སྤྱོད་རྒྱུད་སྤྱིའི་རྣམ་བཞག བྱ་རྒྱུད་སྤྱིའི་རྣམ་བཤད། ག༽

བྱས་ནས་ཡིན་གྱི། རིགས་སོ་སོའི་དཀྱིལ་འཁོར་ལ་ལན་རེས་ཆོག་གོ །དེ་ནས་སློབ་དཔོན་གྱིས་མེ་ཏོག་དེ་བླངས་ཏེ། གང་ལ་ཕོག་པའི་ལྷ་དེའི། སྙིང་པོའམ་སྔགས་ཀྱི་ཕྲེང་བར་བསྒོམས་ཏེ་དེ་ཉིད་བཟླས་ལ་བྱིན། དེས་ཀྱང་སྔགས་ཀྱི་ཕྲེང་བར་མོས་པས་བླངས་ཏེ་སྔགས་ལན་གསུམ་བཟླའོ། །དེ་ནས་མེ་ཏོག་སངས་རྒྱས་ཀྱི་དབུ་ལ་ཕོག་ན། གཙུག་ཏོར་དང་མཛོད་པུས་རིག་སྔགས་འགྲུབ་པ་ལ་སོགས་པ་སྤྱི་རྒྱུད་དུ་ཤེས་སོ། །དེ་ནས་སློབ་མས་དཀྱིལ་འཁོར་དང་རང་གི་ལྷ་ལ་ཕྱག་དང་མཆོད་པ་དབུལ་བསྐོར་བ་བྱ། འདི་ཡན་ཆད་ནི་དབང་མི་བསྐུར་བའི་སློབ་མ་ལའང་བྱ་བར་མངོན་ཏེ། བློ་དང་ལྡན་པས་ཆོ་ག་འདིས། །སློབ་མ་ཐམས་ཅད་གཟུད་པར་བྱ། །ཞེས་སོ། །གཉིས་པ་ནི། སློབ་མ་དབང་བསྐུར་འོས་རིགས་ནས། །ཆོ་ག་བཞིན་དུ་ནན་ཏན་དུ། །དབང་བསྐུར་བ་ཡི་ཆོ་ག་བྱ། །ཞེས་པས་དབང་བསྐུར་བར་འོས་པའི་སློབ་མ་རྣམས་ལས་ཐམས་ཅད་པས་བསྔགས་པའི་ཀུ་ཤ་ལ་སོགས་པའི་གདན་ལ་ཁ་ནུབ་ཏུ་ཕྱོགས་པར་བཞག རྡོ་རྗེ་གོ་ཆའི་སྔགས་རྒྱས་གོ་བསྐོན་ལ། ལྷ་རྣམས་ཀྱི་སྔགས་ཟློས་ཤིང་གདུགས་དང་མེ་ཏོག་གྲི་ཕྲེང་བ་ལ་སོགས་པའི་བསྙེན་བཀུར་བྱ། བདུག་པས་བདུག་ཞིང་བཀྲ་ཤིས་རྒྱ་ཆེར་འདོན་དུ་གཞུག་སྟེ། །ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །བཏབ་པའི་སྟན་ནི་གསར་བཞག་སྟེ། །བཀྲ་ཤིས་ལ་སོགས་ཀུན་བྱས་ལ། །བསྲུང་བ་ནན་ཏན་ཆེར་བྱས་ཏེ། །དཀྱིལ་འཁོར་གྱི་ནི་སྔགས་ཟློས་ཤིང༌། །སྤྱི་བོར་གདུགས་བཟང་དཀར་པོ་ལ། །མེ་ཏོག་ཕྲེང་བ་དཀར་པོས་བརྒྱན། །རས་ཕྲན་དཀར་པོ་དཔྱངས་པ་བཟུང༌། །སློབ་མས་ཡོན་ནི་ཆེར་དབུལ་ཞིང༌། །བླ་མ་བསྙེན་བཀུར་བྱས་པ་དག །སྟན་ལ་དེ་ནི་བཞག་ནས་སུ། །སྔགས་ཀྱིས་སྐྱོན་བསང་བཀྲ་ཤིས་བྱ། །བདུག་པ་ལེགས་པར་སྦྱར་བ་ཡིས། །བདུག་པ་ཁྲོ་བོའི་རྒྱལ་པོས་བདུགས། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ནས་བླ་མས། ཡིད་ཀྱིས་ལྷ་ལ་གསོལ་བ་བཏབ་ཅིང་བུམ་པ་སོ་སོའི་སྔགས་བརྒྱ་རེ་བཟླས་ནས། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ། སློབ་མའི་སྤྱི་བོར་བཞག་ནས། ལྷ་སོ་སོའི་སྔགས་ཀྱི་རྗེས་སུ་ཆུ་དབང་གི་སྔགས་བཏགས་ལ་དབང་བསྐུར། ཐམས་ཅད་རྫོགས་པ་དང༌། གཙོ་བོའི་བུམ་པའི་ཆུ་དང་སྔགས་ཀྱིས་ཀྱང་དབང་བསྐུར། འཐུང་ཞིང་ཁྲུས་བྱས་པས་དྲི་མ་ཐམས་ཅད་དག ལྷ་སོ་སོའི་ཡེ་ཤེས་ཐོབ་པའི་ས་བོན་རྒྱུད་ལ་བཞག་པར་བསམས་ཏེ། ཆོ་ག་རྒྱས་པར་བྱས་ནས་སུ། །ཡིད་ཀྱིས་དཀྱིལ་འཁོར་ལྷ་ཀུན་ལ། །མཁས་པས་གསོལ་བ་བཏབ་ནས་ནི། །བུམ་པ་བཟླས་བརྗོད་བརྒྱར་བྱས་ལ། །དེ་ནི་ལེགས་པར་བླངས་ནས་སུ། །དཀྱིལ་འཁོར་དལ་བུས་ལན་གསུམ་བསྐོར། །རྩ་བའི་གསང་སྔགས་ཀུན་འདོན་ཅིང༌། །བློ་དང་ལྡན་པས་དབང་བསྐུར་བྱ། །ཞེས་སོ། །དེ་ནས་རང་རང་གི་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་ལ། རིན་པོ་ཆེའི་ཅོད་པཎ་དང་དར་དཔྱངས་བཅིངས་པ་ཅོད་པཎ་གྱི་དབང་སྟེ། དེ་ནས་ཕྱག་རྒྱ་བཅིངས་ནས་སུ། །ཞེས་སོ། །འདིར་རྒྱུད་སྡེ་གོང་མར། ཆུ་ཡི་དབང་བསྐུར་ཅོད་པཎ་དག །བྱ་བའི་རྒྱུད་ལ་ཞུགས་པ་ཡིན། །ཞེས་གསུངས་པའི་ཅོད་པཎ་གྱི་དོན་ཡང་ཕྱག་རྒྱ་སྤྱི་བོར་གཏུགས་པ་ཉིད་ལ་བྱ་སྟེ། འཇམ་དཔལ་རྩ་རྒྱུད་ལས། དང་པོར་རེ་ཞིག་རིག་པའི་དབང་བསྐུར་བ་བྱིན་ཏེ། ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་བཅིང་དུ་གཞུག་པར་བྱའོ། །ཞེས་དང༌། ཆོ་ག་ཞིབ་མོ་ལས་ཀྱང༌། ཐལ་མོ་ལྷན་ཅིག་དམ་དུ་སྦྱར་ཏེ་མཁས་པས་པདྨའི་ཚུལ་དུ་བགྱིས་ལ་མཛུབ་མོ་ནོར་བུར་བགྱིས་ཏེ། གུང་མོ་ཡིད་ཙམ་ཞིག་བཀུག་པ་ནི་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོ་སྟེ་ལག་པ་སྤྱི་བོར་བརྐྱངས་ནས། སྤྱི་བོར་དབང་བསྐུར་བསྩོལ་བའི་སྔགས་འདི་བརྗོད་དོ། །ཞེས་དང༌། འདིས་དབང་བསྐུར་བ་ཙམ་གྱིས་རིག་སྔགས་འཆང་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །ཞེས་དང༌། རིག་མཆོག་ལས། རྒྱལ་བའི་རྒྱུད་ལས་དབང་བསྐུར་བའི་ཕྱག་རྒྱ་ཡང་དེ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྤྱི་རྒྱུད་ལས། དེ་ལྟར་དབང་བསྐུར་བྱས་ནས་ནི། །དེ་ལ་གསར་པའི་གོས་རྣམས་བསྐོན། །མེ་ཏོག་དྲི་ལ་སོགས་པས་མཆོད། །མཆོད་ཕྱིར་ཐོགས་དང་གདུ་བུར་བཅས། །ཞེས་པས། ཆུས་སྦངས་པའི་གོས་བརྗེས་ལ་གོས་གསར་པ་བསྐོན་ཉེར་སྤྱོད་ལྔས་མཆོད། མཆོད་ཕྱིར་ཐོགས་དང་གདུ་བུ་ལ་སོགས་པ་གདགས་སོ། །དེ་ནས། དེ་ཡི་སྤྱི་བོར་གདུགས་ཀྱང་བཟུང༌། །ཞེས་དང༌། དཀྱིལ་འཁོར་ལེགས་པར་བསྐོར་དུ་གཞུག །གདུགས་དང་བཅས་པས་སྒོ་ཕྱོགས་སུ། །སྤྱི་བོར་བཏུད་དེ་ཕྱག་འཚལ་གཞུག །ཅེས་པས་བླ་མས་གདུགས་བཟུང༌། སློབ་མས་ཐལ་མོ་སྦྱར་ལ། དཀྱིལ་འཁོར་ལ་བསྐོར་བ་བྱ། ཤར་སྒོ་ནས་གདུགས་དང་བཅས་པས་ཕྱག་འཚལ་དུ་གཞུག་ལ། སྔགས་དང་རྒྱུད་རྣམས་སོགས་ཀྱིས། སློབ་མ་ལྷ་ལ་དབུལ། དེ་ནས་གདུགས་གཞན་དུ་བཞག་ལ། ད་ནི་དཀྱིལ་འཁོར་སློབ་དཔོན་གྱུར། །ཞེས་པ་ནས། སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར། །ཞེས་པའི་བར་བརྗོད་དོ། །དེ་ནས་སློབ་མ་དེ་ཡི་ཕྱིར། །སྦྱིན་སྲེག་ཆོ་ག་སྔོན་བཞིན་བྱ། །ཞེས་དང༌། སྦྱིན་སྲེག་ཟིན་ནས་སྤྱི་བོར་ནི། །ཆུ་དེ་ཉིད་ཀྱིས་བསང་གཏོར་བྱ། །དེ་ནས་དེ་ལ་དཀྱིལ་འཁོར་ནི། །རབ་ཏུ་རྒྱས་པར་སྟོན་པར་བྱའོ། །ཕྱག་རྒྱ་ཆེན་པོ་དག་ཀྱང་བསྟན། །རིག་སྔགས་རྒྱལ་པོ་ཀློག་ཏུ་གཞུག །ཅེས་པའི་འཇིག་རྟེན་ལས་འདས་པའི་ལྷ་ལ་སྦྱིན་སྲེག་དང༌། སློབ་དཔོན་ལ་ཡོན་ཕུལ། ལས་ཐམས་ཅད་པའི་ཆུས་སྤྱི་བོ་ནས་གཏོར་ནས། རྟེན་དཀྱིལ་འཁོར་དང་བརྟེན་པ་ལྷའི་ཕྱག་རྒྱ་ཆེན་པོ་རྣམས་རྒྱས་པར་བཤད། སོ་སོའི་གཟུངས་ཀློག་ཏུ་གཞུག་གོ །དེ་ནས། མེ་ཏོག་སྙིམས་པ་བཀང་ནས་སུ། །བདག་གིས་སྔགས་དང་ལྷ་རྣམས་ཀྱང༌། །གོ་རིམ་བཞིན་དུ་མཆོད་བྱས་ནས། །ཞེས་དང༌། དེ་ཚེ་བླ་མར་ཅི་འདོད་པའི། །ཡོན་ནི་ཕྱག་རྒྱས་དབུལ་བར་བྱ། །ཞེས་པས་དཀྱིལ་འཁོར་ལ་མེ་ཏོག་དང༌། སློབ་དཔོན་ལ་ཅི་འབྱོར་པའི་ཡོན་དབུལ་ལོ། །དེ་ནས་སློབ་དཔོན་གྱིས་ཤེར་ཕྱིན་གྱི་མདོ་བཀླགས་ཏེ། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །ཞེས་པ་ནས། དེའང་བདག་གིས་རྟོགས་པར་བྱ། །ཞེས་པའི་བར་གྱིས་དམ་ཚིག་རྣམས་བཤད་ལ། སློབ་མས་ཀྱང་བསྲུང་བར་ཁས་བླང་ངོ༌། །དེ་ནས། ཉིད་ཀྱིས་ཕྱག་རྒྱ་རྣམས་བསྟན་ལ། །ཉིད་ཀྱིས་རིགས་ཀྱི་རིག་པ་སྦྱིན། །ཞེས་པའི་དོན། ཕྱག་རྒྱ་བསྟན་པ་ནི། ལྷ་སོ་སོའི་དམ་ཚིག་གི་ཕྱག་རྒྱ་བསྟན་ཅིང༌། དོན་བཤད། ཉིད་ཀྱིས་རིག་པ་སྦྱིན་པ་ནི། སྔགས་ཀྱི་རྗེས་གནང་སྟེར་བ་སྟེ། དེའི་ཚུལ་ཡང༌། ལེགས་གྲུབ་ལས། སློབ་མས་དཀྱིལ་འཁོར་ཕྱག་བྱས་ནས། །ཁྱད་པར་དུ་ནི་ཡོན་ཕུལ་ཏེ། །བླ་མའི་ཞལ་ནས་མངོན་སུམ་དུ། །རིག་སྔགས་ཡོངས་སུ་གཟུང་བར་བྱ། །སྙིམས་པ་མེ་ཏོག་གི་བཀང་ནས། །གུས་ཤིང་རིམ་གྲོ་བསྐྱེད་བྱས་ཏེ། །བླ་མས་ཐོག་མར་ལན་གསུམ་བཟླས། །རང་གིས་ལན་གསུམ་བཟླས་ཏེ་འདོན། །དེ་ནས་ཡི་གེ་མང་པོའི་སྔགས། །གི་ཝཾ་དག་གིས་ཤོག་ཤོག་ལ། །ཇི་སྐད་བསྟན་བཞིན་སྔོན་བྲིས་ཏེ། །དེ་ནས་ཅི་བདེར་ཁ་ཏོན་བསླབ། །ཅེས་དང༌། རིག་སྔགས་ཡིད་ཀྱིས་གསོལ་བཏབ་ནས། །ལན་བརྒྱར་ཡོངས་སུ་བཟླས་བརྗོད་དེ། །འདི་ནི་ཁྱེར་ཅིག་ཁྱེར་ཅིག་ཅེས། །མེ་ཏོག་དྲི་ཞིམ་དག་གིས་སྦྱིན། །བཅོམ་ལྡན་འདི་ལ་བརྟན་པ་དང༌། །འདི་ལ་རབ་ཏུ་འགོ་བར་མཛོད། །བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛོད་ཅེས་བྱ། །སློབ་དཔོན་དང་ནི་སློབ་མ་ཡིས། །རིག་སྔགས་སྦྱིན་ཞིང་ཡོངས་བཟུང་བའི། །ཆོ་ག་འདི་ལྟར་བྱས་ན་ནི། །ལྷ་ཉིད་མྱུར་དུ་འགྲུབ་པར་འགྱུར། །ཞེས་པ་ལྟར་བྱའོ། །དཀྱིལ་འཁོར་དག་ཀྱང་བཤད་པར་བྱ། །དེ་ནས་ཁ་ལག་བཀྲུས་ནས་སུ། །ལྷ་ལ་མཆོད་ཡོན་ཕུལ་ནས་ནི། །གོ་རིམ་བཞིན་དུ་ཐམས་ཅད་ལ། །བདུག་སྤོས་ཆོ་ག་བཞིན་དུ་འབུལ། །ཞེས་པས་དེ་ལྟར་དབང་ཐོབ་ནས། སློབ་མས་ཁ་ལག་བཀྲུས་ནས། མཆོད་ཡོན་དང་བདུག་སྤོས་ལ་སོགས་པས་མཆོད་པ་རྒྱ་ཆེན་པོ་བྱའོ། །བླ་མ་རྣམས་ཀྱི་ཕྱག་བཞེས་ལ་འདི་ཡན་ཆད་ཙམ་ལས་མི་མཛད་པར་སྣང་ཡང༌། བདག་གིས་རྟོགས་པ་ལ། བཟླས་ལུང་ཡན་ཆད་ཚར་བའི་རྗེས་སུ་འཇོམས་སོགས་ནས་འབྱུང་བ་ལྟར། ཁྲུས་དང༌། བྱབ་པ་དང༌། བསྲུང་བ་དང༌། བཀྲ་ཤིས་རྫས་བརྒྱད་ཀྱི་ཤིས་པ་རྣམས་བྱ་དགོས་པར་སེམས་ཏེ། སྤྱི་རྒྱུད་ལས། དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་མཉམ་པར་གཞག་པ་ཡི། །དེ་དག་ཤེས་ནས་ཅི་རིགས་བྱ། །སློབ་དཔོན་གོ་འཕང་ཐོབ་བྱའི་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་བྱའི་ཕྱིར། །གཉིས་པ་ལེགས་པར་བཤད་པ་ཡིན། །བགེགས་རྣམས་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་འབྱོར་བ་ཐོབ་བྱའི་ཕྱིར། །ཆོ་ག་རྒྱས་པ་དེ་བཤད་དོ། །ཞེས་དབང་བསྐུར་གྱི་གྲངས་བཞིར་བཤད་ཅིང༌། དེའི་དགོས་པ་ཡང༌། དང་པོ་སློབ་དཔོན་གྱི་གོ་འཕང་འཐོབ་པའི་ཕྱིར་དང༌། གཉིས་པ་རིག་སྔགས་གྲུབ་པ་དང༌། གསུམ་པ་བགེགས་གཞོམ་པ་དང༌། བཞི་པ་འབྱོར་པ་ཐོབ་པའི་ཕྱིར་དུ་གསུངས་ལ། རྒྱས་བཤད་ཀྱི་སྐབས་སུ། བུམ་པས་མངོན་པར་དབང་བསྐུར་བྱ། །དེ་ཉིད་ཀྱིས་ནི་སྦྱིན་སྲེག་བྱ། །ཞེས་སོགས་ཀྱིས། །ཆུ་དང་ཅོད་པཎ་གྱི་དབང་དང༌། །དེ་ཉིད་དུ་ཡང་དེ་ནི་བཟླས། །དེ་ལྟར་གང་གིས་དབང་བསྐུར་བ། །དབང་བསྐུར་ཆོ་ག་གཉིས་པ་ཡིན། །ཞེས་བཟླས་ལུང་སྦྱིན་པ་སྟེ། འདི་གཉིས་དངོས་སུ་འབྱུང་ལ། །སེམས་ནི་བགེགས་ཀྱིས་བརླམས་པ་དག །ཞི་བར་བྱ་བ་གང་ཡིན་པ། །དེ་ནི་དབང་བསྐུར་གསུམ་པ་སྟེ། །ཞེས་པས་ཁྲུས་བྱབས་པ་བསྲུངས་བ་གསུམ་ཟིན་ཏེ། དེ་གསུམ་བགེགས་ཞི་བའི་ཆོ་ག་ཡིན་པའི་ཕྱིར་རོ། །དཔལ་ལ་སོགས་པའི་དཀྱིལ་འཁོར་དུ། །རྒྱལ་སྲིད་ཐོབ་ཕྱིར་དབང་བསྐུར་དང༌། །བྱུར་ནི་མེད་པར་བྱ་བ་དང༌། །དཔལ་ཡང་བསྐྱེད་པར་བྱ་བ་དང༌། །ནོར་དང་བུ་ཚ་འཕེན་པ་དང༌། །དེ་ལ་སོགས་པ་དབང་བསྐུར་གང༌། །དེར་ནི་བཞི་པ་མི་རྣམས་ལ། །འབྱོར་པ་སྦྱིན་པར་ཤེས་པར་བྱ། །ཞེས་པས། བཀྲ་ཤིས་རྫས་བརྒྱད་སོགས་ཀྱི་ཤིས་བརྗོད་ཀྱི་ཆོ་ག་ཟིན་ཏེ། ཚེ་དཔག་མེད། གདུགས་དཀར། རྣམ་འཇོམས་སོགས་བྱ་རྒྱུད་ཀྱི་ཟུར་བཀའ་རྣམས་ལ་དབང་བསྐུར་འདི་དག་སྣང་བའི་ཕྱིར་རོ། །དེ་ལྟར་དབང་བསྐུར་བ་རྫོགས་པའི་རྗེས་སུ། སློབ་དཔོན་གྱིས། བཟླས་པ་ཅི་འགྲུབ་བྱ་ཞིང་དངོས་གྲུབ་བླང༌། དཀྱིལ་འཁོར་གྱི་ལྷ་རྣམས་ལ་གཏང་རག་གི་མཆོད་བསྟོད་བྱ་ཞིང་སྦྱིན་སྲེག་དབུལ། ལྷག་ཆད་ཁ་བསྐང་ཞིང་བཟོད་པར་གསོལ་ནས། ལྷ་སོ་སོའི་སྙིང་པོ་རྗེས་སུ་གཙྪ་བཏགས་པ་བརྗོད་ཅིང་མཆོད་ཡོན་སྦྲེངས་ལ། ལྷ་གཞལ་ཡས་ཁང་དང་བཅས་པ་གཤེགས་སུ་གསོལ། དེ་ནས། དམན་པ་རྣམས་ནི་ཕྱགས་ནས་སུ། །མཚོ་ཆེན་ནང་དུ་དོར་བར་བྱ། །ཞེས་པས་རྡུལ་ཚོན་རྣམས་ཕྱགས་ལ་མཆོད་རྫས་དམན་པ་རྣམས་དང་ལྷན་ཅིག་རྒྱ་མཚོར་འབབ་པའི་ཆུ་བོར་དོར་ལ། ལས་ཀྱི་རྗེས་མི་མངོན་པར་བྱ། ཕྱི་ཉིན་ཞི་བའི་སྦྱིན་སྲེག་བྱ་ཞིང་བཀྲ་ཤིས་རྒྱས་པར་བརྗོད་དོ། །ལྔ་པ་དེ་ལྟར་དབང་བསྐུར་བའི་ཕན་ཡོན་ནི། དེ་ལྟར་རྒྱུད་ནས་བཤད་པའི་ཆོ་ག་བཞིན་དུ་དཀྱིལ་འཁོར་བྲིས་ཤིང་དབང་བསྐུར་བ་ལས་འཕྲལ་དང་ཡུན་གྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་དེ། གསང་བ་སྤྱི་རྒྱུད་ལས། ཆོ་ག་ལེགས་པར་འདྲི་ན་ནི། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དེ། །འདོད་པའི་གནས་ནི་དམ་པར་སྐྱེ། །གཤེད་བྱེད་རྣམས་དང་རོ་ལངས་དང༌། །ཤ་ཟ་ལྟོ་འཕྱེ་ཆེན་པོ་སྟེ། །རྣམ་པ་སྣ་ཚོགས་གདོན་རྣམས་དང༌། །འཇིགས་པར་འགྱུར་བའི་བགེགས་རྣམས་ཀྱིས། །ལྷ་ཡི་རིགས་མཐོང་དམ་ཚིག་ཤེས། །རྟག་ཏུ་ཚུགས་པར་མི་འགྱུར་ཞིང༌། །དེ་ཡི་མི་དགེའི་ལས་འབྱངས་ཤིང༌། །ངན་སོང་དུ་ཡང་ཡོངས་མི་ལྟུང༌། །དེ་ཡིས་བསྒྲུབས་ན་ངེས་པ་ནི། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །དེ་ལ་བྱང་ཆུབ་ས་བོན་ནི། །བསྟན་པར་འགྱུར་བ་དོགས་པ་མེད། །ཅེས་དཀྱིལ་འཁོར་བྲིས་པའི་ཕན་ཡོན་དང༌། དབང་བསྐུར་དང་པོ་ཐོབ་པ་ནི། །སངས་རྒྱས་རྣམས་ཀྱང་དགོངས་པར་འགྱུར། །དེའི་སྲས་གསང་སྔགས་སྤྱོད་པ་ལས། །བརྩོན་པ་རྣམས་ཀྱིས་བཀུར་བར་འགྱུར། །རིག་སྔགས་གསང་སྔགས་མང་པོ་དང༌། །འཕགས་པ་སྤྱན་རས་གཟིགས་དབང་དང༌། །དཔའ་བོ་རྡོ་རྗེ་འཛིན་པ་དག །ཉིད་ཀྱིས་བྱིན་གྱིས་བརླབ་པར་འགྱུར། །དེ་ཡིས་སྦྱར་ན་སྒྲུབ་པ་པོ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དེས་ནི་ཅིས་ཀྱང་མི་ཚུགས་ཤིང༌། །ལྷ་རྣམས་ཀྱིས་ཀྱང་མཆོད་པར་འགྱུར། །འཁོར་བ་ན་ནི་འཁོར་བ་ན། །དེས་ནི་ངན་སོང་ལྟུང་མི་འགྱུར། །ཡན་ལག་ཉམས་དང་དབུལ་བ་དང༌། །སྨད་པ་རྣམས་སུ་སྐྱེ་མི་འགྱུར། །ཚེ་རབས་དྲན་ཞིང་ལོངས་སྤྱོད་ཆེ། །ཚུལ་ཁྲིམས་ལྡན་ཞིང་གཟུགས་ཀྱང་བཟང༌། །རྟག་ཏུ་ལྷ་དང་མི་རྣམས་ཀྱི། །མཐོ་རིས་རྣམས་སུ་སྐྱེ་བར་འགྱུར། །དེ་ཡི་བསོད་ནམས་མཐུ་ཡིས་ནི། །སངས་རྒྱས་བྱང་ཆུབ་ལ་མི་ལྡོག །དེས་ནི་རིང་པོར་མི་ཐོགས་པར། །བྱང་ཆུབ་ཚོགས་ནི་རྫོགས་པར་འགྱུར། །ཞེས་དབང་བསྐུར་བའི་ཕན་ཡོན་ཡང་གསུངས་པས། ཕན་ཡོན་དེ་དང་གཞན་ཡང་མང་དུ་ཡོད་པར་རིགས་པར་བྱའོ། །དེ་ལྟར་བཤད་པའི་ཆོ་ག་འདིས་ནི། བྱ་བ་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་ལས་དཀྱིལ་འཁོར་དང་དབང་གི་བཤད་པ་ཙམ་ཡོད་ལ་ཆོ་ག་རྒྱས་པར་མ་གསུངས་པ་ཐམས་ཅད་ཆོ་ག་འདི་ཁོ་ནས་ཁ་བསྐང་བར་བྱ་སྟེ། སྤྱི་རྒྱུད་ལས། མཁས་པས་ཆོ་ག་འདི་ཡིས་ནི། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ། །ཞེས་དང༌། །རིག་སྔགས་ཀུན་གྱི་འདུལ་བ་ལས། །ཆོ་ག་རིམ་པ་ཅི་བཤད་པ། །དཀྱིལ་འཁོར་གྱིས་ནི་ཆོ་ག་ལ། །མཁས་པས་ཆོ་ག་དེ་བཞིན་སྦྱར། །ཞེས་གསུངས་པའི་ཕྱིར་རོ། །སྨིན་བྱེད་ཀྱི་ཆོ་ག་འདི་ནི་ལམ་གྱི་གཞི་ཡིན་པའི་ཕྱིར། ཤིན་ཏུ་གལ་ཆེ་བས། བླ་མ་མཁས་པ་ལས་གསང་བ་སྤྱི་རྒྱུད་ཞིབ་ཏུ་ཉན་ནས་མཁས་པར་སྦྱང་བ་གལ་ཆེའོ། །གསུམ་པ་དབང་ཐོབ་ནས་དམ་ཚིག་གི་ཚོགས་བསྐྱང་བ་ལ་གཉིས། དབང་དུས་སུ་ཐོབ་པའི་དམ་ཚིག་མི་ཉམས་པར་བསྲུང་བ་དང༌། གལ་ཏེ་ཉམས་ན་ཕྱིར་བཅོས་པའོ། །དང་པོ་ནི། བྱ་རྒྱུད་ཀྱི་དབང་ཐོབ་པའི་གང་ཟག་གིས། ངེས་པར་བསྲུང་དགོས་པའི་སྡོམ་པ་གང་ཡིན་སྙམ་ན། འདི་ལ་མཁས་པ་དག ཇོ་བོ་རྗེས་མཛད་པར་གྲགས་པའི་དམ་ཚིག་བསྡུས་པར། ཀྲྀ་ཡའི་རྒྱུད་ཀྱི་རྩ་ལྟུང་སུམ་ཅུ་དང༌། །ཞེས་གསུངས་པ་ལ། སུམ་ཅུའི་རྐང་གྲངས་གཞན་ནས་བཤད་པ་མ་མཐོང་བས། ལེགས་གྲུབ་ཏུ། རིག་སྔགས་ཀྱིས་འདུལ་བ་སྔ་ཕྱི་གཉིས་གསུངས་པ་རྣམས་ཡིན་ནམ་གསུངས་པ་མི་འཐད་དེ། རིག་སྔགས་ཀྱིས་འདུལ་བ་རྣམས་རྩ་ལྟུང་དུ་མི་རིགས་པའི་ཕྱིར་དང༌། སྔ་ཕྱི་གཉིས་ཀ་ལ་གྲངས་བརྒྱད་ཅུ་ཙམ་སྣང་བའི་ཕྱིར་རོ། །གལ་ཏེ། ཇི་ཙམ་འདོད་པར་བཟླས་ནས་སུ། །མཁས་པས་ལྷ་ཡི་གནས་སུ་འགྲོ། །ཞེས་པ་མན་ཆད་ལ་སུམ་ཅུ་ཡོད་པས་དེ་རྣམས་ཡིན་ནོ་སྙམ་ན། དེའང་མི་འཐད་དེ། འདི་རྣམས་རྩ་ལྟུང་ཡིན་ན། རིག་སྔགས་ཀྱིས་འདུལ་བ་གཞན་རྣམས་རྩ་ལྟུང་མ་ཡིན་པའི་ཤེས་བྱེད་མེད་པའི་ཕྱིར་རོ། །ཡང་བླ་མ་དག ཕར་ཕྱིན་ཐེག་པར་བཤད་པའི་སྨོན་འཇུག་སེམས་བསྐྱེད་ཀྱི་བསླབ་བྱ་རྣམས་འདིའི་དམ་ཚིག་ཡིན་གྱི། དེ་ལས་གཞན་པའི་དམ་ཚིག་བཟུང་རྒྱུ་མེད་དེ། དབང་བསྐུར་གྱི་དུས་སུ་སྨོན་འཇུག་སེམས་བསྐྱེད་ལས་གཞན་མ་གསུངས་པའི་ཕྱིར་རོ། །ཞེས་འཆད་པ་ཡང་མི་འཐད་དེ། དེ་ལྟར་ན་རྣལ་འབྱོར་ཆེན་པོའི་རྒྱུད་ཁ་ཅིག་ཏུ་སློབ་དཔོན་སྨོད་པ་ལ་སོགས་པའི་རྩ་ལྟུང་བཅུ་བཞི་བཟུང་མི་དགོས་པར་འགྱུར་ཏེ། དབང་གི་གནས་སྐབས་སུ་རིགས་ལྔའི་སྡོམ་པ་འཛིན་པ་ལས་གཞན་མ་བཤད་པའི་ཕྱིར་རོ། །གལ་ཏེ་རིགས་ལྔའི་དམ་ཚིག་ནི་ཁས་བླངས་པའི་སྡོམ་པ་ཡིན་ལ། རྩ་ལྟུང་བཅུ་བཞི་ནི་དབང་གིས་ཐོབ་པའི་སྡོམ་པ་ཡིན་པས་གཉིས་ཀ་བཟུང་དགོས་སོ། །ཞེ་ན། འདིར་ཡང་མཚུངས་ཏེ། སྨོན་འཇུག་གི་སྡོམ་པ་ནི། ཁས་བླངས་པའི་སྡོམ་པ་ཡིན་ལ། གཞན་རྣམས་ནི་དབང་གིས་ཐོབ་པའི་དམ་ཚིག་ཡིན་པའི་ཕྱིར་གཉིས་ཀ་བསྲུང་དགོས་སོ། །འོ་ན་གང་ཡིན་སྙམ་ན། གསང་བ་སྤྱི་རྒྱུད་ལས། དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ཡང་གུས་པར་བྱའོ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱའོ། །སྟོན་པ་གཞན་གྱིས་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡིས། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང༌། །དེའང་བདག་གིས་རྟོགས་པར་བྱ། །དེ་ལྟར་དམ་ཚིག་བསྒོས་ནས་ནི། །ཞེས་གསུངས་པ་འདི་རྣམས་ཡིན་ལ། ལེགས་གྲུབ་ལས། དེ་ནས་གཞན་ཡང་གང་ཞིག་གི །གནས་ནས་བཟླས་པ་པོ་རྣམས་ཀྱིས། །དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི། །རིག་སྔགས་ཟློས་པའི་འདུལ་བ་བཤད། །ཅེས་སོགས་ལེའུ་གཅིག་གིས་བསླབ་བྱ་མང་པོ་བསྟན་པ་རྣམས་ནི། སྔགས་ཟློ་དུས་ཀྱི་བསླབ་བྱ་དང༌། །སྔར་གྱི་སྤྱི་རྒྱུད་ཀྱི་དམ་ཚིག་དེ་རྣམས་ཀྱང་ཅི་རིགས་པར་བཤད་པས། སོ་སོ་མ་ཡིན་གྱི་སྤྱི་རྒྱུད་ཀྱི་དམ་ཚིག་གི་ཁོངས་སུ། ལེགས་གྲུབ་ནས་བཤད་པའི་དམ་ཚིག་རྣམས་བསྡུས་པའི་འཆད་ལུགས་ཤེས་དགོས་སོ། །དེ་ལ་གཉིས། སྤྱིའི་དམ་ཚིག་གསུམ་བསྲུང་བ་དང༌། དབང་གི་དམ་ཚིག་བཅུ་གསུམ་བསྲུང་བའོ། །དང་པོ་ལ་གསུམ་གྱི། དང་པོ་ཆོས་འདི་པའི་དམ་ཚིག་བསྲུང་བ་ནི། དེ་རིང་ཕྱིན་ཆད་སོགས་སྨོས་ཏེ། དབང་བསྐུར་ཐོབ་པའི་ཉི་མ་དེ་རིང་ཕྱིན་ཆད་ནས། ཁྱེད་རྣམས་ཀྱིས་དམ་ཚིག་འདི་དག་སྲུངས་ཤིག གང་བསྲུངས་ན། སངས་རྒྱས་དང༌། ཆོས་དང་དགེ་འདུན་ཏེ། ཐེག་ཆེན་གྱི་དཀོན་མཆོག་གསུམ་པོ་འདི་ནི་དུས་ཐམས་ཅད་དུ་མི་བཏང་ཞིང༌། དེ་དག་ལ་སྐྱབས་སུ་སོང་བའི་བསླབ་བྱ་རྣམས་གཟུང་བར་བྱའོ། །འདི་ནི། ལེགས་གྲུབ་ཏུ། སྒྲུབ་པ་པོ་ནི་བློ་ཅན་གྱིས། །དུས་གསུམ་དུ་ནི་སྐྱབས་སུ་འགྲོ། །དུས་གསུམ་དུ་ནི་སྡིག་པ་བཤགས། །ཞེས་པ་དང་དོན་གཅིག་གོ །གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བསྲུང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་དང༌། དེའི་སྡེ་སྣོད་དུ་གསུངས་པའི་ཚུལ་ཁྲིམས་གསུམ་ལ་སོགས་པའི་བསླབ་པ་ལ་ཡང་དག་པར་བསླབ་པར་བྱ་སྟེ། ལེགས་གྲུབ་ཏུ། དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །རྒྱུད་མཐོང་ཆོ་ག་ཤེས་པ་ཡིས། །དུས་གསུམ་དུ་ཡང་སྨོན་ལམ་གདབ། །ཆོ་གར་སྤྱད་པ་དེ་དང་དེ། །ཇི་ལྟར་འདོད་པས་ཅི་ནུས་བྱ། །རྟག་ཏུ་གཏོང་ལ་བརྩོན་པ་དང༌། །འཇུངས་བྲལ་སྙིང་རྗེ་ལྡན་པ་དང༌། །རྟག་ཏུ་བཟོད་ཅིང་བྱམས་པར་ལྡན། །རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ། །རྗེས་སུ་དྲན་པ་དྲུག་རྣམས་ཀྱང༌། །བསམ་པ་དེས་པས་རྟག་ཏུ་བསྒོམ། །རྣམ་པ་སྣ་ཚོགས་ཆོས་ཉན་ནས། །མོས་པ་རྣམ་པར་སྤྱད་པར་བྱ། །ཞེས་སོ། །གསུམ་པ་འདས་པའི་ལྷ་རྣམས་ལ་དད་པ་བྱ་བ་ནི། རིག་སྔགས་ཏེ་ལྷ་མོ་དང༌། གསང་སྔགས་ཏེ་ལྷ་ཕོ་དེ་གཉིས་ཀྱིས་བསྡུས་པའི་བྱ་རྒྱུད་ཀྱི་ལྷ་ཚོགས་རྣམས་ལ་བཟང་ངན་དང་མཆོག་དམན་དུ་འཛིན་པའི་མ་དད་པ་སྤངས་ནས་དད་པ་དང་གུས་པ་རབ་ཏུ་བརྟན་པར་བྱ་སྟེ། ཟློས་པ་དངོས་གྲུབ་འདོད་པ་དེས། །ལུས་དང་ངག་ཡིད་འཇུག་པ་ཡིས། །རྟག་ཏུ་མཆོད་ནས་མཆོད་པར་བྱ། །ཞེས་སོ། །འདི་གསུམ་ལ་སྤྱིའི་དམ་ཚིག་ཏུ་འཇོག་པའི་རྒྱུ་མཚན་ནི། དབང་ཐོབ་པའི་གང་ཟག་དང་མ་ཐོབ་པའི་གང་ཟག་བྱ་རྒྱུད་ལ་འཇུག་པའི་སྔོན་དུ་ལམ་ཐུན་མོང་པ་ལ་སྦྱོང་བ་བྱེད་པས་ཀྱང༌། དམ་ཚིག་འདི་གསུམ་བསྲུང་དགོས་པའི་ཕྱིར་རོ། །གཉིས་པ་ལ། བཅུ་གསུམ་གྱི། དམ་ཚིག་དང་པོ་ནི། དུས་རྟག་པར་ཕྱག་རྒྱ་ཆེན་པོ་སྟེ་རང་གི་འདོད་པའི་ལྷ་ལ་ལྷ་གཞན་ལས་ཁྱད་པར་དུ་གུས་པའི་མོས་པ་བྱ་ཞིང༌། ལྷ་བསྒྲུབས་པས་མ་འགྲུབ་ན། དེ་ལ་ཁྲོས་པས་རིག་སྔགས་བཅིང་བ་ལ་སོགས་པ་སྤོགས་ཆོག་ཀྱང་ལྷ་ལ་མ་གུས་པ་ཡིན་པས་མི་བྱ་སྟེ། མཁས་པས་རིག་སྔགས་དག་ལ་ནི། །ཁྲོས་ནས་མནན་དང་བཅིང་བ་དང༌། །བཅད་པ་དང་ནི་ཚར་བཅད་དང༌། །དྲག་གཅོད་དེ་དང་དེ་མི་བྱ། །ཞེས་སོ། །གཉིས་པ་ནི། དམ་ཚིག་ཅན་གྱིས་བྱ་རྒྱུད་ཀྱི་སྒོར་ཞུགས་པའི་གང་ཟག་དབང་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ལྡན་པ་ལ་གུས་པར་བྱ་ལ། དེའི་སྐྱོན་བརྗོད་པ་དང༌། ལུས་སྲོག་ལ་མཐོ་བཙམས་པའི་བར་གྱི་གནོད་པར་འགྱུར་བའི་ལས་མི་བྱེད་པའོ། །གསུམ་པ་ནི། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པའི་གང་ཟག་ལས་འབྲས་དང་བྱང་ཆུབ་ཀྱི་སེམས་ལ་ནན་ཏན་དུ་བྱེད་པ་རྣམས་ནི་རང་གི་མཛའ་བོ་ཡིན་ལ་དེ་རྣམས་ལ་གུས་པར་བྱ་ཡི་སྐྱོན་བརྗོད་སོགས་མི་བྱེད་པ་སྟེ། ཡང་དག་ལྟ་བ་ངེས་གྱུར་ཅིང༌། །བྱང་ཆུབ་སེམས་ནི་བརྟན་བྱས་པ། །དགེ་སློང་ལ་སོགས་འཁོར་བཞི་རྣམས། །མཁས་པས་རྟག་ཏུ་གཟུང་བར་བྱ། །ཞེས་སོ། །བཞི་པ་ནི། རང་ལ་དབང་དང་རྒྱུད་དང་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པའི་མན་ངག་སྟེར་བའི་བླ་མ་ལ་གུས་པར་བྱ་ཞིང་རིགས་དང་ཚུལ་ཁྲིམས་དང་ཡོན་ཏན་ལ་སོགས་པའི་སྒོ་ནས་བརྙས་པ་དང་སྨད་པར་མི་བྱ་སྟེ། བླ་མ་དཀྱིལ་འཁོར་སྟོན་པ་དག །སྤྱོད་པ་ངན་པར་གྱུར་ན་ཡང༌། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཡང་སྨད་པར་མི་བྱའོ། །ཞེས་སོ། །ལྔ་པ་ནི། དབང་དང་ནོར་རྒྱས་པ་ལ་སོགས་པའི་ཕྱིར་གནོད་གནས་ལ་སོགས་པའི་ལྷ་བསྒྲུབས་པས་ཆོ་ག་ཚུལ་བཞིན་མ་གྲུབ་པ་ལ་བརྟེན་ནས། དངོས་གྲུབ་དེ་རྣམས་མ་བྱུང་ན། ལྷ་ལ་ཁྲོ་ཞིང་ཞེ་སྡང་བའི་སེམས་མི་བྱ་སྟེ། བསྒྲུབས་པས་གསང་སྔགས་ཐམས་ཅད་དང༌། །ལྷ་རྣམས་དག་ནི་ཐམས་ཅད་དང༌། །ཟློས་པ་བདག་ཉིད་ཆེན་པོ་ལ། །མཁས་པས་སྡང་བར་མི་བྱའོ། །ཞེས་སོ། །དྲུག་པ་ནི། ཚེས་བརྒྱད་ལ་སོགས་པའི་དུས་མཚམས་བཟང་པོ་དག་ལ། འདོད་པའི་ལྷ་དང་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པར་བྱ་སྟེ། སྒྲུབ་པ་པོས་ནི་ཚེས་བརྒྱད་དང༌། །བཅུ་བཞི་དང་ནི་བཅོ་ལྔ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ། །ཁྱད་པར་དུ་ནི་མཆོད་པར་བྱ། །ཞེས་སོ། །བདུན་པ་ནི། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པའི་སྟོན་པ་གཞན་རྣམས་ཀྱི། གཞུང་ནས་འབྱུང་བ་ལྟར་མི་མཆོད་ཅིང༌། དེའི་མན་ངག་དང་རྣལ་འབྱོར་ལ་ཉམས་ལེན་མི་བྱེད་པའོ། །བརྒྱད་པ་ནི། དུས་རྟག་ཏུ་གློ་བུར་དུ་འོངས་པའི་མགྲོན་ལ། ཁ་ཟས་དང་གནས་མལ་སོགས་ཀྱི་མཆོད་པ་ཅི་འགྲུབ་བྱ་སྟེ། དེ་ནི་བསོད་ནམས་ལྷག་པར་ཆེ་བའི་ཕྱིར་རོ། །དགུ་པ་ནི། སྲོག་ཆགས་ཕྲ་མོ་གྲོག་སྦུར་གྱི་བར་རྣམས་ལ་བྱམས་པའི་སེམས་བསྐྱེད་ནས། ཕན་པ་ཁོ་ན་བྱའི་གནོད་པའི་ལས་རྣམ་པ་ཐམས་ཅད་དུ་མི་བྱེད་པའི་སྡོམ་སེམས་རབ་ཏུ་བརྟན་པ་ཉེ་བར་བཞག་སྟེ། མཚོན་ཆ་འདྲ་བ་ཐམས་ཅད་དང༌། །དེ་བཞིན་སེམས་ཅན་འདྲ་བ་དང༌། །ཕྱག་རྒྱ་སྣ་ཚོགས་འདྲ་བ་དང༌། །བཟའ་བར་མི་བྱ་བགོམས་མི་བྱ། །སྒྲུབ་པ་པོ་ནི་བློ་ཅན་གྱིས། །སྨན་རྣམས་སྨད་པར་མི་བྱ་སྟེ། །མི་གཙང་བས་ཀྱང་རེག་མི་བྱ། །རྐང་པས་ཀྱང་ནི་མི་འགོང་ངོ༌། །ཐེག་པ་ཆེན་པོ་པ་དག་དང༌། །ཤེས་རབ་ཅན་གྱིས་བརྩད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ཡང་མི་དབྱུང་ངོ༌། །སྔགས་ཀྱིས་སྒྲུབ་པ་པོ་དག་དང༌། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །ཁྲོས་ནས་དྲག་ཤུལ་སྤྱད་མི་བྱ། །ཞེས་སོ། །བཅུ་པ་ནི། ཐེག་པ་ཆེན་པོ་གསང་སྔགས་ལ་ཞུགས་པའི་གང་ཟག་བྱང་ཆུབ་ཀྱི་སྤྱོད་པ་ལ་དགའ་བ་རྣམས་ཀྱིས་བསོད་ནམས་འཕེལ་བར་བྱེད་པའི་ཐབས་བཟླས་བརྗོད་དང༌། སྡོམ་པ་བཟུང་བ་སོགས་ལ་ནན་ཏན་བསྐྱེད་པ་སྟེ། བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང༌། །དེ་བཞིན་སྡོམ་པ་བཟུང་བ་དང༌། །ཁྱད་པར་དུ་ཡང་བསོད་ནམས་ལ། །གུས་ཤིང་མངོན་པར་བརྩོན་པར་བྱ། །ཞེས་སོ། །བཅུ་གཅིག་པ་ནི། བཟླས་བརྗོད་བྱེད་པ་ལ་འབད་པའི་རྣལ་འབྱོར་པས། གསང་སྔགས་བཟློས་པའི་སྤྱོད་ལམ་དང་ལྡན་པས་བཟླ་དགོས་ལ། དེའི་སྤྱོད་ལམ་ཡང༌། ཟློས་པ་ཆོ་ག་ལ་གནས་པ། །གླུ་གར་རྩེད་མོ་མི་བྱ་སྟེ། །མཛེས་པར་བྱ་ཕྱིར་ཕྲེང་བ་དང༌། །ཁ་དོག་བཟང་བར་མི་བྱའོ། །འགོང་བ་དང་ནི་མཆོངས་པ་དང༌། །རྒྱུག་པ་དང་ནི་ཚབ་ཧྲལ་དང༌། །ལུས་ལས་བྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤང་བར་བྱ། །བདེན་པའི་ཆོས་ལ་གནས་པ་ཡི། །ལོག་པ་གཏུམ་དང་འགྱུར་དང་རྩུབ། །དབྱེན་གྱི་ཚིག་ཀྱང་སྤང་བ་དང༌། །དོན་མེད་གཏམ་ཡང་མི་བྱའོ། །མུ་སྟེགས་ཅན་ལ་གནས་པ་དང༌། །རྩོད་པ་དག་ཀྱང་མི་བྱ་ཞིང༌། །གདོལ་པ་ལ་སོགས་རིགས་ངན་དང༌། །གསང་སྔགས་ཟློས་པ་སྨྲ་མི་བྱ། །བློ་ཅན་བཟླས་བརྗོད་བྱེད་པ་ན། །སྔགས་གཡོག་གཅིག་པུ་མ་གཏོགས་པར། །གཞན་དང་ལྷན་ཅིག་དགོས་མེད་པར། །འགའ་དང་ཡང་ནི་མི་གནས་བྱ། །འབྲུ་མར་དག་གིས་ལུས་མི་བསྐུ། །ཏིལ་ཡང་བཟའ་བར་མི་བྱའོ། །ལ་ཕུག་སྒོག་པ་ཚྭ་དག་དང༌། །ཆང་སྐྱུར་རྣམ་པ་ཐ་དད་དང༌། །ཅུང་སེང་དང་ནི་སྲན་རིལ་དང༌། །དེ་བཞིན་མ་ཤའི་སྲན་མ་དང༌། །ཏིལ་གྱི་ཅུང་སེང་ལ་དུ་དག །དངོས་གྲུབ་འདོད་པས་རྣམ་པར་སྤང༌། །ལོག་འདྲེན་དག་གི་ཟས་ཀུན་དང༌། །གཏོར་མའི་ཁ་ཟས་ཐམས་ཅད་དང༌། །ཀྲི་ས་ར་འོ་ཐུག་པ་དང༌། །གསང་སྔགས་ཟློས་པས་རྣམ་པར་སྤང༌། །ཤིང་རྟ་ལ་སོགས་བཞོན་པ་དང༌། །པདྨ་ལ་སོགས་བརྫི་མི་བྱ། །ཁ་ཟས་ལྷག་མ་བོར་བ་ལ། །རྐང་པས་ཀྱང་ནི་རེག་མི་བྱ། །སྒེག་པའི་ཆོ་ག་ཐམས་ཅད་དང༌། །ལྷྭམ་དང་གདུགས་དག་འཆང་བ་དང༌། །ལུས་ཀྱི་བྱི་བྱད་ཐམས་ཅད་དག །གསང་སྔགས་ཟློས་པས་རྣམ་པར་སྤང༌། །རྐང་པས་རྐང་པ་མཉེད་པ་དང༌། །ལག་པས་ལག་པ་མཉེད་མི་བྱ། །བཤང་གཅི་དག་ནི་ཆུར་མི་དོར། །དེ་དང་ཉེ་བར་དོར་མི་བྱ། །སྙིམས་པ་ཁོ་ནར་མི་བཟའ་སྟེ། །འཁར་བའི་སྣོད་དུའང་བཟའ་མི་བྱ། །ལོ་མའི་རྒྱབ་ཏུའང་བཟའ་མི་བྱ། །མཁས་པས་ཆགས་པའི་ཟས་མི་ཟ། །ཁྲི་རྣམས་དང་ནི་ཁྲིའུ་དག་ལ། །སྒྲུབ་པ་བློ་ལྡན་མི་གཙང་བ། །གཞན་དང་ཉལ་བར་མི་བྱ་སྟེ། །གན་རྒྱལ་ཁ་སྦུབ་ཏུའང་མིན། །ཡང་དང་ཡང་དུ་མི་བྱ་སྟེ། །ཧ་ཅང་ཆུང་དང་ཆེར་མི་བཟའ། །མི་བཟའ་བར་ཡང་མི་བྱ་ལ། །གང་དག་དགོས་པའང་མི་བཟའ་འོ། །ངོ་མཚར་རྣམས་ལའང་དགའ་མི་བྱ། །ལྟད་མོ་ཀུན་ལའང་མི་བལྟ་ཞིང༌། །བུད་མེད་ཀུན་ལ་འཇོལ་ཉོག་ལ། །ཞེན་པའི་སེམས་ཀྱིས་ཆགས་མི་བྱ། །སྔགས་ཟློས་ཆོ་ག་ལ་གནས་པས། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོང་མི་བྱ། །སྔགས་ཟློས་ཁྱིམ་པ་མཁས་པ་ཡིས། །ཁ་དོག་བསྒྱུར་བའི་གོས་མི་བགོ །དེ་བཞིན་རྙིང་དང་དྲི་མ་ཅན། །གོས་གཅིག་པར་ནི་ཡོངས་མི་བྱ། །བདག་ལ་སྨད་པར་མི་བྱ་ཞིང༌། །རང་ལ་མི་དགར་མི་བྱ་སྟེ། །སྐྱོ་བར་ཡང་ནི་མ་གྱུར་དང༌། །ནད་ཀྱིས་འགོང་བར་མི་བྱའོ། །བཀའ་ལན་སྩལ་བ་མ་གཏོགས་པ། །བདག་གིས་གསང་སྔགས་གཏང་མི་བྱ། །གཏི་མུག་བློས་ནི་མི་སྨད་ཅིང༌། །བསྒྲིམས་པ་ཀློས་ཞིང་མི་བྱའོ། །ཡིད་ནི་གཞན་དུ་མ་གྱུར་དང༌། །བསམ་པ་མང་པོ་མ་ཡིན་དང༌། །མི་གཙང་བ་ཡི་སེམས་མེད་པར། །ཟློས་པ་པོས་ནི་གསང་སྔགས་འདོན། །གདོན་གྱི་ལས་ནི་མི་བྱ་ཞིང༌། །བསྲུང་དང་སླར་ལྡོག་མི་བྱའོ། །རང་གི་སྔགས་སམ་གཞན་གྱིས་ཀྱང༌། །ཟློས་པས་དུག་གི་ལས་མི་བྱ། །བསྒྲུབས་ལ་དགོས་པ་མ་གཏོག་པ། །གསང་སྔགས་གཞན་དུ་སྤྱད་མི་བྱ། །འགྲན་པ་དང་ནི་སད་ཕྱིར་ཡང༌། །བདག་གིས་གསང་སྔགས་མི་སྦྱོར་རོ། །བློ་ལྡན་གྱིས་ནི་དུས་གསུམ་བཟླས། །དུས་གསུམ་དུ་ནི་ཁྲུས་བྱས་ཏེ། །ཞེས་གསུངས་པ་རྣམས་སོ། །དེ་ལྟ་བུའི་སྤྱོད་ལམ་ལ་བཟླས་པའི་བར་ལ་བརྩོན་པར་བྱའོ། །འདི་རྣམས་ཆོ་ག་བྱ་བའི་བར་ལ་ཡིན་གྱིས། རྣམ་པ་ཐམས་ཅད་དུ་ངེས་པ་མེད་དོ། །བཅུ་གཉིས་པ་ནི། གསང་སྔགས་སོ་སོའི་རྒྱུད་དམ་ཚིག་གསུམ་བཀོད་ལ་སོགས་པ་ནས་བསྟན་པའི་དམ་ཚིག་གི དམ་པའི་ཆོས་ཀྱང་སྤང་མི་བྱ། །ཞེས་སོགས་རྣམས་ཀྱང་འབད་པས་བསྲུང་བར་བྱའོ། །བཅུ་གསུམ་པ་ནི། དབང་བསྐུར་མ་ཐོབ་པ་དང༌། ཐོབ་ཀྱང་ཉམས་པའི་དམ་ཚིག་མེད་པའི་གང་ཟག་རྣམས་ལ་ནི། གསང་སྔགས་ཀྱི་ཆོ་ག་ཞིབ་མོ་དང༌། རྒྱུད་དང་མན་ངག་རྣམས་ལེགས་པར་བསྲུང་ཞིང་སྦ་བར་བྱ་སྟེ། དབང་བསྐུར་མ་བྱས་པ་ལ་ཡང༌། །ཆོ་ག་ཤེས་པས་སྔགས་མི་སྦྱིན། །རྒྱུད་ཤེས་མཁས་པས་གསང་སྔགས་དང༌། །ཕྱག་རྒྱ་ཆོ་ག་ཞིབ་མོ་དང༌། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག །དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན། །ཞེས་སོ། །དེ་ལྟ་བུའི་སྤྱིའི་དམ་ཚིག་དང༌། ཁྱད་པར་གྱི་དམ་ཚིག་བཅུ་གསུམ་པོ་དེའང༌། བདག་གིས་ཉམས་སུ་བླང་རྒྱུའི་དམ་ཚིག་ཏུ་རྟོགས་པར་བྱའོ། །གཉིས་པ་ནི། དེ་ལྟར་སྤྱི་དང་ཁྱད་པར་གྱི་དམ་ཚིག་དེ་དག་སྲོག་དང་བསྡོས་ཏེ་ཤིན་ཏུ་གཅེས་པས་བསྲུངས་ལ་ཉེས་པས་མ་གོས་པར་བྱ། གལ་ཏེ་བག་མེད་པའི་དབང་གིས་ཉེས་པ་དེ་དག་གང་ཡང་རུང་བ་ཞིག་བྱུང་ན། ལེགས་གྲུབ་ཏུ། འདི་དག་བྱས་ནས་འདི་བྱའོ། །ཞེས་མི་གཡེལ་བར་ཅི་གྱུར་པར་བྱ། ཉིན་པར་བག་མེད་བྱས་པ་དག །མཚན་མོ་སོ་སོར་བཤག་པར་བྱ། །ནུབ་མོ་བྱས་པ་ནང་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །ཞེས་པ་ལྟར། རྟེན་དང་ཡུལ་སྡོམ་ལྡན་གྱི་མདུན་དུ་ལྟུང་བའི་མིང་ནས་སྨོས་ཏེ་སྟོབས་བཞི་ཚང་བའི་བཤགས་པ་བྱ། དེའི་སྟེང་དུ་ཉོན་མོངས་པ་ཆེ་འབྲིང་ཆུང་གསུམ་གྱི་ཀུན་ནས་བསླངས་པའི་ཉེས་པ་ཆེ་འབྲིང་ཆུང་གསུམ་དུ་ཤེས་པར་བྱས་ལ། ཆུང་ངུ་ལ་རང་གི་ལྷའི་སྙིང་པོ་འབུམ་མམ། མེ་ལྟར་རྡོ་རྗེ་རྨོངས་བྱེད་མའི་གཟུངས་སྟོང་བཟླས་པ་དང༌། འབྲིང་པོ་ལ་ཞི་བའི་སྦྱིན་སྲེག་མང་དུ་བྱ། ཉེས་པ་ཆེན་པོ་ལ་སླར་ཡང་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་པས་དག་པར་བྱེད་དགོས་ཏེ། སྤྱི་རྒྱུད་དུ། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་པར་གང་གྱུར་པ། །དེས་ནི་རང་གི་སྙིང་པོ་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མི་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང༌། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཅེས་གསུངས་སོ། །གཉིས་པ་སྦྱོར་བའི་སྤྱོད་པ་ལ་གསུམ། གང་གིས་སྒོམ་པའི་གང་ཟག གང་དུ་སྒྲུབ་པའི་གནས། གང་བསྒོམ་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཀྱི། དང་པོ་སྒྲུབ་པ་པོ་ནི། ལེགས་གྲུབ་ལས། གཙང་ཞིང་དུལ་ལ་བརྟན་པར་གནས། །མ་འཇུངས་བློ་ལྡན་གཡེར་བག་ཆེ། །སྨྲ་མཁས་མི་འཇིགས་བཤེས་གཉེན་ཅན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ནད་མེད་པ་ལ་བདེན་པར་སྨྲ། །ཞེས་སོགས་མཚན་ཉིད་རབ་ཏུ་མང་པོ་གསུངས་པས། མཚན་ཉིད་དེ་རྣམས་དང་ལྡན་པའོ། །གཉིས་པ་སྒྲུབ་གྲོགས་ནི། ལེགས་གྲུབ་ཏུ། སྔགས་གཡོག་དག་གི་མཚན་ཉིད་བཤད། །རིགས་བཙུན་ཆོས་སྤྱོད་དད་པ་ཅན། །སེམས་སྟོབས་ཆེ་ལ་རྩོལ་ཕོད་པ། །བདེན་པར་སྨྲ་ཞིང་གུས་པ་ཆེ། །ཞེས་སོགས་རྒྱས་པར་གསུངས་པའི་མཚན་ཉིད་དང་ལྡན་པའོ། །རྣལ་འབྱོར་སྒོམ་པའི་སྐབས་འདིར་སྒྲུབ་གྲོགས་དགོས་པར་ཡང༌། སློབ་དཔོན་བྱང་ཆུབ་མཆོག་གིས། རང་གི་མཚན་ཉིད་དང་ལྡན་པའི་སྔགས་གཡོག་དང་ལྡན་པས། །ཞེས་བྱ་བ་སྤྱིའི་སྒྲུབ་ཐབས་ནས་བཤད་དོ། །གཉིས་པ་ནི། ལེགས་གྲུབ་ལས། གང་དུ་བདུད་བཞི་བཏུལ་ནས་ནི། །བཅོམ་ལྡན་མངོན་པར་སངས་རྒྱས་ནས། །རྨད་བྱུང་གོ་འཕང་བརྙེས་འགྱུར་བ། །དངོས་གྲུབ་མང་པོ་ཀུན་གྱི་མཆོག །ཆུ་བོ་ནཻ་རཉྫ་ནའི་འགྲམ། །ཡིད་དུ་འོང་ཞིང་འཚེ་མེད་པ། །དེ་ཡི་དངོས་གྲུབ་ཞིང་མཆོག་ཏུ། །བཅོམ་ལྡན་འདས་ནི་ཉིད་ཀྱིས་གསུངས། །དེར་ནི་བདུད་རྣམས་མང་པོས་ཀྱང༌། །གནོད་པར་བྱ་བར་མི་ནུས་ཏེ། །དེ་བས་དེར་ནི་ལས་རྣམས་ཀུན། །སྒྲུབ་པ་པོས་ནི་བརྩིས་ཏེ་བརྩམ། །ཞེས་སོགས་རྒྱས་པར་བཤད་ཅིང༌། །བྱང་ཆུབ་མཆོག་གིས་གསང་སྔགས་དང་རྗེས་སུ་མཐུན་པའི་ཡུལ་ཇི་སྐད་བསྟེན་པར་དངོས་གྲུབ་དང་འཚམ་པའི་གནས་ཇི་སྐད་བཤད་པ་དག་ཏུ་ཞེས་སོ། །གསུམ་པ་ལ་གསུམ། ལྷའི་རྣལ་འབྱོར་གྱི་ཆོ་ག དེའི་ཡན་ལག་གི་ཆོ་ག དངོས་གྲུབ་སྒྲུབ་པའི་ཆོ་གའོ། །དང་པོ་ལ་གཉིས། རྣམ་གཞག་སྤྱིར་བསྟན་པ། ཉམས་ལེན་ཞིབ་ཏུ་བཤད་པའོ། །དང་པོ་ལ་གསུམ་གྱི། དང་པོ་གཞན་ལུགས་དགག་པ་ནི། མཁས་པ་དག ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང༌། ཞེས་བྱ་རྒྱུད་ལ་བདག་བསྐྱེད་མེད་པར་བཤད་པ་ནི། དུས་ཐམས་ཅད་དུ་ལྷའི་སྙེམས་པ་མེད་པ་ལ་དགོངས་པ་ཡིན་གྱི། བདག་ལྷའི་སྐུར་བསྐྱེད་པ་གཏན་ནས་མེད་པ་མ་ཡིན་ཏེ། སློབ་དཔོན་བྱང་ཆུབ་མཆོག་གི་ལེགས་གྲུབ་ཀྱི་མངོན་རྟོགས་དང༌། སངས་རྒྱས་གསང་བའི་བསམ་གཏན་ཕྱི་མའི་འགྲེལ་པ་དང༌། རྣམ་འཇོམས་ཀྱི་འགྲེལ་པ་རྣམས་སུ། ལྷ་དྲུག་གི་སྒོ་ནས་ལྷའི་སྐུར་བསྒོམ་པ་བསྟན་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་མཁས་པ་དེས། བདག་ཉིད་ལྷའི་སྙེམས་པ་མེད་པ་སོགས་ཀྱི་དོན་ནི། བདག་ལྷར་བསྐྱེད་པ་དང༌། དེ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་མེད་པར་དོན་ལ་ཡང་གསལ་ཞིང༌། བླ་མ་གོང་མ་རྣམས་དང༌། དགྲ་ནག་དང་གུར་གྱི་འགྲེལ་པ་སོགས་ལས་ཀྱང་གསུང་མོད་ཀྱི། སངས་རྒྱས་གསང་བས། བསམ་གཏན་ཕྱི་མའི་འགྲེལ་པར། རྟོག་བསྡུས་དང༌། རྣམ་སྣང་མངོན་བྱང་དང༌། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལ་སོགས་པར། ཤེས་བྱེད་དུ་དྲངས་ནས། ལྷ་དྲུག་གི་སྒོ་ནས་བདག་ལྷར་བསྐྱེད་པ་བཤད་ཅིང༌། དེས་མཛད་པའི་རྣམ་འཇོམས་འགྲེལ་པ་དང༌། བྱང་ཆུབ་མཆོག་གི་ལེགས་གྲུབ་ཀྱི་སྒྲུབ་ཐབས་ལས་ཀྱང༌། བདག་བསྐྱེད་བཤད་ལ། སློབ་དཔོན་དེ་གཉིས་ཀྱིས་ཡེ་ཤེས་པ་གཞུག་པ་མ་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་ལས། བདག་བསྐྱེད་ཡེ་ཤེས་པ་གཞུག་པ་དབང་བསྐུར་བ་དང་བཅས་པ་གསུངས་ཤིང༌། སློབ་དཔོན་པདྨས་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་དང༌། དགེ་སློང་མ་དཔལ་མོས་མཛད་པའི་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་དང༌། ཙནྡྲ་གོ་མིས་མཛད་ཟེར་བའི་གདུགས་དཀར་གྱི་སྒྲུབ་ཐབས་དང༌། ཤཱནྟི་པ་དང༌། ཛེ་ཏཱ་རིའི་གྲྭ་ལྔའི་སྒྲུབ་ཐབས་དང༌། ཇོ་བོ་རྗེའི་དྲི་མེད་ཀྱི་སྒྲུབ་ཐབས་དང༌། གཞན་ཡང་སྒྲུབ་ཐབས་རྒྱ་མཚོ་དང༌། ཕྱེད་དང་ཉིས་བརྒྱ་པ་དང་བརྒྱ་རྩ་ལ་སོགས་པ་རྣམས་སུ། བྱ་རྒྱུད་ལ་བརྟེན་པ་རྣམས་ལ་ཡང༌། བདག་བསྐྱེད་དང་ཡེ་ཤེས་པ་དགུག་པ་ལ་སོགས་པ་བཤད་དེ། སངས་རྒྱས་གསང་བ་སོགས། རྣམ་སྣང་མངོན་བྱང་སོགས་ཀྱང་བྱ་རྒྱུད་དུ་བཞེད་པས། བྱ་སྤྱོད་བསྲེས་པ་ལ་དགོངས་སམ་བརྟག་ཅིང༌། སློབ་དཔོན་གཞན་རྣམས་ཀྱིས་དེ་ཉིད་བསྡུས་པར། བྱ་སྤྱོད་ཀྱི་ཆོ་ག་ལ་ཡང༌། རྣལ་འབྱོར་གྱི་རྒྱུ་སྦྱར་དུ་རུང་བ་ལ་དགོངས་སམ། དཔེར་ན་སོ་འབྲང་དང༌། འོད་ཟེར་ཅན་ལྟ་བུའི་ལྷ་དང་སྔགས་འདྲ་བ་ཅིག་བྱ་རྒྱུད་ལས་འབྱུང་བ་ལྟར། སམྦུ་ཊ་སོགས་བླ་མེད་ཀྱི་རྒྱུད་ལས་ཀྱང་འབྱུང་བས་བླ་མེད་ཀྱི་དགོངས་པ་བཀབ་པ་ཡིན་ནམ། འོན་ཏེ་བྱ་རྒྱུད་རང་གི་དགོངས་པས་ཀྱང་བདག་བསྐྱེད་ཐོབ་པ་ཡིན་བརྟག་པར་བྱའོ། །ཞེས་ཀྱང་གསུངས་སོ། །འདི་ནི་དང་པོའི་བཅའ་གཞི་ཙམ་ཡིན་ལ། རང་ལུགས་སྐྱོན་མེད་དུ་འདོད་པ་ནི། སྔ་མ་དེ་ཡིན་མོད་ཀྱི། འོན་ཀྱང་ཤིན་ཏུ་མི་འཐད་དེ། བདག་ལྷར་སྙེམས་པ་མེད་པའི་དོན། དུས་ཐམས་ཅད་དུ་ལྷའི་ང་རྒྱལ་མེད་པ་ལ་དགོངས་པ་ཡིན་ན། སངས་རྒྱས་གསང་བའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་ལས། དགེ་བའི་རྩ་བ་ཡང་རྒྱ་ཆེར་བསྔོའོ། །འཕགས་པ་རྣམས་ལ་མཆོད་པའི་ཕྱིར། བདག་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ནི། ཞེས་དགེ་བའི་རྩ་བ་བསྔོ་བ་ཡན་ཆད་ཀྱི། སྒྲུབ་ཐབས་རྫོགས་པར་བཤད་པའི་རྗེས་ལ། རང་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ནས། ཐུན་མཚམས་ཀྱི་བྱ་བ་རྣམས་བྱེད་པར་བཤད་པའི་ཕྱིར་དང༌། ཡང་སློབ་དཔོན་དེས། བྱ་རྒྱུད་ལ་བདག་བསྐྱེད་ཡོད་པའི་ཤེས་བྱེད་དུ་རྣམ་སྣང་མངོན་བྱང་དང༌། ཕྱག་རྡོར་དབང་བསྐུར་སོགས་འདྲེན་པ་ཡིན་ལ། ཕྱག་རྡོར་དབང་བསྐུར་ལས། གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པ་བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ་ཐེ་ཚོམ་མེད་པའི་ཡིད་ཀྱིས་ང་རྒྱལ་བསྐྱེད་ཅིང༌། འགྲོ་ཡང་རུང༌། འགྲེང་ཡང་རུང༌། འདུག་ཀྱང་རུང༌། རྟག་ཏུ་དུས་ཐམས་ཅད་དུ་བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཞེས་འགྲོ་འདུག་སྒུལ་སྐྱོད་ཅི་བྱེད་ཀྱང་ལྷའི་ང་རྒྱལ་གྱིས་གནས་པར་བཤད་པ་དང༌། འགལ་བའི་ཕྱིར་རོ། །བསམ་གཏན་ཕྱི་མའི་འགྲེལ་པར་བདག་ལྷའི་སྐུར་བསྐྱེད་པ་བཤད་ཀྱང༌། དེའི་ཤེས་བྱེད་དུ་སྤྱོད་རྒྱུད་རྣམས་དྲང་བའི་ཕྱིར་དང༌། སྤྱོད་རྒྱུད་རྣམས་ལ་ཡང་བྱ་རྒྱུད་ཅེས་པའི་ཐ་སྙད་མཛད་པའི་ཕྱིར། བྱ་སྤྱོད་གཉིས་རྒྱུད་སྡེ་གཅིག་ཏུ་བཞེད་པའི་ལུགས་སུ་སྣང་བའི་ཕྱིར་རོ། །དེའང་སངས་རྒྱས་གསང་བའི་ལུགས་རང་ལུགས་ལ་འཇོག་པ་དང༌། དུས་ཐམས་ཅད་དུ་ལྷའི་ང་རྒྱལ་མེད་པར་འདོད་པ་གཉིས་ཀྱང་ནང་འགལ་བ་ཡིན་ནོ། །ཡང་བླ་མ་དག བྱ་རྒྱུད་ལ་བདག་བསྐྱེད་མེད་པར་བཤད་པའི་དོན། ཤས་ཆེ་བའམ་སྲོག་རྩོལ་ལ་སོགས་པ་བསམ་གཏན་གྱི་ཡན་ལག་རྣམས་བསྒོམ་མི་ནུས་པའི་གང་ཟག་ལ་དགོངས་པ་ཡིན་ལ། རང་གི་ངོ་བོ་བདག་བསྐྱེད་ཡོད་པ་ཁོ་ནར་སློབ་དཔོན་སངས་རྒྱས་གསང་བས་བཤད་པས། ཡན་ལག་བཞི་ལ་སོགས་པའི་ལྷའི་རྣལ་འབྱོར་ལ་བྱ་སྤྱོད་གཉིས་འདྲ་ལ། རྣམ་སྣང་མངོན་བྱང་ལྟ་བུ་ཡང་གདུལ་བྱའི་དབང་གིས་བྱ་རྒྱུད་དུའང་གསུངས་པའི། བྱ་སྤྱོད་གཉིས་གདུལ་བྱའི་དབང་གིས་འབྱེད་པ་མ་གཏོགས་པ་རྒྱུད་རང་གི་ངོ་བོའི་སྒོ་ནས་མི་འབྱེད་ཅིང༌། བསམ་གཏན་ཕྱི་མར། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པའི་དོན་འགྲེལ་པར། གཞི་ནི་དེ་བཞིན་གཤེགས་པའི་སྐུའི་རང་བཞིན་ནོ། །གཞི་གཉིས་པ་ནི་རང་གི་ལྷའི་གཟུགས་སོ། །ཞེས་རང་ལྷའི་སྐུར་བྱེད་པར་བཤད་ལ། འདི་བྱ་རྒྱུད་དུ་མི་འདོད་པ་ཡང་མེད་པའི་ཕྱིར་རོ། །འདིར་བཤད་པའི་ཡན་ལག་བཞི་དང་རྣམ་སྣང་མངོན་བྱང་གཉིས་ཀྱང་འདྲ་བས། འདིའི་གཞིའི་ཚིག་དོན་རང་ལྷར་བསྐྱེད་པའི་གཞི་ལ་བྱར་མི་རུང་ན། རྣམ་སྣང་མངོན་བྱང་གི་གཞི་ནི་ཞེས་པའི་རྐང་པ་གཉིས་ཀྱང༌། རང་ལྷར་བསྐྱེད་པ་མ་བསྟན་པར་འདོད་དགོས་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཞེས་གསུངས་པའང་མི་འཐད་དེ། བདག་བསྐྱེད་མེད་པར་གསུངས་པའི་དོན། བསམ་གཏན་རྩེ་གཅིག་ཏུ་སྒོམ་མི་ནུས་པའི་གང་ཟག་ལ་དགོངས་པ་ཡིན་ན། འོ་ན་བྱ་བའི་རྒྱུད་ཡིན་ན་བདག་ཉིད་ལྷའི་སྐུར་བསྐྱེད་པ་མེད་པས་མ་ཁྱབ་པར་འགྱུར་ཏེ། བདག་བསྐྱེད་ཡོད་པ་དོན་ལ་གནས་པའི་ཕྱིར་རོ། །དེ་འདོད་ན་རྒྱུད་ལས། བྱ་བའི་རྒྱུད་ལ་བདག་བསྐྱེད་མེད་པར་གསུངས་པ་དེ། སངས་རྒྱས་ཀྱིས་མཚན་གཞི་ངོས་མ་ཟིན་པའམ། ཡང་ན། དྲང་དོན་དུ་ཐལ་བའི་སྐྱོན་ཡོད་དོ། །ཡང་བྱ་རྒྱུད་ཀྱི་གདུལ་བྱའི་གཙོ་བོ་བསམ་གཏན་རྩེ་གཅིག་ཏུ་བསྒོམ་མི་ནུས་པ་རྣམས་ཡིན་པར་འགྱུར་ལ། འདོད་ན་གདུལ་བྱའི་གཙོ་བོ་ལ་བསྟན་པའི་ལམ་དེ་ལམ་མཚན་ཉིད་པ་མ་ཡིན་པར་ཐལ་བའི་སྐྱོན་ཡོད་དོ། །རྣམ་སྣང་མངོན་བྱང་བྱ་རྒྱུད་དུ་གསུངས་པ་ཉིད་ཀྱིའང་བྱ་རྒྱུད་ལ་སྤྱོད་རྒྱུད་ཀྱིས་དབང་བྱས་པར་གྲུབ་ལ། བྱ་སྤྱོད་གཉིས་གདུལ་བྱའི་དབང་གིས་སོ་སོར་འབྱེད་ཀྱི། རང་གི་ངོ་བོའི་སྒོ་ནས་མི་འབྱེད་པའང་ཤིན་ཏུ་མི་འཐད་དེ། གདུལ་བྱ་ལ་གསུངས་པའི་ཆོས་དེ་རྒྱུད་དེའི་དོན་ལ་མི་གནས་པར་འགྱུར་བའི་ཕྱིར་རོ། །བསམ་གཏན་ཕྱི་མར། གཞི་ཞེས་པའི་དོན་ཡང༌། གཞི་དང་པོ་མདུན་གྱི་དེ་བཞིན་གཤེགས་པའི་སྐུ་དང༌། གཞི་གཉིས་པ་རང་སྒྱུ་མ་ཙམ་དུ་གནས་པའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལའང་བཤད་དུ་རུང་བའི་ཕྱིར་དང༌། རྣམ་སྣང་མངོན་བྱང་གི་གཞི་དང་པོ་ནི་རང་ལྷར་བསྐྱེད་པའི་ལུས་དང༌། གཞི་གཉིས་པ་མདུན་གྱི་སངས་རྒྱས་ཀྱི་སྐུ་ལ་གསུངས་ན། འགྲེལ་པར་དེ་ལས་བཟློག་ནས་བཤད་པས་མི་འཐད་པ་ཡིན་ནོ། །ཡང་རང་ལ་ཡེ་ཤེས་པ་གཞུག་པ་སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གིས་མ་བཤད་ཀྱང༌། རྒྱ་གར་བ་གཞན་དུ་མས་བཤད་པས་རུང་སྟེ། དེ་མི་རུང་ན་དེའི་རྒྱུ་མཚན་དུ་རང་དང་ལྷ་ཡེ་ཤེས་པ་གཉིས་སོ་སོར་གཟུང་ནས། གཅིག་ཏུ་འཛིན་པ་ལ་མི་མོས་པ་དགོད་དགོས་ན་དེ་ནི་མི་རུང་སྟེ། རང་གི་ལུས་ངག་ཡིད་གསུམ་དང༌། ལྷའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་མོས་པའི་མཐུས་ལུས་ཀྱི་སྒུལ་སྐྱོད་ཀུན་ཕྱག་རྒྱ་དང༌། ངག་ཏུ་བརྗོད་པ་ཀུན་སྔགས་སུ་གསུངས་པའི་ཕྱིར་རོ། །ཞེས་ཡེ་ཤེས་པ་རང་ལ་འཇུག་པར་འདོད་པའང་ཤིན་དུ་མི་འཐད་དེ། རྣམ་སྣང་མངོན་བྱང་ལས། གཞི་ནི་རང་གི་ལྷར་བཞག་པ། །རང་གི་ལུས་ལ་བྱ་བ་ཡིན། །གཉིས་པའི་གཞི་ནི་ཞེས་བྱ་བ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཅེས་གཞི་གཉིས་པ་ཡེ་ཤེས་པ་མདུན་དུ་གཞུག་པ་ལ་བཤད་པ་དང་འགལ་བའི་ཕྱིར་རོ། །གལ་ཏེ་དེ་ནི་སྤྱོད་རྒྱུད་ཀྱི་ལུགས་ཡིན་ལ། འདི་ནི་བྱ་བའི་རྒྱུད་ཡིན་པས་མི་འདྲའོ། །སྙམ་ན། འོ་ན་ཁྱེད་རང་གི་རྒྱུད་འདི་གཉིས་གདུལ་བྱའི་དབང་གིས་འབྱེད་པ་མ་གཏོགས་རང་གི་ངོ་བོའི་སྒོ་ནས་མི་འབྱེད་པར་ཁས་བླངས་པ་དང་འགལ་ལོ། །གཞན་ཡང་བྱ་རྒྱུད་ལ་བདག་བསྐྱེད་མེད་པ་མི་འཐད་དེ། སངས་རྒྱས་གསང་བའི་ལུགས་དང་འགལ་བའི་ཕྱིར་རོ། །ཞེས་གཞན་ལ་སྐྱོན་དུ་འཕངས་ནས། རང་གིས་སངས་རྒྱས་གསང་བ་ཚད་མར་མི་འདོད་པའང་ནང་འགལ་བ་ཡིན་ནོ། །ཡང་ཕྱོགས་སྔ་མ་འདི་གཉིས་ཀས། སངས་རྒྱས་གསང་བ་དང་བྱང་ཆུབ་མཆོག་གཉིས་ཀ་བདག་བསྐྱེད་ཡོད་པར་འདོད་པའི་ལུགས་གཅིག་པར་བཞེད་པ་ནི། མི་འཐད་དེ། བྱང་ཆུབ་མཆོག་གིས། དེ་བས་ན། འདི་ལྟར་ཁམས་གསུམ་པ་འདི་དག་ནི་རྣམ་པར་ཤེས་པ་ཙམ་མོ། །ཞེས་རྣམ་པར་དཔྱད་དེ་མཐའ་དག་ནམ་མཁའ་ལྟ་བུར་བསམས་ནས། རང་གི་སེམས་ཀྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་ལྟ་བུར་བལྟས་པ་འདི་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན་ནོ། །དེ་ལ་བཟླས་པའི་གསང་སྔགས་རྣམས་གོ་རིམ་བཞིན་དུ་བཀོད་པ་དེ་དག་ལས་འོད་ཟེར་སྣ་ཚོགས་རྣམ་པར་བྱུང་ཞིང་སེམས་ཅན་རྣམས་ཚིམ་པར་བྱས་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་དང་བཅས་པར་འོད་ཟེར་སླར་ལོག་ནས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པར་བསམ་མོ། །ཞེས་ཐོག་མར་བྱང་ཆུབ་ཀྱི་སེམས་བསྒོམ་པ། དེ་ཟླ་བའི་དཀྱིལ་འཁོར་དུ་བསྒྱུར་བ་དེ་ལ་གསང་སྔགས་བཀོད་པ། དེ་ལས་ལྷའི་སྐུ་སྤྲོས་ནས་སེམས་ཅན་གྱི་དོན་བྱས་ཏེ་སླར་བསྡུས་ནས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་པར་བསམ་པ་རྣམས་བཤད་ཀྱི། རང་ལྷའི་སྐུར་བསྒོམ་པ་སྒྲུབ་ཐབས་འདིའི་སྐབས་གང་ནས་ཀྱང་མ་གསུངས་སོ། །སངས་རྒྱས་གསང་བས་ནི། བསམ་གཏན་ཕྱི་མའི་འགྲེལ་པར། དེ་ལ་ལྷའི་ངོ་བོ་ཉིད་ཀྱི་བསྒོམ་པའི་ཚུལ་ནི། འདི་ལྟ་སྟེ། ཇི་ལྟར་བདག་གི་དེ་ཁོ་ན་ཉིད་པོ་འདི་རྣམ་པར་མི་རྟོག་ཅིང་རྣམ་པ་མེད་པ་ཞེས་པ་ནས། སྣང་བ་མེད་པར་རང་གི་རིག་པ་ཤིན་དུ་མངོན་སུམ་དུ་གྱུར་པར་བསམ་གཏན་བྱའོ། །དེ་ལས་ལངས་ནས་གསང་སྔགས་ཀྱི་སྒྲར་རྣམ་པར་བརྟག་གོ །དེ་ལས་གསང་སྔགས་ཀྱི་ཡི་གེའི་རྣམ་པ་ནམ་མཁའི་ནང་ན་གནས་པ་སྣང་བར་བསམ་པར་བྱའོ། །དེ་དག་ཀྱང་བདག་གི་དེ་ཁོ་ན་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་མངོན་པར་གྱུར་པ་ལ། ཤིན་དུ་དག་པའི་དངུལ་ཆུ་གསེར་གྱི་བྱེ་མ་ལ་ཞེན་པ་ལྟར་ནང་དུ་འདུས་པར་བསམ་མོ། །དེ་ནས་ཡང་ལྷ་དང་བདག་གི་དེ་ཁོ་ན་ཉིད་གཅིག་ཏུ་གྱུར་པའི་རང་བཞིན་ཟླ་བའི་བདུད་རྩི་ལས་འོད་ཟེར་རབ་ཏུ་འཕྲོས་པའི་སྒོ་ནས་ལྷག་པའི་ལྷའི་གཟུགས་དང༌། བདག་དང་མི་གཉིས་པའི་རྣལ་འབྱོར་གྱིས་རབ་ཏུ་གསལ་བར་སྣང་ཞིང༌། དེའི་ང་རྒྱལ་དུ་རྣམ་པར་བསྒོམ་མོ། །བསམ་གཏན་གྱི་རྣམ་པར་རྟོག་པ་དེ་ལས་ཀྱང་ལངས་ནས། མཚོགས་མ་དང་སྤྱི་གཙུག་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཡན་ལག་དང་བཅས་པར་བྱས་ལ། རྣམ་པར་རྟོག་པ་དང་བཅས་པའི་ལྷར་བསྒོམ་མོ། །འདི་ནི་རེ་ཞིག་སྤྱིའི་གསང་སྔགས་ཀྱི་རྣམ་པར་ཤེས་པ་བསྒོམ་པའི་རིམ་པའོ། །ཞེས་ཐོག་མར་བྱང་ཆུབ་ཀྱི་སེམས་བསྒོམ་པ། དེ་ནས་གསང་སྔགས་ཀྱི་སྒྲར་བསྒོམས་ནས། དེ་ནམ་མཁར་ཡི་གེའི་རྣམ་པར་གནས་པར་བཤད་ལ། བྱང་ཆུབ་མཆོག་ནི་འདི་བཞེད་དོ། །དེ་ནས་ཟླ་བའི་དཀྱིལ་འཁོར་བསྒོམ་པ། དེ་ལས་འོད་ཟེར་འཕྲོ་བ་རྣམས་འདྲ་ཡང་དེ་ནས་འདིར་ལྷའི་སྐུར་བསྒོམ་པར་བཤད་ལ། བྱང་ཆུབ་མཆོག་གི་ལྷ་སྐུར་བསྒོམ་པ་གཏན་མ་གསུངས་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་བཞག་པ་ལ། བྱ་བའི་རྒྱུད་འདི་རྒྱུད་སྡེ་ཐམས་ཅད་ཀྱི་གཞི་མ་ཡིན་པའི་ཕྱིར། རྒྱུད་སྡེ་གོང་མས་དབང་བྱས་པའི་སྒྲུབ་ཐབས་དང༌། བྱ་རྒྱུད་རང་གི་ལུགས་ལྟར་བཀྲལ་བ་སོགས་འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱི་ལུགས་མི་འདྲ་བ་དུ་མ་ཞིག་མཛད་པ་རྣམས་ཕན་ཚུན་ལུགས་བསྲེས་པའི་གྲུབ་མཐའ་བཞག་ཏུ་མི་རུང་གི སོ་སོའི་ལུགས་བཞིན་བཤད་པར་བྱ་བ་ལ་བཞི། བྱ་རྒྱུད་བླ་མེད་ལྟར་བཤད་པ། རྣལ་འབྱོར་རྒྱུད་ལྟར་བཤད་པ། སྤྱོད་རྒྱུད་ལྟར་བཤད་པ། བྱ་རྒྱུད་རང་ལུགས་ལྟར་བཤད་པའོ། །དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྤྱན་རས་གཟིགས་ཕྱག་སྟོང་པའི་སྒྲུབ་ཐབས་ལས། ཆོ་ག་གསུམ་གྱིས་བདག་ཉིད་སྤྱན་རས་གཟིགས་འཁོར་བཅས་སུ་བསྐྱེད། དེ་ལ་ཡེ་ཤེས་པ་སྤྱན་དྲང་ཞིང་གཞུག དབང་བསྐུར་ཞིང་རིགས་བདག་གིས་རྒྱས་གདབ་པ་རྣམས་བཤད་ལ། འདི་རྣལ་འབྱོར་ཆེན་པོ་ལྟར་བཀྲལ་བར་མངོན་ཏེ། སྒྲུབ་ཐབས་དེ་ཉིད་ལས། དེ་ནས་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། ཟབ་པ་དང་ཕྲ་བའི་རྫོགས་རིམ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །ཞེས་འབྱུང་ལ། བྱ་རྒྱུད་རང་དབང་ཅན་ཡིན་ན་བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་གཏན་མེད་པའི་ཕྱིར་རོ། །དེ་བཞིན་དུ་སློབ་དཔོན་ཨ་བྷ་ཡཱས། རྡོ་རྗེ་ཕྲེང་བར། གྲྭ་ལྔ་དང་འོད་ཟེར་ཅན་ལ་སོགས་བཤད་པ་རྣམས་ཀྱང་རྣལ་འབྱོར་ཆེན་པོའི་ལུགས་ཡིན་ཏེ། དཀྱིལ་འཁོར་དེ་རྣམས་ལ་བསྐྱེད་ཚུལ་རྫོགས་པའི་རྣལ་འབྱོར་དུ་བཤད་ལ། བྱ་རྒྱུད་ལ་དེའི་ཐ་སྙད་མ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་སྒྲུབ་ཐབས་རྒྱ་མཚོ་དང༌། ཕྱེད་དང་ཉིས་བརྒྱ་པ་དང༌། བརྒྱ་རྩ་རྣམས་སུ་བཤད་པའི་བྱ་རྒྱུད་ཀྱི་ལྷའི་སྒྲུབ་ཐབས་རྣམས་དང༌། སློབ་དཔོན་ཛེ་ཏཱ་རིའི་གྲྭ་ལྔའི་སྒྲུབ་ཐབས་སོགས་གཞུང་ཆུང་ཕལ་ཆེ་བ་རྣམས་རྣལ་འབྱོར་ཆེན་པོའི་ལུགས་ལྟར་བཀྲལ་བར་ཤེས་པར་བྱའོ། །དེ་ལས་སློབ་དཔོན་དེ་རྣམས་ཀྱི་བཞེད་པས། དམ་ཚིག་གསུམ་བཀོད་སོགས་སོ་སོའི་རྒྱུད་ནས་དངོས་བསྟན་དུ་བཤད་པའི་ཤ་ཆང་སྤང་བ་སོགས་རྣམས་ནི་དེ་ལས་གཞན་དུ་མི་འཆད་ཀྱང༌། དེར་མི་གསལ་བ་དང༌། མ་ཚང་བ་ཁ་བསྐང་དགོས་པ་རྣམས། བྱ་བ་སྤྱིའི་རྒྱུད་བཞིས་ཁ་མི་སྐོང་བར་བླ་མེད་ཀྱི་རྒྱུད་ཁོ་ནས་ཁ་བསྐང་བ་ཡིན་ཏེ། ལུགས་འདི་བཞེད་པའི་རྒྱ་གར་བའི་སློབ་དཔོན་ཤིན་དུ་མང་ངོ༌། །གཉིས་པ་ནི། དེ་ཉིད་བསྡུས་པའི་འགྲེལ་པར། སློབ་དཔོན་ཀུན་སྙིང་གིས། བྱ་བ་དང་སྤྱོད་པ་དང་གཉིས་ཀའི་རྒྱུད་ལ་སོགས་པའི་ཆོ་ག་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཀྱང་ཆོ་ག་དེས། འདི་ལས་བཤད་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པར་བསྒྲུབ་པར་བྱའོ། །ཞེས་དོན་དེ་བཤད་པར་བྱ་བའི་ཕྱིར། །སྙིང་པོ་ཕྱག་རྒྱ་སྔགས་རིགས་རྣམས། །ཇི་ལྟར་འདོད་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སྟོན་ཏོ། །ཅེས་གསུངས་སོ། །དེའི་དོན་རྣལ་འབྱོར་རྒྱུད་ནས་གསུངས་པའི་ཆོ་གས། བྱ་བ་དང་སྤྱོད་པའི་རྒྱུད་ལ་སྦྱར་དུ་རུང་བར་གསུངས་ལ། ཇི་ལྟར་སྦྱོར་ཚུལ་ནི། རྣམ་སྣང་སྒྱུ་འཕྲུལ་དྲྭ་བར། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡོངས་བརྟགས་དང༌། །གཟུགས་ཉིད་རྫོགས་པར་གྱུར་པ་ནི། །རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས། །ཞེས་རྣལ་འབྱོར་གསུམ་གསུངས་ལ། དེའི་དང་པོ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ནི། བྱ་བའི་རྒྱུད་ལ་སྦྱར་བ་བྱ་བའི་སྒྲུབ་ཐབས་སུ་བཤད་དེ། རྒྱུད་དེའི་འགྲེལ་པར། སློབ་དཔོན་ཀུན་སྙིང་གིས། བྱིན་གྱིས་བརླབ་ཅེས་པ་ནི་ཉེ་བར་མཚན་པ་ཙམ་སྟེ། དེས་ན་དབང་བསྐུར་བ་དང་ཏིང་ངེ་འཛིན་དང༌། ཞེས་པ་ནས་རང་གི་ང་རྒྱལ་བསྐྱེད་ལ་གནས་དང་གདན་བསྐྱེད་པར་བྱའོ། །ཞེས་པ་ནི་རིམ་པའོ། །ལྕགས་ཀྱུ་ཡི་ནི། ཞེས་བྱ་བ་ལ་སོགས་པ་ལ་མདུན་དུ་གཞལ་ཡས་ཁང་དང་དཀྱིལ་འཁོར་རྣམ་པར་བསམས་པའི་སྟེང་དུ་དཀྱིལ་འཁོར་གཉིས་པ་ཡང་སྤྱན་དྲང་ཞིང༌། ལེགས་པར་བསྟོད་ལ་ཞེས་པ་ནས། འདི་ནི་བྱ་བའི་རྒྱུད་ཀྱི་དབང་དུ་བྱས་པའོ། །ཞེས་གསུངས་པ་ལྟར་གྱི་ཆོ་ག་སྦྱར་གྱི། ཏིང་ངེ་འཛིན་གསུམ་ལ་སོགས་པ་ཡོ་ག་ཇི་ལྟ་བ་བཞིན་སྦྱར་བ་ནི་མ་ཡིན་ནོ། །ཚུལ་འདི་དང་མཐུན་པའི་སྒྲུབ་ཐབས་ཟུར་དུ་བྱས་པ་མ་མཐོང་མོད། རྣམ་སྣང་སྒྱུ་དྲའི་ལེའུ་བདུན་པའི་འགྲེལ་པ་སློབ་དཔོན་ཀུན་སྙིང་གིས་མཛད་པར་རྒྱས་པར་བཤད་པས་དེར་བལྟ་བར་བྱའོ། །གསུམ་པ་ནི། སློབ་དཔོན་སངས་རྒྱས་གསང་བས་བྱ་སྤྱོད་གཉིས་ཀ་གཅིག་ཏུ་བསྡུས་ནས་ཉམས་ལེན་གྱི་ཚུལ་འདྲ་བར་བཞེད་དེ། བསམ་གཏན་ཕྱི་མའི་འགྲེལ་པར་འདི་ཡང་གསང་སྔགས་བཟླས་བརྗོད་བྱེད་པའི་བསམ་གཏན་གྱི་ཚེ་ན་བྱ་བར། བྱ་བའི་རྒྱུད་ཐམས་ཅད་ཀྱི་སྤྱིའི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་དང༌། དཔུང་བཟང་དང༌། དཔལ་རྟོག་པ་བསྡུས་པ་ལ་སོགས་པ་དང༌། བྱེ་བྲག་གི་རྒྱུད་འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ། རྣམ་པར་སྤྲུལ་པའི་བྱིན་གྱིས་རློབ་པ་དང༌། འཕགས་པ་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་དང༌། བྱང་ཆུབ་ཀྱི་སྙིང་པོ་དང༌། རིག་འཛིན་གྱི་སྡེ་སྣོད་ལ་སོགས་པ་ལས་གསུངས་ཏེ། ཁ་ཅིག་ཏུ་ནི་མི་མངོན་པའི་ཚུལ་དུ་བཤད། ཁ་ཅིག་ཏུ་ནི་གསལ་བར་བསྟན་ཏེ། འདི་ལྟར་རབ་ཏུ་གྲུབ་པར་བྱེད་པ་ལས། བཟླས་བརྗོད་བྱེད་པས་བཟླས་བརྗོད་ཚེ། །རིག་སྔགས་ལྷ་ཉིད་བཏང་ནས་ནི། །སྒོམ་པ་མཆོག་ཏུ་གཅེས་པ་ཡང༌། །རྟོག་པ་བཟུང་ནས་ཡོངས་མི་བསམ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དཔུང་བཟང་ལས་ཀྱང༌། སྙེམས་དང་བུད་མེད་མི་དགེར་ལྡན་པའི་སེམས། །གང་དང་གང་དུ་ཀུན་དུ་རྒྱུ་བདག །དེ་དང་དེ་ནས་བསྒྲིམས་ཏེ་རྣམ་བཟློག་ནས། །གསང་སྔགས་ཡི་གེ་མཆོག་ལ་སྦྱར་བར་བྱ། །ཞེས་བྱ་བ་དང༌། དེ་བཞིན་དུ། བསམ་གཏན་དག་དང་ལྡན་པའི་སྒྲུབ་པ་པོ། །ཤེས་ལས་བྱུང་བ་དགའ་བ་རབ་ཏུ་བསྐྱེད། །དགའ་བས་ལུས་ནི་ཤིན་དུ་སྦྱངས་པ་ཐོབ། །ཤིན་ཏུ་སྦྱང་སེམས་བདེ་བས་སྐལ་ལྡན་འགྱུར། །དགའ་བདེ་ཡིད་གཅིག་ཏིང་ངེ་འཛིན་གྱུར་ན། །དེ་ཚེ་བཟླས་བརྗོད་དོགས་པ་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་དེ་ཉིད་ལས་གསུངས་ཏེ། འདོད་ཆགས་ལ་སོགས་ཉོན་མོངས་དྲི་མར་བཅས། །དེ་བས་སེམས་ནི་འཁོར་བ་ཡིན་པར་གསུངས། །ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོ་མཐར་ནི་ཀུན་དུ་བསྒྲགས། །ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཤད་དོ། །དེ་བཞིན་དུ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས་ཀྱང༌། བཟླས་བརྗོད་བྱེད་པའི་ཚེ། བཟླས་བརྗོད་ཀྱི་ཡན་ལག་བཞིའི་སྦྱོར་བས། གསང་སྔགས་ཀྱི་སྦྱོར་བ་གསལ་བ་ཉིད་དུ་བཤད་དོ། །ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བ་ལས་ཀྱང༌། འཇམ་དཔལ་ནམ་སྔགས་པ་ལྷུན་གྱིས་གྲུབ་པར་ལྷ་ཉིད་ཀྱིས་ང་རྒྱལ་དུ་གྱུར་པ་དེའི་ཚེ། གསང་སྔགས་ཐམས་ཅད་མངོན་དུ་ཕྱོགས་པར་གནས་པར་འགྱུར་རོ། །ཞེས་གསུངས་སོ། །རིག་སྔགས་འཆང་གི་སྡེ་སྣོད་ལས་ཀྱང༌། རི་མོ་ལ་སོགས་པ་ལ་གནས་པའི་ལྷའི་བསམ་གཏན་བྱ་བ། འདིས་ནི་སྙན་ཆ་ཀུན་དུ་བསྐྱོད། །ནེའུ་ལེ་རྐྱལ་པ་བསྐུལ་བ་སྙམ། །དེ་ལྟར་བཟླས་བརྗོད་འབད་པའི་ཚེ། །ཞབས་ལ་སོགས་པའང་རིམ་གྱིས་བརྟག །ཅེས་གསུངས་པ་དང༌། བདག་གི་དེ་ཁོ་ན་ཉིད་བརྟག་པ་ཡང་གནས་པ་གསུམ་དང་རྣམ་པར་ཐར་པའི་སྒོ་གསུམ་ལ་གཞོལ་བར་བྱའོ། །ཞེས་པ་ནས། དེ་བས་ན་དེ་ལ་སོགས་པའི་རྒྱུད་དུ། ཇི་ལྟར་སྲིད་པའི་ལྷའི་གཟུགས་དང༌། གསང་སྔགས་ཀྱི་སྒྲའི་བསམ་གཏན་མངོན་དུ་བྱས་པ་ཉིད་ཀྱི་བཟླས་བརྗོད་གསུངས་སོ། །གང་དག་ཏུ་གདུལ་བྱའི་དབང་གིས་མ་བཤད་པ་དེ་དག་ནི། རྒྱུད་ཐམས་ཅད་ཀྱི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་དཔུང་བཟང་དང༌། དཔལ་རྟོག་པ་བསྡུས་པ་ལ་སོགས་པ་ལས་གསུངས་སོ། །ཞེས་བཤད་དོ། །དེ་ལ་བྱ་རྒྱུད་ལ་བདག་ལྷ་སྐུར་བསྐྱེད་པ་ཡོད་པའི་ཤེས་བྱེད་ནི་འདི་རྣམས་ཡིན་ལ། རྣམ་སྣང་མངོན་བྱང་དང༌། ཕྱག་རྡོར་དབང་བསྐུར་གཉིས་ནི། སྤྱོད་པའི་རྒྱུད་ཡིན་ཅིང༌། ལེགས་གྲུབ་དང་དཔུང་བཟང་གཉིས་བྱ་རྒྱུད་ཡིན་ཀྱང༌། དངོས་སུ་བདག་བསྐྱེད་ཡོད་པའི་ལུང་མི་སྣང་ལ། རྟོག་བསྡུས་ནི་བོད་ན་མི་བཞུགས་ཀྱང་ཡོ་གའི་འགྲེལ་པ་ཨ་ཝ་ཏ་རར། རྟོག་པ་ཐམས་ཅད་བསྡུས་པ་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ཀྱི་དགོངས་པ་འགྲེལ་པ་ལས་ཀྱང༌། ཞེས་རྣལ་འབྱོར་གྱི་རྒྱུད་དུ་བཤད་པས། དེ་ནས་བདག་བསྐྱེད་བཤད་ཀྱང༌། ཤེས་བྱེད་དུ་འགྲོ་བ་དཀའ་ཞིང༌། རིག་སྔགས་འཆང་གི་སྡེ་སྣོད་ལས། རི་མོ་ལ་སོགས་པ་ལ་གནས་པའི་ཞེས་སོགས་ཀྱི་ལུང་འདི་ནི། རས་བྲིས་ལ་བསམ་གཏན་བྱ་བའི་ལུང་དུ་སྣང་ངོ༌། །གང་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་སུ་སྤྱོད་རྒྱུད་ལྟར་གྱི་ཉམས་ལེན་བཤད་ལ་དེ་དང་མཐུན་པར་སློབ་དཔོན་བྱང་ཆུབ་སྙིང་པོའི་རྣམ་འཇོམས་ཀྱི་སྒྲུབ་ཐབས་དང༌། ཤུ་རཾ་ག་ཝརྨའི་རྣམ་འཇོམས་ཀྱི་དཀྱིལ་ཆོག་རྣམས་སུའང་བཤད་ལ། ཛེ་ཏཱ་རི་དང༌། ཇོ་བོ་རྗེའི་མི་འཁྲུགས་པའི་སྒྲུབ་ཐབས་དང༌། ཀེ་ལ་དྷ་རའི་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་རྣམས་སུའང་འདི་དང་ཚུལ་ཅུང་ཟད་མི་འདྲ་བར་གསུང་མོད། འདི་ཐམས་ཅད་ཀྱང་བྱ་རྒྱུད་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་སྲོལ་ཡིན་ནོ། །བཞི་པ་ལ་གསུམ། བདག་བསྐྱེད་མེད་པར་བསྟན་པ་དངོས། དེ་ལུང་གིས་སྒྲུབ་པ། རིག་པས་སྒྲུབ་པའོ། །དང་པོ་ནི། རྒྱུད་སྡེ་གོང་མར། འཇིགས་པར་དམིགས་ཤིང་ཤིན་དུ་གཙང་སྦྲ་བྱེད་པ་དང༌། ཡེ་ཤེས་སེམས་དཔའ་བདེ་བ་དམ་པ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། རྨད་དུ་བྱུང་བའི་ཡུལ་མ་ཡིན་པ་དང༌། སྐྱོན་གྱི་རྒྱུའི་རྟོག་པ་རབ་ཏུ་གཅོད་པས་བསྒྲུབ་པར་བྱ་བའི་རྒྱུད་ལ་བཞུགས་སོ། །ཞེས་གསུངས་ལ། དེའི་དོན་ནི། གཞན་གྱིས་བཀྲལ་བ་རྣམས་ནི་མི་འཐད་པའི་ཚུལ་སྔར་བཤད་ཟིན་ལ། འདིར་རང་ལྷའི་སྐུར་བསྒོམ་པ་ལ་སོགས་པ་ནང་གི་བྱ་བ་ལ་འཇིགས་པར་དམིགས་པ་སྟེ་བལྟ་ཞིང༌། ཤིན་དུ་ཁྲུས་དང་གཙང་སྦྲ་ལ་གནས་པར་བྱེད་པ་དང༌། གཞན་ནས་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་རང་ལ་འཇུག་པའི་བདེ་བ་དམ་པ་སྟེ་མཆོག་མེད་པ་དང༌། བདག་ཉིད་ལྷའི་སྐུ་ཞལ་དང་ཕྱག་གི་རྣམ་པ་ཅན་གྱིས་སྙེམས་པ་སྟེ། ང་རྒྱལ་བསྒོམ་པ་མེད་པ་དང༌། རྒྱུད་སྡེ་གོང་མར་བཤད་པ་ལྟར་གྱི་རྨད་དུ་བྱུང་བའི་སྤྱོད་ཡུལ་ལ་སྤྱོད་པ་མ་ཡིན་པའི་ཚུལ་གྱིས་ཕྱིའི་བྱ་བ་མང་པོ་སྒྲུབ་པར་བྱེད་པ་དང༌། སྐྱེ་རྒ་ལ་སོགས་པ་འཁོར་བའི་རྒུད་པའི་སྐྱོན་དང་དེའི་རྒྱུའི་རྩ་བ་ནི་དངོས་པོ་ལ་བདེན་པར་འཛིན་པའི་རྟོག་པ་སྟེ། དེའི་རང་བཞིན་རབ་ཏུ་གཅོད་པ་ནི། །སོ་སོར་རྟོག་པའི་ཤེས་རབ་བསྒོམ་པ་སྟེ། །དེ་ལྟ་བུའི་ལམ་གྱིས་སངས་རྒྱས་སྒྲུབ་པར་བྱེད་པ་ནི། བྱ་བའི་རྒྱུད་རྣམས་ལ་བཞུགས་སོ། །ཞེས་བྱ་བ་ཡིན་ནོ། །དེས་ན་གོང་རྒྱུད་སྡེ་བཞིར་ཕྱེ་བའི་ཡ་གྱལ་གྱི་བྱ་བའི་རྒྱུད་ཡིན་ན་བདག་ཉིད་ལྷའི་སྐུར་མི་བསྒོམ་པ་སོགས་ཀྱིས་ཁྱབ་པས་ན་བྱ་བའི་རྒྱུད་ལ་བདག་ལྷར་བསྒོམ་པ་མེད་དོ། །ཞེས་བྱ་བ་འདི་ནི། རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་གྲུབ་པའི་མཐའ་འོ། །གཉིས་པ་ནི། དེ་ལྟར་བྱ་རྒྱུད་རང་གི་ངོས་ནས་བདག་བསྐྱེད་མེད་པར་རྒྱུད་སྡེ་གོང་མ་ནས་བསྟན་པར་མ་ཟད་བྱ་རྒྱུད་ཀྱི་རྒྱུད་སྡེ་ད་ལྟ་བོད་ན་བཞུགས་པ་སུམ་བརྒྱ་དང་བདུན་ཅུ་ཙམ་སྣང་བ་འདི་རྣམས་ནས་བདག་བསྐྱེད་ཚིག་གཅིག་ཀྱང་མ་གསུངས་པ་འདིས་ཀྱང་ལེགས་པར་གྲུབ་ལ། རྣམ་འཇོམས་ཀྱི་འགྲེལ་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པར། དེ་ལྟར་བྲིས་ནས་བུམ་པ་ལ་སོགས་པའི་རྫས་རྣམས་བཀོད་ནས་ཁྲུས་བྱས་ཏེ་གནས་ལ་སོགས་པ་བསྐྱེད་དེ། ལྷ་རྣམས་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ནས་ཕྱག་རྒྱ་རྣམས་བསྟན་པར་བྱའོ་ཞེས་པ་ནས། དེ་ནས་འཇིག་རྟེན་སྐྱོང་བ་ཀུན་ལ་རང་རང་གི་ཕྱག་རྒྱ་བསྟན་ཏེ། ཐམས་ཅད་ལ་མཆོད་པ་ལ་སོགས་པ་བྱས་ནས་གཏོར་མ་བྱིན་ཏེ། སྦྱིན་སྲེག་བྱས་ལ་མན་ངག་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་རྣམས་ཀྱི་བཟླས་བརྗོད་བྱའོ། །ཞེས་དང༌། འགྲེལ་པར། དེ་ནས་སླར་ལོག་སྟེ་ལྷའི་གནས་སུ་སོང་ལ་ཚོན་གྱི་དཀྱིལ་འཁོར་དེ་དག་མདུན་གྱི་བར་སྣང་ལ་གྱེན་དུ་དཔག་ཅིང༌། དེར་རིག་སྔགས་ཀྱི་ལྷ་འཁོར་དང་བཅས་པ་སྤྱན་དྲང་བ་ནི། འཕགས་པ་དྲ་བི་ཏའི་གཟུངས་ཆོག་ལས། ཁྲུས་བྱས་ནས་གོས་གཙང་མ་བགོས་ཏེ། རྡོ་རྗེ་ཐོགས་ནས་དཀྱིལ་འཁོར་གྱི་སར་སོང་ནས། དཀྱིལ་འཁོར་གྱི་ནུབ་ཕྱོགས་ཀྱི་སྒོར་འགྲེང་སྟེ། ཞེས་པ་ནས། དབང་ལྡན་གྱི་ཕྱོགས་ལ་སོགས་པ། དཀྱིལ་འཁོར་གྱི་ཕྱོགས་དང་ཕྱོགས་མཚམས་རྣམས་སོ། །དྲ་བི་ཏ་ལ་སོགས་པ་ལྷ་རྣམས་སོ་སོའི་ཕྱག་རྒྱ་དང་སྔགས་ཀྱིས་སྤྱན་དྲང་བར་བྱའོ། །ཞེས་བདག་བསྐྱེད་མེད་པར་གསུངས་པ་དང༌། དཔལ་སུ་མ་ཏི་ཀཱིརྟིས། དེའི་རྗེས་ལ་མཆོད་རྟེན་ལ་སོགས་པའི་ནང་ངམ། སྙིང་གར་ཟླ་བ་ལ། སྔ་མ་ལྟར་སྔགས་ཀྱི་ཕྲེང་བ་དམིགས་ལ། དེའི་འོད་ཀྱིས་འཇིག་རྟེན་ཐམས་ཅད་ཁྱབ་པར་བལྟ་སྟེ། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་ནས། གང་ཞིག་རབ་ཏུ་གནས་པར་བྱ་བ་མཆོད་རྟེན་ལ་སོགས་པ་དེའི་གཟུགས་ཀྱིས་བྱོན་ནས། དེ་དང་དེ་ལ་ཐིམ་པ་དང༌། ཞེས་བྱ་རྒྱུད་ཀྱི་རབ་གནས་ཀྱི་སྐབས་སུའང༌། རྟེན་དང་པོ་ལྷར་མི་བསྐྱེད་པར་ལྷ་སྤྱན་དྲངས་པ་ཉིད་ཐིམ་པས་སོ་སོའི་སྐུར་བསྒོམ་པར་བཤད་པའི་ཕྱིར་རོ། །གསུམ་པ་ནི། གསང་སྔགས་ཀྱི་ཐེག་པ་ལ་རྒྱུད་སྡེ་བཞིར་འབྱེད་པ་འདི་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་ཤིང༌། སངས་རྒྱས་གསང་བ་དང༌། སྨྲྀ་ཏིའི་རྣམ་འཇོམས་ཀྱི་འགྲེལ་པར་ཡང་བཤད་པས། རྒྱུད་སྡེ་བཞིར་འདོད་དགོས་ལ། དེའི་ཚེ་བྱ་རྒྱུད་ལ་བདག་བསྐྱེད་ཡོད་ན་རྒྱུད་སྡེ་བཞིར་མི་འགྱུར་ཏེ། བྱ་སྤྱོད་གཉིས་རྣལ་འབྱོར་ལ་ཁྱད་པར་མེད་པས་རྒྱུད་སྡེ་གཅིག་ཏུ་སོང་བའི་ཕྱིར་དང༌། འདི་གཉིས་ལ་བདག་བསྐྱེད་ཡོད་མེད་མ་གཏོགས་གཞན་ཁྱད་པར་གང་ཡང་མེད་པའི་ཕྱིར་རོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ལ་གཉིས་ཀྱི་དང་པོ་ལུང་དང་འགལ་བ་སྤང་བ་ནི། གལ་ཏེ་སློབ་དཔོན་བྱང་ཆུབ་མཆོག་གི་ལུགས་ཀྱི་བྱ་རྒྱུད་ལ་བདག་བསྐྱེད་མེད་པར་འདོད་པ་མི་འཐད་དེ། དེས་མཛད་པའི་བྱ་བ་སྤྱིའི་སྒྲུབ་ཐབས་ལས། བྱ་བའི་རྒྱུད་ལས་ལྷ་བསྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ཏོ་སྙམ་དུ་བསམ་པར་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཕལ་ཆེར་མ་བསྟན་ཀྱང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང་དེ་ཁོ་ན་ཉིད་བཅུ་པ་ལ་འཇུག་པ་དག་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་ན་དངོས་གྲུབ་ཐམས་ཅད་ནི་གསང་སྔགས་ཀྱི་ལྷ་དང་དེ་ཁོ་ན་ཉིད་ལ་རག་ལས་པ་ཡིན་ལ། དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས། བླ་མ་བརྒྱུད་པ་དང༌། རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རིམ་པ་འདིས་ལྷ་ཉིད་ཀྱི་སྐུར་བསྐྱེད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །ཞེ་ན། དེ་ལྟར་རྟོག་པ་ནི་ཧ་ཅང་བློ་གྲོས་རྩིང་པ་སྟེ། ལྷ་བསྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་ཞེས་པ་ནི། བདག་ཉིད་ལྷའི་སྐུར་བསྐྱེད་པ་མ་ཡིན་གྱི། མདུན་དུ་ལྷ་སྤྱན་དྲངས་ནས་དངོས་གྲུབ་ལེན་པ་ལ་བྱ་ལ། དེ་བྱ་རྒྱུད་རྣམས་ལས་མ་བསྟན་ཏོ། །སྙམ་དུ་མི་སེམས་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་ཕལ་ཆེར་མ་བསྟན་ཀྱང་ཞེས་པ་ནི། ཚེ་དཔག་མེད་ཀྱི་གཟུངས་དང༌། རྡོ་རྗེ་རྣམ་འཇོམས་དང༌། མིག་ནད་རབ་ཏུ་ཞི་བའི་གཟུངས་ལ་སོགས་པ། རྒྱུད་ཀྱི་རྐང་གྲངས་ཉིས་བརྒྱ་ཙམ་ལས་སྔགས་དང༌། ལས་བསྒྲུབ་ཚུལ་སོགས་བསྟན་ཀྱང༌། མདུན་དུ་ལྷ་བསྒྲུབ་པའི་རྣལ་འབྱོར་མ་གསུངས་པས་དེ་རྣམས་ལ་བྱ་བའི་དོན་ཏོ། །འོ་ན་མདུན་དུ་ལྷ་བསྒྲུབ་པའི་རྣལ་འབྱོར་གང་ནས་བཤད་ཅེ་ན། ཕྱག་རྡོར་དབང་བསྐུར་དང༌། དེ་ཉིད་བཅུ་ལ་འཇུག་པ་ལ་སོགས་པའི་རྗེས་སུ་འབྲངས་ནས་མདུན་དུ་ལྷ་བསྒྲུབ་པ་བཤད་ཅེས་པའི་དོན་ཏོ། །འོ་ན་ཕྱག་རྡོར་དབང་བསྐུར་ནི་སྤྱོད་པའི་རྒྱུད་ཡིན་པས། དེ་ཤེས་བྱེད་དུ་བྱས་པ་ལ་བདག་ལྷར་བསྒོམ་པ་ཡོད་པར་འགྱུར་རོ། །སྙམ་ན་མ་ཡིན་ཏེ། སློབ་དཔོན་འདིས་བྱ་སྤྱོད་གཉིས་ཀ་ལ་བདག་བསྐྱེད་མེད་པར་བཞེད་ལ། དེ་ལྟར་བཤད་པའང་ཤིན་ཏུ་མང་སྟེ། ཨིནྡྲ་བྷཱུ་ཏིའི་བདེ་མཆོག་འགྲེལ་པར། གསང་བ་རྡོ་རྗེ་ཐེག་པ་ལ་གནས་པ་བྱ་བ་དང་སྤྱོད་པའི་སྒོ་ནས་ཀྱང་རིག་སྔགས་ཀྱི་རྗེས་སུ་གནང་བ་ཙམ་ལ་བརྟེན་ཏེ། བདག་དང་ལྷ་ཐ་དད་དུ་ལྟ་བ་ཅན་ཡོངས་སུ་བརྟགས་པ་མཚན་བཅས་དམིགས་པ་ལས་གྲུབ་པའི་དོན་མངོན་དུ་བྱེད་པར་འདོད་པའོ། །ཞེས་དང༌། དཔལ་འཛིན་གྱིས་དགྲ་ནག་འགྲེལ་པར། བྱ་བ་དང་ནི་སྤྱོད་པའི་ལུགས་ལ་ཡང་བསྒྲུབ་བྱ་དང་སྒྲུབ་པའི་ཐབས་དུས་རིང་པོར་རྗེས་སུ་མི་འཇུག་སྟེ། དེ་དག་ནི་བརྟགས་པ་ལས་བྱུང་བ་ཉིད་ཡིན་ཏེ། དེར་ནི་འདི་ལྟར་རས་བྲིས་ལ་སོགས་པར་གཏོགས་པའི་ལྷའི་སྟོབས་ཀྱིས་དངོས་གྲུབ་རྫོགས་པར་བྱེད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་དུ་ནི་ཁྱད་པར་འདི་ཡོད་དེ། རང་གི་ལྷའི་རྣལ་འབྱོར་གྱིས་རས་བྲིས་ལ་སོགས་པར་གཏོགས་པའི་ལྷ་ལ་དམིགས་ནས་མཐུན་པའི་དངོས་གྲུབ་སྒྲུབ་པར་བྱེད་དོ། །ཞེས་གསུངས་པ་དང་འདྲ་ལ། རིམ་པ་འདིས་ལྷ་ཉིད་ཀྱི་སྐུར་བསྐྱེད་པར་བྱའོ། །ཞེས་པ་ནི་དེའི་རྗེས་ཐོག་ཁོ་ན་ལ་མདུན་དུ་ལྷ་བསྐྱེད་པའི་ཆོ་ག་བཤད་པས་དེ་ལ་བྱའི། བདག་བསྐྱེད་ལ་མི་བྱ་སྟེ། སྒྲུབ་ཐབས་འདིའི་དབུ་ཞབས་གང་དུའང་མ་བསྟན་པའི་ཕྱིར་རོ། །གཉིས་པ་རིགས་པ་དང་འགལ་བ་སྤང་བ་ནི། གལ་ཏེ་བདག་ཉིད་ལྷ་སྐུར་བསྒོམ་པ་མེད་ན། རྒྱུད་སྡེ་གོང་མར། ལྷ་ཕོ་མོ་ཕན་ཚུན་བལྟས་པའི་བདེ་བ་ལམ་དུ་བྱེད་པ་ཡོད་པར་གསུངས་ལ། དེའང་རྣམ་སྣང་དང་སྤྱན་མ་སོགས་ཀྱི་ལྷ་ལ་ཆགས་པ་མི་སྲིད་པས་ལྷ་དེ་དང་དེའི་ང་རྒྱལ་འཆང་བའི་སྒྲུབ་པ་པོ་ལ་བྱ་དགོས་ཏེ། རྒྱུད་སྡེ་རྣམས་ཀྱི་གདུལ་བྱས་ལྟ་བ་ལ་སོགས་པའི་ཆགས་པ་ལམ་དུ་བྱ་དགོས་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར་རོ། །ཞེ་ན་དེའང་མི་འཐད་དེ། ཆགས་པ་དེ་ལམ་དུ་བྱེད་པ་ནི། མདུན་དུ་དམིགས་པའི་ལྷ་བལྟས་པའི་བདེ་བའི་རྣམ་པ་ཅན་དུ་གནས་པ་ལ། བཟླས་པ་ལ་སོགས་པའི་ཚུལ་གྱིས་དངོས་གྲུབ་བླངས་པས། རང་རྒྱུད་ཀྱི་ཆགས་པ་ཞི་བ་དང༌། བདེ་བ་འདྲེན་པ་སོགས་ནུས་པའི་ཕྱིར་རོ། །གལ་ཏེ་རང་དེའི་ངོ་བོར་མ་ཞུགས་ན་ཕྱི་རོལ་གྱི་ཡུལ་དེའི་རྣམ་པ་ཅན་ལ་སེམས་གཏད་པས་བདེ་བ་ལམ་དུ་བྱ་བར་མི་ནུས་སོ། །ཞེ་ན། འོ་ན་ཕྱི་རོལ་གྱི་སྐྱེས་པ་ཕོ་མོ་ཕན་ཚུན་ཆགས་པའི་རྣམ་པ་ཅན་སེམས་གཏད་པས་ཀྱང་རང་རྒྱུད་ལ་ཆགས་པ་འདྲེན་མི་ནུས་པའི་ཕྱིར་རོ། །གཞན་ཡང་རྣམ་སྣང་སོགས་ལྷ་ལ་ཆགས་པ་མེད་ཀྱང་སྒྲུབ་པ་པོའི་རྒྱུད་ཀྱི་ཆགས་སོགས་འཇོམས་པ་ལ་ལྷ་དེ་ལྟ་བུའི་རྣམ་པར་བསྟན་པ་ཡིན་གྱི། སྒྲུབ་པ་པོ་དེའི་ང་རྒྱལ་ཁོ་ནའི་ཆེད་དུ་བསྟན་པ་ཡིན་ན། ཆོ་ག་ཞིབ་མོའི་བྲིས་སྐུའི་སྐབས་ལས། བཅོམ་ལྡན་འདས་མ་ཞལ་ཁྲོ་གཉེར་ཅན་མ་ལ་གཏོད་པར་བྱ་ཞིང༌། ཞེས་དང༌། རྣམ་སྣང་མངོན་བྱང་ལས། བཞིན་ནི་བག་ཙམ་འཛུམ་པ་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་སྟེ། །ཞེས་སོགས་བཤད་པས་རས་བྲིས་ང་རྒྱལ་འཆང་མཁན་གྱི་སྒྲུབ་པ་པོར་ཁས་ལེན་དགོས་སོ། །གཉིས་པ་ལ་གསུམ། སྦྱོར་བའི་ཆོ་ག དངོས་གཞིའི་ཆོ་ག རྗེས་ཀྱི་ཆོ་གའོ། །དང་པོ་ལ་གཉིས། ལས་སུ་བྱ་བའི་རིམ་པ་དང༌། རྣལ་འབྱོར་གྱི་སྔོན་འགྲོ་བྱ་བའོ། །དང་པོ་ལ་ལྔ་ཡི། དང་པོ་ཉལ་ཁང་དུ་ཇི་ལྟར་བྱ་བ་ནི། ནངས་པར་མལ་ནས་ལངས་ཏེ། རིགས་གསུམ་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་གསང་སྔགས་བརྗོད་དོ། །དེ་ལ་ཕྱག་རྒྱ་ནི་ཐལ་མོ་བཀན་པ་ལས་མཛུབ་མོ་གཉིས་ཅུང་ཟད་ཙམ་བཀུག་སྟེ་མགོ་ལ་བཞག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ཏོདྦྷ་ཝ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རིགས་ཀྱིའོ། །ཐལ་མོ་སྦྱར་བ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་ཏེ་སྙིང་གར་བཞག་པ་ལ། ཨོཾ་པདྨོདྦྷ་ཝཱ་ཡ་སྭཱ་ཧཱ། ཞེས་པ་ནི་པདྨའི་རིགས་ཀྱིའོ། །ལག་པ་ཐལ་མོ་བཟློག་སྟེ་སྦྱར་ལ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་སྦྱར་ནས། ལྟེ་བའི་ཐད་ཀར་བཞག་ལ། ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱ་ཧཱ། ཞེས་པ་ནི་རྡོ་རྗེའི་རིགས་ཀྱིའོ། །དེ་སྐད་དུའང༌། ལེགས་གྲུབ་ལས། ལྷ་རྣམས་བྱིན་གྱིས་རློབ་པ་ཡང༌། །བདག་གི་སྔགས་ཀྱིས་མཛད་པར་འགྱུར། །བདག་གི་སྔགས་ལ་འཇིགས་རྟོགས་ན། །བསྲུང་བ་བདག་པོས་བྱ་བར་བཤད། །ཅེས་སོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མངོན་སུམ་ལྟར་དམིགས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་པྲ་ཎ་མེ་ན་སརྦ་ཏ་ཐཱ་ག་ཏ་བཛྲ་པ་ད་བནྡྷ་ནཾ་ཀ་རོ་མི། ཞེས་པས་དེ་དག་གི་ཞབས་ལ་ཕྱག་བྱའོ། །དེ་ནས་རང་གི་ལུས་དབུལ་བར་བྱ་སྟེ། ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། བདག་ཉིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དུས་ཐམས་ཅད་དུ་ཡོང་ཡེ་འབུལ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་བཞེས་སུ་གསོལ། བདག་ལ་དངོས་གྲུབ་བླ་ན་མེད་པ་སྩལ་དུ་གསོལ། ཞེས་བྱའོ། །ཕྱག་དང་བདག་འབུལ་གཉིས་ནི། དམ་ཚིག་གསུམ་བཀོད་ལས་བཏུས་པ་འདྲའོ། །དེ་ནས་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱ་སྟེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཅེས་བརྗོད་དེ། ལེགས་གྲུབ་ལས། དུས་གསུམ་དུ་ནི་སྐྱབས་སུ་འགྲོ། །ཞེས་དང༌། དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད། །ཅེས་སོ། །དེ་ནས་ཁྲོ་བོ་མནོལ་བ་མེད་པའི་སྔགས་རྒྱས་བསྲུངས་ཏེ། དེའི་སྔགས་ནི་ལེགས་གྲུབ་ལས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྡྷཱན་ས་ཡ་ཨུཙྪུ་སྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་འབྱུང་ལ། ཕྱག་རྒྱ་ནི། ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས་གཤིབས་ཏེ་བསྒྲེང༌། མཛུབ་མོ་རྩེ་སྦྱར་བའི་གློར་མཐེ་བོང་གཉིས་བཙུགས་པའོ། །དེའང་ལེགས་གྲུབ་ལས། ཕྱི་རོལ་འཆག་ལ་སོགས་པ་དང༌། །གཞན་ཡང་གང་དག་མི་གཙང་ཡང༌། །ཁྲོ་བོ་འཆོལ་བའི་གསང་སྔགས་ཀྱིས། །དེ་ཚེ་བསྲུང་བ་བྱ་བར་བཤད། །ཅེས་སོ། །དེ་ནས་རང་གི་སྙིང་གར་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡི་གེ་མ་དང༌། མགོ་བོར་མི་གཡོ་བའི་ངོ་བོ་ཧ་ཡིག་འབར་བའི་ཕྲེང་བས་འཁྲུགས་པར་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་རང་བཞིན་གྱིས་དག་པར་མོས་པ་བྱའོ། །འདི་ལ་སྔ་རབས་པ་རྣམས་དང་པོས་ཡིད་དང༌། གཉིས་པས་ལུས་དང༌། གསུམ་པས་ངག་དག་པར་བྱེད་དོ། །ཞེས་གསུང་ངོ༌། །གཉིས་པ་ཕྱི་རོལ་དུ་ཁྲུས་བྱ་བ་ནི། དེ་ནས་གནས་ཁང་ནས་ཕྱིར་བྱུང་སྟེ། སོ་ཤིང་འཆའ་བ་ལ་སོགས་པ་བྱས་ནས་ལྷའི་ཁང་པ་ལ་སོགས་པ་ལ་ཕྱག་དར་སྐྱང་ནུལ་ཅི་ནུས་བྱས་ནས་ཁྲུས་བྱས་ཏེ། སྐྱེ་བོ་འདུ་བ་དང༌། འཇིགས་པ་མེད་པའི་གནས་སུ་སོང་སྟེ། གནས་གཙང་མ་ནས་ས་བླངས་ལ་ཆ་གསུམ་དུ་བགོས་ཏེ། ས་གཙང་སར་བཞག་གོ །དེ་ལ་བླང་བའི་སྔགས་ནི། ཨོཾ་ནི་ཁ་ན་བ་སུ་དྷེ་སྭཱ་ཧཱ། ཞེས་པའོ། །ཕྱག་རྒྱ་ནི་ལག་པ་གཉིས་ཀྱི་སོར་མོ་ཕྱི་རོལ་ཏུ་བསྣོལ་ཏེ་བཀུག་ནས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང༌། མཐེ་བོང་གཉིས་དེའི་དྲུང་དུ་གཞག་གོ །དེ་ལྟ་བུའི་སྔགས་རྒྱས་པ་ལ་འཇུག་ཅིང་བླང་ངོ༌། །དེའང་དང་པོར་སྔར་བསྟན་པའི་དམ་རྒྱ་གསུམ་སྐབས་སུ་གང་བབ་བཅིངས་ལ། དེ་ནས་བླང་ངོ༌། །དེ་ནས་ལེགས་གྲུབ་ཏུ། ཁྲུས་བྱེད་ཚེ་ན་གེགས་ཀྱི་བདག །བསྲུང་བ་རྟག་ཏུ་བྱ་བར་བཤད། །ཅེས་པ་ལྟར། བདུད་རྩི་ཐབ་སྦྱོར་གྱིས་བདག་བསྲུངས་ཏེ། དེའི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་སོ། །ཕྱག་རྒྱ་ནི། མཐེ་བོང་གི་ངོས་ཀྱིས་མཐེའུ་ཆུང་གི་སེན་མོ་མནན་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ་བསྣོལ་ནས་དཔུང་པར་བཞག་སྟེ། ཡ་སོས་མ་མཆུ་མནན་ལ། ཁྲོ་བོའི་ལྟ་བས་བལྟ་ཞིང་སྔར་གྱི་སྔགས་འདོན་པའོ། །དེ་ནས་བགེགས་བསལ་བའི་ཕྱིར་ཁུ་ཚུར་གཉིས་ནང་དུ་བཅིངས་ཏེ། མཛུབ་མོ་ཕྱུང་ནས་བསྒྲེངས་ལ། མགོ་ནས་རྐང་པ་ལ་ཐུག་གི་བར་དུ་བྲབ་ཅིང༌། ཨོཾ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བཟླའོ། །དེ་ནས་རྡོ་རྗེའི་གོ་ཆ་བྱ་སྟེ། དེའི་ཕྱག་རྒྱ་ནི། ཐལ་མོ་བཀན་པ་ལས། མཐེའུ་ཆུང་གཉིས་བསྣོལ་བའི་བར་དུ་སྲིན་ལག་གཉིས་བཞག་གུང་མོ་གཉིས་གཤིབས་ཏེ་བསྒྲེངས་ལ་དེའི་ཚིགས་གསུམ་པར་མཛུབ་མོ་བཀུག་སྟེ་མཐེ་བོང་སྦྱར་ནས་མཐེ་བོང་གཉིས་དབུས་སུ་གཞག་པའོ། །སྔགས་ནི། ཨོཾ་བཛྲ་ཨགྣི། པྲ་དཱི་པ་ཏ་ཡེ་སྭཱ་ཧཱ། ཞེས་པས་གོ་བསྐོན། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀྱེད་ནས་རྡོ་རྗེའི་ཚུལ་དུ་བྱས་པ་གོ་ཆའི་ཕྱག་རྒྱ་བྱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཧཱུྃ་ཁ་ཀཱི་ལི་ཧཱུྃ་ཕཊ། ཅེས་བརྗོད་པའམ། ཡང་ན་སྔགས་དང་ཕྱག་རྒྱ་གཞན་གྱིས་ཀྱང་རུང་སྟེ། རང་གི་མགོ་བོ་དང༌། དཔུང་མགོ་གཡས་གཡོན་གཉིས་དང༌། སྙིང་ག་དང་མགྲིན་པ་རྣམས་སུ་རེག་པས་གོ་ཆ་བྱའོ། །དེ་ནས་ལག་པ་གཡོན་པའི་སོར་མོ་དབུས་མ་གཉེས་མཐེ་བོས་མནན་ལ། མཛུབ་མོ་དང་མཐེའུ་ཆུང་གདུ་བུའི་ཚུལ་དུ་བྱ་སྟེ། སོར་མོ་དབུས་མའི་ཚིགས་དབུས་མར་གཟུགས་སོ། །ལག་པ་གཡས་པའི་སོར་མོ་དབུས་མ་གསུམ་རྡོ་རྗེའི་ཚུལ་དུ་བྱ་སྟེ། རྐེད་པའི་ཕྱོགས་སུ་བཞག་པ་བགེགས་བསལ་བའི་ཕྱག་རྒྱ། སའམ་ཆུ་ལ་གཏུགས་བགེགས་བསལ་བའོ། །སྔགས་ནི། ཨོཾ་དྷུ་ཧ་ན། ཧཱུྃ་མ་ཐ་བི་དན་ས་ཡ་ཨུད་པ་ར་ཡ་ཕཊ། ཅེས་པའོ། །དེ་ནས་ལེགས་གྲུབ་ཏུ། ལས་རྣམས་ཀུན་ལ་བློ་ཅན་གྱིས། །སྔགས་འདི་ཆུ་ལ་བཏབ་པ་ཡིས། །ཐོག་མར་བསལ་བ་བྱས་ནས་སུ། །དེ་ནས་ལས་རྣམས་བརྩམ་པར་བྱ། །ཞེས་ཆུ་ལ་བཏབ་པ་ཙམ་ལས་མ་གསུངས་ཀྱང༌། སློབ་དཔོན་བྱང་ཆུབ་མཆོག་གིས། དེ་ནས་སྔགས་དང་ཕྱག་རྒྱས་སའམ་ཆུ་ལ་གཏུགས་ཏེ། ཅེས་ས་ཆུ་གཉིས་ཀ་ལ་གཏུགས་པར་བཤད་དོ། །དེ་ལྟར་ཁྲུས་བྱ་བའི་ཚེ་སྔགས་འདི་རྣམས་བྱ་དགོས་ཏེ། དཔུང་བཟང་ལས། གཡོ་ཞིང་འགུལ་བ་ཞེས་ནི་བྱ་བའི་བགེགས། །ཆུ་ནང་སྐྱེས་བུ་འཁྲུད་པའི་ཚེ་ན་འཛིན། །བཀྲེས་ཤིང་ལུས་ལ་སྐོམ་ཞིང་གཉིད་ཀྱང་ཆེ། །དེ་བཞིན་ལུས་ལྕི་མཆོག་ཏུ་ཁྲོ་བར་འགྱུར། །ཞེས་པའི་བགེགས་ཡོད་པས་དེ་བསྲུང་བའི་ཆེད་དུ་ཡིན་ནོ། །དེ་ནས་ཆུ་དག་པའི་ཕྱིར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། ཨོཾ་ཧ་ན་ཧ་ན་བཛྲ། བཛྲ་ཎ་ཧ། ཞེས་བཟླས་ཏེ། ལེགས་གྲུབ་ལས། མཚོ་ལ་སོགས་པའི་ཆུ་ལ་ནི། །སྔགས་ཀྱིས་བཏབ་སྟེ་བཀྲུ་བར་བྱ། །ཞེས་སོ། །དེ་ནས་ཆུ་ལ། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུྃ་ཕཊ། ཅེས་ལན་བདུན་བཟླ་ཞིང༌། ལག་པ་གཡོན་པའི་མཐེ་བོའི་ངོས་ཀྱིས་མཐེའུ་ཆུང་གི་སེན་མོ་མནན་ལ། སོར་མོ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་ཏེ། ས་ལ་གཏུགས་པས་བསང་གཏོར་བྱ་སྟེ། ལེགས་གྲུབ་ལས། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །ནན་ཏན་དུ་ཡང་བསྲུང་བྱ་སྟེ། །བཟླ་ཞིང་རང་གི་རིག་སྔགས་བཀྲུ། །ཞེས་སོ། དེ་ནས། ཨོཾ་བཛྲ་ཧ་ར་ཧཱུྃ། ཞེས་ལན་བདུན་བཟླས་པས། སའི་ཆ་གཅིག་བླངས་ཏེ་ཆུའི་ནང་དུ་ལྟེ་བ་ནུབ་ཙམ་དུ་ཞུགས་ནས་ཁྲུས་རས་དང་བཅས་པས་ཁྲུས་བྱའོ། །དེ་ནས་སའི་ཆ་ལྷག་མས་ལག་པ་བཀྲུས་ཏེ། ཨོཾ་ཤྲུ་ཏི་སྨྲྀ་ཏི་དྷ་རི་ནི་ཧཱུྃ་ཧ། ཞེས་བཟླ་ཞིང༌། ལག་པ་གཡས་པའི་ཐལ་མོ་བཀན་པ་ལས་མཛུབ་མོ་མཐེ་བོའི་དྲུང་དུ་བཞག་སྟེ་མཐེ་བོང་ཡང་མཛུབ་མོའི་ཚིགས་དབུས་མར་བྱས་པ་དབྱངས་ཅན་གྱི་ཕྱག་རྒྱས་ཉེ་རེག་བྱའོ། །དེའི་ཚུལ་ཡང༌། དཔུང་བཟང་ལས། ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་སུ། །པུས་མོ་ཕྱི་རོལ་དུ་ནི་བསྟན་བྱས་ཏེ། །བར་དུ་ལག་བཞག་ཙོག་ཙོག་པོར་འདུག་ནས། །སྒྲ་མེད་ལྦུ་བ་མེད་པས་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང༌། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །ཞེས་སོགས། དེ་ནས་དབྱངས་ཅན་གྱི་ཕྱག་རྒྱས་ཆུ་བླངས་ནས་ཉེ་རེག་བྱེད་པའི་དོན་ཡིན་ནོ། །འདིར་སའི་ཁྲུས་ལ་དཔུང་བཟང་དུ། །ས་ཕུང་བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། །གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་ཡིས་ཇི་སྲིད་དུ། །དྲི་མ་དྲི་བྲལ་དེ་ཡི་བར་དུ་བྱ། །ཞེས་ཚུལ་གཉིས་གསུངས་པས། འདིར་ལུགས་ཕྱི་མ་བཀོད་པར་སྣང་ངོ༌། །དེ་ནས་ལེགས་གྲུབ་ལས། དེ་ནས་གསང་         རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*