གསང་འདུས་མི་བསྐྱོད་པའི་སྒྲུབ་ཐབས། ཤིན་ཏུ་རྣལ་འབྱོར་གྱི་ཁྱད་པར། ཁ༽

།བདག་ཉིད་ཆེན་པོ་ཁྱེད་གནས་ཏེ། །གང་གིས་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དྭང་བས་ན། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བརྗོད་ཅིང་དོན་བཤད་དོ། །དེ་ནས་ཀུ་ཤ་ཆེ་བ་སྟན་དང༌། ཆུང་བ་སྔས་སུ་བཅུག་ལ། སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་བཅུག་ལ། མཚན་མ་མཐོང་བ་གང་ཡིན་པ། །དེ་ཀུན་སྔ་དྲོ་ང་ལ་སྨྲོས། །ཞེས་བརྗོད་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་ངོ༌། །ནངས་པར་སྔ་བར་རྨི་ལམ་དྲིས་ཏེ། བཟང་ན་སྤྲོ་བ་བསྐྱེད། ངན་ན་བདག་མེད་པས་སྦྱངས་ཏེ། ཆོ་ག་བདུན་པའོ། །བརྒྱད་པ་ཐིག་གདབ་པའི་ཆོ་ག་ནི། དེ་ནས་སློབ་དཔོན་གྱིས། སྟ་གོན་གྱི་ལྷ་ལ་མཆོད་བསྟོད་དངོས་གྲུབ་བླང་བའི་བར་བྱས་ལ། སྔར་གྱི་སྔགས་རྒྱས་ནམ་མཁར་བཏེག་སྟེ། སླར་ཡང་མཆོད་བསྟོད་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་སྐུད་ཁ་དོག་ལྔ་པའམ། རིང་ཐུང་སྦོམ་ཕྲ་ལས་ཐིག་དང་མཚུངས་པ་འདུ་བྱས་ལ། བསང་སྦྱངས་སྔོན་དུ་འགྲོ་བས། ཐིག་སྐུད་ནག་པོ་ཧཱུྃ་ལས་མི་བསྐྱོད་པ། དཀར་པོ་ཨོཾ་ལས་རྣམ་སྣང༌། སེར་པོ་སྭཱ་ལས་རིན་འབྱུང༌། དམར་པོ་ཨཱཿལས་འོད་དཔག་མེད། ལྗང་གུ་ཧཱ་ལས་དོན་གྲུབ་དུ་བསྐྱེད་དེ། ནམ་མཁར་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར། ས་བོན་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་ལྔ་འཕྲོ་བར་བསམས་ལ། ཨོཾ་ཨཱཿཨཀྵོ་བྷྱ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ནཱ་ཡ་ཧཱུྃ། ཞེས་པས་མི་བསྐྱོད་པ་ལ་གསོལ་བ་གདབ། དེ་བཞིན་དུ་ཨཀྵོ་བྷྱ་ཅེས་པའི་གནས་སུ། ཤ་ཤྭ་ཏས་རྣམ་སྣང་དང༌། རཏྣ་སཾ་བྷ་ཝས་རིན་འབྱུང་དང༌། ཨ་མི་ཏཱ་བྷཱ་ཝས་འོད་དཔག་མེད་དང༌། ཨ་མོ་གྷ་སིདྡྷི་རྣམས་བཅུག་ལ། དོན་གྲུབ་ལ་གསོལ་བ་གདབ། དེ་ནས་རང་མི་བསྐྱོད་པར་གསལ་བའི་མིག་གཉིས་སུ་ཛཿལས་ཉི་མ་དང་ཟླ་བ་སེར་པོ་ལ། ཨོཾ་དཱིཔྟ་དྲིཥྛ་ཨཾ་ཥུ་ཤི་ཛཿ ཞེས་པ་བཀོད་ལ། སྔགས་དེ་ཉིད་བརྗོད་ཅིང༌། མིག་གི་རྫི་མ་འགུགས་པའི་འབར་བའི་ལྟ་སྟངས་ཀྱིས། ནམ་མཁའི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཐིག་སྐུད་སོ་སོ་ལ་ས་བོན་གྱི་རང་བཞིན་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཐིག་སྐུད་སོ་སོ་ལ་ཐིམ་པར་བསམ། དེ་ནས་ཨོཾ་ཨ་ནྱོ྅་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསྥ་ར་སྥ་ར། ཨ་ནུ་པྲ་ཝིཥྚ་སརྦ་དྷརྨཱཿཨ་ཏྱནྟ་ཨ་ནུ་པྲ་ཝིཥྛཿསརྦ་དྷརྨཱ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང༌། དང་པོར་ཐིག་སྐུད་ལྔ་རེ་རེ་བསྒྲིལ། དེ་ནས་ལྔ་པོ་གཅིག་དུ་བསྒྲིལ་ལ། དྲི་བཟང་གི་ཆུས་བྱུག་ཅིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། གསེར་ལ་སོགས་པའི་སྣོད་དུ་བཞག དྲི་དང་མེ་ཏོག་ལ་སོགས་པས་མཆོད། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས། ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་ངོ༌། །དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲིས་བྱུག་ཅིང༌། མེ་ཏོག་སིལ་མ་བཀྲམ་ནས། སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས། ནུབ་ནས་ཤར་དང༌། སློབ་མ་ཤར་ནས་ནུབ་ཏུ་བལྟས་ལ་ནམ་མཁའི་དཀྱིལ་འཁོར་ལ་མཆོད་ནས། སློབ་དཔོན་མི་བསྐྱོད་པ་དང༌། སློབ་མ་རྣམ་སྣང་དུ་བསྒོམ། རང་གི་མིག་གཉིས་ཛ་ལས་བྱུང་བའི་ཉི་ཟླ་འོད་སེར་པོ་ཅན་དུ་བསམས་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་ལྟེ་བར་བཟུང་ཞིང༌། ཛཿཛཿཛཿ ཞེས་བརྗོད་པས། ཐིག་སྐུད་ཀྱི་རྩེ་མོ་སློབ་མའི་ལག་ཏུ་གཏད། དེས་ཀྱང་ཛཿཛཿཛཿ ཞེས་བརྗོད་ཅིང་བླངས་ལ་ལྟེ་བའི་ཐད་དུ་བཟུང་ངོ༌། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་དང་གུང་མོས་ཐིག་སྐུད་བཟུང་ལ་ནམ་མཁར་གདབ་ཅིང༌། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ་ཧཱུྃ་ཨོཾ་སྭཱ་ཨཱཿཧཱ། ཞེས་བརྗོད་ཅིང་སེ་གོལ་གྱི་སྒྲ་བྱ། སྒྲ་དེ་ཡང༌། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་བྱོན་ཅིག །ཅེས་བསྐུལ་བས་དེ་བཞིན་གཤེགས་པ་རྣམས་བྱོན་ནས་ཐིག་སྐུད་ལ་ཐིམ་པར་བསམས་ལ། ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་ལུས་དམད་ལ་ས་ལ་ཡང་ཐིག་གདབ་བོ། །དེ་ནས་དཔོན་སློབ་གཉིས་རྡོ་རྗེའི་འགྲོས་ཀྱིས་གཡས་སྐོར་དུ་ཕྱིན་ལ། སྔར་བཞིན་དུ་བཏབ་ནས། ཐིག་སྐུད་ལ་མཆོད་བསྟོད་བྱས་ནས། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཡེ་ཤེས་ཀྱི་ཐིག་སྐུད་སྟ་གོན་གྱི་ལྷའི་ཐུགས་ཀར་བསྟིམ་མོ། །དེ་ནས་ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཞེས་པ་རྡོ་རྗེ་ཤུགས་ཀྱི་འཇུག་པས་ཐིག་གི་འོག་ནས་ཞུགས་པར་མོས་ལ། དཀྱིལ་འཁོར་གྱི་དབུས་སུ་ཕྱིན་ཏེ། རང་གི་མིག་གཡས་གཡོན་ཧཱི་ལས་ཉི་མ་དང་ཟླ་བར་བསྐྱེད་ལ། ཧཱི་ཧཱི། ཞེས་བརྗོད་ཅིང༌། ཕྱོགས་ཀུན་ཏུ་ཁྲོ་བོའི་ལྟ་བས་བལྟས་ལ། ཐར་པའི་སྒོར་འཇུག་པའི་སྒྲིབ་པ་བསལ་བར་མོས་ལ། དྲི་བཟང་གི་ཆུས་སྒོའི་ཐད་ཀྱི་རྩ་ཐིག་རྣམས་དབྱི་ཞིང་སྒོ་བཞི་ཀ་དབྱེ་བར་བྱ་སྟེ། ཆོ་ག་བརྒྱད་པའོ། །དགུ་པ་ཚོན་སྣ་ལྔ་ནི། རྡུལ་ཚོན་ཁ་དོག་ལྔ་པ་ལེགས་པར་འདུ་བྱས་ལ། རེ་རེ་ལའང་གཞན་བཞི་ཅུང་ཟད་བསྲེས་ནས། རིགས་ལྔའི་ས་བོན་བྲིས་ནས། བསང་སྦྱངས་ཏེ་སྟོང་པའི་ངང་ལས་རྡུལ་ཚོན་སྔོན་པོ་ཧཱུྃ་དང་རྡོ་རྗེ་ལས་མི་བསྐྱོད་པ། དཀར་པོ་ཨོཾ་དང་འཁོར་ལོ་ལས་རྣམ་སྣང༌། སེར་པོ་སྭཱ་དང་རིན་པོ་ཆེ་ལས་རིན་འབྱུང༌། དམར་པོ་ཨཱཿདང་པདྨ་ལས་འོད་དཔག་མེད། ལྗང་གུ་ཧཱ་དང་རལ་གྲི་ལས་དོན་གྲུབ་ཏུ་བསྐྱེད། ནམ་མཁར་གནས་པའི་རིགས་ལྔའི་ཐུགས་ཀར། ཧཱུྃ་ལ་སོགས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡུལ་ཚོན་འོད་ཟེར་ལྔ་འཕྲོ་བར་བསམས་ལ། ཐིག་སྐུད་ཀྱི་སྐབས་ལྟར་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ། ཚོན་སོ་སོ་ལ་ཐིམ་པར་བསམས་ལ། རང་རང་གི་ས་བོན་འབྲུ་གསུམ་གྱི་བར་དུ་བཅུག་པ་དང༌། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་རང་གི་མིག་གཉིས་སུ་ཛཿལས་ཉི་མ་དང་ཟླ་བ་བསྐྱེད་དེ། སྔར་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། འབར་བའི་ལྟ་བས་གཟི་བརྗིད་བསྐྱེད་ནས། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ལ་ཆགས་པ་དང༌། རྗེས་སུ་ཆགས་པར་འགྱུར་བའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག ཅེས་བརྗོད་ལ། དྲི་དང་མེ་ཏོག་སོགས་ཀྱིས་མཆོད་པ་ནི། ཆོ་ག་དགུ་པའོ། །བཅུ་པ་ཚོན་དགྱེ་བའི་ཆོ་ག་ནི། སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས། དཀྱིལ་འཁོར་དབུས་ཀྱི་ཕུར་བུ་ཕྱུང་ལ། ཤུལ་ཚོན་སྣ་ལྔས་བཀང་ནས། དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ལག་པ་གཡོན་པས་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་གྱི་མཚམས་ནས་བརྩམས་ནས། རྩིག་པ་ལྔ་སྦོམ་ཕྲ་སྒོའི་ཉི་ཤུ་ཆ། རིང་བ་སྒོ་ཚད་གཅིག་གི་ཚད་དུ་བྲི་ཞིང༌། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། །ཞེས་དང༌། ཨོཾ་ཨཱཿཧཱུྃ་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བརྗོད་ཅིང་མཆོད་བསྟོད་བྱས་ལ། རིན་པོ་ཆེའི་སྣོད་དམ། རྫ་ཕོར་གྱིས་བཀབ་ནས། སྟེང་དུ་རྡོ་རྗེ་བཞག་སྟེ། ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་ངོ༌། །དེ་ནས་རང་ངམ་སློབ་མས་ཅི་བདེར་བྲིས་ཏེ། དབུས་ཀྱི་རེ་མིག་སྔོན་པོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། འདོད་ཡོན་དམར་པོ་ལ་ལྷ་མོ་ཅི་མཛེས། ཕ་གུ་སེར་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཀོད་པ། དྲྭ་ཕྱེད་ཀྱི་གཞི་མ་ནག་པོ་ལ། མུ་ཏིག་གི་དོ་ཤལ་དང༌། དོ་ཤལ་ཕྱེད་པས་བརྒྱན་པ། དེ་དག་གི་ནང་དུ་ཟླ་ཕྱེད་རྡོ་རྗེ་དང༌། རིན་པོ་ཆེས་སྤྲས་པ། ཤར་བུ་དང་མདའ་ཡབ་ཀྱི་གཞི་སྔོན་པོ་ལ། ཤར་བུ་དཀར་པོ་དང༌། མདའ་ཡབ་པད་འདབ་ཕྱེད་པའི་དབྱིབས་ཅན་གྱི་བར་དུ་རྒྱལ་མཚན་དང་བ་དན་གྱིས་མཛེས་པར་བྱས་ལ། རྟ་བབས་ཀྱི་ཀ་བ་དང༌། ཀྱོག་པའི་ནང་དང༌། སྣ་ཚོགས་རྡོ་རྗེའི་རྭ་རྣམས་ཕྱོགས་མདོག རྟ་བབས་ཀྱི་སྣམ་བུའི་ཤར་བུ་དང༌། མདའ་ཡབ་སྔར་དང་འདྲ། མུན་སྣམ་སྔོན་པོ། རིན་པོ་ཆེ་སེར་པོ། རྟ་རྨིག་དང༌། བ་རཎྜ་ནི་མཛེས་ཚོན། གསེར་ནི་སེར་པོ། མདའ་ཡབ་ཀྱི་སྣམ་བུའི་དབུས་སུ། པད་ཟླའི་སྟེང་དུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ། པདྨའི་ལྟེ་བ་ལྗང་གུ། འདབ་མ་སྣ་ཚོགས། གེ་སར་སེར་པོ། པདྨའི་ས་གཞི་དམར་སྐྱ། ཆོས་འབྱུང་གི་རེ་ཁཱ་དཀར་པོ། རྡོ་རྗེ་རྭ་བའི་གཞི་སེར་པོ་ལ་རྡོ་རྗེ་ནག་པོ། དེའི་འཁོར་ཡུག་གི་རེ་ཁཱ་དཀར་པོ། འོད་ཟེར་ཕྲེང་བ་ཁ་དོག་ལྔ་དང་ལྡན་པ་བྲིའོ། །དེའི་ནང་དུ་ལྷ་སྣམ་རིམ་པ་གཉིས་པའི་ནང་དུ་ལེ་ཚེ་དགུའི་ཕྱི་རོལ་འོད་ཟེར་ཕྲེང་བ་ཁ་དོག་ལྔ་པ། དེའི་ནང་དུ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་གཞི་སྔོན་པོ་ལ་རྡོ་རྗེ་དཀར་པོ། ཀ་བ་རྣམས་གཞི་སྔོ་ནག་ལ། ཤར་གྱི་གཉིས་ལ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ལ་པདྨ། བྱང་ལ་རལ་གྲི་རྣམས་ཕྱོགས་མདོག་དུ་བྲི་ཞིང༌། རྩིག་པ་སྦྲེལ་རན་དུས་སུ། སྔར་གྱི་རྡོ་རྗེ་དང༌། སྣོད་བསལ་ལ། མཚན་མ་བཟང་ན། སྤྲོ་བ་བསྐྱེད། ངན་ན་སྲུང་འཁོར་བསྒོམ་པ་ལ་སོགས་གྱིས་བཟློག་པར་བྱ་བ་ནི་ཆོ་ག་བཅུ་པའོ། །བཅུ་གཅིག་པ་ལྷ་སྤྱན་དྲངས་པའི་ཆོ་ག་ནི། དེ་ནས་རང་ལྷའི་ང་རྒྱལ་དང་ལྡན་པས། རྡུལ་ཚོན་གྱི་དབུས་སུ་མཚན་མ་དགོད་དེ། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ། སོ་སོའི་གདན་སྒྲུབ་ཐབས་བཞིན་བཀོད་ནས། དབུས་སུ་ཉི་མ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ཤར་དུ་འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ། ཤར་ལྷོར་དབུས་ནག་ལ་མཐའ་དཀར་བའི་མདངས་དང་ལྡན་པའི་སྤྱན། ལྷོ་ནུབ་ཏུ་རྡོ་རྗེ་སྔོན་པོ། ནུབ་བྱང་དུ་པདྨ་དམར་པོ་ཁ་བྱེ་བ་སྡོང་བུ་དང་བཅས་པ། བྱང་ཤར་དུ་ཨུཏྤལ་སྔོན་པོ། རིམ་པ་གཉིས་པའི་མེར་མེ་ལོང་དམར་པོ། བདེན་བྲལ་དུ་པི་ཝང་སྔོན་པོ། རླུང་དུ་དུང་ཆོས་སེར་པོ། དབང་ལྡན་དུ་ཞལ་ཟས་ཀྱི་སྣོད་དམར་པོ། རིམ་པ་གསུམ་པ་ལ་ཤར་དུ་སྡོང་བུ་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་དཀར་པོ་དང༌། འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ་གཉིས། ནུབ་ཏུ་པདྨ་དམར་པོ་གཉིས། བྱང་དུ་རལ་གྲི་ལྗང་གུ་གཉིས། ཤར་སྒོར་ཐོ་བ་སྔོན་པོ། ལྷོ་སྒོར་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ། ནུབ་སྒོར་པདྨ་དམར་པོ། བྱང་སྒོར་སྣ་ཚོགས་རྡོ་རྗེ། མེར་རལ་གྲི། བདེན་བྲལ་དུ་ཞགས་པ། རླུང་དང་དབང་ལྡན་དུ་རལ་གྲི་རེ་རེ། སྟེང་དུ་གཙུག་ཏོར་གྱི་ཕྱག་རྒྱའི་གཟུགས། འོག་ཏུ་ཞགས་པ་རྣམས་ནག་པོར་བྲི། མཚན་མ་ཐམས་ཅད་འོད་ཟེར་ལྔས་བསྐོར་བ་རང་རང་གི་ཕྱོགས་སུ་མགོ་བསྟན་པ་སྟེ། གཙོ་བོའི་མཚན་མ་ནི་ནུབ་ཏུ་མགོ་ཕྱོགས་པར་བྱའོ། །དེ་ལྟར་དཀྱིལ་འཁོར་ལྷག་ཆད་མེད་ཅིང་དག་པར་བྲིས་ནས། དྲི་བཟང་གི་ཆུས་དཀྱིལ་འཁོར་གྱི་ཕྱིའི་འཁོར་ཡུག་དུ་བྱུག ཚོན་ལྷག་མ་རྣམས་ལ་མཆོད་དེ། ཡེ་ཤེས་ཀྱི་ཚོན་གཤེགས་ནས། ལྷག་མ་རྣམས་གནས་དབེན་པར་གཞག་གོ །དེ་ནས་སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་དཀྱིལ་འཁོར་གྱི་མཐར་གཡས་སྐོར་དུ་བཀོད་ཅིང༌། ཅི་འབྱོར་པའི་མཆོད་པའི་ཡོ་བྱད་རེ་རེ་ཞིང་བཅུ་བས་མི་ཉུང་བའམ། མ་འབྱོར་ན་ལྷ་གྲངས་དང་མཉམ་པ་བཤམ། འཇིག་རྟེན་ལས་འདས་པའི་གཏོར་མ་དང༌། སྒོས་ཀྱི་ཆོས་སྐྱོང་དང༌། འཇིག་རྟེན་པའི་གཏོར་མ་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འཚོགས་པར་བྱའོ། །དེ་ནས་རང་ཉིད་ཁྲུས་བྱས་ཏེ། ཤར་སྒོ་དང་ཉེ་བར་ཁ་ནུབ་ཏུ་བལྟས་ཏེ་འདུག་ལ། སྔོན་འགྲོའི་གཏོར་མ་བཏང༌། གནས་དང་ཡོ་བྱད་བྱིན་གྱིས་བརླབ། སློབ་མས་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ལ། དཔོན་སློབ་ཐམས་ཅད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྣམས་བྱས་ལ། རང་སྐད་ཅིག་གིས་ལྷར་གསལ་བའི་ང་རྒྱལ་གྱིས་བྲིས་པའི་དཀྱིལ་འཁོར་ལ། ཉེར་སྤྱོད་དང་འདོད་ཡོན་ལྔས་མཆོད་ལ། རྡོ་རྗེ་ཤུགས་ཀྱི་འཇུག་པས། དཀྱིལ་འཁོར་གྱི་རྩིག་པའི་འོག་ནས་འཛུལ་ཏེ། དབུས་ཀྱི་བྲིས་པའི་མཚན་མ་དང་རོ་གཅིག་ཏུ་འདྲེས་པས། དཀྱིལ་འཁོར་གྱི་གཙོ་བོའི་སྐུར་བསམ། དེ་ནས་རང་གི་སྙིང་གར་པདྨ་དང༌། ཞེས་པ་ནས། གཞལ་ཡས་ཁང་སྤྲོ་བའི་བར་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་སྒྲུབ་ཐབས་བཞིན་བྱས་ལ། བདག་བསྐྱེད་དང་མདུན་བསྐྱེད་ཐ་མི་དད་དུ་བསྐྱེད། འོན་ཀྱང་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ཡེ་ཤེས་པ་དང་འདྲེས་པ་མི་དགོས། སླར་འདུས་ནས་སོ་སོའི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ལས། ཤར་གྱི་རེ་མིག་གི་པད་ཟླའི་སྟེང་དུ་རྣམ་སྣང་དཀར་པོ། ཞེས་སོགས་ཀྱིས་བསྐྱེད་དོ། །དེ་ནས་རང་གཙོ་བོར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ཕྱུང་ལ། དེ་རེག་རྡོ་རྗེ་མར་བསྐྱེད་པ་ནས་ལས་ལ་གནས་པའི་བར་སྒྲུབ་ཐབས་བཞིན་བྱས་ལ། ལུས་དཀྱིལ་གྱི་ལྷ་ཐིག་ལེར་ཞུ་ནས་པདྨའི་དབུས་སུ་བབས་པས། ཐིག་ལེ་ཆ་སོ་གཉིས་སུ་གྱུར། དེ་རྣམས་བརྟེན་པའི་ལྷ་སོ་གཉིས་སུ་བསྐྱེད་དེ། ཞལ་ཕྱག་གསལ་གདབ། དེ་ནས་མཚན་སྔགས་ཀྱིས་ཕྱིར་ཕྱུང༌། རང་རང་གི་མཛད་པ་མཛད་པ་དང༌། སྤྲུལ་པ་རྣམས་གཅིག་ཏུ་འདུས་པའི་བར་སྒྲུབ་ཐབས་བཞིན་བྱ། དེ་རྣམས་རང་རང་གི་ཞིང་དུ་གཤེགས་ཏེ། སོ་སོའི་ཡེ་ཤེས་པ་དང་གཅིག་ཏུ་འདྲེས་ནས་མཆོག་ཏུ་དགའ་བའི་སྐུ་དང་ལྡན་པས་སླར་འབྱོན་པར་བཞེད་བཞིན་དུ་བཞུགས་པར་བསམ་མོ། །དེ་ནས་སངས་རྒྱས་དེ་རྣམས་སྤྱན་དྲང་བའི་ཕྱིར། དམ་ཚིག་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རེ་རེ། དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་སོ་སོའི་ཕྱག་མཚན་གྱི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་སོ་སོའི་ས་བོན་ཧཱུྃ་དང་ཨོཾ་ལ་སོགས་པ་དང༌། ཡེ་ཤེས་པ་རྣམས་ཀྱང་སེམས་དཔའ་སུམ་བརྩེགས་སུ་བསྒོམ་མོ། །དེ་ནས་རང་དམ་ཚིག་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཏེ། ལྷ་སོ་སོ་ལ་ཐིམ་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བྱའོ། །དེ་ནས་འོག་གི་གནོད་མཛེས་ལས་གནོད་མཛེས་གཉིས་པ་བདག་གི་མདུན་དུ་འོངས་ནས། བཀའ་ནོད་པ་ལ། དེ་བཞིན་གཤེགས་པ་རྣམས་སློབ་མ་ལ་དབང་བསྐུར་བའི་ཕྱིར་འབྱོན་པར་སྐུལ་ཅིག ཅེས་བསྒོས་པས། དེས་དེ་བཞིན་གཤེགས་པ་ནམ་མཁའི་དབྱིངས་ཁྱབ་པ་སྤྱན་དྲངས་ནས་མདུན་དུ་བཞུགས་པ་ལ། འདོད་ཡོན་ལྔས་མཆོད་དེ། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་པས་གསོལ་བ་གདབ་ཅིང༌། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛཿཛཿཛཿ ཞེས་པས་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་རྣམས་ལ་བསྟིམ་མོ། །དེ་ནས་སྟ་གོན་གྱི་ལྷ་ལ་མཆོད་ནས། དགུག་གཞུག་བྱ། ལྷ་སོ་སོའི་རིགས་བདག་ཡབ་ཡུམ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་དབང་བསྐུར་བར་བསམ་པ་ནི་དཀྱིལ་འཁོར་སྒྲུབ་པའོ། །དེ་ནས་མཆོད་པ་རྣམས་བྱིན་གྱིས་བརླབས་ལ། ལྷ་སོ་སོའི་སྔགས་ཀྱི་རྗེས་ལ་ཨརྒྷཾ་བརྟགས་པས། བཟེད་ཞལ་གྱི་ནང་དུ་མཆོད་ཡོན་དབུལ། རྡོ་རྗེ་དྲིལ་བུ་འཛིན་པས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ལ་སོགས་པས་བསྟོད་ནས། རང་གི་ལུས་གཞལ་ཡས་ཁང་དུ་བསམ་པ་ནས། བསང་མཆོད་ཀྱི་བར་སྒྲུབ་ཐབས་ལྟར་བྱས་ལ། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད། འཁོར་རྣམས་ཀྱི་ཉི་ཤུ་རྩ་གཅིག་རེ། ཐུན་མོང་དུ་ཡི་གེ་བརྒྱ་པ་དང༌། ཨོཾ་ཨཱཿཧཱུྃ། ཅི་ནུས་བཟླས་ལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། ཞེས་གསོལ་བ་བཏབ་ལ། རང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་རྡོ་རྗེ་འཆང་ཕྱག་གཉིས་པར་བསམས་ལ། རྡོ་རྗེ་ཤུགས་ཀྱིས་འཇུག་པས་རྡུལ་ཚོན་གྱི་ཕྱིར་འཐོན་ནས་ལྷའི་ང་རྒྱལ་གྱིས་གནས་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་ཕྱིན་ལ། དེར་ས་གཞི་བསྟར་བའི་དབུས་སམ། མཎྜལ་དྲིའི་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་བཅུ་བཀོད་དེ། དབུས་སུ་ཚངས་པ་དང༌། རྒྱབ་ཏུ་སའི་ལྷ་མོའོ། །དེའི་མཐར་མཆོད་པ་དང༌། ལྷ་གྲངས་དང་མཉམ་པའི་གཏོར་མའམ། མ་འབྱོར་ན་ཤིན་ཏུ་ཆེ་བ་གཅིག་བཤམ། དེ་ལ་ཤ་དང༌། སྒོག་བཙོང་དང༌། ལ་ཕུག་སོགས་ཀྱིས་བརྒྱན་ལ། ཆང་དང་ཆུས་སྦྱང་ངོ༌། །དེ་ནས་ཤཱུ་ནྱ་ཏཱས་ས་ཕྱོགས་སྟོང་པར་བསྒོམ་པ་ནས། འཇིག་རྟེན་པ་རྐྱང་པའི་མགྲོན་བསྐྱེད་ལ། གཏོར་མ་བྱིན་གྱིས་བརླབ་པ་དབུལ་ཞིང་ཕྲིན་ལས་གཞོལ་བའི་བར་གཏོར་ཆོག་ལྟར་བྱས་ལ། ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ་ལ། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་བར་ཆད་བསྲུང་བཞིན་དུ་བཞུགས་པར་བསམ། མཆོད་གཏོར་རྣམས་རོལ་མོ་དང་བཅས་པས་ས་གཙང་སར་དོར་རོ། །དེ་ནས་སློབ་དཔོན་ནང་དུ་འོངས་ལ་ཉེ་རེག་བྱས་ཏེ། ཆོ་ག་བཅུ་གཅིག་པའོ། །བཅུ་གཉིས་པ་སློབ་མ་གཞུག་པའི་ཆོ་ག་ནི། དེ་ནས་ཧཱུྃ་མཛད་ཀྱི་ང་རྒྱལ་དུ་འཕོས་ལ། ཧཱུྃ་བཞི་པ་བཟླས་ཤིང༌། མེ་ཏོག་གི་ཕྲེང་བ་བླངས་ལ། རྡོ་རྗེ་ཤུགས་ཀྱིས་འཇུག་པས་དཀྱིལ་འཁོར་དུ་ཞུགས་ནས། འདོད་སྣམ་གྱི་སྟེང་ནས་བསྐོར་བ་བྱེད་པར་བསམ་ཞིང༌། དངོས་སུ་དཀྱིལ་འཁོར་གྱི་ཕྱི་ནས་བསྐོར་བ་བྱས་ཤིང༌། དྲིལ་བུ་གསིལ། ཡི་གེ་བརྒྱ་པ་བཟླ་ཞིང་ལྷག་ཆད་ཀྱི་ཉེས་པ་དག་པར་བྱ། དེ་ནས་འོག་ནས་འབྱུང་བའི་སྔགས་ཀྱིས་གཙོ་བོ་ལ་མེ་ཏོག་དབུལ་ཞིང་རང་གི་མགོ་ལ་བཅིང༌། དེ་ནས་ཁྲོ་བོའི་ལྟ་བས་བལྟས་པས་ནང་ནས་སྒོ་བཞི་ཕྱེ་བར་བསྒོམས་ལ། ནུབ་སྒོའི་ཐད་ཀར་རྐང་པ་གཡོན་བརྐྱངས་དང༌། ལག་པ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ནས་དྲག་ཏུ་དཀྲོལ་ཏེ། ངག་ཏུ། ཨོཾ་བཛྲ་ཨུངྒྷ་ཊ་ཡ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། ཞེས་བརྗོད་པས་ཤར་སྒོ་དབྱེ་བར་བསམ། དེ་བཞིན་དུ་བྱང་དུ་གནས་ནས་ལྷོ་སྒོ་དང༌། ཤར་ནས་ནུབ་སྒོ་དང༌། ལྷོར་གནས་ནས་བྱང་སྒོ་རྣམས་ཕྱེ་བར་བསམས་ལ། དཀྱིལ་འཁོར་ལ་ཕྱག་བྱས་ནས། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་སྩོལ་ཅིག་ཅེས་གསོལ་བ་གདབ་བོ། །དེ་ནས་རང་ཤར་སྒོ་ནས་ཕྱིར་འཐོན་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གནས་ལ། དཀྱིལ་འཁོར་གྱི་གཙོ་བོས་བླ་མའི་བྱ་བ་རྣམས་མཛད་ཅིང༌། རང་ཉིད་ཀྱིས་སློབ་མའི་བྱ་བ་རྣམས་བྱས་པར་བསྒོམས་ལ། འོག་ནས་འབྱུང་བ་བཞིན་དབང་ཐམས་ཅད་རྫོགས་པར་བླངས་ནས། སློབ་མ་འཇུག་པའི་དོན་དུ་ཐལ་མོ་སྦྱར་ནས་གསོལ་བ་གདབ་སྟེ། འོད་གསལ་བ་ལས་ཡང་དག་བྱུང༌། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་གྱི་ནི་དཔེ་ཡང་སྟེ། །དཀྱིལ་འཁོར་ཡང་ནི་དེ་དང་མཚུངས། །བདེན་པ་འདི་ཡིས་སློབ་མ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་གཞུག །འཁོར་ལོ་རྫུ་འཕྲུལ་མ་ལུས་པ། །མཐོང་ན་སྡིག་པ་མཐའ་དག་སྤོང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་དྲན་པར་བྱས་པ་ལས། །ཞུགས་པས་དེ་བཞིན་གཤེགས་པ་ཀུན། །ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ། །ཞེས་ལན་གསུམ་བརྗོད་པ་ནི་བདག་འཇུག་གོ །དེ་ནས་སྔར་སྟ་གོན་བྱས་པའི་སློབ་མ་རྣམས། དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོར་བཀུག་ནས། ལས་བུམ་གྱི་ཆུས་བསངས་ལ། ཡོན་དང་མཎྜལ་དབུལ། ཆས་སུ་གཞུག་པའི་ཕྱིར། དར་དམར་པོས་གདོང་གཡོགས་ལ། ཨོཾ་ཙཀྵུ་བནྡྷ་ཝ་ར་མ་ཎཱ་ཡ་ཧཱུྃ། ཨོཾ་པྲ་བི་ཤྭ་བྷ་ག་ཝཱན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་སིདྡྷི་སུ་ཁ་པྲ་དཾ་པ་ར་མ་སུ་ཁ་ཨུཏྟམ་སིདྡྷྱ་ཛཿཧཱུྃ་བཾ་ཧོཿཔྲ་སིདྡྷྱ་སྭཿཞེས་བརྗོད། ཨ་ཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད་ལ། དཀྱིལ་འཁོར་དུ་གཞུག་པའི་ཕྱིར། ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན། ཞེས་དྲི། དེས་ཀྱང༌། བདེན་ཆེན་བདག་ནི་སྐལ་བཟང་ལགས། །ཞེས་ལན་བཏབ་སྟེ། ཐལ་མོ་སྦྱར་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་ལན་གསུམ་བརྗོད་ལ་རྗེས་ཟློས་བྱེད་དུ་བཅུག་ལ། སེམས་བསྐྱེད་སྦྱིན། དེ་ནས་སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་བསྒོམས་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི་ཞེས་བརྗོད་ལ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད། རྡོ་རྗེ་མེ་ཏོག་དང་བཅས་པས་སྙིང་གར་རེག་སྟེ། ཨོཾ་སུ་ར་ཏི་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད། དེ་ནས་མགོ་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པར་ཡང་མི་བྱའོ། །ཞེས་བརྗོད་ལ། ཨོཾ་ཨཱཿབི་གྷྣཱནྟ་ཀྲྀཏ་ཧཱུྃ། ཞེས་བརྗོད་པས་ཁྲིད་ཅིང༌། ཨ་ཁཾ་བཱི་ར་ཧཱུྃ་གིས་ཡོལ་བའི་ནང་དུ་བཅུག་ལ། མ་ཧཱ་ར་ཏ་སུ་ཌ་ཌི་ཏ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨཱདྱ་སིདྡྷྱ་མཱཾ། ཞེས་པས་བསྐོར་བ་བྱས་ལ། སློབ་མ་ཤར་སྒོར་མི་བསྐྱོད་པར་བསྐྱེད་ལ། རྡོ་རྗེ་ཐལ་མོ་བརྐྱངས་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་བསྠཱ་ནཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་བརྗོད་པས་དཀྱིལ་འཁོར་གྱི་མི་བསྐྱོད་པ་ལས་མི་བསྐྱོད་པ་གཉིས་པ་ཆད་ཅིང་སྙིང་གར་ཐིམ་པས་མི་བསྐྱོད་པས་བྱིན་གྱིས་བརླབས་པར་བསམ། དེ་ནས་ལྷོ་སྒོ་ནས་རིན་འབྱུང་དུ་བསྐྱེད་ལ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། དཔྲལ་བ་ས་ལ་རེག་པའི་ཕྱག་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་པས། དཀྱིལ་འཁོར་ནས་རིན་འབྱུང་ཆད་དེ། དཔྲལ་བར་ཐིམ་པས་བྱིན་གྱིས་བརླབས་པར་བསམ། དེ་ནས་ནུབ་སྒོར་འོད་དཔག་མེད་དུ་བསྐྱེད། ཐལ་མོ་དཔྲལ་བར་སྦྱར་བས་ཁ་ས་ལ་རེག་པའི་ཕྱག་བྱས་ཤིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་ཝརྟ་ཡ་མཱཾ། ཞེས་བརྗོད་པས་དཀྱིལ་འཁོར་ལས་འོད་དཔག་མེད་ཆད་དེ་མགྲིན་པར་ཐིམ་པས་བྱིན་གྱིས་བརླབས་པར་བསམ། དེ་ནས་བྱང་སྒོར་དོན་གྲུབ་ཏུ་བསྐྱེད། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། སྤྱི་བོ་ས་ལ་རེག་པའི་ཕྱག་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎཱཾ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཀརྨ་ཀུ་རུ་མཱཾ། ཞེས་བརྗོད་པས། དཀྱིལ་འཁོར་ལས་དོན་གྲུབ་ཆད་དེ་སྤྱི་བོར་ཐིམ་པས་བྱིན་གྱིས་བརླབས་པར་བསམ། དེ་ནས་སློབ་མ་སྟན་ལ་བཞག་སྟེ། ས་མ་ཡ་སྟྭཾ་ཞེས་པས་ལག་གཉིས་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅས་ལ། དེའི་རྩེ་མོས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག སློབ་དཔོན་གྱིས་སྔགས་དང་ཕྱག་རྒྱ་དེ་ཉིད་བཅིངས་ལ། སློབ་མའི་སྤྱི་བོར་བཞག་ནས། ཨོཾ་སཏྭ་བཛྲཱི་ཨ་དྷི་ཏིཥྛ་སྭ་མཱཾ་ཧཱུྃ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི་དེའི་ཕྱིར་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་ཡི། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱའོ། །ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་བརྗོད། ཡང་འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་བོ་འགེམས་པར་འགྱུར་རོ། །ཞེས་བརྗོད། ཡང་ཕྱག་རྒྱ་སྙིང་གར་བཞག་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་གནས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ནས་གཤེགས། །ཞེས་ཡེ་ཤེས་དབབ་པ་གསང་མ་གསང་གི་ཕན་ཡོན་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་ནས། དུང་ཆོས་ཀྱི་ཆུ། ཨོཾ་ཨཱཿཧཱུྃ་གིས་བསྔགས་པ་བྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་བཛྲ་ཨུ་ད་ཀ་ཋ། ཞེས་བརྗོད་ལ་འཐུང་དུ་བཅུག་པས། དམ་ཚིག་བསྲུང་མ་བསྲུངས་ཀྱི་ཕན་ཡོན་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་གཞག་གོ །དེ་ནས་སློབ་མའི་ལག་པ་ནས་བཟུང་སྟེ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་ཡང་བརྙས་པར་མ་བྱེད་ཅིག བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་སློབ་དཔོན་གྱི་བཀའ་གཉན་པའི་སྒོ་ནས་དམ་ལ་གཞག་པ་རྣམས་བྱའོ། །དེ་ནས་སློབ་མས་ཡོན་ཕུལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རློབས་ཤིག རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་ལ། སློབ་མ་འོད་དཔག་མེད་དུ་མངོན་བྱང་ལྔ་ལས་བསྐྱེད་ལ། དེའི་སྤྱི་བོར་ཧཱ། ལྐོག་མར་ཨཱཿ སྙིང་གར་ཧཱུྃ་བཀོད་ལ། དེ་དག་ལས་འོད་ཟེར་འཕྲོས། རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་རྣམས་སྤྱན་དྲངས་ལུས་ཀྱི་ནང་དུ་ཐིམ་པས་སྤྱི་བོ་ནས་རྐང་མཐིལ་གྱི་བར་གྱི་ལུས་ཐམས་ཅད་ཁོང་སྟོང་དུ་བསམ། དེའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་དང་ལྡན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཡི་གེ་ཛྷཻཾ་དམར་པོ་དེ་ལས་བྱུང་བའི་མེའི་རང་བཞིན་གྱི་འོད་ཟེར་རྐང་མཐིལ་ནས་ཞུགས་ནས་སྤྱི་གཙུག་གི་བར་དུ་ཕྱིན་པས་ལུས་ཐམས་ཅད་སྦྱངས་ཤིང་སེམས་འོད་གསལ་བར་བྱས་པར་བསམ་མོ། །ཡང་སློབ་མའི་སྙིང་གར་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ། མགྲིན་པར་ཨཱཿལས་འོད་དཔག་མེད། མགོ་བོར་ཧཱ་ལས་རྣམ་སྣང་ཡབ་ཡུམ་དང་བཅས་པར་བསམས་ལ། དེ་རྣམས་ལ་ཛྷཻཾ་གི་འོད་ཀྱིས་བསྐུལ་བས་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་བབས་པས། ལུས་ཐམས་ཅད་གང་བར་བསམས་ལ། སློབ་དཔོན་གྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས། སློབ་མའི་སྙིང་གར་བཞག་ལ། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ། །རྡོ་རྗེའི་ཡེ་ཤེས་བླ་ན་མེད། །དེ་ཉིད་ཁྱོད་ལ་འབེབས་པར་མཛོད། །ཨོཾ་བཛྲ་ཨཱ་ཝེ་ཤ་ཨཿཨཿཨཿཨཿཞེས་བཅུ་ནས་བརྒྱའི་བར་བརྗོད་ལ་དབབ། གལ་ཏེ་མ་ཕེབས་ན་མངོན་བྱང་ལྔའི་ཚུལ་གྱིས་ཡི་གེ་གསུམ་ལས་བྱུང་བའི་རྡོ་རྗེ་འཆང་དུ་བསྐྱེད། དེ་ཡོངས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེར་བསམས་ལ། དེའི་ཡན་ལག་ཐམས་ཅད་ལ་ཨཱཿདམར་པོ་འོད་ཟེར་དང་བཅས་པ། དེའི་འོད་ཟེར་གྱིས་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཆེན་པོ་བསྐུལ་བས། རྡོ་རྗེ་གསུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཐབས་ཀྱི་ཡེ་ཤེས་ཀྱིས་ལུས་གང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཨཱཿདམར་པོའི་རྣམ་པས་ཆར་ལྟར་འབབ་པར་བསམས་ལ། དྲིལ་བུ་དྲག་ཏུ་དཀྲོལ་ཞིང༌། ཨཱ་ཝེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧ་ཨཱཿཛྷཻཾ་ཞེས་དྲག་ཏུ་བརྗོད་པས། ལུས་འཕར་བ་ལ་སོགས་པ་ཡེ་ཤེས་བབས་པའི་རྟགས་བྱུང་ན། སྙིང་གའི་ཐུགས་རྡོ་རྗེའི་འོད་ཀྱིས་མགྲིན་པའི་གསུང་རྡོ་རྗེ་བསྐུལ་བས། དེ་ཨཱཿའི་རྣམ་པས་ལྕེ་ལ་བཀོད་ལ། བྲུ་ཧི་བཛྲ་ཞེས་བརྗོད་ཅིང༌། དགེ་མི་དགེ་དྲིས་པས་ལུང་དུ་བསྟན་པར་འགྱུར་རོ། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ལ། ཡི་གེ་བརྒྱ་པས་བརྟན་པར་བྱ། གལ་ཏེ་འཕར་གཡོ་མ་ཞི་ན། ཧཱུྃ་ཨཱཿཧ་མུཿ ཞེས་པས་གཤེགས་སུ་གསོལ་ལ། ཡི་གེ་གསུམ་དང་ལས་ཐམས་ཅད་པས་བསྲུང་ངོ༌། །དེ་ནས་ཁྱོད་ཀྱི་མིག་ལམ་ན་སྣང་བ་ཅི་ལྟ་བུ་ཞེས་དྲིས་ལ། དེས་དཀར། སེར། དམར། ནག་ཏུ་སྣང་ངོ༌། །ཞེས་སྨྲ་ན། ཞི་རྒྱས་དབང་དྲག་གི་ལས་འགྲུབ་བོ། །ཞེས་བཤད་ལ་དཀྱིལ་འཁོར་ལ་གཡས་ཕྱོགས་སུ་སྐོར་བ་བྱེད་དུ་བཅུག་ལ། ཡང་དག་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཅི་ལྟར་དེ་བཞིན་ཤོག །འདི་ཡི་དངོས་གྲུབ་ཅིང་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བརྗོད་ལ། སྔར་གྱི་མེ་ཏོག་གི་ཕྲེང་བ་ལས། མ་རྙིངས་པའི་མེ་ཏོག་གཅིག་བཏོན་ཏེ། དེ་ཏཱཾ་ལས་རིན་པོ་ཆེའི་མེ་ཏོག་བསམས་ལ། ཐལ་མོ་སྦྱར་བའི་བར་དུ་བཟུང་ལ། གནས་གསུམ་དུ་ཡི་གེ་གསུམ་བཀོད་པའི་འོད་ཟེར་གྱིས་སྡིག་པ་བཀྲུས་པར་མོས་ཤིང་གུས་པ་སྔོན་དུ་འགྲོ་བས། དཔལ་མི་བསྐྱོད་རྡོ་རྗེ་ལ་དཀྱིལ་འཁོར་པའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་གཙོ་བོའི་དབུའམ། རང་རིགས་ཀྱི་ལྷ་གང་ཡིན་གྱི་དབུ་ལ་འབབ་པར་ཤོག་ཅིག་སྙམ་དུ་བསམས་ལ། ཡིད་ཀྱིས་རང་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསྒོམས་ནས། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ་ཤ་ཤྭ་ཏོ་མེ་བྷཱ་ཝ་ཧྲི་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ ཨོཾ་ཨ་ཁཾ་བཱི་ར་ཧཱུྃ་པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལིཾ་ནཱ་ཐ་ཧོཿ ཞེས་བརྗོད་དོ། །མེ་ཏོག་དོར་བས། གང་ལ་བབས་པ་དེའི་རིགས་ཀྱི་ལྷ་ཡིན་པས། དེའི་ལྷའི་རྣལ་འབྱོར་དང༌། དངོས་གྲུབ་སྒྲུབ་པའི་ཆོ་ག་ཡང་སྦྱིན་ནོ། །ལྷ་གཉིས་ཀྱི་བར་དུ་ལྟུང་ན་གང་ལ་ཉེ་བ་དེའི་རིགས་ཡིན་ཅིང༌། མཉམ་ན་གང་ལ་དད་པ་དེའི་རིགས་ཡིན་ནོ། །རྩིག་པའི་ཕྱི་རོལ་དུ་ལྟུང་ན། ལན་གསུམ་དུ་བསྐྱར་ཞིང༌། བསྐྱར་ཡང་ཕྱིར་ལྟུང་ན་དངོས་གྲུབ་མི་འགྲུབ་ཅིང་དཀྱིལ་འཁོར་ཡང་དེ་ལ་མི་བསྟན་ནོ། །དེ་ནས་སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་དེ་བླངས་ལ། སློབ་མའི་མགོ་ལ་བཅིངས་ཏེ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བརྗོད་པ་ནི། དབང་དང་པོ་ཕྲེང་བའི་དབང་བསྐུར་བ་ཡིན་ནོ། །དེ་ནས་སློབ་མའི་མིག་གཉིས་སུ་ཨོཾ་རེ་རེ། སྙིང་གར་ཧཱུྃ། དཔྲལ་བར་རཾ་བསྒོམས་ནས། རྡོ་རྗེ་སེམས་དཔའ་རང་ཉིད་དེའང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་སྤྱན་ནི་འབྱེད་པར་མཛད། །ཅེས་པས་མིག་རས་བསལ་ལ། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི། །རྡོ་རྗེ་པདྨ་བརྩེ་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཧེ་བཛྲ་པཱ་ཤྱ། ཞེས་བརྗོད་ལ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམས་བསྟན་ལ། དེ་དག་གིས་རྣམ་པར་དག་པའང་བཤད་དེ། འཕགས་པའི་བདེན་བཞི་ངེས་བཞིར་འགྱུར། །ཚངས་པའི་གནས་ནི་གྲྭ་ཡིན་ནོ། །བསྡུ་བའི་དངོས་པོ་ཞེས་བྱ་སྒོའོ། །བཞི་ཡི་མིང་ཅན་རེ་རེ་སྟེ། །དད་པའི་དབང་པོ་ལ་སོགས་སེམས། །རྣམ་པ་ལྔ་པོ་ཡང་དག་འབྱུང༌། །རྫུ་འཕྲུལ་རྐང་བཞི་སྒོ་ཁྱུད་ནི། །བཞི་སྟེ་དེ་ཡང་རྣམ་པ་བཞི། །དེ་ཡི་དབུས་ཀྱི་འཁོར་ལོ་གང༌། །དཀྱིལ་འཁོར་བརྒྱད་ཀྱི་གཞལ་བ་ནི། །རྣམ་པར་ཐར་པ་བརྒྱད་ཡིན་ཏེ། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །སངས་རྒྱས་ཀུན་གྱི་ཁང་ཆེན་དུ། །ཐམས་ཅད་ཚེ་ན་ཀ་བར་འགྱུར། །ཆོས་དང་དེ་ཉིད་དོན་གྱི་བརྡ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ། །ཐུགས་ཀྱི་དཀྱིལ་འཁོར་འདི་དེ་ནི། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །དེ་ནས་འཁོར་ལོའི་བདག་པོ་ནས། །བརྩམས་ཏེ་གནོད་མཛེས་མཐར་ཐུག་ལྷ། །དེ་བཞིན་དེ་ཉིད་དུ་གནས་རྣམས། །རྡོ་རྗེ་ཅན་གྱིས་སློབ་མར་བཤད། །ཕུང་པོ་ལྔ་ཡི་རང་བཞིན་དུ། །སངས་རྒྱས་ལྔ་རྣམས་རབ་བསྟན་བྱ། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན་ནོ། །དེ་བཞིན་འདོད་ཡོན་ལྔའི་ངོ་བོར། །གཟུགས་ཀྱི་རྡོ་རྗེ་ལ་སོགས་པའོ། །མིག་ལ་སོགས་པའི་རང་བཞིན་དུ། །ས་ཡི་སྙིང་པོ་ལ་སོགས་སོ། །ལག་སོགས་ངོ་བོར་ཁྲོ་དབང་པོ། །གཤིན་རྗེ་དགྲ་སོགས་བསྟན་པར་བྱ། །དེ་ནས་ལུས་འཁོར་ལ་གནས་པའི། །སངས་རྒྱས་མི་བསྐྱོད་སོགས་རིམ་བཞིན། །ཞེས་གསུངས་པ་ལྟར། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་འདིའི་རྣམ་པར་དག་པ་ཡིན་ནོ། །ཞེས་བརྗོད་པ་ནི་ཆོ་ག་བཅུ་གཉིས་པའོ། །བཅུ་གསུམ་པ་ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ནི། དེ་ནས་དཀྱིལ་འཁོར་གྱི་ཤར་རམ་དབང་ལྡན་དུ། ཁྲུས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ། དཀར་ནག་དམར་བའི་རྭ་བ་གསུམ་དང་ལྡན་པ་འཕར་མ་གཉིས་པའི་ནང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བྲིས་པའི་དབུས་སུ་མཚན་མ་དང་བྲལ་བ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་བཀོད་ལ། སྣམ་བུ་རྣམས་ལ་དབང་བསྐུར་བའི་བུམ་པ་རྣམས་སྤྱན་དྲངས་ལ། ཕྱོགས་ཕྱོགས་སུ་མ་ནོར་བར་དགོད། ལྟེ་བའི་སྟེང་དུ་རིན་པོ་ཆེའམ་ཤིང་གི་ཁྲི་བཞག་ལ། ལས་ཐམས་ཅད་པས་བསྲུངས་ཏེ་ཆོ་ག་བཅུ་གསུམ་པའོ། །བཅུ་བཞི་པ་སངས་རྒྱས་ཀྱི་དབང་བསྐུར་བའི་ཆོ་ག་ནི། དེ་ནས་སློབ་མས་མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཅི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་དཔོན་གྱིས་ལས་ཐམས་ཅད་པའི་སྔགས་བཟླས་པའི་ཡུངས་ཀར་ཁུ་ཚུར་གཉིས་ཀྱིས་བཟུང་ནས། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང༌། གཡས་གཡོན་དུ་བསྐོར་ལ་མེར་དོར། དེ་བཞིན་དུ་ཆུ་དང༌། ཁམ་ཕོར་དཀར་པོ་དང༌། རྩྭ་དཱུརྦའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆང་བུ་དང༌། ཟན་ཆང་དང༌། རས་ཀྱིས་ཀྱང་བསྐོར་ཞིང་བྱབ་བོ། །དེ་ནས་ལག་པས་ཉེ་རེག་བྱ། སྙིང་གར་དྲི། མགོར་མེ་ཏོག མདུན་དུ་མཆོད་ཡོན་དང་མར་མེས་བསྐོར་བཞིན་པ་དང༌། སརྫ་རཱ་ཛའི་བདུག་སྤོས་རྣམས་ཀྱིས་སྦྱང་ངོ༌། །དེ་ནས་སློབ་མ་ལས་བུམ་གྱི་ཆུས་བསང༌། དྲི་མ་དང་བྲལ་བའི་རང་བཞིན་རང་གི་ཁར་ཞུགས། སྐུའི་དབྱིབས་བརྒྱུད་ནས་ལྷ་མོའི་པདྨར་འཐོན་པ་ལས་ཆོ་ག་གསུམ་གྱིས་རྣམ་སྣང་དུ་བསྐྱེད། དེ་ནས་བླ་མའི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས་ལ་མཆོད་དེ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་ནས་ཅི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་རྣམས་སྙོམས་པར་ཞུགས་པས་འདོད་ཆགས་ཆེན་པོའི་མེས་ཞུ་ནས། སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བས་སློབ་མ་རྣམ་པར་སྣང་མཛད་དུ་བྱས་པ་ལ་དབང་བསྐུར་ཏེ། ལྷ་མོའི་པདྨ་ནས་ཕྱིར་འཐོན་ནས་དབང་སྟེགས་ཀྱི་སྟེང་དུ་འཁོད་པ་ལ། རྟེན་ལུས་ཀྱི་དཀྱིལ་འཁོར་གསལ་བཏབ། དེ་ལ་བརྟེན་པ་ལུས་དཀྱིལ་གྱི་ལྷ་རྣམས་ས་བོན་ནམ་ས་བོན་ལས་ལྷར་བསྐྱེད་ལ་དགོད། ཡེ་ཤེས་པ་བཅུག སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་རྣམས་བྱའོ། །དེ་ནས་བུམ་ཆུ་རྣམས་ལས་ཐམས་ཅད་པས་བསང༌། ཨོཾ་ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ཆུ་རྣམས་ཨོཾ་དང་འཁོར་ལོ་ལས་རྣམ་སྣང་དུ་བསྐྱེད། ཡེ་ཤེས་པ་གཞུག རྒྱས་གདབ། དབང་བསྐུར། མཆོད་ཅིང་བསྟོད་དེ། ཞུ་བ་ལས་བྱུང་བའི་ཆུར་བལྟས་ལ། ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་ནམ་མཁའ་གང་བར་བཞུགས་པའི་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་མ་རྣམས་ཀྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས། སློབ་མའི་སྤྱི་བོ་ནས་དབང་བསྐུར། སེམས་དཔའ་སེམས་མས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། ཁྲོ་བོ་ཁྲོ་མོས་བགེགས་བསལ་བར་བསྒོམ་ཞིང༌། སློབ་དཔོན་གྱིས་རྣམ་རྒྱལ་བུམ་པ་བཟུང་སྟེ། ཏིལ་གྱི་གོང་བུ་ལྟར་གང་བས། །རྒྱལ་བ་བུམ་པ་འཛིན་པ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། །ཞེས་བརྗོད་པས་རྡོ་རྗེ་དང་བཅས་པའི་བུམ་པའི་ཁ་རྒྱན་གཡས་པས་བཟུང་ལ། དེས་ཆུ་བླངས་ལ། སྤྱི་བོར་བླུག་ཅིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་སྟྭཾ་ཨ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་པ་དྲྀ་ཌྷོ་མེ་བྷ་ཝ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་གནོན་སྐྱེ་བོ་རྣམ་པར་སྦྱོང་བྱེད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་ཡི་ནི། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང༌། །རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་འགྲོལ་བར་ཡོངས་སུ་རབ་བརྩོན་ཞིང༌། །ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲྭ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤངས། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏེ་སྟྭཾ་ཨ་ཧཾ་ཞེས་བརྗོད་ཅིང་ཐོག་མར་རྣམ་རྒྱལ་བུམ་པ་དང༌། དེ་ནས་རིགས་བཞི་དང༌། ཡུམ་བཞི་དང༌། སེམས་དཔའ་དང༌། སེམས་མ་དང༌། ཁྲོ་བོའི་བུམ་པས། རང་རང་གི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་དབང་བསྐུར། ལུས་ཐམས་ཅད་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་གང༌། འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་རྣམས་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་མོ། །དབང་གི་ལྷ་རྣམས་ཀྱང་དེ་ཉིད་དུ་བསྟིམས་ལ། མཆོད་ཡོན་ལ་སོགས་པས་མཆོད་ལ། དེ་ལྟར་དབང་དགུ་ལས། རྣམ་པར་སྣང་མཛད་ཆུའི་དབང་ཐོབ། གཏི་མུག་གི་དྲི་མ་དག གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་སྣང་དང་དེ་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད་དེ་ཆུའི་དབང་ངོ༌། །དེ་ནས་ཁྲུས་ཀྱི་དཀྱིལ་འཁོར་ལས་བབས་ཏེ། གོས་དམར་པོ་གསར་པ་གྱོན། རིན་པོ་ཆེའི་རྒྱན་གྱིས་བརྒྱན། གདུགས་དཀར་པོ་བཟུང་ལ། བདེ་བ་ཆེན་པོ་འདོད་ཆགས་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་བསྒྲུབས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་བསྐུར་བསྐུར་དོན་དུ། །རྡོ་རྗེའི་དབང་བསྐུར་བླ་ན་མེད། །ཨེ་མ་ཧོ། དང་པོའི་སངས་རྒྱས་དོན་དམ་སྐུ་ཅན་རྒྱལ། །ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྔ་དང་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་གླུ་བླངས་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ནས། ཤར་སྒོར་འདུག་ཏུ་བཅུག་ལ། སྔར་ལྟར་ནང་ཆོག་གི་ཆོ་ག་གསུམ་གྱིས། སྭཱ་ལས་རིན་འབྱུང་དུ་བསྐྱེད། དབུ་རྒྱན་བསང་སྦྱངས་ཏེ། རིན་འབྱུང་དུ་བསྐྱེད་ལ་ཞུ་བ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་དུ་བལྟ་བའི་བར་སྔར་བཞིན་བྱས་ལ། བུམ་པ་བཟུང་བ་ནས་ཆུ་དབང་གི་བར་དོར། དེའི་ཚབ་ཏུ་དབང་བསྐུར་རྡོ་རྗེ་ལ་སོགས་ཀྱི་ཚིག་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་པཱུ་ཛཱ་ཡ་ཨ་ཏཱི་ཤ་མཱ་མི་ཨཱཿཧཱུྃ། ཞེས་པས་དབུ་རྒྱན་བྱིན་ལ། སློབ་དཔོན་གྱིས་ལག་པ་གཉིས་རྡོ་རྗེ་ཐལ་མོ་སྦྱར། མཐེ་བོང་གཉིས་སྐྱིལ་ཀྲུང་དུ་བསྐུམ། གུང་མོ་གཉིས་གཤིབས་ཏེ་རྩེ་སྤྲད་ལ། མཛུབ་མོ་གཉིས་གུང་མོའི་ཚིགས་བར་པར་བཙུགས་པ་རྡོ་རྗེ་དབྱིངས་ཀྱི་དབང་མོའི་ཕྱག་རྒྱ་སྤྱི་གཙུག་ཏུ་བཞག་ལ། ཨོཾ་བཛྲ་དྷ་ཏཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨཱཿ ཞེས་པས་སྤྱི་གཙུག་ཏུ་ཧཱུྃ་ལས་མི་བསྐྱོད་པ། སྔར་གྱི་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་དཔྲལ་བར་བཞག་ལ། ཨོཾ་སཏྭ་བཛྲཱི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པས་དཔྲལ་བར་ཨོཾ་ལས་རྣམ་སྣང༌། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ལས། གུང་མོའི་ཚིགས་དབུས་མ་བཅག་ནས་རིན་པོ་ཆེ་འདྲ་བར་བྱས་ལ། རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་རྣ་ལྟག་གཡས་པར་བཞག་ལ། ཨོཾ་རཏྣ་བཛྲཱི་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་པས་རྣ་ལྟག་གཡས་པར་སྭཱ་ལས་རིན་འབྱུང༌། དེ་ཉིད་ལས་གུང་མོ་པདྨ་འདྲ་བར་བྱས་ལ་རྡོ་རྗེ་ཆོས་མའི་ཕྱག་རྒྱ་ལྟག་པར་བཞག་ལ། ཨོཾ་དྷརྨ་བཛྲཱི་ཨ་བྷི་ཥིཉྩ་ཏྲཱཾཿ ཞེས་པས་ལྟག་པར་ཨཱཿལས་འོད་དཔག་མེད། དེ་ཉིད་ལས་དབུས་མའི་རྩེ་མོ་བཅག་པ་ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་རྣ་ལྟག་གཡོན་པར་བཞག་ལ། ཨོཾ་ཀརྨ་བཛྲཱི་ཨ་བྷི་ཥིཉྩ་ཏྲཱཾ། ཞེས་པས་རྣ་ལྟག་གཡོན་པར་ཧཱ་ལས་དོན་གྲུབ་བསྐྱེད། དེ་ནས་དབུ་རྒྱན་ལ་བཏགས་པའི་དར་དཔྱངས་རྣ་ལྟག་གཡས་གཡོན་དུ་བཅིངས་ནས་མཉམ་པའི་ཐལ་མོ་དང༌། ཨོཾ་བཛྲི་ཏུ་ཥྱ་ཧོཿ ཞེས་བརྗོད་ལ། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །སོགས་ཀྱིས་ཆུའི་དབང་བསྐུར། དྲི་མ་སྦྱངས། རིན་འབྱུང་གིས་དབུར་བརྒྱན་པ་ལ་མཆོད་ནས། རིན་ཆེན་འབྱུང་ལྡན་ཅོད་པཎ་དང་དར་དཔྱངས་ཀྱི་དབང་ཐོབ། ང་རྒྱལ་དང་སེར་སྣའི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་འབྱུང་དང་དེ་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་དབང་ཐོབ་པར་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ་ཅོད་པཎ་གྱི་དབང་ངོ༌། །དེ་ནས་སློབ་མ་ནང་ཆོག་གིས་ཨཱཿལས་འོད་དཔག་མེད་དང༌། རྡོ་རྗེ་ཆོ་ག་གསུམ་ལས་འོད་དཔག་མེད་དུ་བསྐྱེད། མཆོད་བསྟོད་ཞུ་བ་ལས་བྱུང་བའི་རྡོ་རྗེར་བལྟས་ལ་བྱིན་ཏེ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ལེགས་པར་གྲུབ་ཕྱིར་རྡོ་རྗེ་ཟུང༌། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །དངོས་གྲུབ་མཆོག་ཕྱིར་རྡོ་རྗེ་ལོངས། །སངས་རྒྱས་ཀུན་གྱིས་ཁྱོད་ལ་སྩོལ། །རྡོ་རྗེ་བརྟུལ་ཞུགས་འགྲུབ་པར་འགྱུར། །ཨོཾ་བཛྲ་ཨ་དྷཱི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་བཛྲ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཅེས་པས་རྡོ་རྗེའི་དབང་དང༌། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན། །ཞེས་བརྗོད་དེ། སློབ་མའི་སྙིང་ག མགྲིན་པ། སྤྱི་བོར་རེག་ལ། ལག་པ་གཡས་སུ་གཏད། དེས་ཀྱང་ལྷའི་ང་རྒྱལ་གྱིས་རྡོ་རྗེ་གསོར་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །ཅེས་བརྗོད་ཅིང༌། རྡོ་རྗེ་སྙིང་གར་བཟུང་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་སཏྭ་ཧི་ཧི་ཧི་ཧི། ཞེས་བརྗོད་པས་རྡོ་རྗེའི་བརྟུལ་ཞུགས་སྦྱིན། ཆུའི་དབང་བསྐུར། འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ་མཆོད་ནས། འོད་དཔག་མེད་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་དང༌། དེ་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ། རྡོ་རྗེའི་དབང་ངོ༌། །དེ་ནས་སློབ་མ་ནང་ཆོག་གིས་ཧཱ་ལས་དོན་གྲུབ་དང༌། ཨཿལས་བྱུང་བའི་དྲིལ་བུ་ཆོ་ག་གསུམ་གྱིས་དོན་གྲུབ་དུ་བསྐྱེད། མཆོད་བསྟོད་ཞུ་བ་ལས་བྱུང་བའི་དྲིལ་བུར་བལྟས་ལ་སྦྱིན་ཏེ། ཟླ་བའི་འོད་ཅན་ཡེ་ཤེས་སྐུ་མངའ་རྒྱལ་བའི་ཅོད་པཎ་འཛིན་པ་པད་ཟླའི་གདན་ལ་བཞུགས། །གདུག་པ་རྣམས་ནི་འདུལ་བའི་དོན་དུ་སྲིད་གསུམ་འདུལ་མཛད་བསྡིགས་པའི་རྡོ་རྗེ་ཅན། །སངས་རྒྱས་རྣམས་ནི་བསྐུལ་ཕྱིར་དེ་ཁོ་ན་ཉིད་སོ་སོར་སྒྲོགས་པའི་ཆོས་ཉིད་དྲིལ་བུ་འཁྲོལ། །དངོས་པོ་ཀུན་གྱི་ངོ་བོ་མ་ལུས་སྟོན་པའི་བཅོམ་ལྡན་གང་ཡིན་དེ་ནི་རྒྱལ་གྱུར་ཅིག །མེ་ལོང་གི་ནི་གཟུགས་བརྙན་དང༌། །རྨི་ལམ་སྒྱུ་མ་ཆུ་བུར་དང༌། །མིག་འཕྲུལ་འདྲ་བ་སུས་མཐོང་བ། །དེ་ནི་མངའ་བདག་ཏུ་བཤད་དོ། །ཞེས་བརྗོད་དེ། དྲིལ་བུ་ལག་པ་གཡོན་དུ་གཏད། དེས་ཀྱང་དཀྲོལ་ཏེ། དཀུ་གཡོན་པའི་ཕྱོགས་སུ་བཀན་ཏེ་བཟུང༌། གཡས་པས་རྡོ་རྗེ་སྙེམས་པའི་ཚུལ་གྱིས་བཟུང་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་ར་ཀོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མོ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཙྪ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཨོཾ་བཛྲ་གཎྜེ་ཨཿཨཿ བདག་གིས་བཅོམ་ལྡན་གཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་ཉེ་བར་མཛོད། །སློབ་དཔོན་གྱིས་ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་བཛྲ་ཧྲཱིཿས་མ་སྟྭཾ། ཞེས་བརྗོད་ལ་ཆུའི་དབང་བསྐུར། དོན་གྲུབ་ཀྱིས་དབུར་བརྒྱན་པ་ལ་མཆོད་དེ། དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ། ཕྲག་དོག་དག འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་གྲུབ་དང༌། དེ་ལ་བརྟེན་པའི་དངོས་གྲུབ་རྣམས་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ་དྲིལ་བུའི་དབང་ངོ༌། །དེ་ནས་སློབ་མ་ནང་ཆོག་གི་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དང༌། མིག་ཐུར་ཨ་དང་རྡོ་རྗེ་ལས་ཤེས་ཕྱིན་དང༌། མེ་ལོང་ཧཱུྃ་དང་རྡོ་རྗེ་ལས་རྡོར་སེམས་སུ་བསྐྱེད། མཆོད་བསྟོད་ཞུ་བ་ལས་བྱུང་བའི་མིག་ཐུར་དང་མེ་ལོང་དུ་བལྟས་ལ། གསེར་གྱི་ཐུར་མས་མིག་འབྱེད་ཅིང༌། མིག་སྨན་བྱུག་པའི་ཚུལ་དུ་བྱས་ལ། ཨོཾ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཊ་ལཾ་ཧྲཱྀཿ ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཞེས་བརྗོད་པས། མ་རིག་པའི་ལིང་ཐོག་བསལ་ནས་ཡེ་ཤེས་ཀྱི་མིག་ཕྱེ་བར་བསམ་མོ། །དེ་ནས་ཨས་བསྔགས་པའི་མེ་ལོང་བྱིན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་པས་ཆོས་ཅན་སྣ་ཚོགས་པ་རྣམས་མེ་ལོང་གི་གཟུགས་བརྙན་ལྟར་དྲན་དུ་བཅུག་ནས། མེ་ལོང་རྡོ་རྗེ་དང་བཅས་པ་བསྟན་ལ། ཨོཾ་བཛྲ་སཏྭ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །སངས་རྒྱས་ཀུན་བདག་རང་ཉིད་ཡིན། །དེ་བཞིན་གཤེགས་པ་ཀུན་བདག་གང༌། །བྱང་ཆུབ་སེམས་འདི་ཤེས་པར་གྱིས། །ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་དང་རང་གི་སེམས་དབྱེར་མེད་དུ་ཤེས་པར་གྱིས་ཤིག ཅེས་བརྗོད་ལ་ཆུ་དབང་བསྐུར་རོ། །རྡོ་རྗེ་སེམས་དཔས་དབུར་བརྒྱན་ལ་མཆོད་དེ། རྡོ་རྗེ་སེམས་དཔའ་མེ་ལོང་གི་དབང་ཐོབ། ཡུལ་ཡུལ་ཅན་གྱི་དྲི་མ་དག ཆོས་ཅན་དང་ཆོས་ཉིད་གནས་གྱུར། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས། རྡོ་རྗེ་སེམས་དཔའ་དང༌། དེའི་རིགས་ཀྱི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ། རྡོ་རྗེ་སེམས་དཔའ་མེ་ལོང་གི་དབང་ངོ༌། །དེ་ནས་སློབ་མ་ནང་ཆོག་གི་ཧཱུྃ་ལས་མི་བསྐྱོད་པར་བསྐྱེད་པ་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་བར་བྱས། དབང་རྫས་ཀྱི་བསྐྱེད་ཆོག་མི་དགོས་པས་ན། རང་ཤཱཀྱ་ཐུབ་པའི་ཆ་ལུགས་སུ་བསྒྱུར་ཏེ། གཡོན་པས་ཆོས་གོས་གྱི་གྲྭ་གཉིས་འཛིན་པའི་ཚུལ་དང༌། གཡས་པས་མཆོག་སྦྱིན་པའི་ཕྱག་རྒྱས་སློབ་མའི་སྤྱི་བོར་གཏུགས་ལ། འདིར་ནི་ཁྱེད་རྣམས་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ། བྷཱུརྦྷུ་ཝ་སྭཿཨཿ ཞེས་ལུང་བསྟན་ཅིང༌། གང་ལ་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དེ། ཕྱག་རྒྱ་འདི་ཉིད་ཀྱིས་མཐུ་དང་སྔགས་འདིའི་སྟོབས་ཡིན་ནོ། །ཞེས་བརྗོད་དེ་ལུང་བསྟན་ལ། གཡས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱར་བསྒྱུར་ཏེ། མ་ཧཱ་ས་མཱ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ལ། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་རྣམས་ལས་གྲོལ། །བྱང་ཆུབ་སེམས་ནི་ནམ་མི་སྤངས། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་བསྐྱེད་པ་ཉིད་ཙམ་གྱིས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ལ་སྨོད་མི་བྱ། །ནམ་ཡང་དོར་བར་མི་བྱ་སྟེ། །མི་ཤེས་པའམ་གཏི་མུག་གིས། །རྣམ་པར་བསྟེན་པར་བྱ་མ་ཡིན། །རྡོ་རྗེ་དང་ནི་དྲིལ་བུ་དང༌། །ཕྱག་རྒྱའང་ནམ་ཡང་སྨད་མི་བྱ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གིས་བདག་ཉིད་ཡོངས་བཏང་སྟེ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཅི་ལྟར་བདེ་བས་བདེ་བཟུང་སྟེ། །འདི་ནི་མ་འོངས་རྫོགས་སངས་རྒྱས། །དེ་རིང་བདུད་རྣམས་ཕམ་བྱས་ནས། །གྲོང་ཁྱེར་དམ་པར་རབ་ཏུ་ཞུགས། །དེང་དུས་ཁྱོད་ཀྱི་སངས་རྒྱས་ཉིད། །ཐོབ་འགྱུར་ཉིད་ལ་ཐེ་ཚོམ་མེད། །ཅེས་བརྗོད་པས། དབུགས་ཕྱུང་ལ། རྡོ་རྗེ་དྲིལ་བུ་མགོ་བོར་འཁྲོལ་ཞིང༌། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཧེ་ཤྲཱི་ཆེ་གེ བཛྲ་ཏ་ཐཱ་ག་ཏ་ས་མཱ་ཡ་སིདྷྱ་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿཨཿ ཞེས་བརྗོད་ལ། ཆེ་གེའི་གནས་སུ། དཔལ་མི་བསྐྱོད་རྡོ་རྗེ་ལ་སོགས་པ་རང་གི་རིགས་དང་མཐུན་པའི་མིང་བཏགས་ལ། ཆུའི་དབང་བསྐུར། མི་བསྐྱོད་པའི་རྒྱས་བཏབ་སྟེ་མཆོད་ལ། མི་བསྐྱོད་པ་མིང་གི་དབང་ཐོབ། ཞེ་སྡང་དག རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་དང་དེ་ལ་བརྟེན་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ། མིང་གི་དབང་སྟེ་ཆོ་ག་བཅུ་བཞི་པའོ། །བཅོ་ལྔ་པ་ཕྱག་མཚན་གྱི་དབང་བསྐུར་བ་ནི། དེ་ནས་སློབ་མས་མཎྜལ་དབུལ་ཞིང་ཐལ་མོ་སྦྱར་ཏེ། གང་གིས་བདག་ཉིད་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་ལ། ཕྱག་མཚན་གྱི་རིགས་ཆུང་བཞིའི་སློབ་དཔོན་དུ་དབང་བསྐུར་བའི་ཕྱིར། སློབ་མ་དང་འཁོར་ལོ་ཆོ་ག་གསུམ་གྱིས་རྣམ་སྣང་དུ་བསྐྱེད། ཡེ་ཤེས་པ་གཞུག གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར། དབང་རྫས་གྱི་ལྷ་ཞུ་བ་ལས་བྱུང་བའི་འཁོར་ལོ་བྱིན་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་པྲ་ཝརྟ་ཡ་དྷརྨ་ཙཀྲ། ཞེས་བརྗོད་ལ་དབང་བསྐུར། དེ་བཞིན་དུ་སློབ་མ་དང་རིན་པོ་ཆེ་རིན་འབྱུང་དུ་བསྐྱེད་པ་སོགས་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཅི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྲ་རཏྣ་སརྦ་དྷརྨཱ་བི་ཤུདྡྷ་ཛྙ་ན་ཨ་བྷི་ཥེ་ཀ་པྲ་ཝརྟ་ཨོཾ་ཨོཾ་ཨོཾ། སློབ་མ་དང་པདྨ་འོད་དཔག་མེད་དུ་བསྐྱེད་པ་སོགས་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །འདོད་ཆགས་དག་པ་རབ་ཏུ་སྟོན། །ཨོཾ་བཛྲ་དྷརྨ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་ར་ལ་སྭ་བྷཱ་ཝ་ཧྲཱིཿཨཿ སློབ་མ་དང་སྣ་ཚོགས་རྡོ་རྗེ་དོན་གྲུབ་དུ་བསྐྱེད་པ་སོགས་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཅི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །རྡོ་རྗེ་མཆོད་པ་རབ་ཏུ་བསྐོང༌། །ཨོཾ་བཛྲ་ཀརྨ་སརྦ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷཱ་ཝ་ཨཿཞེས་པས་དབང་བསྐུར་བས་རིགས་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སློབ་དཔོན་དུ་གྱུར་པར་བསམ་མོ། །དེ་ནས་རིགས་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་བའི་ཕྱིར། སློབ་མ་ཁྲུས་སྟེགས་ཀྱི་དཀྱིལ་འཁོར་གྱི་སྟེང་གི་ཁྲི་ལ་བཞག ནང་ཆོག་གིས་ཆོ་ག་གསུམ་ལས་རྡོ་རྗེ་འཆང་དུ་བསྐྱེད། བྱང་སེམས་ཀྱི་ཁུ་བས་དབང་བསྐུར་པདྨ་ནས་ཕྱིར་འཐོན་པ་ལ་རྟེན་དང་བརྟེན་པར་བཅས་པའི་ལུས་ལ་བཀོད། ཡེ་ཤེས་པ་བཅུག གནས་གསུམ་བྱིན་གྱིས་བརླབ་པ་རྣམས་བྱའོ། །དེ་ལ་དམ་ཚིག་གསུམ་སྦྱིན་པའི་ཕྱིར། རྡོ་རྗེ་བསང་སྦྱངས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སེམས་དཔར་བསྐྱེད། ཞུ་བ་ལས་བྱུང་བའི་རྡོ་རྗེར་བལྟས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །ཞེས་སོགས་སྔར་བཤད་པའི་ཚིགས་བཅད་དང་སྔགས་ཀྱིས་རྡོ་རྗེ་བྱིན་ལ། དེས་ཀྱང་རྡོ་རྗེ་བཟུང་སྟེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བརྗོད་དེ་བཟུང༌། དྲིལ་བུ་ཨཱཿལས་རྡོ་རྗེ་སྙེམས་མར་བསྐྱེད། ཞུ་བ་ལས་བྱུང་བའི་དྲིལ་བུར་བལྟས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་བརྗོད་ལ་གཏད། སློབ་མས་ཀྱང་ལན་གསུམ་དཀྲོལ་ཞིང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་བརྗོད་དེ་དཀྲོལ་ལོ། །ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །ལུས་ཀུན་བརྟན་པར་བྱེད་པས་ན། །དེ་ཕྱིར་ཕྱག་རྒྱ་ཞེས་སུ་བསྒྲགས། །ཞེས་བརྗོད་ལ། སློབ་མ་རྡོ་རྗེ་སེམས་དཔའི་སྐུ་ཕྱག་རྒྱ་ཆེན་པོ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པར་བསམས་ལ། ལག་པ་གཉིས་ཀྱིས་འཁྱུད་པའི་ཚུལ་བྱས་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཞིག་རྡོ་རྗེར་བྱིན་གྱིས་བརླབ། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་རྣམས་ནི་བསྡུ་བར་གྱིས། །ཞེས་བརྗོད་ལ། ལྷ་ཐམས་ཅད་ཀྱི་ཆུའི་དབང་རྒྱས་པར་བསྐུར། མི་བསྐྱོད་པས་རྒྱས་བཏབ་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་རབ་གནས་བྱ་ཞིང་མཆོད་དོ། །དེ་ནས་དམ་ཚིག་བསྒྲགས་ཏེ། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས། །གཞན་གྱི་ཆུང་མ་བསྟེན་པར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཉམ་པས། །སློབ་དཔོན་ལ་ནི་གང་བརྙས་པས། །རྟག་ཏུ་སྡུག་བསྔལ་འཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་འདོད་ཕྱིར། །གུས་དང་ལྡན་པའི་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་རྩོལ་བ་པོ། །འདི་ལ་འབད་པ་ཀུན་གྱི་མཆོག །བྱང་ཆུབ་གོ་འཕང་བླའམ་ཅི། །སྲིད་པ་སེལ་བར་སུ་ཡིས་ནུས། །གང་ལས་སྐྱེས་ཤིང་འཆི་བ་མེད། །གང་ཞིག་ལས་གཉིས་ལ་ནུས་ལྡན། །རྡོ་རྗེ་སློབ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤང་བ་དང༌། །མྱ་ངན་འདས་ཞི་གོ་འཕང་དང༌། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །རང་གི་དམ་ཚིག་རྟག་ཏུ་བསྒྲུབ། །རྟག་ཏུ་དེ་བཞིན་གཤེགས་རྣམས་མཆོད། །རྟག་ཏུ་བླ་མ་ལ་དབུལ་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །ཐབས་དང་ཤེས་རབ་ལྡན་སེམས་ཀྱིས། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་རྣམ་རྟོག་མེད་གྱུར་ནས། །ཁྱོད་ཀྱིས་འདོད་པ་ལྔ་རྣམས་སྤྱོད། །སངས་རྒྱས་ཀུན་གྱིས་མཐུན་གསུངས་ཤིང༌། །བཀའ་ལུང་དམ་པ་རྟག་པ་ཡི། །དམ་ཚིག་དང་ནི་ལྡན་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་བརྗོད་དོ། །དེ་ལྟར་དམ་ཚིག་འཛིན་པའི་སློབ་མ་ལ། །ཁྱོད་དངོས་གྲུབ་གང་འདོད་ཅེས་དྲི། བདག་འདི་འཚལ་ལོ་ཞེས་ཟེར་ན། གང་འདོད་པའི་ལྷ་དང་སྔགས་སྟེར་བ་ཡིན་ཀྱང༌། འདིར་ཐུན་མོང་དུ། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ནས། དཔོན་སློབ་གཉིས་ཀ་གཙོ་བོ་སེམས་དཔའ་སུམ་བརྩེགས་སུ་བསྐྱེད། བླ་མའི་ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་ཕྲེང་བཀོད་ལ། བརྒྱ་རྩ་བརྒྱད་དམ་གསུམ་བཟླས་ལ། བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་ཆད་པའི་སྔགས་ཕྲེང་བྱུང༌། བླ་མའི་ཞལ་ནས་འཐོན། སློབ་མའི་ཁར་ཞུགས། ཏིང་ངེ་འཛིན་སེམས་དཔའི་མཐའ་སྐོར་དུ་འཁོད་པར་བསམས་ལ། ལྷ་ཐམས་ཅད་ཀྱི་སྔགས་གསུམ་མམ། མ་གྲུབ་ན། ཨོཾ་ཨཱཿཧཱུྃ། ཨོཾ་སྭཱ་ཨཱཿཧཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས། སློབ་མས་མེ་ཏོག་ཕུལ་ལ། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་ཉེ་བར་མཛོད། །ཅེས་གསོལ་བ་བཏབ། མེ་ཏོག་དེ་ཉིད་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་པས། སྔགས་ཀྱི་དངོས་གྲུབ་ཐོབ་པར་བསམ་པ་ནི། སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པ་སྟེ། ཆོ་ག་བཅོ་ལྔ་པའོ། །བཅུ་དྲུག་པ་ལྷ་ལ་ཡོན་དབུལ་བའི་ཆོ་ག་ནི། སློབ་མས་དཀྱིལ་འཁོར་གྱི་ལྷ་ལ་ཅི་འབྱོར་པའི་ཡོན་ཕུལ། དེ་ཙམ་མ་འབྱོར་ན། ལྷ་ཐམས་ཅད་ལ་གོས་ཟུང་ཅིག་ཕུལ་ལ། ཨོཾ་ཨ་ནུཏྟ་ར་སརྦ་པཱུ་ཛ་མེ་གྷ་ས་མུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་གསང་བའི་མཆོད་པ་དང༌། གླུ་གར་སོགས་ཀྱིས་མཆོད་པ་ནི་ཆོ་ག་བཅུ་དྲུག་པའོ། །བཅུ་བདུན་པ་བླ་མ་ལ་ཡོན་དབུལ་བའི་ཆོ་ག་ནི། སློབ་མས་བླ་མ་ལ་ཅི་འབྱོར་བའི་ཡོན་ཕུལ་ལ། བླ་མས། ཡུལ་དང་ཡིད་འོང་ཆུང་མ་དང༌། །རིན་པོ་ཆེ་དང་གསེར་འབར་དང༌། །ནོར་བུ་མུ་ཏིག་བྱི་རུ་དང༌། །ལུས་པོ་ཡང་ནི་དབུལ་བས་སོ། །དེ་ཉིད་མི་ཟད་པར་འདོད་པས། །གང་གང་ཅིའང་ཆེས་ཡིད་དུ། །འདོད་ཆགས་ཆེས་ཁྱད་འཕགས་པ་ཉིད། །དེ་དེ་བླ་མ་ལ་དབུལ་བྱ། །སློབ་དཔོན་ལྷ་ནི་དམ་པ་སྟེ། །འབད་པའི་སྒོ་ནས་མཆོད་པར་འོས། །འཇིག་རྟེན་རྗེས་བཟུང་རྒྱུ་ཉིད་ཀྱིས། །དེ་ཉིད་ལྷ་ཡི་གཟུགས་ཅན་ནོ། །གང་གིས་བླ་མ་རྡོ་རྗེ་འཛིན། །ཐ་དད་ཉིད་དུ་མཐོང་གྱུར་པ། །དེ་ཡི་དེ་ཉིད་དངོས་གྲུབ་ནི། །ཚོགས་པའི་མཚན་ཉིད་ཅན་མི་ཐོབ། །མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པས་ཡང་དག་འབྱུང༌། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །གང་ཞིག་བསྐལ་བ་བྱེ་བར་ནི། །བརྒྱ་ཕྲག་ཏུ་ཡང་རྙེད་དཀའ་བ། །དེ་ཉིད་སངས་རྒྱས་བརྩོན་ལྡན་ལ། །སྐྱེ་བ་འདི་ལ་རྩོལ་བར་མཛད། །ཅེས་ཕན་ཡོན་བཤད་ལ། སྤྲོ་བ་བསྐྱེད་དེ་ཆོ་ག་བཅུ་བདུན་པའོ། །བཅོ་བརྒྱད་པ་རྗེས་སུ་གནང་བ་སྦྱིན་པ་ནི། སློབ་མ་རྣམ་སྣང་དུ་དམིགས་ལ་རྗེས་གནང་བྱིན་ཏེ། ཕྲེང་བ་ལ་སོགས་དབང་རྣམས་ཀྱིས། །དབང་བསྐུར་ང་ཡིས་བྱིན་པ་ཡིས། །སྡིག་པ་ཐམས་ཅད་རྣམ་སྤངས་ཏེ། །སངས་རྒྱས་ཀུན་གྱི་མདུན་ན་གནས། །ད་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྔགས་དང་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བསམ། །ཁྱོད་ནི་བདུད་ལས་རྣམ་རྒྱལ་ཏེ། །སངས་རྒྱས་ཐམས་ཅད་འཐོབ་པར་འགྱུར། །སེང་གེའི་སྤྱོད་པ་ལེགས་སྤྱད་པས། །ཁྱོད་ཀྱིས་སེམས་ཅན་དོན་རྣམས་བྱོས། །ཆོས་རྣམས་ཀུན་ལ་སེར་སྣ་དང༌། །སེམས་ཅན་རྣམས་ལ་མི་ཕན་གང༌། །ཉམ་ང་ཤིན་ཏུ་ཆེ་ན་ཡང༌། །བུ་ཁྱོད་ཀྱིས་ནི་དེ་མི་བྱ། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །མཉམ་མེད་ཁྱོད་ཀྱིས་བསྒྲག་པར་བྱ། །དཀྱིལ་འཁོར་ལེགས་པར་བྲི་བྱ་སྟེ། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་སུ། །སློབ་མ་རྣམས་ལ་དབང་བསྐུར་ཡང༌། །བརྟུལ་ཞུགས་བརྟན་པས་འཇིག་རྟེན་དང༌། །འཇིག་རྟེན་འདས་པའི་དངོས་གྲུབ་བསྒྲུབ། །དེ་ཉིད་རིག་པའི་སེམས་ཀྱིས་ནི། །དངོས་གྲུབ་དེ་རྣམས་ཐམས་ཅད་འབྱུང༌། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་རྣམས་ཀྱང་བསྐྱང་བ་དང༌། །ཁྱོད་རྟག་བླ་མ་གུས་པ་ཡིས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་གཟོ་ཞེས་བརྗོད། །དེས་ན་བྱས་པ་གཟོ་བ་ཡིན། །སངས་རྒྱས་རྣམས་ཀྱང་ཁྱོད་ལ་བསྲུང༌། །ཞེས་བརྗོད་པ་དང༌། སློབ་མས་ཐལ་མོ་སྦྱར་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་བརྗོད་ལ། ཁས་བླངས་ནས་དེ་ལྟར་ན་དཀྱིལ་འཁོར་བཞི་ལས། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། བུམ་པའི་དབང་བསྐུར་བ་ཐོབ། གཙོ་ཆེར་ལུས་ཀྱི་དྲི་མ་འཁྲུད། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང༌། སྐུ་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ། དེ་ལྟར་ཐུན་མོང་གི་དབང་དགུ་འཁོར་དང་བཅས་པ་ཐོབ་ནས། དུས་གཅིག་ལ་དབང་བཞི་རྫོགས་པར་བསྐུར་ན། སྐབས་འདིར་མཆོག་དབང་གསུམ་བསྐུར་དགོས་ལ། རེ་ཞིག་བསྐྱེད་རིམ་ཁོ་ནའི་ལམ་ལ་སློབ་པར་འདོད་པའི་གང་ཟག་ལ་ནི་བུམ་དབང་ཡན་ཆད་ཀྱིས་ཆོག་སྟེ། ཆོ་ག་བཅོ་བརྒྱད་པའོ། །བཅུ་དགུ་པ་གཤེགས་གསོལ་གྱི་ཆོ་ག་ནི། དེ་ནས་བླ་མས་རྡུལ་ཚོལ་གྱི་དཀྱིལ་འཁོར་ལ་ཉེར་སྤྱོད་དང༌། འདོད་ཡོན་ལྔ་དང༌། ནང་དང༌། གསང་མཆོད་རྣམས་ཀྱིས་མཆོད། བསྟོད་པས་བསྟོད། དངོས་གྲུབ་བླང་ཞིང་ནོངས་པ་བཟོད་པར་གསོལ་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་རྣམས་ཐོག་མར་རང་གིས་སྤྲུལ་པའི་ཕྱིར་མཐར་ཡང་རང་གི་ལུས་ལ་བསྡུས་ཏེ། དེའང་རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། རྡུལ་ཚོན་གྱི་ལྷ་རྣམས་ལ་ཕོག་པས། དེས་ལྷ་རྣམས་སྤྱན་དྲངས་ནས་རང་གི་ཕུང་པོ་ལྔ་ལ་རྒྱལ་བ་རིགས་ལྔ་ཐིམ། ཁམས་བཞི་ལ་ཡུམ་བཞི། མིག་སོགས་ལ་སེམས་དཔའ་སེམས་མ། ཚིགས་བཅུ་ལ་ཁྲོ་བོ་བཅུ་ཐིམ་པས་ཕུང་ཁམས་དེ་རྣམས་ལྷ་སོ་སོའི་སྐུར་བསམ། བརྟེན་པའི་དཀྱིལ་འཁོར་ཡང༌། རང་གི་ལུས་ཀྱི་ཆ་ཤས་སོ་སོ་ལ་ཐིམ་པས། དཀྱིལ་འཁོར་དེ་དག་ཏུ་གྱུར་ནས། རང་ལུས་དཀྱིལ་དང་བཅས་པའི་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གྱུར་པར་བསམ། དེ་དག་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་འཕྲོས། དེས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་སྒྲིབ་པ་དག་ནས་ཧཱུྃ་ཡིག་ཏུ་གྱུར། དེས་ནམ་མཁའི་ཁམས་གང་བ་ཡོངས་སུ་གྱུར་པ་ལས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་དུ་གྱུར་པར་བསམ། དེ་རྣམས་རང་གི་སྙིང་གའི་འོད་ཟེར་གྱིས་དྲངས་ནས་བདག་ལ་ཐིམ་པར་བསམ་མོ། །དེ་ལས་ལངས་ནས་སྤྱོད་ལམ་ལ་འཇུག་པའི་ཚེ། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་རྡོ་རྗེ་འཆང་དུ་བསྒོམ་པ་ནི་ཆོ་ག་བཅུ་དགུ་པའོ། །ཉི་ཤུ་པ་དཀྱིལ་འཁོར་སོགས་བསྡུ་བའི་ཆོ་ག་ནི། དེ་ལྟར་དཀྱིལ་འཁོར་བསྡུས་ནས། ཨ་ཀཱ་རོའི་སྔགས་སམ། ཨོཾ་ཨཱཿཧཱུྃ་བརྗོད་ཅིང༌། རྡོ་རྗེ་དང་བཅས་པའི་ལག་པས་མཚན་མ་རྣམས་མཐའ་ནས་རིམ་གྱིས་བསྡུ། དེ་ནས་ཚངས་ཐིག་ནས་བརྩམས་ཏེ། གཙོ་བོའི་བར་དུ་རྡོ་རྗེས་བསུབ། རང་གི་སྤྱི་བོར་རྡུལ་ཚོན་ཅུང་ཟད་བཀོད་ཅིང༌། དོན་དུ་གཉེར་བ་ཡོད་ན་སྦྱིན། ལྷག་མ་རྣམས་བུམ་པའི་ནང་དུ་བླུགས་ལ་མཆོད་པ་དང་བཀུ་སྟི་རྒྱ་ཆེན་པོས་རྒྱ་མཚོར་འབབ་པའི་ཆ་ཀླུང་དུ་ཆོ་ག་བཞིན་དུ་དོར། བུམ་པ་ཆུ་གཙང་མས་བཀང་བ་བཟུང་སྟེ། དེས་ཐིག་རྣམས་བསུབ་ཅིང་དཀྱིལ་འཁོར་གྱི་ཁང་པ་ལ་བསང་གཏོར་བྱ། དེ་ནས་རང་ཁྲོ་བོའི་ང་རྒྱལ་གྱིས་རྐང་པ་གཡོན་བརྐྱང་དང༌། ལག་པ་རྡོ་རྗེ་ཁུ་ཚུར་གཉིས་ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་ལ། ཕན་ཚུན་འཁྱུད་པ་སྐམ་པའི་ཕྱག་རྒྱས། ཨོཾ་བཛྲ་ཀཱི་ལ་ཨུཏྐཱི་ལ་ཡ་སརྦ་བིགྷྣཱན། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ་ཧོཿཞེས་བཟླས་ཏེ། ཕུར་བུ་རྣམས་ཕྱུང་ལ། རང་གི་ལག་པའི་རྡོ་རྗེ་ལ་ཐིམ་པར་བསམ། འོ་མ་ལ། སངས་རྒྱས་སྤྱན་གྱི་སྔགས་བཟླས་པས་ཕུར་བུ་བཀྲུ་ཞིང༌། ཁུང་བུར་བླུགས་པས། བགེགས་རྣམས་ཀྱི་རྨ་སོས་ཏེ་སངས་རྒྱས་པར་བསམ། ཕུར་བུའི་སྐུད་པ་རྣམས་བཀྲོལ་ཏེ་སྣོད་གཙང་མར་བཞག་ལ། ཙནྡན་གྱི་ཆུས་གཏོར་ཞིང༌། ཨོཾ་ཨཱཿཧཱུྃ་སཏྭ་ཨརྠ། ཨུར་སིདྡྷི་སྭཱ་ཧཱ། ཞེས་བཟླས་ལ་ཅི་བདེར་བཞག་གོ །དེ་ནས་ཁྲོ་བོ་བཅུ་ལ་ཕྱི་ནང་གི་མཆོད་པས་མཆོད། གཏོར་མ་ཕུལ་ལ་གཤེགས་སུ་གསོལ། དཀྱིལ་འཁོར་གྱི་ས་གཞི་ལ་བ་བྱུང་གི་ཆུས་བྱུགས་ལ་ཞི་བའི་སྦྱིན་སྲེག་བྱ། དེ་མ་གྲུབ་ན་ཡི་གེ་བརྒྱ་པ་མང་དུ་བཟླས་ཏེ། ལྷག་ཆད་ཁ་བསྐངས་ལ། བསྔོ་བ་དང་སྨོན་ལམ་དང༌། བཀྲ་ཤིས་རྣམས་བྱ་བ་ནི་ཆོ་ག་ཉི་ཤུ་པའོ། །གཉིས་པ་རས་བྲིས་ལ་བརྟེན་པ་ལ་གཉིས། སྟ་གོན་དང༌། དངོས་གཞིའོ། །དང་པོ་ནི། གང་དུ་བྱ་བའི་གནས་དེར་མཎྜལ་དང་མཆོད་གཏོར་ལ་སོགས་པ་དགོས་པའི་ཡོ་བྱད་ཐམས་ཅད་འཚོགས་པར་བྱས་ལ་བདག་གི་རྣལ་འབྱོར་རྫོགས་པར་བསྒོམ། དེ་ནས་སྔར་བཤད་པའི་ཆོ་ག་བཞི་པ་ཡན་ཆད་བྱ་མི་དགོས་ལ། སའི་ལྷ་མོ་སྟ་གོན་བྱེད་པར་མ་བཤད་པས་མ་བྱས་ཀྱང་རུང་མོད། བླ་མ་བརྒྱུད་པའི་ཕྱག་བཞེས་ཀྱིས་མཛད་པས། སའི་ལྷ་མོ་ལྷག་གནས་སྔར་བཞིན་བྱ། ལྷ་ལྷག་གནས་ཀྱི་གཞལ་ཡས་ཁང་གདན་བཅས་བསྐྱེད་པའི་བར་སྔར་བཞིན་བྱས་ལ། དེར་ཆོ་ག་གསུམ་ལས་ལྷ་རྫོགས་པར་བསྐྱེད། ཡེ་ཤེས་པ་བཅུག གནས་གསུམ་བྱིན་གྱིས་བརླབ་པ་ནས་མཆོད་པ་སོགས་བྱ། བུམ་པ་སྟ་གོན་ལ་མཚན་ཉིད་དང་ལྡན་པའི་བུམ་པ་གཅིག་འདུ་བྱས་ལ། དེར་ལྷ་ཐམས་ཅད་རྫོགས་པར་བསྐྱེད་ལ་བཟླས་པ་བྱ། དེ་ནས་གསོལ་བ་གདབ་པ་དང༌། སློབ་མ་ལྷག་གནས་དང༌། སྟ་གོན་གྱི་ལྷ་ནམ་མཁར་བཏེག་སྟེ་མཆོད་བསྟོད་བྱ་བའི་བར་སྔར་ལྟར་བྱའོ། །གཉིས་པ་ནི། ནང་པར་སྔ་བར་མདང་སྟ་གོན་བྱས་པའི་གནས་སུ་བྲིས་སྐུ་རབ་གནས་ཅན་བཞུགས་སུ་གསོལ། མཆོད་པ་དང་གཏོར་མ་བཤམ་པ་ནས། བདག་མདུན་ཐ་མི་དད་དུ་བསྐྱེད་པ། ཡེ་ཤེས་པ་དང༌། སྟ་གོན་གྱི་ལྷ་གཞུག་པ། མཆོད་ཅིང་བཟླས་པ་བྱ་བ། ཕྱི་རོལ་ཏུ་གཏོར་མ་སྦྱིན་པ། སྒོ་དབྱེ་བ། བདག་འཇུག་བྱ་ཞིང་གསོལ་བ་གདབ་པའི་བར་སྔར་དང་འདྲའོ། །སློབ་མར་དབང་བསྐུར་ལ། ཐུན་མོང་གི་དབང་དགུ་ཡན་ཆད་སྔར་བཞིན་བསྐུར་བའམ། ཡང་ན་འོད་དཔག་མེད་ཀྱི་དབང་ལ་རྡོ་རྗེའི་བརྟུལ་ཞུགས་དང༌། མི་བསྐྱོད་པ་ལུང་བསྟན། དབུགས་དབྱུང་གཉིས་དོར་ནས་རྗེས་གནང་གི་མཇུག་ཏུ། རྡོ་རྗེའི་བརྟུལ་ཞུགས་དང༌། ལུང་བསྟན་པ། དབུགས་དབྱུང་བ་གསུམ་བྱིན་ཀྱང་རུང་ངོ༌། །དེ་ནས་མཆོག་དབང་གསུམ་བསྐུར་བ་ལ། ཐོག་མར་གསང་དབང་གི་དོན་དུ། སློབ་མས་བླ་མ་ལ་འདོད་ཡོན་ལྔ་དང༌། ཕྱག་རྒྱ་མཚན་ལྡན་དང༌། མཎྜལ་ཕུལ་ལ་ཐལ་མོ་སྦྱར་ཏེ། རྡོ་རྗེ་སེམས་དཔའ་ཐེག་པ་ཆེ། །ནམ་མཁའི་སྤྱོད་པ་རྣམ་སྤྱོད་པ། །ཀུན་ཏུ་བཟང་པོ་སྤྱོད་པའི་མཆོག །རྒྱལ་མཆོག་མཆོད་པ་བཤད་དུ་གསོལ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །རྡོ་རྗེ་ཐེག་པ་རབ་སྟོན་པ། །ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག །རྒྱལ་བཞི་མཆོད་པ་བཤད་དུ་གསོལ། །ཐར་བའི་ལམ་ནི་རབ་སྟོན་པ། །ཐེག་པ་གསུམ་གྱི་ལམ་ལ་གནས། །སངས་རྒྱས་སྐལ་མཆོག་དག་པའི་བདག །མི་མཆོག་མཆོད་པ་བཤད་དུ་གསོལ། །བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །སྐུ་གསུང་ཐུགས་ནི་ཤིན་ཏུ་དག །ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་ལ། སློབ་མས་མཐོང་ན་མ་དད་ཀྱི་དོགས་པས་གདོང་གཡོགས་བཅིངས་ལ། རྣམ་སྣང་དུ་བསྒོམ་དུ་བཅུག བླ་མ་དཀྱིལ་འཁོར་གྱི་གཙོ་བོ་སེམས་དཔའ་སུམ་བརྩེགས་དང༌། རིག་མ་རེག་བྱ་རྡོ་རྗེར་བསྐྱེད། གཉིས་ཀའི་ལུས་ལ་རིགས་ལྔ་སོགས་ལུས་དཀྱིལ་དགོད། རྡོ་རྗེ་དང་པདྨ་འདུས་བྱས་རིན་འབྱུང་གི་ང་རྒྱལ་གྱིས་སྙོམས་པར་འཇུག་པ་ལས་ལ་གནས་པ། མཆོད་པ་རྣམས་སྒྲུབ་ཐབས་བཞིན་བྱས་ལ། སླར་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། སྤྱི་གཙུག་ནས་ཞུགས་ཆགས་པ་ཆེན་པོས་ཞུ་སྟེ། སྟོང་པ་གསུམ་རིམ་གྱིས་ཐིམ་པའི་ཐམས་ཅད་སྟོང་པ་ལ་འོད་གསལ། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཉམས་སུ་མྱངས་ནས་ཉོན་མོངས་པ་དག་པའི་གནས་མངོན་སུམ་དུ་བྱས་ལ། སྙོམས་འཇུག་གི་བདེ་བས་སངས་རྒྱས་ཐམས་ཅད་མཆོད་ནས་ཕཊ་ཅེས་བརྗོད་པས། ཤེས་རབ་ཀྱི་ཆུ་སྐྱེས་སུ་བྱང་ཆུབ་ཀྱི་སེམས་བབས་པར་བསམ་མོ། །དེ་མཐེ་བོང་དང་མིང་མེད་ཀྱིས་བླངས་ལ། སློབ་མའི་ལྕེ་ཐོག་ཏུ་བཞག་པར་བསམ་ཞིང༌། དངོས་སུ་བདུད་རྩི་བྱིན་ལ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཧཱུྃ་ཞེས་བརྗོད་ལ་བྱིན། དེས་ཀྱང་རང་གི་ལུས་དཀྱིལ་གྱི་ལྷ་ཐམས་ཅད་མཉེས་པའི་ཕྱིར། ཨ་ཧོ་སུ་ཁ། ཞེས་བརྗོད་ཅིང་མྱངས་པས་ལུས་ཐམས་ཅད་གང༌། རང་བཞིན་བརྒྱད་ཅུའི་དྲི་མ་དག སྟོང་པ་གསུམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམས་ལ་ཅུང་ཟད་མཉམ་པར་གཞག་གོ །དེ་ནས་བྱང་སེམས་ལྷག་མ་དེ་དུང་ཆོས་སུ་དྲི་བཟང་གི་ཆུ་དང་བསྲེས་ནས་ཡི་གེ་གསུམ་གྱིས་བསྔགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བར་བསམས་ལ། བཀྲ་ཤིས་ཀྱི་ཚིགས་བཅད་སྔོན་དུ་འགྲོ་བས། སྤྱི་བོ་ནས་བླུག་ཅིང་འཐུང་དུ་བཅུག་ལ་དབང་བསྐུར་ཏེ། པདྨའི་དབུས་ནས་རིན་ཆེན་འབར་བ་རབ་བྱུང་སྟེ། །རྒྱལ་བ་རྣམས་ཀྱིས་དབུ་ནི་ཤིན་ཏུ་བསྐམས་པ་ལ། །རྣམ་དག་རྡོ་རྗེ་ལས་ནི་བྱུང་བ་ཡེ་ཤེས་ཆུ། །དྲི་མེད་ཆར་གྱིས་སྤྱི་བོར་དབང་ནི་བསྐུར་གྱུར་ཅིག །ཅེས་པས་སོ། །དེ་ནས་སློབ་མ་རྣམ་སྣང་གི་ང་རྒྱལ་ལས་འཕོས་ནས་འོད་དཔག་མེད་ཀྱི་རང་བཞིན་དུ་མོས་ཏེ། འབྲུ་གསུམ་གྱིས་བསྲུང་ཞིང་མིག་རས་བསལ་ལ། དེ་ལྟར་ན་དཀྱིལ་འཁོར་བཞི་ལས་ལུས་དཀྱིལ་དང་འབྲེལ་བའི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་གི་དྲི་མ་འཁྲུད། ལམ་རྡོ་རྗེའི་བཟླས་པ་དང༌། སེམས་དབེན་བསྒོམ་པ་ལ་དབང༌། གསུང་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ་གསང་བའི་དབང་ངོ༌། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། རིག་མ་དང་མཎྜལ་ཕུལ་ལ། ཐལ་མོ་སྦྱར་ནས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཐམས་ཅད་སྟོང་པ་བླ་ན་མེད། །མངོན་པར་བྱང་ཆུབ་མཐོང་བས་ན། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ལས་དང་སྐྱེ་ལས་རྣམ་གྲོལ་བའི། །ཚེ་འདིར་བྱང་ཆུབ་ཉིད་ཐོབ་པ། །རང་མྱོང་མཚན་ཉིད་གཅིག་པ་ཉིད། །སེམས་དཔའ་ཆེན་པོ་སྩལ་དུ་གསོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་པོ། །དེ་བས་སངས་རྒྱས་མཆོག་བརྙེས་མཛོད། །ཅེས་སམ། བསྡུ་ན། དངོས་གྲུབ་ཐམས་ཅད་བསྡུས་ནས་ནི། །ཁྱོད་ཀྱིས་བདག་ལ་དབང་བསྐུར་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཕན་ཚུན་ངོ་ཚས་བཅིངས་ནས་བདེ་བ་ངོས་མི་ཟིན་པས། དེ་སྤང་བའི་ཕྱིར། གདོང་རས་བཅིངས་ལ། བླ་མས་རིག་མ་རེག་རྡོ་རྗེ་མར་བསྐྱེད། རིགས་ལྔ་བཀོད་ནས། དེའི་ལག་པ་སློབ་མའི་ལག་པར་གཏད་ནས་རང་གི་ལག་པ་གཡོན་པས་བཟུང༌། གཡས་པས་རྡོ་རྗེ་དང་བཅས་པས་སློབ་མའི་སྤྱི་བོར་བཞག་ལ། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དེ་བཞིན་གཤེགས་པ་རྣམས་དཔང་པོར་བྱས་ཏེ། གཟུགས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟག །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེའི་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་བལྟ་བས། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །དེ་བས་རིག་པ་འདི་མཆོག་ཡིན། །ཆོས་ཀུན་གཉིས་སུ་མེད་པ་ལ། །དངོས་པོ་གཉིས་སུ་བརྟགས་པ་ཡིན། །དེ་བས་འཁོར་བར་རྣམ་བྲལ་བར། །རྟག་ཏུ་ཁྱོད་ཀྱིས་མི་བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་མེད་པའོ། །རྨོངས་པ་གང་ཞིག་འདས་གྱུར་ན། །དེ་ཡི་དངོས་གྲུབ་མཆོག་མི་འགྲུབ། །ཅེས་བརྗོད་དེ་གཏད། རིག་མ་དེས་ཀྱང་ལུས་དྲི་བཟངས་པོས་བྱུགས། གོས་དང་བྲལ་བས། རང་གི་ཆུ་སྐྱེས་སློབ་མ་ལ་སྟོན་ཅིང༌། ཨེ་མ་བདག་གིས་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །སྟྭཾ་བྷཉྫ་མོཀྵ་ཧོཿཞེས་བརྗོད་པར་བསམ། སློབ་མ་གསུང་རྡོ་རྗེའི་ང་རྒྱལ་ལས་འཕོས་ཏེ། ཐུགས་རྡོ་རྗེར་བསྐྱེད། རིག་མ་རེག་རྡོ་རྗེར་བསམ། གཉིས་ཀ་ལ་ལུས་དཀྱིལ་བཀོད། རྡོ་རྗེ་པདྨ་འདུ་བྱས། རིན་འབྱུང་གི་ང་རྒྱལ་གྱིས་སྙོམས་པར་ཞུགས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རྩྭ་གཡོན་གྱི་ཆ་ན་གནས་པ་སོར་མོས་བསྐུལ་ཏེ། དེ་ལས་བྱུང་བའི་བདེ་བ་ལ་སོགས་པའི་སྦྱོར་བས་ཧཱུྃ་གླུ་རུ་བླང་ཞིང་བརྩམ་པར་བྱའོ། །དེ་ལྟར་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུ་ཡོངས་སུ་གང་བའི་མཚན་ཉིད་དང༌། གསུམ་པ་དགའ་བྲལ་སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་བ། རང་གིས་ཉམས་སུ་མྱང་བར་བྱས་ཏེ། རྡོ་རྗེ་པདྨར་རབ་གནས་ཏེ། །བྱང་ཆུབ་སེམས་ཀྱང་སྤང་མི་བྱ། །བསྐྱོད་བྱ་དེ་ཡི་དགའ་བ་ཡིས། །སེམས་ནི་ཀུན་དུ་གང་བར་བསྒོམ། །རྣལ་འབྱོར་པས་ནི་བྱང་ཆུབ་སེམས། །ཇི་སྲིད་མ་དོར་དེ་སྲིད་དུ། །རྒྱུན་མི་འཆད་པར་དགའ་བ་ལས། །བྱུང་བའི་བདེ་བ་ཅིས་མི་ཐོབ། །ཅེས་པ་ལྟར་དོན་མངོན་དུ་བྱའོ། །གལ་ཏེ་ཐིག་ལེ་འཛག་ཏུ་དོགས་ན། ཕཊ་ཅེས་བརྗོད་ཅིང༌། ཐིག་ལེ་ཕྱུང་ལ་དོན་གྲུབ་ཀྱི་ང་རྒྱལ་གྱིས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་མཆོད་དོ། །དེ་ནས་རིག་མའི་རྐང་པ་གཡོན་པ་རང་གི་མགོ་ལ་བཞག་ནས། དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཅི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་བཞིན་དུ་སེམས་ཅན་གྱི། །བླ་ན་མེད་པའི་དོན་བྱོས་ཤིག །བསྐྱེད་པའི་རིམ་པ་བསྒོམ་པ་ཡི། །འདི་ནི་མན་ངག་ལས་ནི་ཤེས། །རིག་མ་འདི་ནི་དོར་བྱས་ནས། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །བརྟུལ་ཞུགས་རྣམས་ཀྱིས་མཆོག་གི་མཆོག །རིག་མའི་བརྟུལ་ཞུགས་བུ་ཡིས་སྤྱོད། །དེ་ལྟར་འདི་ནི་རྣལ་འབྱོར་མཆོག །རྡོ་རྗེའི་རྣལ་འབྱོར་རྣལ་འབྱོར་མ། །རིམ་པ་ཇི་བཞིན་ཡོངས་ཤེས་བྱ། །རྡོ་རྗེ་སེམས་དཔའི་གོ་འཕང་སྟོན། །ཞེས་རིག་མའི་བརྟུལ་ཞུགས་བྱིན་ལ། དེའི་ལན་དུ། བདག་ལ་དངོས་གྲུབ་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་སྩལ། །ཞེས་གཏང་རག་ཕུལ་ལ་གདོང་གཡོགས་བསལ་ནས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་དྲི་མ་འཁྲུད། ལམ་བདག་བྱིན་གྱིས་བརླབས་པའི་རིམ་པ་བསྒོམ་པ་ལ་དབང༌། ཐུགས་རྡོ་རྗེ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་དབང་བཞི་པའི་དོན་དུ་ཡོན་དང་མཎྜལ་ཕུལ་ནས། ཐལ་མོ་སྦྱར་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱི་གནས། །བླ་ན་མེད་པའི་བྱང་ཆུབ་སེམས། །སྙིང་པོ་བཅོམ་ལྡན་བཤད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། གདོང་རས་བཅིངས་པའམ། མ་བཅིངས་ཀྱང་རུང་སྟེ། སློབ་མ་སྔར་དབང་གསུམ་པའི་དུས་ཀྱིས་ཉམས་མྱོང་དྲན་དུ་བཅུག་ལ། འདི་སྐད་བརྗོད་དོ། །འདིར་བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་གསུམ་པ་དང་བཞི་པ་དཔེ་དོན་དུ་སྦྱར་ནས་གསུངས་པའི་དོན་ཡང༌། ད་ལྟ་ཁྱོད་ཀྱིས་དབང་གསུམ་པའི་དུས་སུ། རང་དང་ཕྱག་རྒྱ་གཉིས་ལྷའི་སྐུ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན། སེམས་ལྷན་ཅིག་སྐྱེས་པའི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་དུ་ཞུགས་པ་གཉིས་དུས་མཉམ་དུ་ཡོད་པ་བཞིན་དུ། ལམ་འདི་གོམས་པས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་སྐུ་དང༌། དེའི་དུས་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། སྟོང་ཉིད་རོ་གཅིག་ཏུ་གྱུར་པའི་འོད་གསལ་ཐམས་ཅད་སྟོང་པ་གཉིས་ངོ་བོ་དབྱེར་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ལ། དེ་ལྟ་བུས་ལུས་འཇའ་ཚོན་ལྟ་བུའི་སྐུ་དང༌། སེམས་འོད་གསལ་རོ་གཅིག་པ་མ་ཐོབ་ཀྱང་དེ་དང་མཐུན་པར་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་བསྒོམས་པས་འབྲས་བུ་ཟུང་འཇུག་མངོན་དུ་འགྱུར་བ་ཡིན་ནོ། །དེའི་དོན་ཡང༌། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་པའི་དོན་ཡང༌། དངོས་པོ་ཐམས་ཅད་ནི་སྣོད་ཀྱི་འཇིག་རྟེན་ཏེ་དེ་དང་བྲལ་བ་དང༌། བཅུད་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི་བདག་ཉིད་ཅན་གྱི་གཟུང་འཛིན་སྤངས་པ་སྟེ། མདོར་ན་སྣོད་བཅུད་ཀྱི་གཉིས་སྣང་ཐམས་ཅད་དག་པ། ཆོས་བདག་མེད་པ་འོད་གསལ་བ་ཡིན་ལ། དེ་དང་མཉམ་པ་སྟེ་རོ་གཅིག་ཏུ་ཞུགས་པས་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་དང༌། ཟུང་དུ་འཇུག་པའི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་འཇའ་ཚོན་ལྟ་བུའི་ལུས་འོད་གསལ་སྟོང་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། ས་བཅུ་ལ་ཞུགས་པའི་རྒྱལ་སྲས་རྣམས་ཀྱི་མིག་གི་སྤྱོད་ཡུལ་ཙམ་དུ་གྱུར་པའི་ཟུང་དུ་འཇུག་པའི་སྐུ་ཡིན་ནོ། །ཞེས་བཤད་དོ། །དེ་ནས་སློབ་མས་དབང་བཞི་པའི་དོན་ལ། ཡིད་ཆེས་ནས་དགའ་བའི་བློས། ཨེ་མ་ཧོ་སངས་རྒྱས། ཨེ་མ་ཧོ་ཆོས། ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །བདག་མེད་པ་ཡི་ཆོས་ལས་བྱུང༌། །སངས་རྒྱས་བྱང་ཆུབ་རྫོགས་མཛད་པ། །རྣམ་པར་མི་རྟོག་དམིགས་སུ་མེད། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོ་ཐམས་ཅད་དོན། །བྱང་ཆུབ་སེམས་ནི་རབ་བསྐོར་བ། །བྱང་ཆུབ་སྤྱོད་མཆོག་རྡོ་རྗེ་མཆོག །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །དག་པ་དེ་བཞིན་གཤེགས་པའི་ཐུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཛིན། །སངས་རྒྱས་བྱང་ཆུབ་རབ་སྟོན་པ། །བྱང་ཆུབ་སེམས་ཁྱོད་ལ་ཕྱག་འཚལ། །ཞེས་བརྗོད་ཅིང་གཏང་རག་དབུལ་ལོ། །དེ་ནས་སྔར་གདོང་རས་བཅིངས་ན་བཀྲོལ་ལ། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་གི་སྒོ་ནས་ཐོབ། སྒོ་གསུམ་གྱི་དྲི་མ་དག ལམ་ཟུང་འཇུག་གི་རིམ་པ་བསྒོམ་པ་ལ་དབང༌། བདེ་བ་ཆེན་པོའི་སྐུ་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས་སོ། །ཞེས་རྟོགས་པ་བསྐྱེད་དེ། དབང་བཞི་པའོ། །དེ་ནས་དམ་ཚིག་དང་སྡོམ་པ་བསྲུང་བར་བསྡམས་ལ། ཡོན་དང་མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །གཙོ་བོས་བདག་ནི་མཆོད་པར་བཞེས། །ཞེས་བརྗོད་ལ། དབང་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ཡང་དག་པར་བསྲུང་བ་ལ་ནན་ཏན་དུ་བྱའོ། །དེ་ནས་བླ་མས་རས་བྲིས་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ། དངོས་གྲུབ་བླང་ཞིང་ནོངས་པ་བཟོད་པར་གསོལ། རས་བྲིས་ཀྱི་ཡེ་ཤེས་པ་རྣམས་ལ་བརྟན་བཞུགས་བྱ། ལས་ཀྱི་རྗེས་རྣམས་མི་མངོན་པར་བསྡུ་ཞིང༌། རང་རྡོ་རྗེ་འཆང་གི་ང་རྒྱལ་གྱིས། བསྔོ་བ་དང་སྨོན་ལམ་བཏབ་ལ་བཀྲ་ཤིས་བྱའོ། །རྒྱལ་བས་ལུང་བསྟན་རབ་དགའི་ས་བརྙེས་པ། །སྐྱོབ་པ་ཀླུ་སྒྲུབ་ཞབས་ཀྱི་པདྨ་ལས། །ལེགས་འོངས་གདམས་པའི་བདུད་རྩི་ལེགས་བསྟེན་པས། །བློ་གྲོས་མིག་བྱེ་རྟོགས་པའི་ལུས་རྒྱས་པ། །གྲུབ་པའི་དབང་ཕྱུག་ཀླུ་ཡི་བྱང་ཆུབ་དང༌། །བློ་ཆེན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས། །ལེགས་མཛད་དཀྱིལ་འཁོར་ཆོ་གའི་གཞུང་བཟང་གཉིས། །རྣམ་དག་དབང་གི་ཆུ་བོ་དང་བཅས་པ། །མ་བྱོན་སངས་རྒྱས་གསུམ་པ་སྐྱེ་དགུའི་མགོན། །སྡོམ་བརྩོན་ཁ་ཆེའི་མཁན་པོ་ཤཱཀྱ་ཤྲཱིས། །འཕགས་ཡུལ་མཁས་པའི་གླིང་ནས་སྤྱན་དྲངས་ནས། །བོད་ཡུལ་འགྲོ་ལ་ཕན་བདེ་བསྐྱེད་ཕྱིར་སྤེལ། །དེ་ཡི་སྤྱན་སྔར་འཛམ་གླིང་མཁས་པའི་མཆོག །ཆོས་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས། །མ་ནོར་དབང་དང་གཞུང་གི་ལུང་མནོས་ནས། །བཤད་ཅིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ། །དེ་ཡི་རྗེས་འཇུག་དཀྱིལ་འཁོར་ཆོ་ག་འདི། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ། །མདོ་སྔགས་གཉིས་ཀྱི་སྡེ་སྣོད་མང་འཛིན་པ། །བཤེས་གཉེན་བསམ་གཏན་དཔལ་གྱིས་བསྐུལ་ནས་སྦྱར། །རྣམ་དཀར་དགེ་བ་གདྒཱའི་ཆུ་རྒྱུན་དེས། །འགྲོ་བའི་སེམས་ཀྱི་དྲི་མ་ཀུན་སྦྱངས་ནས། །ཟག་མེད་སྐུ་བཞིའི་ནོར་བུས་ཡོངས་གང་བ། །ཀུན་མཁྱེན་རྒྱ་མཚོ་ཆེན་པོར་འཇུག་གྱུར་ཅིག །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་འདི་ནི་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན། རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་གྲུབ་ཆེན་ཀླུའི་བྱང་ཆུབ་ཀྱི་ཆོ་ག་ཉི་ཤུ་པ་དང༌། ཤར་ཕྱོགས་ཀྱི་སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པའི་རས་བྲིས་ཀྱི་ཆོ་ག་དང༌། འགྲེལ་ཆེན་སྒྲོན་མ་གསལ་བའི་སྨིན་བྱེད་ཀྱི་སྐབས་རྣམས་ལས་འབྱུང་བའི་དོན་ཐམས་ཅད་ཚང་བར་བཀོད་ཅིང་ཉམས་སུ་བླང་བདེ་བར་མཛེས་བྱེད་ཀྱི་ལོ་མགོ་ཟླ་བའི་ཡར་ཚེས་ལྔ་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་བཟང་པོས་བགྱིས་སོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།  །། ༄༅། །དཔལ་གསང་བ་འདུས་པའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་རྒྱ་མཚོ་བཞུགས་སོ།།  ༈ །དཔལ་གསང་བ་འདུས་པའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་རྒྱ་མཚོ་བ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཤེས་རབ་ལུས་རྫོགས་བསམ་གཏན་ཐོར་ཅོག་མཛེས། །བརྩོན་འགྲུས་ཚངས་སྐུད་བཟོད་པའི་སྐ་རགས་ཐོགས། །ཚུལ་ཁྲིམས་གུནྡྷེ་སྦྱིན་པའི་མཆོག་སྦྱིན་ཅན། །སངས་རྒྱས་དྲང་སྲོང་ཆེ་ལ་གུས་ཕྱག་འཚལ། །ལྷ་རྣམས་ཚིམ་དང་སྔགས་ཀྱི་ནུས་བསྐྱེད་དང༌། །སྡིག་པ་སྦྱང་སོགས་ལས་ཀུན་བསྒྲུབ་པ་དང༌། །དངོས་གྲུབ་མཆོག་རྣམས་བདེ་བླག་བསྒྲུབ་པའི་ཕྱིར། །སྦྱིན་སྲེག་ཆོ་ག་གཞུང་བཞིན་བཤད་ཀྱིས་ཉོན། །འདིར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པའི་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། དངོས་གྲུབ་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། སྦྱིན་སྲེག་གི་ཆོ་གས་ལྷ་མཉེས་པར་བྱ་བ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ། སྔར་ས་ཆོག་མ་བྱས་ན་དཀྱིལ་ཆོག་ལྟར་བྱ་ཞིང༌། སྔར་བྱས་ན་མི་དགོས་པས། ས་ཕྱོགས་དེར་བ་བྱུང་དང༌། དྲི་བཟང་པོས་བྱུགས་ལ། ཚངས་ཟུར་གྱི་ཐིག་རྣམས་གདབ། དེའི་དབུས་སུ་ཞི་བ་ལ་ཐབ་ཁུང་ཟླུམ་པོ། རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་ཕྱེད་པ། མུ་རན་སོར་བཞི་དོར་བའི་ཕྱི་རོལ་དུ། རྒྱ་དང་དཔངས་སུ་སོར་བཞི་པའི་ཁ་ཁྱེར་གྱིས་བསྐོར་བར་བྱ། དེའི་ཕྱི་རོལ་དུ། བྷྲཱུྃ་ལས་བྱུང་བའི་མཆོད་རྟེན་གནས། །དེ་ཡི་དབུས་སུ་ཐབ་ཁུང་དགོད། །ཅེས་འབྱུང་བའི་མཆོད་རྟེན་གྱི་དོན་ནི། གཞལ་ཡས་ཁང་ལ་བཤད་པས། ལྷ་སྣམ་ཤིན་ཏུ་ཆེ་བར་བྱ། དེའི་ཕྱི་རོལ་དུ་རྩིག་པ་དང༌། མདའ་ཡབ་དང༌། སྒོ་དང་རྟ་བབས་ནས་མེ་རིའི་བར་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཆུ་ཚོན་གྱིས་བྲི། ཐབ་ཀྱི་ནང་པདྨ་འདབ་བརྒྱད་ཀྱི་དབུས་དང༌། ཕྱིའི་ཁ་ཁྱེར་ལ་འཁོར་ལོ་དང༌། འཁོར་ལོའི་ཕྲེང་བ་བྲི། ཕྱོགས་བཞིའི་འདབ་མ་ལ། རིགས་བཞིའི་ཕྱག་མཚན་དང༌། ཐབ་ཁུང་གི་གྲྭ་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ཕྱེད་པ་བྲིའོ། །རྒྱས་པ་ལ་ཐབ་ཁུང་གྲུ་བཞི་པ། རྒྱར་ཁྲུ་དོ། ཟབས་སུ་ཁྲུ་གང་པ། མུ་རན་སོགས་གྲུ་བཞི་པས་བསྐོར་བ། དེའི་ཕྱི་རོལ་དུ་ལྷ་སྣམ་སོགས་སྔར་དང་འདྲ་བ། ཐབ་ཀྱི་དབུས་དང་ཁ་ཁྱེར་ལ། རིན་པོ་ཆེ་ཆ་དགུ་པས་མཚན་ཅིང༌། གྲྭ་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རིན་པོ་ཆེས་མཚན་པ་བྲི་སྟེ། མེ་ཐབ་ཀྱི་མཚན་ཉིད་དོ། །ཐབ་ཁུང་དེར་ཞི་བ་ལ་མཆོད་སྦྱིན་གྱི་ཤིང་ལ་སོགས་པ་འོ་མ་ཅན་གྱི་རྩེ་མོ་ལས་བྱུང་བའི་ཤིང་རློན་པ་འདབ་མ་དང་བཅས་པ། སྦོམ་ཕྲ་མཐེའུ་ཆུང་གི་ཚད་ཙམ། སྲིད་དུ་ཁྲུ་གང་དང་ལྡན་པ། སྦྲང་རྩི་དང་མར་གྱིས་བྱུགས་པའི་བུད་ཤིང་གིས་ཐབ་ཁུང་དང་དཔངས་མཉམ་པར་བརྩིག རྒྱས་པ་ལ་ཡལ་ག་ཅན་གྱི་དབུས་ཀྱི་ཆ་ལས་བྱུང་བའི་ཤིང༌། སྦོམ་ཕྲ་ཆ་ག་གང་དང༌། སྲིད་དུ་ཁྲུ་དོའི་ཚད་དང་ལྡན་པ། ཞོ་དང༌། མར་དང༌། དྲི་སེར་པོས་བྱུགས་པས་ཐབ་ཀྱི་དབྱིབས་བཞིན་དུ་བརྩིག དེའི་ནང་དུ། མེ་ཚང་བཅས་ལ་བཞག་སྟེ། བུད་ཤིང་གི་མཚན་ཉིད་དོ། །དེ་ནས་བདག་གི་གཡས། ཐབ་ཁུང་གི་གཡོན་དུ། ཞི་བ་ལ་འོ་མ་ཅན་གྱི་ཤིང་དང༌། རྒྱས་པ་ལ་འབྲས་བུ་ཅན་གྱི་ཤིང་ལས་གྲུབ་པའི་ཡམ་ཤིང་རྩེ་མོ་གཉིས་མར་ལ་བྱུག་པ་དང༌། མར་དང༌། ཏིལ་དང༌། དཀར་གསུམ་མངར་གསུམ་སྦྱར་བའི་ཟས་མཆོག་དང༌། འབྲས་དང༌། སོ་བ་དང༌། ནས་དང༌། སྲན་མ་དང༌། གྲོ་དང༌། དཱུར་བ་དང༌། ཀུ་ཤ་རྣམས་བཤམ། གཡོན་དུ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང༌། གཏོར་མ་གཅིག་བཤམ། མདུན་དུ་ནང་མཆོད་དང༌། རྡོ་རྗེ་དྲིལ་བུའི་བར་དུ་དགང་བླུགས་ཁ་སྦྱར་བ་དང༌། ཕུར་བུ་བཅུ་ཐོ་བ་དང་བཅས་པ་ཡང་བཤམ། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་རྣམས་འཚོག་པར་བྱ་ཞིང༌། ཐབ་ཁུང་གི་ཕྱིའི་མེ་རིའི་སྟེང་དུ། ཕུར་ཁུང་བཅུ་ཡང་དགོད་དོ། །གཉིས་པ་དངོས་གཞི་ནི། དེ་ནས་བདག་ཉིད་ཞི་བ་ལ། གོས་དང་རྒྱན་དཀར་པོས་བརྒྱན་ཅིང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་སོགས་ཞི་བར་འདོད་པའི་སེམས་དང༌། རྒྱས་པ་ལ་རྒྱན་གོས་སེར་པོས་བརྒྱན་ཅིང༌། ཆོས་དང་ལོངས་སྤྱོད་རྒྱས་པར་འདོད་པའི་བསམ་པས། འཇམ་ཞིང་འབོལ་བའི་སྟན་ལ། ཞི་བ་ལ་ཤར་དང༌། རྒྱས་པ་ལ་ཁ་བྱང་དུ་ཕྱོགས་པས་འདུག་སྟེ། དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་ན། སྒྲུབ་ཅིང་མཆོད་པ་རྣམས་ལེགས་པར་ཚར་ནས། ཕྱི་རོལ་པའི་གཏོར་མ་གཏོང༌། ནང་དུ་ཞུགས་ལ། ལྷག་ཆད་ཁ་བསྐང་བ་དང༌། སྒོ་དབྱེ་བ་དང༌། ལྷག་ཆད་ཁ་བསྐང་བ་ཡན་ཆད་རྫོགས་པར་བྱས་ནས། སྦྱིན་སྲེག་ལ་འཇུག་གོ །སྒྲུབ་མཆོད་དང་མ་འབྲེལ་ན་ཐབ་ཁུང་གི་དྲུང་ངམ། གནས་གཞན་དུའང་རུང་སྟེ། བདག་བསྐྱེད་ཚོགས་རྟེན་ནས་ཉེར་བསྡུའི་བར་བཟླས་པ་དང་བཅས་པ་རྫོགས་པར་བྱས་ལ། ཞི་བ་ལ་ཙོག་པུའམ། སྐྱིལ་ཀྲུང༌། རྒྱས་པ་ལ་བཟང་པོའི་འདུག་སྟངས་ཀྱིས་འཁོད་ལ། ཐོག་མར་བདག་ཉིད་ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་པའི་ངང་ལས་སྐད་ཅིག་གིས། བདག་ཉིད་རྡོ་རྗེ་འཆང་དུ་བསྐྱེད་པ་ནས། དེ་ཞེ་སྡང་རྡོ་རྗེར་བསྒྱུར་ལ། དེའི་ཕྲག་པ་ནས་རྐང་མཐིལ་གྱི་བར་ཐམས་ཅད། ཞི་བ་ལ་ཨོཾ་ལས་སྐྱེས་པའི་སེམས་དཔའི་རྡོ་རྗེ་དཀར་པོ་དང༌། རྒྱས་པ་ལ་སྭཱ་ལས་སྐྱེས་པའི་རྡོ་རྗེ་སེར་པོ་འོད་རབ་ཏུ་འབར་བ་ཅན་རྣམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་བསམས་ལ། དེ་རྣམས་ལས་དུས་མཐའི་མེ་དང་འདྲ་བའི་ཡི་གེ་ཧཱུྃ་མེའི་རང་བཞིན་ཅན་དཔག་ཏུ་མེད་པ་འཕྲོས་ཏེ། སྦྱིན་སྲེག་གི་སའི་ཆ་ལ་ཕོག་པས། སའི་ཉེས་པ་ཐམས་ཅད་བསྲེགས་ནས། ས་ཕྱོགས་བགེགས་དང་བྲལ་བར་བསམ་མོ། །དེ་ནས་རང་གི་སྙིང་གར་ཧཱུྃ་བསམས་པ་ལས། ཁྲོ་བོ་བཅུ་སྤྲོས་ནས། ཐབ་ཁུང་གི་ཕྱི་རོལ་གྱི་ཕྱོགས་བཅུར་འཁོད་པར་བསམས་ལ། དེ་ནས་འོག་གི་གནོད་མཛེས་ལ་བཀའ་བསྒོས་པས། དེས་བགེགས་བཀུག་པ་དང༌། བདུད་རྩི་འཁྱིལ་པས་ཕུར་བུ་གདབ་པ་རྣམས་སྒྲུབ་ཐབས་བཞིན་བྱས་ལ། དངོས་སུ་ཕུར་བུ་རྣམས་རང་ངམ་སློབ་མས་སྔར་གྱི་ཕུར་ཁུང་རྣམས་སུ་གདབ་ཅིང༌། ཐོ་བས་བརྡུང་བ་དང༌། མེ་དང༌། རྡོ་རྗེའི་རྭ་བ་དང༌། གུར་དང༌། ས་གཞི་རྣམས་ཀྱིས་བསྲུང་སྟེ། གནས་བསྲུང་བའོ། །དེ་ནས་ཐབ་ཀྱི་ཕྱིའི་བྲིས་པའི་གཞལ་ཡས་ཁང༌། བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་བསྐྱེད་ནས། རང་ལྷ་སྣམ་གྱི་སྟེང་དུ་ལྷའི་ང་རྒྱལ་གྱིས་གནས་པར་བསམ། དེ་ནས་ཀུ་ཤ་གཙང་མ། ལས་ཐམས་ཅད་པས་བསངས་ལ། ཐབ་ཀྱི་ཕྱོགས་མཚམས་བརྒྱད་དུ། གཡས་སྐོར་དུ། དང་པོའི་རྩ་བ་ཕྱི་མའི་རྩེ་མོས་ནོན་པ་དགྲམ་ཞིང༌། ཀུ་ཤ་འདི་ནི་བཟང་ཞིང་དགེ །ཚངས་པ་ཡི་ནི་དག་བྱེད་དེ། །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ས་ལས་སྐྱེས་པའི་སྙིང་པོ་མཆོག །འདིས་བདག་ལ་བགེགས་མེད་པར་མཛོད་ཅིག ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བིགྷྣཱཾ། ནཱ་ཤ་ཡ་ཧཱུྃ་ཕཊ། ཞེས་འཁྱིལ་པའི་སྔགས་བརྗོད་ཅིང་དགྲམ་མོ། །དེ་ནས་ཐབ་དང་ཡོ་བྱད་རྣམས་ལས་ཐམས་ཅད་པས་བསང༌། ཤཱུ་ནྱ་ཏཱས་སྦྱངས་ནས་སྟོང་པའི་ངང་ལས་ཞི་བ་ལ་ཨོཾ་དང༌། རྒྱས་པ་ལ་སྭཱ་བྲིས་པ་དང་རྗེས་སུ་མཐུན་ཞིང༌། མཚན་ཉིད་ཡོངས་སུ་རྫོགས་པའི་ཐབ་ཁུང་དང༌། མཆོད་རྫས་རྣམས་ཨ་ལས་ཐོད་པའི་ནང་དུ་ཧཱུྃ་ལས་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལས་སྒྲུབ་པའི་ནུས་པ་དང་ལྡན་པ་བསྐྱེད་ལ། ཨརྒྷཾ་སོགས་མཆོད་པའི་སྔགས་དང༌། ཨོཾ་ཨཱ་སྭཱ་ཧཱས་ཡམ་ཤིང་དང༌། ཨོཾ་ཤྲཱི་སྭཱཾ་ཧཱས་མར་དང༌། ཨོཾ་ཛྲཱིཾ་སྭཱ་ཧཱས་འབྲུ་རྣམས་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་ཐམས་ཅད་བྱིན་གྱིས་བརླབ་བོ། །དེ་ནས་ཤིང་ཁྲུ་གང་པ་རས་དཀར་པོས་དཀྲིས་ལ། ཞི་བ་ལ་བྲམ་ཟེའི་རྒྱུན་བཞག་གམ། རྒྱས་པ་ལ་རྒྱལ་པོའི་ཕོ་བྲང་ནས་བྱུང་བའི་མེ་བླངས་ལ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་པས་མེ་སྦར་ནས། བུད་ཤིང་བརྩིགས་པའི་མེ་མཚམས་སུ་བཞག་ལ། སྔགས་དེ་ཉིད་བརྗོད་ཅིང༌། མར་བླུགས་གཟར་གསུམ་གྱིས་མེ་གསོས་ཏེ། རླུང་གཡབ་ཀྱིས་གཡོབ་ཅིང་སྦར་རོ། །དེ་ནས་མེ་དེ་ཉིད་བསངས་ཤིང་སྦྱངས་ཏེ། སྟོང་པའི་ངང་ལས་ཧཱུྃ་ལས་དུས་མཐའི་མེ་དང་འདྲ་བའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་སུ། ཞི་བ་ལ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ཨོཾ་ཨཱཿརཾ་ཧཱུྃ་ཡོངས་སུ་གྱུར་པ་ལས། པཱ་ས་ཀ་ཞེས་བྱ་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞི་བའི་ཉམས་དང་ལྡན་པ་མི་བསྐྱོད་པའི་ཅོད་པན་ཅན། དཀར་སྔོ་དམར་བའི་ཞལ་གསུམ་དང་ལྡན་པ། ཕྱག་དྲུག་གི་གཡས་ན་འཁོར་ལོ། ཕྲེང་བ། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་ན་དྲིལ་བུ་དབྱུག་གུ། གུནྡྷེ་རྣམས་འཛིན་པ། རལ་པའི་ཐོར་ཅོག་ཅན། སྨ་ར་དང་ཨག་ཚོམ་འཕྱངས་པ། ཀྲྀཧྞ་སྭ་རའི་པགས་པའི་སྟོད་གཡོགས་ཅན། ཚངས་པའི་སྐུད་པ་དཀར་པོས་མཆོད་ཕྱིར་ཐོགས་བྱས་པ། སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་འབབ་པར་བསྐྱེད། རྒྱས་པ་ལ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་སེར་པོ་རིན་པོ་ཆེས་མཚན་པའི་སྟེང་དུ། ཨོཾ་ཨཱཿརཾ་ཧཱུྃ་ལས་མ་ཧེནྟྲ་ཞེས་བྱ་བའི་མེ་ལྷ་སྐུ་མདོག་སེར་པོ་རྒྱས་པའི་ཉམས་དང་ལྡན་པ། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན། སེར་ནག་དཀར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རིན་པོ་ཆེ་ཕྲེང་བ་མཆོག་སྦྱིན། གཡོན་དྲིལ་བུ་དབྱུག་གུ། གུནྡྷེ་རྣམས་འཛིན་པ། རལ་པའི་ཐོར་ཅོག་སོགས་སྔར་དང་འདྲ་བ་ལ་ཚངས་སྐུད་སེར་པོ་ཐོགས་ཤིང༌། སྐུ་ལས་བདུད་རྩི་སེར་པོའི་རྒྱུན་འབབ་པར་བསྐྱེད་ལ། གནས་གསུམ་བྱིན་གྱིས་བརླབས་ཏེ། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཀྱིས་ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ལག་པ་གཡོན་པས་གཡས་པའི་མཁྲིག་མའི་རྩ་བ་ནས་བཟུང༌། གཡས་པས་ཀུ་ཤ་དང་བཅས་པའི་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བཅས་ལ། མཐེ་བོང་བསྐྱོད་པས། མཐེ་བོང་གི་རྩེ་མོ་སྲིན་ལག་གི་རྩ་བར་འཛུགས་བཞིན་པའི་ཕྱག་རྒྱ་དང༌། ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཅེས་དང༌། ཨོཾ་ཨགྣ་ཡེ། ཨཱ་དཱི་བྱ་ཨཱ་དཱི་བྱ། ཨ་བྷེ་ཤ་ཨ་བྷེ་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ། བཱ་ཧ་ནཱ་ཡ་སྭཱ་ཧཱ་ཞེས་པའི་སྔགས་ལ། ཞི་བ་ལ་ཨོཾ་ཨཱཿཧཱུྃ། པཱ་ས་ཀ་ཨགྣ་ཡེ་ཡ་མཱནྟ་ཀྲྀ་ཏ་ཛཿ ཅེས་དང༌། རྒྱས་པ་ལ། ཨོཾ་ཨཱཿཧཱུྃ། མ་ཧེནྟྲ་ཨགྣ་ཡེ་ཡ་མཱནྟ་ཀྲྀ་ཏ་ཛཿ ཞེས་པས་སྤྱན་དྲངས་ཏེ། ཐབ་ཀྱི་མེ་མཚམས་སུ་བཞུགས་པར་བསམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ་ལ། ཀུ་ཤས་བསང་གཏོར་ནས་བླངས་ལ་གཏོར་ཞིང༌། སྔར་གྱི་འཁྱིལ་པའི་སྔགས་བརྗོད་པས་ཕྱི་འབྲང་གི་བགེགས་བསལ། མཆོད་ཡོན་དང་ཉེར་སྤྱོད་ལྔས་མཆོད་ལ། ཨོཾ་ཨཱཿཔྲཛྙཱནྟ་ཀྲྀ་ཏ་ཧཱུྃ། ཨོཾ་ཨཱཿཔདྨཱནྟ་ཀྲྀ་ཏ་བཾ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧོཿ ཞེས་པས་དམ་ཚིག་པ་ལ་དབྱེར་མེད་དུ་བསྟིམ། དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་ཛྭ་ལ་ཡ། སརྦ་བྷསྨིན་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ། དྲྀ་ཤྱ་ཧོ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཞེས་ལན་གསུམ་བརྗོད་པས་དམ་ལ་བཞག་གོ །དེ་ནས་ཞི་བ་ལ་བྱང་ཆུབ་ཁུ་ཚུར་དང༌། རྒྱས་པ་ལ་རིན་ཆེན་ཁུ་ཚུར་གྱིས་དགང་གཟར་དང་བླུགས་གཟར་བཟུང་སྟེ་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ལན་གསུམ་མེ་ལྷའི་ཞལ་དུ་ཕུལ་བར་བསམས་ལ། ཞི་བ་ལ་ཨོཾ་ཨཱཿཧཱུྃ། པཱ་ས་ཀ་ཨགྣ་ཡེ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་དང༌། རྒྱས་པ་ལ། ཨོཾ་ཨཱཿཧཱུྃ་མ་ཧེནྟྲ་ཨགྣ་ཡེ་མ་མ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པའི་རྗེས་ལ། ཨཱ་དཱི་བྱ་ཨཱ་དཱི་བྱ། ཨ་བྷི་ཤ་ཨ་བྷི་ཤ། མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས་མཆོད་ཡོན་ནས་རོལ་མོའི་བར་དང་ནང་བདུད་རྩིས་མཆོད་ལ། དྲིལ་བུ་དཀྲོལ་ཞིང༌། ཤེས་རབ་ཆེན་པོས་བདག་མེད་ཐུགས་ཆུད་ཅིང༌། །ཐུགས་རྗེ་ཆེན་པོས་འགྲོ་བ་ཀུན་སྒྲོལ་ཡང༌། །ཐབས་ལ་མཁས་པ་དྲང་སྲོང་ཆ་ལུགས་ནི། །འཛིན་བྱེད་མེ་ལྷ་ཁྱོད་ལ་ཕྱག་འཚལ་ལོ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྩོལ་བ། །བདག་གཞན་དོན་སྦྱོར་ས་ལ་བཞུགས། །ཚངས་སྲས་མཆོག་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། བསྲེག་རྫས་རྣམས་འབུལ་ཏེ། ཞི་བ་ལ། ཨོཾ་ཨཱཿཧཱུྃ། པཱ་ས་ཀ་ཨགྣ་ཡེ། ཞེས་པ་ཐམས་ཅད་ཀྱི་སྔོན་དུ་སྦྱར་ལ། ཨོཾ་བྷོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཞེས་སོ་སོའི་སྔགས་རྣམས་བརྗོད་པའི་མཐར། མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་སྦྱར་ལ་ཡམ་ཤིང་དབུལ། དེ་བཞིན་དུ། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར་དང༌། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱས་ཏིལ་དང༌། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཞོ་ཟན་དང༌། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱས་འབྲས་དང༌། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱས་སོ་བ་དང༌། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱས་ནས་དང༌། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱས་སྲན་མ་མ་ཤ་དང༌། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱས་གྲོ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱས་དཱུརྦ་དང༌། ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་སྭཱ་ཧཱས་ཀུ་ཤ་རྣམས་བདུན་ནམ། ཉེར་གཅིག་ཕུལ་ལ། སླར་ཡང་མར་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ལན་གསུམ་དབུལ་ཞིང༌། མཆོད་པ་དང་བསྟོད་པ་སྔར་བཞིན་བྱ། དེ་ནས་འཁྱིལ་པའི་སྔགས་ཀྱིས་མེ་ལ་བསང་གཏོར་བྱས་ལ། བཟེད་ཞལ་དུ་མཆོད་ཡོན་ཕུལ་བས། མེ་ལྷ་འབར་བའི་གཟུགས་སུ་གྱུར་པར་བསམས་ཏེ། འཇིག་རྟེན་པའི་མེ་ལྷ་མཆོད་པའི་ཆོ་གའོ། །དེ་ནས་མེ་དེ་བསང་སྦྱངས་ནས། སྟོང་པའི་ངང་ལས་མེའི་དབུས་སུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་བིགྷྣཱནྟ་ཀྲྀ་ཏ་ཡོངས་སུ་གྱུར་པ་ལས་བདུད་རྩི་ཐབ་སྦྱོར་སྐུ་མདོག་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་དང་ལྡན་པ། སྤྱན་གསུམ་སྡང་མིག་བགྲད་ཅིང༌། ཁྲོ་གཉེར་གཡོ་བ། ཞལ་མཆེ་བ་གཙིགས་ཤིང༌། ཧ་ཧར་བཞད་པ། ཕྱག་དྲུག་གི་གཡས་ན། སྣ་ཚོགས་རྡོ་རྗེ། རལ་གྲི། གཏུན་ཤིང་འཛིན་པ། གཡོན་ན་དྲིལ་བུ། དགྲ་སྟྭ། ཞགས་པ་བསྣམས་པ། གཡོན་བརྐྱང་གི་གནས་པས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། འབར་བའི་ཕྲེང་བའི་དབུས་ན། བགེགས་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པ་སྐད་ཅིག་གིས་བསྐྱེད་ལ། དེ་ལ་མར་གྱི་བྱོན་ཟན་གསུམ་དང༌། བསྲེག་རྫས་རྣམས་བརྒྱའམ་བདུན་ལ་སོགས་པ་ཅི་ནུས་པ་དབུལ་ཞིང༌། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་སརྦ་བིགྷྣཱནྣཱ་ཤཱ་ཡ་ཧཱུྃ་ཕཊ། ཅེས་བརྗོད་དོ། །དེ་ནས་ཧཱུྃ་ཞེས་བརྗོད་པས། བགེགས་མཐར་བྱེད་དབང་ལྡན་གྱི་ཐབ་ཀྱི་ཁ་ཁྱེར་ལ་འཁོད་ནས་བར་ཆད་བསྲུང་བར་བསམ་སྟེ་བགེགས་བཟློག་པའི་ཆོ་གའོ། །དེ་ནས་ཐབ་དང་ཡོ་བྱད་ཐམས་ཅད་བསངས་ལ། མེའི་དབུས་སུ་བྷྲཱུྃ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེར་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་ན་ལྷ་སོ་སོའི་སྔགས་བརྗོད་ཅིང༌། མེ་ཏོག་གིས་མཚོན་ནས་སྤྱན་དྲངས་ཏེ། ཐབ་ཏུ་དོར་བ་སོ་སོའི་གདན་ལ་བཞུགས་པར་བསམ། མདུན་བསྐྱེད་དང་མ་འབྲེལ་ན། སྔར་བསྐྱེད་པའི་གདན་གྱི་སྟེང་དུ་སོ་སོའི་ས་བོན་ལས། ཞི་བ་ལ་རྣམ་སྣང༌། རྒྱས་པ་ལ་རིན་འབྱུང་གཙོ་བོར་གྱུར་པའི་དཀྱིལ་འཁོར་བསྐྱེད་ལ། རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་པ་དང༌། པད་སྐོར་གྱི་ཕྱག་རྒྱ་བྱ་ཞིང༌། ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་ཨི་ཧི་བྷཀྵ་ས་མ་ཡེ་ན་ཙ་པཉྩ་ཨ་མྲྀ་ཏ། ཨརྒྷཾ་པྲ་ཏཱིཙྪ་སཾ་བྷུ་ཛཾ་པྲ་ས་དྷ་ཡཱ་མི། ཞེས་བརྗོད་པས། མདུན་དུ་བྱོན་པ་ལ། ཞི་བ་ལ་ཨོཾ་ཨཱཿཧཱུྃ་ཛི་ན་ཛིཀ་མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་དང༌། རྒྱས་པ་ལ་ཨོཾ་ཨཱཿཧཱུྃ་རཏྣ་དྷྲྀཀ་མ་མ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སོགས་ཀྱིས་སྔར་ལྟར་བྱོན་ཟན་ཕུལ་ལ་དམ་ཚིག་པ་ལ་བསྟིམ། དབུ་རྒྱན་རང་ཆས་ཅན་དུ་བསམ་མོ། །དེ་ནས་ཞི་བ་ལ་ལྷ་ཐམས་ཅད་འོད་དཀར་པོ་འཕྲོ་ཞིང་ཞི་བའི་ཉམས་དང་ལྡན་པ། སྐུ་ལས་བདུད་རྩིའི་རྒྱུན་དཀར་པོ་བབས་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་པ། ལྗགས་རྣམས་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ལྟེ་བར་ཧཱུྃ་གིས་མཚན་པར་བསམ། རྒྱས་པ་ལ་ལྷ་ཐམས་ཅད་འོད་སེར་པོར་འཕྲོ་ཞིང་རྒྱས་པའི་ཉམས་དང་ལྡན་པ། སྐུ་ལས་བདུད་རྩིའི་རྒྱུན་སེར་པོར་བབས་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་པ། ལྗགས་རྣམས་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སེར་པོ་ལྟེ་བ་ལ་ཧཱུྃ་གིས་མཚན་པར་བསམ། དེ་ནས། ཕྱི་དང་ནང་དང༌། གསང་བ་རྣམས་ཀྱིས་མཆོད། བསྟོད་པས་བསྟོད་ལ། ལྷ་སོ་སོའི་སྔགས་སྔོན་དུ་འགྲོ་བས་རེ་རེ་ཞིང་བསྲེག་རྫས་རྣམས་ཞི་བ་ལ་བརྒྱ། རྒྱས་པ་ལ་བརྒྱ་དང་བརྒྱད་དབུལ་བའམ། དེ་ཙམ་མ་གྲུབ་ན། གཙོ་བོ་ལ་གྲངས་ཚང་བ་དང༌། འཁོར་རྣམས་ལ་བདུན་ནམ། ཉི་ཤུ་རྩ་གཅིག་རེ་དབུལ། དེའི་བར་ལ་མེའི་མཚན་མ་བརྟག་སྟེ། འཇའ་དང་འདྲ་ཞིང་མདོག་སྡུག་དང༌། །བྱི་རུ་བཅག་པ་ལྟ་བུ་དང༌། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ། །ཞེས་སོགས་དགེ་བའི་མཚན་མ་དང༌། དེ་ལས་ལྡོག་ན་མི་དགེ་བའི་མཚན་མར་ཤེས་པར་བྱས་ལ། སྔར་བཞིན་བདུད་རྩི་ཐབ་སྦྱོར་གྱི་སྦྱིན་སྲེག་བྱས་ལ། བགེགས་སྦྱང༌། མཚན་མ་བཟང་ན་དེ་དག་མི་དགོས། དེ་ནས་སྔར་བཞིན་མཆོད་བསྟོད་བྱས་ལ་འདོད་པའི་དོན་ལ་གསོལ་བ་གདབ། ནོངས་པ་བཟོད་པར་གསོལ། ལྷ་དཀྱིལ་འཁོར་ནས་སྤྱན་དྲངས་པ་ཡིན་ན། སོ་སོའི་སྔགས་བརྗོད་ཅིང༌། མེ་ཏོག་གིས་མཚོན་ནས་སྤྱན་དྲངས་པས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ཏེ་སོ་སོའི་གདན་ལ་བཞུགས་པར་བསམ། དེ་ལྟར་མིན་ན། ལྷ་རྣམས་རང་གི་ལུས་དཀྱིལ་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་བསྡུའོ། །དེ་ནས་མེ་ལྷའི་སྔགས་ཀྱིས་སྲེག་བླུགས་གཅིག་ཕུལ་བས་མེ་ལྷ་འབར་བའི་རྣམ་པ་ལས། མེ་ལྷའི་རྣམ་པར་གྱུར་པར་བསམས་ལ། མཆོད་བསྟོད་བྱ། བསྲེག་རྫས་ལྷག་མ་རྣམས་བདུན་ནམ་ཉི་ཤུ་རྩ་གཅིག་རེ་ཕུལ་ལ། སྔར་བཞིན་མཆོད་ནས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་ཀྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པའམ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིངས། །རིག་སྔགས་གསུང་གི་བགྲང་འཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་གསོལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་ལ། དེ་ནས་གཏོར་མ་གཏོར་ཆོག་ལྟར་བྱིན་གྱིས་བརླབས་ཏེ། མེ་ལྷའི་སྔགས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། ཉེར་སྤྱོད་ལྔས་མཆོད་ནས། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱས་ལྷག་ཆད་ཁ་བསྐངས་ལ། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བྱིན་པ་ཟ་བ་གཤེགས། །ཅི་བཞིན་དུས་སུ་འདིར་བྱོན་ཞིང༌། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་བཛྲ་མུཿ ཞེས་པས་མེ་ལྷའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་བསྡུས་ལ། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་སྟེ། སྨོན་ལམ་དང་བཀྲ་ཤིས་ཅི་ནུས་སུ་བྱ། དེ་ནས་མེ་མ་ཤི་བར་དུ་མི་དཀྲུག མི་བརྡལ། མི་བསྒུལ་ལོ། །ལོང་མེད་ན། ཞི་བ་ལ་འོ་མ་དང༌། རྒྱས་པ་ལ་དྲི་སེར་པོས་མེ་གཞིལ་ལ་ཐལ་བ་དང་སོལ་བ་རྣམས་བསྡུས་ནས། ལས་ཐམས་ཅད་པའི་བུམ་པར་བླུགས་ལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ཏེ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དབང་དང་དྲག་པོའི་སྦྱིན་སྲེག་གི་ཆོ་ག་ནི་ལས་དང་པོ་པའི་རྣལ་འབྱོར་མཐར་མ་ཕྱིན་གྱི་བར་བྱེད་མི་རུང་བར་བཤད་པས་འདིར་མ་བྲིས་སོ། །སྔགས་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་པས། དཀྱིལ་འཁོར་གྱི་བསྙེན་པ་ཡོངས་སུ་རྫོགས་ནས། སྔགས་དང་འབྲེལ་བའི་སྦྱིན་སྲེག་ཁྲི་ཕྲག་གཅིག་གི་ལྷ་ཚིམ་པར་བྱ་དགོས་པར་བཤད་པས། དེའི་ཚུལ་ཡང་བསྙེན་པ་བྱ་བའི་གནས་དེ་ཉིད་དུ་ཞི་བའམ། རྒྱས་པའི་ཐབ་ཁུང་རྐྱང་པ་བྱས་ལ། དེའི་དྲུང་དུ་ཁ་བྱང་ངམ་ཤར་དུ་བལྟས་ལ། བསྲེག་རྫས་གཡས་དང༌། མཆོད་རྫས་གཡོན་དུ་བཞག རང་རྣམ་སྣང་ངམ། རིན་འབྱུང་གིས་གཙོ་བོ་བྱས་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཏིང་ངེ་འཛིན་གསུམ་ཚང་བར་བསྒོམས་ནས། མདུན་གྱི་བསྲེག་རྫས་དང༌། མཆོད་རྫས་རྣམས་བྱིན་གྱིས་བརླབ། ཐབ་ཁུང་བྷྲཱུྃ་ལས་གཞལ་ཡས་ཁང་དུ་བསྐྱེད། དེའི་ནང་དུ་ལྷག་མོས་ལྟར་ལྷ་སོ་གཉིས་རྫོགས་པར་བསྒོམས་ནས། ནམ་མཁའ་ལ་བཏེག དེ་ནས་མེ་བླངས་ནས་སྦར་ཏེ། མར་བྱུགས་ལ་མ་ཤི་བ་བྱ། དེར་སྔར་ནམ་མཁར་བཏེག་པ་དེ་ཕབ་ལ་བསྟོད་པ། ཕྱི་མཆོད་ནང་མཆོད་མཉེས་མཆོད་རྣམས་སྒྲུབ་ཐབས་ལྟར་བྱ། དེ་ནས་སྔར་ཞི་བའི་ཐབ་ཁུང་བྲིས་པ་ཡིན་ན། ལྷ་སོ་སོའི་སྔགས་ཀྱི་མཐར་རྫས་སོ་སོའི་སྔགས་དང་བདག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཨོཾ། ཞེས་པ་དང༌། རྒྱས་པའི་ཐབ་ཁུང་བྲིས་ན། རིམ་པ་གཉིས་ཀྱིས་རྟོགས་པ་དང༌། ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་བརྗོད། བསྡུ་ན་འབྲུ་གསུམ་གྱི་མཐར། ཞི་རྒྱས་ཀྱི་སྤེལ་ཚིག་བཅུག་པས་རུང་ངོ༌། །དེ་ལྟར་གསང་སྔགས་འབུམ་ཕྲག་རེ་ལ། སྦྱིན་སྲེག་ཁྲི་ཕྲག་རེ་རེ་བྱའོ། །མཐར་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བསྟོད། དངོས་གྲུབ་བླངས། ནོངས་པ་བཟོད་པར་གསོལ་ལ། ལྷ་རྣམས་རང་གི་ལུས་དཀྱིལ་ལ་བསྡུ། ཐབ་ལ་རས་གསར་པས་གཡོགས་ལ་སྦ། ནངས་པར་ཡང་ཆོ་ག་ལ་སྔར་བཞིན་འཇུག་གོ །ཡང་ན་སྦྱིན་སྲེག་དང་བཟླས་པ་དུས་མཉམ་དུ་ཚར་བར་བྱ་སྟེ། སྔགས་བཅུ་བཟླས་ཤིང༌། སྦྱིན་སྲེག་རེ་རེ་བྱས་པས་སྦྱིན་སྲེག་ཁྲི་སོང་ཙམ་ན་སྔགས་འབུམ་ཕྲག་གཅིག་ཐོན་པར་བྱའོ། །ཡང་ལེགས་གྲུབ་ཀྱི་རྒྱུད་ལས། ཉིན་བར་བཟླས་པ་དང༌། དེ་དུ་སོང་གི་བཅུ་ཆའི་སྦྱིན་སྲེག་མཚན་མོར་བྱེད་པར་བཤད་པས། ཇི་ལྟར་རིགས་པར་ཉམས་སུ་བླངས་པས། རང་གི་ལྷག་པའི་ལྷ་མཉེས་པར་འགྱུར་ཞིང༌། རྒྱུ་དེས་བསོད་ནམས་རྒྱས་ཤིང་ཉོན་མོངས་པ་ཞི་བར་འགྱུར་རོ། །མགོན་པོ་ཀླུ་སྒྲུབ་ཤིང་རྟའི་སྲོལ་འབྱེད་མཆོག །དཔལ་ལྡན་ཟླ་བ་གྲགས་པས་རྗེས་བཟུང་བ། །རབ་འཇིགས་རྡོ་རྗེའི་གཞུང་གི་རྗེས་འབྲངས་ནས། །མ་ནོར་སྦྱིན་སྲེག་ཆོ་ག་གསལ་བར་བྱས། །འདིར་འབད་དགེ་བ་འོད་གསལ་མེ་འོད་ཀྱིས། །ཁམས་གསུམ་འཁོར་བའི་བུད་ཤིང་ཀུན་བསྲེགས་ནས། །རྣམ་པར་མི་རྟོག་ཆོས་སྐུའི་ཐབ་ཁུང་དུ། །གཟུགས་སྐུ་ཡེ་ཤེས་སྣང་བ་འབར་གྱུར་ཅིག །དཔལ་གསང་བ་འདུས་པའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་རྒྱ་མཚོ་ཞེས་བྱ་བ་འདི་ནི། དཔལ་ལྡན་འདུས་པའི་རྒྱུད་འགྲེལ་ལ་ཐོས་བསམ་དོན་དུ་གཉེར་བའི་སློབ་མ་བཤེས་གཉེན་བཟང་པོས་བསྐུལ་ཞིང༌། ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པར་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སློབ་དཔོན་རབ་འཇིགས་རྡོ་རྗེའི་གཞུང་དང༌། འགྲེལ་ཆེན་སྒྲོན་མ་གསལ་བའི་སྦྱིན་སྲེག་གི་སྐབས་རྣམས་ལ་བརྟེན་ནས་མཛེས་བྱེད་ཀྱི་ལོ་མགོའི་ཡར་ཚེས་བདུན་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པར་གྱུར་ཅིག།  །། ༄༅། །འདིར་དཔལ་གསང་བ་འདུས་པའི་རབ་གནས་ཀྱི་ཆོ་ག་བཀྲ་ཤིས་རྒྱ་མཚོ་བཞུགས་སོ།།  ༈ །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་སྒོ་ནས་རྟེན་ལ་རབ་ཏུ་གནས་པ་བྱ་བའི་ཆོ་ག་བཀྲ་ཤིས་རྒྱ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དགེ་ལེགས་ས་གཞིར་ཚོགས་གཉིས་ས་བོན་བཏབ། །ཐབས་མཁས་སྙིང་རྗེའི་ཆུ་ཡིས་བརླན་པ་ལས། །སྐུ་གསུམ་སྙེ་མ་ཡོན་ཏན་ལོ་འདབ་རྒྱས། །སྐྱོབ་པ་དཔག་བསམ་ཤིང་ལ་གུས་བཏུད་ནས། །བསྟན་པ་རྒྱ་མཚོ་ཡུན་དུ་གནས་ཕྱིར་དང༌། །ཕན་བདེ་རྒྱ་མཚོས་སྐྱེ་དགུ་མ་ལུས་པའི། །བསོད་ནམས་རྒྱ་མཚོ་ཡང་དག་བསྐྱེད་ཕྱིར་དུ། །བཀྲ་ཤིས་རྒྱ་མཚོའི་རབ་གནས་བཤད་ཀྱི་ཉོན། །འདིར་དཔལ་གསང་བ་འདུས་པའི་རྣལ་འབྱོར་གྱི་སྒོ་ནས། །བདེ་བར་གཤེགས་པའི་རྟེན་ལ་རབ་ཏུ་གནས་པའི་ཆོ་ག་བྱེད་པར་འདོད་པས། རྟེན་གྱི་བྱ་བ་ཡོངས་རྫོགས་ནས། །སློབ་དཔོན་མཚན་ཉིད་གནས་དང་དུས། །ཡོ་བྱད་ཡོངས་སུ་ཚང་ནས་ནི། །ཆོ་ག་དག་ལ་འཇུག་པར་བྱ། །ཞེས་པ་ལྟར་དོན་དྲུག་ལས། དང་པོ་གང་ལ་རབ་ཏུ་གནས་པར་བྱ་བའི་རྟེན་ནི། སྐུ་གསུང་ཐུགས་ཀྱི་རྟེན་ལུགས་མ་དང༌། བྲིས་པ་དང༌། འབུར་དུ་བྱས་པ་ལ་སོགས་པ་མཚན་ཉིད་དང་ལྡན་པ་དང༌། གཙུག་ལག་ཁང་ལ་སོགས་པ་བཟོ་བོའི་བྱ་བ་རྣམས་མཐར་ཕྱིན་པའོ། །གཉིས་པ་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་ནི། དེ་ཉིད་བཅུ་ཤེས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ། བསྙེན་པ་ལས་སུ་རུང་ཞིང་ཆོ་ག་ལ་མཁས་པ། རྙེད་པ་དང་བཀུར་སྟི་ལ་མི་ལྟ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །གསུམ་པ་གང་དུ་རབ་ཏུ་གནས་པར་བྱ་བའི་གནས་ནི། བཀྲ་ཤིས་ཤིང་ཉམས་དགའ་བའི་གཙུག་ལག་ཁང་ལ་སོགས་པ་ཤིན་ཏུ་ཡངས་པའི་ས་ཕྱོགས་སོ། །བཞི་པ་ནམ་བྱ་བའི་དུས་ནི། ཚེས་དང་གཟའ་སྐར་ཁྱད་པར་ཅན་འཛོམ་པའི་ཡར་གྱི་ངོའམ། གཟའ་སྐར་ལྷག་པར་བཟང་ན་མར་གྱི་ངོ་ལ་ཡང་རུང་ཞིང༌། དཔྱིད་ཟླ་འབྲིང་པོ་སངས་རྒྱས་དབང་བསྐུར་བའི་དུས་དང༌། དགུན་ཟླ་འབྲིང་པོར་འཁོར་ལོས་སྒྱུར་རྒྱལ་གྱི་དུས་གཉིས་ནི། གཞན་ལས་ཁྱད་པར་དུ་འཕགས་པར་བཤད་དོ། །ལྔ་པ་ཡོ་བྱད་ནི། འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་ཅིང་གྱ་ནོམ་པ་རྣམས་བསག་གོ །དྲུག་པ་ཆོ་ག་ལ་དངོས་དང༌། དེའི་ཕན་ཡོན་གཉིས་ཀྱི། དང་པོ་ལ་རྒྱས་འབྲིང་བསྡུས་གསུམ་དུ་འབྱུང་བ་ལས། ཐོག་མར་རྒྱས་པའི་ཚུལ་བརྗོད་ན། དོན་གསུམ་སྟེ། སྟ་གོན་དང༌། དངོས་གཞི་དང༌། རྗེས་སོ། །དང་པོ་ནི། ལེགས་བཤམ་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱང་བཀྲུ་ཞིང་ཕྱི་བ་དང༌། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་དེ་དགུག་གཞུག་བྱ། །རྒྱས་གདབ་མཆོད་བསྟོད་གཏོར་མ་དང༌། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དགབ་བདག་བསྲུང་སྟ་གོན་ནོ། །ཞེས་པ་ལྟར་དོན་བཅུ་གསུམ་ལས། དང་པོ་ལེགས་པར་བཤམ་པ་ལ་གཉིས། དཀྱིལ་འཁོར་ལ་དགོས་པའི་ཡོ་བྱད་དང་རབ་གནས་ལ་དགོས་པའི་ཡོ་བྱད་བཤམ་པའོ། །དང་པོ་ནི། ཐོག་མར་རབ་གནས་བྱ་བའི་གནས་སུ། ས་སྦྱངས་པ་ནས་བརྩམས་ཏེ། བགེགས་ཉེ་བར་ཞི་བའི་བར་གྱིས་སའི་ཆོ་ག་རྒྱས་པར་བྱ། དེ་ནས་ཐོད་ལེ་ཀོར་གྱིས་ཐིག་གདབ་པ་ནས། ཚོན་དགྱེ་བའི་བར་གྱི་ཐིག་གདབ་པ་དང༌། སྟ་གོན་དང༌། ཚོན་བྱིན་གྱིས་བརླབ་ཅིང་བཀྱེ་བ་རྣམས་བྱས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མཚན་མ་དགོད་པ་དང་མཆོད་གཏོར་བཤམ་པ་ཡན་ཆད་དཀྱིལ་ཆོག་ལྟར་བྱའོ། །གཉིས་པ་ནི། རབ་ཏུ་གནས་བྱའི་རྟེན་སྟེགས་བུ་མཐོན་པོའི་སྟེང་དུ། ཤར་ལ་སོགས་པར་ཞལ་གཟིགས་པར་བྱས་ལ། དར་རམ་རས་ལ་སོགས་པས་གཡོགས་ཏེ། ལས་ཐམས་ཅད་པའི་སྔགས་བཟླས་པས་བསྲུང་ངོ༌། །དེའི་མདུན་དུ་ཁྲུས་སའི་སྟེགས་བུ་གྲུ་བཞི་པ། རྒྱར་ཁྲུ་བཞི། དཔངས་སུ་ཁྲུ་གཅིག་གམ་གཉིས་ཡོད་པ་བྱ། རྩིག་པ་མ་གྲུབ་ན་རྡུལ་ཚོན་སེར་པོས། ཁྲུ་བཞི་པའི་གྲུ་བཞི་པ་བྲིས་ཏེ། དེའི་དབུས་སུ་པདྨ་འདབ་བརྒྱད་བྲིས་ལ། དེར་དབུས་དང་ཕྱོགས་བཞིར་རིགས་ལྔའི་མཚན་མ་དང༌། མཚམས་བཞིར་ཡུམ་བཞིའི་མཚན་མ་འདྲི་བའམ། ཡང་ན་བླ་མ་དག་དབུས་སུ་རིན་པོ་ཆེ་ཆ་དགུ་པ། འདབ་མ་བརྒྱད་ལ་བཀྲ་ཤིས་རྫས་བརྒྱད་འདྲི་བ་མཛད་པས། དེ་ལྟར་བྱས་ཀྱང་རུང་ངོ༌། །དེའི་དབུས་སུ་མནྫི་ལ་སོགས་པའི་སྟེང་དུ། གསེར་དངུལ་ལམ་ཟངས་ཀྱི་ཁྲུས་གཞོང་བུ་ག་དང་བྲལ་པ་བཞག་ལ། དེར་སྔར་རབ་གནས་བྱས་པའི་རྟེན་ཆུང་ངུ་ཞིག་གམ། སངས་རྒྱས་ཀྱི་རིང་བསྲེལ་ལམ། རྡོ་རྗེ་ལ་སོགས་པ་བཞག དེ་དང་ཉེ་བར་མཎྜལ་ལམ། གྲོ་ག་ལ་གུར་གུམ་མམ་གི་ཝང་གིས་ཡི་གེ་གསུམ་དང༌། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཞེས་པ་དང༌། རྟེན་འབྲེལ་སྙིང་པོ་རྣམས་བྲིས་ལ་བཞག་གོ །འདབ་བརྒྱད་སོ་སོའི་སྟེང་དུ། མཚན་ཉིད་དང་ལྡན་པའི་བུམ་པ་བརྒྱད་དུ་དྲི་བཟང་པོའི་ཆུ་དང༌། འོག་ནས་བཤད་པ་ལྟར་སོ་སོའི་རྫས་ཀྱིས་བཀང༌། ཁ་རྒྱན་དང་མགུལ་ཆིངས་ལ་སོགས་ཀྱིས་བརྒྱན་པ་བཤམ། ཁྲུས་སྟེགས་དེའི་མདུན་དུ་དཱུར་བའི་པིར་དང༌། དྲིའི་ཏིལ་མར་རམ། མེད་ན་ཏིལ་མར་ལ་དྲི་བཟང་བཏབ་པ་དང༌། ནྱ་གྲོ་དྷ་ལ་སོགས་པའི་ཤིང་ཤུན་ལྔའམ། མ་འབྱོར་ན་སྲན་དཀར་གྱི་ཕྱེ་མ་དང༌། མེ་ལོང་དང༌། རས་དཀར་པོའི་སྐུ་ཕྱི་བ་དང༌། བགེགས་དང་དྲི་མ་སྦྱངས་པའི་ཡོ་བྱད་རྣམས་ཀྱང་བཤམ། ཁྲུས་སྟེགས་ཀྱི་གཡོན་ཕྱོགས་སུ་རབ་གནས་ཀྱི་ལྷ་ལ་མཆོད་པའི་མཎྜལ་གླིང་བཞི་རི་རབ་དང་བཅས་པ་བྲིས་ཏེ། དེའང་ཕྱོགས་རེ་རེ་ལ་ཆ་ལྔ་ལྔ་སྟེ་བཅུ་པར་བྱས་ལ། དབུས་ཀྱི་ཆ་གཉིས་ལ་པདྨ་འདབ་བརྒྱད་བྲི། ཕྱི་རོལ་གྱི་ཟུར་ནས་བསྐོར་ལ་ལྕགས་རི་བྱ། ཕྱོགས་བཞི་ནས་མཆོད་རྟེན་ལྟར་ཇེ་ཆུང་དུ་བཏང་ལ་རི་རབ་བང་རིམ་བཞི་པ། ཤར་དཀར། ལྷོ་སྔོ། ནུབ་དམར། བྱང་སེར་པོ། ཟུར་བཞིའི་རེ་མིག་རྣམས་སྔོན་པོར་བྱ། དེའི་ཕྱི་རོལ་དུ། ཤར་ཟླ་གམ། ལྷོ་སོག་ཀ ནུབ་ཟླུམ་པོ། བྱང་གྲུ་བཞི་སྟེ་གླིང་བཞི་དང༌། དེ་དག་གི་གཡས་གཡོན་དུ་གླིང་ཕྲན་གཉིས་གཉིས། དབྱིབས་སྔར་དང་འདྲ་བར་བྱས་ལ་བྲི། གླིང་ཕྲན་གྱི་ཁྱམས་གཡས་གཡོན་ལ། ཤར་དུ་དཔལ་བེའུ་འཁོར་ལོ། ལྷོར་པདྨ་རྒྱལ་མཚན། ནུབ་ཏུ་གདུགས་བུམ་པ། བྱང་དུ་དུང་དང་ཉ་བྲི་ཞིང༌། མཐའི་ལྕགས་རི་སྔོན་པོར་བྱའོ། །དབུས་ཀྱི་པདྨའི་སྟེང་དུ་རིན་པོ་ཆེ་བདུན་གྱི་གཟུགས་བཀོད། གཞན་ཡང་བླ་རེ་དང༌། དར་གྱི་ལྡ་ལྡིང་དང༌། རོལ་མོ་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་བསག་གོ །གཉིས་པ་བདག་བསྐྱེད་བྱ་བ་ནི། སློབ་དཔོན་དཔོན་སློབ་རྣམས་ཁྲུས་བྱས་ཏེ། དཀྱིལ་འཁོར་དང་ཉེ་བར་འདུག་ལ། སྔོན་འགྲོའི་གཏོར་མ་བཏང་བ་ནས་བརྩམས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་མཆོད་ཅིང་བརྟན་པར་བཞུགས་སུ་གསོལ་བ་དང༌། ཕྱི་རོལ་དུ་གཏོར་མ་བཏང་ནས་ཉེ་རེག་བྱ་བའི་བར་རྫོགས་པར་བྱས་ནས། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་དུ་ཞུགས་ལ་བསྐོར་བ་བྱ་ཞིང༌། ལྷག་ཆད་ཁ་བསྐང་བ། མེ་ཏོག་དབུལ་ཞིང་རང་གི་མགོ་ལ་བཅིང་བ། སྒོ་ཕྱེ་ཞིང་གསོལ་བ་གདབ་པ་ཡན་ཆད་དཀྱིལ་ཆོག་ཅི་ལྟ་བ་བཞིན་དུ་བྱ། དེ་ནས་བདག་འཇུག་བྱ་བའམ། སྟ་གོན་གྱི་སྐབས་འདིར་མ་གྲུབ་ཀྱང་འགལ་བ་མེད་དོ། །གསུམ་པ་འབུམ་བཟླས་ནི། དཀྱིལ་འཁོར་གྱི་བུམ་པ་རྣམས་ནི་སྔར་བཟླས་ཟིན་པས་འདིར་མི་དགོས་ལ། ཁྲུས་བུམ་བརྒྱད་ལ་གཟུངས་ཐག་བཏགས་ལ། ལས་བུམ་གྱི་ཆུས་གཏོར་ཞིང་བགེགས་མཐར་བྱེད་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། མཆུ་འཕྱངས་བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་སོ་སོའི་རྫས་རྣམས་ཀྱིས་ཡོངས་སུ་གང་བར་བསམས་ལ། དྲི་ལྔ་བླུགས་པའི་བུམ་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས། དེ་བཞིན་དུ་གནྡྷའི་གནས་སུ་སོ་སོའི་སྔགས་རྣམས་སྦྱར་ལ་བཟླས་ཏེ། མངར་གསུམ་གྱི་བུམ་པ་ལ། ཏྲི་མ་དྷུ་ར་དང༌། ཞོ་ལ། ད་དྷི་དང༌། འབྲས་བུ་ལ། ཕ་ལ་དང༌། འབྲུ་ལ། བྲཱུ་ཧི་དང༌། འབྲས་ཡོས་ལ། ལཱཛྫ་དང༌། སྨན་ལ། ཨོ་ཥ་དྷི་དང༌། རིན་པོ་ཆེའི་བུམ་པ་ལ། མ་ཎི་སྣཱ་ན་ཞེས་བྱས་ལ། བརྒྱ་རྩ་རེ་བཟླས། ཐུན་མོང་དུ་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་དང༌། ལས་ཐམས་ཅད་པའི་སྔགས་ཅི་ནུས་སུ་བཟླས་ལ། ནང་རྫས་རྣམས་ཞུ་བ་ལས་བྱུང་བའི་སོ་སོའི་བུམ་པ་རྟེན་གྱི་དྲི་མ་སྦྱང་བའི་ནུས་པ་དང་ལྡན་པར་བསམ་མོ། །བཞི་པ་རྟེན་སྦྱང་བ་ནི། ཐོག་མར་བགེགས་སྦྱང་བའི་ཕྱིར། ཅི་འབྱོར་པའི་གཏོར་མ་གསུམ་བཤམས་ལ། ཆུས་བྲན་ནས་ལན་གསུམ་དུ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། བདེ་བར་གཤེགས་པའི་རྟེན་ལ་རབ་ཏུ་གནས་པ་བྱེད་པ་ལ་མི་མཐུན་པར་བྱེད་པའི་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ཤིག ཅེས་ཞི་བས་སྦྱང་བ་དང༌། ཏིང་ལོ་དང༌། ཆང་བུ་རྟེན་ལ་བསྐོར་ཞིང་རྡོ་རྗེ་སོར། སུཾ་བྷ་ནི་བཟླས་པ་ལན་གསུམ་བྱས་ནས། སྔགས་ཀྱི་ཚིག་གི་རྗེས་ལ་གདོན་བགེགས་གང་ཡིན་པ་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་བརྒྱགས་ཀྱི་ཚུལ་དུ་ཁྱེར་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་བརྗོད་ལ་གཏོར་མ་ཕྱིར་དོར་བ་ཞི་དྲག་ཕྱེད་མས་སྦྱོང་བ་དང༌། དེ་ནས་རང་ཁྲོ་བོའི་ང་རྒྱལ་གྱིས་རྡོ་རྗེ་དྲིལ་བུ་དང༌། སྤོས་ཐོགས་ཏེ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་པས། ཧཱུྃ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེགས། །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་བརྗོད་པས་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་ཞེ་སྡང་རྡོ་རྗེ་ཁྲོ་བོ་བཅུས་བསྐོར་བའི་དཀྱིལ་འཁོར་ལ། ཁྲོ་བོའི་ཚོགས་གྲངས་མེད་པས་བསྐོར་བ་མདུན་དུ་སྤྱན་དྲངས་ལ། པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་གདན་དང༌། སོ་སོའི་སྔགས་ཀྱིས་མཆོད་ཡོན་སྔོན་དུ་འགྲོ་བས་ཉེར་སྤྱོད་ཕུལ་ལ། ཧཱུྃ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤང་ཞིང༌། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པའི། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པའི། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ། ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོ་སྟེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། དཔལ་མགོན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དེང་འདིར་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་ཏུ་གནས་པར་བྱེད་པ་ལ། བར་དུ་གཅོད་པར་བརྩམས་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ། ཞི་བའི་སེམས་དང་ལྡན་པས་ས་ཕྱོགས་འདིར་མ་གནས་པར་རང་རང་གི་གནས་སུ་སོང་ཤིག གལ་ཏེ་མི་འགྲོ་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་ཡེ་ཤེས་ཀྱི་མེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་བརྗོད་ལ། རྟེན་ལ་གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། མཚོན་ཆས་བསྡིགས། སྣ་ཚོགས་པའི་རོལ་མོ་དྲག་ཏུ་བྱ་ཞིང༌། ཁྲོ་བོ་བཅུའི་ཕྲེང་སྔགས་སོགས་དྲག་སྔགས་མང་དུ་བཟླས། སེམས་ཀྱིས་བགེགས་ཐམས་ཅད་ཕྱི་རོལ་དུ་བྲོས་པར་བསམ་པ་ནི་དྲག་པོའི་སྦྱང་བའོ། །དེ་ནས་སྡིག་པ་སྦྱང་བའི་ཕྱིར། རང་གི་མདུན་དུ་ཏིལ། གཡས་སུ་མེ། གཡོན་དུ་ཆུ་བཞག་ལ། བདག་དང་ཡོན་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་རྣམས་སྙིང་ག་ནས་ཡི་གེ་ཀཾ་ནག་པོའི་རྣམ་པར་འཐོན་ནས། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་མདུན་གྱི་ཏིལ་ལ་ཐིམ། དེ་གཡས་ཀྱི་ཡེ་ཤེས་ཀྱི་མེས་བསྲེག གཡོན་གྱི་རྒྱ་མཚོས་བཀྲུས་པར་བསམས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་སྭཱ་ཧཱ། ཞེས་སམ། ཡང་ན་བཤད་རྒྱུད་ནས་འབྱུང་བ་ལྟར། ཨོཾ་སརྦ་ཨ་པ་ར་ཎ་ཤུདྡྷ་སརྦ་པཱ་པཾ་བི་ཤོ་དྷ་ཡ་བཛྲ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་དོ། །ལྔ་པ་བཀྲུ་ཞིང་ཕྱི་བ་ནི། རྟེན་གསར་པ་ལ་ཁྲུས་བྱ་བའི་སྔོན་དུ། ཁྲུས་སྟེགས་ཀྱི་སྟེང་གི་རྟེན་དང་ཡིག་འབྲུ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང༌། ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཁྲུས་མཆོག་སོགས་དང༌། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། ཞེས་སོགས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད། དེ་དག་སྐུ་ལ་སོགས་ཀྱི་ཚིག་དང་སྔགས་ཀྱི་སྐུ་ཕྱིའོ། །དེ་ནས་ཆུ་དེ་ཁྲུས་བུམ་བརྒྱད་པོར་ཅུང་ཟད་རེ་བླུགས་ལ། ལུགས་མ་ལ་སོགས་པ་བཀྲུར་རུང་བ་རྣམས་རོལ་མོ་དང་བཅས་པས་ཁྲུས་སྟེགས་སུ་སྤྱན་དྲངས་ལ་དངོས་སུ་བཀྲུ། དེ་ལྟར་མི་རུང་བ་རྣམས་ལ་མེ་ལོང་གི་ནང་དུ་རྟེན་གྱི་གཟུགས་བརྙན་ཤར་བར་བྱས་ལ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང༌། །འགྲོ་བའི་ལུས་སེམས་སྡུག་བསྔལ་བསལ་སླད་དུ། །ཆུ་གཙང་སྨན་སྤོས་འདག་ཆལ་འདིས་བཀྲུས་པས། །བདག་ཅག་དམ་པའི་སྐུ་མཆོག་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་ཅིང༌། ཐོག་མར་དྲིའི་ཏིལ་མར་རམ། མེད་ན་ཏིལ་མར་ལ་དྲི་བཟང་བཏབ་པས་མེ་ལོང་ལ་བྱུག དེ་ནས་ཤུན་ལྤགས་ལྔའི་ཕྱེ་མའམ། མ་འབྱོར་ན་སྲན་དཀར་གྱི་འདག་ཆལ་གྱིས་མཉེས། དཱུརྦའི་པིར་གྱིས་དྲུད། ཆུ་གཙང་མས་ཀྱང་བཀྲུའོ། །དེ་ནས་དྲིའི་བུམ་པས་བཀྲུ་ཞིང༌། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་དོ། །དེ་ནས་རས་དཀར་པོ་ལ་གུར་གུམ་གྱི་ཆུས། དབུས་དང་ཕྱོགས་བཞིར། ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཿ ཞེས་བྲིས་པའམ། མ་འབྱོར་ན་དེ་དག་བརྗོད་བཞིན་དུ། ཐིག་ལེ་ལྔ་བྱས་ལ། དེ་རང་གི་ཕྲག་པ་གཡོན་པ་ལ་བསྐོན་ཏེ། དེས་དངོས་སུ་ཕྱི་བའམ། མེ་ལོང་གི་གཟུགས་བརྙན་ལ་ཕྱི་ཞིང༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱྀཿཨ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་དོ། །དེ་བཞིན་དུ་བུམ་པ་འོག་མ་རྣམས་ཀྱིས་བཀྲུ་བའི་ཚེ་ཡང༌། སྔོན་དུ་རྫས་གསུམ་གྱིས་བྱུགས་པ་དང༌། བར་དུ་རང་རང་གི་བུམ་པས་བཀྲུ་བ་དང༌། མཐར་སྐུ་ཕྱི་བ་རྣམས་ཐམས་ཅད་ལ་ཤེས་པར་བྱས་ལ་བྱའོ། །དེ་ནས་རྫས་གསུམ་གྱིས་སྔར་ལྟར་བྱུགས་ལ། མངར་གསུམ་གྱིས་བུམ་པས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་དང༌། ཏྲི་མ་དྷུ་སྣཱ་ན་སོགས་བརྗོད་ཅིང་སྐུ་ཕྱི། ཡང་བྱུག་ཅིང༌། ཞོའི་བུམ་པས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་དང༌། ད་དྷི་སྣཱ་ན་སོགས་ཀྱིས་བཀྲུ་ཞིང་ཕྱི། ཡང་བྱུག་ཅིང༌། འབྲས་བུ་སྣ་ཚོགས་ཀྱི་བུམ་པས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་དང༌། ཕ་ལ་སྣཱ་ན་སོགས་ཀྱིས་བཀྲུ་ཞིང་ཕྱི། ཡང་བྱུག་ཅིང༌། འབྲུ་སྣ་ཚོགས་ཀྱི་བུམ་པས། འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང༌། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་དང༌། བྲུ་ཧི་སྣཱ་ན་སོགས་ཀྱིས་བཀྲུ་ཞིང་ཕྱི། ཡང་བྱུག་ཅིང༌། འབྲས་ཡོས་ཀྱི་བུམ་པས། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་དང༌། ལཱཛྫ་སྣཱ་ན་སོགས་ཀྱིས་བཀྲུ་ཞིང་ཕྱི། ཡང་བྱུག་ཅིང༌། སྨན་གྱི་བུམ་པས། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེངས་དྲི་མ་སྦྱོང་མཛད་ཅིང༌། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་དང༌། ཨོཾ་ཥ་དྷི་སྣཱ་ན་སོགས་ཀྱིས་བཀྲུ་ཞིང་ཕྱི། དེ་ནས་རྫས་གསུམ་གྱིས་བྱུག་ཅིང༌། རིན་པོ་ཆེའི་བུམ་པས། འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་སྣཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བཀྲུ། དེ་དག་སྐུ་ལ་སོགས་བརྗོད་ཅིང་རས་ཀྱིས་ཕྱིའོ། །དེ་ནས་དྲི་ཡི་བུམ་པ་ཐོགས་ཏེ། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་མཛད་ཅིང༌། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་ཞིང༌། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་བརྗོད་ཅིང་བཀྲུའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བར་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིག །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་གིས་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ཡང༌། །གསུམ་གཙང་གཙང་མ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་གང་འབྱོར་ཅིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པའི་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུངས་པ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱི་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་གྱུར་ཅིག །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱིས་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་གྱུར་ཅིག །རྐང་བཞི་ཁྱེད་ཅག་བདེ་གྱུར་ཅིག །ཁྱེད་ཅག་ལམ་འགྲོར་བདེ་གྱུར་ཅིག །ཕྱིར་འོང་རྣམས་ཀྱང་བདེ་གྱུར་ཅིག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ལ་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་དྲིའི་བུམ་པས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་སོགས་དང༌། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །སོགས་སྔགས་དང་བཅས་པ་བརྗོད་ཅིང༌། དེ་དག་སྐུ་ལ་སོགས་ཞེས་སོགས་ཀྱིས་སྐུ་ཕྱིའོ། །དྲུག་པ་རྟེན་བསྐྱེད་པ་ནི། རྟེན་རྣམས་ལས་ཐམས་ཅད་པས་བསང༌། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའམ། ཁྲོ་བོ་ཡིན་ན་རཾ་ལས་ཉི་མའི་གདན་གྱི་སྟེང་དུ། རྟེན་ངོ་ཤེས་པ་རྣམས་རང་རང་གི་ས་བོན་དང་ཕྱག་མཚན་ལས་སོ་སོར་བསྐྱེད། མི་ཤེས་པ་རྣམས་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་རྡོ་རྗེ། དེ་ལས་རྡོ་རྗེ་འཆང་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་ན་རྡོ་རྗེ་འཁོར་ལོ་པདྨ། གཡོན་ན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། མཆོད་རྟེན་དང་ལྷ་ཁང་ནི་བྷྲཱུྃ་ལས་འཁོར་ལོ། དེ་ལས་རྣམ་སྣང་དུ་བསྐྱེད། དེ་ཞུ་བ་ལས་བྱུང་བའི་མཆོད་རྟེན་དང་ལྷ་ཁང་གི་ནང་དུ། ཆོ་ག་གསུམ་གྱིས་རིགས་ལྔ་བསྐྱེད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་གང་བར་བསྒོམ། པོ་སྟི་རྣམས་ནི་ཨཱཿདང་པདྨ་ལས་འོད་དཔག་མེད། རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་ཕྱག་མཚན་རྣམས་ནི་ཧཱུྃ་དང་རྡོ་རྗེ་ལས་མི་བསྐྱོད་པར་བསྐྱེད། ཁང་བཟང་དང༌། རྟ་བབས་དང༌། ལྗོན་ཤིང་དང༌། རྡོ་རིང་དང༌། ཆུ་མིག་དང་ཁྲོན་པ་རྣམས་ནི་བྷྲཱུྃ་དང་འཁོར་ལོ་ལས་རྣམ་པར་སྣང་མཛད་དུ་བསམ་མོ། །དེ་རྣམས་ཀྱི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་བསམས་ལ་བྱིན་གྱིས་བརླབ་བོ། །བདུན་པ་ཡེ་ཤེས་པ་སྤྱན་དྲངས་ཤིང་དགུག་པ་ལ་གསུམ། སྤྱན་དྲང་བ་དངོས། བགེགས་བསྐྲད་ཅིང་མཆོད་པ། དགུག་གཞུག་བྱ་བའོ། །དང་པོ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་ལ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་དང༌། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་བྱོན་ཚུལ་བྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་གནས་འདིར་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་ཕྱིར་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་དང༌། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད། གཉིས་པ་ནི། ཡེ་ཤེས་སེམས་དཔའི་ཕྱི་བཞིན་དུ་འབྲངས་ནས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་ཏུ་གནས་པར་བྱེད་པ་ལ། བར་དུ་གཅོད་པར་བྱེད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག ཅེས་བརྗོད་ལ་ལས་ཐམས་ཅད་པའི་སྔགས་བཟླས། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག་ཅིང་རོལ་མོ་དྲག་ཏུ་བྱའོ། །དེ་ནས། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཨོཾ་བཛྲ་ག་ག་ན་ས་མ་ཡ་ཧཱུྃ། ཞེས་པས་མཆོད་ཡོན་དང༌། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་གསོལ་ཞིང༌། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་པས་གདན་འབུལ། ལྷ་ལ་སོགས་པ་དྲི་ཡི་རྫས། །ཕྱོགས་རྣམས་ཀུན་ན་གང་ཡོད་པ། །ཚིམ་བྱེད་ཡིད་འོང་གང་ལྡན་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཞེས་པས་དྲི་དང༌། ཞིང་འདིའམ་རྒྱ་ཆེན་ཞིང་གཞན་ན། །ལྷ་རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་སྐྱེས་ཡིད་བྱུང་རྣམས། །ཐུབ་དབང་སྲས་དང་བཅས་ལ་འབུལ། །ཨོཾ་བཛྲ་པུཥྤེ། མེ་ཏོག་དང༌། ཕྱོགས་བཅུ་ཀུན་ནས་བདུག་སྤོས་ནི། །ལྷ་རྫས་སྤོས་ཀྱི་ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་གང་ཡོད་པ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བཛྲ་དྷཱུ་པེ། བདུག་སྤོས་དང༌། འཇིག་རྟེན་འདིའམ་ཕྱོགས་བཅུ་ཡི། །རིན་ཆེན་མར་མེ་ལ་སོགས་པ། །སྣང་བའི་ཁྱད་པར་གང་ཡོད་དེ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བཛྲ་ཨཱ་ལོ་ཀེ མར་མེ་དང༌། འཇིག་རྟེན་འདིའམ་ཕྱོགས་རྣམས་ན། །ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ཡིན་དེ། །ཐུབ་དབང་སྲས་དང་བཅས་ལ་འབུལ། །བཛྲ་ནེ་ཝི་དྱེ། ཞལ་ཟས་དང༌། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ། ཞེས་པས་རོལ་མོ་རྣམས་དབུལ་ལོ། །གསུམ་པ་ལ་གཉིས་ལས། དང་པོ་རང་འདྲའི་ཡེ་ཤེས་པ་དགུག་པ་ནི། དེ་ལྟར་མཆོད་པའི་ཡེ་ཤེས་པ་རྣམས། ཨོཾ་ཡ་མཱནྟ་ཀྲྀཏ་ཛཿ ཞེས་པས་དམ་ཚིག་པ་དང་ཉེ་བར་སྤྱན་དྲངས། ཨོཾ་པྲཛྙཱནྟྲ་ཀྲྀཏ་ཧཱུྃ། ཞེས་པས་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་ཞུགས། ཨོཾ་པདྨཱནྟ་ཀྲྀཏ་བཾ། ཞེས་པས་རོ་གཅིག་ཏུ་འདྲེས། ཨོཾ་བིགྷྣཱནྟ་ཀྲྀཏ་ཧོཿ ཞེས་པས་དམ་ཚིག་པ་རྣམས་ཡེ་ཤེས་པའི་ངོ་བོར་གྱུར་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿ ཞེས་ཡང་ཡང་བརྗོད་ཅིང་བསྟིམ་མོ། །གཉིས་པ་ནི། སླར་ཡང་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ལ། ཨོཾ་བཛྲ་ས་མཱ་ཛཿ ཞེས་དང༌། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ན། །ལྷ་མོས་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །ཆེ་གེ་མོ་ཡི་དོན་སླད་དུ། །བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །རྗེས་སུ་བརྩེ་བར་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབས་ཤིང༌། །འདི་ཉིད་དུ་ནི་བཞུགས་པའི་རིགས། །ཞེས་ལན་གསུམ་བརྗོད་ལ་སྔར་ལྟར་དགུག་གཞུག་བྱའོ། །བརྒྱད་པ་རྒྱས་གདབ་པ་ནི། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་བསམས་ལ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ཏེ། ཨརྒྷཾ་ལ་སོགས་པས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱི། ཇི་ལྟར་བལྟམས་པ་སོགས་དང༌། སྔགས་ཀྱིས་དབང་བསྐུར་བས། ལྷ་ཐམས་ཅད་ཀྱི་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པས། སོ་སོའི་རིགས་བདག་གིས་དབུར་བརྒྱན་པར་བསམ་ཞིང༌། ལྷ་ངོ་མི་ཤེས་པ་རྣམས་ལ་མི་བསྐྱོད་པའམ། རྡོ་རྗེ་སེམས་དཔས་རྒྱས་གདབ་བོ། །དགུ་པ་མཆོད་བསྟོད་བྱ་ཞིང་གཏོར་མ་བཏང་བ་ནི། མཆོད་པ་རྣམས་བསང་སྦྱངས། བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་སོ་སོའི་ཕྱག་རྒྱ་བཅས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་མཆོད་ཡོན་དབུལ། དེ་བཞིན་དུ་སྔགས་ཀྱི་ཐོག་མཐའ་རྣམས་འོག་མ་ཀུན་ལ་སྦྱར། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་སོ་སོར་བཞེས། །བཛྲ་པུཥྤེ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །བཛྲ་དྷཱུ་པེ། མུན་པའི་ཚོགས་ཀུན་འཇོམས་བྱེད་ཅིང༌། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་བདེ་བར་ནི་བཞེས་སུ་གསོལ། །བཛྲ་ཨཱ་ལོ་ཀེ ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །རང་བྱུང་ཉིད་ལ་འབུལ་བར་བགྱི། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །བཛྲ་གནྡྷེ། ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་དབྱིངས་ཡེ་ཤེས་མཉེས་ལ་འབུལ། །བཛྲ་ནི་ཝི་དྱེ། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་པ། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བརྙེས་འདི་བཞེས་ཤིག །ཤབྡ། ཅེས་དང༌། དྷརྨ་ར་ཎི་ཏའི་སྔགས་ཀྱིས་རོལ་མོ་དབུལ་ལོ། །དེ་ནས། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་སོགས་ཀྱི་དེ་ཉིད་ལྔ་པ་དང༌། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱེད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱི་ཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་བཞག་ནས། །ཞི་བ་རིན་ཆེན་གླིང་མཆོག་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་དེ་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ། གཏོར་མ་རྣམས་སྦྱངས་ཏེ། དང་པོ་དཀྱིལ་འཁོར་གྱི་ལྷ་དང༌། གཉིས་པ་ནག་པོ་ཆེན་པོ་དང༌། གསུམ་པ་གདོང་བཞི་པ་ལ་སོགས་པ་སྒོས་ཀྱི་ཆོས་སྐྱོང་གང་ཡིན་དང༌། བཞི་པ་འབྱུང་པོ་སྤྱི་རྣམས་ལ་ཕུལ་ཏེ། རྟེན་བྱིན་རླབས་ཆེ་བ་དང༌། ཡོན་བདག་བཀྲ་ཤིས་པའི་ཕྲིན་ལས་གཞོལ་ལོ། །དེ་ནས་སྦྱིན་སྲེག་བྱེད་ན། ཞི་བའམ་རྒྱས་པ་གང་རུང་བྱ་སྟེ། དེའང་འདས་པའི་མེ་ལྷ་མཆོད་པའི་སྐབས་སུ། རབ་ཏུ་གནས་པར་བྱ་བའི་ལྷ་ཐབ་ཏུ་སྤྱན་དྲངས་ལ། དེའི་སྔགས་ཀྱིས་བསྲེག་རྫས་འབུལ་བ་སོགས་ཆོ་ག་རྫོགས་པར་བྱའོ། །བཅུ་པ་སྙན་གསན་དབབ་ཅིང་མཆོད་བསྟོད་བྱ་བ་ནི། རབ་ཏུ་གནས་བྱའི་རྟེན་ལ་བཅུག་པའི་ཡེ་ཤེས་པ་རྣམས་ནང་པར་དངོས་གཞིའི་དུས་སུ་རྟེན་བྱིན་གྱིས་བརླབ་པའི་ཕྱིར། འབྱོན་པར་ཞུའོ་སྙམ་དུ་བསམས་ལ། སྤོས་དང་བཅས་པས་རྡོ་རྗེ་དྲིལ་བུ་འཛིན་པས། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་བདག་ཉིད་སྤྱན་དབྱེ་བ། །ཀུན་གྱིས་བྱིན་གྱིས་བརླབ་པའི་ཕྱིར། །བདག་ནི་རྡོ་རྗེ་ཆེ་གེ་མོས། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་པ་དག་གིས། །རབ་གནས་ནང་པར་བགྱིད་པར་འཚལ། །ཚོགས་པ་ཐམས་ཅད་རབ་གནས་པ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ལན་གསུམ་དང༌། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་ལ་རབ་ཏུ་གནས་པར་བགྱི་འཚལ་ན། བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་སང་ནང་པར་བྱོན་ཅིང༌། རྟེན་བྱིན་གྱིས་བརླབས་ཏེ། བདག་ལ་དངོས་གྲུབ་ཀྱི་མཆོག་སྩལ་དུ་གསོལ། ཞེས་བརྗོད་ལ་མཆོད་བསྟོད་བསྡུས་པ་ཅིག་བྱའོ། །བཅུ་གཅིག་པ་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། ཡི་གེ་བརྒྱ་པ་བརྗོད་ཅིང༌། མ་འབྱོར་བ་སོགས་ཀྱིས་ལྷག་ཆད་ཁ་བསྐང༌། རབ་ཏུ་གནས་པའི་རྟེན་ལ་ནོངས་པ་བཟོད་པར་གསོལ་ནས། ཧཱུྃ་བཛྲོ་ཏིཥྛ། ཅེས་པས་ཕྱག་རྒྱ་དང་བཅས་པས། རྟེན་གྱི་ཡེ་ཤེས་པ་ཕྱེ་ལ། མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམས་ནས་མཆོད་བསྟོད་བསྡུས་པ་ཅིག་བྱའོ། །ཁ་ཅིག་ཡེ་ཤེས་པ་བརྟན་བཞུགས་བྱེད་ཀྱི། ནམ་མཁར་མི་འདེགས་པ་མན་ངག་ཡིན་ཟེར་བ་ནི། སྙན་གསན་ཕབ་པའི་དགོས་པ་མ་ཤེས་པར་ཟད་དོ། །བཅུ་གཉིས་པ་རྟེན་དགབ་པ་ནི། ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ། ཞེས་པས་ན་བཟའ་སེར་པོས་རྟེན་རྣམས་མི་མངོན་པར་དགབ་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་ངོ༌། །བཅུ་གསུམ་པ་བདག་བསྲུང་བ་ནི། དེ་ལྟར་རབ་གནས་ཀྱི་སྟ་གོན་ཟིན་པ་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ། དངོས་གྲུབ་བླང་ཞིང་ནོངས་པ་བཟོད་པར་གསོལ་ནས། ཡེ་ཤེས་པ་རྣམས་བརྟན་བཞུགས་བྱས་ལ། རང་གི་གནས་གསུམ་དུ་ཡི་གེ་གསུམ་བཀོད་པས་བསྲུང་བར་བྱའོ། །དེ་ནས་སང་ཉེ་བར་མཁོ་བའི་མཆོད་པ་བཤམ་པ་ལ་སོགས་པ་རྣམས་བྱས་ལ། ཉལ་བའི་རྣལ་འབྱོར་གྱིས་བདེ་བར་ཉལ་ཏེ། སྟ་གོན་གྱི་ཆོ་གའོ། །གཉིས་པ་དངོས་གཞི་ལ། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱང་བཀྲུ་ཞིང་ཕྱི་བ་དང༌། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང༌། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་པ་ལྟར་དོན་བཅུ་གསུམ་ལས། དང་པོ་བདག་བསྐྱེད་ནི། སང་ཐོ་རངས་སྔ་བར་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། གོས་སེར་པོ་གྱོན་ལ་སྟན་ལ་འདུག་སྟེ། སྔོན་འགྲོའི་གཏོར་མ་བཏང་བ་ནས། སྒོ་དབྱེ་ཞིང་གསོལ་བ་གདབ་པའི་བར་དཀྱིལ་ཆོག་ལྟར་རྫོགས་པར་བྱ། རྟེན་ལ་དབང་བསྐུར་དགོས་པས། རང་གིས་བདག་འཇུག་བླང་ཞིང་གསོལ་བ་གདབ་པ་རྣམས་བྱའོ། །གཉིས་པ་རྟེན་སྦྱང་བ་དང༌། གསུམ་པ་བཀྲུ་ཞིང་ཕྱི་བ་ནི། སྟ་གོན་ལྟར་ཉམས་སུ་བླངས་ལ། བཞི་པ་རིང་བསྲེལ་གཞུག་པ་ནི། སྐུ་གཟུགས་རྣམས་ཀྱི་དབུའི་རྒྱབ་ཕྱོགས་སུ་བུག་པ་ཡོད་ན། སངས་རྒྱས་ཀྱི་རིང་བསྲེལ་ལམ། རིག་སྔགས་ཆེན་མོ་དང༌། རྟེན་འབྲེལ་སྙིང་པོ་དང༌། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །སེམས་ཀྱི་སྡོམ་པ་ལེགས་པས་ན། །ཐམས་ཅད་དུའང་སྡོམ་པ་ལེགས། །ཞེས་པའི་སོ་སོ་ཐར་པ་རྣམས་གཞུག བུ་ག་མེད་པའམ། མཆོད་རྟེན་དང་སྐུ་གཟུགས་སྔར་བཅུག་ཟིན་པ་ཡིན་ན། རིང་བསྲེལ་མི་དགོས་ལ། གཟུངས་དང་སོ་སོར་ཐར་པ་བྲིས་ལ་དབུའམ་བྲེ་ལ་གདགས་སོ། །ལྔ་པ་གསོལ་བ་གདབ་པ་ནི། དཔོན་སློབ་རྣམས་ལངས་ལ། ལག་ཏུ་མེ་ཏོག་དང༌། རོལ་མོ་རྣམས་ཐོགས་ནས། ཡོན་ཏན་དྲན་པའི་སྒོ་ནས། གང་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་རྒྱུ་དང་འབྲས་བུའི་དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པ་མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ལྡན་པ་དེའི་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང༌། བདེ་བར་གཤེགས་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་ཡང་དག་པར་ལྡན་པ་དང༌། ཆོ་འཕྲུལ་གསུམ་དང༌། ཏིང་ངེ་འཛིན་གསུམ་དང༌། བསླབ་པ་གསུམ་དང༌། ཚངས་པའི་གནས་བཞི་དང༌། བསམ་གཏན་བཞི་དང༌། འཕགས་པའི་བདེན་པ་བཞི་དང་ཡང་དག་པར་ལྡན་པས་དེ་དེའི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང༌། ཤེས་བྱའི་ཡུལ་ཐམས་ཅད་བརྙེས་པས་ཉོན་མོངས་པ་མ་ལུས་པ་ལ་སོགས་པ་རྣམ་པར་སྤོང་བ་དང༌། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡང་དག་པར་མཛེས་པ་དང༌། སྐྱེས་བུ་སྐུ་བལྟ་བས་ཆོག་མི་ཤེས་པ་དང༌། མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་གཟུགས་སྐུའི་འབྱོར་པ་མཐར་ཐུག་པ་འགྲོ་བ་མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །ཞེས་བརྗོད་ཅིང༌། རབ་ཏུ་གནས་པར་བགྱིའོ། །ཞེས་པའི་སྐབས་སུ་ཐམས་ཅད་ཀྱིས་ཚིག་མཐུན་པར་བརྗོད་ལ། རྟེན་ལ་མེ་ཏོག་གི་ཆར་དབབ། སྤོས་ཀྱིས་བདུག་རོལ་མོ་དབུལ་ཞིང༌། ཨོཾ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང༌། རབ་ཏུ་གནས་བྱའི་ལྷ་གང་ཡིན་གྱི་སྔགས་དང༌། རང་གི་ཡི་དམ་གྱི་སྔགས་བཟླ་བ་རྣམས་ནི་སྡེ་ཚན་རེ་རེའི་མཐར་བྱའོ། །རྗེས་དྲན་བཞི་པོ་འདི། བླ་མ་དག་གིས་ལན་གསུམ་རེ་མཛད་པར་སྣང་ལ། གཞན་དག་ལན་ཅིག་ལས་མ་བཤད་ཟེར་ནའང༌། གཅིག་དང་གསུམ་དུ་བྱེད་པ་གང་ཡིན་མི་གསལ་ཞིང༌། སེམས་བསྐྱེད་ཀྱི་ཚིག་ཐམས་ཅད་ལན་གསུམ་རེ་འདོན་པ་གཞུང་དུ་མ་ནས་འབྱུང་ལ། འདིར་སེམས་བསྐྱེད་ཀྱི་ཚིག་ཏུ་སློབ་དཔོན་ཞི་བ་སྙིང་པོས་བཤད་པས་ལན་གསུམ་དུ་བྱས་པ་འཐད་པ་ཡིན་ནོ། །དེ་ནས་སྟན་ལ་འདུག་ནས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཅུང་ཟད་བསྒོམས་ལ། འདི་སྐད་བརྗོད་དེ། ངོ་མཚར་ཆེན་པོ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱི་པས་དེའི་མཐུས་བདག་གིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ངོ༌། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ཀྱིས་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་བསལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་གྱི་རི་བོ་བསྙིལ་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་ལྗོན་ཤིང་རྩད་ནས་གཅོད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་ཕྱིར་རྒོལ་བ་དང་ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་བསྐམ་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བཟོད་པ་དང་དེས་པ་ལ་བཙུད་དོ། །བསམ་གཏན་གྱི་བདེ་བ་ལས་རྩེར་སྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་གཞིལ་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་རྣམས་གཞོམ་པར་བགྱིའོ། །བདེ་བ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་ཐམས་ཅད་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩོལ་ཞིང་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཚོགས་པ་ཐམས་ཅད་ཀྱིས་ཀྱང་གནང་བར་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་གཏོར། དྲུག་པ་རྟེན་བསྐྱེད་པ་ནི། སྟ་གོན་གྱི་སྐབས་སུ་ཇི་ལྟར་བཤད་པ་ལྟར་རོ། །བདུན་པ་ཡེ་ཤེས་པ་སྤྱན་དྲངས་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། ནམ་མཁར་གནས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་བསྡུ་བའི་སྔགས་རྒྱ་དང༌། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ནས། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཞེས་སོགས་ཀྱིས་སྤྱན་དྲངས་པ་དང་ཕྱི་འབྲང་གི་བགེགས་བསལ་བ་བྱོན་ལེགས་བྱ་བ། གདན་དང་མཆོད་པ་འབུལ་བ་རྣམས་སྟ་གོན་དང་འདྲ་བར་བྱས་ལ། རང་འདྲའི་ཡེ་ཤེས་པ་ནམ་མཁར་གནས་པ་དེ། རྟེན་ལ་དགུག་གཞུག་ཡང་ཡང་བྱ་ཞིང༌། སངས་རྒྱས་ཀྱི་ཁམས་དཔག་ཏུ་མེད་པ་སྤྱན་དྲངས་པ་སྔར་བཞིན་བྱའོ། །བརྒྱད་པ་རྒྱས་གདབ་པ་ནི། གནས་གསུམ་དུ་ཡི་གེ་གསུམ་དང༌། ཕྱག་མཚན་གསུམ་བསྒོམས་པ་སྔར་བཞིན་ནོ། །དགུ་པ་དབང་བསྐུར་བ་ནི། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། བླ་མ་དང་གཉིས་སུ་མེད་པའི་དཔལ་གསང་བ་འདུས་པ་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ལ་རྡོ་རྗེ་མ་ལྔས་མཆོད་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ཀྱིས་དབང་བསྐུར་བར་གསོལ་བ་བཏབ་པས། ནམ་མཁའི་དཀྱིལ་འཁོར་གྱི་རྟེན་ལ་དབང་བསྐུར་བར་བསམས་ལ། རིག་པའི་དབང་དྲུག རྡོ་རྗེ་སློབ་དཔོན་གྱི་དབང་ཆེ་ཆུང་གཉིས་དང་བཅས་པ་དཀྱིལ་ཆོག་བཞིན་རྒྱས་པར་བསྐུར་ལ། དེའི་ཚེ་བུམ་ཆུ་རྣམས་ཀྱིས་རྟེན་ལ་དངོས་སུ་གཏོར་བའམ། མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ལ་ཆུ་དབང་རྒྱས་པར་བསྐུར། དབུ་རྒྱན་དང་ཅོད་པཎ་མགོ་ལ་བཅིང་བའམ། བྲིས་སྐུ་སོགས་ཡིན་ན་འཆིང་བའི་ཚུལ་བྱ། རྡོ་རྗེ་དང་དྲིལ་བུ་མེ་ལོང་རྣམས་ཕྱག་ཏུ་གཏད་པར་བསམས་ལ། མདུན་དུ་བཞག་པ་སོགས་སློབ་མ་ལ་དབང་བསྐུར་བ་ལྟར་བྱའོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་གྱི་གཙོ་བོའི་བྱང་ཆུབ་ཀྱི་སེམས་རྟེན་གྱི་ལྕེ་ལ་བཞག་པ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་གཏད་པས་ཟུང་འཇུག་གི་ཡེ་ཤེས་སྐྱེས་པར་བསམས་ལ། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། དབང་བཞི་པ་རྣམས་དཀྱིལ་ཆོག་བཞིན་དུ་བསྐུར་རོ། །དེ་ལྟར་དབང་བཞི་བསྐུར་བས་དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའམ། རྡོ་རྗེ་སེམས་དཔས་དབུར་བརྒྱན་པར་བསམ་མོ། །བཅུ་པ་མཆོད་ཅིང་བསྟོད་པ་ནི། སྔར་སྟ་གོན་གྱི་སྐབས་ལྟར། མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ལ། མཆོད་ཡོན་སྔོན་དུ་འགྲོ་བས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །དེ་ཉིད་ལྔ་པ་སོགས་ཀྱིས་བསྟོད་དོ། །ཁ་ཅིག་སྤྱན་དབྱེ་མ་བྱས་པར་མཆོད་བསྟོད་ལ་མི་དབང་བས་འདིར་མཆོད་བསྟོད་མི་བྱེད་པ་མན་ངག་ཡིན་ཟེར་བ་ནི་མུན་སྤྲུལ་དུ་ཟད་དེ། དེ་ལྟར་ན་སྟ་གོན་གྱི་སྐབས་སུ་རྟེན་རྣམས་ལྷ་སོ་སོར་བསྐྱེད་པ་ལ། མཆོད་བསྟོད་རྒྱས་པར་བཤད་པ་དེའང་མི་འཐད་པར་གྱུར་ཏེ། དེར་སྤྱན་དབྱེ་བ་མ་བཤད་པའི་ཕྱིར་རོ། །བཅུ་གཅིག་པ་སྤྱན་དབྱེ་བ་ནི། གསེར་དྲུག་ནམ་ལས་མི་ཆུང་བའི་ཐུར་མས། དངུལ་གྱི་ཀོང་བུར་བཞག་པའི་མར་དང་སྦྲང་རྩི་བླངས་པའམ། མ་འབྱོར་ན་ཐུར་མ་དེས་དཀྱིལ་འཁོར་གྱི་རྡུལ་ཚོན་ཕྲ་མོ་གཅིག་བླངས་ལ་སྤྱན་གྱི་ཐད་དུ་བྱུག་ཅིང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ། ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་པས་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང༌། སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ་མོ། །བཅུ་གཉིས་པ་གསོལ་བ་གདབ་པ་ནི། རྟེན་དེ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་སྔགས་ཙམ་གྱིས་དབུལ། དེ་ཉིད་ལྔ་པས་བསྟོད་ལ། སྔར་གྱི་རྡོ་རྗེ་འཆང་ཞུ་བ་ལས་བྱུང་བའི་རྟེན་སོ་སོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམ་མོ། །དེ་བཞིན་དུ་པོསྟི་ནི། འོད་དཔག་མེད་ཞུ་བ་ལས་ལུང་དང་རྟོགས་པའི་ཆོས་དཀོན་མཆོག་དབྱངས་དང༌། གསལ་བྱེད་ཀྱི་ཡི་གེའི་རྣམ་པ་གླེགས་བམ་གྱི་གཟུགས་སུ་གྱུར་པར་བལྟ། ཕྱག་མཚན་རྣམས་ནི་མི་བསྐྱོད་པ་ཞུ་བ་ལས་ཕྱག་མཚན་སོ་སོའི་དབྱིབས་དང་ཁ་དོག་ཅི་ལྟ་བ་བཞིན་དུ་བསམ། ཁང་བཟང་དང་རྟ་བབས་སོགས་ནི་རྣམ་པར་སྣང་མཛད་ཞུ་བ་ལས་ལྷ་རྫས་ལས་གྲུབ་པའི་ཁང་བཟང་སོགས་རང་རང་གི་རྣམ་པ་ཅི་ལྟ་བ་བཞིན་བསམ་མོ། །དེ་དག་བརྟན་པར་བྱ་བའི་ཕྱིར་དུ་དཔོན་སློབ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་ས་དང་ཆུ་དང་མེ་དང་རླུང་གིས་གནོད་པས་མ་ཞིག་གི་བར་དུ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོ་དབུལ། རྟེན་འབྲེལ་སྙིང་པོ་བཟླས་སོ། །དེ་ལྟར་ལན་གསུམ་དུ་བྱས་པའི་རྗེས་སུ། རྒྱལ་བ་རྣམ་པར་སྣང་མཛད་མི་བསྐྱོད་པ། །རིན་ཆེན་དབང་པོ་སྣང་བ་མཐའ་ཡས་དཔལ། །དོན་གྲུབ་ལ་སོགས་ཕྱོགས་བཅུའི་སངས་རྒྱས་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །ཟག་མེད་བདེ་བའི་དབང་ཕྱུག་བདེ་གཤེགས་ཡུམ། །སྤྱན་མ་མཱ་མ་ཀཱི་དང་གོས་དཀར་མོ། །སྒྲོལ་མ་ལ་སོགས་རིགས་ཀྱི་ལྷ་མོ་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །བྱམས་པ་ས་སྙིང་ཕྱག་རྡོར་ནམ་སྙིང་པོ། །འཇམ་དབྱངས་འཇིག་རྟེན་དབང་ཕྱུག་ཀུན་ཏུ་བཟང༌། །སྒྲིབ་སེལ་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །མ་ལུས་རྒྱལ་བ་མཆོད་པས་མཉེས་བྱེད་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་རྡོ་རྗེ་དང༌། །ཆོས་དབྱིངས་རྡོ་རྗེ་མ་སོགས་སེམས་མ་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །གཤིན་རྗེ་གཤེད་དང་ཤེས་རབ་པད་མཐར་བྱེད། །བགེགས་དགྲ་མི་གཡོ་འདོད་རྒྱལ་དབྱུག་སྔོན་ཅན། །སྟོབས་ཆེན་གཙུག་ཏོར་ཅན་དང་གནོད་མཛེས་རྣམས། །སྐུ་གཟུགས་འདི་ལ་བརྟན་པར་བཞུགས་སུ་གསོལ། །སྟོབས་བཅུའི་དབང་ཕྱུག་རྒྱལ་བ་སྲས་བཅས་རྣམས། །དགེ་ལེགས་ཀུན་གྱི་འབྱུང་གནས་རྟེན་འདི་ལ། །འགྲོ་བའི་དོན་དུ་མི་འབྲལ་བརྟན་བཞུགས་ནས། །སྦྱིན་བདག་དགེ་ཞིང་ཤིས་པར་མཛད་དུ་གསོལ། །ཇི་སྲིད་ས་སོགས་འབྱུང་བ་ཆེན་པོ་བཞིས། །སྐུ་གཟུགས་གནོད་པར་མ་གྱུར་དེ་སྲིད་དུ། །ཐུགས་རྗེ་ཆེན་ལྡན་མགོན་པོ་བཅོམ་ལྡན་རྣམས། །བརྟན་པར་བཞུགས་ནས་བཀྲ་ཤིས་མཛད་དུ་གསོལ། །ཞེས་སོགས་ཀྱིས་ཚིག་གི་བརྟན་བཞུགས་བྱ་ཞིང༌། རོལ་མོ་དང་བཅས་པས་རྟེན་གྱི་གནས་གསུམ་དུ་རྡོ་རྗེ་རེག་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པར་བསམ་མོ། །རྟེན་ལ་མེ་ཏོག་འཐོར་བའི་དངོས་གཞི་འདི་ཡིན་པས། རྗེས་དྲན་བཞིའི་སྐབས་དང༌། སྔགས་ཀྱིས་མངའ་དབུལ་ལ་དངོས་གཞི་བྱེད་པ་རྣམས་ནི་མ་ཤེས་པ་ཡིན་ནོ། །བཅུ་གསུམ་པ་མངའ་དབུལ་རྒྱས་པར་བྱ་བ་ལ་བཞི་ལས། དང་པོ་མཆོད་བསྟོད་རྒྱས་པས་མངའ་དབུལ་བ་ནི། རྟེན་གསར་པའི་མདུན་དུ་ཅི་འབྱོར་བའི་མཆོད་པ་བཤམ། དེ་དག་བསང་སྦྱངས་བྱིན་གྱིས་བརླབས། དཔག་ཏུ་མེད་པར་སྤྲུལ་ལ་དབྱངས་དང་བཅས་པའམ། མེད་ཀྱང་རུང་སྟེ། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་མཆོད་ཡོན་ཇི་སྙེད་ཡོད་པ་ཀུན། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ཞེས་དང༌། པད་སྐོར་སྔོན་དུ་འགྲོ་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཕྱག་རྒྱ་དང་བཅས་པས་མཆོད་ཡོན་དབུལ། དེ་བཞིན་དུ་ཚིགས་བཅད་ཀྱི་མཆོད་ཡོན་དང༌། སྔགས་ཀྱི་ཨརྒྷཾ་རྣམས་ཀྱི་གནས་སུ། ལྷ་རྫས་མེ་ཏོག་དང༌། པུཥྤཾ། བདུག་སྤོས་དང༌། དྷཱུ་པཾ། སྣང་གསལ་དང༌། དཱི་པཾ། དྲི་མཆོག་དང༌། གནྡྷེ། ཞལ་ཟས་དང༌། ནཻ་ཝི་དྱེ། སིལ་སྙན་དང༌། ཤཔྟ། ཅེས་པ་རྣམས་བཅུག་ཅིང༌། གཞན་རྣམས་སྔར་དང་འདྲ་བར་སྦྱར་ལ། དྷརྨ་ར་ཎི་ཏའི་སྔགས་ཀྱིས་རོལ་མོ་རྒྱ་ཆེར་དབུལ་ལོ། །དེ་ནས་རང་གི་སྙིང་ག་ནས་རྡོ་རྗེ་མ་ལྔ་སྤྲོས་ལ། དེས་མཆོད་པར་བསམས་ཏེ། སྣ་ཚོགས་རིན་ཆེན་རྒྱན་གྱིས་རབ་མཛེས་པ། །སྟོན་ཟླའི་མདོག་ཅན་གཟུགས་ཀྱི་རྡོ་རྗེ་མ། །ནམ་མཁའ་གང་བར་སེམས་ཀྱི་མངོན་སྤྲུལ་ནས། །རྒྱལ་བ་སྲས་བཅས་གཟུགས་ཀྱི་བདེ་བས་མཆོད། །ཨོཾ་ཨཱཿརཱུ་པ་བཛྲཱི་ཧཱུྃ། ཞེས་པས་གཟུགས་དང༌། དེ་བཞིན་དུ་ཚིག་རྐང་དང་པོ་དང་གསུམ་པ་འདྲ་བར་སྦྱར་ལ། སྣ་ཚོགས་རིན་ཆེན་རྒྱན་གྱིས་རབ་མཛེས་པ། །དབང་སྔོན་མདོག་ཅན་སྒྲ་ཡི་རྡོ་རྗེ་མ། །ནམ་མཁའ་གང་བར་སེམས་ཀྱིས༴ །རྒྱལ་བ་སྲས་བཅས་སྒྲ་ཡི་བདེ་བས་མཆོད། །ཤཔྟ། སྣ་ཚོགས་རིན་ཆེན་རྒྱན་གྱིས་རབ༴ །གསེར་བཟང་མདོག་ཅན་དྲི་ཡི་རྡོ་རྗེ་མ། །ནམ་མཁའ་གང་བར་སེམས་ཀྱིས་མངོན༴ །རྒྱལ་བ་སྲས་བཅས་དྲི་ཡི་བདེ་བས་མཆོད། །གནྡྷེ། སྣ་ཚོགས་རིན་ཆེན་རྒྱན་གྱིས་རབ༴ །ཉི་མའི་མདོག་ཅན་རོ་ཡི་རྡོ་རྗེ་མ། །ནམ་མཁའ་གང་བར་སེམས་ཀྱིས༴ །རྒྱལ་བ་སྲས་བཅས་རོ་ཡི་བདེ་བས་མཆོད། །ར་ས། སྣ་ཚོགས་རིན་ཆེན་རྒྱན་གྱིས་རབ༴ །ནམ་མཁའི་མདོག་ཅན་རེག་བྱའི་རྡོ་རྗེ་མ། །ནམ་མཁའ་གང་བར་སེམས་ཀྱིས་མངོན༴ །རྒྱལ་བ་སྲས་བཅས་རེག་བྱའི་བདེ་བས་མཆོད། །ཨོཾ་ཨཱཿསྤརྵེ་བཛྲཱི་ཧཱུྃ། ཞེས་བརྗོད་དོ། །དེ་ནས་བཀྲ་ཤིས་པའི་ཡོ་བྱད་ཀྱིས་མཆོད་པ་དང༌། ཉེ་བར་མཁོ་བའི་མཆོད་པ་དང༌། མཆོད་པ་ཉི་ཤུ་པ་རྣམས་མཆོད་ཕྲེང་དུ་བཤད་པ་ལྟར་རྒྱས་པར་བྱའོ། །དེ་ནས་བསྟོད་པ་བྱ་བའི་ཕྱིར། ལྷ་སོ་སོའི་སྒོས་བསྟོད་ཅི་རིགས་པས་བསྟོད། དེ་ཙམ་མི་ཤེས་ན། དེ་ཉིད་ལྔ་པས་བསྟོད། པོ་སྟི་ཡོད་ན། དག་པས་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །ཞེས་དང༌། མཆོད་རྟེན་ལ། སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང༌། །སྣ་ཚོགས་རིན་ཆེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་གྱིས་མཛེས། །ཆོས་སྐུའི་རང་བཞིན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་དང༌། གཙུག་ལག་ཁང་ཡིན་ན། དེའི་ནང་དུ་བསྐྱེད་པའི་རིགས་ལྔ་པོ་ལ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་བསྐྱོད་པའི་རླུང༌། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །ཞེས་པས་བསྟོད། ཐུན་མོང་དུ། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་གྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡང་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང༌། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས་བསྟོད་དོ། །གཉིས་པ་བྱེ་བྲག་ཏུ་ཉེ་བར་མཁོ་བའི་མངའ་དབུལ་བ་ལ་གཉིས་ཀྱི། དང་པོ་རྟེན་ཐམས་ཅད་ལ་མངའ་དབུལ་བ་ནི། དཀྱིལ་འཁོར་ཁྲུས་དང་ན་བཟའ་རྒྱན། །རྣམ་ལྔ་རིན་ཆེན་བདུན་དང་བཅུ། །གདུགས་སོགས་དག་ནི་སྤྱི་ཡིའོ། །ཞེས་པ་ལྟར་བརྒྱད་ལས། དང་པོ་དཀྱིལ་འཁོར་ནི། གླིང་བཞི་རི་རབ་དང་བཅས་པའི་མཎྜལ་བྲིས་པ་དེ་ཕུལ་བར་བསམས་ལ། ས་གཞི་སྤོས་ཀྱིས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིས་ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ་སྭཱ་ཧཱ། གཉིས་པ་ཁྲུས་ནི། དྲི་ཞིམ་པོའི་ཆུས་བཀྲུ་ཞིང༌། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་ན་བཟའ་ནི། རྟེན་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ལ། ངུར་སྨྲིག་གི་རྒྱལ་མཚན་འབུལ་བར་བསམས་ལ། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང༌། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ཝསྟྲཱ་ཡཱ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དང༌། སངས་རྒྱས་ལོངས་སྐུ་དང་བྱང་སེམས་ཁྱིམ་པའི་ཆ་ལུགས་ཅན་གྱི་རྟེན་དང༌། མཆོད་རྟེན་དང་གླེགས་བམ་རྣམས་ལ། དར་སྣ་ཚོགས་ཀྱི་ན་བཟའ་དབུལ་ཞིང༌། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡིས། །ན་བཟའི་མཆོག་ནི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་བ་ས་སྱེ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པ་རྒྱན་ནི། རིན་པོ་ཆེའི་རྒྱན་མང་པོ་དབུལ་ཞིང༌། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱི། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨཱ་ལཾ་ཀཱ་རཱ་ཝ་བྷཱུ་ཥེ་ཎེ་ཨཱཿཧཱུྃ་སྭཱ་ཧཱ། ལྔ་པ་འདོད་ཡོན་རྣམ་ལྔ་ནི། གཟུགས་སོགས་འདོད་ཡོན་ལྔ་ཅི་འབྱོར་པ་དབུལ་ཞིང༌། རྒྱལ་བ་ཟག་མེད་འབྱོར་པ་ལྔ་བསྒྱུར་ཡང༌། །འགྲོ་བའི་དོན་དུ་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། དྲུག་པ་རིན་ཆེན་བདུན་ནི། རྒྱལ་སྲིད་སྣ་བདུན་གྱི་གཟུགས་དབུལ་ཞིང༌། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ཨོཾ་བཛྲ་སཔྟ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། བདུན་པ་བཅུད་ནི། རིན་པོ་ཆེའི་སྣོད་གཅིག་གམ་ལྔར། སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་པོ་ཆེ་ལྔ། སྙིང་པོ་ལྔ་རྣམས་བླུགས་པ་དབུལ་ཞིང༌། རྒྱལ་བ་མགོན་པོ་དཔལ་གྱི་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་མངའ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་དབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྫ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། བརྒྱད་པ་གདུགས་སོགས་ནི། གདུགས་དང༌། བ་དན་དང༌། བླ་རེ་དང༌། རོལ་མོ་ལ་སོགས་པ་དབུལ་ཞིང༌། བརྩེ་བའི་འཁོར་ཡུག་སྙན་པའི་བ་དན་དང༌། ཏིང་འཛིན་བླ་རེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་ཐུན་མོང་དུ་འབུལ་ལོ། །གཉིས་པ་རྟེན་སོ་སོ་ལ་མངའ་དབུལ་བ་ལ་གསུམ་ལས། དང་པོ་སྐུ་གཟུགས་ལ་མངའ་དབུལ་བ་ནི། སྤུ་གྲི་འབྲེགས་སྤྱད་སོ་མངས་དང༌། །རྨང་གཟེར་ཚེམས་ཤིང་སྦབས་བཞར་རོ། །ཞེས་པ་ལྟར་དྲུག་ལས་དང་པོ་ནི། རྟེན་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ། གསེར་གྱི་སྤུ་གྲིས་དབུ་སྐྲ་དང་ཞལ་སྤུ་བྲེགས་པའི་ཚུལ་བྱ་ཞིང༌། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང༌། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་པས་གསེར་གྱི་འབྲེགས་སྤྱད་ཕུལ་བ་ཡིས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་བཛྲ་ཀ་ཙི་དྷཱུ་ལ་ཨཱཿཧཱུྃ་སྭཱ་ཧཱ། གཉིས་པ་ནི། གསེར་གྱི་འབྲེགས་སྤྱད་ཀྱིས་སེན་མོ་བྲེགས་པའི་ཚུལ་བྱ་ཞིང༌། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང༌། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱི། །སེན་མོའི་འབྲེགས་སྤྱད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་བཟང་པོ་ཐོབ་པར་ཤོག །ཨོཾ་ན་བཛྲ་ན་ཁ་ཙྪེ་ད་ན་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་ནི། རྟེན་ལོངས་སྐུའི་ཆ་ལུགས་ཅན་རྣམས་དང༌། བྱང་སེམས་ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ། གསེར་གྱི་སོ་མངས་ཀྱིས་དབུ་སྐྲ་བཤད་པའི་ཚུལ་བྱ་ཞིང༌། དབུ་སྐྲ་རིན་ཆེན་ལྕངས་ལོ་མ་དཀྲུགས་ཤིང༌། །མཛེས་ཤིང་བལྟ་བས་མི་ངོམས་སྐྱོན་བྲལ་ཡང༌། །བདག་བློ་སྦྱང་ཕྱིར་རྐྱེན་དང་འཚམས་པ་འདི། །ཕུལ་བས་འགྲོ་ཀུན་དུག་གསུམ་བྲལ་བར་ཤོག །ཨོཾ་བཛྲ་བ་ལ་ཤོ་དྷཱ་ཡ་ཨཱཿཧཱུྃ་སྭཱ་ཧཱ། བཞི་པ་ནི། གསེར་གྱི་རྨང་གཟེར་དབུལ་ཞིང༌། དྲི་འཛིན་རྣམ་དག་ཚུལ་ཁྲིམས་ལས་འཁྲུངས་པ། །དགེ་བ་བསྒྲུབ་ཕྱིར་སྐྱོན་ལས་ངེས་གྲོལ་ཡང༌། །མོས་པས་འཛིན་སྤྱད་དམ་པ་ཕུལ་བ་ཡིས། །འགྲོ་བས་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨོཾ་བཛྲ་རོ་མ་དྷ་ར་ཨཱཿཧཱུྃ་སྭཱ་ཧཱ། ལྔ་པ་ནི། གསེར་དངུལ་ལས་བྱས་པའི་ཚེམས་ཤིང་དབུལ་ཞིང༌། དཀར་ལ་ཐག་བཟང་བཞི་བཅུ་ཚར་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་མངའ་བསྒྱུར་ཡང༌། །བདག་ཅག་དད་པས་ཚེམས་ཤིང་འབུལ་ལགས་ཀྱིས། །འགྲོ་བས་སངས་རྒྱས་གསུང་དབྱངས་ཐོབ་པར་ཤོག །ཨོཾ་བཛྲ་དནྟ་ཤོ་དྷཱ་ཡ་ཨཱཿཧཱུྃ་སྭཱ་ཧཱ། དྲུག་པ་ནི། གསེར་གྱི་ལྤགས་བཞར་དབུལ་ཞིང༌། བསྙེན་བསྲིང་མི་མངའ་ཀུན་ཏུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོ་དག་ན་ཡང༌། །དག་བྱེད་འདི་ནི་བདག་གིས་དབུལ་ལགས་ཀྱིས། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོས་པར་ཤོག །ཨོཾ་བཛྲ་ཀརྞ་ཤོ་དྷ་ཡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་དབུལ་ལོ། །དེའང་གསང་འདུས་ལ་སོགས་ཞལ་སྦྱོར་གྱི་སྐུ་ལ་ནི། སྤུ་གྲི་དང་འབྲེགས་སྤྱད་མི་འབུལ་ཞིང༌། ཚེ་དཔག་མེད་ལ་སོགས་པ་ལོངས་སྐུའི་རྣམ་པ་ཅན་ལ་ནི་སྤུ་གྲི་མ་གཏོགས་གཞན་ལྔ་ཀ་དབུལ་ཞིང༌། ཐུབ་དབང་ལ་སོགས་པ་སྤྲུལ་སྐུ་རྣམས་ལ་སོ་མངས་མི་དབུལ་བར་གཞན་ལྔ་ཀ་དབུལ་ལོ། །གཉིས་པ་མཆོད་རྟེན་ལ་མངའ་དབུལ་བ་ནི། སྲོག་ཤིང་འཁོར་ལོ་ཅོད་པཎ་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཞེས་པ་ལྟར་བརྒྱད་ལས། དང་པོ་སྲོག་ཤིང་དབུལ་ཞིང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ལྡན་པར་གྱུར་ཅིག བདེ་བར་གཤེགས་པས་བསྟན་པའི་དམ་པའི་ཆོས་ཡུན་རིང་དུ་མི་ནུབ་ཅིང་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པའི་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག གཉིས་པ་འཁོར་ལོ་དབུལ་ཞིང༌། ཨོཾ་པྲ་མརྡྷ་ནཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ཐོབ་པར་གྱུར་ཅིག རྣམ་པར་ཐར་པ་བརྒྱད་ཐོབ་པར་གྱུར་ཅིག ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག གསུམ་པ་དར་གྱི་ཅོད་པཎ་དབུལ་ཞིང༌། ཨོཾ་པ་ཏཾ་ཀཱ་ལཾ་པཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་དར་གྱི་ཅོད་པཎ་དང་ལྷབ་ལྷུབ་ལ་སོགས་པས་མཆོད་པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང༌། དེ་དག་གིས་མཆོད་རྟེན་དང༌། སྐུ་གཟུགས་དང༌། གསུང་རབ་ལ་སོགས་པ་དག་ལ་མཆོད་པ་བྱེད་པར་གྱུར་ཅིག བཞི་པ་འཕན་དབུལ་ཞིང༌། ཨོཾ་པ་ཏཾ་ཀེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པའི་སྙན་པ་བསམ་གྱིས་མི་ཁྱབ་པ་ཐོབ་པར་གྱུར་ཅིག ལྔ་པ་ཆུ་སྲིན་རྒྱལ་མཚན་དབུལ་ཞིང༌། ཨོཾ་ཀུཾ་བྷི་ར་དྷྭ་ཛ་སྭཱ་ཧཱ། སེམས་ཅན་ཐམས་ཅད་འཁོར་བ་མི་འཛིན་མི་བཏང་བས་བདུད་བཞི་ལས་རྒྱལ་ཞིང་ཆོས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག དྲུག་པ་གདུགས་དབུལ་ཞིང༌། ཨོཾ་བྷྲ་མ་ཎཱ་ཡ་སྭཱ་ཧཱ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་སྐྱབས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག བདུན་པ་མེ་ཏོག་གི་ཕྲེང་བ་དབུལ་ཞིང༌། ཨོཾ་རཏྣ་མཱ་ལ་ཏྲཱཾ། ཅེས་བྱ་བ་དང༌། ན་མཿསྟྲཻ་ཡཱ་དྷྭ་ཨ་ནུ་ག་ཏེ་པྲ་ཏིཥྛ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་དང་ལྡན་ཏེ་སྐུ་བལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་ཅིག བརྒྱད་པ་རིན་པོ་ཆེ་ལ་སོགས་པའི་གདན་ཕུལ་བར་བསམ་ཞིང༌། ཨོཾ་པུཎྱ་དྷཱ་ར་ཡེ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཀྱི་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་གླང་པོ་ཆེའི་གདན་དང༌། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང༌། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པ་རྟའི་གདན་དང༌། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང༌། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་དང༌། འགྲོ་བའི་རེ་འདོད་ཡིད་བཞིན་དུ་བསྐོང་བ་ནོར་བུའི་རིན་པོ་ཆེའི་གདན་དང༌། ཆགས་པའི་སྐྱོན་ཐམས་ཅད་སྤོང་བ་པདྨའི་གདན་དང༌། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་གདན་ཐོབ་པར་གྱུར་ཅིག ཅེས་བརྗོད་ཅིང་དབུལ་ལོ། །གསུམ་པ་གླེགས་བམ་ལ་མངའ་དབུལ་བ་ནི། བཞུགས་ཁྲི་དང་ནི་ན་བཟའ་དང༌། །གླེགས་ཤིང་དང་ནི་གླེགས་ཐག་གོ །ཞེས་པ་ལྟར་བཞི་ལས། དང་པོ་རིན་པོ་ཆེའི་ཁྲི་དབུལ་ཞིང༌། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་དབང་བར་ཤོག །ཨོཾ་བཛྲ་ཨཱ་ས་ནཱ་ཡ་ཨཱཿཧཱུྃ་སྭཱ་ཧཱ། གཉིས་པ་ན་བཟའ་དབུལ་ཞིང༌། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང༌། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་དབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྟྲ་ཨཱཿཧཱུྃ་སྭཱ་ཧཱ། གསུམ་པ་གླེགས་ཤིང་དབུལ་ཞིང༌། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང༌། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་རྟོགས་པར་ཤོག །ཨོཾ་བཛྲ་པྲཛྙཱ་ཨུ་པ་ཡ་ཨ་པ་དྭ་ཡེ་ཧཱུྃ་སྭཱ་ཧཱ། བཞི་པ་གླེགས་ཐག་དབུལ་ཞིང༌། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང༌། །ཡེ་ཤེས་ཆེན་པོར་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་ཕུལ་བ་ཡི། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུསྟི་ཀ་བནྡྷ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད་ཅིང་དབུལ་ལོ། །གསུམ་པ་སྦྱིན་སྲེག་གི་མངའ་དབུལ་བ་ནི། རྒྱས་པའི་སྦྱིན་སྲེག་གི་ཆོ་གས་རབ་ཏུ་གནས་བྱའི་ལྷ་དང༌། གླེགས་བམ་ཡིན་ན་འོད་དཔག་མེད་དང༌། ལྷ་ཁང་ཡིན་ན་རྣམ་སྣང་ཐབ་ཏུ་སྤྱན་དྲངས་ལ། མངར་གསུམ་གྱིས་སྦགས་པའི་འབྲུ་ཡིས་གཙོ་བྱས་པའི་སྲེག་བླུགས་བརྒྱ་རྩ་བརྒྱད་དབུལ། བདག་དང་ཡོན་བདག་གི་ཚེ་དང་བསོད་ནམས་འཕེལ་བའི་ཕྱིར་དུ། དཱུརྦ་དང་འབྲས་ཀྱི་སྦྱིན་སྲེག་ཅི་འགྲུབ་བྱ། དེའི་རྗེས་སུ་ཐབ་ཁུང་གི་མེ་ལ་མཉྫིའི་སྟེང་དུ་ཚོན་དཀར་པོའམ་སེར་པོས་བྱུག་པའི་སྣོད་དུ་བཞག་ལ། དེའི་ནང་དུ་འབྲས་དང་སྦྲང་རྩི་དང༌། ཀ་ར་དང་བསྲེས་པའི་འོ་མ་བླུགས་ལ། གཙོ་བོའི་སྔགས་བཟླས་བཞིན་དུ་འོ་ཐུག་བསྒྲུབས་ལ། འོག་ནས་འབྱུང་བའི་ཚིགས་བཅད་དང་སྔགས་ཀྱིས་རྟེན་ལ་དབུལ་ལོ། །གལ་ཏེ་འོ་ཐུག་མ་གྲུབ་ན་སྣོད་བཟང་པོར་ལྷ་བཤོས་ཆེན་པོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གི་མཐར། བཟའ་བ་དང༌། བཅའ་བ་དང༌། བཏུང་བ་སྣ་ཚོགས་པ་བཤམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པས་འདོད་དགུའི་རྒྱ་མཚོར་བྱིན་གྱིས་བརླབས་ནས་རྟེན་ལ་ཕུལ་བར་བསམ་ཞིང༌། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཆོས་ལ་སྤྱོད་པར་ཤོག །ཨོཾ་དི་བྱ་ཨནྣ་ས་མཱ་དྷི་དྷྱཱ་ན་པྲྀ་ཎ་ནེ་སྭཱ་ཧཱ། ཞེས་བརྗོད་དོ། །བཞི་པ་སྔགས་ཀྱི་མངའ་དབུལ་བ་ནི། རྟེན་ལ་གཟུངས་ཐག་བཏགས་པ་ཀུན་གྱིས་བཟུང་ལ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱི་བྷུ་ཁཾ་བཛྲི་བྷ་ཝ་དྲྀ་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། ཞེས་པ་བརྒྱ་རྩ་བརྒྱད་དང་ཉི་ཤུ་རྩ་གཅིག་བཟླས་ལ། ཐམས་ཅད་ཀྱིས་ལག་ཏུ་མེ་ཏོག་ཐོགས་ནས་བཀྲ་ཤིས་ཀྱི་ཚིགས་བཅད་འདོན་ཞིང་རྟེན་ལ་མེ་ཏོག་གི་ཆར་ཕབ་པས། བཀྲ་ཤིས་པར་བསམས་ལ། མཆོད་བསྟོད་བསྡུས་པ་ཞིག་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླང༌། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུ་སྦྱིན་སྲེག་མཇུག་དོན་ནོ། །ཞེས་པ་ལྟར་བཅུ་གསུམ་ལས། དང་པོ་གཏོར་མ་སྦྱིན་པ་ནི། སྟ་གོན་གྱི་སྐབས་ལྟར་འདས་པའི་གཏོར་མ་དང༌། ནག་པོ་ཆེན་པོ་ལ་སོགས་པ་ལ་གཏོར་མ་དབུལ་ལོ། །གཉིས་པ་ཆོས་སྐྱོང་བསྒོ་བ་ནི། གཙུག་ལག་ཁང་ངམ་མཆོད་རྟེན་གང་ལ་གཏད་པར་འདོད་པའི་ཆོས་སྐྱོང་ལ། གཏོར་མ་རྒྱ་ཆེན་པོ་ཕུལ་ལ། ཁྱེད་ཀྱིས་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་ལ་བསྲུང་བ་དང་སྐྱོང་བ་གྱིས་ཤིག ཅེས་བརྗོད། དེ་ནུས་པ་བསྐྱེད་པའི་ཕྱིར་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང༌། ཨོཾ་བཛྲ་རཀྵ་ཧཾ། ཞེས་བརྗོད་པས་རྡོ་རྗེའི་གོ་བསྐོན་པས་ནུས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བསམ། དེ་བདག་གི་བཀའ་ལས་མི་འདའ་བའི་ཕྱིར། རྡོ་རྗེ་ཐོགས་ནས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ་མེད། །ཨོཾ་མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད། ཡང་དེའི་མགོ་བོར་རྡོ་རྗེ་བཞག་པར་བསམས་ལ། བདག་དང་ཡོན་བདག་འཁོར་དང་བཅས་པ་ལ་བསྲུང་བ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དང་རྟེན་འདི་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་གྱིས་ཤིག ཅེས་དམ་ལ་བཞག་གོ །གསུམ་པ་དཀྱིལ་འཁོར་གྱི་ལྷ་མཆོད་ཅིང་དངོས་གྲུབ་བླང་བ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ་ཞིང༌། འདོད་པའི་དོན་ལ་གསོལ་བ་བཏབ་ལ་དངོས་གྲུབ་བླང་ངོ༌། །བཞི་པ་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་ནི། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ལ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དག །གང་དག་ཆོ་གའི་བྱ་བ་ལ། །ནོངས་གྱུར་བཟོད་པར་མཛད་པའི་རིགས། །ཀུན་ཏུ་ཞི་དང་རྒྱས་པ་རུ། །ཡོན་བདག་རྣམས་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ས་དང་ཆུ་དང་མེ་རླུང་ལས། །ལྷ་རྣམས་ཀུན་གྱི་སྐུ་གཟུགས་ལ། །བསྐལ་པ་བརྒྱ་རུ་བསྲུང་བ་དང༌། །མཆོད་པ་ཆེན་པོ་མཛད་དུ་གསོལ། །དགྱེས་ཤིང་ཡིད་བཟང་གྱུར་ནས་ནི། །སློབ་དཔོན་སློབ་མར་བཅས་པ་ཡི། །བུ་དང་ཚ་བོ་སྲུང་མཛད་ནས། །གང་གནས་དགེ་བར་གཤེགས་སུ་གསོལ། །ཞེས་བརྗོད་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཡེ་ཤེས་པ་རྣམས། འདི་པའི་ལུགས་ཀྱིས་བདག་ལ་བསྡུས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་དང༌། ཕུར་བུ་བསྡུ་བ་སོགས་དཀྱིལ་ཆོག་ལྟར་བྱའོ། །གལ་ཏེ་རབ་གནས་ཟིན་ནས་ཀྱང༌། སྒྲུབ་མཆོད་ཡུན་རིང་དུ་བྱེད་ན་གཤེགས་གསོལ་དང་ཉེར་བསྡུ་མི་བྱ་བར། བརྟན་བཞུགས་བྱེད་པ་ཉིད་དོ། །ལྔ་པ་ཡོན་བདག་བསྒོ་བ་ནི། མདུན་དུ་སྟན་སེར་པོའི་སྟེང་དུ་སྦྱིན་བདག་ཐལ་མོ་སྦྱར་ནས་འདུག་དུ་བཅུག་ལ། ཁྱེད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་དེ་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བྱོས། །ཞེས་དང༌། ཁྱེད་ཀྱིས་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་དེ་ལེགས་པར་ཚར་བར་བྱས་ཀྱིས། ཁྱོད་ཀྱིས་རྟེན་འདི་ལ་ཞག་བདུན་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པས་རྒྱུན་མི་ཆད་པར་མཆོད་པ་གྱིས་ཤིག ཅེས་བསྒོའོ། །དྲུག་པ་ཤིས་པ་བརྗོད་པ་ནི། ལས་ཐམས་ཅད་པའི་བུམ་པ་དང་སྔགས་ཀྱིས་ཡོན་བདག་བསང་ལ། དེ་ནས་སྐད་ཅིག་གིས་ཡི་དམ་གྱི་ལྷར་གསལ་ཏེ། མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ནས། སློབ་དཔོན་གྱིས་ཁྲོ་བོ་སྤྱན་དྲངས་ཤིང་བསྟོད་པ་དང༌། བདེན་པ་བདར་ཞིང༌། སྦྱིན་བདག་འཁོར་བཅས་བཀྲ་ཤིས་པར་བྱེད་པ་ལ། བར་དུ་གཅོད་པར་བརྩམས་པའི་བགེགས་ཀྱི་ཚོགས་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་བརྗོད་ལ། ལས་ཐམས་ཅད་པ་ཟློས་ཤིང༌། རོལ་མོ་དྲག་ཏུ་བྱས་ལ་བགེགས་བསལ་ལོ། །དེ་ནས་བཀྲ་ཤིས་རྫས་བརྒྱད་མདུན་དུ་འདུ་བྱས་ལ་བསང་སྦྱངས་ཏེ། སྟོང་པའི་ངང་ལས་མཾ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སྦྱིན་བདག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་ཐམས་ཅད་རྒྱས་པའི་ནུས་པ་དང་ལྡན་པར་བསམས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། དཔོན་སློབ་ཐམས་ཅད་མགྲིན་གཅིག་ཏུ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕྱག་ཏུ་ཕུལ་བ་ན། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་དེང་འདིར་ཡང་རབ་ཏུ་གནས་པ་ལེགས་པར་བྱས་པའི་རྟེན་འདི་དང༌། སྦྱིན་བདག་གིས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་དོ། །དེ་བཞིན་དུ་འོག་མ་རྣམས་ལ་ཡང་འདྲ་བར་སྦྱར་ལ། གི་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེ་ས་སྲུངས་ཀྱིས་གི་ཝང་ཕྱག་ཏུ་ཕུལ་བ་ན། ཞེས་སོགས་སྦྱར་ལ། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །སྔོན་བཅོམ་ལྡན་འདས་ལ་ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕྱག་ཏུ་ཕུལ་བ་ན། ཞེས་སོགས་སྦྱར། དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་རྩཱ་འཚོང་བཀྲ་ཤིས་ཀྱིས་རྩྭ་དཱུརྦ་ཕྱག་ཏུ་ཕུལ་བ་ན། ཞེས་སོགས་སྦྱར། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་འདི་ཀུན་འགྲུབ་ཤོག །སྔོན་བཅོམ་ལྡན་འདས་ལ་ལྷ་ཚངས་པས་ཤིང་ཏོག་བིལ་བ་ཕྱག་ཏུ་ཕུལ་བ་ན། ཞེས་སོགས་སྦྱར། དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཅིག །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་པ་ཕྱག་ཏུ་ཕུལ་བ་ན། ཞེས་སོགས་སྦྱར། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་འདུས་བྱས་ནས། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པས། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་སྐར་རྒྱལ་གྱི་བུས་ལི་ཁྲི་ཕྱག་ཏུ་ཕུལ་བ་ན། ཞེས་སོགས་སྦྱར། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་རབ་ཏུ་འཇོམས་བྱེད་ཅིང༌། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བྱེད་ཤོག །སྔོན་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕྱག་ཏུ་ཕུལ་བ་ན། ཞེས་སོགས་སྦྱར་བའི་བཀྲ་ཤིས་བརྗོད་ཅིང༌། བཀྲ་ཤིས་ཀྱི་རྫས་རྣམས་རྟེན་ལ་དབུལ་ཞིང༌། ཡོན་བདག་རྣམས་ལ་རེག་ཏུ་གཞུག་གོ །བདུན་པ་རྟེན་ལ་མཆོད་པ་ནི། རབ་ཏུ་གནས་པའི་ལྷའི་མདུན་དུ། མཆོད་པ་གསར་པ་ཅི་འབྱོར་པ་བཤམས་ལ། ཇི་ལྟར་རིགས་པའི་ཚིགས་སུ་བཅད་པས་མཆོད་ཅིང་བསྟོད་པ་དང༌། ཕྱག་དང་བསྐོར་བ་ཅི་ནུས་སུ་བྱའོ། །བརྒྱད་པ་བསོད་ནམས་བསྔོ་བ་ནི། སློབ་དཔོན་དཔོན་སློབ་ཀྱིས་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས། བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་བྱའོ། །དགུ་པ་སློབ་དཔོན་མཆོད་པ་ནི། སྦྱིན་བདག་གིས་སློབ་དཔོན་དང༌། དགེ་འདུན་ལ་བསྙེན་བཀུར་དང་ཡོན་དབུལ་བར་བྱའོ། །བཅུ་པ་དགའ་སྟོན་བྱ་བ་ནི། རབ་གནས་རྒྱས་པར་བྱ་བའི་དོན་དུ་གནས་ཁང་དེ་ཉིད་དམ་གཞན་དུ་ཡང་རུང་སྟེ། སློབ་དཔོན་དང་དགེ་འདུན་དང་བཟོ་བོ་དང༌། གྲོགས་བྱེད་པ་དང༌། ཞལ་ཏ་པ་རྣམས་ལ་དགའ་སྟོན་གྱི་བསྙེན་བཀུར་རྒྱས་པར་བྱ་ཞིང༌། སྔར་གྱི་ཙཱ་རུའི་བཟའ་བ་ལྷ་ལ་ཕུལ་བའི་ལྷག་མ་རྣམས་ཚོགས་པ་ཐམས་ཅད་ལ་དྲངས་ཤིང༌། བདེ་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་དོ། །བཅུ་གཅིག་པ་སླར་ཡང་ཤིས་པར་བྱ་བ་ནི། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཅི་ཤེས་པས་དེར་འཚོགས་པ་རྣམས་བཀྲ་ཤིས་པར་བྱ་ཞིང༌། རྟེན་མཆོད་པའི་བསམ་པས་གླུ་དང་གར་དང་རོལ་མོ་ལ་སོགས་པ་ཅི་ནུས་པར་བྱའོ། །བཅུ་གཉིས་པ་ལས་ཀྱི་རྗེས་བསྡུ་བ་ནི། སློབ་དཔོན་དཔོན་སློབ་རྣམས་ཀྱི་རབ་གནས་ཀྱི་མངའ་དབུལ་བ་དང༌། ཁྲུས་སྟེགས་ལ་སོགས་པ་རྣམས་བསྡུས་ཞིང༌། ལས་ཀྱི་རྗེས་མི་མངོན་པར་བྱས་ལ། རྙེད་པ་རྣམས་ཀྱང་བགོ་སྟེ། གོས་ཟུང་ལ་སོགས་པ་རྣམས་ནི་འཕན་དང་རྒྱལ་མཚན་དུ་བྱས་ཏེ། མཆོད་རྟེན་རྣམས་དང་གཙུག་ལག་ཁང་དུ་འབུལ། དཀྱིལ་འཁོར་མཆོད་པའི་ཡོ་བྱད་དམན་པ་ཐམས་ཅད་ཕོངས་པ་དང་མགོན་མེད་པའི་མིའི་འགྲོ་བ་ལ་སྦྱིན་ཞིང༌། ཁྱི་དང་བྱ་རོགས་སོགས་ལ་ནི། ལྷག་པར་དཀོར་དུ་འགྱུར་བས་མི་སྦྱིན་པར་བཤད་དོ། །བཅུ་གསུམ་པ་སྦྱིན་སྲེག་བྱ་བ་ནི་ཆོ་གའི་ལྷག་ཆད་ཁ་བསྐང་བའི་ཕྱིར་མཚན་མོ་ཞི་བའི་སྦྱིན་སྲེག་བྱ་ཞིང༌། མ་འགྲུབ་ན་ཡི་གེ་བརྒྱ་པ་མང་དུ་བཟླས་སོ། །ཡོན་བདག་གིས་ཀྱང་ཞག་བདུན་དུ་རྟེན་ལ་མཆོད་པ་བར་མ་ཆད་དུ་དབུལ་ཞིང༌། དེ་ནས་ཀྱང་ཅི་ནུས་པས་མཆོད་པར་བྱ་སྟེ། ཆོ་ག་རྒྱས་པའི་རིམ་པའོ། །གཉིས་པ་འབྲིང་དུ་བྱ་བ་ནི། ནང་པར་གཟའ་སྐར་ལ་སོགས་པ་འཛོམ་པར་ཤེས་ནས་ཕྱི་དྲོའི་དུས་སུ་མཆོད་གཏོར་དང་བུམ་པ་ལ་སོགས་པའི་ཡོ་བྱད་རྣམས་འཚོག་པར་བྱས་ལ། སང་ཐོ་རངས་རྟེན་གྱི་དྲུང་དུ་འདུག་སྟེ། སྔོན་འགྲོའི་གཏོར་མ་བཏང༌། གནས་དང་ཡོ་བྱད་བྱིན་ཕབ་ལ་སྒྲུབ་ཐབས་ལྟར་བསྐྱེད་རིམ་རྒྱས་པར་བསྒོམ། དེ་ནས་བུམ་པ་གསུམ་མམ་གཉིས་བཤམས་པའི་དང་པོར། དཀྱིལ་ཆོག་ལྟར་ལྷ་ཐམས་ཅད་ཚང་བ་དང༌། གཉིས་པར་བགེགས་མཐར་བྱེད་བསམས་ལ། བུམ་བཟླས་ཚུལ་བཞིན་དུ་བྱ། གསུམ་པར་ཁྲུས་ཀྱི་རྫས་རྣམས་ཅི་འབྱོར་པར་བླུགས་ལ། སོ་སོའི་སྔགས་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་རབ་གནས་ཀྱི་སྟ་གོན་གྱི་ཆོས་རྣམས་དོར་ཏེ། དངོས་གཞིའི་རྟེན་སྦྱང་བ་ནས་བརྩམས་ཏེ། ལས་ཀྱི་རྗེས་བསྡུ་བའི་བར་སྔར་བཤད་པ་ཅི་ལྟ་བ་བཞིན་དུ་བྱ་སྟེ། ཆོ་ག་བར་མའི་རིམ་པའོ། །གསུམ་པ་བསྡུས་པ་ནི། མཆོད་གཏོར་བཤམས་པ་ནས། བུམ་བཟླས་ཀྱི་བར་འབྲིང་ལྟར་བྱ། དེ་ནས་རྟེན་སྦྱངས་པ་ནས་སྤྱན་དབྱེ་བའི་བར་སྔར་བཞིན་བྱས་ནས། གསོལ་བ་གདབ་པ་དང་མཆོད་བསྟོད་རྒྱས་པས་མངའ་དབུལ་བ་རྣམས་བྱས་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། རབ་ཏུ་གནས་པའི་སྔགས་ཀྱིས་མངའ་དབུལ་ཞིང་མེ་ཏོག་གི་ཆར་དབབ་པ་ནི། དངོས་གཞི་ཡིན་ལ། གཏོར་མ་སྦྱིན་པ་དང༌། ཆོས་སྐྱོང་བསྒོ་བ་སོགས་རྗེས་ཀྱི་ཆོ་ག་རྣམས་སྔར་ལྟར་བྱ་སྟེ། ཆོ་ག་མདོར་བསྡུས་པའོ། །གཉིས་པ་རབ་ཏུ་གནས་པར་བྱས་པའི་ཕན་ཡོན་ནི། ཆོ་ག་བདག་ཉིད་ནུས་པ་ཡི། །བརྟགས་པ་ལས་གསུངས་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་འབྲས་བུ་སྐྱེས། །སྐུ་གཟུགས་ཀྱི་ནི་མཚན་ཉིད་ཀྱི། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །ཞེས་པ་ལ་སོགས་པ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཉིད་དོ། །དེ་ལྟར་བདེ་བར་གཤེགས་པའི་རྟེན་ལ་རབ་ཏུ་གནས་པ་ལེགས་པར་བྱ་བ་ནི། བསྟན་པ་རིན་པོ་ཆེ་དང༌། སེམས་ཅན་མང་པོ་ལ་ཕན་པ་ཁོ་ན་ཡིན་པས་དེའི་ཆོ་ག་དག་པར་བྱ་བ་ཤིན་ཏུ་གལ་ཆེ་བ་ཡིན་ལ། དེའི་ཚུལ་ཡང་བདེ་བར་གཤེགས་པ་ཉིད་ཀྱིས་རབ་ཏུ་གནས་པའི་རྒྱུད་དུ་གསལ་བར་གསུངས་པ་ལྟར། སློབ་དཔོན་ཀུན་དགའ་སྙིང་པོ་དང༌། པྲཛྙཱ་པ་ལི་ཏ་དང༌། ཞི་བ་སྙིང་པོ་དང༌། དགེ་མཚན་བཤེས་གཉེན་རྣམས་ཀྱིས་རྣལ་འབྱོར་གྱི་རྒྱུད་ལྟར་བཀྲལ་ཞིང༌། དེ་རྣམས་ཀྱི་དོན་བསྡུས་ནས་ལོ་ཙྪཱ་བ་ཆེན་པོ་རིན་ཆེན་བཟང་པོས་སྡོམ་དུ་མཛད་པའི་རྗེས་སུ་འབྲངས་ནས། རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་གཉིས་པ། རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་ཕྱག་ལེན་དུ་མཛད་པའི་སྲོལ་དང༌། སྡོམ་འབྱུང་ལ་སོགས་པའི་རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས། སློབ་དཔོན་ཨ་བྷ་ཡཱ་སོགས་ཀྱིས་རྣལ་འབྱོར་བླ་མེད་ལྟར་བྱས་པའི་ཆོ་ག་སྟེ། ལུགས་གཉིས་ལས། འདི་ནི་རབ་གནས་ཀྱི་རྒྱུད་གྱི་ཆོ་ག་དཔལ་གསང་བ་འདུས་པ་ལ་སྦྱར་བ་སྟེ། དེའི་རྒྱུ་མཚན་ཡང༌། རྒྱུད་འདི་བླ་མེད་དང་རྣལ་འབྱོར་གྱི་རྒྱུད་གཉིས་ཀའི་ཐུན་མོང་བ་ཡིན་ཏེ། ཨོཾ་ནི་སྤྱི་བོར་བསྟིམ་བྱ་ཞིང༌། །སྙིང་གར་ཧཱུྃ་གི་ཡི་གེར་འགྱུར། །ངག་གི་ཕྱོགས་སུ་ཨ་ཡིག་གོ །ཅེས་བླ་མེད་ལྟར་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། རིག་མ་སྤྱན་མ་ཇི་བཞིན་དུ། །ཆོ་ག་བཞིན་དུ་མངོན་དབང་བསྐུར། །ཞེས་རིག་མས་དབང་བསྐུར་བ་བཤད་པའི་ཕྱིར་རོ། །བུ་སྟོན་ཐམས་ཅད་མཁྱེན་པས་ཕྱིའི་དེ་ཉིད་བཅུས་ཁྱད་པར་དུ་བྱས་པའི་ཕྱིར། རྣལ་འབྱོར་གྱི་རྒྱུད་ཡིན་ཞེས་པའང་མི་འཐད་དེ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱང༌། ཡོ་ག་ཁོ་ནར་འགྱུར་བའི་སྐྱོན་ཡོད་དེ། ཕྱིའི་དེ་ཉིད་བཅུས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །དེས་ན་རྒྱུད་ཐུན་མོང་བ་ཡིན་པའི་ཕྱིར་སྔོན་གྱི་མཁས་པ་རྣམས་ཀྱིས་རྣལ་འབྱོར་གྱི་རྒྱུད་ཡན་ཆད་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་སྦྱར་བར་བཤད་པ་ཤིན་ཏུ་འཐད་པར་སྣང་བས། དེའི་ལག་ལེན་དག་པར་བཀོད་ལ། བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་ལྔ་བཅུ་རྩ་གསུམ་པར་བཤད་པའི་རབ་གནས་ནི། འདིའི་ཆོ་ག་བསྡུས་པ་དང་ཁྱད་པར་ཅུང་ཟད་ཀྱང་མ་སྣང་ཞིང༌། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཆོ་ག་ཉི་ཤུ་པར་བཤད་པའི་རབ་གནས་ཀྱང་སྣང་མོད། གཞུང་དེ་ཐེ་ཚོམ་ཅན་དུ་གྲགས་པས་འདིར་མ་བཀོད་ལ། སློབ་དཔོན་ཨ་བྷ་ཡ་སོགས་ཀྱི་ལུགས་ཀྱང་འདི་དང་མི་མཐུན་པ་ཤིན་ཏུ་མངས་པས་འདིར་མ་སྤྲོས་སོ། །རྒྱལ་བའི་བསྟན་པ་རྒྱས་པའི་བཀྲ་ཤིས་དང༌། །བསྟན་འཛིན་ཕྲིན་ལས་རྒྱས་པའི་བཀྲ་ཤིས་དང༌། །སྦྱིན་བདག་བསོད་ནམས་རྒྱས་པའི་བཀྲ་ཤིས་རྣམས། །རབ་ཏུ་འཕེལ་ཕྱིར་བཀྲ་ཤིས་རབ་རྒྱས་པའི། །རབ་གནས་ཆོ་ག་བཀྲ་ཤིས་རྒྱ་མཚོ་འདི། །རྒྱུད་དང་འཕགས་ཡུལ་མཁས་པའི་གཞུང་ལུགས་དང༌། །རྗེ་བཙུན་མཆོག་གི་གསུང་རབ་ཅི་བཞིན་དུ། །རྣམ་དཀར་བཀྲ་ཤིས་རྒྱས་པའི་ཐབས་འདི་བསྒྲུབས། །འདིར་འབད་དགེ་བ་འོད་སྟོང་བདག་པོ་དེས། །བསྟན་པའི་པད་ཚལ་རྣམ་པར་རྒྱས་བྱས་ནས། །དམ་ཆོས་བཀྲ་ཤིས་སྦྲང་རྩིའི་རྩི་བཅུད་ཀྱིས། །འགྲོ་བ་བུང་བའི་བསམ་པ་ཚིམ་བྱེད་ཤོག །དཔལ་གསང་བ་འདུས་པའི་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་རྒྱ་མཚོ་ཞེས་བྱ་བ་འདི་ནི། བདེ་བར་གཤེགས་པའི་གསུང་རབ་ཀྱི་སྙིང་པོ་དབུ་མའི་སྡེ་སྣོད་དང་གསང་བ་འདུས་པའི་ཚུལ་ཁོང་དུ་ཆུད་པ་གནས་བརྟན་སངས་རྒྱས་རིན་ཆེན་གྱིས་ཐོག་མར་བསྐུལ་བ་དང༌། དོན་གཉེར་གྱི་སློབ་མ་བཤེས་གཉེན་བཟང་པོས་ཡི་གེའི་རྐྱེན་སྦྱར་ཞིང་འཕྲལ་དུ་བསྐུལ་བ་ལ་བརྟེན་ནས་མཁྱེན་རབ་ཀྱི་དབང་ཕྱུག་རྒྱལ་བ་གཉིས་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་བཟང་པོས་སྣ་ཚོགས་དབྱིག་གི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཡར་ཚེས་གཅིག་ལ་བཀྲ་ཤིས་ཀྱི་འབྱུང་གནས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །།འདིས་སྐྱེ་དགུ་རྣམས་ཀྱི་ཆོས་དང་བཀྲ་ཤིས་རྒྱས་པར་གྱུར་ཅིག །དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*