྐད་ཅིག་ལ་བསམ་པར་བྱའོ། །ཞེས་པ་ཙམ་ལས་གཞལ་ཡས་ཁང་བསྐྱེད་པ་གསལ་བར་མ་གསུངས་ཀྱང༌། འོག་ནས་གཞལ་མེད་ཁང་དང་བཅས་པར་སླར་གཤེགས་སུ་གསོལ་ལོ། །ཞེས་འབྱུང་བས་གཞལ་ཡས་ཁང་དུ་བསྐྱེད་དགོས་པ་ལ། སྔ་རབས་པ་ཁ་ཅིག་སྐབས་འདིར། གཞལ་ཡས་ཁང་བསྐྱེད་མི་དགོས་ཏེ་ལྷ་སྤྱན་དྲངས་པ་དང༌། གཞལ་ཡས་ཁང་རང་ཆས་སུ་འབྱུང་བས་སོ། །ཞེས་གསུངས་པ་ནི་གཞལ་ཡས་ཁང་ཡང་གཤེགས་སུ་གསོལ་བ་བཤད་པ་དང་མཐུན་པས་ལེགས་པ་ཡིན་ནོ། །མཁས་པ་དག་གཞལ་ཡས་ཁང་བསྐྱེད་པ་འདིར་མཛད་པས། དེ་ལྟར་ན་སྔར་གྱི་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་སྟེགས་བུ་བསྒོམས་ཏེ་ཆོ་ག་ཞིབ་མོར། རྡོ་རྗེའི་རྣམ་པའི་སྟེགས་བུ་དང༌། །རིན་ཆེན་སྣ་ཚོགས་གཞལ་མེད་ཁང༌། །ཞེས་སོ། །དེ་གཞལ་ཡས་ཁང་ནི། སོ་སོའི་གཞུང་བཞིན་ཏེ། དོན་ཞགས་ལྟ་བུ། སྒོ་བཞི་རྣམ་པར་དབྱེས་པ་དང༌། །རྟ་བབས་བཞི་དང་ལྡན་པར་བྱ། །ཞེས་སྒོ་བཞི་རྟ་བབས་དང་བཅས་པར་བཤད་པ་དང༌། གསང་བ་སྤྱི་རྒྱུད་ལས། དཀྱིལ་འཁོར་ཉིས་རིམ་སུམ་རིམ་མམ། །བཞིའམ་མང་པོར་བྱ་བ་ལ། །ཕྱི་རིམ་གང་ཡིན་དེ་ལ་ནི། །སྒོ་གཅིག་པ་དག་རྒྱ་ཆེར་བྱ། །ཞེས་སྒོ་སྦྲག་ཡོད་པ་རྣམས་ཀྱི་ཕྱི་མ་སྒོ་གཅིག་པར་བྱ་བར་བཤད་པ་དང༌། གཞན་ནི་ཕྱོགས་ཀྱི་ཆ་བཞིན་དུ། །སྒོ་བཞི་སྒོ་ཁྱུད་བཅས་པར་བྱ། །ཞེས་སྒོ་རྐྱང་ལ་སྒོ་བཞི་བཤད་པ་སོགས་སོ་སོའི་གཞུང་བཞིན་དུ་བྱ་ཞིང༌། རྩིག་པའང༌། སྤྱི་རྒྱུད་ལས། དང་པོ་ཚོན་རྩི་རྣམ་ལྔས་ཕྲི། །ཞེས་སོགས་ཀྱིས་རིགས་གསུམ་སྤྱིའི་དཀྱིལ་འཁོར་ལྟ་བུ་སྒོ་སུམ་སྦྲག་ཡོད་པ་ལ། དང་པོ་ལ་ལྔ། གཉིས་པ་ལ་གསུམ། གསུམ་པ་ལ་དཀར་པོ་རྐྱང་པས་འདྲི་བར་བཤད་པ་ལྟར་བསྒོམ་ཞིང༌། དཀྱིལ་འཁོར་གཞན་རྣམས་ལ་ཡང་རྩིག་པ་གཅིག་དང་གསུམ་ལ་སོགས་པ་སོ་སོའི་གཞུང་བཞིན་དུ་བསྒོམ། དེའི་ནང་གི་སྟེང་དུ་བླ་རེ་དང་རྒྱལ་མཚན་ལ་སོགས་པའང་སྐད་ཅིག་གིས་བསྒོམ་མོ། །བླ་མ་དག་གཞལ་ཡས་ཁང་བྷྲཱུྃ་ཡིག་ལས་བསྐྱེད་ཀྱང་རུང་བར་བཞེད་པ་ནི། རྒྱུད་སྡེ་གཞན་གྱི་ཆོས་སྐད་དང་འདྲེས་པའོ། །གཉིས་པ་ལ་གསུམ་གྱི་དང་པོ་མཆོད་ཡོན་སྒྲུབ་པ་ནི། ལྷ་སྤྱན་འདྲེན་པ་ནི་མཆོད་ཡོན་གྱིས་བྱ་དགོས་པས་ཐོག་མར་མཆོད་ཡོན་སྒྲུབ་སྟེ། ལེགས་གྲུབ་ལས། ལན་བདུན་བཟླས་ལ་མཆོད་ཡོན་དེས། །ལྷ་རྣམས་དག་ནི་སྤྱན་དྲང་ངོ༌། །ཞེས་སོ། །མཆོད་ཡོན་དེ་ཡི་སྣོད་ནི། །གསེར་དང་དངུལ་ལ་སོགས་པ་སྟེ། །དེ་ཉིད་ལས། གསེར་དང་དངུལ་དང་ཟངས་མ་དང༌། །རྡོ་བ་དང་ནི་ཤིང་གིའམ། །ཁམ་སའམ་དུང་ངམ་ཉ་ཕྱིས་སམ། །དེ་བཞིན་ལོ་མ་རྐྱང་པའང་རུང༌། །ཞི་དང་རྒྱས་དང་དྲག་སྤྱོད་དང༌། །རབ་དང་འབྲིང་དང་ཐ་མ་ཡི། །ལས་དང་དངོས་གྲུབ་རྣམས་ལ་ནི། །རིགས་པའི་སྣོད་རྣམས་སྦྱར་བར་བྱ། །ཞེས་སོ། །ཐུན་མོང་དུ་ཤིས་པ་ནི་ཟངས་ཀྱི་སྣོད་དེ། དེ་ཉིད་ལས། མཆོད་ཡོན་ཕྱིར་ནི་ཟངས་ཀྱི་སྣོད། །ལས་རྣམས་ཀུན་ལ་རབ་ཏུ་ཤིས། །ཞེས་སོ། །དེའི་ནང་དུ་མཆོད་ཡོན་གྱི་རྫས་ནི། དེ་ཉིད་ལས། ཞི་བའི་མཆོད་ཡོན་ནས་དང་བཅས། །ཏིལ་དང་བཅས་པ་རྒྱས་པ་ལ། །ཐམས་ཅད་དུ་ནི་འགལ་བའི་ཕྱིར། །ཀོ་ཏྲུ་པར་བཅས་དྲག་སྤྱོད་ལ། །ཞེས་དང༌། ཞི་བའི་མཆོད་ཡོན་འོ་མ་ཅན། །རྒྱས་པ་ལ་ནི་ཞོ་ཅན་ནོ། །བ་ཡི་གཅིན་ནམ་ཡང་ན་ཁྲག །དྲག་ཤུལ་སྤྱོད་པའི་དོན་དུ་ཤིས། །ཞེས་སོ། །ལས་ཐམས་ཅད་ལ་ཐུན་མོང་དུ་འབྲས་ཡོས་དང༌། དྲི་བཟངས་པོའི་སྤོས་དང༌། མེ་ཏོག་དཀར་པོ་དང༌། ཀུ་ཤ་དང་ཏིལ་དང་ཆུ་གཙང་དང་དྲུག་སྦྱར་ཏེ། དེ་ཉིད་ལས། ལས་རྣམས་ཀུན་ལ་འབྲས་ཡོས་ཤིས། །སྤོས་དང་མེ་ཏོག་ཀུ་ཤ་ཏིལ། །ཆུ་རྣམས་བྱེ་བྲག་མེད་པར་བཟང༌། །ཞེས་སོ། །དེ་རྣམས་བདུག་སྤོས་ཀྱིས་བདུག་ཅིང༌། རིག་པའི་རྒྱལ་པོ་དང་སྤྱིའི་རིགས་ཀྱི་སྙིང་པོ་དང༌། རིགས་སོ་སོའི་ལས་ཐམས་ཅད་པའི་སྔགས་རྣམས་དང༌། ལྷ་སྤྱན་དྲངས་པའི་སྔགས་རྣམས་ལས། གང་ཡང་རུང་བ་ཅིག་ལན་བདུན་ནམ་ཉེར་གཅིག་སོགས་བཟླས་པས་བྱིན་གྱིས་བརླབས་ཏེ། ལེགས་གྲུབ་ཏུ། སྔགས་རྒྱུད་ལས་གསུངས་ཐམས་ཅད་ཀྱང༌། །རིག་པའི་རྒྱལ་པོས་རིམ་བཞིན་དུ། །སྤྱན་དྲང་ཆོ་ག་བྱ་བར་བཤད། །ཡང་ན་གང་རྗེས་གང་འབྲང་བའི། །སྔགས་རྒྱུད་བདག་པོ་གང་ཡིན་དང༌། །རིག་སྔགས་རྒྱལ་མོ་གང་ཡིན་པ། །དེ་གཉིས་ཀྱིས་ནི་ཡོངས་བཟླས་ལ། །དེ་ནས་དེ་ཡིས་མངོན་པར་བསྔགས། །ཞེས་དང༌། ལན་གཅིག་བཟླས་དང་ལན་གསུམ་བཟླས། །ཡང་ན་ལན་བདུན་མངོན་པར་བསྔགས། །གསང་སྔགས་བྱེ་བྲག་རྣམ་ཤེས་ནས། །ཉི་ཤུ་རྩ་གཅིག་ཏུ་ཡང་བཟླས། །མཆོད་ཡོན་ཆོ་ག་བཞིན་དུ་བཟླས། །བདུག་སྤོས་དག་གིས་རབ་ཏུ་བདུག །ཅེས་སོ། །གཉིས་པ་སྒྲུབ་ནས་ལྷ་སྤྱན་དྲང་བ་ནི། དེ་ནས་མདུན་གྱི་བྲིས་སྐུ་ལ་སོགས་པ་རྟེན་གང་དུ་ཡོད་པའི་ཕྱོགས་སུ་ཁ་བལྟས་ཏེ་པུས་མོ་གཉིས་ས་ལ་བཙུགས་ལ་སོར་མོ་ཕན་ཚུན་བསྣོལ་ཏེ། ཐལ་མོ་བཀན་ལ་མཆོད་ཡོན་གྱི་སྣོད་བཟུང༌། མཐེ་བོང་གཉིས་གཡབ་པ་སྤྱན་དྲང་བའི་ཕྱག་རྒྱ་བྱ་སྟེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་འདི་བཞེས་ལ། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཅེས་ལེགས་གྲུབ་ནས་འབྱུང་བ་བཞིན་བརྗོད་ཅིང༌། མདུན་དུ་བཟེད་ཞལ་བཞག་པར་མཆོད་ཡོན་བླུག་ཅིང་སྤྱན་དྲངས་ཏེ། ལེགས་གྲུབ་ལས། གསང་སྔགས་གང་དག་གཅིག་པུ་ལ། །དྲག་ཅིང་གཏུམ་ལ་ཕ་རོལ་གནོན། །དེ་ནི་རང་གི་སྔགས་ཉིད་ཀྱིས། །སྤྱན་དྲང་བ་ཡི་ཆོ་ག་བྱ། །གང་ཡང་ཕལ་པ་ཁ་ཅིག་དང༌། །གང་ཡང་འཁོར་དུ་གྱུར་པ་དག །དེ་དག་རང་གི་སྔགས་ཉིད་ཀྱིས། །སྤྱན་དྲང་ཆོ་ག་བྱ་བར་བཤད། །རིག་སྔགས་རྒྱལ་དང་གསང་སྔགས་རྣམས། །མདོར་ན་སོ་སོའི་གསང་སྔགས་སམ། །ཐམས་ཅད་ལ་ཡང་སྙིང་པོ་ཡིས། །སྤྱན་དྲང་བ་ནི་མཆོག་ཏུ་བཤད། །མདོར་ན་མཁས་པས་མཆོད་ཡོན་དང༌། །ཕྱི་ཡི་རིགས་ཀྱི་སྙིང་པོ་ཡིས། །ཚུར་གཤེགས་ཞེས་ནི་སྤྱན་དྲང་བ། །འདི་ནི་གསང་བས་ཡང་དག་བསྒྲགས། །རབ་ཏུ་དད་པས་ཕྱག་བྱས་ཏེ། །གསང་པོར་ཡང་དང་ཡང་བྱས་ནས། །གསང་སྔགས་རྣམས་དང་རིག་སྔགས་དག །མཁས་པས་གུས་པར་སྤྱན་དྲང་ངོ༌། །ཞེས་སོ། །དེ་ནས་མཆོད་ཡོན་གྱི་སྣོད་དེ་འཇམ་དབྱངས་ལྟ་བུ་དེ་བཞིན་གཤེགས་པའི་རིགས་ལ་མགོ་བོ་དང༌། སྤྱན་རས་གཟིགས་སོགས་པདྨའི་རིགས་ལ་བྲང་དང༌། ཕྱག་ན་རྡོ་རྗེ་སོགས་རྡོ་རྗེའི་རིགས་ལ་ལྟེ་བའི་ཐད་ཀ་ནས་མཆོད་ཡོན་དབུལ་ཞིང༌། སོ་སོའི་སྔགས་ཀྱིས་ཨེ་ཧྱེ་ཧི་བཏགས་པས་སྤྱན་དྲངས་ཏེ། ལེགས་གྲུབ་ལས། ཟློས་པས་མཉམ་གཞག་ལག་པ་གཉིས། །སྤྱི་བོར་བཞག་ཏེ་མཆོད་ཡོན་དག །གསང་སྔགས་མཆོག་ལ་ཕུལ་ནས་ནི། །འོན་ཀྱང་སྤྱན་ནི་དྲང་བར་འགྱུར། །བར་མ་དག་ལ་བྲང་ཁ་ནས། །ཕལ་པ་རྣམས་ལ་ལྟེ་བ་ནས། །མཆོད་ཡོན་ཚུལ་བཞིན་བཟླས་འབུལ་བ། །སྤྱན་དྲང་ཆོ་གར་རིགས་པར་བྱ། །ཞེས་སོ། །ཚུལ་ཇི་ལྟ་བུས་སྤྱན་འདྲེན་ན། སྤྱན་དྲང་རྒྱུའི་ལྷ་འགྲེང་བ་དང༌། འདུག་པ་དང༌། གཟུར་བ་ལ་སྒྲུབ་པ་པོས་ཀྱང་དེའི་རྣམ་པར་བྱས་ནས་སྤྱན་དྲངས་ཏེ། དེ་ཉིད་ལས། གསང་སྔགས་གང་དག་འགྲེང་སྣང་བ། །དེ་ལ་འགྲེང་སྟེ་སྤྱན་ཡང་དྲངས། །འདུག་པ་ལ་ནི་འདུག་ནས་སུ། །གཟུར་བ་ལ་ནི་གཟུར་བས་སོ། །ཞེས་སོ། །དེ་ལྟར་སྤྱན་དྲངས་པས་ལྷ་རྣམས་བྱོན་ཏེ་གཞལ་ཡས་ཁང་གི་ནང་གི་སོ་སོའི་གདན་གྱི་སྟེང་དུ་བཞུགས་པར་བསམས་ལ། སོ་སོའི་སྐུ་མདོག་དང་ཕྱག་མཚན་བཞུགས་སྟབས་རྒྱན་ལ་སོགས་པ་རྣམས་རང་རང་གི་སྒྲུབ་ཐབས་བཞིན་གསལ་བཏབ་ལ་བསྒོམ། གལ་ཏེ་སྔར་པདྨ་ཡན་ཆད་ལས་མ་བསྐྱེད་ན་སྤྱན་དྲངས་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྤྱན་དྲངས་ལ་པདྨའི་སྟེང་དུ་བཞུགས་པར་བསམས་ནས། ཐོག་མར་གཞལ་ཡས་ཁང་དང་དེ་ནས་ལྷ་གསལ་བཏབ་བོ། །དེ་ལྟ་བུའི་ཆོ་ག་འདི་ཡང་བྱ་རྒྱུད་ཐམས་ཅད་ཀྱི་ཡིན་ཏེ། ལེགས་གྲུབ་ལས། གསང་སྔགས་ཀུན་གྱི་ཆོ་ག་འདིར། །སྔགས་དང་ཕྱག་རྒྱ་ལྡན་པ་ཡི། །སྤྱན་དྲང་ཆོ་གར་བཞུགས་པ་དག །འདི་ནི་ཀུན་གྱི་སྤྱི་ཡིན་ནོ། །ཞེས་སོ། །གསུམ་པ་སྤྱན་དྲངས་པ་ལ་གདན་དབུལ་བ་ནི། སྔར་བཤད་པའི་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི། པདྨའི་འདུག་སྟངས་ཏེ། དེ་བཅས་ལ་ཨོཾ་ཀ་མ་ལཱ་ཡ་སྭཱ་ཧཱ། ཞེས་པས་པདྨའི་རིགས་རྣམས་ལ་གདན་དབུལ། ཕྱག་རྒྱ་དེ་ཉིད་སོར་མོ་གསུམ་རྡོ་རྗེ་ལྟར་བྱས་པ་རྡོ་རྗེའི་འདུག་སྟངས་དང༌། ཨོཾ་བཛྲ་ཨཱ་ས་ན་ཧཱུྃ་ཕཊ། ཅེས་པས་རྡོ་རྗེའི་རིགས་ལ་དང༌། དེ་ཉིད་ལས་སོར་མོ་དབུས་མ་གཉིས་གཅིག་ཏུ་སྦྱར་བ་དཔའ་བོའི་འདུག་སྟངས་དང༌། ཨོཾ་བཛྲ་ཀ་ཡ་ཧཱུྃ་ཕཊ། ཅེས་པས་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་རྣམས་ལ་གདན་ཕུལ་བས་དེ་དག་ལ་ལྷ་རྣམས་བཞུགས་པར་བསམ་མོ། །གསུམ་པ་ནི། དེ་ནས་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ། ལྷག་མ་རྣམས་རྡོ་རྗེ་ལྟར་བྱས་པ་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་དང༌། ཨོཾ་ཤཾ་ཀ་ར་ས་མ་ཡེ་སྭཱ་ཧཱཿཞེས་པས་ཐུན་མོང་གི་དམ་ཚིག་གི་ཕྱག་རྒྱ་བསྟན། དེ་ནས་རིགས་གསུམ་སོ་སོའི་རིགས་ཀྱི་སྙིང་པོ་གསུམ་གསུམ་བརྗོད་ཅིང༌། སོ་སོའི་ཕྱག་རྒྱ་བསྟན་ཏེ། ལག་པ་གཉིས་ཕན་ཚུན་ཁུ་ཚུར་བཅངས་ནས་མཐེ་བོང་གཉིས་བསྟན་པ་དེ་བཞིན་གཤེགས་པའི་རིགས་དང༌། དེ་ཉིད་ལས་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡས་པའི་མཐེ་བོང་བསྟན་པ་ནི། པདྨའི་རིགས་དང༌། དེ་ཉིད་ལས་གཡོན་བསྟན་པ་ནི། རྡོ་རྗེའི་རིགས་ཏེ། དེ་རྣམས་བསྟན་པས་ལྷ་རྣམས་རང་རང་གི་དམ་ཚིག་ལ་གནས་པར་བསམ། དེ་ནས་ཡུམ་རྣམས་ཀྱི་ཕྱག་རྒྱའང་བསྟན་ཏེ། དེའང་ཕྱག་འཚལ་བའི་ཐལ་མོ་ལས་མཐེ་བོང་གཉིས་ལག་པའི་ནང་དུ་བཅུག་ལ། མཛུབ་མོ་གཉིས་གུང་མོའི་ཚིགས་གསུམ་པར་བཙུགས་ལ། ཨོཾ་རུ་རུ་སྥུ་རུ་སོགས་བརྗོད་པས་དེ་བཞིན་གཤེགས་རིགས་དང་ཐལ་མོ་སྦྱར་བར་བྱས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་བརྗོད་པས་པདྨའི་རིགས་དང༌། ལག་པ་ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་དང༌། སྲིན་ལག་གཉིས་ལག་པའི་ནང་དུ་བཅུག་ལ། ཨོཾ་ཀུ་ལནྡྷ་རི་སོགས་བརྗོད་པས་རྡོ་རྗེའི་རིགས་ཀྱི་ཡུམ་གྱི་སྔགས་རྒྱ་སྟེ། དེ་རྣམས་སྐབས་སུ་གང་བབ་པ་བརྗོད་དོ། །དེ་ནས་སྲིན་ལག་གི་ཚིགས་གསུམ་པར་མཐེ་བོང་གཉིས་བཞག་མཐེའུ་ཆུང་དང་གུང་མོ་གཉིས་གཤིབས་ཏེ་བསྒྲེང་མཛུབ་མོ་གཉིས་གུང་མོའི་ཚིགས་གསུམ་པར་བཞག་པ་དམ་ཚིག་ཆེན་པོའི་ཕྱག་རྒྱ་དང༌། ཨོཾ་ཤཾ་ཀ་ར་སོགས་བརྗོད་ལ་དམ་ཚིག་ལ་གནས་པར་བསམ་མོ། །དེ་ནས་ཕྱག་རྒྱ་དེས་བསྐོར་བས་ཕྱི་འབྲང་གི་བགེགས་བསལ་བར་བསམས་ལ་རིགས་ཀྱི་ཁྲོ་བོ་གང་ཡིན་གྱི་སྔགས་དྲག་ཏུ་བཟླས་སོ། །བཞི་པ་ལ་གཉིས་ཀྱི་དང་པོ་མཆོད་པ་ནི། ལེགས་གྲུབ་ལས། ལྷ་རྣམས་སྤྱན་དྲང་བྱས་ནས་ནི། །གསང་སྔགས་རིམ་པར་ཕྱེ་བ་བཞིན། །ཆོ་ག་ཤེས་པས་མཆོད་པ་བརྩམ། །ཞེས་གསུངས་པ་ལྟར་མཆོད་རྫས་རྣམས་ལ་བགེགས་བསལ་བ་དང༌། གཟི་བྱིན་བསྐྱེད་པ་སྔར་ལྟར་བྱས་ནས་དེའི་རྗེས་སུ་མཆོད་པ་རྣམས་དབུལ་ཏེ། དེ་ལ་ཐོག་མར་མཆོད་ཡོན་ནི། ལེགས་གྲུབ་ཏུ། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་པ་བཞེས་ནས་ཀྱང༌། །ཐུགས་ཀྱི་ཐུགས་དཔག་མཛད་དུ་གསོལ། །ཞེས་བརྗོད་པར་བཤད་པ་ལྟར་དང༌། མཆོད་ཡོན་གྱི་སྔགས་བརྗོད་ཅིང་མཐེའུ་ཆུང་དང་སྲིན་ལག་ནང་དུ་ཕན་ཚུན་བསྣོལ་ཏེ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བའི་ཚིགས་གསུམ་པར་མཛུབ་མོ་གཟུགས། མཐེ་བོང་གཉིས་ངོས་ལ་སྦྱར་བའི་ཕྱག་རྒྱས་དབུལ་ལོ། །དེ་ནས་ལྷའི་གཟུགས་ལུགས་མ་ལ་ནི་དངོས་དང༌། རས་བྲིས་ལ་མེ་ལོང་གི་ནང་དུ་ཤར་བའི་སྐུ་གཟུགས་ལ་སྐུ་བསིལ་བར་བྱ་སྟེ་ལག་པ་གཉིས་ཐལ་མོ་བཀན་པ་ལས་མཛུབ་མོའི་རྩེ་མོ་དང་མཐེ་བོང་གཉིས་ཀྱི་རྩེ་མོ་སྦྱར་ལ། ཨོཾ་སརྦ་དེ་བཱ་ཏ་ཨཱ་ཙིནྟི་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་བརྗོད་ཅིང་ཡིད་ཀྱིས་གསེར་ལ་སོགས་པ་རིན་པོ་ཆེའི་བུམ་པ་སྤོས་ཆུས་བཀང་བ་མང་པོ་ནས་སྤོས་ཆུའི་སྤྲིན་ཆེན་པོ་སྤྲོས་པས་སྐུ་བསིལ་བར་བསམ་མོ། །དེ་ནས་ན་བཟའ་དང༌། གོས་རྒྱན་དབུལ་ཞིང༌། རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བསྒྲགས་ཤིང་ཡིད་ཀྱིས་བསྟོད་པའི་གླུ་དབྱངས་བླངས་པར་བསམ་མོ། །དེ་ནས་གཡས་སྐྱབས་སྦྱིན་བྱས་པའི་མཁྲིག་མ་ནས་གཡོན་པས་བཟུང་ལ། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨ་ཧཱ་ར་ཨ་ཧཱ་ར་སརྦ་བིཧྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱཿཞེས་པས་དྲི་དབུལ་ལོ། །གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨ་ཧཱ་ར་ཨ་ཧཱ་ར་སརྦ་བིདྱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་པ་དང་ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ཏེ་ལག་པའི་ནང་དུ་མཛུབ་མོ་གཉིས་རྩེ་མོ་གཅིག་ཏུ་བྱས་ཏེ། གདུབ་བུའི་ཚུལ་དུ་བྱས་ནས་མཐེ་བོང་གློར་བཞག་སྟེ། པདྨ་ལྟར་བྱས་པའི་ཕྱག་རྒྱས་མེ་ཏོག་དབུལ་ལོ། །ནགས་ཚལ་བཅུད་ནི་ཡིད་དུ་འོང༌། །དྲི་ཡིས་སྦྱར་བ་ལྷ་ཡི་རྫས། །བདག་ནི་དད་པས་དབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨ་ཧཱ་ར་ཨ་ཧཱ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་དང༌། ལག་པ་གཉིས་ཀྱི་མཐེའུ་ཆུང་དང་སྲིན་ལག་དང་གུང་མོ་གཉིས་ཀྱི་སོར་མོ་རྣམས་ཕུན་ཚུན་དུ་སྦྱར་ཏེ་སེན་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་གློར་བཞག་པའི་ཕྱག་རྒྱས་བདུག་སྤོས་དབུལ་ལོ། །སྨན་རྣམས་བཅུད་ནི་ཡིད་དུ་འོང༌། །སྔགས་ཀྱིས་ཞལ་ཟས་བཤོས་འདི་དག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨ་ཧཱ་ར་ཨ་ཧཱ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་དང༌། བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པའི་ཕྱག་རྒྱས་ལྷ་བཤོས་དབུལ་ལོ། །གདོན་རྣམས་འཇོམས་ཤིང་བཀྲ་ཤིས་པ། །དགེས་ཤིང་མུན་པ་རྣམ་སེལ་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །མར་མེ་འདི་དག་བཞེས་སུ་གསོལ། །ཨཱ་ལོ་ཀ་ཡ་ཨཱ་ལོ་ཀ་ཡ་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་དང༌། མཐེ་བོང་དང་གུང་མོ་གཅིག་ཏུ་སྦྱར་ཏེ་བསྒྲེང་བ་ལག་པ་ཁུ་ཚུར་གཅིག་ཏུ་བྱས་པའི་ཕྱག་རྒྱས་མར་མེ་དབུལ་ལོ། །དེ་ལྟར་ཡང༌། ལེགས་གྲུབ་ལས། གསང་སྔགས་བསྒྲུབས་པས་དུས་གསུམ་དུ། །ཆོ་ག་འདིས་ནི་མཆོད་པར་བྱ། །སྔོན་གྱི་སྔགས་རྒྱུད་ལུང་གིས་ནི། །ཐོག་མར་དྲི་རྣམས་དབུལ་བར་བྱ། །དེ་ནས་མེ་ཏོག་རྗེས་མཐུན་པའོ། །དེ་ནས་བདུག་སྤོས་རབ་ཏུ་བསྒྲགས། །དེ་ནས་ལྷ་བཤོས་རྗེས་མཐུན་པའོ། །མར་མེ་ཐ་མར་རབ་ཏུ་སྦྱར། །ཞེས་དང༌། སོ་སོ་ཡི་ནི་གསང་སྔགས་ཀྱིས། །རེ་རེ་ལ་ཡང་མངོན་བསྔགས་ཏེ། །མཆོད་པའི་ཡན་ལག་ཅི་དགར་དབུལ། །ཞེས་སོ་སོའི་སྔགས་ཀྱིས་མངོན་པར་བསྔགས་ཏེ་དབུལ་བ་དང༌། སོ་སོ་སོ་སོར་མཆོད་ཡོན་དབུལ། །ཆེ་གེ་མོ་འདི་བཞེས་ཤིག་ཅེས། །རྫས་ཀྱི་མིང་ནས་ཕྱུང་སྟེ་དབུལ། །ཞེས་མཆོད་རྫས་མིང་ནས་ཕྱུང་ནས་དབུལ་བར་གསུངས་ལ། འབུལ་བའི་ཚིགས་བཅད་ནི་ལེགས་གྲུབ་ནས་བཏུས་པར་སྣང་ངོ༌། །མཆོད་པ་ལྔ་དངོས་སུ་འབྱོར་ན་ཕྱག་རྒྱ་མི་དགོས་ཤིང༌། མ་འབྱོར་ན་ཕྱག་རྒྱ་འཆིང་བར་གསལ་ཏེ། མར་མེ་མ་འབྱོར་ན་མར་མེའི་ཕྱག་རྒྱ་བཅིངས་ནས་ཞེས་གསུངས་པས་སོ། །མཆོད་རྫས་ཀྱི་བྱེ་བྲག་རབ་ཏུ་མང་པོ་ཞིག་ལེགས་གྲུབ་ཏུ་གསུངས་ཀྱང༌། འདིར་མ་སྤྲོས་ལ་དེ་རྣམས་མ་འབྱོར་ན་ཡིད་ཀྱིས་བསམས་པས་ཀྱང་རུང་སྟེ། དེ་ཉིད་ལས། རྣམ་པ་ཀུན་ཏུ་མཁས་པ་ནི། །རྟག་ཏུ་ཅི་ནུས་པས་ཀྱང་རུང༌། །ཆོས་ཀྱི་ཐོག་མར་ཡིད་འགྲོ་ཞེས། །ཐུབ་པ་ཆེན་པོས་བཀའ་སྩལ་པས། །ཡིད་ཀྱིས་མཆོད་པ་ཁྱད་པར་ཅན། །ལེགས་པ་ཉིད་དུ་བརྩམ་པར་བྱ། །ཞེས་སོ། །དེ་ལྟར་མཆོད་པ་ཅི་ནུས་སུ་བྱས་ལ་གནས་བྱིན་གྱིས་རློབ་པའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ། །གཉིས་པ་བསྟོད་པ་བྱ་བ་ནི། ལེགས་གྲུབ་ལས། མཆོད་པའི་ཆོ་ག་ལེགས་བྱས་ནས། །བློ་ཡིས་གུས་པ་རབ་བསྐྱེད་དེ། །བཅོམ་ལྡན་དེ་བཞིན་གཤེགས་པར་བསྟོད། །དེ་ནས་ཆོས་དང་དགེ་འདུན་ལ། །དེ་ནས་སྤྱན་རས་གཟིགས་དབང་ལ། །དེ་ནས་རིག་པའི་རྒྱལ་པོ་ཆེ། །རྡོ་རྗེ་འཆང་ལ་བསྟོད་པར་བྱ། །ཞེས་དང༌། རྒྱལ་སྲས་གཞན་ཡང་བསྟོད་པ་ནི། །བྱང་ཆུབ་སེམས་དཔའི་གཞུང་གིས་བསྟོད། །ཅེས་པ་ལྟར་སྤྱིའི་བསྟོད་པ་བྱ་ཞིང༌། རང་གི་རྣལ་འབྱོར་གང་བྱེད་ཀྱི་དཀྱིལ་འཁོར་ལ་ཡང་ཅི་ནུས་ཀྱིས་བསྟོད་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་ཨ་བིད་ཉ་ར་ཤི་རི་ན་མོ་ཏུ་ཏེ་སྭཱ་ཧཱ། ཞེས་བསྟོད་པ་འབྱུང་བའི་སྔགས་ལན་བརྒྱད་བཟླས་སོ། །ལྔ་པ་ནི། སློབ་དཔོན་བྱང་ཆུབ་མཆོག་གིས། དེ་ནས་སྡིག་པ་བཤགས་པའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ། དེ་ནས་བཅོམ་ལྡན་འདས་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བྱའོ། །ཞེས་གསུངས་ལ། དེ་རྣམས་ཇི་ལྟར་བྱ་བའི་ཚིག་ལེགས་གྲུབ་ཏུ་འབྱུང་བ་ལྟར་བྱའོ། །དྲུག་པ་ནི། བྱང་ཆུབ་མཆོག་གིས། དེ་ནས་སྡུག་བསྔལ་གྱིས་ཉམ་ཐག་པའི་སྐྱེས་བུ་འདི་དག་ལ་ཀྱི་ཧུད་ཅེས་ཅི་ནུས་པར་སྙིང་རྗེ་བསྐྱེད་དོ། །དེ་ནས་བདེ་བར་གྱུར་ཅིག་ཅེས་བྱམས་པ་ལ་གནས་པར་བྱའོ། །དེ་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བདེ་བར་གྱུར་ཅིག་ཅེས་དགའ་བར་བྱའོ། །དེ་ནས་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་བླ་ན་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བཏང་སྙོམས་ལ་གནས་པར་བྱའོ། །ཞེས་ཚད་མེད་བཞི་བསྒོམ་པ་གསུངས་ཤིང་དེའི་ཚིག་ཀྱང་ལེགས་གྲུབ་ལས། སྨོན་ལམ་གྱི་ཚུལ་གྱིས་གསུངས་པ་ལྟར་འདོན་ཅིང་རང་གི་སེམས་དང་འདྲེས་ངེས་པའི་རྣལ་འབྱོར་ཉམས་སུ་བླང་ངོ༌། །གསུམ་པ་སྔགས་ཀྱི་རྣལ་འབྱོར་ལ་དྲུག བགྲང་ཕྲེང་འདུ་བྱ་བ་དང༌། བཟླས་པའི་དམིགས་པ། བཟླས་པའི་ཚུལ། དེ་དུས་ཀྱི་བསླབ་བྱ། བཟླས་པ་དབུལ་བ། དེ་ལྟར་བཟླས་པའི་ཕན་ཡོན་ནོ། །དང་པོ་ནི། དེ་ལྟར་ལྷའི་རྣལ་འབྱོར་བསྒོམས་པའི་རྗེས་སུ་བགྲང་ཕྲེང་འདུ་བྱ་སྟེ། དེའང་དེ་བཞིན་གཤེགས་པའི་རིགས་ལ་བོ་དྷི་ཙེ་ལ་སོགས་པ་སྟེ། ལེགས་གྲུབ་ལས། རྒྱལ་བའི་རིགས་ལ་བོ་དྷི་ཙེ། །སྔགས་ཀྱི་ནོར་བུར་རབ་ཏུ་བསྒྲགས། །པདྨའི་རིགས་ལ་པདྨའི་སྙིང༌། །རྡོ་རྗེའི་རིགས་ལ་རུ་རཀྵ། །རིགས་གསུམ་དག་ནི་ཐམས་ཅད་ལ། །ནོར་བུ་དེ་དག་རབ་ཏུ་བསྒྲགས། །བཟླས་བརྗོད་བྱེད་པའི་ལས་ཀུན་ལ། །དེ་དག་དགེ་ཞིང་མཆོག་ཏུ་བཤད། །ལུང་ཏང་ཏ་ལའི་འབྲས་བུ་དང༌། །དུང་དང་ཁམ་ས་ལས་བྱུང་དང༌། །ཤེལ་དང་མུ་ཏིག་བ་སོ་དང༌། །དེ་བཞིན་བྱི་རུ་ནོར་བུ་དང༌། །ས་བོན་རྣམ་པ་སྣ་ཚོགས་དང༌། །ལོ་མ་དག་གི་ཕྲེང་བའང་རུང༌། །སྔགས་ཀྱི་ནོར་བུ་དེ་དག་རྣམས། །ཆོ་ག་འདི་ལ་རབ་ཏུ་བསྒྲགས། །ཞེས་དང༌། །དྲག་ཤུལ་སྤྱོད་ལ་ཁྱད་པར་དུ། །རུས་པ་སྣ་ཚོགས་ཤིས་པ་ཡིན། །ཞེས་སོ། །དཔུང་བཟང་ལས་ཀྱང༌། བོ་དྷི་ཙི་དང་དུང་ཤེལ་རུ་རཀྵ། །ལུང་ཏང་པདྨའི་སྙིང་པོ་ཞ་ཉེ་ཟངས། །འཁར་བའི་བགྲང་ཕྲེང་བརྒྱ་ནི་རྩ་བརྒྱད་པ། །ཞེས་ཞ་ཉེ་དང་ཟངས་དང་འཁར་བ་ལའང་རུང་བར་བཤད་དོ། །གྲངས་ནི། དཔུང་བཟང་ལྟར། བརྒྱ་རྩ་བརྒྱད་དམ། བྱང་ཆུབ་མཆོག་གིས། སྟོང་རྩ་བརྒྱད་དམ། བརྒྱ་རྩ་བརྒྱད་དམ། ལྔ་བཅུ་རྩ་བཞིའམ། ཉི་ཤུ་རྩ་གཅིག་བླངས་ལ། ནོར་བུ་རྣམས་བའི་རྣམ་ལྔས་བཀྲུས་ནས། །ཞེས་སོ། །ཕྲེང་ཐག་ཡང༌། དེ་ཉིད་ལས། བུ་མོས་བཀལ་བའི་སྐུད་པ་སུམ་བསྒྲིལ་གྱིས་མིག་ནས་མིག་ཏུ་ཕྱུང་སྟེ། བརྒྱུས་ནས་མདུད་པ་བོར་ལ་ཞེས་བཤད་པ་ལྟར་རོ། །བྱིན་གྱིས་བརླབ་པའི་ཚུལ་ནི། དེ་ཉིད་ལས། ལྷ་རྣམས་ལ་མཆོད་པ་བྱས་ཏེ། ཇི་སྐད་བསྟན་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཞེས་འབྱུང་ལ། ཕྲེང་བ་སྙིམས་པར་བཅུག་ནས་དེ་བཞིན་གཤེགས་པའི་རིགས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨད་བུ་ཏེ་བི་ཛ་ཡ་སིདྡྷི་སིདྡྷཱརྠེ་སྭཱ་ཧཱ། ཞེས་དང༌། པདྨའི་རིགས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཨོཾ་ཨ་མྲྀ་ཏེ་ཏཾ་ག་མེ། ཤྲི་ཡེ་ཤྲཱི་མཱ་ལི་ན་སྭཱ་ཧཱ། ཞེས་དང༌། རྡོ་རྗེའི་རིགས་ལ། ཨོཾ་ཀི་རི་ཀི་རི་རོའུ་ཏྲི་ཎི་སྭཱ་ཧཱ། ཞེས་པ་རྣམས་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབས་ཏེ། འདི་དང་པོ་ཕྲེང་བ་བརྒྱུ་དུས་ཀྱི་ཡིན་གྱི། ཕྱིས་བཟླས་པའི་དུས་སུ་ནི། ལེགས་གྲུབ་ལས། ཨོཾ་ན་མོ་བྷ་ག་ཝ་ཏེ་སིདྡྷི་སིདྡྷ་ཡ་སིདྡྷཱརྠེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ། །ཨོཾ་བ་སུ་མ་ཏི་ཤྲི་ཡེ་སྭཱ་ཧཱ། པདྨའི་རིགས་ལའོ། །ཨོཾ་བཛྲ་ཡ་ཛ་ཏ་ན་ཛེ་ཡེ་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ། །ཞེས་གསུངས་པ་ལྟར་གྱིས་བྱིན་གྱིས་བརླབ་བོ། །བགྲང་བའི་ཚུལ་ནི། ལེགས་གྲུབ་ལས། ནོར་བུ་སྙིང་གར་བཟུང་ནས་སུ། །བཟླས་བརྗོད་རབ་ཏུ་བརྩམ་པར་བྱ། །ཞེས་དང༌། དཔུང་བཟང་ལས། དེ་དག་ལས་ནི་བགྲང་ཕྲེང་གཅིག་བླངས་ཏེ། །དེ་ནི་ལག་པ་གཡས་པས་བཟུང་བའམ། །ལག་པ་གཡོན་པས་བསྒྲིམས་ཏེ་མི་འཁྲུལ་བཟུང༌། །ཚར་རེར་ཕྱིན་ཅིང་ནོར་བུ་རེ་རེ་ནས། སྔགས་པ་ཡིས་ནི་རིམ་བཞིན་བགྲང་བར་བྱ། །ཞེས་གསུངས་ཤིང༌། ལེགས་གྲུབ་ལས། མཐེ་བོང་དང་ནི་སྲིན་ལག་གིས། །ལས་རྣམས་ཀུན་ལ་ནོར་བུ་དང༌། །མཁས་པས་དག་པོའི་ལས་རྣམས་ལ། །མཛུབ་མོས་དྲང་བར་རབ་ཏུ་བསྒྲགས། །ཞེས་སོ། །སྔར་གྱི་ལས་ཀྱི་རྡོ་རྗེ་བཟླས་པའི་ཚེ་བཅང་དགོས་པར་བཤད་པས་ལག་པ་གང་རུང་གིས་རྡོ་རྗེ་བཟུང་ལ་བཟླའོ། །གཉིས་པ་ནི། ལེགས་གྲུབ་ལས། ཡིད་ཀྱིས་གསང་སྔགས་ལྷ་རྣམས་ནི། །ཡང་དང་ཡང་དུ་མངོན་བསམས་ཏེ། །རྟོག་པ་ངན་པ་རྣམ་བསལ་ནས། །མཁས་པས་བཟླས་བརྗོད་བརྩམ་པར་བྱ། །ཞེས་དང༌། ཟློས་པ་བཟླས་བརྗོད་བྱེད་པའི་ཚེ། །རིག་སྔགས་ལྷ་ནི་མ་གཏོགས་པ། །བསྒོམ་པ་མཆོག་ཏུ་གྱུར་པ་ཡང༌། །རྣམ་རྟོག་བཟུང་ནས་མི་བསམ་མོ། །ཞེས་མདུན་གྱི་ལྷ་ལ་དམིགས་པའི་བཟླས་བརྗོད་བྱ་བར་གསུངས་ལ། ཇི་ལྟར་བྱ་བའི་ཚུལ་ཡང༌། བྱང་ཆུབ་མཆོག་གིས། རང་གི་སྙིང་ག་ན་གནས་པའི་ཟླ་བའི་དཀྱིལ་འཁོར་དང་ལྷའི་ཟླ་བའི་དཀྱིལ་འཁོར་ལ་རང་གིས་བཟླས་པར་བྱའོ། །གསང་སྔགས་ཀྱི་ཡི་གེ་རིམ་པ་བཞིན་དུ་བཀོད་ནས། མངོན་སུམ་དང་འདྲ་བར་བལྟས་ཏེ། ཞེས་གསུངས་པས་མདུན་གྱི་དེ་བཞིན་གཤེགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལ་སོགས་པ་ལྷ་སོ་སོའི་ས་བོན་དང་མཐའ་སྐོར་དུ་རང་རང་གི་སྔགས་ཀྱི་ཕྲེང་བས་གཡས་ཕྱོགས་སུ་བསྐོར་བ་མགོ་གྱེན་དུ་བལྟ་བར་བསམ། རང་གི་སྙིང་གར་སྔར་བསྒོམས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་རྣམས་ལྷ་དང་འདྲ་བར་བཀོད་ལ། སྔགས་ཕྲེང་རྣམས་ལས་འོད་ཟེར་འཕྲོས་པས་སངས་རྒྱས་མཆོད་པ་དང༌། སེམས་ཅན་གྱི་དོན་བྱས་ཏེ་སླར་ཡང་དེ་ཉིད་ཡི་གེ་རྣམས་ལ་ཐིམ་པར་བསམ་མོ། །གསུམ་པ་ནི། བྱང་ཆུབ་མཆོག་གིས། རྡོ་རྗེའི་ཚིག་གམ་ཤུབ་བུའི་སྦྱོར་བས་ཧ་ཅང་མི་མྱུར་མི་དལ་བར་གསང་སྔགས་ཀྱི་ཡི་གེ་བརྗོད་ཅིང་བཟླས་བརྗོད་བྱའོ། །ཞེས་གསུངས་པ་ལྟར། རྡོ་རྗེའི་ཚིག་གི་བཟླས་པ་ནི། དེ་ཉིད་ལས། དེ་ལ་འདི་ནི་རྡོ་རྗེའི་ཚིག་ཡིན་ཏེ། །སོ་དང་མཆུ་ནི་ལེགས་སྦྱར་ཏེ། །ལྕེ་རྩེ་ཧ་ཅང་མི་བསྐྱོད་པར། །སྒྲ་སྤངས་པ་ནི་རྡོ་རྗེའི་ཚིག །ཆོ་ག་ཀུན་ལ་སྦྱར་བར་བྱའོ། །ཞེས་བཤད་པས་ཡིད་ཀྱིས་བཟླས་པ་བྱེད་པའོ། །ཤུབ་བུའི་བཟླས་པ་ནི། གསང་སྔགས་ཀྱི་ཡི་གེ་འདོན་པ་ན། དྲུང་ན་འདུག་པ་རྣམས་ཀྱིས་མ་ཐོས་ཤིང་བདག་ཉིད་ཀྱིས་ཐོས་པ་ཙམ་དུ་བྱ་བར་བཤད་དོ། །དཔུང་བཟང་ལས་ཀྱང༌། ལུས་ཀྱང་དྲང་ཞིང་བརྟན་པོར་བཞག་ནས་སུ། །ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པ་ཡང༌། །བསྐུལ་ཞིང་གསང་སྔགས་ཅི་དགར་བཟླས་བརྗོད་བྱ། །ཞེས་དང༌། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང༌། །སྒྲ་ཆེར་མི་དབྱུང་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་ཡེངས་ཕྱིར་མིན། །གུག་སྐྱེད་ཀླད་ཀོར་ཚེག་རྣམས་ཉམས་པ་མིན། །ཞེས་གསུངས་ལ། དེའི་སྒྲ་ཆེ་ཆུང་ཡང༌། ལེགས་གྲུབ་ལས། བཟླས་བརྗོད་གཞན་གྱིས་ཐོས་བྱ་བ། །དྲག་ཤུལ་སྤྱོད་ལ་ཤིན་ཏུ་ཤིས། །ཞེས་དང༌། ཞི་བ་དང་ནི་རྒྱས་པ་ལ། །ཨོཾ་དང་བཅས་ཤིང་ཕྱག་དང་བཅས། །ལྷག་པར་ཞི་བའི་སེམས་ཀྱིས་ནི། །བློ་ཡིས་བཟླས་བརྗོད་དལ་བུས་བྱ། །ཞེས་པ་ལྟར་ལས་ཀྱི་བྱེ་བྲག་གི་ཟློས་ལུགས་ཀྱི་ཁྱད་པར་ཕྱེད་པ་ཡང་གལ་ཆེའོ། །བྱེ་བྲག་ཏུ་གཏམ་གཞན་མི་སྨྲ་བའི་བརྟུལ་ཞུགས་ནི་བཟླས་པ་ཅི་བྱེད་ཀྱང་གལ་ཤིན་ཏུ་ཆེ་སྟེ། ལེགས་གྲུབ་ལས། ཟློས་ཚེ་ཅི་ཡང་མི་སྨྲ་ཞིང༌། །ཡན་ལག་འགྱུར་བར་མི་བྱའོ། །ཞེས་སོ། །སྔགས་ཀྱི་རིང་ཆ་དང་ཐུང་ཆ་ལ་སོགས་མ་ཐོན་པའམ་ལྷག་པས་གུག་སྐྱེད་ཆད་ལྷག་ཏུ་གྱུར་པ་ནི་ཤིན་ཏུ་མི་རུང་སྟེ། དཔུང་བཟང་ལས། ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡིས། །གསང་སྔགས་དངོས་གྲུབ་རྒྱ་ཆེར་མི་སྟེར་རོ། །ཞེས་གསུངས་པས་སྔགས་དག་པར་འདོན་པ་ཤིན་ཏུ་གལ་ཆེའོ། །བཞི་པ་ནི། དེ་ལྟ་བུའི་བཟླས་པ་བྱེད་པའི་ཚེ་བསླབ་བྱ་དང་ལྡན་བཞིན་དུ་བཟླ་དགོས་ཏེ། ལེགས་གྲུབ་ལས། བཟླས་བརྗོད་བྱས་པས་ཁྲོ་མི་བྱ། །ཡུལ་གྱི་བདག་ཉིད་དགའ་མི་བྱ། །ཞུམ་དང་མི་དགའ་འཇིགས་པ་དང༌། །འཇུངས་དང་ང་རྒྱལ་ཡོངས་སུ་སྤང༌། །ཞེས་དང༌། །ཀུན་རྟོག་རླུང་གིས་བསྐྱོད་ནས་ནི། །ཅི་ཡང་རུང་བ་མི་བསམ་མོ། །ཞེས་པ་ལྟར་རོ། །གཞན་ཡང་བཟླས་པའི་འཕྲོ་ལ་གཉིད་དང་གླལ་དང་སྦྲིད་པའམ་ལུད་པའམ། འོག་རླུང་ངམ། བཤང་གཅི་ལ་སོགས་པ་བྱུང་ན། དེ་མ་ཐག་ཕྲེང་བ་བཞག་སྟེ་ཉེ་རེག་བྱས་ནས་དེ་ཡན་ཆད་བཟླས་པའི་གྲངས་སུ་མི་གཞུག་པར་ཐོག་མའི་གྲངས་ནས་བརྩམ་དགོས་ཏེ། ལེགས་གྲུབ་ལས། མཁས་པས་རིག་སྔགས་ཟློས་པའི་ཚེ། །སྦྲིད་པ་ལ་སོགས་བྱུང་བ་ན། །ཉེ་རེག་བྱས་ཏེ་ཕྱག་འཚལ་ཏེ། །གཞི་ནས་ཀུན་ཏུ་བརྩམ་པར་བྱ། །བཟླས་བརྗོད་ཀྱི་ནི་བགེགས་རྣམས་དང༌། །མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ། །སླར་ཡང་གྲངས་ཀྱི་ཐོག་མ་ནས། །ཀུན་ཏུ་བརྩམས་ཏེ་བྱ་བར་བཤད། །ཅེས་སོ། །གཞན་ཡང༌། དེ་ཉིད་ལས། སྔགས་ཀྱི་ནོར་བུ་ཐོག་མ་དང༌། །ཐ་མར་རྟག་ཏུ་སྒྲུབ་པ་པོས། །གུས་པར་གསང་སྔགས་ལྷ་དག་ལ། །བློ་དང་ལྡན་པས་ཕྱག་བྱའོ། །སྔགས་ཀྱི་ནོར་བུ་རྫོགས་པའི་ཚེ། །རི་མོའི་གཟུགས་སམ་སྐུ་གཟུགས་སམ། །མཆོད་རྟེན་དག་གམ་དེའི་གདན་རྣམས། །མིག་གིས་ཀུན་ཏུ་བལྟ་བར་བྱ། །བཟླས་པས་ངལ་ན་ཡང་དང་ཡང༌། །བསམ་གཏན་ལས་ཀྱི་མན་ངག་དང༌། །ཐབས་ནི་རྣམ་པ་ཐ་དད་པས། །བློ་ཅན་སེམས་ནི་སྤྲོ་བ་བསྐྱེད། །བློ་ལ་སྐྱོན་མེད་བྱས་ནས་ནི། །གསང་སྔགས་ཡི་གེ་དག་པ་ལ། །མཉམ་པར་བཞག་ཏེ་རྩེ་གཅིག་ཏུ། །བཟླས་བརྗོད་དུས་གསུམ་དག་ཏུ་བྱ། །ཞེས་དང༌། གང་དག་བགེགས་ཀྱིས་བརླམས་པ་དང༌། །ནད་རྣམས་ཀྱིས་ནི་གཟིར་བའམ། །ལྷོད་པ་དང་ནི་བག་མེད་པའམ། །ལུས་དང་སེམས་ནི་སྐྱོ་བའམ། །ཆོ་ག་ཇི་སྐད་བཤད་པ་དག །བཤད་པའི་དུས་ལས་འདས་པའམ། །མ་བསྡམས་པ་དང་མི་གཙང་བས། །གང་དག་བཟླས་བརྗོད་བྱེད་པ་ནི། །བཟླས་པའི་གྲངས་ནི་བཤད་པ་ལ། །མཁས་པས་དེ་དག་མི་སྦྱར་གྱི། །ཆོ་ག་བཞིན་དུ་བཟླས་པ་དང༌། །མཉམ་གཞག་བཟླས་བརྗོད་དེ་དང་སྦྱར། །སྦྱིན་སྲེག་ལས་ཀྱི་རྣམ་གྲངས་དང༌། །སྤྱན་དྲང་བ་ཡི་ཆོ་ག་ལ། །སྔགས་ཀྱི་ནོར་བུ་མ་རྫོགས་པར། །བཟླས་བརྗོད་གྲངས་སུ་མི་གཞུག་གོ །ཞེས་དང༌། བག་མེད་པས་ནི་ལན་འགའ་ཞིག །གསང་སྔགས་ལྷ་གཞན་བཟླས་བྱས་ན། །ཡིད་ཀྱིས་གསོལ་བ་གུས་བྱས་ནས། །བཟླས་བརྗོད་སླར་ཡང་བརྩམ་པར་བྱ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་བསླབ་པར་བྱ་བ་རྣམས་དང་ལྡན་བཞིན་དུ་གསང་སྔགས་བཟླས་པས་དངོས་གྲུབ་འབྱུང་བ་ཡིན་ནོ། །ལྔ་པ་ནི། དེ་ལྟར་བཟླས་བརྗོད་ཀྱི་གྲངས་ཐེམ་པའམ། ལྷག་པར་བྱས་པའི་མཇུག་ཏུ། ལག་པ་གཡས་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག གཡོན་པའི་སྲིན་ལག་གི་རྒྱབ་ཏུ་གུང་མོ་བཞག་ནས་སྦྱར་ཏེ། ལག་པ་གཡས་ཀྱི་མཛུབ་མོས་ལག་པ་གཡོན་པའི་གུང་མོ་དང་སྲིན་ལག་དཀྲིས་ཤིང༌། གཡོན་པའི་མཛུབ་མོས་ལག་པ་གཡས་པའི་གུང་མོ་དང་སྲིན་ལག་དཀྲིས་ལ། མཐེའུ་ཆུང་གཉིས་པོ་གཤིབས་ཏེ་བསྒྲེངས་ནས་མཐེ་བོང་གཉིས་མཛུབ་མོའི་ཚིགས་དབུས་མར་བཞག་པ་བུམ་པའི་ཕྱག་རྒྱ་བཅས་ལ། བདག་གིས་དགེ་བའི་རྩ་བ་འདི་དངོས་གྲུབ་ཆེ་གེ་མོ་ཞིག་གིས་རྒྱུར་བཅོམ་ལྡན་འདས་ལ་དབུལ་ལོ། །མགོན་པོ་ཁྱེད་ཀྱིས་ཆེ་གེ་མོའི་དངོས་གྲུབ་སྩལ་དུ་གསོལ། ཞེས་པས་དགེ་བ་དབུལ་ཏེ། དཔུང་བཟང་ལས། ཉིན་གཅིག་བཞིན་དུ་བྱས་ནས་བཟླས་པ་ནི། །ཕུལ་ནས་ཆོ་ག་བཞིན་དུ་གཤེགས་སུ་གསོལ། །ཞེས་གསུངས་པས་སོ། །ནོར་ཅན་གྱི་རིགས་བསྒྲུབས་ན་བཟླས་བརྗོད་བྱས་པ་རྣམས་གསེར་གྱི་བུམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ནང་དུ་བཅུག་སྟེ། ཁ་པདྨ་དཀར་པོས་བཅད་ནས། ལྷའི་ཕྱག་ཏུ་དབུལ་བར་བསམས་པ་དཔུང་བཟང་ཚིག་འགྲེལ་དུ་བཤད་ལ། གསང་སྔགས་གཞན་ལ་ནི་དེ་མི་བསྒྲེ་སྟེ། བཟླས་བརྗོད་བྱས་པའི་བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་དོན་དུ་རང་གི་ལྷ་ལ་དབུལ་བར་བསྟན་ཏེ། ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་དགེ་བའི་རྩ་བ་ཐམས་ཅད་ཕུལ་ནས། བསོད་ནམས་ཀྱི་ཕུང་པོ་ཡོངས་སུ་བསྡུས་པའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་ཤིང༌། བསམ་གྱིས་མི་ཁྱབ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་པ་གང་ལགས་པ་དེས་བདག་བརྟན་པར་གྱུར་ནས། ཞེས་བྱ་བ་དང་འདྲའོ། །ཞེས་འགྲེལ་པ་དེ་ཉིད་ལས་བཤད་དོ། །བོད་ཀྱི་དོན་ཞགས་པ་ཁ་ཅིག་ཕྱག་རྒྱ་འདིས་བཟླས་པ་མི་བྱེད་པའི་ཚེ་ཕྲེང་བ་ཕུལ་ནས་བྱེད་པའི་ཚེ། ཕྱིར་ལེན་པ་ཡིན་ཞེས་པ་ནི། བཟླས་པ་འབུལ་བའི་དོན་མ་གོ་བར་ཟད་དོ། །དྲུག་པ་ནི། དེ་ལྟར་རྣལ་འབྱོར་དང་ལྡན་བཞིན་དུ་བཟླས་བརྗོད་བྱས་པ་ལ། ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དེ། དཔུང་བཟང་ལས། སོས་ཀའི་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེགས་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་རླབས། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེགས། །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་གཟི་བརྗིད་ཀྱིས། །གདུངས་ན་སྡིག་པ་གང་ཡང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ནས་བསགས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་བཞི། ནོངས་པ་བཟོད་པར་གསོལ་བ། ལྷ་གཤེགས་པ། རཱ་གུར་དགྲོལ་བ། ཐུན་མཚམས་ཀྱི་བྱ་བ་བསྟན་པའོ། །དང་པོ་ནི། མཆོད་བསྟོད་རྒྱས་བསྡུས་ཅི་གྲུབ་པ་བྱས་ལ། ཆོ་ག་རྒྱུད་བཞིན་མ་ལྕོགས་པ་ལ་སོགས་པའི་ནོངས་པ་རྣམས་བཟོད་པར་གསོལ་ལོ། །གཉིས་པ་ནི། སྤྱན་དྲངས་པའི་ཕྱག་རྒྱ་ལས། མཐེ་བོང་གཉིས་ཕྱིར་བཀྱེད་པ་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང༌། སོ་སོའི་སྔགས་སམ། སྤྱིའི་སྙིང་པོའི་མཇུག་ཏུ་གཙྪ་བཏགས་པས་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། གསུམ་པ་ནི། དེ་ནས་ལག་པ་གཡོན་པ་བཀན་པའི་སྟེང་དུ་གཡས་པའི་ཐལ་མོ་བཞག་སྟེ། སོར་མོ་བསྣོལ་བའི་རྩེ་མོ་དྲུང་སོ་སོར་སྦྱར་ཏེ། ཐད་དཀར་བཞག་པ་མི་མཉམ་པའི་ཡན་ལག་གི་ཕྱག་རྒྱ་སྟེ། དེ་གཡོན་ཕྱོགས་སུ་བསྐོར་ཞིང༌། ཨོཾ་ཧུ་ལུ་ཧུ་ལུ། ཙནྡྲ་ལི་མ་ཏཾ་གི་བི་སྭཱ་ཧཱ། ཞེས་ཟློས་པས་སྔར་བསྒོམས་པའི་རྭ་གུར་རྣམས་དགྲོལ་ལོ། །བཞི་པ་ནི། ཐུན་མཚམས་སུ་མཆོད་པའི་སྣོད་རྣམས་བཀྲུ་བ་དང༌། མེ་ཏོག་རྙིང་པ་ཕྱག་པ་དང༌། བླ་གོས་ལ་སོགས་པའི་གོས་རྣམས་དུས་གསུམ་དུ་བསྔགས་ཤིང་བཀྲུ་བའམ། བདུག་པའམ་བསང་གཏོར་བྱས་ལ། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པ་དུས་རྟག་ཏུ་བགོ་ཞིང༌། ཨོཾ་རཀྵ་རཀྵ་མཱཾ། སརྦ་བུདྡྷ་ཨ་དྷིཥྛ་ན། ཨཏྨ་ཙི་ཝ་རེ་སྭཱ་ཧཱ། ཞེས་པས་བསྔགས། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་པ་མཐང་གོས་མི་སྤང་ཞིང༌། རྡུལ་གྱིས་མ་ཕོག་པར་བྱ་སྟེ། ལེགས་གྲུབ་ལས། ལྷ་ལ་དགོས་པའི་སྣོད་རྣམས་ཀྱང༌། །ཉིན་རེ་ལན་རེ་བཀྲུ་བར་བྱ། །མེ་ཏོག་རྙིང་པ་དུས་གསུམ་དུ། །རྟག་པར་ཡང་ནི་ཕྱག་པར་བྱ། །ཞེས་དང༌། གོས་ནི་རྣམ་པ་གསུམ་པོ་དག །བཀྲུ་འམ་བདུག་པར་བྱ་བའམ། །ཡང་ན་བསང་གཏོར་དག་ཀྱང་བྱ། །ཉལ་དང་ཁྲུས་བྱེད་མ་གཏོགས་པ། །སྔགས་པས་མཐང་གོས་མི་སྤང་ཞིང༌། །ཞེས་སོ། །ནུབ་མོ་ཉལ་བའི་ཚེ། བུ་མོས་བཀལ་བའི་སྐུད་པ་དམར་པོ་ལེ་བརྒན་རྩིའམ་གུར་གུམ་གྱིས་བཙོས་ལ་མདུད་པ་བདུན་བོར་ཏེ། ཨོཾ་ཧ་ར་ཧ་ར། བནྡྷ་ནི་ཤུ་ཀྲ་དྷ་རི་ཎི་སིདྡྷརྠེ་སྭཱ་ཧཱ། ཞེས་པ་སྟོང་བཟླས་ནས་རྐེད་པ་ལ་བཅིངས་ན་འཛག་པ་བསྲུང་བར་འགྱུར་ཏེ། ལེགས་གྲུབ་ལས། བུ་མོས་བཀལ་བའི་སྐུད་པ་ནི། །ལེ་བརྒན་རྩིའམ་གུར་གུམ་དུ། །བཙོས་པས་བཟླས་བརྗོད་སྟོང་བྱས་ཏེ། །དེ་ནས་མདུད་པ་བདུན་བོར་ཏེ། །སྲོད་ལ་རིག་སྔགས་འདི་ཡིས་ནི། །རང་གི་རྐེད་པར་བཅིང་བར་བྱ། །འདི་ནི་ཟློས་པ་པོ་དག་གི །ཁུ་བ་རྟག་ཏུ་བཀག་པར་འགྱུར། །ཞེས་སོ། །ནངས་པར་ལྡང་བའི་ཚེ། རིགས་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་དང༌། ཕྱག་འཚལ་བ་ལ་སོགས་པ་སྔར་བཞིན་བྱའོ། །ཡང་ཟླ་བ་ཕྱེད་ཕྱེད་བཞིན་ཞག་གཅིག་ཏུ་སྨྱུང་བར་གནས་པ་བྱས་ལ་བ་དམར་སེར་གྱི་འོ་མ་ཞོ་མར་ཆུ་ལྕི་བ་སྟེ་བ་བྱུང་ལྔ་དང༌། ཀུ་ཤ་ཆུ་དང་བཅས་པ་ལ། ན་མོ་བྷ་ག་ཝ་ཏེ། ཨུཥྞི་ཥ་ཡ། ཨོཾ་བི་ཤུདྡྷེ་བཱི་ར་ཛ། ཤི་བེ་ཤནྟི་ཀི་ར་སྭཱ་ཧཱ། ཞེས་པ་དེ་བཞིན་གཤེགས་པའི་རིགས་དང༌། ཨོཾ་ཡཾ་ཤོ་ཛེ་སྭཱ་ཧཱ། ཞེས་པ་པདྨའི་རིགས་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཤི་ཁི་ཤི་ཁི། ནིརྨ་ལེ། པྲ་བྷེ་པྲ་བྷ་ས་རེ། ཏེ་ཛོ་ཏེ་ཛོ་བ་ཏི་སྭཱ་ཧཱ། ཞེས་རྡོ་རྗེའི་རིགས་ལ་སྟེ། དེ་དག་གང་རུང་ལན་བརྒྱར་བསྔགས་ནས་ཁ་ཤར་དུ་བལྟས་ལ་ཙོག་པུར་འདུག་སྟེ་མཆོད་ཡོན་གྱི་སྣོད་གང་རུང་དུ་སྲང་གསུམ་ཙམ་འཐུངས་ན་ཟླ་བ་ཕྱེད་ཚུན་ཆད་ཀྱི་བཟའ་བ་མ་ཡིན་པ་ཟོས་པ་ཐམས་ཅད་དེས་བྱང་བར་འགྱུར་ཏེ། ལེགས་གྲུབ་ལས། མི་གཙང་ཆོ་ག་དང་ལྡན་པས། །རིག་སྔགས་བག་མེད་བཟླས་གྱུར་ན། །དེ་ལ་རིག་སྔགས་བདག་པོའི་སྔགས། །ལན་བདུན་ཡོངས་སུ་བཟླས་བརྗོད་བྱ། །ཟློས་པས་ཟླ་བ་ཕྱེད་ཕྱེད་ཅིང༌། །ཉིན་ཞག་གཅིག་ཏུ་སྨྱུང་བྱས་ནས། །ཟླ་ཕྱེད་མཚམས་སུ་བ་ཡི་ལྔ། །བརྒྱ་རྩ་བརྒྱད་དུ་བཟླས་པ་བཏུབ། །དེས་ནི་གསང་སྔགས་ཟློས་པ་པོས། །ཟླ་ཕྱེད་དག་ཏུ་དགའ་འགྱུར་ཞིང༌། །བཟའ་བ་མིན་སོགས་གང་ཟོས་པ། །དེ་དག་ཐམས་ཅད་རྣམ་པར་བྱང༌། །ཞེས་སོ། །གཞན་ཡང་འོག་ནས་འབྱུང་བའི་རྣལ་འབྱོར་རྣམས་ཀྱང་ཅི་རིགས་པར་ཉམས་སུ་བླང་བར་བྱའོ། །ལྷའི་རྣལ་འབྱོར་གྱི་སྒྲུབ་ཐབས་འདི་ནི། སློབ་དཔོན་བྱང་ཆུབ་མཆོག་གིས་བྱ་བ་སྤྱིའི་སྒྲུབ་ཐབས་ཤིན་ཏུ་ལེགས་པར་སྣང་བས། དེ་དང་ལེགས་གྲུབ་སྦྱར་ནས་བཀོད་པ་ཙམ་ལས་གཞན་མ་བྲིས་པས། ལེགས་གྲུབ་ཀྱི་རྒྱུད་ཀྱི་བཤད་པའམ། དེ་ཙམ་མི་ནུས་ན། སློབ་དཔོན་བྱང་ཆུབ་མཆོག་གིས་སྒྲུབ་ཐབས་ཀྱི་བཤད་ཉན་ལ་མཁས་པར་སྦྱང་ངོ༌། །གཉིས་པ་དེའི་ཡན་ལག་ལ་ལྔ། གཏོར་མའི་ཆོ་ག མཆོད་རྟེན་གྱི། གླེགས་བམ་བཀླག་པའི། མཎྜལ་གྱི། སྦྱིན་སྲེག་གི་ཆོ་གའོ། དང་པོ་ནི། དཔུང་བཟང་ལས། སྒྲུབ་པ་ཀུན་ལ་དང་པོ་ཁོ་ནར་ནི། །ལྷ་བཤོས་གཏོར་མ་ཕལ་ཆེར་དབུལ་བར་བྱ། །སྔགས་པས་ལེགས་གྲུབ་ནས་ནི་དུས་ཀུན་དུ། །རང་གི་ཉམས་ཀྱིས་ཇི་སྙེད་དབུལ་བར་བྱ། །ཞེས་གཏོར་མ་འབུལ་དགོས་པར་གསུངས་ཤིང༌། གང་ལ་འབུལ་བའི་ཡུལ་ཡང༌། དེ་ཉིད་ལས། འབྱུང་པོ་དང་ཕྱོགས་སྐྱོང་དང་བགེགས་རྣམས་ལ་སྦྱིན་པར་གསུངས་པ་ལྟར་རོ། །ཕན་ཡོན་ཀྱང༌། དེ་ཉིད་ལས། དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ། །གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་སྟེ། །དངོས་གྲུབ་མྱུར་ཞིང་ཤིན་ཏུ་བགེགས་ཀྱང་མེད། །ཡིད་དུ་འོང་བའི་འདོད་པའང་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། དཔུང་བཟང་ལས། གཙང་ཞིང་རབ་ཏུ་དབེན་པའི་ཕྱོགས་སུ་ནི། །འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་ནི་རྟག་ཏུ་གདབ། །ཅེས་གསུངས་པས། རྡོག་ལམ་དུ་མ་གྱུར་པའི་སར་འཇིམ་པ་ལ་སོགས་ལ་མཆོད་རྟེན་བཏབ་པའི་ནང་དུ་རྟེན་འབྲེལ་སྙིང་པོའི་གཟུངས་བཅུག་པ་མང་དུ་བཏབ་སྟེ། གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས། གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །ཞེས་གསུངས་པས་སོ། །གཞན་ཡང་མཆོད་རྟེན་རིང་བསྲེལ་ཅན་ལ་ཕྱག་དང་བསྐོར་བ་དང་མར་མེ་སོགས་དབུལ་ཞིང༌། རྒྱལ་མཚན་དང་བ་དན་སོགས་ཀྱང་གདགས་པར་བྱའོ། །གསུམ་པ་ནི། དཔུང་བཟང་ལས། བཟླས་པས་སྐྱོ་ན་མདོ་སྡེ་བཀླག་པར་བྱ། །ཞེས་གསུངས་པས། ཐུན་མཚམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་རྣམས་ཀློག་པའི་མན་ངག་བཞིན་དག་པར་བཀླག་པ་དང༌། རྗེས་དྲན་དྲུག་པོ་སོ་སོའི་ཡོན་ཏན་དང༌། རིགས་པར་བྱ་སྟེ་རྗེས་སུ་དྲན་པར་བྱ། །ཞེས་པ་ལྟར། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ལྷ་དང༌། གཏོང་བ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་རྣམས་བསམ་པར་བྱའོ། །བཞི་པ་ནི། ལེགས་གྲུབ་ལས། ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱི། །གླེགས་བམ་མཇུག་ཏུ་བཀླག་པ་དང༌། །མཆོད་རྟེན་དག་དང་དཀྱིལ་འཁོར་ཡང༌། །དུས་གསུམ་དག་ཏུ་དེ་བཞིན་བྱ། །ཞེས་གསུངས་པའི་དཀྱིལ་འཁོར་ནི་མཎྜལ་ཡིན་པས། ཐུན་མཚམས་སུ་བསོད་ནམས་སྤེལ་བའི་ཆེད་དུ་དཀོན་མཆོག་གི་སྤྱན་སྔར་མཆོད་པའི་མཎྜལ་ཚོམ་བུ་བདུན་ནམ་བཅུ་དགུའམ་ཉི་ཤུ་རྩ་ལྔ་སོགས་ཇི་ལྟར་ནུས་ནུས་ཀྱི་བར་དུ་དབུལ་བར་བྱའོ། །ལྔ་པ་ལ་གཉིས་ཀྱི། དང་པོ་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་ནི། ལེགས་གྲུབ་ལས། ཉིན་པར་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་མཚན་མོ་བྱ། །མཚན་མོ་བཟླས་བརྗོད་གང་བཤད་པ། །དེ་དག་སྦྱིན་སྲེག་ཉིན་པར་བྱ། །གང་ཞིག་བཟླས་པའི་མཇུག་ཏུ་ནི། །སྦྱིན་སྲེག་བྱེད་པ་དེ་མཆོག་གོ །ཞེས་དྲག་ཤུལ་སྤྱོད་པའི་ལྷའི་བཟླས་པ་མཚན་མོ་བྱས་པའི་སྦྱིན་སྲེག་ཉིན་མོ་དང༌། ཞི་རྒྱས་ཀྱི་བཟླས་པ་ཉིན་པར་བྱས་པའི་སྦྱིན་སྲེག་མཚན་མོ་བྱ་ལ། དངོས་གྲུབ་མཆོག་སྒྲུབ་པ་ལ་ནི་བསྙེན་པ་ཡོངས་སུ་རྫོགས་པའི་རྗེས་ལ་སྦྱིན་སྲེག་བྱ་བར་གསུངས་པ་ལྟར་རོ། །དེའི་ཆོ་ག་ཡང་ལེགས་གྲུབ་ཀྱི་ལྷ་ཚིམ་པར་བྱ་བའི་ཆོ་ག་རིམ་པར་ཕྱེ་བ་ལས། ཞོ་དང་བུ་རམ་བྱེ་བྲག་ཏུ། །ཚུལ་བཞིན་སྦྱིན་སྲེག་ལས་བྱ་སྟེ། །ཡམ་སྲེག་ཤིང་གི་མེ་བུས་ལ། །ཞེས་དང༌། དེ་ནས་ཏིལ་དང་ཞོ་དང་མར། །སྦྲང་རྩི་བསྲེས་པ་བརྒྱ་ལྷག་དབུལ། །དེ་ནས་ཞོ་དང་མར་སྦྱར་བའི། །བ་ཡི་འོ་མ་ཟས་མཆོག་དང༌། །མར་བཅས་སྲེག་བླུགས་བརྒྱ་ཕུལ་ཏེ། །མཇུག་ཏུ་མཆོད་ཡོན་བཀང་ནས་སུ། །ལན་བརྒྱར་བཟླས་ཏེ་དབུལ་བར་བྱ། །ཞེས་དང༌། ཆོ་ག་འདི་དག་བྱས་པ་ཡིས། །ལྷ་རྣམས་ཡོངས་སུ་དགེས་པར་འགྱུར། །དགྱེས་པར་གྱུར་ན་དངོས་གྲུབ་ནི། །ཆེན་པོར་མྱུར་དུ་སྩོལ་བར་མཛད། །ཅེས་གསུངས་པ་ལྟར་ཏེ། འདི་ལས་བསྒྲུབ་པའི་སྦྱིན་སྲེག་དང་མི་འདྲའོ། །གཉིས་པ་ལས་བསྒྲུབ་པའི་སྦྱིན་སྲེག་ནི། དཔུང་བཟང་ལས། མེ་ཐབ་ཟླུམ་པོ་གྲུ་གསུམ་གྲུ་བཞི་དང༌། །པདྨ་ལྟ་བུར་བྱ་ཞིང་དབྱིབས་ལེགས་ཤིང༌། །འཇམ་ཞིང་ཤིན་ཏུ་མཉམ་པར་བྱས་ནས་སུ། །དེ་དག་ས་དང་ལྕི་བས་ལེགས་པར་བྱུག །ཟླུམ་པོས་དབང་ཐང་བསྐྱེད་དང་ནོར་དགུག་དང༌། སྤྱན་དྲང་ཞི་བའི་ཆོ་ག་བྱ་བར་ཤིས། །གྲུ་གསུམ་དུ་ནི་དགར་བསྐྲད་བསད་པ་དང༌། །གཤེད་བྱེད་ལ་སོགས་དྲག་པོ་རྣམས་ཀྱང་བྱ། །གྲུ་བཞི་པར་ནི་ཀླུ་དང་གསང་བ་པའི། །སྲོག་སྐམ་པའམ་ཡན་ལག་གཞིག་པར་བྱ། །པདྨའི་དབྱིབས་སུ་བུད་མེད་བུ་མོའི་གྲོང༌། །ཡུལ་ཀུན་ཐོབ་པའམ་དོན་ཀུན་སྒྲུབ་ལ་ཤིས། །མེ་ཐབ་ལྕི་བ་གཙང་མས་བྱུགས་ནས་ཀྱང༌། །མཐའ་མ་ཐོག་ཐག་ཀུ་ཤ་དགྲམ་པར་བྱ། །དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་དང༌། །ཡུལ་ལ་དད་པས་ཕྲེང་བ་བདུག་པ་དང༌། །དྲི་དང་མ་ཉམས་མེ་ཏོག་ཇི་སྙེད་པས། །ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱ། །ཞེས་གསུངས་པ་ལྟར་སྦྱིན་སྲེག་གི་ཆོ་ག་བྱའོ། །གསུམ་པ་དངོས་གྲུབ་སྒྲུབ་པའི་ཆོ་ག་ལ་གཉིས། སྔོན་དུ་བསྙེན་པ་དང༌། ལས་སྒྲུབ་པའོ། །དང་པོ་ནི། ལེགས་གྲུབ་ལས། ཤིན་ཏུ་མཆོག་གི་ལས་རྣམས་ནི། །བཟླས་བརྗོད་ཁྱད་པར་ཅན་གྱིས་འགྲུབ། །སྔོན་དུ་བསྙེན་པ་བྱེད་པ་ཡང༌། །ལས་རྣམས་ཕལ་ནི་འགྲུབ་པར་འགྱུར། །ཞེས་བསྙེན་པས་ལས་ཐམས་ཅད་འགྲུབ་པར་གསུངས་ཤིང༌། དེ་ཇི་ལྟར་བྱ་བ་ཡང༌། དཔུང་བཟང་ལས། ཉིན་གཅིག་བཞིན་དུ་ཅུང་ཟད་སྔགས་བཟླས་ན། །དེ་ཡི་གསང་སྔགས་དུས་ཤིག་ན་ནི་འགྲུབ། །ཆོ་ག་བཞིན་དུ་དང་པོར་འབུམ་བཟླས་ནས། །དེ་ནས་སྔགས་པས་སྒྲུབ་ལ་འཇུག་པར་བྱ། །དེ་ནས་མྱུར་དུ་དངོས་གྲུབ་ཐོབ་འགྱུར་ལ། །གསང་སྔགས་ཆོ་གས་ཡུན་རིང་ཉོན་མི་མོངས། །ཞེས་གསུངས་སོ། །དེ་ལ་ཉིན་རེ་བཞིན་ཅུང་ཟད་ཟློས་ན། དུས་རེ་ཞིག་ན་འགྲུབ་པའི་དོན་ནི། ཚེ་འདིར་འབྲས་བུ་འབྱིན་པ་ལ་མི་བྱ་སྟེ། དེའི་ཚིག་འགྲེལ་དུ། དེ་ཡི་གསང་སྔགས་དུས་གཅིག་ན་ནི་འགྲུབ། །ཅེས་བྱ་བ་ནི་གསང་སྔགས་ཀྱི་ལྷའི་སྔོན་གྱི་སྨོན་ལམ་དང༌། སྒྲུབ་པ་པོའི་མོས་པའི་ཤུགས་ཀྱི་ཚེ་རབས་གཞན་དང་གཞན་དུ་ཡང༌། ལྷ་དེའི་ཆོ་ག་ཞིབ་མོ་དང་མི་འབྲལ་ཏེ། རྒྱུའི་སྟོབས་ཇི་ཙམ་པ་ལས་སྲིད་པ་ཕྱི་མ་དང་ཡང་ཕྱི་མ་ལ་སོགས་པར་དངོས་གྲུབ་ཐོབ་པར་གསུངས་སོ། །ཞེས་བཤད་པས་སོ། །དེ་ལྟར་མ་ཡིན་ན། ལེགས་གྲུབ་ཏུ། གནས་གཅིག་ཏུ་བསྙེན་པ་མ་རྫོགས་ན། བཟླས་པ་དོན་མེད་པར་གསུངས་པ་དང་ནང་འགལ་བར་འགྱུར་ཏེ། ཇི་སྐད་དུ། གནས་གཅིག་ཏུ་ནི་ཕྱེད་བཟླས་ནས། །གང་ཞིག་གཞན་ལ་བཟླས་བྱས་པ། །བཟླས་པ་ཐམས་ཅད་རྫོགས་གྱུར་ཀྱང༌། །དེ་དག་ཐམས་ཅད་དོན་མེད་འགྱུར། །ཞེས་སོ། །འབུམ་བཟླས་ཞེས་པའི་དོན་ནི་གསང་སྔགས་ཡི་གེ་སུམ་ཅུ་རྩ་གཉིས་ཡོད་པའི་དབང་དུ་བྱས་པ་ཡིན་ཏེ། ལེགས་གྲུབ་ལས། མཁས་པས་གསང་སྔགས་ཡི་གེ་ནི། །བཅོ་ལྔ་མན་ཆད་གྲངས་རྣམས་ལ། །སྤྱིར་ནི་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་པ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་ཡི་གེ་མང་པོ་ལ། །སྔོན་དུ་བསྙེན་པ་ཁྲི་བྱའོ། །ཞེས་གསུངས་པས་སོ། །གཉིས་པ་ནི། དཔུང་བཟང་ལས། དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། །སྔགས་པ་དང་ནི་རང་སྔགས་གཡོག་དང་བཅས། །བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི། །ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ། །གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར། གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །གཞན་ནི་རྫས་དང་ས་གཞི་ས་དང་སྔགས། །ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་སྨྲ། །བསྒྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱད་དང་ལྔ། །དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས། །སྔགས་རིགས་རང་རང་བློ་ཡིས་རྣམ་པར་འཆད། །སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ། །སྒྲུབ་པ་གང་ཞིག་རང་གི་ཡོན་ཏན་རྫོགས། །བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང༌། །གཞན་གྱི་རྙེད་པ་དག་ལ་ཕྲག་དོག་མེད། །འདོད་ལ་མ་ཆགས་ལུས་ཀྱིས་ཉོན་མོངས་བཟོད། །གུག་སྐྱེད་ཀླད་ཀོར་ཚེག་བར་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡིས། །གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ། །ཅེས་གསུངས་པའི་དོན། དངོས་གྲུབ་སྒྲུབ་པའི་ཕྱིར་དུ་ནི་དོན་རྣམ་པ་བཅུར་གསུངས་ཏེ། སྔགས་བསྒྲུབ་པ་པོ་དང༌། རང་སྔགས་བསྒྲུབ་པར་བྱ་བའི་ལྷ་དང༌། སྒྲུབ་གྲོགས་མཚན་ཉིད་དང་ལྡན་པའི་གཡོག་དང༌། ལྡོང་རོས་ལ་སོགས་པའི་རྫས་དང༌། སྦྱོར་བའི་བརྩོན་འགྲུས་དང༌། ཡུལ་དབུས་ལ་སོགས་པའི་ས་ཕྱོགས་དང༌། རི་རྩེ་ལ་སོགས་པའི་ས་གཞིའི་གནས་དང༌། དཔྱིད་ཟླ་དང་སྔ་དྲོ་ལ་སོགས་པའི་དུས་དང་ནི། རི་མོ་དང་ཤིང་སྐུ་ལ་སོགས་པ་ཡན་ལག་རྫོགས་པའི་ལྷ་སྟེ། དེ་ལ་རས་བྲིས་ཀྱི་ཆོ་ག་ནི། དཔུང་བཟང་ཉིད་ནས་རྒྱས་པར་གསུངས་ལ། ཤིང་སྐུ་ཡང་དེ་ཉིད་ལས། ཡང་ན་ཤིང་གཟུགས་ལེགས་པར་མཆོད་ཕྱིར་བཞག །ཅེས་འབྱུང་ལ། དེའི་ཚད་ཀྱང་ཕྱག་རྡོར་དབང་བསྐུར་ལས། བདེ་བར་གཤེགས་པའི་མཐོ་གང་ཚད་ཀྱི་སྐུ་གཟུགས་བཞག་ལ་ཞེས་འབྱུང་ངོ༌། །འཇིགས་པ་མེད་ཅིང་བསྲན་ཆེ་བའི་སེམས་སྟོབས་ཏེ་བཅུ་དང༌། ཡང་ན་ཐ་མ་གཉིས་ཕྲི་བས་བརྒྱད་དང༌། རིག་འཛིན་གྱི་གྲོགས་ཕྱོགས་བརྩོན་འགྲུས་དུས་ཏེ་ལྔ་དང༌། རྫས་ས་གཞི་ལྷ་སྔགས་ཏེ་བཞི་དང༌། ཕྱོགས་བརྩོན་འགྲུས་དུས་ཏེ་གསུམ་དང༌། གཅིག་ནི་སེམས་སྟོབས་ཏེ་དེ་རྣམས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་བྱོན་པའི་ཚེ། འཇིག་རྟེན་པའི་ལྷ་དག་གིས་སོ་སོར་བརྟགས་ཤིང་གཙོ་བོར་བཞག་ཀྱང་ནོར་བ་ཡིན་པས། འདིར་སངས་རྒྱས་པ་རྣམས་ཀྱིས། སྒྲུབ་པ་པོ་མཚན་ཉིད་དང་ལྡན་པ་དང༌། སྔགས་དག་ཅིང་ཆོ་ག་མ་ཉམས་པ་གཉིས་གཙོ་བོར་བཟུང་ལ། གཞན་རྣམས་ཡན་ལག་གི་ཚུལ་དུ་ཉམས་སུ་བླང་ངོ༌། །དེ་ལ་སྒྲུབ་པ་པོའི་མཚན་ཉིད་ནི། སྒྲུབ་པ་པོ་གང་ཞིག་སོགས་ཏེ་གོ་སླ་ལ། སྔགས་དག་པ་ནི་གུག་སྐྱེད་སོགས་ཀྱིས་བསྟན་ཏེ་སྔར་བཤད་ཟིན་ཏོ། །ཤིན་ཏུ་ཆོ་གར་བཅས། ཞེས་པའི་དོན་ལ་གཉིས། དངོས་གྲུབ་འགྲུབ་མི་འགྲུབ་བརྟག་པ་དང༌། བརྟགས་ནས་སྒྲུབ་པའི་ཆོ་ག་དངོས་སོ། །དང་པོ་ནི། ཟླ་བ་ཉའམ་ཡར་གྱི་ངོའི་ཚེས་བཟང་པོ་ལ་སྨྱུང་བར་གནས་པ་བྱས་ནས་ནུབ་གཅིག་གམ་གསུམ་དུ་རྨི་ལམ་བརྟག་སྟེ། སྐྱུ་རུ་ར་ལ་སོགས་པའི་ཁྲུས་རྩི་དང༌། སྤོས་ཆུས་ཁྲུས་བྱ་ཞིང་ཉེ་རེག་བྱ། གོས་གཙང་མ་བགོ་སྲོད་ལ་མཆོད་ཡོན་གྱིས་ལྷ་སྤྱན་དྲངས་ལ། ཙནྡན་དཀར་པོའི་བདུག་པ་དང༌། སྣ་མའི་མེ་ཏོག་སོགས་ཀྱིས་མཆོད་ལ། ཞོ་དང་བཅས་པའི་གཏོར་མ་དབུལ། མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དང༌། ལས་དང་མཐུན་པའི་སརྫ་རཱ་ཛའི་སྦྱིན་སྲེག་དབུལ། བུ་མོས་བཀལ་བའི་སྐུད་པ་ལ་མདུད་པ་བདུན་བོར་ཞིང༌། རང་གི་ལྷའི་སྔགས་བདུན་བཟླས་པ་དཔུང་པ་གཡོན་པར་བཅིངས་ནས་ཀུ་ཤའི་སྔས་སྟན་མེ་ཏོག་མང་པོས་བརྒྱན་པ་ལ་ཉལ་ནས། ལྷ་ལ་ལས་འགྲུབ་མི་འགྲུབ་རྨི་ལམ་དུ་བཀག་སྩལ་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་ལ་རང་རང་གི་ལྷ་ཡིད་ལ་བྱེད་པའི་བསམ་པས་གསང་སྔགས་འདོན་བཞིན་དུ་གཉིད་ལོག་གོ །དེའི་ཚེ་རྨི་ལམ་དུ་དཀོན་མཆོག་གསུམ་དང༌། རང་གི་ལྷ་དང་བྱང་སེམས་དང་འཁོར་རྣམ་བཞི་དང༌། རི་དང་གླང་པོ་དང༌། འབབ་ཆུ་དང་ནོར་དང་གོས་རྙེད་པ་ལ་སོགས་པ་དགེ་བའི་རྨི་ལམ་མཐོང་ན། དེ་ནས་སྒྲུབ་པ་བྱ་སྟེ། ལེགས་གྲུབ་ལས། དུས་མཚམས་དག་ལ་མྱུང་བྱས་ནས། །ནུབ་གཅིག་གམ་ནི་ནུབ་གསུམ་དུ། །ཅེས་པ་ནས། ཡང་ན་གྲུབ་པའི་རྫས་ཀྱང་རུང༌། །རྨི་ལམ་དག་ནི་རྙེད་པའམ། །དེ་འདྲའི་རྣམ་པ་མཐོང་གྱུར་ན། །རིག་སྔགས་འགྲུབ་པར་གསུངས་པས་ན། །དེ་ན་བློ་དང་ལྡན་པ་ཡིས། །བསྙེན་པའམ་སྒྲུབ་པའི་ལས་རྣམས་བརྩམ། །ཞེས་པའི་བར་གྱི་སྔར་བཤད་པའི་དོན་རྒྱས་པར་གསུངས་སོ། །གཉིས་པ་ལ་དྲུག་གི་དང་པོ། ལྷ་གང་གིས་ལས་གང་སྒྲུབ་པ་ནི། སྔར་སྒྲུབ་ཐབས་ཀྱི་སྐབས་སུ་བཤད་པ་ལྟར་གྱི་རྣལ་འབྱོར་དང་ལྡན་པས། དེ་བཞིན་གཤེགས་པའི་རིགས་ཀྱིས་ཞི་བ་དང༌། པདྨའི་རིགས་ཀྱིས་རྒྱས་པ་དང༌། རྡོ་རྗེའི་རིགས་ཀྱིས་དྲག་པོའི་ལས་སྒྲུབ་པ་ཡིན་ལ། དེ་ལ་རིམ་པ་བཞིན། དངོས་གྲུབ་མཆོག་དང༌། འབྲིང་དང༌། ཐ་མར་ཡང་བཤད་དོ། །དེ་ལ་ཞི་བ་ནི། ནད་དང་དུས་མ་ཡིན་པའི་འཆི་བ་དང༌། གདོན་དང་རིམས་ལ་སོགས་པ་ཞི་བར་བྱེད་པའོ། །རྒྱས་པ་ནི། ཚེ་དང་ལང་ཚོ་དང༌། གཟི་བྱིན་དང་མཐུ་སྟོབས་དང༌། ཡོན་ཏན་དང་འདོད་དོན་སོགས་རྒྱས་པར་བྱེད་པའོ། །དྲག་ཤུལ་ནི། བསད་པ་དང་བསྐྲད་པ་ལ་སོགས་པའོ། །གཉིས་པ་དེ་རྣམས་སྒྲུབ་པའི་དུས་ནི། ལེགས་གྲུབ་ལས། ཞི་བ་ཕལ་ཆེར་སྟོན་ངོ་ལ། །དེ་བཞིན་རྒྱས་པ་དགུན་ངོ་ལ། །དཔྱིད་སྨད་དྲག་ཤུལ་ཆོ་ག་བཞིན། །སྒྲུབ་པ་དག་ནི་རབ་ཏུ་ཤིས། །ཞེས་སོ། །ཚེས་གྲངས་ཀྱང༌། ཚེས་ལྔ་དང་ནི་ཚེས་བདུན་དང༌། །ཚེས་གཅིག་དང་ནི་ཚེས་གསུམ་དང༌། །ཚེས་གྲངས་བཅུ་གསུམ་དག་ལ་ཡང༌། །ལས་རྣམས་ཐམས་ཅད་བྱ་བ་ཤིས། །ཞེས་དང༌། ཕལ་དག་ལ་ནི་བྱེ་བྲག་ཏུ། །སྐར་མ་རྒྱལ་ནི་ཀུན་ལ་ཤིས། །ཞེས་དང༌། ཆོ་འཕྲུལ་ཅན་གྱི་ཟླ་ཕྱེད་ལ། །ལས་རྣམས་ཐམས་ཅད་རབ་ཏུ་བྱ། །ཞེས་སོ། །ཉིན་ཞག་གི་དུས་མཚམས་ནི། དང་པོ་སྲོད་ཀྱི་དུས་ལ་སྟེ། །འབྲིང་པོ་ནམ་གྱི་ཕྱེད་ནའོ། །རབ་ཀྱི་དུས་ནི་ནངས་པར་ཏེ། །ཅེས་སོ། །གསུམ་པ་གང་དུ་གྲུབ་པའི་གནས་ནི། ལེགས་གྲུབ་ལས། ཞི་བའི་མཆོད་རྟེན་རིང་བསྲེལ་ཅན། །པདྨའི་རྫིང་བུ་རྒྱས་པ་སྟེ། །ཟློས་པ་པོས་ནི་ཁྱད་པར་དུ། །དུར་ཁྲོད་དག་ཏུ་དྲག་ཤུལ་སྤྱད། །ཅེས་སོ། །བཞི་པ་འདུག་སྟངས་དང༌། ཁ་བལྟ་ཕྱོགས་ནི། ཞི་བ་ལ་པདྨའི་སྐྱིལ་ཀྲུང་སྟེ་ཁ་བྱང་དང༌། རྒྱས་པ་ལ་བཀྲ་ཤིས་ཀྱི་འདུག་སྟངས་ཀྱིས་ཤར་དང༌། དྲག་པོ་ལ་རྐང་པས་རྐང་པ་མནན་ཏེ་ཁ་ལྷོར་བལྟའོ། །ལྔ་པ་བསྒྲུབ་ཚུལ་དངོས་ནི། ཞི་རྒྱས་དབང་དང་དྲག་པོ་སྟེ། །དེ་ལ་ཞི་བ་བསྒྲུབ་ཚུལ་ཡང༌། །ལེགས་གྲུབ་ལས། དཀར་པོའི་གོས་ནི་གྱོན་ནས་སུ། །ཀུ་ཤའི་ཁྲེས་ཀྱི་སྟེང་ན་འདུག །བྱང་ཕྱོགས་ཁ་བལྟས་གཙང་ཞི་བས། །ཞི་བའི་ཆོ་ག་བཤད་པར་བྱ། །ཞེས་སོགས་ཀྱིས་རྒྱས་པར་གསུངས་སོ། །རྒྱས་པ་ཡང་དེ་ཉིད་ལས། རྒྱས་པ་དག་གིས་རྒྱས་པ་ཡང༌། །བཟླས་པའམ་ཡང་ན་སྦྱིན་སྲེག་བྱ། །ཞེས་དང༌། །རྒྱས་པ་དག་གི་ལས་རྣམས་ལ། །བྱེ་བྲག་ཏུ་ནི་སྔ་དྲོ་ཤིས། །ལས་དེ་སྒྲུབ་པའི་ལྷ་རྣམས་ནི། །དེ་ནི་བྱིན་གྱིས་རློབ་པར་མཛད། །ཅེས་སོགས་ཀྱིས་རྒྱས་པའི་ལས་དང༌། དྲག་ཤུལ་ཡང་དེ་ཉིད་ལས། གང་ཕྱིར་གསང་སྔགས་དྲག་པོའི་ལྷ། །ཁྲོས་པ་ཉིད་ལ་བྱིན་རློབ་པས། །དེ་ཕྱིར་ཁྲོས་པ་བསྐྱེད་ནས་སུ། །དྲག་ཤུལ་སྤྱོད་པའི་ལས་བྱའོ། །ཞེས་སོགས་ཀྱིས་དྲག་པོའི་ལས་རྒྱས་པར་སྟོན་མོད། འོན་ཀྱང་ལས་འདི་ནི། བསྟན་པ་སྤྱི་ལ་གནོད་ངེས་པའི་ལས་བྱེད་ཅིང༌། དེ་མངོན་སྤྱོད་ཀྱི་ལས་མ་གཏོགས་པ་གཞན་ལས་གང་གིས་ཀྱང་བཟློག་མི་ནུས་ན་དེའི་ཚེ་ཕྱི་མར་མྱོང་འགྱུར་གྱི་ལས་ངན་གང་ཡོད་ཐམས་ཅད་ཚེ་འདིར་ཚེ་ཐུང་གི་ལས་ལ་བསྒྱུར་ནས་ཕྱི་མར་ལས་དེ་རྣམས་མི་སྨིན་པའི་ཐབས་ཤེས་པའི་སྒོ་ནས་མངོན་སྤྱོད་བྱེད་པ་སྟེ། དེ་ཉིད་ལས། ངེས་པར་མྱོང་འགྱུར་ལས་མང་པོ། །བདག་གིས་དང་དུ་བླང་དགོས་ཞེས། །དེ་ཡི་ཉེས་པ་བྱས་པ་ཀུན། །ཚེ་འདི་ཉིད་ལ་སྨིན་པར་བྱ། །དེ་ལྟར་བསམས་ནས་ལྷ་རྣམས་ཀྱང༌། །ངན་སྤྱོད་རྣམས་ལ་བརྩེ་བའི་ཕྱིར། །དེ་ལ་སོགས་པའི་ཐབས་རྣམས་ཀྱིས། །ངན་སོང་དག་ལས་འབྱིན་པར་མཛད། །ཅེས་སོ། །འདི་ལྟ་བུ་ལ་རྒྱལ་བས་མངོན་སྤྱོད་ཀྱི་ཆོ་ག་གསུངས་པ་ཡིན་གྱི། གཞན་དུ་ན། མུ་སྟེགས་དམན་པ་ཁ་ཅིག་དང་ཚུལ་མཚུངས་པའི་སྤྱོད་པ་འདི་ལྟ་བུ་ལ་བདག་ལེགས་སུ་འདོད་པའི་ཤེས་ལྡན་སུ་ཞིག་འཇུག་པར་འགྱུར། དེས་ན་སྔར་གྱི་དགོས་པ་དེ་ལྟ་བུ་མེད་པའི་མངོན་སྤྱོད་ཀྱི་ལས་མི་བྱ་སྟེ། ཉེས་པ་ཆུང་ངུ་བྱས་པ་ལ། འཆི་བར་འགྱུར་བ་མི་བརྩམ་མོ། །ཞེས་སོ། །དེ་ལྟར་ལས་དེ་གསུམ་ག་ལ་ཡང་སྦྱིན་སྲེག་གིས་སྒྲུབ་པ་དང༌། སྔགས་ཀྱི་བསྒོམ་བཟླས་ཙམ་གྱིས་སྒྲུབ་པ་གཉིས་སུ་ཤེས་པར་བྱའོ། །དྲུག་པ་དངོས་གྲུབ་ཀྱི་དབྱེ་བ་ནི། དེ་ལྟར་སྒྲུབ་པའི་དངོས་གྲུབ་ལ་དབྱེ་སྒོ་མང་སྟེ། ངོ་བོའི་སྒོ་ནས། རིག་འཛིན་དང༌། མངོན་ཤེས་དང༌། བསྟན་བཅོས་ཀུན་ཤེས་པ་ལ་སོགས་པ་ནི་རབ་བོ། །མི་སྣང་བ་དང་བཅུད་ལེན་དང༌། རྐང་མགྱོགས་ལ་སོགས་པ་ནི་འབྲིང་ངོ༌། །གཞན་དབང་དུ་འདུ་བ་དང༌། བསད་བསྐྲད་ལ་སོགས་པ་ནི་ཐ་མ་སྟེ། ལེགས་གྲུབ་ལས། གང་དག་སྟེང་དུ་འགྲོ་བའི་ལས། །དེ་ཀུན་རབ་ཏུ་ཤེས་པར་བྱ། །གང་དག་ཅུང་ཟད་མི་སྣང་བ། །དེ་དག་འབྲིང་གི་ཆོ་གར་བཤད། །གང་དག་འདི་ནས་ལྷའི་ལས། །དེ་དག་ཐམས་ཅད་ཐ་མར་བཤད། །ཅེས་པ་ནས། བསྐྲད་པ་ལ་སོགས་ཐམས་ཅད་དང༌། །གང་ཡང་ཅུང་ཟད་ཕལ་གྱིས་མནན། །མཁས་པས་ཐ་མར་རིགས་པར་བྱ། །ཞེས་སོ། །རྟགས་ཀྱི་སྒོ་ནས་ནི། རྫས་འབར་བ་དང༌། དུ་བ་འཐུལ་བ་དང༌། དྲོ་བ་ལ་སོགས་པ་གསུམ་སྟེ། དེ་ཉིད་ལས། རྫས་འབར་བ་ལས་རབ་ཏུ་འགྱུར། །དུ་བ་ཉིད་ལས་འབྲིང་དུ་འགྱུར། །དྲོད་ལས་དངོས་གྲུབ་ཐ་མར་འགྱུར། །ཞེས་སོ། །གསུང་བ་པོའི་སྒོ་ནས་དབྱེ་ན། འཕགས་པ་དང༌། ལྷ་དང༌། ས་ལྷས་གསུངས་པའི་སྔགས་གསུམ་སྟེ། དེ་ཉིད་ལས། འཕགས་གསུང་གསང་སྔགས་མཐུ་ཆེན་གྱིས། །དངོས་གྲུབ་རབ་ནི་འགྲུབ་པར་གྲགས། །ལྷ་ཡི་རིས་ཀྱི་འབྲིང་པོ་འགྲུབ། །ས་ལྷས་ཐ་མ་འགྲུབ་པར་གསུངས། །ཞེས་སོ། །ངོ་བོའི་སྒོ་ནས་དབྱེ་ན། དེ་བཞིན་གཤེགས་པས་གསུངས་པའི་སྔགས་བསྒྲུབས་ན་དངོས་གྲུབ་ཆེན་པོ། པདྨའི་རིགས་ཀྱི་འབྲིང་པོ། རྡོ་རྗེའི་རིགས་ཀྱི་ཆུང་ངུ་སྟེ། དེ་ཉིད་ལས། དེ་བཞིན་གཤེགས་པའི་རིགས་གསུངས་པའི། །སྔགས་ཀྱི་དངོས་གྲུབ་ཆེན་པོ་ཐོབ། །པདྨ་འཛིན་པའི་གསང་སྔགས་ཀྱིས། །དངོས་གྲུབ་འབྲིང་པོ་ཐོབ་པར་བཤད། །རྡོ་རྗེ་འཛིན་པས་གསུངས་པ་ཡི། །དངོས་གྲུབ་ཐ་མ་འགྲུབ་པར་གྲགས། །ཞེས་སོ། །དེ་ལ་དངོས་གྲུབ་སྟེར་བ་པོ་མཆོག་ཡིན་ཀྱང༌། །སྒྲུབ་པ་པོས་ཆོ་ག་ཚུལ་བཞིན་དུ་མ་བསྒྲུབས་པའི་དབང་གིས་དངོས་གྲུབ་ཐ་མ་གྲུབ་པ་ཡང་ཡོད་ལ། ཆོ་ག་ཚུལ་བཞིན་དུ་གྲུབ་ན། རྩོལ་བ་པོ་ཐ་མ་ཡིན་ཀྱང༌། དེས་གཞན་ལ་བླངས་ནས་དངོས་གྲུབ་མཆོག་སྟེར་བ་ཡང་ཡོད་དེ། ལེགས་གྲུབ་ལས། ཐ་མའི་གསང་སྔགས་ཟློས་པ་ནི། །ལ་ལས་རབ་ཏུ་བསྙེན་བྱས་ན། །དངོས་གྲུབ་གཞན་ལ་བླངས་ནས་ནི། །མཆོག་ཀྱང་རབ་ཏུ་སྟེར་བར་འགྱུར། །རབ་ལའང་ལ་ལ་ཞིག་གིས་ནི། །མ་བསྒྲིམས་པར་ནི་བསྙེན་བྱས་ན། །སྔགས་ཀྱང་དངོས་གྲུབ་ཐ་མ་སྩོལ། །དེ་བས་བསྙེན་པ་རབ་ཏུ་གཅེས། །ཞེས་སོ། །དེ་ལྟར་ན་རྫས་དང་སྔགས་དང་སྦྱིན་སྲེག་ལ་སོགས་པའི་སྒོ་ནས་དངོས་གྲུབ་ཁྱད་པར་ཅན་སྒྲུབ་པ་འདི་ཡང་རྒྱུད་འདི་པའི་ལུགས་ཀྱི་ཁྱད་ཆོས་གཅིག་ཡིན་པས་མཁས་པར་ཤེས་དགོས་པས། འཕགས་པ་དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་བཤད་པ་སློབ་དཔོན་མཁས་པ་ལས་ཞིབ་ཏུ་མཉན་ཏེ་རྟོགས་པར་བྱའོ། །གསུམ་པ་སྒྲུབ་པའི་སྤྱོད་པ་ལ་གསུམ། གང་གིས་སྒོམ་པའི་གང་ཟག གང་དུ་སྒོམ་པའི་གནས། ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི། སྔར་བཤད་པའི་སྦྱོར་བའི་སྤྱོད་པ་ཡན་ལག་དང་བཅས་པ་ཡན་ཆད་ཀྱི་ལམ་གྱི་རིམ་པ་ལ་བློ་རིམ་གྱིས་སྦྱངས་པ། མདུན་དུ་ལྷའི་དཀྱིལ་འཁོར་ལ་སེམས་བརྟན་པས་ཇི་ཙམ་འདོད་ཀྱི་བར་དུ་མདུན་གྱི་ལྷ་ལས་སེམས་གཞན་དུ་མི་གཡེང་བའི་གང་ཟག་འཇིག་རྟེན་པའི་དངོས་གྲུབ་དང༌། ཚེ་འདིའི་སྣང་བ་ལ་ལྟོས་པ་མེད་པ། ཚེ་འདི་ཉིད་ལ་བྱ་བའི་རྒྱུད་ཀྱི་ལམ་ལ་བརྟེན་ནས་འཚང་རྒྱ་བར་འདོད་པའི་སྐྱེས་བུ་སྙིང་སྟོབས་ཅན་དག་གོ །གཉིས་པ་ནི། བསམ་གཏན་ཕྱི་མར། དབེན་པའི་སྐྱེད་མོས་ཚལ་དང་ངོགས། །ཕུགས་དང་རི་བོ་ནགས་ཚལ་དུ། །བརྟུལ་ཞུགས་གནས་སམ་སྡོམ་པ་ཡི། །སྔགས་པ་བསམ་གཏན་བྱེད་ཅིང་གནས། །ཞེས་གསུངས་པས། ཉིན་པར་སྐྱེ་བོའི་རྒྱུ་འགྲུལ་དང༌། མཚན་མོ་གཅན་གཟན་གྱི་གནོད་པ་ལ་སོགས་པས་དབེན་ཞིང༌། མཐུན་རྐྱེན་འཛོམ་པའི་ཕུགས་དང༌། རི་བོ་ལ་སོགས་པའི་གནས་སུ་རབ་ཏུ་བྱུང་བ་དང༌། རིག་སྔགས་ཀྱི་བརྟུལ་ཞུགས་དང༌། གསོ་སྦྱོང་ལ་སོགས་པའི་སྡོམ་པ་ལ་གནས་བཞིན་དུ་གཅིག་པུར་གནས་པའོ། །གསུམ་པ་ལ་གཉིས། སློབ་དཔོན་གཞན་གྱི་ལུགས་བཤད་པ་དང༌། རང་གི་ལུགས་བཤད་པའོ། །དང་པོ་ནི། འདིར་བསྒོམ་པའི་རིམ་པ་ནི་བསམ་གཏན་ཕྱི་མར། གསང་སྔགས་མེ་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐར་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་བཤད་པ་ལྟར། མེ་གནས་དང༌། སྒྲ་གནས་དང༌། སྒྲ་མཐའ་གསུམ་ཡིན་ལ། འདི་དག་གི་ཉམས་སུ་ལེན་ཚུལ་ལ་ཅུང་ཟད་མི་འདྲ་བ་བཞི་སྣང་སྟེ། དེ་ལ་སློབ་དཔོན་ཡེ་ཤེས་རྡོ་རྗེ་དང༌། མར་མེ་མཛད་ཀྱིས་མཛད་པར་གྲགས་པའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པར། རྣམ་འཇོམས་བྱ་རྒྱུད་དུ་བཤད་ནས། དེའི་ལམ་ལ་བསྐྱེད་རྫོགས་གཉིས་ཀྱི་བསྐྱེད་རིམ་ལ་སྒྲུབ་ཐབས་བརྒྱ་དང་ལྔ། རྫོགས་རིམ་ལ་སྒྲ་གནས་སོགས་ཀྱི་སྒྲུབ་ཐབས་གསུམ་དུ་བྱས་ཤིང༌། དེའང༌། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་པའི་དོན་དུ་སྦྱར་རོ། །དེ་ལ་རྫོགས་རིམ་སྒྲ་ལ་གནས་པའི་བསམ་གཏན་གྱི། འགྲོ་བ་རྣམས་ཀྱི་ལས་ཀྱི་མཐའ་བཅད་པ་ལ། སྟོང་པའི་སྒྲ་དང༌། ཕྲེང་བའི་སྒྲ་གཉིས། སྟོང་པའི་སྒྲ་ལ་ལུས་ངག་ལ་གནས་པ་དང༌། དེ་བཞིན་དུ་ཡུལ་དང༌། སེམས་དང་ཤེས་བྱ་རང་གཤིས་དང༌། དུས་དང་རང་གི་འགྱུར་བྱེད་ལ་གནས་པ་སྟེ་དྲུག་ཏུ་འགྱུར་ལ། ཕྲེང་བའི་སྒྲ་ལ། བསྐྱེད་པའི་རིམ་པའི་རྗེས་སུ་འཛིན་པའི་བསམ་གཏན། སེམས་གནས་ངག་གི་འཁོར་ལོ། ཕྲེང་བ་སྒྲ་ལ་གནས་པའི་བསམ་གཏན་རང་བཞིན་དག་པ། ཆོས་ཉིད་ཕྲེང་བ་སྒྲ་ལ་གནས་པའི་བསམ་གཏན་རིམ་པ་རྫོགས་པ། ཆོས་ཉིད་ལམ་དུ་བྱེད་པ་སྒྲ་ལ་གནས་པའི་བསམ་གཏན་ཏེ་ལྔ་ཡིན་ལ། དེ་དག་རེ་རེ་ལའང་དམིགས་པའི་སྒོ་རབ་ཏུ་མང་པོ་དང་བཅས་པར་འཆད་པ་མན་ངག་དང་པོ་དང༌། དེ་བཞིན་དུ་སྒྲ་ལ་དམིགས་པའི་བསམ་གཏན་གྱིས་འགྲོ་བ་གཉིས་རྒྱུད་ཀྱི་འཁོར་ལོ་རྒྱུད་གཅོད་པའི་མན་ངག ཆོས་ཉིད་སྒྲ་ལ་མི་གནས་པའི་དོན་ལ། དམིགས་པ་ཡོངས་སུ་དག་པའི་སྒྲ་ལ་མི་གནས་པའི་བསམ་གཏན། དམིགས་པ་རྗེས་གཅོད་པའི་སྒྲ་ལ་མི་གནས་པའི་བསམ་གཏན། དམིགས་པ་མཐའ་ལ་འགགས་པའི་སྒྲ་ལ་མི་གནས་པའི་བསམ་གཏན་ཏེ་རྩ་བ་གསུམ་ལ་དམིགས་པའི་ཡན་ལག་རབ་ཏུ་མང་པོ་དང་བཅས་པ་སྟེ་མན་ངག་གཉིས་པ་དང༌། སྒྲ་མཐར་གྱིས་པའི་བསམ་གཏན་སྐྱེ་བའི་རིམ་པས་རྫོགས་པའི་རིམ་པ་སྒྲུབ་པ་པོའི་ལུས་སེམས་ཀྱི་འབྲེལ་པ་བཅད་པ་ལ། ལུས་འཕོ་བའི་རྟ་ལ་བརྟེན་ནས་ལུས་ཀྱི་རྣལ་འབྱོར་ཇི་ལྟར་བྱ་བའི་རིམ་པ་དང༌། དེ་ནས་རང་སེམས་ངོས་བཟུང་ནས་སྐྱོན་དང་ཡོན་ཏན་གྱི་རྣམ་པ་གསལ་བ་དང༌། དེ་ནས་སེམས་ཀྱི་གནས་པ་བཙལ་བ་དང༌། གནས་པ་རང་ཐོག་ཏུ་བཞག་པ་དང༌། དེ་ལྟར་གནས་ནས་མི་གནས་པའི་ཡེ་ཤེས་སུ་ལ་བཟླ་བ་དང༌། ལ་བཟླ་བ་རང་སེམས་དང་འབྱོར་པའི་དུས་བརྩི་བ་དང༌། སེམས་ཀྱི་རྣལ་འབྱོར་ཇི་ལྟར་བྱ་བའི་རིམ་པ་དང༌། དེ་ཉིད་མཐར་ཐུག་བསམ་གཏན་གྱི་མན་ངག་དུ་མ་སོང་ན་ཇི་ལྟར་བཅོས་པའི་རིམ་པ་དང༌། སྒྲའི་མཐའ་མི་ཞེན་པར་ལྟ་བའི་དོན་རྣལ་འབྱོར་པའི་རྒྱུད་ལ་བརྟེན་པ་དང༌། སེམས་ཀྱི་བྱ་བའི་རྣམ་པ་ལས་ཡིད་འབྱུང་བའི་བླ་མས་སྒྲ་མཐར་གྱིས་བསམ་གཏན་དུ་ངེས་པར་སྒྲོལ་བའི་ཚད་བསྟན་པ་རྣམས་ཀྱིས་སྒྲ་མཐར་གྱིས་པའི་མན་ངག་རྒྱས་པར་འཆད་པ་ནི་མན་ངག་གསུམ་པའོ། །དེ་ལྟར་བཤད་པའི་མན་ངག་ཟབ་མོར་འདོད་པ་དུ་མ་ཞིག་བྱས་སྣང་མོད། འདི་དག་བྱ་རྒྱུད་དུ་འདོད་ན་བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་བྱ་རྒྱུད་ཀྱི་རྒྱུད་སྡེ་སྒོ་དྲུག་པོ་གང་དུའང་མ་བཤད་པ་དང་འགལ་ལ། རྣལ་འབྱོར་ཆེན་པོར་འདོད་ན། སྒྲ་གནས་དང་སྒྲ་མཐའི་བསམ་གཏན་སོགས་ཀྱི་ཐ་སྙད་མེད་པས་རྒྱུད་སྡེ་གོང་འོག་གང་གིས་ཀྱང་འཆད་ལུགས་མིན་ནོ། །དེས་ན་སྒྲུབ་ཐབས་འདི་རྣམས་ལ་ཚིག་དང་དོན་གྱི་ཆ་གཉིས་ཀ་ལ་འཁྲུལ་པ་མང་པོ་སྣང་མོད་བོད་ཀྱི་རྙིང་མ་བ་འགའ་ཞིག་གིས་སངས་རྒྱས་གསང་བའི་རྣམ་འཇོམས་འགྲེལ་པ་ལ་བརྟེན་ནས་བརྫུན་དུ་སྦྱར་བར་སྣང་བས། མཁས་པ་རྣམས་ཀྱིས་ཁུངས་སུ་མི་བྱའོ། །ཡང་ཇོ་བོ་རྗེས་མཛད་པར་གྲགས་པའི་མི་འཁྲུགས་པའི་སྒྲུབ་ཐབས་ལས། མེ་དང་སྒྲ་དང་སྒྲ་མཐའ་གསུམ། །བརྗོད་པ་མེད་པའི་བསམ་གཏན་ཏེ། །དུས་གསུམ་དག་ཏུ་བཟླས་པ་བྱ། །ཞེས་བསམ་གཏན་གསུམ་གསལ་བར་བཤད་ཅིང༌། དེ་ལྷའི་རྣལ་འབྱོར་གང་ལྟ་བུས་བསྒོམས་ན། མི་འཁྲུགས་མདུན་ནམ་སྤྱི་བོར་བསམ། །རང་ལུས་མི་འཁྲུགས་བསྒོམ་བསྟིམས་ལ། །ཞེས། རང་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་མེད་དུ་བྱས་པའི་ལྷར་བསྒོམས་ནས་དེས་བསམ་གཏན་གསུམ་བྱེད་པར་བཤད་དོ། །འདི་ནི་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་ལྟ་བ་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ཡིན་གྱི། སྤྱོད་རྒྱུད་དང་བྱ་རྒྱུད་གཉིས་སུ་དེ་མེད་པས་ན། དེ་ཉིད་གསུམ་ཡོ་ག་ལྟར་བཤད་པ་ཡིན་ནོ། །ཡང་སློབ་དཔོན་སངས་རྒྱས་གསང་བས་བྱ་སྤྱོད་གཉིས་གཅིག་ཏུ་བསྡུས་ནས། བདག་ཉིད་ལྷ་དྲུག་གིས་སངས་རྒྱས་ཀྱི་སྐུར་བསྐྱེད་པ་དེས། མེ་གནས་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པར་བཞེད་དེ། དེའང༌། སྤྱོད་རྒྱུད་ཀྱི་དབང་དུ་བྱས་པའི་སྒྲུབ་ཐབས་ཡིན་ནོ། །ཞེས་སྔར་མང་དུ་བཤད་ཟིན་ཏོ། །གཉིས་པ་ལ་གསུམ། མེ་གནས་ཀྱི་དེ་ཉིད། སྒྲ་གནས་ཀྱི་དེ་ཉིད། སྒྲ་མཐའི་དེ་ཉིད་དོ། །དང་པོ་ནི། བསམ་གཏན་ཕྱི་མ་ལས། མི་འབྱེད་ལས་འབྱུང་དངོས་པོ་རྣམས། །བློ་ཅན་གྱིས་ནི་བདག་ལ་བསྡམས། །སྔགས་པ་ཡན་ལག་འདས་ལ་གནས། །ཞེན་པ་མེད་པར་བསམ་གཏན་བྱ། །སྒྲ་ཞེས་བྱ་བ་ཕྲེང་བར་སྦྱར། །ཡི་གེ་བརྒྱུས་པ་མི་འགྱུར་རྣམས། །དྲིལ་བུའི་སྒྲ་བཞིན་མ་ཆད་པར། །ཡིད་ལ་ཞེན་པར་སེམས་པ་ནི། །མེ་ཡི་ནང་གནས་ཞི་བ་སྟེ། །ཚིག་རྣམས་དག་པ་ཡན་ལག་ལྡན། །སྲོག་དང་རྩོལ་བ་བཀག་པའི་བདག །གཉིད་སྤངས་ནས་ནི་རྣམ་པར་བསམ། །ཞེས་གསུངས་སོ། །འདི་ལ་བཞི། བདག་གི་དེ་ཁོ་ན་ཉིད། ལྷའི་དེ་ཁོ་ན་ཉིད། བསམ་གཏན་གྱི་དེ་ཁོ་ན་ཉིད། དེ་རྣམས་བྱིང་རྒོད་སྤངས་ཏེ་བསྒོམ་པའོ། །དང་པོ་ནི། མི་འབྱེད་སོགས་རྐང་པ་གཅིག་སྟེ། བསམ་གཏན་བྱའོ་ཞེས་དྲང༌། གང་གིས་ན། སྦྱོར་བའི་སྤྱོད་པ་མཐར་ཕྱིན་པའི་སྔགས་པས་སོ། །ཇི་ལྟར་ན། ཞེན་པ་ནི། ཞེན་ཅིང་ཆགས་པ་དང་བྲལ་བ་གང་ཡིན་པ་དེ་ནི་ཞེན་པ་མེད་པ་སྟེ། འདིས་ཀྱང་བསམ་གཏན་དུ་བྱ་བའི་དངོས་པོ་ལ་མངོན་པར་ཆགས་པ་དགག་པར་བསྟན་ཏེ། མངོན་པར་ཆགས་པ་དེ་ཡང་ཤེས་རབ་ཀྱི་སྣང་བའི་སྒོ་ནས་བདག་གི་དེ་ཁོ་ན་ཉིད་རྣམ་པར་གཅད་པ་ཉིད་ལ་དགག་པར་རིགས་ཏེ་བསམ་གཏན་དུ་བྱ་བ་ལ་ཆགས་ན། གང་ནས་གང་དུ་ཆོས་རབ་ཏུ་རྣམ་པར་འབྱེད་པར་མི་འགྱུར་བའི་ཕྱིར་རོ། །དེ་ཡང་མིག་ལ་སོགས་པའི་ཡན་ལག་རྣམས་དོན་དམ་པར་མ་གྲུབ་པར་གཏན་ལ་ཕབ་ལ། མིག་ལ་སོགས་པ་ལས་འདས་པའི་སྤྲོས་བྲལ་ལ་གནས་པ་སྟེ། དེ་ལས་མ་ལངས་པའོ། །ཇི་ལྟར་གནས་ན། མིག་ལ་སོགས་པའི་དབང་པོའི་ཤེས་པས་མི་འབྱེད་པ་སྟེ། འཛིན་པར་མི་ནུས་པ་ནི། ཡིད་ཀྱི་ཤེས་པ་ཡིན་ལ། དེ་མཚུངས་ལྡན་དང་བཅས་པ་ལས་བྱུང་བའི་སེམས་སེམས་བྱུང་རྣམས་བདག་སྟེ། ཡིད་ལ་ཀུན་ནས་དཀྲིས་པ་མི་འབྱུང་བའི་ཚུལ་གྱིས་བསྡམས་ནས། དེ་ལ་གནས་པའོ། །དེའང་བློ་ཅན་ཏེ་ཤེས་རབ་དང་ལྡན་ན། དེ་ཁོ་ན་ཉིད་རྟོགས་པར་ནུས་ཞེས་པའི་དོན་ཏོ། །གཉིས་པ་ནི། སྒྲ་ཞེས་བྱ་བ་སོགས་ཤླཽ་ཀ་གཅིག་སྟེ། དེ་ལྟར་དེ་ཁོ་ན་ཉིད་བསྒོམས་པའི་རྗེས་ལ། དེ་ལས་ལངས་ཏེ་རང་གི་ལྷའི་གསང་སྔགས་རྣམས་ལ་ཉན་པའམ་གྲག་པའི་རྣམ་པར་སྣང་བའི་སྒྲའི་ལྷའི་དེ་ཉིད་དང་བདག་གི་དེ་ཉིད་གཉིས་ཆུ་ལ་འོ་མ་འདྲེས་པ་བཞིན་དུ་རོ་གཅིག་ཏུ་འདྲེས་པར་གྱུར་པར་སེམས་པའི་རྣལ་འབྱོར་གྱིས་གསལ་བར་ནམ་གྱུར་པ་ན་རྣལ་འབྱོར་པ་དེ་སྒྲའི་བདག་ཉིད་ཀྱི་རྣལ་འབྱོར་ལ་གནས་པར་འགྱུར་རོ། །སྔགས་ཀྱི་ཡི་གེ་ཕྲེང་བར་སྦྱར་ཏེ་བཀོད་པ་ལ་ཡིད་ལ་ཞེན་པར་སེམས་ཞེས་སྦྱར་རོ། །ཡི་གེའི་གཟུགས་ཕྲེང་བར་སྦྱར་བ་ཡིན་ནམ་ཞེ་ན། སྔགས་ཀྱི་ཡི་གེའི་སྒྲ་ཞེས་བྱ་བའི་ཕྲེང་བ་སྟེ་དྲིལ་བུའི་སྒྲ་བཞིན་ཞེས་པས་སོ། །དེ་ཉིད་ངེས་པར་བྱ་བའི་ཕྱིར་ཡི་གེ་བརྒྱུས་པ་ཞེས་ཏེ། བར་མ་ཆད་པའི་དོན་ནོ། །མི་འགྱུར་བ་ནི་ཡི་གེའི་སྒྲ་རྒྱུན་མི་ཆད་ཅིང་མི་གཡོ་བར་སྣང་བ་སྟེ། དེས་ན་ཕྱི་རོལ་ཏུ་གཞན་གྱིས་དྲིལ་བུ་དཀྲོལ་བའི་སྒྲ་རྒྱུན་པར་འབྱུང་བ་བཞིན་དུ། རྒྱུན་མ་ཆད་པར་སྒྲ་དེ་ལ་བདེན་ཞེན་མེད་པར་བསམ་གཏན་བྱའོ། །འདིར་ལྷ་ཞེས་པ་ཞལ་ཕྱག་གི་རྣམ་པ་ཅན་ལ་མི་བྱ་བར་སྔགས་ཀྱི་སྒྲ་ཉིད་ལ་ལྷ་ཞེས་གདགས་པ་ནི། བྱ་རྒྱུད་པ་རྣམས་ཀྱི་གྲུབ་པའི་མཐའོ། །གསུམ་པ་ནི། མེའི་སོགས་རྐང་པ་གཉིས་ཏེ། རང་གི་སྙིང་གར་མར་མེའི་མེ་ལྕེ་ལྟ་བུའི་མེ་འབར་བར་བསམས་ལ། དེའི་ནང་དུ་སྔར་བཤད་པའི་སྒྲའི་ཕྲེང་བ་གནས་པར་བསྒོམ་མོ། །དེ་ནི་ཚ་བ་ལ་སོགས་པའི་གནོད་པ་མེད་པའི་ཞི་བ་ཞེས་བྱའོ། །ཤུབ་བུ་དང་ཡིད་བཟླས་སོགས་ཀྱི་ཚིག་གིས་དག་པ་སྟེ་མེད་པའོ། །གསང་སྔགས་གང་ཡིན་པ་དེའི་ཡི་གེ་རྣམས་མ་ཆད་པར་བསྒོམས་པས་ཡན་ལག་བར་མ་ཆད་དུ་ལྡན་པའོ། །བཞི་པ་ནི། སྲོག་དང་སོགས་རྐང་པ་གཉིས་ཏེ་དེ་ལྟ་བུའི་རྣལ་འབྱོར་ལ་སེམས་ལ་བྱིང་རྒོད་སྤང་བའི་ཕྱིར་སྲོག་རྩོལ་དགག་པར་གསུངས་ཏེ། དེ་མ་བཀག་པ་ནི་ཕྱུགས་དང་འདྲ་བར་སེམས་མཉམ་པར་གཞག་པ་མེད་པའོ། །ཞུམ་པའམ་བྱིང་བ་དགག་པ་ནི། ཞུམ་པའི་ཕྱོགས་སུ་གྱུར་པའི་གཉིད་ཡོངས་སུ་སྤངས་ཏེ། མེ་གནས་ཀྱི་རྣལ་འབྱོར་རྣམས་བསྒོམ་པར་བྱའོ། །གཉིས་པ་ནི། བསམ་གཏན་ཕྱི་མར། སྒྲ་ལ་གནས་པའི་བསམ་གཏན་ནི། །སྙིང་གར་གནས་པ་ཕྲ་བ་ནི། དྲི་མེད་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ནང་རབ་ཏུ་ཞི་བ་ཡི། །མེ་ལྕེ་རབ་ཏུ་འོད་གསལ་བ། །མི་འགྱུར་བཞི་ནི་དེར་བཞག་ནས། །དེར་འདུག་ནས་ནི་སྒྲ་བསམ་མམ། །མི་འགྱུར་བ་ལ་ཡི་གེ་བཞག །སྒྲ་ཉིད་འབའ་ཞིག་བསམ་པར་བྱ། །ཅེས་གསུངས་སོ། །དེའང་སྔར་བཤད་པའི་བསམ་གཏན་ལ་བརྟན་པ་ཐོབ་ནས། སྙིང་གར་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པ་ཕྲ་བར་བསྒོམས་ཏེ། དེའི་རྒྱུ་མཚན་ཡང༌། ཆེན་པོར་བསྒོམས་ན་རྟོག་པ་གཅོད་དཀའ་བའི་ཕྱིར་རོ། །ཟླ་བའི་དཀྱིལ་འཁོར་དེའི་ནང་དུ་རེག་བྱ་ཚ་བ་ལ་སོགས་པའི་གནོད་པ་རབ་ཏུ་ཞི་བའི་མེ་ལྕེ་འོད་རབ་ཏུ་བཟང་པོ་འབར་བར་བསྒོམས་ལ། དེ་ལ་མི་འགྱུར་བའི་གཞི་སྔགས་ཀྱི་ཡི་གེ་བཞག་ནས། ལུས་སེམས་བདེ་བར་འདུག་སྟེ་བསྒོམ་མོ། །དེ་ནས་སྔགས་ཀྱི་ཡི་གེ་དེ་བཏང་སྟེ། སྔགས་ཀྱི་སྒྲ་འབའ་ཞིག་ལ་བསམ་གཏན་བྱ་ཞིང༌། སྲོག་རྩོལ་བཀག་ལ་འབད་པས་བསྒོམ་མོ། །དབུགས་ཕྱིར་དབྱུང་བའི་ཚེ། མདུན་དུ་ལྷའི་དཀྱིལ་འཁོར་བསྒོམ་པ་རྣམས་ཀྱི་སྐུ་ལ་དམིགས་ཤིང་ངལ་བསོའོ། །གསུམ་པ་ནི། བསམ་གཏན་ཕྱི་མར། ལྟོས་བཅས་ཡན་ལག་གྱུར་པ་རྣམས། །སྒྲ་ཞེས་བྱ་དང་ཡིད་ཀྱིས་དང༌། །ཚིག་རྣམས་དག་པ་རིག་སྔགས་དབང༌། །ཡན་ལག་སྤངས་པ་རྒྱལ་བས་མཁྱེན། །ཞེས་གསུངས་ཏེ། འདི་ལ་གསུམ། སྒྲའི་གནས་སྐབས་བཏང་བའི་རིམ་པ། སྒྲ་མཐའི་བསམ་གཏན་དངོས། དེ་ལ་སེམས་མཉམ་པར་འཇོག་ཚུལ་ལོ། །དང་པོ་ནི། སྒྲ་མཐའ་ཞེས་པའི་དོན་ནི། སྔགས་ཀྱི་སྒྲ་ཙམ་ལ་སེམས་གནས་པ་ཡང་ཡོངས་སུ་བཏང་བའི་མཐའ་གཉིས་སུ་མེད་པའི་དེ་ཉིད་ལ་བྱའོ། །དེ་བསྒོམས་ན་སྒྲིབ་གཉིས་ལས་གྲོལ་ནས་ཆོས་སྐུའི་རང་བཞིན་གྱི་ཐར་པ་ཐོབ་པར་འགྱུར་ཏེ། འགྲེལ་པར། གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་གསང་སྔགས་ཡན་ལག་ཏུ་གྱུར་པར་སྣང་བ་དང༌། སྒྲ་ཞེས་བྱ་བ་དང༌། ཡིད་ཀྱིས་དང༌། ཚིག་རྣམ་པར་དག་པའི་གནས་སྐབས་ཡོངས་སུ་བཏང་བའི་རིམ་པས་ཆོས་ཀྱི་སྐུ་དེ་མངོན་དུ་གྱུར་པར་བྱའོ། །དེ་བས་ན། སྒྲ་མཐའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྒོམས་ན་ཐར་པ་སྟེར་རོ། །ཞེས་སོ། །དེ་ལ་གསང་སྔགས་ཡན་ལག་ཏུ་གྱུར་པར་སྣང་བ་དང༌། སྒྲ་དང་ཡིད་དང༌། ཚིག་རྣམ་པར་དག་པའི་གནས་སྐབས་རྣམས་ཡོངས་སུ་གཏང་དགོས་པས་གསང་སྔགས་ལས་མཚོན་པ་ཙམ་ཡིན་ལ། རིག་སྔགས་ཀྱང་བཟུང་སྟེ། དེ་གཉིས་ཀྱི་དབང་པོ་ནི། ལྷ་ཕོ་མོའི་རྣམ་པ་ཅན་ནོ། །དེའི་ཡན་ལག་ནི། ལྷ་དེ་དང་འབྲེལ་པའི་ཆ་ཤས་སམ་གནས་སྐབས་ཡིན་ལ། དེ་སྤངས་པ་ནི་གནས་སྐབས་རྣམས་རིམ་གྱིས་གཏང་བའོ། །དེའང་བཞི་ལས་དང་པོ་ནི། སྲོག་རྩོལ་དང༌། དཀའ་ཐུབ་དང༌། བསམ་གཏན་ལ་སོགས་པ་ལ་ལྟོས་ནས་མདུན་དུ་ལྷའི་ཡན་ལག་ཏུ་གྱུར་པར་སྣང་བ་སྟེ། ལྷའི་སྐུར་སྣང་བའོ། །གཉིས་པ་ནི། སྒྲ་ཞེས་བྱ་བའི་ཡན་ལག་སྟེ། ཤུབ་བུའི་བཟླས་བརྗོད་བྱེད་པའི་གནས་སྐབས་སོ། །གསུམ་པ་ནི། ཡིད་ཀྱི་ཡན་ལག་སྟེ། ཡིད་ཀྱིས་བཟླས་བརྗོད་བྱེད་པའི་གནས་སྐབས་སོ། །བཞི་པ་ནི། ཤུབ་བུ་དང་ཡིད་བཟླས་ཚིག་གཉིས་རྣམ་པར་དག་པ་སྟེ། དེ་གཉིས་དང་བྲལ་བའི་མེ་གནས་དང་སྒྲ་གནས་ཀྱི་བསམ་གཏན་སྔགས་ཀྱི་སྒྲའི་རྣམ་པར་སེམས་སྣང་བའོ། །དེ་རྣམས་ཇི་ལྟར་གཏང་བའི་ཚུལ་ནི། སྔ་མ་སྔ་མ་བརྟན་པར་བྱས་ནས། ཕྱི་མ་ཕྱི་མ་ལ་འཕོ་བ་ཡིན་ཏེ། འགྲེལ་པར། དེ་ལ་གྲོལ་བར་འདོད་པས་རགས་རིམ་གྱིས་སྤང་བའི་རིམ་པ་ནི་འདི་ལྟ་སྟེ། སླར་སྡུད་པ་དང༌། དཀའ་ཐུབ་དང༌། བསམ་གཏན་དང༌། སྲོག་དང༌། རྩོལ་བ་ལ་སོགས་པ་བྱས་ནས་རང་གི་ལྷའི་གཟུགས་བརྙན་ལ་དམིགས་པས་རབ་ཏུ་སྦོམ་པའི་ཏིང་ངེ་འཛིན་བརྟན་པར་བྱས་ལ། ཤུབ་བུར་བཟླས་བརྗོད་བྱེད་པའི་གསང་སྔགས་ཀྱི་སྒྲ་ལ་དམིགས་པའི་ཏིང་ངེ་འཛིན་རབ་ཏུ་རགས་པ་ལ་དམིགས་པ་ཡོངས་སུ་སྤངས་ནས་རགས་པའི་ཏིང་ངེ་འཛིན་བརྟན་པར་བྱའོ། །རགས་པ་ལ་དམིགས་པ་དེ་ཡང་ཕྲབ་ཡིད་ཀྱིས་སྒྲའི་ཏིང་ངེ་འཛིན་གྱིས་ཡོངས་སུ་སྤང་ངོ༌། །དེ་ཡང་རབ་ཏུ་སྤངས་ནས་རབ་ཏུ་ཕྲ་བ་གསང་སྔགས་ཀྱི་རྣམ་པར་རྟོག་པའི་ཏིང་ངེ་འཛིན་ལ་གནས་སོ། །དེ་ཡང་ཡོངས་སུ་སྤངས་ཏེ་གྲོལ་བར་འདོད་པས་ཆོས་ཀྱི་སྐུ་ལ་དམིགས་པའི་ཏིང་ངེ་འཛིན་ནི་ནན་ཏན་དུ་བྱའོ། །ཞེས་བཤད་དོ། །དེ་ལྟར། རིམ་གྱིས་བཏང་བའི་རྗེས་སུ་སྟོང་པ་ཉིད་བསྒོམས་ན་ཐར་པ་སྟེར་བའི་རིམ་པ་དེ་རྒྱལ་བས་མཁྱེན་ནོ། །ཞེས་པའམ། ཡང་ན་རིག་སྔགས་ཀྱི་དབང་པོ་ཞེས་བོས་ནས་དེ་རྣམས་བཏང་ན། ངག་དོན་རྣམ་པར་དབྱེ་བ་མཁྱེན་པའི་རྒྱལ་བར་འགྱུར་རོ། །ཞེས་སོ། །གལ་ཏེ། ལྷའི་སྐུ་ལ་དམིགས་པ་ཡང་གཏང་དགོས་ན། སྒྲ་མཐའ་སྒྲ་བཏང་བ་ཙམ་དུ་བཤད་པ་ཅི་ཡིན་སྙམ་ན། ཡན་ལག་དང་པོ་བཏང་བ་ནི་སྒྲའི་གནས་བཏང་བ་ཡིན་ཏེ། མདུན་གྱི་ལྷར་སྣང་བའི་སྔགས་པ་ནི་སྔགས་ཟློས་པ་པོ་ཡིན་པའི་ཕྱིར་རོ། །ཡན་ལག་བར་མ་གཉིས་བཏང་བ་ནི། སྔགས་ཀྱི་སྒྲ་མངོན་པར་འདུ་བྱེད་པ་བཏང་བ་ཡིན་ལ། ཡན་ལག་ཐ་མ་བཏང་བས་ནི། སྔགས་ཀྱི་སྒྲའི་རང་བཞིན་བཏང་བ་ཡིན་པས། དེ་རྣམས་བཏང་བ་ལ་སྒྲ་བཏང་བ་ཞེས་བྱ་བར་བསྡུ་རུ་རུང་བ་ཡིན་ནོ། །དེ་ཐམས་ཅད་ཀྱང༌། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གྱི་དོན་མི་སྣང་བས་དེའི་དུས་སུ་བཏང་བར་བཤད་དོ། །གཉིས་པ་ནི། དེ་ལྟར་སྔར་གྱི་དམིགས་པ་ཕྲ་རགས་མང་པོ་ལ་སེམས་རྩེ་གཅིག་ཏུ་བཟུང་བའི་མཐུས་གནས་ཆ་ཤིན་ཏུ་བརྟན་པ་དང༌། ལུས་སེམས་ལ་དགའ་བདེ་ཁྱད་པར་ཅན་དང༌། ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་ཁྱད་པར་ཅན་སྐྱེ་ཞིང༌། ཁྱད་པར་དུ་རླུང་དང༌། མེ་གནས་རིང་དུ་བསྒོམས་པའི་མཐུས། བདེ་དྲོད་དང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ནི་ཁྱད་པར་ཅན་སྐྱེ་མོད་ཀྱི། འོན་ཀྱང་རྣལ་འབྱོར་བླ་མེད་དུ་བཤད་པའི་བདེ་དྲོད་དང༌། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སོགས་དང༌། ཁྱད་ཆོས་ཆེ་བ་ཡོད་པས་རྫོགས་རིམ་དུ་ཐ་སྙད་མི་མཛད་པའི་རྒྱུ་མཚན་ཡང་དེ་ཡིན་ལ། དེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་ཀྱང་སྟོང་ཉིད་ཀྱི་ལྟ་བ་དང་བྲལ་ན། སྲིད་པའི་རྩ་བ་བདག་འཛིན་གཅོད་མི་ནུས་པས་སྒྲར་གནས་ཀྱང་བཏང་ནས་སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་བསྒོམ་མོ། །ཇི་ལྟར་བསྒོམས་ན། སྔར་བདག་གི་དེ་ཁོ་ན་ཉིད་ཀྱི་སྐབས་སུ་བཤད་པ་ལྟར་གང་ཟག་དང༌། ཆོས་ཀྱི་བདག་མེད་རྣམས་དོན་དམ་པར་མ་གྲུབ་པར་ཤེས་པའི་ལྟ་བ་ཁྱད་པར་ཅན་རྟོགས་པར་བྱས་ལ་དེའི་ངང་ལ་མི་གཡོ་བ་དང༌། གསལ་བ་སྟེ། ཁྱད་པར་གཉིས་དང་ལྡན་པའི་ཚུལ་གྱིས་བསྒོམ་མོ། །དེ་ལ་མི་གཡོ་བའི་དོན་ནི། བདག་མེད་པའི་ལྟ་བ་རྐྱང་པས་ཧ་ཅང་དཔྱད་དྲགས་ན། རྒོད་པ་སྐྱེས་ནས་རྣམ་རྟོག་ཡུལ་གཞན་ལ་གཡོ་བར་བྱེད་པས། བདག་མེད་ཀྱི་དོན་ལ་ངེས་པར་དྲངས་པའི་ངེས་པ་དེ་ཉིད་ལ་རྩེ་གཅིག་ཏུ་བཞག་ཅིང་ཡིད་དེ་ལས་མི་གཡོ་བར་བྱེད་པའོ། །གསལ་བ་ནི། དེ་ལྟར་འཇོག་བསྒོམ་བྱས་པས་ཧ་ཅང་སེམས་མཉམ་པར་གཞག་དྲགས་པས་ཆོས་སོ་སོར་འབྱེད་པ་མི་སྤྲོ་ཞིང༌། ཕར་སྤྲོ་བའི་ཚེ་འཕྲོ་མི་ཉན་པར་མི་རྟོག་པར་ལྷན་འགྲོ་ཡིན་འདུག་ན་ཞི་གནས་ཤས་ཆེས་པ་ཡིན་ལ། དེ་ལ་ཡུན་རིང་དུ་བཞག་ན། བྱིང་བ་དང་རྨུགས་པས་དྲངས་ནས་སེམས་མི་གསལ་བའི་རྣམ་པ་ཅན་དུ་འགྱུར་ཏེ། དཔེར་ན། དཔྱད་དྲགས་ན། དེའི་མཐར་རྒོད་པ་སྐྱེ་བ་བཞིན་ནོ། །དེས་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་པའི་ཤེས་རབ་དང༌། དེ་ལ་རྩེ་གཅིག་ཏུ་འཇོག་པའི་གསལ་བ་གཉིས་ཀ་རེས་འཇོག་ཏུ་བྱས་ལ་བསྒོམས་ཏེ། འགྲེལ་པར། དེ་ལ་མི་གཡོ་བ་ནི་མི་འགུལ་བ་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ཀྱང་ཤེས་རབ་རྒོད་པའི་རྣལ་འབྱོར་པ་ཆོས་རྣམ་པར་འབྱེད་པའི་རྣམ་པར་རྟོག་པ་གོམས་པར་བྱས་པའི་སེམས་གཡོ་བ་མ་ཞི་བའི་མཚན་ཉིད་རྒོད་པ་དགག་པ་གསུངས་སོ། །དེ་བས་ན་སེམས་མི་གཡོ་བ་ནི་ལམ་ལ་ཉེ་བར་ཞི་བ་ཡིན་ནོ། །ཞེས་བཤད་དོ། །དེ་བཞིན་དུ་གསལ་བ་ཞེས་བྱ་བ་ནི་དྭང་བས་ཏེ། རྨུགས་པ་ལ་སོགས་པའི་ཉེས་པ་དང་བྲལ་ཞེས་བྱ་བའི་ཐ་ཚིག་གོ །འདིས་ཀྱང་ཞི་གནས་གཅིག་པུར་སོང་བའི་རྣལ་འབྱོར་པ་ཆོས་རྣམ་པར་དབྱེ་བའི་དུས་ན་ཡང་གང་ཧ་ཅང་མཉམ་པར་བཞག་ཆེས་པས་སེམས་ཞུམ་པའི་མཚན་ཉིད་རྨུགས་པ་ཆོས་རྣམ་པར་འབྱེད་པའི་མི་མཐུན་པའི་ཕྱོགས་སུ་འགྱུར་བ་དེ་བཀག་གོ །ཞེས་གསུངས་པའི་ཕྱིར་རོ། །དེས་ན། སྒྲ་གནས་ཀྱི་བསམ་གཏན་ཡན་ཆད་ཀྱིས་ཞི་གནས་བསྒྲུབས་ལ་སྒྲ་མཐའ་ནས་ལྷག་མཐོང་སྒོམ་ཞིང༌། དེར་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དྲགས་ན་གནས་ཆ་འཇིག་པས་དཔྱོད་པ་དང༌། འཇོག་པ་གཉིས་ཀ་སྤེལ་མར་བྱས་ལ། ཞི་གནས་དང་ལྷག་མཐོང་གཉིས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ། །སོ་སོར་རྟོག་པའི་ཤེས་རབ་བསྒོམ་པའི་ཚུལ་འདི་ཡང་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་དང༌། དེའི་འགྲེལ་པ་སློབ་དཔོན་ཀ་མ་ལ་ཤྲཱི་ལས་མཛད་པ་གཉིས་འབད་པས་བལྟ་བར་བྱའོ། །དེ་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་འབད་ནས་བསྒོམས་པས། སྐྱེ་བ་འདི་ཉིད་ལ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། རྣམ་པར་མི་རྟོག་པའི་གཟུངས་ཀྱི་འགྲེལ་པར། ཆོས་ཐམས་ཅད་ལ་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པས་མཐོང་བའི་ལམ་གྱིས་ཡང་དག་པར་བསྡུས་པ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཆོག་འབྱུང་སྟེ། དེའི་ཚེ་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་དབྱིངས་སུ་ཞུགས་པ་ཡིན་ལ། ས་དང་པོ་ཐོབ་པ་ཡང་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །བཞི་པ་གྲུབ་པའི་སྤྱོད་པ་ལ་གཉིས། གནས་སྐབས་སུ་བྱང་ཆུབ་སེམས་དཔའི་ས་བཅུའི་སྤྱོད་པ་དང༌། དེ་ལས་མཐར་ཐུག་སངས་རྒྱས་ཀྱི་སྐུ་གསུམ་གྲུབ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གཉིས་ཀྱིས་ས་དང་པོ་བསྒྲུབས་ནས། དེ་གྲུབ་པའི་བྱང་སེམས་དེས། ས་ལྷག་མ་རྣམས་བསྒྲུབ་པའི་སྤྱོད་པ་སྤྱད་དགོས་པས། དེའི་ཚུལ་རྣམ་སྣང་མངོན་བྱང་དང༌། འཇམ་དཔལ་རྩ་རྒྱུད་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་ནས་ཤིན་ཏུ་རྒྱས་པར་གསུངས་པའི་དོན། ཚིག་ཉུང་ངུས་རྟོགས་པའི་སླད་དུ། མདོ་སྡེ་རྒྱན་བཞིན་བཤད་ན་མཚན་ཉིད་གང་ཟག་བསླབ་པ་དང༌། ཕུང་པོ་གྲུབ་པ་རྟགས་དང་ནི། །ངེས་པའི་ཚིག་དང་ཐོབ་པ་ཡིས། །གནས་པ་དང་ནི་ས་ཉིད་དོ། །ཞེས་པ་ལྟར། བརྒྱད་ལས། དང་པོ་མཚན་ཉིད་ནི། ས་དང་པོའི་མཚན་ཉིད་སྟོང་པ་ཉིད་བདག་མེད་གཉིས་གསར་དུ་རྟོགས་པའོ། །གཉིས་པའི། དགེ་མི་དགེའི་ལས་ལམ་དང་འབྲས་བུ་སྣ་ཚོགས་ཤེས་པས་ཉེས་པ་ཕྲ་མོས་ཀྱང་མི་གོས་པའི་ཕྱིར། ལས་ཆུད་མི་ཟ་བར་གནས་པའོ། །གསུམ་པའི། རྒྱལ་སྲས་ཀྱི་བསམ་གཏན་གྱི་བདེ་བ་ཕུལ་བྱུང་ལས་མ་ཉམས་བཞིན་དུ་འདོད་ཁམས་སུ་སྐྱེ་བའོ། །བཞི་པའི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་མང་དུ་གནས་ཀྱང་དེའི་དགེ་བ་འཁོར་བར་བསྔོ་བའོ། །ལྔ་པའི། བདེན་བཞིས་མང་དུ་གནས་པས། སེམས་ལ་ཉོན་མོངས་པ་མེད་པར་བསྟན་བཅོས་དང་བཟོ་སྣ་ཚོགས་པས་སེམས་ཅན་སྨིན་པར་བྱེད་པའོ། །དྲུག་པའི། རྟེན་འབྲེལ་ཤེས་པའི་ཤེས་རབ་ཀྱིས་གནས་པས་བསམ་བཞིན་དུ་སྲིད་པར་སྐྱེ་བ་ན་ཉོན་མོངས་བསྲུང་བའོ། །བདུན་པའི། ས་བརྒྱད་པ་དང་འབྲེལ་བ་དང༌། དུས་ཀུན་དུ་མཚན་མེད་ལ་འཇོག་ནུས་པས། མཚན་མ་མེད་པར་གཅིག་ཏུ་ངེས་པའི་ལམ་མོ། །བརྒྱད་པའི། མངོན་པར་འདུ་བྱེད་པ་མེད་པའི་མཚན་མེད་ལ་གནས་པས་མཚན་མེད་ལྷུན་གྱིས་གྲུབ་པ་དང་རྒྱལ་བའི་ཞིང་སྦྱང་བའོ། །དགུ་པའི། སོ་སོར་ཡང་དག་པར་རིག་པ་ལ་དབང་བས་སེམས་ཅན་སྨིན་པར་འགྲུབ་པའོ། །བཅུ་པའི། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམ་པར་དག་པའོ། །བཅུ་གཅིག་པའི། ཤེས་སྒྲིབ་སྤངས་པ་ལས་བྱང་ཆུབ་རྣམ་པར་དག་པ་སྟེ། སྟོང་པ་ཉིད་ནི་མཆོག་རྟོགས་ནས། །ལས་རྣམས་ཆུད་མི་ཟ་བར་གནས། །བསམ་གཏན་རབ་བདེས་གནས་ནས་ནི། །དེ་ཡི་འོག་ཏུ་འདོད་པར་སྐྱེ། །དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས། །འཁོར་བ་དག་ཏུ་ཡོངས་སུ་བསྔོ། །སེམས་ཀུན་ཉོན་མོངས་མེད་པ་ནི། །སེམས་ཅན་རྣམ་པར་སྨིན་པར་བྱེད། །ཆེད་དུ་བསམས་ཏེ་སྐྱེ་བ་ན། །ཀུན་ནས་ཉོན་མོངས་རྗེས་སུ་བསྲུང༌། །བགྲོད་པ་གཅིག་པའི་ལམ་དང་འབྲེལ། །མཚན་མེད་གཅིག་ཏུ་ངེས་པའི་ལམ། །མཚན་མ་མེད་པ་ལྷུན་གྱིས་གྲུབ། །ཞིང་ཡང་རྣམ་པར་སྦྱང་བ་སྟེ། །དེ་ཡི་འོག་ཏུ་སེམས་ཅན་ནི། །སྨིན་པར་བྱེད་པ་འགྲུབ་པར་འགྱུར། །ཏིང་ངེ་འཛིན་དང་གཟུངས་རྣམས་དང༌། །བྱང་ཆུབ་རྣམ་པར་དག་པ་ཉིད། །རྣམ་པར་གཞག་པ་འདི་དག་གིས། །ས་ཡི་མཚན་ཉིད་ཤེས་པར་བྱ། །ཞེས་སོ། །གཉིས་པ་གང་ཟག་ནི། ས་དང་པོར་བདག་གཉིས་སུ་ལྟ་བའི་གཉེན་པོ་ཐོབ་པའི་ཕྱིར་ལྟ་བ་དང༌། གཉིས་པར་ལྟུང་བ་ཕྲ་མོའང་མེད་པའི་ཚུལ་ཁྲིམས་རྣམ་དག་དང༌། གསུམ་པར་ཚེ་རབས་ཀུན་དུ་མི་ཉམས་པའི་བསམ་གཏན་ཏིང་ངེ་འཛིན་ཐོབ་པས་མཉམ་གཞག་དང༌། བཞི་པར། མདོ་སྡེ་སོགས་ཆོས་ལ་ཐ་དད་ཀྱི་ང་རྒྱལ་སྤངས་པས་ཆོས་ལ་དང༌། ལྔ་པར། སེམས་དང་བསམ་པ་དག་པ་མཉམ་ཉིད་བཅུས་རྒྱུད་ཀུན་མཉམ་ཉིད་དུ་འཇུག་པས་རྒྱུད་ཐ་དད་པར་ང་རྒྱལ་སྤངས་པ་སྟེ། དེ་ལ་མཉམ་ཉིད་བཅུ་ནི། དུས་གསུམ་གྱི་རྒྱལ་བའི་ཆོས་ལ་སེམས་མཉམ་པ་གསུམ་དང༌། ཚུལ་ཁྲིམས་དང༌། སེམས་དང༌། ལྟ་བ་ཐེ་ཚོམ། ཡིད་གཉིས། འགྱོད་སེལ་དང༌། ལམ་དང༌། ལམ་མ་ཡིན་པ་ཤེས་པ་དང༌། ལམ་ཤེས་པ་དང༌། བྱང་ཆུབ་ཕྱོགས་ཆོས་ཀུན་གོང་མ་གོང་མས་རྣམ་པར་འཇོག་པ་རྣམས་རྣམ་པར་དག་པ་དང༌། སེམས་ཅན་སྨིན་པ་ལ་བསམ་པ་མཉམ་པ་ཉིད་དོ། །དྲུག་པར། རྟེན་འབྲེལ་གྱི་རང་བཞིན་ཤེས་པས་དཀར་ནག་གི་ཕྱོགས་ཀྱིས་དེ་བཞིན་ཉིད་ལ་རྣམ་བྱང་དང༌། ཀུན་ནས་ཉོན་མོངས་སུ་མི་ལྟ་བས་དེ་གཉིས་ཐ་དད་པར་ང་རྒྱལ་མེད་པ་དང༌། བདུན་པར། མཚན་མ་མེད་པར་གནས་པའི་མཐུས་སྐད་ཅིག་རེ་རེ་ལ་བྱང་ཕྱོགས་སོ་བདུན་བསྒོམ་པ་སྐད་ཅིག་གཅིག་དང་ལྡན་པའི་བློ་ཐོབ་པ་དང༌། བརྒྱད་པར་ལྷུན་གྲུབ་ཏུ་མཚན་མེད་དུ་གནས་ཤིང་རྒྱལ་སྲས་ཕྱིར་མི་ལྡོག་པར་ཞུགས་པ་རྣམས་དང་འདྲེས་པ་ཉེ་བར་འདྲེས་པའི་ཕྱིར་བཏང་སྙོམས་དང་སངས་རྒྱས་ཀྱི་ཞིང་སྦྱང་བའོ། །དགུ་པར། སེམས་ཅན་སྨིན་བྱེད་ལ་མཁས་པའོ། །བཅུ་པར་མངོན་ཤེས་ཆེན་པོ་ཐོབ་པ་དང༌། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཚད་མེད་པས་ཁྱབ་པ་དང༌། དགའ་ལྡན་དུ་གནས་པ་སོགས་སྤྲུལ་པ་སྟོན་པ་དང༌། ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བས་མཐུ་ཆེན་སོགས་ཏེ། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་པར་དག །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་གཞག །ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་ལ་བློ་ཐོབ་བཏང་སྙོམས་པ། །ཞིང་རྣམས་སྦྱོང་བར་སེམས་ཅན་སྨིན་བྱེད་པར། །མཁས་པས་མཐུ་ཆེན་ལས་ཡོངས་རྫོགས་པ་དང༌། །ངེས་པར་སྟོན་ལ་མཁས་པ་དབང་བསྐུར་ཡིན། །ཞེས་སོ། །གསུམ་པ་བསླབ་པ་གསུམ་དུ་བཞག་པ་ནི། ས་དང་པོ་ནི། ཟག་མེད་ཀྱི་བསླབ་གསུམ་གྱི་རྟེན་དང༌། གཉིས་པ་ཚུལ་ཁྲིམས་ཀྱི་དང༌། གསུམ་པ་སེམས་ཀྱི་དང༌། བཞི་པ་བྱང་ཆུབ་ཕྱོགས་མཐུན་བསྒོམས་པས་བསྡུས་པའི་དང༌། ལྔ་པ་བདེན་པ་བཞིའི་དེ་ཉིད་ཤེས་པའི་དང༌། དྲུག་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་རྟེན་འབྲེལ་ཤེས་པའི་དང༌། བདུན་པ་མཚན་མེད་འདུ་བྱེད་བཅས་པའི་དང༌། བརྒྱད་པ་མཚན་མེད་འདུ་བྱེད་མེད་པར་གནས་པ་དང༌། དགུ་པ་ཞིང་རྣམ་པར་དག་པའི་དང༌། བཅུ་པ་སེམས་ཅན་སྨིན་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་རྣམས་འགྲུབ་པའི་རྟེན་ཏེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང༌། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དང་དེ་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། །ཤེས་རབ་སྤྱོད་ཡུལ་དེ་ལྟ་བས། །དེ་ས་གཉིས་ལ་རྣམ་པར་གནས། །བསླབ་པ་རྣམས་དང་བསྒོམ་པ་ཡི། །འབྲས་བུ་གཞན་ནི་རྣམ་པ་བཞི། །མཚན་མེད་འདུ་བྱེད་དང་བཅས་པར། །གནས་པ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་དུ་བྱེད་མེད་དང༌། །ཞིང་ནི་རྣམ་པར་དག་པ་དང༌། །འབྲས་བུ་གཉིས་པར་འདོད་པ་ཡིན། །སེམས་ཅན་སྨིན་པར་འགྲུབ་ཉིད་དང༌། །ཏིང་ངེ་འཛིན་དང་གཟུངས་རྣམས་ནི། །གྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ཞེས་སོ། །བཞི་པ་ཟག་མེད་ཀྱི་ཕུང་པོ་ལྔར་བཞག་པ་ནི། ས་དང་པོར་ཟག་མེད་ཀྱི་ཕུང་པོའི་རྟེན་ཆོས་ཉིད་རྟོགས་ན་ས་གཉིས་པ་ནས་བཅུ་གཅིག་པའི་བར་དུ། གཉིས་པ་ལ། ཚུལ་ཁྲིམས། གསུམ་པ་ལ་ཏིང་ངེ་འཛིན། བཞི་པ། ལྔ་པ། དྲུག་པ་གསུམ་ལ་ཤེས་རབ། བདུན་པ་ནས་བཅུ་གཅིག་པའི་བར་རྣམ་གྲོལ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྦྱངས་ཏེ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱིས་ནི་ཕུང་པོ་སྦྱོང༌། །དེ་ཡི་འོག་ཏུ་ཏིང་འཛིན་དང༌། །ཤེས་རབ་ཕུང་པོ་རྣམ་པར་སྦྱོང༌། །དེ་ལས་གཞན་པ་དག་ལ་ནི། །སྒྲིབ་རྣམས་གཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང༌། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང༌། །ཞེས་སོ། །ལྔ་པ་གྲུབ་པ་རྣམ་པར་བཞག་པ་ནི། མོས་སྤྱོད་མན་ཆད་ཏུ་ཆོས་ཉིད་མངོན་སུམ་དུ་མ་རྟོགས་པས་མ་གྲུབ་པ་དང༌། དང་པོ་ཡན་ཆད་གྲུབ་པའོ། །གྲུབ་པ་ལ་ཡང༌། བདུན་པ་མངོན་པར་འདུ་བྱེད་དང་བཅས་པ་མ་གྲུབ་པ་དང༌། བརྒྱད་པ་ཡན་ཆད་དུ་འདུ་བྱེད་མེད་པར་འཇུག་པ་གྲུབ་པ་སྟེ། ས་རྣམས་ཐམས་ཅད་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཤེས་པར་བྱ། །གྲུབ་པ་དག་ཀྱང་མ་གྲུབ་དང༌། །གྲུབ་པ་དག་ཏུ་ཡང་འདོད་དོ། །ཅེས་སོ། །དྲུག་པ་རྟགས་ལ་གསུམ་གྱི་དང་པོ་ས་ལ་ཞུགས་པའི་རྟགས་ནི། ས་གང་ལ་ཞུགས་པ་དེའི་ཡོན་ཏན་སྣང་བ་ཞུགས་པ་ལ་མོས། ཟབ་རྒྱས་ཀྱི་ཐེག་ཆེན་ལ་མ་ཞུམ། དཀའ་སྤྱད་ལ་མི་དམན། རང་གིས་ཐོས་པའི་སའི་ཐབས་སླར་གཞན་ལ་མ་རག་པས་གཞན་གྱི་དྲིང་མི་འཇོག ས་དེ་དག་མངོན་པར་སྒྲུབ་པ་ལ་མཁས་པས་རབ་ཏུ་རྟོགས། བདག་གཞན་མཉམ། བདག་གཞན་གྱི་ལམ་ལ་མི་བསྔགས་པ་དང༌། བསྔགས་པ་བརྗོད་པས་གཞན་ལ་བཀྲིར་མི་བཏུབ། འཁོར་ལོས་སྒྱུར་སོགས་ཀྱི་ཕུན་ཚོགས་ལ་མ་ཆགས། འཁོར་གསུམ་མི་དམིགས་པས་རྒྱལ་བའི་ཐབས་ཤེས། །རྟག་ཏུ་རྒྱལ་བའི་འཁོར་དུ་སྐྱེ་བ་སྟེ། །སྣང་དང་བཅས་དང་མོས་པ་དང༌། །མ་ཞུམ་པ་དང་མི་སྨིན་ཞིང༌། །གཞན་དྲིང་མི་འཇོག་བདག་ཉིད་དང༌། །ཐམས་ཅད་རབ་ཏུ་རྟོགས་པ་དང༌། །ཀུན་ལ་སེམས་ནི་མཉམ་པ་དང༌། །བཀྲི་དང་རྗེས་སུ་ཆགས་མེད་དང༌། །ཐབས་ཤེས་འཁོར་དུ་སྐྱེ་བ་ནི། །ཀུན་ལ་རྟགས་སུ་འདོད་པ་ཡིན། །ཞེས་སོ། །གཉིས་པ་ཕར་ཕྱིན་རྫོགས་པའི་རྟགས་ནི། ཕར་ཕྱིན་སྒྲུབ་པའི་འདུན་པ་དང་མ་བྲལ་བ་དང༌། ཁྱད་པར་དུ་ས་སྔ་མ་དྲུག་ལ་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་བྲལ་བ་སྟེ། ངན་རྟོག་དང་རྣམ་རྟོག་ནི་ངོ་བོ་ཉིད་དང་ཁྱད་པར་དུ་རྟོགས་པའོ། །བདུན་པ་ཐབས་ཀྱི་ཕར་ཕྱིན་གྱི་རྟགས་དྲུག་སྟེ། ཐེག་པ་གཞན་ཡིད་ལ་བྱེད་པ་དང༌། ཕུན་ཚོགས་ཀྱི་བདེ་བ་དང༌། རྒུད་པ་དང༌། དཀའ་སྤྱད་ཀྱིས་གནོད་པ་མེད། དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་ཐོས་པ་ལྷུར་ལེན། སངས་རྒྱས་མཆོད་པ་ལ་བརྩོན། དགེ་བ་འཕེལ་བའི་ཐབས་མཆོག་ཤེས་པ་གང་ཞིག དུས་གསུམ་གྱི་དགེ་རྩ་སེམས་ཅན་གཞན་དང་ཐུན་མོང་དུ་བྱང་ཆུབ་ཏུ་བསྔོ་བའོ། །བརྒྱད་པ་སྨོན་ལམ་གྱི་རྟགས། རྒྱལ་བ་སྲས་དང་བཅས་པ་བཞུགས་པར་སྐྱེ་བ་དང༌། དགུ་པ་སྟོབས་ཀྱི་རྟགས། མི་མཐུན་ཕྱོགས་དང་མ་འདྲེས་པ་དང༌། བཅུ་པ་ཡེ་ཤེས་ཀྱི་རྟགས། མངོན་པར་ཤེས་པ་སྟེ། གཞུང་དང་རིམ་པ་བཞིན་སྦྱར་ན། འདུན་པ་མེད་པ་མ་ཡིན་ཆགས་དང་འཁུ་བའི་སྙིང་མེད་ཁྲོ་མིན་ལེ་ལོ་མེད། །བྱམས་དང་སྙིང་རྗེ་མིན་པའི་བསམ་མེད་བློ་གྲོས་ངན་རྟོག་རྣམ་རྟོག་འཕྲོག་པ་མེད། །བློ་གྲོས་རྣམ་པར་གཡེངས་མིན་བདེ་བས་མི་འཕྲོག་སྡུག་བསྔལ་དག་གིས་གནོད་པ་མེད། །དགེ་བའི་བཤེས་ལ་ཉེ་བར་བརྟེན་ཅིང་ཐོས་པ་ལྷུར་ལེན་སྟོན་པ་མཆོད་ལ་བརྩོན། །ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ཆེན་ཀུན། །གཞན་དང་ཐུན་མོང་བྱས་ནས་ཉིན་གཅིག་བཞིན་དུ་རྫོགས་པའི་བྱང་ཆུབ་ཡོངས་བསྔོ་ཞིང༌། །བཟང་པོའི་གནས་སུ་སྐྱེས་པ་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་རྣམས་ཀྱིས་བརྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གཏེར་དུ་ཤེས་པར་བྱ། །ཞེས་སོ། །གསུམ་པ་ཕན་ཡོན་ནི་ལྔ་སྟེ། སྐད་ཅིག་རེ་རེ་ལ་གནས་ངན་ལེན་གྱི་རྟེན་ཐམས་ཅད་འཛད། སྣ་ཚོགས་ཀྱི་འདུ་ཤེས་དང་བྲལ་བའི་མཚན་མེད་ཀྱི་ཆོས་ཀྱི་དགའ་བ་ཐོབ། ཐམས་ཅད་དུ་རྣམ་པ་ཡོངས་སུ་མ་ཆད་པའི་ཆོས་ཀྱི་སྣང་བ་ཚད་མེད་ཤེས། འདིའི་རྣམ་དག་གི་སྐལ་བ་དང་མཐུན་པའི་རྒྱུ་མཚན་རྣམ་པར་རྟོག་པ་མིན་པ་དག་ཀྱང་ཀུན་ཏུ་སྤྱོད། ཆོས་སྐུ་རྫོགས་པར་འགྲུབ་པའི་ཕྱིར་གོང་ནས་གོང་དུ་རྒྱུ་ཕུན་ཚོགས་འཛིན་པར་བྱེད་ལ། དེའི་དང་པོ་གཉིས་ཞི་གནས། བར་བ་གཉིས་ལྷག་མཐོང༌། ཐ་མ་གཉིས་ཀའི་ཕྱོགས་མཐུན་ཏེ། །ས་རྣམས་ཀུན་ལ་རྣམ་ཀུན་ཏུ། །བློ་ལྡན་རྣམས་ཀྱི་ཕན་ཡོན་ནི། །ཞི་གནས་ལྷག་མཐོང་གཉིས་ཀ་ལ། །ལྔ་པོ་བདག་ཉིད་དག་ཏུ་འདོད། །ཅེས་སོ། །བདུན་པ་ངེས་ཚིག་ལ་གཉིས་ཀྱི། དང་པོ་སོ་སོའི་ངེས་ཚིག་ནི། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །དགའ་བ་རབ་ཏུ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱི་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་པ་ལྟར་རོ། །གཉིས་པ་ཐུན་མོང་གི་ངེས་ཚིག་ལ་གཉིས་ཀྱི་དང་པོ་གནས་ཀྱི་མིང་དོན་ནི། དགེ་བའི་ཕྱོགས་ཐམས་ཅད་ཀྱི་རྟེན་ནམ་གནས་བྱེད་པ་ལ་ས་གཞི་དང་འདྲ་བའི་ཕྱིར་ཏེ། དགེ་བ་སྒྲུབ་པ་སྣ་ཚོགས་ལ། །དགའ་བས་རྟག་པར་ཐམས་ཅད་དུ། །གནས་ཕྱིར་བྱང་ཆུབ་སེམས་དཔའ་ཡི། །ས་རྣམས་གནས་པ་ཡིན་པར་འདོད། །ཅེས་སོ། །གཉིས་པ་ས་ཡི་མིང་དོན་ནི། །འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཅེས་ཏེ། དཔག་མེད་ནི་ཡོན་ཏན་ཡིན་ལ། བགྲོད་ལྡན་ནི་ས་གོང་ནས་གོང་དུ་འགྲོ་བ་ལ་བྱའོ། །བརྒྱད་པ་ཐོབ་པས་དབྱེ་བ་ནི། མོས་པས་ཐོབ་པ་ས་བཅུ་ལ་མོས་པ་དང༌། སྤྱོད་པས་ཐོབ་པ་ས་བཅུ་ཐོབ་པའི་དོན་དུ་ཆོས་སྤྱོད་བཅུ་ལ་འཇུག་པ་དང༌། རྟོགས་པས་ཐོབ་པ་ས་དང་པོ་ནས་བདུན་པའི་བར་ས་ལ་འཇུག་པའི་ཚེ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་དང༌། གྲུབ་པས་ཐོབ་པ་ཕྱིར་མི་ལྡོག་པ་ལ་འཇུག་པའི་ཆེ་རྩོལ་མེད་དུ་ངང་གིས་འཇུག་པ་སྟེ། ས་ཐོབ་པ་ནི་མོས་པ་དང༌། སྤྱོད་པ་དག་ལ་འཇུག་པ་དང༌། །རྟོགས་པའི་ཕྱིར་དང་ས་རྣམས་ནི། །གྲུབ་པའི་སྒོ་ནས་རྣམ་པ་བཞི། །ཞེས་སོ། །དེ་ལྟར་ས་བཅུའི་རྣམ་པར་གཞག་པ་འདི་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། བྱ་བའི་རྒྱུད་འདིར་ཁྱད་པར་ཅུང་ཟད་ཀྱང་མེད་ལ། དེ་དག་ཐོབ་པར་བྱེད་པའི་ཐབས་ནི་ལམ་འདི་ཁྱད་པར་དུ་འཕགས་པས། དུས་ཤིན་ཏུ་ཉེ་བས་འགྲུབ་པ་ཡིན་ནོ། །གཉིས་པ་དེ་ལས་མཐར་ཐུག་སངས་རྒྱས་ཀྱི་སྐུ་གསུམ་འགྲུབ་པའི་ཚུལ་ནི། སྐུ་གསུམ་དབྱེར་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་སྟེ། མདོ་སྡེ་རྒྱན་དུ། སྐུ་གསུམ་དག་གི་སངས་རྒྱས་ཀྱི། །སྐུ་བསྡུས་པར་ཡང་ཤེས་བྱ་སྟེ། །སྐུ་གསུམ་དག་གི་རང་བཞིན་གྱིས། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་སོ། །དེ་ལ་ལོངས་སྐུ་དང་སྤྲུལ་སྐུ་རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས་པའི་མཚན་ཉིད་ཅན་ལ་བརྟེན་པ་དང་དེ་གཉིས་ཀྱི་རང་བཞིན་ནམ་ཆོས་ཀྱི་སྐུ་ལ་རྟེན་ཞེས་ཀྱང་དགག་སྟེ། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་སོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། རྒྱལ་སྲས་ཀྱི་འཁོར་བསྡུས་པ་དང༌། བི་ཌཱུ་རྻ་ལ་སོགས་པའི་ཞིང་ཁམས་དང༌། འོད་དཔག་མེད་ལ་སོགས་པའི་མཚན་དང༌། སྐུ་མདོག་དང་བོངས་ཚོད་ལ་སོགས་པ་དང༌། ཆོས་ལ་རྫོགས་པར་ལོངས་སྤྱོད་པ་དང༌། གདུལ་བྱའི་བསམ་པ་ལ་ལྟོས་པའི་མཛད་པའི་ཁྱད་པར་ཐ་དད་པ་སྟོན་པ་སྟེ། ལོངས་སྤྱོད་རྫོགས་པའི་ཁམས་ཀུན་དུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང༌། །མཛད་པ་དག་གིས་ཐ་དད་དོ། །ཞེས་སོ། །ཆོས་ཀྱི་སྐུའམ་རང་བཞིན་གྱི་སྐུ་ནི། དག་པ་གཉིས་ལྡན་དུ་མཉམ་ཞིང༌། རྒྱལ་བ་མ་གཏོགས་པས་རྫོགས་པར་མི་ཤེས་པས་ཤིན་ཏུ་ཕྲ་བ། ལོངས་སྐུ་དང་འབྲེལ་ཞིང་དེ་ལས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པར་བསྟན་པའི་རྒྱུར་གྱུར་པ་སྟེ། རང་བཞིན་སྐུ་ནི་མཉམ་པ་དང༌། །ཕྲ་ཞིང་དེ་དང་འབྲེལ་བའི་ཕྱིར། །དགྱེས་དགུར་ལོངས་སྤྱོད་བསྟན་པ་དང༌། །ལོངས་སྤྱོད་རྫོགས་འབྱོར་རྒྱུར་འདོད་དོ། །ཞེས་སོ། །སྤྲུལ་པའི་སྐུ་ནི། སངས་རྒྱས་སྤྲུལ་པ་དཔག་མེད་ལ། །སྤྲུལ་པའི་སྐུ་ནི་འདོད་པ་སྟེ། །ཅེས་པ་ལྟར། གདུལ་བྱའི་དོན་དུ་པི་ཝང་ལེན་པ་ལ་སོགས་པ་གཟོའི་སྤྲུལ་པ་དང༌། རྒྱལ་རིགས་སུ་སྐྱེ་བ་བཞེས་པ་སྐྱེ་བའི་སྤྲུལ་པ་དང༌། མངོན་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་ལ་སོགས་པ་མཆོག་གི་སྤྲུལ་པ་སྟེ། གཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པར་རྟགས་སྟོན་པའི། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་སོ། །སྐུ་གསུམ་དུ་རྣམ་པར་བཞག་པ་འདི་ལ། ཕ་རོལ་ཏུ་ཕྱིན་པའི་སློབ་དཔོན་རྣམས་ཀྱིས། མི་འདྲ་བ་དུ་མ་ཞིག་བཞེད་ཀྱང༌། བྱ་བ་དང་སྤྱོད་པའི་རྒྱུད་རྣམས་སུ་གསུངས་པ་ནི། རྒྱལ་བ་བྱམས་པ་མགོན་པོས་བཤད་པ་འདི་ཁོ་ན་ལྟར་ཡིན་པར་ཤེས་པར་བྱའོ། །དེ་དག་ཀྱང་བསྡུ་ན། རྒྱུ་ཚོགས་གཉིས་ཀྱི་དབང་དུ་བྱས་ནས་འབྲས་བུ་སྐུ་གཉིས་སུ་འདུས་ཏེ། རིན་ཆེན་ཕྲེང་བར། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །དེས་ན་ལམ་འདིར་མཚན་བཅས་ཀྱི་རྣལ་འབྱོར་ནི། བསོད་ནམས་ཀྱི་ཚོགས་དང་མཚན་མེད་ཀྱི་རྣལ་འབྱོར་ནི། ཡེ་ཤེས་ཀྱི་ཚོགས་ཡིན་པས་དེས་སྒྲུབ་པའི་འབྲས་བུའང་སྐུ་གཉིས་སུ་ངེས་སོ། །སྐུ་འདི་གཉིས་ལ། མགོན་པོ་བྱམས་པས། རང་དོན་ནམ་དོན་དམ་གྱི་སྐུ་དང༌། གཞན་དོན་ནམ་ཀུན་རྫོབ་ཀྱི་སྐུ་ཞེས་པར་ཡང་ཐ་སྙད་མཛད་དེ། རྒྱུད་བླ་མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །ཞེས་དང༌། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་རྣམས་དང་ལྡན། །ཞེས་ཏེ། སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་སྟེ་བྲལ་བའི་ཡོན་ཏན་དང༌། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཏེ། རྣམ་སྨིན་གྱི་འབྲས་བུའི་ཡོན་ཏན་ཏེ། ཡོན་ཏན་དྲུག་ཅུ་རྩ་བཞི་དང་ལྡན་པ་ཉིད་དོ། །ཐུབ་དབང་འགྲོ་ལ་ཕན་པར་གསུང་དེ་ཡིས། །རིག་སྔགས་འཆང་གིས་བསླབ་པའི་གཞིར་གྱུར་པ། །བྱ་བའི་རྒྱུད་ཀྱི་སྡེ་སྣོད་སྒོ་དྲུག་པོ། །རྣམ་མང་གདུལ་བྱའི་བློ་དང་མཐུན་པར་གསུངས། །འདི་དོན་འཕགས་ཡུལ་མཁས་པའི་ཆུ་གཏེར་དུ། །འགྲེལ་བྱེད་ཀླུ་དབང་མཁས་པའི་ཚོགས་རྣམས་ཀྱིས། །མ་ནོར་ཟབ་རྒྱས་རྒྱུད་དོན་ཡིད་བཞིན་ནོར། །བློ་གྲོས་སྤྱི་བོར་བརྒྱན་ནས་ལེགས་པར་བཤད། །སྔོན་དུས་བོད་ཡུལ་སྟོན་ཀའི་སྤྲིན་ལམ་དུ། །རྒྱུད་འཆད་བཤེས་གཉེན་རྟ་ལྗང་ཅན་རྣམས་ཀྱིས། །ལེགས་བཤད་ཡིན་ལུགས་འོད་ཟེར་འབུམ་ལྡན་པས། །བྱ་རྒྱུད་བསྟན་པས་འཇིག་རྟེན་སྣང་བར་བྱས། །དེང་དུས་སྔགས་གཞུང་བསྟན་པ་ཆེར་ཉམས་ཤིང༌། །བྱེ་བྲག་བྱ་དང་སྤྱོད་པའི་རྒྱུད་སྡེ་རྣམས། །ཐ་སྙད་ཙམ་ཡང་ཉམས་པར་གྱུར་འདི་དང༌། །འཆད་བྱེད་ཚད་ལྡན་གཞན་པ་མ་མཐོང་ནས། །སྤྱི་རྒྱུད་བཞི་དང་བོད་ཀྱི་ལེགས་བཤད་དང༌། །སྒོ་དྲུག་རྒྱུད་དང་དེ་འགྲེལ་གཞུང་ཕྲན་ལ། །ཡུན་རིང་ཐོས་དང་བསམ་པས་ལེགས་སྦྱངས་ནས། །ལེགས་བཤད་རྒྱ་མཚོ་ཆེ་འདི་འབད་པས་བསྒྲུབས། །བློ་དང་རིང་དུ་སྦྱངས་པ་མི་དམན་ཞིང༌། །རྒྱ་བོད་མཁས་པའི་གཞུང་རྒྱ་མཐོང་བ་དང༌། །བླ་མ་མཆོག་གི་བཀའ་དྲིན་ཐོབ་པའི་ཕྱིར། །ལེགས་སྦྱར་འདི་ལ་ཉེས་པ་མེད་པར་སེམས། །འོན་ཀྱང་བྱིས་བློས་རྒྱུད་དོན་རྟགས་དཀའ་བས། །ཉེས་པ་གང་མཆིས་བླ་མ་ལྷར་བཅས་ལ། །སྔོན་བསགས་སྡིག་དང་ལྷན་ཅིག་བཤགས་བགྱིད་ཀྱིས། །ནོངས་པའི་རྩ་བ་རྨོངས་པ་གཞོམ་དུ་གསོལ། །འདིར་འབད་དགེ་བ་ཉི་མའི་འོད་ཟེར་དེས། །ལོག་སྨྲ་རྒོལ་བའི་མུན་སྟུག་ཀུན་བསལ་ནས། །བྱ་རྒྱུད་བསྟན་པའི་པད་ཚལ་རྒྱས་པ་དང༌། །ལེགས་བཤད་སྦྲང་རྩིས་འགྲོ་ཀུན་ཚིམ་བྱེད་ཤོག །བདག་ཀྱང་བརྩོན་པས་ལམ་བཟང་འདི་བསྒོམས་པས། །མར་གྱུར་འགྲོ་བ་སྲིད་ལས་སྒྲོལ་དོན་དུ། །སྐུ་གསུམ་དོན་གཉིས་དཔལ་གྱིས་འབྱོར་གྱུར་པ། །ཐུབ་དབང་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་ཤོག །གནས་སྐབས་ཀུན་ཏུ་གསུང་རབ་དོན་ལ་མཁས། །འཕགས་པ་དགེས་པའི་ཚུལ་ཁྲིམས་རྨད་བྱུང་ལྡན། །བྱང་ཆུབ་སེམས་ཀྱིས་རང་གཞན་སྨིན་བྱས་ནས། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་བྱེད་ཤོག །བྱ་རྒྱུད་སྤྱིའི་རྣམ་པར་གཞག་པ་འདི་ནི། རིགས་དྲུག་གི་རྒྱུད་སྡེ་སོ་སོ་བ་རྣམས་དང༌། །སྤྱི་རྒྱུད་བཞི་དང༌། དེ་རྣམས་ཀྱི་འགྲེལ་པ་དང༌། སྒྲུབ་ཐབས་དང༌། ལས་རིམ་ལ་སོགས་པ་རྒྱ་གར་བའི་གཞུང་མཐའ་དག་ལ་ཡུན་རིང་དུ་འདྲིས་པར་བྱས་ཤིང༌། ཁྱད་པར་དུ་བྱ་བ་སྤྱིའི་རྒྱུད་བཞི་དང༌། སློབ་དཔོན་བྱང་ཆུབ་མཆོག་གི་གཞུང་དང༌། རྒྱུད་སྡེའི་དོན་ལ་ཚད་མར་གྱུར་པའི་མཁས་པ་ཆེན་པོ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་གསུང་རབ་ལ་གཞི་བྱས། བོད་ཀྱི་མཁས་པ་སྔ་རབས་པ་མང་པོ་དང༌། ཀུན་མཁྱེན་གཉིས་པ་བུ་སྟོན་ལོཙྪ་བའི་གསུང་རབ་ལས་ཀྱང་ལེགས་བཤད་ཀྱི་ཆ་བསྡུས་ཏེ། བྱ་བའི་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་བའི་ཕྱིར་དུ། ལེགས་པར་བསྒྲུབས་པའི་བསྟན་བཅོས་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་འདི་ནི། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས། བདེ་བར་གཤེགས་པའི་རིང་ལུགས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པ་རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་ཀུན་ལྡན་གྱི་ལོ་གྲོ་ཞུན་གྱི་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི། དགེ་སློང་བསོད་ནམས་རིན་ཆེན་གྱིས་གུས་པས་བགྱིས་པ་འདི་རེ་ཞིག་ཡོངས་སུ་རྫོགས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*