གསང་འདུས་མི་བསྐྱོད་པའི་སྒྲུབ་ཐབས། ཤིན་ཏུ་རྣལ་འབྱོར་གྱི་ཁྱད་པར། ཀ༽

༼ག༽༄༅། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འོད་གསལ་ཤེས་རབ་མ་ལས་ལེགས་འཁྲུངས་པའི། །དབང་པོའི་གཞུ་ལྟར་སྣང་བའི་ཟུང་འཇུག་སྐུ། །རིག་མའི་སྐྱེས་བུ་རྡོ་རྗེ་འཆང་དབང་དང༌། །དབྱེར་མེད་དཔལ་ལྡན་བླ་མའི་ཞབས་ལ་འདུད། །འཕགས་མཆོག་ཀླུ་སྒྲུབ་གཞུང་ལུགས་གངས་རི་ལས། །རྨད་བྱུང་བསྐྱེད་རིམ་མན་ངག་ཆུ་བོའི་རྒྱུན། །མཁས་མང་གཞུང་གི་རྒྱུན་ལམ་ལས་དྲངས་ནས། །དངོས་གྲུབ་རྒྱ་མཚོའི་ལམ་བཟང་བཤད་ཀྱིས་ཉོན། །འདིར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་གིས། བསྐྱེད་པའི་རིམ་པའི་ལམ་བསྒོམ་པར་བྱ་བ་ལ་གསུམ་སྟེ། རྣལ་འབྱོར་གྱི་སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཀྱི་དང་པོ་ཚོགས་གཉིས་བསག་པ་ནི། རི་བོ་ལ་སོགས་པ་དབེན་ཞིང་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། འཇམ་པའི་སྟན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འདུག་ནས། རང་གི་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་ནས་བླ་མ་དང་གཉིས་སུ་མེད་པའི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། འོད་ཟེར་རང་གི་སྙིང་གར་བསྡུའོ། །དེ་ནས། ཁམས་གསུམ་སྤྱོད་པ་ལས་གྲོལ་མཁའ་དང་མཉམ་གྱུར་དངོས་ཀུན་ངོ་བོ་ཉིད། །དག་ཅིང་ཞི་ལ་རྣམ་དབེན་མཆོག་ཞི་འདི་ནི་རྣལ་འབྱོར་པ་ཉིད་ཡུལ། །གོ་དཀའ་བརྟག་པར་དཀའ་ལ་བདག་གཞན་རབ་ཕན་ཁྱབ་ཅིང་མཚན་མ་མེད། །རྒྱལ་བའི་བདེ་བ་མཉམ་མེད་མཉམ་སྐུ་མི་རྟོག་ཚུལ་གཅིག་ལ་ཕྱག་འཚལ། །ཞེས་པས་ཕྱག་བྱ། ཐུགས་ཀ་ནས་རང་རང་གི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་གུ་ཧྱ་ས་མཱ་ཛཿམཎྜ་ལ། ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུྃ་གིས་མཆོད་ཡོན་དང༌། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པུཥྤེས་མེ་ཏོག་དང༌། དྷཱུ་པེས་བདུག་སྤོས། ཨཱ་ལོ་ཀེས་མར་མེ་དང༌། གནྡྷེས་དྲི་དང༌། ནཻ་ཝི་དྱེས་ཞལ་ཟས་དང༌། ཤབྡས་རོལ་མོ་རྣམས་དབུལ། ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ། ཞེས་པས་གཟུགས་རྡོ་རྗེ་མ་དང༌། དེ་བཞིན་དུ་རཱུ་པའི་གནས་སུ་ཤཔྟ་སྒྲ། གནྡྷེ་དྲི། ར་ས་རོ། སྤརྵེ་རེག་བྱ་རྡོ་རྗེ་མ་རྣམས་ཀྱིས་མཆོད་ནས། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་གྱིས་རྒྱུན་བཤགས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་པ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཞེས་སོགས་དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་ཚིག་ལན་གསུམ་གྱིས་སྡོམ་པ་བཟུང་ནས། ཨོཾ་ཨཱཿཧཱུྃ་བཛྲ་མུཿས་ཚོགས་ཞིང་གཤེགས་པར་བསམ་མོ། །དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་དུས་རྟག་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག སྙམ་པའི་ཚད་མེད་པ་བཞི་བསྒོམས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཆོས་ཐམས་ཅད་རྒྱུ་འབྲས་ངོ་བོ་གསུམ་དང་བྲལ་བའི་སྟོང་པ་ཉིད་དུ་བསམས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་དེ་ཡེ་ཤེས་ཀྱི་ཚོགས་སོ། །གཉིས་པ་སྲུང་འཁོར་བསྒོམ་པ་ལ་གསུམ་གྱི། དང་པོ་བདག་བསྲུང་བ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་པད་ཟླའི་སྟེང་དུ་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། རང་འདྲའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་སྒྱུ་མ་ལྟ་བུའི་སྐུ་ཅན་དུ་བསམ་མོ། །དེ་དག་ཡབ་ཡུམ་སྙོམས་པར་ཞུགས་པས་དགའ་བའི་སྒྲས་དེ་བཞིན་གཤེགས་པའི་ཚོགས་རྣམས་སྤྱན་དྲངས། སྤྱི་གཙུག་ནས་ཞུགས་ཏེ་ཞུ་བ་ལས་བྱུང་བའི་བྱང་སེམས་རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་བབས་པ་ལས་ཧཱུྃ་དུ་གྱུར། དེ་ལས་རྡོ་རྗེ། དེ་ལས་མི་བསྐྱོད་པའི་སྐུར་གྱུར་པ་ཐུགས་ཀར་དྲངས། བཛྲ་དྷྲྀཀ་ཅེས་པས་ཐུགས་ཀ་ནས་ཕྱིར་བྱུང༌། ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། ཁྱད་པར་དུ་སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་སྦྱངས། མི་བསྐྱོད་པའི་གོ་འཕང་ལ་བཀོད། སླར་གཅིག་དུ་འདུས་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས། རང་ལ་རྗེས་སུ་ཞུགས་པས་སྔར་གྱི་ཟླ་བ་ཉི་གདན་དུ་གྱུར་པའི་སྟེང་དུ། བདག་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པའི་ཉམས་ཅན། རྩ་ཞལ་ནག་པོ་དྲག་པོའི་ཉམས་ཅན། གཡས་ཞལ་དཀར་པོ་ཞི་བ། གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཕྱག་དྲུག་གི་གཡས་ན་རྡོ་རྗེ་རྩེ་དགུ་པ་འཁོར་ལོ་པདྨ། གཡོན་ན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། འོད་དམར་པོ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །གཉིས་པ་གནས་བསྲུང་བ་ནི། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་འོད་འབར་བ་བསམས་ལ། དེ་ལས་ཁྲོ་བོ་བཅུའི་སྐུ་དཔག་ཏུ་མེད་པ་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཁྲོ་བོ་བཅུའི་སྐུར་གྱུར་ནས། རང་གི་སྟེང་འོག་ཕྱོགས་མཚམས་དང་བཅས་པ་རྣམས་སུ་འཁོད་པར་བསམས་ལ། ཤར་དུ་གཤིན་རྗེའི་གཤེད་ནས། འོག་ཏུ་གནོད་མཛེས་ཀྱི་བར་ཞལ་ཕྱག་འོག་ནས་འབྱུང་བ་བཞིན་དུ་བསྒོམ། དེ་ནས་འོག་གི་གནོད་མཛེས་ལས་གནོད་མཛེས་གཉིས་པ་འོངས་ནས་མདུན་དུ་འདུག་སྟེ། བདག་གིས་ཅི་བགྱི་ཞེས་བཀའ་ནོད་པ་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཕཊ། ཅེས་བཀའ་བསྒོས་པས། གནོད་མཛེས་ཀྱི་ཕྱག་གཡས་ཀྱི་རྡོ་རྗེ་དེ་ལྕགས་ཀྱུར་གྱུར་ནས། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་ག་ནས་ལྕགས་ཀྱུས་བཀུག མགྲིན་པ་ཞགས་པས་བཅིངས། མཚོན་ཆ་ལྷག་མ་རྣམས་ཀྱིས་བསྡིགས་བཞིན་པས་བཀུག་ནས། ཁྲོ་བོ་བཅུ་ལ་གཏད་པས་ཕྱི་རོལ་དུ་ཧཱུྃ་རིང་པོ་ལས་གྲུབ་པའི་ཁྲོན་པའི་ནང་དུ་བཅུག་པར་བསམ་མོ། །དེ་ནས་བྱང་གི་བདུད་རྩི་འཁྱིལ་པའི་ཐུགས་ཀ་ནས་རྡོ་རྗེ་ཕུར་བུ་སྟོད་བདུད་རྩི་འཁྱིལ་པའི་རྣམ་པ་ཅན། ལྟེ་བ་མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ཅན་མེ་དཔུང་རབ་ཏུ་འབར་བ་བཅུ་སྤྲོས་ཏེ། ཕྱོགས་སྐྱོང་བཅུ་འཁོར་བཅས་ཀྱི་སྤྱི་བོར་ཟུག་པར་བསམ། དེ་ནས་གནོད་མཛེས་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི་སརྦ་བི་གྷྣཱན། ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བཀའ་བསྒོས་པས། གནོད་མཛེས་ཀྱི་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་འབར་བར་གྱུར་ནས། ཕུར་བུས་སྤྱི་བོ་ནས་བརྡུངས་པས་བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཕུག་སྟེ། ས་འོག་རིམ་པ་བདུན་གྱི་བར་དུ་སོན་པར་ཕུར་བུས་བཏབ་པས། ལུས་གཡོ་བ་མེད། ངག་རླུང་རྒྱུ་བ་མེད། ཡིད་རྣམ་པར་རྟོག་པ་མེད་པར་འོད་གསལ་གྱི་ངང་དུ་ཐིམ་པར་བསམས་ལ། གནོད་མཛེས་རྣམས་འོག་གི་གནོད་མཛེས་ལ་བསྡུ། དེ་ནས་ཁྲོ་བོ་དང་ཕུར་བུ་ལས་མེ་འོད་ཕྱོགས་བཅུར་འཕྲོས་པས། བགེགས་ཀྱི་འཁོར་གདུག་པ་ཅན་རྣམས་ཚིག་ཅིང་ཕྱོགས་བཅུར་བྲོས་ནས་མེ་ལྕེ་རྣམས་སླར་འདུས་ཏེ་ཕྱི་རོལ་དུ་མེའི་རྭ་བར་གྱུར་པར་བསམ་མོ། །དེ་ནས། ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲཱ་ཎཱཾ་ཊཀྐི་ཧཱུྃ་ཛ། ཞེས་བརྗོད་པས། ཁྲོ་བོའི་ཕྱི་རུ་རྡོ་རྗེའི་རྭ་བ་དང༌། དེའི་ནང་དུ་ཧཱུྃ་ལས་རྡོ་རྗེའི་གུར་དང༌། འོག་གཞི་ཧཱུྃ་ལས་རྡོ་རྗེའི་ས་གཞིར་གྱུར་པར་བསམ་མོ། །གསུམ་པ་རྣལ་འབྱོར་བསྲུང་བ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ་མགྲིན་པར་པདྨ་ལ་ཨཱཿདམར་པོ་སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ་བསམས་ལ་གོ་ཆ་བྱ་ཞིང༌། ངག་ཏུ་ཡང༌། ཨོཾ་ཨཱཿཧཱུྃ་ཅུང་ཟད་བཟླས་པས། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ་མོ། །གཉིས་པ་དངོས་གཞི་ལ་གསུམ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་གོ །དང་པོ་ལ་གཉིས་ཀྱི། དང་པོ་རྟེན་བསྐྱེད་པ་ནི། དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པའང་དམིགས་སུ་མེད་པའོ། །ཞེས་བརྗོད་ལ། སྣོད་བཅུད་སྲུང་བའི་འཁོར་ལོ་དང་བཅས་པ། འོད་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐིམ་པར་བསམས་ཏེ། ཡེ་ཤེས་ཀྱིས་བསྐྱེད་པའོ། །སྟོང་པའི་ངང་ལས་ནམ་མཁའི་ཁམས་སུ་ཆོས་ཀྱི་འབྱུང་གནས་ཟུར་གསུམ་པ་ཁ་དོག་དཀར་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། བ་དན་གྱིས་མཚན་པའི་ལོགས་གཉིས་སུ་ཧཱུྃ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མེ་འབར་བས་མཚན་པའི་ལོགས་གཉིས་སུ་ཧཱུྃ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ཆུས་གང་བས་མཚན་པའི་ལོགས་གཉིས་སུ་ཧཱུྃ་ཧཱུྃ་ལས་བྱུང་བའི་རྡོ་རྗེས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ལོགས་གཉིས་སུ་ཧཱུྃ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་མཚན་པར་བསམ་མོ། །དེ་ནས་རླུང་གིས་མེ་སྦར། མེས་ཆུ་བསྐོལ། ཆུས་ས་བཞུ་སྟེ། ཐམས་ཅད་རོ་གཅིག་དུ་འདྲེས་པ་ལས་སྣ་ཚོགས་རྡོ་རྗེར་གྱུར་པར་བསམས་ཏེ། རྡོ་རྗེའི་སའི་ཆ་བསྐྱེད་པའོ། །དེའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། རིན་པོ་ཆེའི་རྩིག་པ་ཕྱི་ནས་རིམ་པ་བཞིན། དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོ་ལ། རིན་པོ་ཆེའི་ཕྲ་ཡིས་མཛེས་པ། དེའི་སྟེང་ན་རིན་པོ་ཆེའི་བྲེ་ཕུལ་གྱི་སྟེང་ན། གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ། །ཆུ་སྲིན་གྱི་ཁ་ནས་བྱུང་བའི་དྲྭ་བ་དང༌། དྲྭ་བ་ཕྱེད་པ་དང༌། དྲིལ་བུ་དང་རྔ་ཡབ་དང་མེ་ཏོག་གི་ཕྲེང་བ་དང༌། མེ་ལོང་དང༌། ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང༌། སྟེང་དུ་མདའ་ཡབ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་གྱིས་བསྐོར་བ། དེ་དག་གི་བར་རྣམས་སུ་རྒྱལ་མཚན་དང་བ་དན་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། ཟུར་གྱི་རྩེ་བཞིར་གདུགས་བཞིས་མཛེས་ཤིང༌། ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་ལ། གཟུངས་མ་སྣ་ཚོགས་པས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་སྤྲས་པ། སྒོ་བཞིའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་རིན་པོ་ཆེའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པ། ཕྱིའི་ས་གཞི་ལ་རིན་པོ་ཆེ་སྣ་བདུན་ལ་སོགས་པ་འདོད་ཡོན་སྣ་ཚོགས་ཀྱིས་གང་བའོ། །དེའི་ནང་དུ་ལྷ་སྣམ་རིམ་པ་གཉིས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་གུའི་དབུས་སུ་དཀྱིལ་འཁོར་ནང་མ་ཕྱི་ནས་འོད་ཟེར་སྣ་ལྔས་བསྐོར་བའི་ནང་དུ་རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ། ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པའི་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་སྟེང་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་ཕྱིའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། ལྷ་དང་མི་ལས་ཁྱད་པར་དུ་འཕགས་པའི་ཁང་བཟང་དྭངས་ཤིང་ཐོགས་པ་མེད་པ། ཕྱི་བལྟས་ནང་གསལ། ནང་བལྟས་ཕྱི་གསལ་བའི་གཞལ་ཡས་ཁང་དུ་གྱུར་བའི་ནང་དུ། ཐུན་མོང་གི་གདན་སྣ་ཚོགས་པདྨ་སུམ་ཅུ་རྩ་གཅིག ཐུན་མོང་མ་ཡིན་པའི་གདན་གཙོ་བོ་དང་ཤར་ཕྱོགས་པ་རྣམས་ལ་ཟླ་བ། མཱ་མ་ཀཱི་ལ་རྡོ་རྗེ། དེ་མ་གཏོགས་ལྷོ་ཕྱོགས་པ་རྣམས་ལ་རིན་པོ་ཆེ། ནུབ་ཕྱོགས་པ་རྣམས་ལ་པདྨ་དམར་པོ། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེ། ཁྲོ་བོ་བཅུ་ལ་ཉི་མའི་གདན་ཏེ་ཐམས་ཅད་ཀྱང་ལྷ་རྫས་ཀྱི་རིན་པོ་ཆེ་ལས་གྲུབ་པར་བསམས་ཏེ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གསུམ། ལྷག་མོས་ཀྱི་ཏིང་ངེ་འཛིན། རྣལ་འབྱོར་བཞིའི་ཏིང་ངེ་འཛིན། རྗེས་ཆགས་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། བདག་ཉིད་སྐད་ཅིག་གིས་དབུས་ཀྱི་གདན་གྱི་སྟེང་དུ། རྡོ་རྗེ་འཆང་སྔོན་པོ་སྔོ་དཀར་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་ན་རྡོ་རྗེ་འཁོར་ལོ་པདྨ། གཡོན་ན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡུམ་རེག་བྱ་རྡོ་རྗེ་མ་ཞལ་ཕྱག་ཡབ་དང་འདྲ་བ་དང་སྙོམས་པར་འཇུག་པར་བསམ། དེ་དང་དུས་མཉམ་དུ་ཤར་དུ་རྣམ་སྣང་དཀར་པོ་མི་བསྐྱོད་པའི་ཅོད་པཎ་ཅན། དཀར་ནག་དམར་བའི་ཞལ་ཅན། གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོར་རིན་འབྱུང་སེར་པོ་མི་བསྐྱོད་པའི་ཅོད་པཎ་ཅན། སེར་ནག་དཀར་བའི་ཞལ་ཅན། གཡས་ནོར་བུ་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་སེར་རལ་གྲི་འཛིན་པ། ནུབ་དུ་འོད་དཔག་མེད་དམར་པོ་མི་བསྐྱོད་པའི་ཅོད་པཎ་ཅན། དམར་ནག་དཀར་བའི་ཞལ་ཅན། ཕྱག་གཡོན་དང་པོས་དྲིལ་བུ་དང་བཅས་པས་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་པ། གཡས་དང་པོས་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པ། གཡས་ལྷག་མས་རྡོ་རྗེ་འཁོར་ལོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་མི་བསྐྱོད་པའི་ཅོད་པཎ་ཅན། ལྗང་ནག་དཀར་བའི་ཞལ་ཅན། གཡས་ན་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། གཡོན་དྲིལ་བུ་པད་ལྗང་ནོར་བུ་འཛིན་པ། དེ་ཐམས་ཅད་ཀྱང་དབུ་སྐྲ་རལ་པའི་ཐོར་ཅོག་ཏུ་བྱས་པ་ལ། རིན་པོ་ཆེའི་ཅོད་པཎ་པྲོག་ཞུ་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང་མགུལ་རྒྱན་དང༌། སེ་མོ་དོ་དང༌། དོ་ཤལ་དང༌། སྐ་རགས་དང༌། ཕྱག་གདུབ་དང༌། ཞབས་གདུབ་ཀྱིས་བརྒྱན་པ། སྐུ་ལྟོས་ལྷ་རྫས་ཀྱི་ན་བཟས་ག་ཤལ་བྱས་པ། སྨད་ལྷ་རྫས་ཀྱི་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། མཚན་བཟང་པོ་སུམ་ཅུ་སོ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །ཤར་ལྷོར་སྤྱན་མ་དཀར་མོ་རྣམ་སྣང་གི་ཅོད་པཎ་ཅན། དཀར་ནག་དམར་བའི་ཞལ་གསུམ། གཡས་འཁོར་ལོ་རྡོ་རྗེ་ཨུཏྤལ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པའི་ཅོད་པཎ་ཅན། སྔོ་དཀར་དམར་བའི་ཞལ་གསུམ། གཡས་རྡོ་རྗེ་འཁོར་ལོ་ཨུཏྤལ་སྔོན་པོ་རྩ་བ་དམར་བ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ནུབ་བྱང་དུ་གོས་དཀར་མོ་དམར་མོ་འོད་དཔག་མེད་ཀྱི་ཅོད་པཎ་ཅན། དམར་ནག་དཀར་བའི་ཞལ་གསུམ། གཡོན་དང་པོས་དྲིལ་བུ་དང་བཅས་པའི་ཨུཏྤལ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་པ། གཡས་དང་པོས་ཐུགས་ཀར་ཨུཏྤལ་ཁ་འབྱེད་པར་མཛད་པ། གཡས་ལྷག་མས་རྡོ་རྗེ་འཁོར་ལོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། བྱང་ཤར་དུ་སྒྲོལ་མ་ལྗང་གུ་དོན་གྲུབ་གྱི་ཅོད་པཎ་ཅན། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་རྡོ་རྗེས་མཚན་པའི་ཨུཏྤལ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རིམ་པ་གཉིས་པའི་ཤར་ལྷོར། གཟུགས་རྡོ་རྗེ་མ་དཀར་མོ་རྣམ་སྣང་གི་ཅོད་པཎ་ཅན། དཀར་ནག་དམར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་མེ་ལོང་དམར་པོ་འཛིན་པ། གཡས་ལྷག་མས་རྡོ་རྗེ་ཨུཏྤལ་དཀར་པོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ་རིན་འབྱུང་གི་ཅོད་པཎ་ཅན། སེར་ནག་དཀར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་པི་ཝང་སྔོན་པོ་བསྒྲེང་བ། གཡས་ལྷག་མས་འཁོར་ལོ་དང་ཨུཏྤལ་སྔོན་པོ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། ནུབ་བྱང་དུ་དྲི་རྡོ་རྗེ་མ་དམར་མོ། འོད་དཔག་མེད་ཀྱི་ཅོད་པཎ་ཅན། དམར་ནག་དཀར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་དྲིའི་དུང་ཆོས་འཛིན་པ། གཡས་ལྷག་མས་རྡོ་རྗེ་འཁོར་ལོ་གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། བྱང་ཤར་དུ་རོ་རྡོ་རྗེ་མ་ལྗང་གུ། དོན་གྲུབ་ཀྱི་ཅོད་པཎ་ཅན། ལྗང་ནག་དཀར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་རོའི་སྣོད་འཛིན་པ། གཡས་ལྷག་མས་འཁོར་ལོ་རྡོ་རྗེས་མཚན་པའི་ཨུཏྤལ་འཛིན་པ། གཡོན་ལྷག་མས་རིན་པོ་ཆེ་དང་རལ་གྲི་འཛིན་པ། གཙོ་བོའི་མདུན་དུ་སྔར་གྱི་རེག་བྱ་རྡོ་རྗེ་མ་སྟེ། ལྷ་མོ་དགུ་པོ་ཐམས་ཅད་ཀྱང་ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སིལ་སྒྲ་འབྱིན་པ། འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་པ། ལྷའི་ན་བཟའ་སྣ་ཚོགས་པས་མཛེས་པའོ། །རིམ་པ་གསུམ་པའི་ཤར་གྱི་སྣམ་བུའི་གཡས་སུ་བྱམས་པ་དང༌། གཡོན་དུ་ས་སྙིང་གཉིས་དཀར་པོ་རྣམ་སྣང་གི་ཅོད་པཎ་ཅན། བྱམས་པའི་གཡས་དང་པོས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ་འཛིན་པ། ཞལ་ཕྱག་ལྷག་མ་རྣམས་རྣམ་སྣང་ལྟ་བུ། ལྷོའི་སྣམ་བུའི་གཡས་སུ་ཕྱག་རྡོར་དང་གཡོན་དུ་ནམ་སྙིང་གཉིས། རིན་འབྱུང་གི་ཅོད་པཎ་ཅན། ཞལ་ཕྱག་རིན་འབྱུང་ལྟ་བུ། ནུབ་ཀྱི་སྣམ་བུའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང༌། གཡོན་དུ་འཇམ་དཔལ་གཉིས། འོད་དཔག་མེད་ཀྱི་ཅོད་པཎ་ཅན། ཞལ་ཕྱག་འོད་དཔག་མེད་ལྟ་བུ། བྱང་གི་སྣམ་བུའི་གཡས་སུ་སྒྲིབ་སེལ་དང༌། གཡོན་དུ་ཀུན་བཟང་གཉིས་དོན་གྲུབ་ཀྱི་ཅོད་པཎ་ཅན། ཞལ་ཕྱག་དོན་གྲུབ་དང་འདྲ་བ་དེ་ཐམས་ཅད་ཀྱང་ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །ཤར་སྒོར་གཤིན་རྗེ་གཤེད་ནག་པོ་རྣམ་སྣང་གི་ཅོད་པཎ་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་གཡས་ན་དབྱུག་པ་འཁོར་ལོ་རྡོ་རྗེ། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དགྲ་སྟྭ་འཛིན་པ། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ་རིན་འབྱུང་གི་ཅོད་པཎ་ཅན། དཀར་ནག་དམར་བའི་ཞལ་གསུམ། ཕྱག་གཡས་ན་རྡོ་རྗེ། རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་རལ་གྲི། གཡོན་སྔ་མ་དང་འདྲ་བ། ནུབ་སྒོར་རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི་ཅོད་པཎ་ཅན། དམར་ནག་དཀར་བའི་ཞལ་གསུམ། ཕྱག་གཡས་པདྨ་རལ་གྲི་གཏུན་ཤིང༌། གཡོན་དྲིལ་བུ་སྙེམས་པ་དང་བཅས་པས་དཀུར་བརྟེན་པ་དང་དགྲ་སྟྭ་དང་ཞགས་པ་འཛིན་པ། བྱང་སྒོར་བགེགས་མཐར་བྱེད་སྔོན་པོ་དོན་གྲུབ་ཀྱི་ཅོད་པཎ་ཅན། སྔོ་དཀར་དམར་བའི་ཞལ་གསུམ། གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང༌། གཡོན་གཤིན་རྗེ་གཤེད་དང་འདྲ་བ། ཤར་ལྷོར་མི་གཡོ་བ་ནག་པོ་རྣམ་སྣང་གི་ཅོད་པཎ་ཅན། ནག་དཀར་དམར་བའི་ཞལ་གསུམ། གཡས་རལ་གྲི་རྡོ་རྗེ་འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ་དང་དགྲ་སྟྭ་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་འདོད་རྒྱལ་སྔོན་པོ་རིན་འབྱུང་གི་ཅོད་པཎ་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་འཆིང་བ། གཡས་ལྷག་མས་རྡོ་རྗེ་རལ་གྲི། གཡོན་ལྷག་མས་ཞགས་པ་དང་ལྕགས་ཀྱུ་འཛིན་པ། ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ་འོད་དཔག་མེད་ཀྱི་ཅོད་པཎ་ཅན། སྔོ་དཀར་དམར་བའི་ཞལ་གསུམ། གཡས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་རལ་གྲི་འཁོར་ལོ། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་པདྨ་དགྲ་སྟྭ་འཛིན་པ། བྱང་ཤར་དུ་སྟོབས་པོ་ཆེ་སྔོན་པོ་དོན་གྲུབ་ཀྱི་ཅོད་པཎ་ཅན། ནག་དཀར་དམར་བའི་ཞལ་གསུམ། ཕྱག་གཡས་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ་རྡོ་རྗེ་འཁོར་ལོ། །གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་རྩེ་གསུམ་དགྲ་སྟྭ་འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་མི་བསྐྱོད་པའི་ཅོད་པཎ་ཅན། སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དང་པོ་གཉིས་ཀྱིས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་མཛད་པ། གཡས་ལྷག་མས་རྡོ་རྗེ་པདྨ། གཡོན་ལྷག་མས་སྡིགས་མཛུབ་རལ་གྲི་འཛིན་པ། འོག་ཏུ་གནོད་མཛེས་སྔོན་པོ་མི་བསྐྱོད་པའི་ཅོད་པཎ་ཅན། ནག་དཀར་དམར་བའི་ཞལ་གསུམ། གཡས་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་པདྨ་རལ་གྲི་འཛིན་པ། ཁྲོ་བོ་བཅུ་ཀའང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་སེར་འབར་བ། བཞིན་ཤིན་ཏུ་རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན། དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། མི་བཟད་པའི་ཧ་ཧའི་གད་རྒྱངས་དྲག་པོ་སྒྲོགས་ཤིང་མཆེ་བ་རྣོན་པོ་གཙིགས་པ། གསུས་ཁྱིམ་ཆེ་ཞིང་གསུས་པས་འཕྱང་བ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་ཅིང༌། སྦྲུལ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་རྣ་བ་ལ་བརྒྱན་པ། རིགས་ལྡན་ཁྲ་བོས་དཔུང་པ་ལ་བརྒྱན་པ། པདྨ་དཀར་པོས་མགུལ་པ་ལ་བརྒྱན་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། སྟོབས་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུའི་སྐ་རགས་བྱས་པ། པདྨ་ཆེན་པོ་དཀར་པོས་རྐང་གདུབ་བྱས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་གདུག་པ་ཅན་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་བསམས་ཏེ། ལྷག་མོས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །དེ་ནས་ལྷ་སོ་སོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་གྱི་སྒོ་བཞི་ནས། རྡོ་རྗེ་སེམས་དཔའི་འཇུག་པས་ཞུགས་ཏེ། ལྷ་རྣམས་ཀྱི་སྐུ་མཐོང་བས་སྒྲིབ་པ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས། རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས་རྒྱུད་རྣམ་པར་དག་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་པས། རྡོ་རྗེ་སེམས་དཔའ་གྱུར་ནས་རང་རང་གི་ཞིང་དུ་གཤེགས་པར་བསམས་ཏེ། ལྷག་མོས་ཀྱི་མཛད་པའོ། །གཉིས་པ་རྣལ་འབྱོར་བཞིའི་དང་པོ་རྣལ་འབྱོར་ནི། དེ་ནས་རང་གི་སྙིང་གའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་དྲངས་ཏེ། སྤྱི་བོར་རྣམ་པར་སྣང་མཛད་ནས། རྐང་མཐིལ་དུ་གནོད་མཛེས་རྒྱལ་པོའི་བར་འོག་སྐུའི་དཀྱིལ་འཁོར་གྱི་སྐབས་ལྟར། ལུས་ཀྱི་གནས་རྣམས་སུ་བཀོད་པས། རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང་ངོ་བོ་དབྱེར་མེད་པར་གྱུར་ཏེ། རང་གི་ལུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར་དུ་བསམས་ཏེ། ལྷག་མོས་ལུས་ལ་བསྡུ་བའོ། །དེ་ནས་ལུས་དཀྱིལ་གྱི་ལྷ་རྣམ་སྣང༌། སྤྱན་མ་གཟུགས་རྡོ་རྗེ། བྱམས་པ། སའི་སྙིང་པོ། གཤིན་རྗེ་གཤེད། མི་གཡོ་བ་རྣམས་འོད་གསལ་དུ་ཐིམ། དེ་ནས་རིན་འབྱུང༌། མཱ་མ་ཀཱི། ཕྱག་ན་རྡོ་རྗེ། སྒྲ་རྡོ་རྗེ། གཞན་གྱིས་མི་ཐུབ་པ། འདོད་པའི་རྒྱལ་པོ་རྣམས་འོད་གསལ་དུ་ཐིམ། དེ་ནས་འོད་དཔག་མེད། གོས་དཀར་མོ། དྲི་རྡོ་རྗེ། ནམ་མཁའི་སྙིང་པོ། རྟ་མགྲིན། དབྱུག་སྔོན་ཅན་རྣམས་འོད་གསལ་དུ་ཐིམ། དེ་ནས་དོན་གྲུབ། སྒྲོལ་མ། འཇིག་རྟེན་དབང་ཕྱུག རོ་རྡོ་རྗེ། སྒྲིབ་སེལ། ཀུན་བཟང༌། བགེགས་མཐར་བྱེད། སྟོབས་པོ་ཆེ་རྣམས་འོད་གསལ་དུ་ཐིམ། དེ་ནས་སྟེང་འོག་གི་ཁྲོ་བོ་གཉིས་རེག་བྱ་རྡོ་རྗེ་དང་བཅས་པ་འཇམ་དཔལ་ལ་ཐིམ། འཇམ་དཔལ་གཙོ་བོ་ལ་དེའང་འོད་གསལ་དུ་ཐིམ་པར་བསམས་ཏེ། ལྷག་མོས་དོན་དམ་པའི་དཀྱིལ་འཁོར་དུ་བསྡུ་བའོ། །དེ་ལྟར་ཐམས་ཅད་སྟོང་པ་འོད་གསལ་འཁོར་བ་དང་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་དུ་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་དེ་བཞིན་ཉིད་ལས་བྱང་ཆུབ་པའོ། །སྟོང་པའི་ངང་ལས་གཞལ་ཡས་ཁང་གི་དབུས་ཀྱི་ནམ་མཁར་ཧཱུྃ་སྔོན་པོ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿདམར་པོ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩིགས་པ། ཡི་གེ་གསུམ་དང་པདྨ་ཡས་མར་ཐིམ། ཉི་མ་མས་ཡར་ཐིམ་ཏེ་ཐམས་ཅད་འདུས་པས། ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཉ་གང་བ་ལྟ་བུར་བསམ། དེ་ལས་འོད་འཕྲོས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བསྡུས་ནས་ཟླ་བ་ལ་ཐིམ་པས། ཐམས་ཅད་རང་གི་སེམས་འོད་གསལ་བའི་བདག་ཉིད་དུ་བསྒོམས་ལ། ཨོཾ་དྷརྨཱ་དྷཱ་དྷུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་ཟླ་བ་ལས་བྱང་ཆུབ་པའོ། །གཉིས་པ་རྗེས་སུ་རྣལ་འབྱོར་ནི། ཟླ་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་དགོད་དེ། ས་བོན་ལས་བྱང་ཆུབ་པའོ། །དེ་ལས་འོད་འཕྲོས་ཕྱོགས་བཅུ་ནས་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ་དེ་ལ་ཐིམ་པས། རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམས་ལ། བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་ཕྱག་མཚན་ལས་བྱང་ཆུབ་པའོ། །དེ་ནས་རྡོ་རྗེ་ཨོཾ་ཨཱཿཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་དང་པོའི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་པ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེས་སྤྲས་ཤིང་ལོངས་སྤྱོད་རྫོགས་པའི་སྐུ་ཅན་དུ་བསམས་པ་ནི་སྐུ་རྫོགས་པ་ལས་བྱང་ཆུབ་པའོ། །གསུམ་པ་ཤིན་ཏུ་རྣལ་འབྱོར་ནི། དང་པོའི་མགོན་པོའི་ཐུགས་ཀ་ནས་མི་བསྐྱོད་པ་སྤྲོས། དེས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱས། སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་གི་སྒྲིབ་པ་སྦྱངས། སླར་སྐུ་གཅིག་ཏུ་གྱུར་པ་བདག་ཉིད་ལ་རྗེས་སུ་ཞུགས་པས། བདག་ཉིད་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་པོ་ཆེ་རལ་གྲི་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་པ་ནི། སྤྲུལ་སྐུར་བསྒྱུར་བའོ། །དེའི་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་གཞལ་ཡས་ཁང་གྲུ་བཞི། ཁ་དང་སྣ་བུག་གཡས་གཡོན་འོག་སྒོ་སྟེ། རླུང་རྒྱུ་བའི་བུ་ག་བཞི་ནི་སྒོ་བཞི། ཀུན་རྫོབ་ཀྱི་སྣ་རྩེ་སྙིང་གའི་སྣ་རྩེ་གསང་གནས་དང་ལྟེ་བ་གཉིས་ནི་གསང་བའི་སྣ་རྩེ་སྟེ། སྣ་རྩེ་བཞི་ནི་རྟ་བབས་བཞི། རྣམ་རྟོག་གི་བཞོན་པ་ཡེ་ཤེས་ལྔ་དག་པའི་རླུང་ལྔ་ནི་རྩིག་པ་ལྔ། ལྕེའི་རྣམ་ཤེས་རིན་ཆེན་ཕ་གུ། རྒྱུ་མ་དྲྭ་བ། རྒྱུས་པ་དྲྭ་བ་ཕྱེད་པ། བྱང་སེམས་དཀར་པོའི་ཆ་ནི་ཟླ་ཕྱེད། མིག་གི་རྣམ་ཤེས་མེ་ལོང༌། རྣ་བའི་རྣམ་ཤེས་བ་དན། སྣའི་རྣམ་ཤེས་མེ་ཏོག་གི་ཕྲེང་བ། ལུས་ཀྱི་རྣམ་ཤེས་དར་འཕན། མིག་རྟ་བབས་ཀྱི་སྟེང་གི་ཆོས་ཀྱི་འཁོར་ལོའི་མཚན་མ། ཡིད་ཀྱི་རྣམ་ཤེས་རི་དྭགས། སྣ་རྟ་བབས་ལ་གནས་པའི་བ་དན། ལྕེ་དྲིལ་བུ། རྣ་བ་སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང༌། ཟུར་གྱི་རྡོ་རྗེ་རིན་པོ་ཆེ། ལུས་ཀྱི་ཚོགས་རྣམས་རྔ་ཡབ་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན། རྐང་བརྒྱད་ནི་ཀ་བ་བརྒྱད། ཡིད་དབང་དབུས་ཀྱི་པདྨ། ལྟོ་བ་བུམ་པ་སྟེ། རྡོ་རྗེ་འཆང་གི་ལུས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གྱུར་པར་བསམ་མོ། །དེ་ནས་སྤྱི་བོར་གཟུགས་ཕུང་གི་ངོ་བོ་ཨོཾ་དཀར་པོ་ལས་རྣམ་སྣང༌། མགྲིན་པར་འདུ་ཤེས་ཀྱི་ངོ་བོ་ཨཱཿདམར་པོ་ལས་འོད་དཔག་མེད། སྙིང་གར་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་སྔོན་པོ་ལས་མི་བསྐྱོད་པ། ལྟེ་བར་ཚོར་བའི་ངོ་བོ་སྭཱ་སེར་པོ་ལས་རིན་འབྱུང༌། བརླ་རྩར་འདུ་བྱེད་ཀྱི་ངོ་བོ་ཧཱ་ལྗང་གུ་ལས་དོན་གྲུབ། ལྟེ་བར་ས་ཁམས་ཀྱི་ངོ་བོ་ལྃ་ལས་སྤྱན་མ། སྙིང་གར་ཆུ་ཁམས་ཀྱི་ངོ་བོ་མཱྃ་ལས་མཱ་མ་ཀཱི། མགྲིན་པར་མེ་ཁམས་ཀྱི་ངོ་བོ་པྃ་ལས་གོས་དཀར་མོ། སྤྱི་བོ་རླུང་ཁམས་ཀྱི་ངོ་བོ་ཏཱྃ་ལས་སྒྲོལ་མ། མིག་ཏུ་མིག་དབང་གི་ངོ་བོ་ཐིཾལ་ལས་ས་སྙིང༌། རྣ་བར་རྣ་བའི་དབང་པོའི་ངོ་བོ་ཨོཾ་ལས་ཕྱག་རྡོར། སྣར་སྣའི་དབང་པོའི་ངོ་བོ་ཨོཾ་ལས་ནམ་སྙིང༌། ལྕེར་ལྕེའི་དབང་པོའི་ངོ་བོ་ཨོཾ་ལས་འཇིག་རྟེན་དབང་ཕྱུག སྙིང་གར་ཡིད་དབང་གི་ངོ་བོ་ཧཱུྃ་ལས་འཇམ་དབྱངས། རྡོ་རྗེའི་སྒོར་ལུས་དབང་གི་ངོ་བོ་ཨོཾ་ལས་སྒྲིབ་སེལ། ཚིགས་མཚམས་སུ་ཚིགས་མཚམས་ཀྱི་ངོ་བོ་སཾ་ལས་ཀུན་བཟང༌། སྤྱི་གཙུག་ཏུ་རྩ་རྒྱུས་ཀྱི་ངོ་བོ་མཻཾ་ལས་བྱམས་པ། མིག་གི་སྒོར་གཟུགས་ཀྱི་ངོ་བོ་ཛཿལས་གཟུགས་རྡོ་རྗེ་མ། རྣ་བར་སྒྲའི་ངོ་བོ་ཧཱུྃ་ལས་སྒྲ་རྡོ་རྗེ་མ། སྣར་དྲིའི་ངོ་བོ་བྃ་ལས་དྲི་རྡོ་རྗེ་མ། ལྕེར་རོའི་ངོ་བོ་ཧོཿལས་རོ་རྡོ་རྗེ་མ། རྡོ་རྗེའི་སྒོར་རེག་བྱའི་ངོ་བོ་ཁཾ་ལས་རེག་བྱ་རྡོ་རྗེ་མ་རྣམས་རང་རང་གི་གནས་ཀྱི་བྱང་ཆུབ་སེམས་དཔའ་དང་སྙོམས་པར་འཇུག་པ། ལག་པ་གཡས་པར་དེའི་ངོ་བོ་ཧཱུྃ་ལས་གཤིན་རྗེ་གཤེད། དེ་བཞིན་དུ་གཡོན་པར་གཞན་གྱིས་མི་ཐུབ་པ། ཁར་རྟ་མགྲིན། རྡོ་རྗེར་བདུད་རྩི་འཁྱིལ་པ། དཔུང་པ་གཡས་པར་མི་གཡོ་བ། གཡོན་པར་འདོད་རྒྱལ། པུས་མོ་གཡས་པར་དབྱུག་སྔོན་ཅན། གཡོན་པར་སྟོབས་པོ་ཆེ། སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར་བ། རྐང་མཐིལ་གཉིས་སུ་རྐང་མཐིལ་གྱི་ངོ་བོ་ཧཱུྃ་ལས་གནོད་མཛེས་རྒྱལ་པོ་རྣམས་བསམས་ཏེ། ལུས་ཀྱི་དཀྱིལ་འཁོར་བསྒོམ་པའོ། །བཞི་པ་རྣལ་འབྱོར་ཆེན་པོ་ནི་རང་གི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་དཀར་པོ་འོད་ཟེར་ལྔ་འཕྲོ་བ། དེ་ལས་སྤྱན་མའི་ཚོགས་སྤྲོས་དེ་དག་གིས་རང་བཞིན་གྱི་གནས་ནས་རྣམ་སྣང་སྤྱན་མ་དང་སྙོམས་པར་འཇུག་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ནམ་མཁའ་ཁྱབ་པར་གང་བའི་དབུས་སུ། གཙོ་བོ་སྐུ་རྡོ་རྗེ་མཚན་དཔེས་སྤྲས་པའི་མདུན་དུ་བདག་ཉིད་འདུག་སྟེ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཞེས་གཙོ་བོ་དང་འཁོར་ལ་གསོལ་བ་གདབ་པས། རྣམ་སྣང་འཁོར་དང་བཅས་པ་བདག་གི་སྤྱི་གཙུག་ནས་ཞུགས་པས། རང་གི་ལུས་སྐུ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡི་རབ་བཀང་བས། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ཅེས་སྨོན་ལམ་བཏབ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་ཏེ་སྐུ་བྱིན་གྱིས་བརླབ་པའོ། །ལྕེར་པདྨ་ལ་གནས་པའི་ཨཱ༔དམར་པོ་འོད་ཟེར་ལྔ་འཕྲོ་བ། དེ་ལས་གོས་དཀར་མོའི་ཚོགས་སྤྲོས། དེ་དག་གིས་རང་བཞིན་གྱིས་གནས་ནས་འོད་དཔག་མེད་གོས་དཀར་མོ་དང་སྙོམས་པ་འཇུག་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ནམ་མཁའ་ཁྱབ་པར་གང་བའི་དབུས་སུ་གཙོ་བོ་གསུང་རྡོ་རྗེ་མཚན་དཔེས་སྤྲས་པའི་མདུན་དུ་བདག་ཉིད་འདུག་སྟེ། ཆོས་ཀྱི་གསུང་ལམ་དཔལ་ལྡན་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་གཙོ་འཁོར་ལ་གསོལ་བཏབ་པས། འོད་དཔག་མེད་འཁོར་བཅས་བདག་གི་མགྲིན་པ་ནས་ཞུགས་པས་རང་གི་ངག་གསུང་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང༌། །ཆོས་འཛིན་པ་དང་འདྲ་བར་ཤོག །ཅེས་སྨོན་ལམ་བཏབ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ་གསུང་བྱིན་གྱིས་བརླབས་པའོ། །སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་འོད་ཟེར་ལྔ་འཕྲོ་བ། དེ་ལས་མཱ་མ་ཀཱིའི་ཚོགས་སྤྲོས། དེ་དག་གིས་རང་བཞིན་གྱི་གནས་ནས་མི་བསྐྱོད་པ་མཱ་མ་ཀཱི་དང་སྙོམས་པར་འཇུག་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ནམ་མཁའ་ཁྱབ་པར་གང་བའི་དབུས་སུ། གཙོ་བོ་ཐུགས་རྡོ་རྗེ་མཚན་དཔེས་སྤྲོས་པའི་མདུན་དུ་བདག་ཉིད་འདུག་སྟེ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་གནས་སུ། །རྡོ་རྗེའི་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་གཙོ་འཁོར་ལ་གསོལ་བ་བཏབ་པས། མི་བསྐྱོད་པ་འཁོར་བཅས་རང་གི་སྙིང་ག་ནས་ཞུགས་པས། རང་གི་སེམས་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲ་འགྱུར་ཞིང༌། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །ཅེས་སྨོན་ལམ་བཏབ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་ཏེ་ཐུགས་བྱིན་གྱིས་བརླབ་པའོ། །དེ་ནས་བདག་ཉིད་སྐུ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་སྟེ་སྒོ་གསུམ་བྱིན་གྱིས་བརླབ་པའོ། །རང་དམ་ཚིག་སེམས་དཔར་ཡུན་རིང་དུ་བསམས་ལ། སྙིང་གའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སྙིང་གར་ཟླ་བ་ལ་གནས་པའི་རང་འདྲའི་ཡེ་ཤེས་སེམས་དཔའ་གསུང་ལོངས་སྐུའི་བདག་ཉིད་ཅན། ཡུངས་ཀར་གྱི་ཚད་ཙམ་པར་བསམ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་རྡོ་རྗེ་སྔོན་པོའི་ལྟེ་བར་ཐུགས་ཆོས་སྐུའི་ངོ་བོ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ནག་པོ་རྟག་ཏུ་འཆར་བ་མར་མེ་ཆེན་པོ་ལྟ་བུ། མི་ཤེས་པའི་མུན་པ་འཇོམས་པའི་རྟགས་སུ་སྣང་བའི་ཕུང་པོ་ཆེན་པོ་འབར་བར་བསམ་མོ། །རང་གི་སྤྱི་གཙུག་ཏུ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རང་འདྲའི་ཤེས་རབ་མ་ལ་འཁྱུད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་སྙོམས་འཇུག་གི་སྦྱོར་བས་ཟླ་བའི་འོད་ཟེར་གྱི་ཚོགས་དང་འདྲ་བའི་བདུད་རྩི་འཛག་པས་སེམས་དཔའ་གསུམ་ཀ་ཚིམ་ཞིང་མཉེས་པར་བསམས་པ་ནི་སེམས་དཔའ་སུམ་བརྩེགས་བསྒོམ་པའོ། །གསུམ་པ་རྗེས་ཆགས་ཀྱི་ཏིང་ངེ་འཛིན་ནི། ཕྱིའི་རང་རིགས་ཀྱི་ཕྱག་རྒྱའམ། ཡང་ན་སྙིང་ག་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ཕྱུང༌། དེ་ཁཾ་ལས་རྡོ་རྗེ། དེ་ལས་རེག་བྱ་རྡོ་རྗེ་མར་བསྐྱེད། དེའི་སྤྱི་བོར་གཟུགས་ཕུང་གི་ངོ་བོ་ཨོཾ་དཀར་པོ་ཅེས་པ་ནས། སྤྱི་བོར་རླུང་ཁམས་ཀྱི་ངོ་བོ་ཏཱྃ་ལས་སྒྲོལ་མ་བསྐྱེད་པའི་བར་དང༌། མིག་གི་སྒོར་གཟུགས་ཀྱི་ངོ་བོ་ཛཾཿལས་གཟུགས་རྡོ་རྗེ་མ་ནས་བྷ་གའི་རྩེ་མོར་རེག་བྱའི་ངོ་བོ་ཁཾ་ལས་རེག་བྱ་རྡོ་རྗེ་མ་རྣམས་རང་རང་གི་ཡབ་བྱང་ཆུབ་སེམས་དཔའ་དང་སྙོམས་པར་འཇུག་བཞིན་པར་བསམ། ལག་པ་གཡས་པར་དེའི་ངོ་བོ་ཧཱུྃ་ལས་རོ་ལངས་མ། དེ་བཞིན་དུ་གཡོན་པར་གཞན་གྱིས་མི་ཐུབ་མ། ཁར་ཁྲོ་གཉེར་མ། བྷ་གར་རལ་གཅིག་མ། དཔུང་པ་གཡས་པར་དེ་བཞིན་གཤེགས་པའི་ཡུམ་རྡོ་རྗེ་མ། གཡོན་པར་སྣ་ཚོགས་རིན་ཆེན་མ། པུས་མོ་གཡས་པར་སྣ་ཚོགས་པདྨ། གཡོན་པར་སྣ་ཚོགས་ལས་མ། སྤྱི་བོར་ནམ་མཁའི་རྡོ་རྗེ་མ། རྐང་མཐིལ་གཉིས་སུ་དེའི་ངོ་བོ་ཧཱུྃ་ལས་ས་འཛིན་ལྷ་མོ་རྣམས་ཁྲོ་མོའི་སྐུ་ཅན། ནུ་འབུར་ཟུང་དང་ལྡན་པ། ཞལ་ཕྱག་ཁྲོ་བཅུ་བཞིན་བསམས་ཏེ། །ཕྱག་རྒྱ་འདུ་བྱ་བའོ། །དེ་ནས་རང་གི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྩེ་མོ་དབུས་མའི་ནོར་བུའི་ཆ་ལ་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པར་བསམས་ཏེ། རྡོ་རྗེ་པདྨ་འདུ་བྱ་བའོ། །སྙོམས་པར་ཞུགས་པས་རྡོ་རྗེ་དང་པདྨའི་ནང་འོད་ཟེར་ལྔས་གང་བར་བསམ། དེ་ནས་རང་རིན་འབྱུང་དུ་གྱུར་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ། ཞེས་པས་སྙོམས་པར་ཞུགས། རང་རྡོ་རྗེ་འཆང་དུ་གྱུར་པར་བསམས་ལ། ཧཱུྃ་གླུར་བླང་ཞིང་ལས་ལ་གནས་པར་བྱས་ལ། ཕཊ། དེ་ནས་རང་དོན་གྲུབ་ཏུ་གྱུར་པར་བསམས་ལ་ལུས་དཀྱིལ་གྱི་ལྷ་ཐིག་ལེར་ཞུ་ནས། པདྨའི་དབུས་སུ་བབས་པས་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧྃ། ཞེས་ང་རྒྱལ་གཟུང་ངོ༌། །གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ནི། སླར་ཡང་ཡབ་ཡུམ་སྙོམས་པར་འཇུག་པའི་དགའ་བའི་སྒྲས། དཀྱིལ་འཁོར་གྱི་འཁོར་ལོ་སྤྱན་དྲངས་སྤྱི་གཙུག་ནས་ཞུགས་ཏེ་ཞུ་བ་ལས་རང་ཡབ་ཡུམ་གྱི་ལུས་དཀྱིལ་གྱི་ལྷ་དང་བཅས་པ་ཐིག་ལེའི་རྣམ་པར་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ། ཐིག་ལེ་ཆ་གཉིས་སུ་གྱུར་ནས་ཆ་གཅིག་བྷྲཱུྃ་ལས་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད། ཐིག་ལེ་ཆ་གཅིག་ཆ་སོ་གཉིས་སུ་གྱུར་ནས། སོ་སོའི་གདན་གྱི་སྟེང་དུ་འཁོད་པ་ལས་ལྷ་རྣམས་ལ་བསྐྱེད་དེ། དེའང་དབུས་ཀྱི་ཐིག་ལེ་ཨོཾ་ཨཱཿཧཱུྃ་ཧཱུྃ་དུ་གྱུར། དེ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ལས་མི་བསྐྱོད་པ་ཞལ་ཕྱག་སྔར་བཞིན་བསམ། དེ་བཞིན་དུ་ཤར་གྱི་ཐིག་ལེ་ཨོཾ་ཨཱཿཨོཾ་ཧཱུྃ། དེ་ལས་འཁོར་ལོ། དེ་ལས་རྣམ་པར་སྣང་མཛད། ལྷོའི་ཐིག་ལེ་ཨོཾ་ཨཱཿསྭཱ་ཧཱུྃ། དེ་ལས་ནོར་བུ། དེ་ལས་རིན་ཆེན་འབྱུང་ལྡན། ནུབ་ཀྱི་ཐིག་ལེ་ཨོཾ་ཨཱཿཨཱཿཧཱུྃ། དེ་ལས་པདྨ། དེ་ལས་འོད་དཔག་མེད་པ། བྱང་གི་ཐིག་ལེ་ཨོཾ་ཨཱཿཧཱ་ཧཱུྃ། དེ་ལས་རལ་གྲི། དེ་ལས་དོན་ཡོད་གྲུབ་པ། ཤར་ལྷོའི་ཐིག་ལེ་ཨོཾ་ཨཱཿལྃ་ཧཱུྃ། དེ་ལས་ཨུཏྤལ་དཀར་པོ། དེ་ལས་སྤྱན་མ། ལྷོ་ནུབ་ཀྱི་ཐིག་ལེ་ཨོཾ་ཨཱཿམཱྃ་ཧཱུྃ། དེ་ལས་ཨུཏྤལ་སྔོན་པོ། དེ་ལས་མཱ་མ་ཀཱི། ནུབ་བྱང་གི་ཐིག་ལེ་ཨོཾ་ཨཱཿཔྃ་ཧཱུྃ། དེ་ལས་ཨུཏྤལ་དམར་པོ། དེ་ལས་གོས་དཀར་མོ། བྱང་ཤར་གྱི་ཐིག་ལེ་ཨོཾ་ཨཱཿཏཱྃ་ཧཱུྃ། དེ་ལས་ཨུཏྤལ་ལྗང་གུ། དེ་ལས་སྒྲོལ་མ་ལྗང་གུ། རིམ་པ་གཉིས་པའི་ཤར་ལྷོའི་ཐིག་ལེ་ཨོཾ་ཨཱཿཛཿཧཱུྃ། དེ་ལས་མེ་ལོང་དམར་པོ། དེ་ལས་གཟུགས་རྡོ་རྗེ་མ། ལྷོ་ནུབ་ཀྱི་ཐིག་ལེ་ཨོཾ་ཨཱཿཧཱུྃ་ཧཱུྃ། དེ་ལས་པི་ཝང་སྔོན་པོ། དེ་ལས་སྒྲ་རྡོ་རྗེ་མ། ནུབ་བྱང་གི་ཐིག་ལེ་ཨོཾ་ཨཱཿབྃ་ཧཱུྃ། དེ་ལས་དྲིའི་དུང་ཆོས། དེ་ལས་དྲི་རྡོ་རྗེ་མ། བྱང་ཤར་གྱི་ཐིག་ལེ་ཨོཾ་ཨཱཿཧོཿཧཱུྃ། དེ་ལས་བཅུད་ཀྱི་སྣོད། དེ་ལས་རོ་རྡོ་རྗེ་མ། གཙོ་བོའི་མདུན་གྱི་ཐིག་ལེ་ཨོཾ་ཨཱཿཁཾ་ཧཱུྃ། དེ་ལས་རྡོ་རྗེ། དེ་ལས་རེག་རྡོ་རྗེ་མ། རིམ་པ་གསུམ་པའི་ཤར་སྒོའི་གཡས་ཀྱི་ཐིག་ལེ་ཨོཾ་ཨཱཿམཻཾ་ཧཱུྃ། དེ་ལས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ། དེ་ལས་བྱམས་པ། གཡོན་གྱི་ཐིག་ལེ་ཨོཾ་ཨཱཿཐལིཾ་ཧཱུྃ། དེ་ལས་འཁོར་ལོ། དེ་ལས་སའི་སྙིང་པོ། ལྷོའི་གཡས་ཕྱོགས་ཀྱི་ཐིག་ལེ་ཨོཾ་ཨཱཿཨོཾ་ཧཱུྃ། དེ་ལས་རིན་པོ་ཆེ། དེ་ལས་ཕྱག་ན་རྡོ་རྗེ། གཡོན་གྱི་ཐིག་ལེ་ཨོཾ་ཨཱཿཨོཾ་ཧཱུྃ། དེ་ལས་རིན་པོ་ཆེ། དེ་ལས་ནམ་མཁའི་སྙིང་པོ། ནུབ་ཀྱི་གཡས་ཀྱི་ཐིག་ལེ་ཨོཾ་ཨཱཿཨོཾ་ཧཱུྃ། དེ་ལས་པདྨ། དེ་ལས་འཇིག་རྟེན་དབང་ཕྱུག གཡོན་གྱི་ཐིག་ལེ་ཨོཾ་ཨཱཿཧཱུྃ་ཧཱུྃ། དེ་ལས་པདྨ། དེ་ལས་འཇམ་དཔལ། བྱང་གི་གཡས་ཀྱི་ཐིག་ལེ་ཨོཾ་ཨཱཿཨོཾ་ཧཱུྃ། དེ་ལས་རལ་གྲི། དེ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། གཡོན་གྱི་ཐིག་ལེ་ཨོཾ་ཨཱཿསྃ་ཧཱུྃ། དེ་ལས་རལ་གྲི། དེ་ལས་ཀུན་ཏུ་བཟང་པོ། ཤར་སྒོའི་ཐིག་ལེ་ཨོཾ་ཨཱཿཧཱུྃ་ཧཱུྃ། དེ་ལས་དབྱུག་པ། དེ་ལས་གཤིན་རྗེ་གཤེད། དེ་བཞིན་དུ་ས་བོན་ཐམས་ཅད་འདྲ་བར་སྦྱར་ལ། ལྷོ་སྒོའི་ཐིག་ལེ་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ། དེ་ལས་ཤེས་རབ་མཐར་བྱེད། ནུབ་སྒོའི་ཐིག་ལེ་པདྨ་དམར་པོ། དེ་ལས་པདྨ་མཐར་བྱེད། བྱང་སྒོའི་ཐིག་ལེ་སྣ་ཚོགས་རྡོ་རྗེ། དེ་ལས་བགེགས་མཐར་བྱེད། ཤར་ལྷོའི་ཐིག་ལེ་རལ་གྲི། དེ་ལས་མི་གཡོ་བ། ལྷོ་ནུབ་ཀྱི་ཐིག་ལེ་རྡོ་རྗེ། དེ་ལས་འདོད་པའི་རྒྱལ་པོ། ནུབ་བྱང་གི་ཐིག་ལེ་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ། དེ་ལས་དབྱུག་སྔོན་ཅན། བྱང་ཤར་གྱི་ཐིག་ལེ་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ། དེ་ལས་སྟོབས་པོ་ཆེ། སྟེང་གི་ཐིག་ལེ་རྡོ་རྗེ། དེ་ལས་གཙུག་ཏོར་འཁོར་ལོ་སྒྱུར་བ། འོག་གི་ཐིག་ལེ་ཨོཾ་ཨཱཿཧཱུྃ་ཧཱུྃ། དེ་ལས་རྡོ་རྗེ། དེ་ལས་གནོད་མཛེས་རྒྱལ་པོ་རྣམས་ཞལ་ཕྱག་སྔར་ལྷག་མོས་ཀྱི་སྐབས་ལྟར་བསམས་ཏེ། མངལ་དུ་དཀྱིལ་འཁོར་བསྐྱེད་པའོ། །དེ་ནས་ཕྱིར་སྤྲོ་བའི་ཚེ། དང་པོར་མི་བསྐྱོད་པ་ལ་སོགས་པའི་ལྷ་རེ་རེ་ཞིང་ཡུམ་གྱི་མཁའ་ནས་ཡབ་ཀྱི་ཐུགས་ཀར་དྲངས། ཐུགས་ཀ་ནས་སོ་སོའི་འབྱིན་སྔགས་ཀྱིས་ཕྱིར་སྤྲོ་སྟེ། དེའང་བཛྲ་དྷྲྀཀ་ཅེས་བརྗོད་པས། མི་བསྐྱོད་པའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་སངས་རྒྱས་སྤྱིའི་མཛད་པ་མཛད། ཁྱད་པར་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས་ཏེ། ཞེ་སྡང་རྡོ་རྗེའི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་གཅིག་ཏུ་འདུས་མི་བསྐྱོད་པ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་སླར་འདུས་ནས་བདག་ཉིད་ཀྱི་མདུན་དུ་གནས་པར་བསམ། དེ་བདག་ཉིད་ཀྱི་སྙིང་གར་རྗེས་སུ་ཞུགས་པས། སྔར་གྱི་ཟླ་གདན་ཉི་གདན་དུ་གྱུར་པའི་སྟེང་དུ་རང་ཉིད་རྡོ་རྗེ་སེམས་དཔའ་ཞི་བ། དེ་ཞེ་སྡང་རྡོ་རྗེར་གྱུར་ཏེ། སྐུ་མདོག་མཐིང་ནག རྩ་ཞལ་ནག་པོ་ཁྲོས་པའི་ཉམས་ཅན། གཡས་ཞལ་དཀར་པོ་ཞི་བའི་ཉམས་ཅན། གཡོན་ཞལ་དམར་པོ་འདོད་ཆགས་ཆེན་པོའི་ཉམས་ཅན། ཕྱག་གཡས་ན་རྡོ་རྗེ་རྩེ་དགུ་འཁོར་ལོ་པདྨ། གཡོན་ན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་ཅིང༌། རྩ་ཕྱག་གཉིས་ཀྱིས་རེག་བྱ་རྡོ་རྗེ་མ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཅོག་ཏུ་བྱས་པ་ལ། རིན་པོ་ཆེའི་ཅོད་པཎ་པྲོག་ཞུ་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང༌། མགུལ་རྒྱན་དང༌། སེ་མོ་དོ་དང༌། དོ་ཤལ་དང༌། སྐ་རགས་དང༌། ཕྱག་གདུབ་དང༌། ཞབས་གདུབ་ཀྱི་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་ན་བཟས་ག་ཤལ་བྱས་པ། སྨད་ལྷ་རྫས་ཀྱི་དར་སྣ་ཚོགས་ཀྱི་ཤམ་ཐབས་གྲོལ་བ། སྣ་ཚོགས་པདྨ་དང་ཉི་མའི་སྟེང་ན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་བཟང་པོ་སོ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འདོད་ཆགས་ཆེན་པོ་དང་ཁྲོ་བ་འདྲེས་པའི་ཉམས་ཅན་དུ་བསམ། དེ་ནས་རང་ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་འཁོར་རྣམས་སྤྲོ་བའི་ཕྱིར། མཁའ་ནང་གི་རྣམ་སྣང་རང་གི་ཐུགས་ཀར་དྲངས། ཐུགས་ཀ་ནས་ཛི་ན་ཛིཀ་«་་་་་རྒྱལ་བ་»ཅེས་པས། རྣམ་སྣང་སྤྲོས་པས། སྤྱི་དང་ཁྱད་པར་གཏི་མུག་ཅན་རྣམས་ཀྱི་གཏི་མུག་སྦྱངས། རྣམ་སྣང་གི་གོ་འཕང་ལ་བཀོད། གཅིག་ཏུ་འདུས་པ་སོགས་ཐམས་ཅད་ལ་སྦྱར་ལ། སླར་འདུས་ནས་ཤར་གྱི་རི་མིག་གིས་པད་ཟླའི་སྟེང་དུ་བཞུགས་པར་བསམ། དེ་བཞིན་དུ་རཏྣ་དྷྲྀཀ་«་་་་་རིན་ཆེན་འཛིན་པ་»གིས་རིན་འབྱུང་སྤྲོས། སྤྱི་དང་ཁྱད་པར་ང་རྒྱལ་དང་སེར་སྣའི་ཉོན་མོངས་པ་སྦྱངས། རིན་འབྱུང་གི་གོ་འཕང་ལ་བཀོད། ལྷོའི་རི་མིག་གི་པདྨ་དང་རིན་པོ་ཆེའི་གདན་ལ་བཞུགས་པར་བསམ། ཨཱ་རོ་ལྀཀ་གིས་འོད་དཔག་མེད་སྤྲོས། སྤྱི་དང་ཁྱད་པར་འདོད་ཆགས་ཅན་རྣམས་ཀྱི་འདོད་ཆགས་སྦྱངས། འོད་དཔག་མེད་ཀྱི་གོ་འཕང་ལ་བཀོད། ནུབ་ཀྱི་རེ་མིག་ལ་པདྨ་དམར་པོའི་གདན་ལ་བཞུགས་པར་བསམ། «ཤེས་རབ་འཛིན་པ་་་་་་»པྲ་ཛྙཱ་དྷྲྀཀ་གིས་དོན་གྲུབ་སྤྲོས། སྤྱི་དང་ཁྱད་པར་ལོག་པའི་ངག་རྫུན་དུ་སྨྲ་བ་ཅན་དང་ཕྲག་དོག་སྦྱངས། དོན་གྲུབ་ཀྱི་གོ་འཕང་ལ་བཀོད། བྱང་གི་རི་མིག་གི་སྣ་ཚོགས་རྡོ་རྗེའི་གདན་ལ་བཞུགས་པར་བསམ། མོ་ཧ་ར་ཏིས་«་་་་་གཏི་མུག་དགའ་མ་»སྤྱན་མ་སྤྲོས། སེམས་ཅན་གདོན་དང་ནད་ཀྱིས་གདུངས་པ་རྣམས་ཞི་བར་མཛད་དེ། ཤར་ལྷོའི་ཟླ་བའི་གདན་ལ་འཁོད། «ཞེ་སྡང་དགའ་མ།་་་་་»དཱེ་ཥ་ར་ཏིས་མཱ་མ་ཀཱི་སྤྲོས། སེམས་ཅན་བགེགས་ཆེན་པོས་གཟིར་བ་རྣམས་ཐུགས་རྗེ་ཆེན་པོས་བསྲུངས་ཏེ་རྒྱས་པར་མཛད་དེ། ལྷོ་ནུབ་དུ་རྡོ་རྗེའི་གདན་ལ་འཁོད། རཱ་«་་་་་འདོད་ཆགས་དགའ་མ་»ག་ར་ཏིས་གོས་དཀར་མོ་སྤྲོས། སེམས་ཅན་གདོན་གྱིས་ཉེན་པ་རྣམས་ཞི་བར་མཛད་དེ། ནུབ་བྱང་དུ་པདྨ་དམར་པོའི་གདན་ལ་འཁོད། བཛྲ་ར་ཏིས་«་་་་་རྡོ་རྗེ་དགའ་མ་»སྒྲོལ་མ་སྤྲོས། སེམས་ཅན་ཐམས་ཅད་དབང་དུ་མཛད་དེ། བྱང་ཤར་དུ་སྣ་ཚོགས་རྡོ་རྗེའི་གདན་ལ་འཁོད། རཱུ་པ་«་་་་་གཟུགས་རྡོ་རྗེ་མ་»བཛྲ་གྱིས་གཟུགས་རྡོ་རྗེ་མ་སྤྲོས། ཡུལ་གཟུགས་ཀྱི་སྐྱེ་མཆེད་སྦྱངས། རྒྱལ་བ་རྣམས་གཟུགས་སྡུག་པའི་བདེ་བས་མཆོད་དེ། རིམ་པ་གཉིས་པའི་ཤར་ལྷོར་ཟླ་གདན་ལ་འཁོད། ཤཔྟ་བཛྲ་«་་་་་སྒྲ་རྡོ་རྗེ་»གྱིས་སྒྲ་རྡོ་རྗེ་མ་སྤྲོས། སྒྲའི་སྐྱེ་མཆེད་སྦྱངས། སྒྲའི་བདེ་བས་མཆོད་དེ། ལྷོ་ནུབ་ཀྱི་གྲྭར་རིན་པོ་ཆེའི་གདན་ལ་འཁོད། «དྲི་རྡོ་རྗེ་་་་་་»གནྡྷེ་བཛྲ་གྱིས་དྲི་རྡོ་རྗེ་མ་སྤྲོས། དྲིའི་སྐྱེ་མཆེད་སྦྱངས། དྲིའི་བདེ་བས་མཆོད་དེ། ནུབ་བྱང་གི་གྲྭར་པདྨ་དམར་པོའི་གདན་ལ་འཁོད། ར་«རོ་རྡོ་རྗེ་་་་་་»ས་བཛྲ་གྱིས་རོ་རྡོ་རྗེ་མ་སྤྲོས། རོའི་སྐྱེ་མཆེད་སྦྱངས། རོའི་བདེ་བས་མཆོད་དེ། བྱང་ཤར་གྱི་གྲྭར་སྣ་ཚོགས་རྡོ་རྗེའི་གདན་ལ་འཁོད། སྤརྵེ་བཛྲ་«་་་་་རེག་རྡོ་རྗེ་»གྱིས་རེག་རྡོ་རྗེ་མ་སྤྲོས། རེག་བྱའི་སྐྱེ་མཆེད་སྦྱངས། རྒྱལ་བ་རྣམས་རེག་བྱའི་བདེ་བས་མཆོད་དེ། སྔར་གྱི་རེག་བྱ་རྡོ་རྗེ་དང་གཉིས་སུ་མེད་པར་ཐིམ་པར་བསམ། མཻཾ་«་་་་་བྱམས་པ་»ཏྲིས་བྱམས་པ་སྤྲོས། རྩ་རྒྱུས་དང༌། ཉོན་ཡིད་སྦྱངས། རྡོ་རྗེའི་རྩ་དང་ཟག་ཟད་ཀྱི་མངོན་ཤེས་ལ་བཀོད་དེ། ཤར་གྱི་སྣམ་བུའི་གཡས་སུ་ཟླ་གདན་ལ་འཁོད། ཀྵི་ཏི་གརྦྷས་«་་་་་སའི་སྙིང་པོ་»ས་སྙིང་སྤྲོས། མིག་དང་མིག་གི་རྣམ་ཤེས་སྦྱངས། རྡོ་རྗེའི་མིག་དང་མིག་གིས་མངོན་ཤེས་ལ་བཀོད་དེ། ཤར་གྱི་སྣམ་བུའི་གཡོན་ཕྱོགས་སུ་ཟླ་གདན་ལ་འཁོད། བཛྲ་«་་་་་ཕྱག་ན་རྡོ་རྗེ་»པཱ་ཎིས་ཕྱག་རྡོར་སྤྲོས། རྣ་བ་དང་རྣ་ཤེས་སྦྱངས། རྡོ་རྗེའི་རྣ་བ་དང༌། ལྷའི་རྣ་བའི་མངོན་ཤེས་ལ་བཀོད་དེ། ལྷོའི་སྣམ་བུའི་གཡས་སུ་རིན་པོ་ཆེའི་གདན་ལ་འཁོད། ཁ་གརྦྷས་«་་་་་ནམ་མཁའི་སྙིང་པོ་»ནམ་སྙིང་སྤྲོས། སྣ་དང་སྣ་ཤེས་སྦྱངས། རྡོ་རྗེའི་སྣ་དང་སྣའི་མངོན་ཤེས་ལ་བཀོད་དེ། ལྷོའི་སྣམ་བུའི་གཡོན་དུ་རིན་པོ་ཆེའི་གདན་ལ་འཁོད། ལོ་ཀེ་ཤྭ་«འཇིག་རྟེན་དབང་ཕྱུག་་་་་་»རས་འཇིག་རྟེན་དབང་ཕྱུག་སྤྲོས། ལྕེ་དང་ལྕེ་ཤེས་སྦྱངས། རྡོ་རྗེའི་ལྕེ་དང་ལྕེའི་མངོན་ཤེས་ལ་བཀོད་དེ། ནུབ་ཀྱི་སྣམ་བུའི་གཡས་སུ་པདྨ་དམར་པོའི་གདན་ལ་འཁོད། མཉྫུ་ཤྲཱིས་«་་་་་འཇམ་དཔལ་»འཇམ་དཔལ་སྤྲོས། ཡིད་དང་ཡིད་ཤེས་སྦྱངས། རྡོ་རྗེའི་ཡིད་དང་གཞན་སེམས་ཤེས་པའི་མངོན་ཤེས་ལ་བཀོད་དེ། ནུབ་ཀྱི་སྣམ་བུའི་གཡོན་དུ་པདྨ་དམར་པོའི་གདན་ལ་འཁོད། «ཐམས་ཅད་་་་་་»སརྦ་ཎི་ཝ་ར་«་་་་་སྒྲིབ་པ་»ཎ་བིསྐཾ་བྷི་ནི«་་་་་རྣམ་པར་བསལ་བ་»ས་སྒྲིབ་སེལ་སྤྲོས། ལུས་དང་ལུས་ཤེས་སྦྱངས། རྡོ་རྗེའི་ལུས་དང༌། རྫུ་འཕྲུལ་གྱི་མངོན་ཤེས་ལ་བཀོད་དེ། བྱང་གི་སྣམ་བུའི་གཡས་སུ་སྣ་ཚོགས་རྡོ་རྗེའི་གདན་ལ་འཁོད། ས་མནྟ་བྷ་དྲས་«་་་་་ཀུན་ཏུ་བཟང་པོ་»ཀུན་བཟང་སྤྲོས། ཚིགས་དང་ཀུན་གཞི་སྦྱངས། རྡོ་རྗེའི་ཚིགས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ལ་བཀོད་དེ། བྱང་གི་སྣམ་བུའི་གཡོན་དུ་སྣ་ཚོགས་རྡོ་རྗེའི་གདན་ལ་འཁོད་པར་བསམ། ཡ་མཱནྟ་«་་་་་གཤིན་རྗེ་མཐར་བྱེད་»ཀྲྀ་ཏ་གྱིས་གཤིན་རྗེ་གཤེད་སྤྲོས། དབང་པོ་ལ་སོགས་པའི་བགེགས་ཀྱི་ཚོགས་སྐྲག་པར་མཛད། ཡང་དག་པའི་ལམ་ལ་བཀོད་དེ། ཤར་སྒོར་ཉི་གདན་ལ་འཁོད། «ཤེས་རབ་མཐར་བྱེད་་་་་་»པྲ་ཛྙཱནྟ་ཀྲྀ་ཏ་གྱིས་ཤེས་རབ་མཐར་བྱེད་སྤྲོས། གཤིན་རྗེ་དང་མ་མོ་ལ་སོགས་པའི་བགེགས་རྣམས་བཅོམ་ནས་ལྷོ་སྒོར་འཁོད། པདྨཱནྟ་«པདྨ་མཐར་བྱེད་་་་་་»ཀྲྀ་ཏ་གྱིས་རྟ་མགྲིན་སྤྲོས། ཀླུ་དང་ས་བདག་གི་གདོན་བཅོམ་སྟེ་ནུབ་སྒོར་འཁོད། བིགྷྣནྟ་«་་་་་བགེགས་མཐར་བྱེད་»ཀྲྀ་ཏ་ཀྱིས་བགེགས་མཐར་བྱེད་སྤྲོས། གནོད་སྦྱིན་དང་ལོག་འདྲེན་ལ་སོགས་པའི་བགེགས་བཅོམ་སྟེ་བྱང་སྒོར་འཁོད། ཨ་ཙ་«་་་་་མི་གཡོ་བ་»ལས་མི་གཡོ་བ་སྤྲོས། ཡམས་ནད་བཏང་བའི་མེ་ལྷའི་གདོན་རྣམས་བཅོམ་སྟེ་ཤར་ལྷོར་འཁོད། ཊཀྐི་རཱ་ཛས་«་་་་་འདོད་པའི་རྒྱལ་པོ་»འདོད་རྒྱལ་སྤྲོས། བདེན་བྲལ་གྱི་བགེགས་བཅོམ་སྟེ་ལྷོ་ནུབ་དུ་འཁོད། ནཱི་ལ་«་་་་་དབྱུག་སྔོན་»དཎྜས་དབྱུག་སྔོན་ཅན་སྤྲོས། ཡམས་ནད་དང་རླུང་ལྷའི་གདོན་རྣམས་བཅོམ་སྟེ་ནུབ་བྱང་དུ་འཁོད། «སྟོབས་པོ་ཆེ་་་་་་»མ་ཧཱ་བ་ལས་སྟོབས་པོ་ཆེ་སྤྲོས། མཁའ་འགྲོ་དང་དབང་ལྡན་གྱི་གདོན་རྣམས་བཅོམ་སྟེ་བྱང་ཤར་དུ་འཁོད། «གཙུག་ཏོར་འཁོར་ལོས་སྒྱུར་བ་་་་་་»ཨུཥྞཱི་ཥ་ཙཀྲ་ཝརྟིས་གཙུག་ཏོར་འཁོར་ལོས་སྒྱུར་བ་སྤྲོས། ཚངས་པ་དང་ལྷའི་གདོན་ཐམས་ཅད་བཅོམ་སྟེ་གཙོ་བོའི་སྟེང་གི་ནམ་མཁར་འཁོད། སུམྦྷ་རཱ་ཛས་«་་་་་གནོད་མཛེས་རྒྱལ་པོ་»གནོད་མཛེས་རྒྱལ་པོའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོས། བརྟན་པ་དང་གཡོ་བའི་དུག་ཀཱ་ལ་ཀཱུ་ཊ་ལ་སོགས་པ་དང་ཀླུ་དང་ས་བདག་གི་གདོན་བཅོམ། ཡང་དག་པའི་ལམ་ལ་བཀོད། སྤྲུལ་པ་རྣམས་སྐུ་གཅིག་དུ་འདུས་གནོད་མཛེས་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། སླར་འདུས་ནས་གཙོ་བོའི་འོག་ཏུ་ཉི་མའི་གདན་ལ་བཞུགས་པར་བསམ། ཨོཾ་ཨཱཿཧཱུྃ་གིས་གཞལ་ཡས་ཁང་སྤྲོས། སྣོད་ཀྱི་འཇིག་རྟེན་གྱི་དྲི་མ་སྦྱངས། རང་བཞིན་གྱི་གཞལ་ཡས་ཁང་དང་འདྲེས་ཏེ་སླར་འདུས་ནས། སྔར་གྱི་གཞལ་ཡས་ཁང་ལ་ཐིམ་པས་གཞལ་ཡས་ཁང་དུ་གྱུར་པར་བསམ། དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར། མེ་ལོང་གི་གཟུགས་བརྙན་དང་ཆུ་ནང་གི་ཟླ་བ་ལྟར་སྣང་ལ་རང་བཞིན་མེད་པ་སྟོང་པ་ཉིད་དང༌། སྙིང་རྗེ་ཟུང་དུ་འཇུག་པའི་རང་བཞིན་དུ་བསམས་ལ། ཡུན་རིང་དུ་གསལ་བཏབ་ཅིང་བསྒོམ་མོ། །གསུམ་པ་ལས་རྒྱལ་མཆོག་ལ་བརྒྱད་ལས། དང་པོ་ཕྲ་མོའི་རྣལ་འབྱོར་ནི། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམས་ནས། དེ་ལ་བརྟན་པ་ཐོབ་པ་དང༌། ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ཡུངས་འབྲུའི་ཚད་ཙམ་བསམ་པ། དེའི་ནང་དུ་བཅུད་ཀྱི་སེམས་ཅན་ཐམས་ཅད་འདུས་པའི་ལྷ་ཚོགས་དང༌། སྣོད་ཀྱི་འཇིག་རྟེན་རྣམས་གཞལ་ཡས་ཁང་དུ་བསམས་ལ། བརྟན་པ་མ་ཐོབ་བར་དུ་བསྒོམ་ཞིང༌། ཐོབ་ནས་འོག་ལྟར་སྤྲོས། ཡང་ན་ཀུན་རྫོབ་ཀྱི་སྣ་རྩེར། ཐིག་ལེ་ཡུངས་འབྲུ་ཙམ་གྱི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཅིག་ཅར་དུ་གསལ་བཏབ་ལ་བསྒོམ། བརྟན་པ་ཐོབ་ནས་འོག་ལྟར་སྤྲོས་ཏེ། ཅིག་ཅར་ལྷ་བསྒོམས་པའི་ཕྲ་མོའི་རྣལ་འབྱོར་རོ། །ཡང་ན་རང་གཙོ་བོར་གསལ་བའི་རྩ་ཞལ་གྱི་སྣ་རྩེར་ཟླ་བའི་དཀྱིལ་འཁོར་སྲན་མ་ཕྱེད་པ་ཙམ་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཡུངས་འབྲུ་ཙམ་བསྒོམ། དེ་ལ་བརྟན་པ་ཐོབ་པ་དང༌། དེ་ལས་ཕྱག་མཚན་གཉིས་པ་སྤྲོ། དེ་ལས་གསུམ་པ་སོགས་ནམ་མཁའ་ཁྱབ་པའི་བར་དུ་སྤྲོ་ཞིང༌། སླར་གཅིག་ཏུ་བསྡུའོ། །དེ་ལ་བརྟན་ནས་ཕྱག་མཚན་དེ་ལྷ་སྐུར་བསྒྱུར་ཏེ་ཞལ་ཕྱག་རྣམས་གསལ་བཏབ་ལ་བསྒོམ། དེ་ལ་བརྟན་ནས་གོང་ལྟར་སྤྲོ་ཞིང་བསྡུ། དེ་ལ་བརྟན་ནས་དེའི་རིགས་ཀྱི་དཀྱིལ་འཁོར་སྤྲུལ་པའི་སྤྲོ་བསྡུ་ལ་བསླབས་ཏེ། རྣམ་རྟོག་ཤས་ཆེ་བས་སྟེང་སྒོ་ལ་བརྟེན་པའི་ཕྲ་མོའོ། །ཡང༌། རང་གི་རྡོ་རྗེར་ཐིག་ལེ་ཡུངས་འབྲུ་ཙམ་སྔོན་པོ་དྭངས་ཤིང་གསལ་བ་མི་བསྐྱོད་པའི་ངོ་བོར་བསྒོམ་མོ། །དེ་ལ་བརྟན་ནས་རྡོ་རྗེ་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་འཇུག་བྱས་ལ་ཡུམ་གྱི་པདྨར་སྤྲོ། དེ་ལས་ཐིག་ལེ་དེ་མི་བསྐྱོད་པས་གཙོ་བོ་བྱས་པའི་དཀྱིལ་འཁོར་དུ་བསྐྱེད་ནས། ཕྱིར་སྤྲོ་བ་བུའི་ཚུལ་དུ་སྤྲོ་བ་དང༌། དེས་ཀྱང་སྙོམས་འཇུག་སྔོན་དུ་འགྲོ་བས་ལྷ་སྤྲོ་བ་ནི་ཚ་བོའི་ཚུལ་དུ་སྤྲོ་བ་སྟེ། ཉོན་མོངས་པ་ཤས་ཆེ་བས་འོག་སྒོར་ཐིག་ལེ་ཕྲ་མོ་ལ་བསླབ་པ་སྟེ། རིམ་གྱིས་ལྷར་བསྐྱེད་པའི་ཕྲ་མོའི་རྣལ་འབྱོར་རོ། །གཉིས་པ་རྡོ་རྗེའི་བཟླས་པ་ནི་ལྷའི་རྣལ་འབྱོར་དང་ལྡན་པས། ལྕེ་མཆུ་མི་འགུལ་ཞིང༌། སྒྲ་སྤངས་པའི་རྡོ་རྗེའི་ཚིག་གིས་འབྲུ་གསུམ་ཅི་ནུས་བཟླས་སོ། །གསུམ་པ་ངག་གི་བཟླས་པ་ནི། ལྷ་རང་རང་གི་ཐུགས་ཀའི་ས་བོན་ལ་བཟླས་བྱའི་སྔགས་ཀྱིས་བསྐོར་བར་བསམ། སྔགས་བཟླས་པའི་ཚེ། ལྷའི་རྣལ་འབྱོར་དང་ལྡན་པས་ས་བོན་ལས་ལྷ་ཚོགས་སྤྲོས། དེས་འགྲོ་བའི་དོན་བྱས། སྔགས་དང་ལྷན་ཅིག་སྙིང་གའི་ས་བོན་ལ་ཐིམ་ཞིང་སྔགས་བརྗོད་པ་རྫོགས་ནས་སྤྲོས་པའི་ལྷ་རྣམས་ཏིང་ངེ་འཛིན་སེམས་དཔའ་ལ་སྡུད་པའི་ཚུལ་གྱིས་བཟླས་པ་ནི་དོན་དམ་པའི་བཟླས་པའོ། །བཟླས་བྱའི་སྔགས་ནི། ཨོཾ་ཨཱཿཧཱུྃ་ནི་དེ་ཁོ་ན་ཉིད་ཀྱི་སྙིང་པོའོ། །ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཛི་ན་ཛིཀ་ཨོཾ་ཧཱུྃ། ཨོཾ་ཨཱཿརཏྣ་དྷྲྀཀ་སྭཱ་ཧཱུྃ། ཨོཾ་ཨཱཿཨཱ་རོ་ལྀཀ་ཨཱཿཧཱུྃ། ཨོཾ་ཨཱཿཔྲ་ཛྙཱ་དྷྲྀཀ་ཧཱ་ཧཱུྃ། ཨོཾ་ཨཱཿམོ་ཧ་ར་ཏི་ལཾ་ཧཱུྃ། ཨོཾ་ཨཱཿདྭེ་ཥ་ར་ཏི་མཱཾ་ཧཱུྃ། ཨོཾ་ཨཱཿརཱ་ག་ར་ཏི་པཾ་ཧཱུྃ། ཨོཾ་ཨཱཿབཛྲ་ར་ཏི་ཏཱཾ་ཧཱུྃ། ཨོཾ་ཨཱཿརཱུ་པ་བཛྲ་ཛཿཧཱུྃ། ཨོཾ་ཨཱཿཤཔྟ་བཛྲ་ཧཱུྃ་ཧཱུྃ། ཨོཾ་ཨཱཿགནྡྷེ་བཛྲ་བཾ་ཧཱུྃ། ཨོཾ་ཨཱཿར་ས་བཛྲ་ཧོཿཧཱུྃ། ཨོཾ་ཨཱཿསྤརྵེ་བཛྲ་ཁཾ་ཧཱུྃ། ཨོཾ་ཨཱཿམཻ་ཏྲི་མཻཾ་ཧཱུྃ། ཨོཾ་ཨཱཿཀྵི་ཏི་གརྦྷ་ཐལིཾ་ཧཱུྃ། ཨོཾ་ཨཱཿབཛྲ་པཱ་ཎི་ཨོཾ་ཧཱུྃ། ཨོཾ་ཨཱཿཁ་གརྦྷ་ཨོཾ་ཧཱུྃ། ཨོཾ་ཨཱཿལོ་ཀེ་ཤྭ་ར་ཨོཾ་ཧཱུྃ། ཨོཾ་ཨཱཿམཉྫུ་ཤྲཱི་ཧཱུྃ་ཧཱུྃ། ཨོཾ་ཨཱཿསརྦ་ཎི་ཝ་ར་ཎི་བིསྐཾ་བྷི་ནི་ཨོཾ་ཧཱུྃ། ཨོཾ་ཨཱཿས་མནྟ་བྷ་དྲ་སཾ་ཧཱུྃ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཔྲ་ཛྙཱ་ཏ་ཀྲྀཏ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་ཧཱུྃ་ཧཱུྃ། ཨོཾ་ཨཱཿབི་གྣཱན་ཏ་ཀྲྀཏ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཨ་ཙ་ལ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཊཀྐི་རཱ་ཛ་ཧཱུྃ་ཧཱུྃ། ཨོཾ་ཨཱཿནཱི་ལ་དཎྜ་ཧཱུྃ་ཧཱུྃ། ཨོཾ་ཨཱཿམ་ཧཱ་བ་ལ་ཧཱུྃ་ཧཱུྃ། ཨོཾ་ཨཱཿཨུཥྞཱི་ཥ་ཙཀྲ་ཝརྟི་ཧཱུྃ་ཧཱུྃ། ཨོཾ་ཨཱཿསུཾ་བྷ་རཱ་ཛ་ཧཱུྃ་ཧཱུྃ། ཞེས་པ་རྣམས་སོ། །བཞི་པ་གཙོ་བོ་དོན་དམ་པ་ལ་བཞུགས་པ་ནི། དེ་ནས་ཡུམ་ཡབ་ལ་ཐིམ། ཡབ་དམ་ཚིག་པ་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ལ། དེ་ཞབས་ཀྱུ་ལ། དེ་ཧ་ལ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་འོད་གསལ་དུ་ཐིམ་པར་བསམ་མོ། །ལྔ་པ་གླུས་བསྐུལ་ནས་བསླང་བ་ནི། ཡུམ་བཞིས་གཙོ་བོ་མ་མཐོང་བས་བལྟ་འདོད་དེ། སྙན་པའི་དབྱངས་ཀྱིས་བསྐུལ་བར་བསམས་ལ། སྤྱན་མས། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགེས་པར་མཛད་དུ་གསོལ། །མཱ་མ་ཀཱིས། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོས་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་མཆོག་སྒྲུབ་རབ་ཏུ་ཕན་པར་གཟིགས། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །གོས་དཀར་མོས། ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། །འཇིག་རྟེན་དག་གིས་དགོས་པའི་དོན་མཛད་པ་ལ་རབ་ཏུ་བརྩོན། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སྤྱོད་པ་དྲི་མེད་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛོད། །སྒྲོལ་མས། ཁྱོད་ནི་རྡོ་རྗེའི་ཐུགས་ཏེ་དམ་ཚིག་མཆོག་གི་ཕན་པའི་ཡོན་ཏན་ཆེ། །ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་བས། སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་ཤུགས་ཀྱིས་འོད་གསལ་ལས་ཟུང་འཇུག་གི་སྐུ་དཔལ་གསང་བ་འདུས་པ་སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་བཞེངས་ཏེ། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མཐོང་བར་གྱུར་ཏོ། །དྲུག་པ་བསྟོད་པ་དང་མཆོད་པ་ནི། དེ་ལ་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟོད་པར་བསམས་ལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །ཞེས་བརྗོད། དེ་ནས་རང་གི་ལུས་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ། སོ་སོའི་མིང་ཡིག་དང་པོ་ལས་སྐྱེས་པའི་ལྷ་མོ་དཔག་ཏུ་མེད་པར་བསམ། དེ་རྣམས་རང་གི་བ་སྤུའི་བུ་ག་རྣམས་ནས་ཕྱིར་འཕྲོས་ནས་བདག་ལ་མཆོད་པར་བསམས་ལ། ཉེར་སྤྱོད་དང་འདོད་ཡོན་ལྔའི་ལྷ་མོས་མཆོད་པ་ནི་ཕྱི་མཆོད་དོ། །དེ་ནས་ཐོད་པར་བདུད་རྩི་རིལ་བུ་བཏབ་པའི་ཆང་དང་ཁ་ཟས་སྦྱངས་པའི་སྐབས་ལྟར་བྱིན་གྱིས་བརླབས་ལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པར་བསམས་ནས། ལྷ་སོ་སོའི་སྔགས་ཀྱི་མཐར་འབྲུ་གསུམ་བཏགས་ལ་ཕུལ་བས། ཟག་པ་མེད་པའི་བདེ་བས་ཚིམ་པར་བསམས་པ་ནི་ནང་མཆོད་དོ། །དེ་ནས་རིག་མ་དང་སྙོམས་པར་ཞུགས་པས་མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བར་བསམས་པ་ནི་གསང་མཆོད་དོ། །བདུན་པ་ཉེ་བར་བསྡུ་བ་ནི། ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རྟེན་གཞལ་ཡས་ཁང་པ་དང༌། བརྟེན་པ་ལྷ་འཁོར་གྱི་དཀྱིལ་འཁོར་རྣམས་སྤྱན་དྲངས་ཏེ། རང་གི་ལུས་ཀྱི་དཀྱིལ་འཁོར་ལ་ཐིམ་པས། རང་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གྱུར་པར་བསམ། དེ་དག་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱིས་འོད་ཟེར་འཕྲོས། དེས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་སྒྲིབ་པ་དག་ནས་ཧཱུྃ་ཡིག་དུ་གྱུར། དེ་ན་ནམ་མཁའི་ཁམས་གང་བ་ཡོངས་སུ་གྱུར་པ་ལས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་དུ་གྱུར་པར་བསམ། དེ་རྣམས་རང་གི་སྙིང་གའི་འོད་ཟེར་གྱིས་དྲངས་ནས། བདག་ལ་ཐིམ་པར་བསམ་མོ། །དེ་ལས་ལངས་ནས་སྤྱོད་ལམ་ལ་འཇུག་པའི་ཚེ། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་རྡོ་རྗེ་འཆང་དུ་བསྒོམས་ལ། ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །བརྒྱད་པ་ལས་ཀྱི་རབ་ཏུ་དབྱེ་བ་ནི། བསྒོམས་པས་ལུས་དུབ་ན་རང་གི་སྤྱི་བོའི་སྟིང་གི་མཐོ་གང་ཙམ་གྱིས་འཕག་པར་ཝ་ལས་ཟླ་བའི་དཀྱིལ་འཁོར་དེའི་དབུས་ཀྱི་འོག་ཏུ་ཨོཾ་དཀར་པོ་མགོ་ཐུར་དུ་བསྟན་པར་བསམས་ལ། ཟླ་བ་ཨོཾ་དང་བཅས་པ་ལས། དེ་བཞིན་གཤེགས་པ་ལྔའི་ངོ་བོ་བདུད་རྩི་ཁ་དོག་ལྔ་དང་ལྡན་པ་བབས་པས། སྤྱི་བོ་ནས་རྐང་མཐིལ་གྱི་བར་གང་བར་བསམས་ཏེ། ལུས་རྒྱས་པའི་ཆོ་གའོ། །ཁ་ཟས་ཟ་བའི་ཚེ། བཟའ་བ་གང་ཡིན་བཤང་པ་དང༌། བཏུང་བ་གང་ཡིན་གཅི་བ་དང༌། ཤ་གང་ཡོད་གླང་པོ་ཆེ་ལ་སོགས་པ་ལས་ཀྱིས་ཤི་བའི་ཤ་ལྔར་བསམས་ཏེ། ཐ་མལ་པའི་གཙང་ཞེན་སྤངས་ལ་ཧཱུྃ་ཞེས་བརྗོད་པས་རྫས་ཀྱི་དྲི་མ་ཐམས་ཅད་སྦྱངས། ཨཱཿཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་རྟོགས་པར་བྱས། ཨོཾ་ཞེས་བརྗོད་པས་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། དེས་མནན་པས་མང་པོར་སྦར་ཏེ་སྤེལ་བར་བསམ་པའམ། སྤྲོ་ན་གཏོར་ཆོག་ལྟར་བྱིན་གྱིས་བརླབས་ཏེ། ཁ་ཟས་སྦྱང་བའོ། །དེ་ནས་ལྐོག་མ་དུང་དམར་པོའི་རྣམ་པར་བསམས་ལ། དེར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་ཀྱི་ལྟེ་བར་ཧཱུྃ་སྔོན་པོ་ལས་རྡོ་རྗེ་རྩེ་ལྔ་པ། དབུས་རྭ་སྦུབས་ཅན་དུ་ཡོད་པའི་རྩེ་མོར་ཨོཾ་དཀར་པོ་འོད་ཟེར་ཟས་ལ་འཕྲོ་བ་དང་བཅས་པར་བསམས་ཏེ། ལྐོག་མ་སྦྱང་བའོ། །སྙིང་གར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་མེ་ལྕེ་གསུམ་འཕྲོ་བ་དང༌། ལག་པ་གཉིས་དགང་བླུགས་སུ་མོས་ཏེ། ཁ་ཟས་ཨོཾ་གྱི་འོད་ཀྱིས་དྲངས་ནས། སྙིང་གའི་དབུས་ན་ལྷ་ཐམས་ཅད་འདུས་པའི་རང་བཞིན་ཧཱུྃ་ལ་འབུལ་བའི་ཚུལ་གྱིས་ལོངས་སྤྱད་དོ། །གལ་ཏེ་མ་ཞུ་བ་སོགས་བྱུང་ན། གསང་གནས་སུ་ཡཾ་ལས་རླུང༌། ལྟེ་བར་རཾ་ལས་མེ། སྙིང་གར་ལཾ་ལས་ས། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་རྣམས་བསམས་ཏེ། རླུང་ཁ་སྦྱོར་དུ་བྱས་པས་རླུང་གིས་མེ་སྦར། དེས་ས་བསྲེགས། དེས་ཆུ་བསྐོལ་ཏེ་ཞུ་བར་གྱུར་པའི་དྭངས་མ་རྣམས་ལྟེ་བའི་མེ་ལ་སྦྱིན་སྲེག་བྱས་པས། སྙིགས་མ་རྣམས་ཐལ་བར་སོང་སྟེ། འོག་སྒོ་ནས་འཐོན་པར་བསམས་ལ། རླུང་རོ་བསལ་ཏེ། སྙིང་ག་སྦྱང་ཞིང་ནང་གི་སྦྱིན་སྲེག་བྱའོ། །གསུམ་པ་རྗེས་ཀྱི་རྣལ་འབྱོར་ནི། ཐུན་དང་པོ་ལ་སྔར་བཞིན་ཉེར་བསྡུ་ཡན་ཆད་རྫོགས་པར་བྱས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །སངས་རྒྱས་ཀུན་གྱི་ཀུན་བདག་ཉིད། །རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །བྱང་ཆུབ་ཕྱིར་ནི་སྤྱོད་གང་དང༌། །རྫོགས་སངས་རྒྱས་ཀྱི་གང་ཡིན་དང༌། །བྱང་ཆུབ་རྡོ་རྗེས་གང་གསུངས་པའི། །སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག །ཅེས་སོགས་ཀྱིས་སྨོན་ལམ་བཏབ་ལ་སྤྱོད་ལམ་ལ་འཇུག་གོ །ཐུན་འོག་མ་གསུམ་ལ། སྔར་བཞིན་རྒྱས་པར་བསྒོམ་པའམ། དེ་ཙམ་མི་ནུས་ན་སྐྱབས་འགྲོ་སེམས་བསྐྱེད་དང་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། སྲུང་འཁོར་ནས་རྗེས་ཆགས་ཀྱི་མཆོད་པ་ཡན་ཆད་དང་པོ་སྦྱོར་བ་རྫོགས་པར་བསྒོམས་ལ། དེའི་མཐར་བཟླས་པ་དང་མཆོད་བསྟོད་ཉེར་བསྡུ་སོགས་བྱའོ། །དེའི་ཚེ་ལྷག་མོས་ལུས་ལ་བསྡུ་བའི་སྐབས་སུ་གདན་རྣམས་ཀྱང་རང་ལ་བསྡུའོ། །ཐུན་བཞི་ཀའི་རྗེས་སམ། མ་གྲུབ་ན་ཐུན་ཐ་མའི་མཇུག་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་རྣམས་ལ་གཏོར་མ་ངེས་པར་ཕུལ་ཏེ། དེའི་ཆོ་ག་ཡང་ཁོ་བོས་ལོགས་སུ་བཀོད་པ་ལྟར་བྱའོ། །མཚན་མོ་ཉལ་བའི་ཚེ་ལུས་དཀྱིལ་གྱི་ལྷ་རྣམས་ལྷག་མོས་འོད་གསལ་དུ་སྡུད་པའི་སྐབས་སུ་བཤད་པ་ལྟར་བསྡུས་པའི་མཐར། སྙིང་གར་སེམས་རྩེ་གཅིག་ཏུ་དམིགས་ལ་གཉིད་ཀྱི་འོད་གསལ་བཟུང་ལ་ཉལ། ནངས་པར་ལྡང་བའི་ཚེ་འོད་གསལ་ལས་ལྷའི་སྐུར་ལངས་པར་བསམས་ལ། རང་གཙོ་བོར་བསྒོམ་ཞིང་སྣོད་བཅུད་ཐམས་ཅད་རྡོ་རྗེ་འཆང་དང་དཀྱིལ་འཁོར་དུ་བལྟའོ། །དེ་ལྟར་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་ཐུན་བཞིར་བསླབ་པར་བྱས་ན། དེས་དགེ་བའི་རྩ་བ་ཡོངས་སུ་སྨིན་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་པར་རྟོགས་ནས། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །མ་ལུས་རྒྱལ་བའི་གསང་གསུམ་ཀུན་འདུས་པ། །དཔལ་ལྡན་མི་བསྐྱོད་རྡོ་རྗེའི་སྒྲུབ་ཐབས་འདི། །འདུས་པའི་རྒྱུད་འགྲེལ་ཆེ་ལ་རབ་སྦྱངས་པ། །དད་ལྡན་ཤེས་རབ་རྡོ་རྗེས་བསྐུལ་བའི་ངོར། །བློ་བཟང་ཀླུ་སྒྲུབ་གཞུང་གི་དགོངས་པ་ལྟར། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བཀོད། །ནོངས་གྱུར་མཆིས་གང་རྗེ་བཙུན་བླ་མ་དང༌། །མཁས་པའི་སྐྱེ་བོ་རྣམས་ལ་བདག་འཆགས་སོ། །འདི་སྦྱར་དགེ་བ་ནམ་མཁའི་ནོར་བུ་དེས། །ཐུབ་བསྟན་གླིང་བཞི་ཀུན་ཏུ་གསལ་བ་དང༌། །ལམ་ལོག་མུན་པའི་བདུད་ལས་རྒྱལ་བ་དང༌། །རྣལ་འབྱོར་རྟོགས་པའི་པད་ཚལ་རྒྱས་ཕྱིར་བསྔོ། །དཔལ་གསང་བ་འདུས་པའི་སྒྲུབ་པའི་ཐབས་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་འདི་ནི། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་གུས་པར་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྒྲུབ་པའི་ཐབས་མདོར་བྱས་དང་མདོ་དང་བསྲེས་པ་དང་རྣམ་གཞག་རིམ་པ་དང་འགྲེལ་ཆེན་སྒྲོན་མ་གསལ་བའི་བསྐྱེད་རིམ་གྱི་སྐབས་རྣམས་ལས་འབྱུང་བའི་དོན་རྣམས་ཚང་བར་བཀོད་ཅིང༌། འགྲེལ་པ་གཞན་ནས་འབྱུང་བའི་སྤྲོས་པ་རྣམས་བཏང་སྙོམས་སུ་བཞག་ནས་ཉམས་སུ་བླང་བདེ་བར་མཛེས་བྱེད་ཀྱི་ལོ། མགོ་ཟླ་བའི་ཡར་ཚེས་གཅིག་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་བཟང་པོས་བགྱིས་སོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པར་གྱུར་ཅིག།  །། ༄༅། །ཤིན་ཏུ་རྣལ་འབྱོར་གྱི་ཁྱད་པར་སྒྲུབ་ཐབས་ཀྱི་ཡན་ལག་ཏུ་བྲིས་པའོ།།  ༈ །དཔལ་གསང་བ་འདུས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གསང་བ་འདུས་པའི་བསྐྱེད་རིམ་ཤིན་ཏུ་རྣལ་འབྱོར་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་བཞེད་པས། ཚུལ་ཅུང་ཟད་མི་འདྲ་བ་གཉིས་ཡོད་དེ། དང་པོ་སྒྲུབ་ཐབས་མདོར་བྱས་ལྟར་ན། དང་པོའི་མགོན་པོའི་ཐུགས་ཀ་ནས་མི་བསྐྱོད་པ་སྤྲོས། སླར་འདུས་བདག་ཉིད་ལ་ཞུགས་པས། བདག་ཉིད་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་སྔོན་པོ་ཞལ་གསུམ་ཕྱག་དྲུག་པར་སྒྱུར། དེ་ལས་ལུས་དཀྱིལ་བཀོད་ན་རྣལ་འབྱོར་ཆེན་པོ་བྱས་ཏེ། དེའི་ཚུལ་ཡང་ཁོ་བོས་སྒྲུབ་ཐབས་སུ་གསལ་བར་བཀོད་ཟིན་ཏོ། །སྒྲུབ་ཐབས་མདོ་དང་བསྲེས་པ་ལྟར་ན། ཟླ་བ་ལས་བྱང་ཆུབ་པ་ཡན་ཆད་བྱས་ནས། ཟླ་བའི་སྟེང་དུ་ཨོཾ་ཨཱཿཧཱུྃ་དགོད་དེ། ས་བོན་ལས་བྱང་ཆུབ་པའོ། །དེ་ལས་འོད་འཕྲོས། ཕྱོགས་བཅུ་ནས་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། དེ་ལ་ཐིམ་པས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ལྟེ་བར་ཨོཾ་ཨཱཿཧཱུྃ་གིས་མཚན་པར་བསམས་ལ། བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དེ་ཕྱག་མཚན་ལས་བྱང་ཆུབ་པའོ། །དེ་ནས་རྡོ་རྗེ་ཨོཾ་ཨཱཿཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་དང་པོའི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེས་སྤྲས་ཤིང་ལོངས་སྤྱོད་རྫོགས་པའི་སྐུ་ཅན་དུ་བསམས་པ་ནི་སྐུ་རྫོགས་པ་ལས་བྱང་ཆུབ་པའོ། །དེ་ནས་ཤིན་ཏུ་རྣལ་འབྱོར་བྱ་སྟེ། ལུགས་འདི་ལ། དང་པོའི་མགོན་པོ་སྤྲུལ་སྐུ་བསྒྱུར་བ་མེད་པས། རང་ཉིད་དང་པོའི་མགོན་པོར་བསྒོམས་པའི་ལུས་ཀྱི་མདུན་རྒྱབ་དང༌། གཡས་གཡོན་བཞི་གཞལ་ཡས་ཁང་གྲུ་བཞི། རླུང་རྒྱུ་བའི་བུ་ག་བཞི་ནི་སྒོ་བཞི། སྣ་རྩེ་བཞི་ནི་རྟ་བབས་བཞི། རྣམ་རྟོག་གི་ཞོན་པ་ཡེ་ཤེས་ལྔ་དག་པའི་རླུང་ལྔ་ནི་རྩིག་པ་ལྔ། ལྕེའི་རྣམ་ཤེས་རིན་ཆེན་ཕ་གུ། རྒྱུ་མ་དྲྭ་བ། རྒྱུས་པ་དྲྭ་བ་ཕྱེད་པ། བྱང་སེམས་དཀར་པོའི་ཆ་ནི་ཟླ་ཕྱེད། མིག་གི་རྣམ་ཤེས་མེ་ལོང༌། རྣ་བའི་རྣམ་ཤེས་བ་དན། སྣའི་རྣམ་ཤེས་མེ་ཏོག་གི་ཕྲེང་བ། ལུས་ཀྱི་རྣམ་ཤེས་དར་འཕན། མིག་རྟ་བབས་ཀྱི་སྟེང་གི་ཆོས་ཀྱི་འཁོར་ལོའི་མཚན་མ། ཡིད་ཀྱི་རྣམ་ཤེས་རི་དྭགས། སྣ་རྟ་བབས་ལ་གནས་པའི་བ་དན། ལྕེ་དྲིལ་བུ། རྣ་བ་སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང༌། ཟུར་གྱི་རྡོ་རྗེ་རིན་པོ་ཆེ། ལུས་ཀྱི་ཚོགས་རྣམས་རྔ་ཡབ་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན། རྐང་བརྒྱད་ནི། ཀ་བ་བརྒྱད། ཡིད་དབང་དབུས་ཀྱི་པདྨ། ལྟོ་བ་བུམ་པ་སྟེ། དང་པོའི་མགོན་པོའི་ལུས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གྱུར་པར་བསམ་མོ། །དེ་ནས་སྤྱི་བོར་གཟུགས་ཕུང་གི་ངོ་བོ་ཨོཾ་དཀར་པོ་ལས་རྣམ་སྣང༌། མགྲིན་པར་འདུ་ཤེས་ཀྱི་ངོ་བོ་ཨཱཿདམར་པོ་ལས་འོད་དཔག་མེད། སྙིང་གར་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་སྔོན་པོ་ལས་མི་བསྐྱོད་པ། ལྟེ་བར་ཚོར་བའི་ངོ་བོ་སྭཱ་སེར་པོ་ལས་རིན་འབྱུང༌། བརླ་རྩར་འདུ་བྱེད་ཀྱི་ངོ་བོ་ཧཱ་ལྗང་གུ་ལས་དོན་གྲུབ། ལྟེ་བར་ས་ཁམས་ཀྱི་ངོ་བོ་ལཾ་ལས་སྤྱན་མ། སྙིང་གར་ཆུ་ཁམས་ཀྱི་ངོ་བོ་མཱཾ་ལས་མཱ་མ་ཀཱི། མགྲིན་པར་མེ་ཁམས་ཀྱི་ངོ་བོ་པཾ་ལས་གོས་དཀར་མོ། སྤྱི་བོར་རླུང་ཁམས་ཀྱི་ངོ་བོ་ཏཱཾ་ལས་སྒྲོལ་མ། མིག་ཏུ་མིག་དབང་གི་ངོ་བོ་ཐལིཾ་ལས་ས་སྙིང༌། རྣ་བར་རྣ་བའི་དབང་པོའི་ངོ་བོ་ཨོཾ་ལས་ཕྱག་རྡོར། སྣར་སྣའི་དབང་པོའི་ངོ་བོ་ཨོཾ་ལས་ནམ་སྙིང༌། ལྕེར་ལྕེའི་དབང་པོའི་ངོ་བོ་ཨོཾ་ལས་འཇིག་རྟེན་དབང་ཕྱུག སྙིང་གར་ཡིད་དབང་གི་ངོ་བོ་ཧཱུྃ་ལས་འཇམ་དབྱངས། རྡོ་རྗེའི་སྒོར་ལུས་དབང་གི་ངོ་བོ་ཨོཾ་ལས་སྒྲིབ་སེལ། ཚིགས་རྣམས་སུ་ཚིགས་མཚམས་ཀྱི་ངོ་བོ་སཾ་ལས་ཀུན་བཟང༌། སྤྱི་གཙུག་ཏུ་རྩ་རྒྱུས་ཀྱི་ངོ་བོ་མཻཾ་ལས་བྱམས་པ། མིག་གི་སྒོར་གཟུགས་ཀྱི་ངོ་བོ་ཛཿལས་གཟུགས་རྡོ་རྗེ་མ། རྣ་བར་སྒྲའི་ངོ་བོ་ཧཱུྃ་ལས་སྒྲ་རྡོ་རྗེ་མ། སྣར་དྲིའི་ངོ་བོ་བཾ་ལས་དྲི་རྡོ་རྗེ་མ། ལྕེར་རོའི་ངོ་བོ་ཧོཿལས་རོ་རྡོ་རྗེ་མ། རྡོ་རྗེའི་སྒོར་རེག་བྱའི་ངོ་བོ་ཁཾ་ལས་རེག་བྱ་རྡོ་རྗེ་མ་རྣམས་རང་རང་གི་གནས་ཀྱི་བྱང་ཆུབ་སེམས་དཔའ་དང་སྙོམས་པར་འཇུག་པ། ལག་པ་གཡས་པར་དེའི་ངོ་བོ་ཧཱུྃ་ལས་གཤིན་རྗེའི་གཤེད། དེ་བཞིན་དུ་གཡོན་པར་གཞན་གྱིས་མི་ཐུབ་པ། ཁར་རྟ་མགྲིན། རྡོ་རྗེར་བདུད་རྩི་འཁྱིལ་པ། དཔུང་པ་གཡས་པར་མི་གཡོ་བ། གཡོན་པར་འདོད་རྒྱལ། པུས་མོ་གཡས་པར་དབྱུག་སྔོན་ཅན། གཡོན་པར་སྟོབས་པོ་ཆེ། སྤྱི་བོར་གཙུག་ཏོར་འཁོར་ལོས་སྒྱུར་བ། རྐང་མཐིལ་གཉིས་སུ་རྐང་མཐིལ་གྱི་ངོ་བོ་ཧཱུྃ་ལས་གནོད་མཛེས་རྒྱལ་པོ་རྣམས་ཁ་དོག་དང་དབྱིབས་ཅི་ལྟ་བ་བཞིན་ཏུ་བསྒོམ་མོ། །དེ་ལྟར་རང་གི་ལུས་ཀྱི་དཀྱིལ་འཁོར་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དཔལ་གསང་བ་འདུས་པའི་ལྷ་ཚོགས་སུ་བྱིན་གྱིས་བརླབས་པས། དང་པོའི་མགོན་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ། དེ་བཞིན་གཤེགས་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ། ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། རྣལ་འབྱོར་ཆེན་པོ་མན་ཆད་ཉམས་སུ་བླང་བར་བྱའོ། །འདི་ནི་མདོ་བསྲེས་ཀྱི་དགོངས་པ་སྟེ། རྣམ་གཞག་རིམ་པ་དང༌། སྒྲོན་གསལ་ལེའུ་དང་པོ་དང༌། ཟླ་གྲགས་གཉིས་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དང༌། དེའི་འགྲེལ་པ་གཉིས་ལ་སོགས་པ་གཞུང་མང་པོའི་དོན་འདི་ལྟར་དུ་ཤེས་པར་བྱའོ། །དེས་ན་ཕྱིས་ཀྱི་བླ་མ་རྣམས་ཀྱིས་ཤིན་ཏུ་རྣལ་འབྱོར་ཚུལ་གཅིག་ཁོ་ནར་བཟུང་ནས་མི་འགྲིག་པའི་བཤད་པ་མང་དུ་བྱས་པ་རྣམས་ཀྱང་ཞིབ་མོར་མ་དཔྱད་པར་སྣང་ངོ༌། །ཞེས་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྒྲུབ་ཐབས་ཀྱི་ཡན་ལག་ཏུ་བྲིས་པའོ།།  །། ༄༅། །དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་འདོད་དགུའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།  ༈ །དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་འདོད་དགུའི་རྒྱ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་ལ་བཏུད་ནས། །དཔལ་ལྡན་འདུས་པའི་སྒྲུབ་ཐབས་ཀྱི། །ཡན་ལག་གཏོར་མའི་ཆོ་ག་བྲི། །འདི་ལ་སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་འབྲེལ་ན་དེའི་དྲུང་དང༌། མ་འབྲེལ་ན་རང་གི་མདུན་གཞི་བཟང་པོའི་སྟེང་དུ། གཏོར་མ་གཉིས་ཇི་ལྟར་འབྱོར་བའི་རྗས་སྣ་ཚོགས་དང་བཅས་ཤིང༌། བ་ལང་ལ་སོགས་པ་རང་ཤི་བར་གྱུར་པའི་ཤ་དང༌། བདུད་རྩི་ལྔས་སྦགས་པ་བཤམས་ལ། ནང་མཆོད་དང་ཆུ་དང་ཆང་གིས་སྦྱངས། རང་གི་མདུན་དུ་ནང་མཆོད་དང་རྡོ་རྗེ་དྲིལ་བུ་ཡང་བཞག་གོ །གཉིས་པ་ལ་གཉིས། འདས་པའི་ལྷ་ལ་གཏོར་མ་དབུལ་བ་དང༌། འཇིག་རྟེན་པ་ལ་གཏོར་མ་སྦྱིན་པའོ། །དང་པོ་ལ་གསུམ་ལས། དང་པོ་མགྲོན་བསྐྱེད་པ་ནི། གནས་སྐབས་གཞན་དུ་གཏོར་མ་གཏོང་ན། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་པ་བཞི་བསྒོམས་པ་སྔོན་དུ་སོང་ནས། སྟོང་པར་བསྒོམ་པ་སོགས་བྱ་ཞིང༌། ཐུན་རྗེས་ཁོ་ན་ལ་གཏོར་མ་གཏོང་ན། དེ་དག་མི་དགོས་པས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ས་གཞི་རྭ་གུར་མེ་འོད་དང་བཅས་པའི་རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲཱུྃ་ལས་བྱུང་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྩིག་པ་རིམ་པ་ལྔ་དང་ལྡན་ཞིང༌། རྟ་བབས་བཞིས་མཛེས་པ། སྟེང་ཐོག་རིམ་པར་ཕུབ་ཅིང་རྒྱན་སྣ་ཚོགས་པས་སྤྲས་པའི་དབུས་སུ་ཐུན་མོང་གི་གདན་སྣ་ཚོགས་པདྨ་སུམ་ཅུ་སོ་གཉིས། ཐུན་མོང་མ་ཡིན་པའི་གདན་དབུས་སུ་ཉི་མ། ཤར་དུ་ཟླ་བ་སོགས་སྒྲུབ་ཐབས་བཞིན་བསམ་མོ། །དེ་ནས་རང་སྐད་ཅིག་གིས་དོན་ཡོད་གྲུབ་པར་བསམས་པའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་བཀོད་ལ། ཐུགས་ཀའི་ཧཱུྃ་ཡིག་ལས་འོད་འཕྲོས་ཁམས་གསུམ་གྱི་སེམས་ཅན་སྐྱེ་གནས་བཞིས་བསྡུས་པ་ཐམས་ཅད་ལ་ཕོག་པས། དེ་རྣམས་ཀྱི་སྡིག་སྒྲིབ་སྦྱངས། སླར་ཡང་འོད་ཟེར་གྱིས་འགྲོ་བ་དེ་རྣམས་བསྡུས་ནས། གཞལ་ཡས་ཁང་གི་ནང་དུ་ཕྱིན་པ་ཙམ་གྱིས། སེམས་ཅན་དེ་རྣམས་སྐད་ཅིག་གིས་ལྷ་སུམ་ཅུ་སོ་གཉིས་སུ་གྱུར་ནས། སོ་སོའི་གདན་ལ་བཞུགས་པར་བསམས་ལ། དབུས་སུ་ཞེ་སྡང་རྡོ་རྗེ། ཤར་དུ་རྣམ་སྣང་ནས། འོག་ཏུ་གནོད་མཛེས་ཀྱི་བར་གསལ་བཏབ། དེ་ནས་འོག་གི་གནོད་མཛེས་ལས་གནོད་མཛེས་གཉིས་པ་རང་གི་མདུན་དུ་འོངས་ཏེ་བཀའ་ནོད་པ་ལ། སངས་རྒྱས་ཐམས་ཅད་ཁུག་ཅིག་ཅེས་བཀའ་བསྒོས་པས། དེས་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་སུམ་ཅུ་སོ་གཉིས་སྤྱན་དྲངས་པ་ལ། རྡོ་རྗེ་མ་ལྔས་མཆོད་ནས། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་དང་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །གཉིས་པ་གཏོར་མ་བྱིན་གྱིས་བརླབ་པ་ནི། མདུན་གྱི་གཏོར་མ་ལ་བདུད་རྩིས་གཏོར་ཞིང༌། བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང༌། ཧཱུྃ་ངམ། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་པདྨ་དམར་པོ་ཨཱཿས་མཚན་པར་བསམ། དེའི་ཤར་དུ་གོ་ལས་བ་གླང་གི་ཤ ལྷོར་ཀུ་ལས་ཁྱིའི་ཤ ནུབ་ཏུ་ད་ལས་རྟའི་ཤ བྱང་དུ་ཧ་ལས་གླང་པོ་ཆེའི་ཤ དབུས་སུ་ན་ལས་མིའི་ཤ་རྣམས་ཨོཾ་ཡིག་གིས་མཚན་པར་བསམ། ཤར་ལྷོར་བི་ལས་དྲི་ཆེན། ལྷོ་ནུབ་ཏུ་ར་ལས་རཀྟ། ནུབ་བྱང་དུ་ཤུ་ལས་བྱང་སེམས། བྱང་ཤར་དུ་མ་ལས་ཤ་ཆེན་གྱི་དྭངས་མ། དབུས་སུ་མུ་ལས་དྲི་ཆུ་རྣམས་ཨོཾ་ཡིག་གིས་མཚན་པར་བསམ། དེའི་སྟེང་གི་བར་སྣང་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་འཕྲོས་རླུང་གི་བ་དན་ལ་ཕོག རླུང་གཡོས། མེ་སྦར། རྫས་རྣམས་བསྐོལ་ཏེ་འབར་བར་གྱུར། སྟེང་གི་རྡོ་རྗེ་ཧཱུྃ་དང་བཅས་པ་བབས་ནས་དཀྲུགས་ཤིང་དེ་ཉིད་དུ་འདྲེས་པས་མ་དག་པའི་དྲི་མ་ཐམས་ཅད་སྦྱངས་ནས། དག་པའི་ཤེལ་ལྟར་གྱུར་པར་བསམ། པདྨ་ཨཱཿདང་བཅས་པས་ལས་འཕྲོས་པའི་འོད་ཟེར་གྱིས་དྲི་མ་མེད་པར་བྱས་ནས། ཉི་མའི་མདོག་ཅན་གྱི་བདུད་རྩིའི་རང་བཞིན་དུ་རྟོགས་པར་བྱས་པར་བསམ། ཨོཾ་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ནས་བསྣན་པས་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པར་སྤེལ་ཞིང་སྦར་བར་བསམས་ལ། ཨོཾ་ཨཱཿཧཱུྃ་གསུམ་ཡང་ཡང་བརྗོད་དོ། །གསུམ་པ་གཏོར་མ་དབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་རྭ་དབུས་མ་ལ་ཨོཾ་གྱིས་མཚན་པ། དེའི་འོད་ཟེར་གྱིས་གཏོར་མ་དྲངས་ནས་གསོལ་བས་ཚིམ་ཞིང་མཉེས་པར་བསམས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང༌། ཨོཾ་ཨཱཿབཛྲ་དྷྲྀཀ་པཉྫ་ཨ་མྲྀ་ཏ་ཧཱུྃ། ཨོཾ་ཨཱཿཛི་ན་ཛིཀ་པཉྩ་ཨ་མྲྀ་ཏ་ཧཱུྃ། ཞེས་པ་ནས། ཨོཾ་ཨཱཿསུཾ་བྷ་རཱ་ཛ་པཉྫ་ཨ་མྲྀ་ཏ་ཧཱུྃ། ཞེས་པའི་བར་ལན་གསུམ་མམ་ལྔ་བརྗོད་ལ་དབུལ། དེ་ནས་ཉེར་སྤྱོད་དང༌། བདུད་རྩིས་མཆོད་ལ། རྡོ་རྗེ་དྲིལ་བུ་འཛིན་པས། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་སོགས་དེ་ཉིད་ལྔ་པས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་ཞི་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་གྱིས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཞེས་བདེན་སྟོབས་བརྗོད། རྡོ་རྗེ་གསུམ་དངོས་མི་ཕྱེད་སྐུ། །ཡེ་ཤེས་ལྔ་ལྡན་བདེ་བ་ཆེ། །འདུས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བ་ཡིས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིན་ལས་གཞོལ། དེ་ནས་འཇིག་རྟེན་པ་ལ་གཏོར་མ་མི་གཏོང་ན། རྗེས་ཀྱི་བྱ་བ་རྣམས་འདིར་བྱ། །གཏོང་ན་ཐུན་མོང་དུ་བྱས་པས་རུང་ངོ༌། །གཉིས་པ་ལ་གསུམ་ལས། དང་པོ་མགྲོན་བསྐྱེད་པ་ནི། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་པའི་ངང་ལས། གཏོར་སྣོད་ཀྱི་ཤར་དུ་སྐད་ཅིག་གིས་དབང་པོ་སེར་སྐྱ་གླང་པོ་ཆེ་ལ་གནས་པ། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་གནས་པ། གཡས་དབྱུག་པ་དང་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་གནས་པ་སྦྲུལ་ཞགས་འཛིན་པ། བྱང་དུ་ལུས་ངན་སེར་པོ་ཤ་རྒྱས་པ་གཏེར་ལ་གནས་པ། གཡས་བཱི་ཛ་པཱུ་ར་ཀ་དང་གཡོན་ནེའུ་ལེ་འཛིན་པ། མེར་མེ་ལྷ་དམར་པོ་ར་སྐྱེས་ལ་གནས་པ། གཡས་བགྲང་ཕྲེང་དང་གཡོན་སྤྱི་བླུགས་འཛིན་པ། བདེན་བྲལ་དུ་སྲིན་པོ་ནག་པོ་རོ་ལངས་ལ་གནས་པ། གཡས་རལ་གྲི་དང་གཡོན་ཐོད་པ་འཛིན་པ། རླུང་དུ་རླུང་ལྷ་དུད་ཁ་རི་དྭགས་སེར་པོ་ལ་གནས་པ། ཕྱག་གཉིས་ཀྱིས་རླུང་རས་འཛིན་པ། དབང་ལྡན་དུ་དབང་ལྡན་དཀར་པོ་གླང་ལ་གནས་པ། རལ་པའི་ཐོར་ཅོག་ཅན། གཡས་རྩེ་གསུམ་དང་གཡོན་ཐོད་པ་འཛིན་པ། སྟེང་གི་དབུས་སུ་ཚངས་པ་སེར་པོ་ངང་པོ་ལ་གནས་པ། ཞལ་བཞི་པ་ཕྱག་བཞིའི་གཡས་གཉིས་ན་སྤྱི་བླུགས་དང་མི་འཇིགས་པ། གཡོན་གཉིས་ན་དབྱུག་པ་དང་བགྲང་ཕྲེང་འཛིན་པ། འོག་ཏུ་སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ། གཡས་དཔང་པོར་ཁས་ལེན་པ་གཡོན་བུམ་པ་འཛིན་པ། དེ་རྣམས་ཀྱི་མཐའ་སྐོར་དུ། ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང༌། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང༌། །སྨྱོ་བྱེད་དང་ནི་བརྗེད་བྱེད་དང༌། །གནོན་པོ་ལ་སོགས་པ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དཔག་ཏུ་མེད་པས་བསྐོར་བར་བསམ། དེ་རྣམས་སྐད་ཅིག་གིས་སྟོང་པ་ཉིད་དུ་གྱུར་པ་ལས་དཔལ་གསང་བ་འདུས་པའི་སྐུར་གྱུར་པར་བསམ་མོ། །གཉིས་པ་གཏོར་མ་བྱིན་གྱིས་བརླབ་པ་ནི། ཕྱི་རོལ་པ་སོགས་ཕྱོགས་སྐྱོང་རྐྱང་པ་ལ་འབུལ་ན། འདིར་སྔར་བཞིན་གཏོར་མ་བྱིན་བརླབ་བྱ་ལ། འདས་གཏོར་དང་སྦྲེལ་ནས་འབུལ་ན། སྔར་དུས་གཅིག་ལ་བྱའི་འདིར་བྱ་མི་དགོས་སོ། །གསུམ་པ་གཏོར་མ་དབུལ་བ་ནི། ཕྱོགས་སྐྱོང་རྣམས་ཀྱི་ལྗགས་བྱིན་གྱིས་བརླབས་པ་སྔར་བཞིན་བྱས་ལ། རྡོ་རྗེ་ཐལ་མོ་དང༌། ཨོཾ་ད་ཤ་དིཀ་བྱ་བསྠི་ཏེ་བྷྱཿ ཨི་ཧ་ཨ་བསྠི་ཏེ་བྷྱཤྩ་དེ་བ་ནཱ་ག་ཡཀྵ། གན་དྷརྦ་ཨ་སུ་ར་ག་རུ་ཌ། ཀིནྣ་ར་མ་ཧོ་ར་ག བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུཏྨཱནྡ་ཨ་པསྨ་ར། ཨོསྟཱ་ར་ཀ་ཨཱ་དི་བྷྱོ། བ་ལིཾ་དཱ་པ་ཡཱ་མི་གྲྀ་ཧཱི་ཏཱ། སུ་ཁ་སཽ་མ་ན་སྱ་ལ་བྷི་ནོ་བྷ་བནྟུ། སྦཱ་ནཾ་ཙ་ནི་རུ་པ་ཌ་བཾ་ཀུརྦནྟུ། སརྦ་བུདྡྷ་ཨ་དྷིཥྛ་ནེ་ན། ཨོཾ་ཨཱཿཧཱུྃ། ཨི་དཾ་ཨ་མྲྀ་ཏ། པིཎྜཾ་བྷུཀྟ། མ་མ་ས་པ་རི་ཝཱ་ར་སྱ། ཤཱིནྟིཾ་ཀུརྦནྟུ་སྭ་སྟི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དབུལ། དེ་ནས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས། ཉེར་སྤྱོད་དང་བདུད་རྩིས་མཆོད་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཨོཾ་ཕྱོགས་བཅུར་རྣམ་པར་གནས་རྣམས་དང༌། །འདིར་ནི་ཀུན་ཏུ་གནས་པ་དང༌། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང༌། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང༌། །སྨྱོ་བྱེད་དང་ནི་བརྗེད་བྱེད་དང༌། །གནོན་པོ་ལ་སོགས་པ་རྣམས་ལ། །གཏོར་མ་འབུལ་གྱི་བསྣམས་ནས་ཀྱང༌། །བདེ་དང་ཡིད་བདེ་ཐོབ་གྱུར་ཅིག །གནས་འདིར་ཉེར་འཚེ་མེད་པར་མཛོད། །སངས་རྒྱས་ཀུན་གྱི་བྱིན་བརླབས་ཀྱིས། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩི་ཡི། །བཟའ་བ་ལ་ནི་ལོངས་སྤྱད་ནས། །བདག་ཅག་འཁོར་དང་བཅས་པ་ལ། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། རྡོ་རྗེ་འཆང་གིས་བཀའ་བསྒོས་ཤིང༌། །བསྟན་པ་སྐྱོང་བར་ཞལ་བཞེས་པ། །འབྱུང་པོའི་བདག་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་སྔར་བཞིན་བརྗོད་ལ་ཕྲིན་ལས་གཞོལ་ལོ། །གསུམ་པ་རྗེས་ནི། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ་དང་འཁྱུད་པའི་ཕྱག་རྒྱས། འདས་པའི་ལྷ་རྣམས་རང་གི་ལུས་ལ་ཐིམ་པར་བསམ། ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་འཇིག་རྟེན་པའི་མགྲོན་རྣམས་རང་རང་གི་གནས་སུ་གཤེགས་པར་བསམ། གཏོར་མ་ས་གཙང་སར་དོར་ལ། བསྔོ་བ་རྣམ་པར་དག་པ་དང༌། སྟོང་ཉིད་རྟོག་པའི་ཤེས་རབ་ཀྱིས་ཟིན་པར་བྱའོ། །མཁས་པ་གཞན་གྱིས་ཡེ་ཤེས་ཞབས་སོགས་ཀྱི། །གཏོར་ཆོག་སྦྱར་བ་མཛེས་པར་མ་མཐོང་ནས། །མངོན་ཤེས་ཅན་དང་ཀླུ་བྱང་གཞུང་བཞིན་དུ། །གསལ་བར་བྲིས་པའི་དགེ་དེ་འགྲོ་ལ་བསྔོ། །དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག་འདི་ནི་པཎྜི་ཏ་མངོན་ཤེས་ཅན་གྱི་གཏོར་མའི་ཆོ་ག་དང་གྲུབ་པའི་དབང་ཕྱུག་ཀླུའི་བྱང་ཆུབ་ཀྱི་ཆོ་ག་ཉི་ཤུ་པའི་གཏོར་ཆོག་གི་སྐབས་རྣམས་ལ་བརྟེན་ནས། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། ༄༅། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཆོད་པའི་ཆོ་ག་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།  ༈ །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཆོད་པའི་ཆོ་ག་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་ནམ་མཁར་དད་པའི་སྤྲིན་བསྡུས་ཤིང༌། །རྣམ་དག་ཆོ་གའི་འབྲུག་སྒྲ་ལེགས་བསྒྲགས་པས། །ཡིད་འོང་མཆོད་པའི་ཆར་ཆེན་འབེབས་མཛད་པ། །འདྲེན་མཆོག་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །གསང་གསུམ་གཅིག་ཏུ་བསྡུས་པའི་ཡེ་ཤེས་སྐུ། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་མཉེས་བྱེད་པ། །མཆོད་སྤྲིན་རྒྱ་མཚོའི་ཆོ་ག་བཤད་ཀྱིས་ཉོན། །འདིར་དཔལ་གསང་བ་འདུས་པའི་རྣལ་འབྱོར་པས་དུས་ཁྱད་པར་ཅན་གྱི་ཚེ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་མཎྜལ་གྱི་མཆོད་པ་བྱེད་པར་འདོད་པས། དོན་གསུམ་སྟེ། སྦྱོར་བ་རྟེན་དང་མཆོད་པ་བཤམ་པ། དངོས་གཞི་མཎྜལ་སྒྲུབ་ཅིང་མཆོད་པ། མཇུག་མཆོད་ཅིང་བསྟོད་ནས་གཤེགས་སུ་གསོལ་བའོ། །དང་པོ་ནི། གཙུག་ལག་ཁང་ལ་སོགས་པའི་གནས་དབེན་པར་ཕྱག་དར་དང་སྐྱང་ནུལ་བྱས་ལ། དེར་ཁྲུ་གང་ཡན་ཆད་ཇི་ལྟར་འཚམས་པའི་ཚད་ཀྱིས་ཟླུམ་པོར་བྱས་པ་ལ། བའི་རྣམ་པ་ལྔའམ། དྲི་བཟང་གིས་བྱུགས་ལ་དབུས་སུ་གནས་སྲུང་གི་དོན་དུ་གསེར་རམ་མེ་ཏོག་གཅིག་བཞག དེའི་མཐའི་ཟུར་བཞིར་མཉྫིའི་སྟེང་དུ། མཆོད་ཡོན་གྱི་སྣོད་དུང་ཆོས་བཞིར་མེ་ཏོག་དང༌། ནས་དང༌། འོ་མ་དང༌། ཀུ་ཤ་དང༌། ཏིལ་དང༌། འབྲས་ཡོས་དང༌། བདུད་རྩི་ལྔ་དང་བཅས་པའི་མཆོད་ཡོན་བཤམ། དེ་ནས་མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དང༌། དྲི་ཆབ་དང༌། ཞལ་ཟས་རྣམས་མཆོད་ཡོན་བར་གྱི་ཕྱོགས་བཞིར་ཚན་པ་རེ་རེ་བཤམ། སྤྱིའི་མཆོད་པ་དེའི་ནང་མཎྜལ་གྱི་ཕྱི་རོལ་ཙམ་དུ། བདུག་སྤོས་དང༌། མར་མེ་དང༌། ཞལ་ཟས་གསུམ་ཕྱོགས་བཞིར་ཚན་པ་བདུན་རེ་དང༌། དེའི་ནང་གི་ཤར་དུ། གཙོ་བོའི་མཆོད་པ་གསུམ། ནུབ་ཏུ་ཡུམ་གྱི་གསུམ། དེའི་སྟེང་འོག་གི་ཁྲོ་བོ་གཉིས་ཀྱི་མཆོད་པ་གསུམ་པོ་ཤར་ནུབ་ཏུ་འགོད་པར་རིགས་ནའང༌། བླ་མ་དག་ལྷོ་བྱང་དུ་འགོད་ཀྱིན་སྣང་བས་གང་བདེ་བྱ། སྒོས་མཆོད་ཀྱི་ནང་གི་ཟུར་བཞིར། མཆོད་ཡོན་གྱི་བཟེད་ཞལ་བཞི་མེ་ཏོག་ཉུང་ཟད་རེ་དང་བཅས་པ་བཤམ། མཆོད་པའི་ཕྱི་རོལ་ཤར་ཕྱོགས་སུ་གཞི་བཟང་པོའི་སྟེང་དུ། ཅི་འབྱོར་པའི་ཡོ་བྱད་ཀྱིས་བརྒྱན་པའི་གཏོར་མ་རྒྱལ་མཚན་ནམ་བ་དན་གྱིས་སྤྲས་པ་ལྔའམ་བཞི་བཤམ། གཞན་ཡང༌། བླ་རེ་དང༌། བ་དན་དང༌། དར་གྱི་ལྡ་ལྡི་དང༌། གདུགས་དང༌། རྒྱལ་མཚན་དང༌། གོས་ཟུང་དང༌། རོལ་མོ་ལ་སོགས་པ་རྣམས་ཅི་འབྱོར་དུ་བཤམས་ཤིང༌། རང་གི་མདུན་དུ། ནང་མཆོད་དང༌། རྡོ་རྗེ་དྲིལ་བུ་སོགས་ཉེ་བར་མཁོ་བ་རྣམས་ཀྱང་གཞག་པར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ། མདུན་དུ་དཀྱིལ་འཁོར་བསྒྲུབ་པ། དེ་ལ་མཆོད་པ་རྒྱས་པར་དབུལ་བའོ། །དང་པོ་ནི། སྒྲུབ་པ་པོ་བདག་ཉིད་སྟན་བདེ་བ་ལ་འདུག་ནས། དཔའ་བོའི་སྟོན་མོ་སོགས་དང་འབྲེལ་ན། ལས་ཀྱི་རྡོ་རྗེས་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ་པར་བྱ། མཎྜལ་མཆོད་ཆོག་རྐྱང་པ་ལ་དེ་དག་མི་དགོས་པས། སྐྱབས་འགྲོ་སེམས་བསྐྱེད་དང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྣམས་བྱས་ལ། ཚོགས་གཉིས་བསགས་པ་ནས་བརྩམས་ཏེ། ཉེར་བསྡུའི་བར་གྱི་མངོན་པར་རྟོགས་པ་རྣམས་རྒྱས་པར་བསྒོམས་ལ། ཞེ་སྡང་རྡོ་རྗེ་ཡབ་ཡུམ་གྱི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་ནི་དྲི་བཟང་པོའི་ཆུ་ལ། ཨོཾ་བཾ་བཛྲ་ཨུ་ད་ཀེ་ཧཱུྃ། ཞེས་ལན་བདུན་བཟླས་པས་ཆུ་བྱིན་གྱིས་བརླབས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་ཁྲུས་བྱ། ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་པས་རྐང་ལག་བཀྲུས་ཤིང་ཁ་བཤལ་ལོ། །དེ་ནས་སྲོག་ཆགས་མེད་པའི་མེ་ཏོག་གཙང་མའམ། དགུན་ལྟ་བུ་མེ་ཏོག་མེད་ན། དེའི་དོད་འབྲས་དཀར་པོ་ལས་བྱས་ལ། དྲི་བཟངས་གི་ཆུས་གཏོར་ཏེ་ལག་པས་རེག་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་སཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ་པུཥྤེ། མ་ཧཱ་པུཥྤེ། སུ་པུཥྤེ། པུཥྤོདྦྷ་ཝེ། པུཥྤ་སཾ་བྷ་ཝེ། པུཥྤ་ཨ་ཝ་ཀཱིརྞ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཞེས་པས་མེ་ཏོག་བྱིན་གྱིས་བརླབ་བོ། །དེ་ནས་མེ་ཏོག་དང་ཆུ་ལག་པས་བཟུང་སྟེ། མདུན་གྱི་མཎྜལ་གྱི་སྟེང་དུ་ཅུང་ཟད་གཏོར་ཞིང༌། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་སརྦ་བིགྷྣཱན་ཨ་ནུཏྶཱ་ད་ཡ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་བགེགས་བསྐྲད་ལ། སྔར་གྱི་གནས་སྲུང་བའི་མེ་ཏོག་བསལ། དེ་ནས་ཙནྡན། ག་བུར། ཨ་ཀ་རུ་རྣམས་ཀྱི་ཆུ་བདུད་རྩི་ལྔ་དང་བཅས་པས་མཎྜལ་གཡས་སྐོར་དུ་ཁྱེ་མ་མེད་པར་བྱུགས་ལ། ཨོཾ་ཨཱཿབཛྲ་རེ་ཁེ་ཧཱུྃ། ཞེས་བརྗོད། དེ་ནས་དབུས་སུ། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛནྟུ་སྭཱ་ཧཱ། ཞེས་པས་ལག་པའི་རྒྱབ་ཏུ་མེ་ཏོག་བཞག་སྟེ་དབུས་སུ་མེ་ཏོག་སྤུངས་ལ་བསྲུང༌། ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་པས་ལག་པ་བཀྲུས་ལ། དངོས་པོ་མེད་ལ་བསྒོམ་པ་མེད། །ཞེས་སོགས་ཡེ་ཤེས་ཀྱིས་བསྐྱེད་པ་ནས་བརྩམས་ཏེ། སྒྲུབ་ཐབས་ལྟར་གཞལ་ཡས་ཁང་གདན་བཅས་བསྐྱེད་ལ། ཏཱ་ལའི་ལོ་མའམ་དཱུ་གུ་ལའི་རས་གཙང་མས་དྲི་བཟང་བླངས་ལ། གཙོ་བོའི་གནས་སུ་གྲུ་བཞི་དང༌། འཁོར་རྣམས་ཀྱི་གནས་སུ་ཟླུམ་པོ་རེ་རེ་བྱས་ལ། སོ་སོའི་སྔགས། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཧཱུྃ། ཞེས་སོགས་ལན་བདུན་བཟླ། དྲིའི་ཐིག་ལེའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད་པའི་བཤད་པ་མི་སྣང་ཡང༌། བླ་མ་དག་མཛད་ཀྱིན་སྣང་བས་དེ་ལྟར་བྱའོ། །དེ་ནས། ཨཱ་ལི་ཀཱ་ལི་ལས་བྱུང་བ། །སྣ་ཚོགས་པདྨའི་གདན་ལ་བཞུགས། །གཞལ་ཡས་ཁང་དབུས་ཉམས་དགའ་བ། །ཞེས་དབྱངས་གསལ་ལས་བསྐྱེད་པར་བཤད་པ་ནི། དབྱངས་གསལ་ལས་བཏུས་པའི་ཡིག་འབྲུ་རྣམས་ལས་ལྷ་བསྐྱེད་པའི་དོན་ཡིན་པས་མདུན་བསྐྱེད་ཀྱི་ལྷ་རྣམས་ས་བོན་ལས་བསྐྱེད་པར་བྱ་སྟེ། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་ལས་བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་སྐུ་མདོག་མཐིང་ནག་སོགས་ཞལ་ཕྱག་རྫོགས་པར་བསྒོམ། ཤར་དུ་ཨོཾ་ལས་རྣམ་པར་སྣང་མཛད། ལྷོར་སྭཱ་ལས་རིན་འབྱུང༌། ནུབ་ཏུ་ཨཱཿལས་འོད་དཔག་མེད། བྱང་དུ་ཧཱ་ལས་དོན་གྲུབ། ཤར་ལྷོར་ལཾ་ལས་སྤྱན་མ། ལྷོ་ནུབ་ཏུ་མཾ་ལས་མཱ་མ་ཀཱི། ནུབ་བྱང་དུ་པཾ་ལས་གོས་དཀར་མོ། བྱང་ཤར་དུ་ཏཱཾ་ལས་སྒྲོལ་མ། རིམ་པ་གཉིས་པའི་ཤར་ལྷོར་ཛཿལས་གཟུགས་རྡོ་རྗེ་མ། ལྷོ་ནུབ་ཏུ་ཧཱུྃ་ལས་སྒྲ་རྡོ་རྗེ་མ། ནུབ་བྱང་དུ་བཾ་ལས་དྲི་རྡོ་རྗེ་མ། བྱང་ཤར་དུ་ཧོཿལས་རོ་རྡོ་རྗེ་མ། གཙོ་བོའི་མདུན་དུ་ཁཾ་ལས་རེག་བྱ་རྡོ་རྗེ་མ། རིམ་པ་གསུམ་པའི་ཤར་གྱི་སྣམ་བུའི་གཡས་སུ་མཻཾ་ལས་བྱམས་པ། གཡོན་དུ་ཐལིཾ་ལས་ས་སྙིང༌། ལྷོའི་སྣམ་བུའི་གཡས་སུ་ཨོཾ་ལས་ཕྱག་རྡོར། གཡོན་དུ་ཨོཾ་ལས་ནམ་སྙིང༌། ནུབ་ཀྱི་སྣམ་བུའི་གཡས་སུ་ཨོཾ་ལས་འཇིག་རྟེན་དབང་ཕྱུག གཡོན་དུ་ཧཱུྃ་ལས་འཇམ་དཔལ། བྱང་གི་སྣམ་བུའི་གཡས་སུ་ཨོཾ་ལས་སྒྲིབ་སེལ། གཡོན་དུ་སཾ་ལས་ཀུན་བཟང༌། ཤར་སྒོར་ཧཱུྃ་ལས་གཤིན་རྗེ་གཤེད། དེ་བཞིན་དུ་ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་ཧཱུྃ་ལས་བསྐྱེད་ཅིང་ལྷ་ཐམས་ཅད་ཀྱི་སྐུ་མདོག་དང་ཕྱག་མཚན་རིགས་བདག་རྣམས་སྒྲུབ་ཐབས་བཞིན་རྫོགས་པར་བསྒོམ་མོ། །དེ་ནས་ལྷ་རྣམས་ཀྱི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་རྣམས་བསམས་ལ། ཐུགས་ཀའི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ཁ་དོག་ལྔ་པ་དཔག་ཏུ་མེད་པ་འཕྲོས། དེས་འོག་མིན་གྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་ལ་སེ་གོལ་གཏོགས། དེ་ནས་སྤོས་དང་བཅས་པས་རྡོ་རྗེ་དྲིལ་བུ་འཛིན་པ། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་དང༌། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ས་མ་ཡ་མ་ནུ་སྨཱ་ར་ཏི་ཏིཥྛ་ས་མ་ཡ་མ་ནུ་སྨཱ་ར་ས་མ་ཡ་མ་ནུ་སྨཱ་ར་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ། ཅེས་པས་ལྷ་ཐམས་ཅད་ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་གདན་དབུལ། རྡོ་རྗེ་མ་ལྔས་མཆོད་ནས། ཛཿཧཱུྃ་བྃ་ཧོཿ ཞེས་པས་དྲིའི་དཀྱིལ་འཁོར་དུ་བསྐྱེད་པའི་ལྷ་དང་དབྱེར་མེད་དུ་གྱུར་པར་བསམ། ལྷ་ཐམས་ཅད་ལ་རང་རང་གི་རིགས་བདག་ཡབ་ཡུམ་གྱིས་དབང་བསྐུར་བས། བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པར་བསམ་མོ། །གསུམ་པ་ལ། ཕྱི་ནང་གསང་བ་ཡིད་ལས་བྱུང༌། །བླ་མེད་བསྟོད་དང་དམ་ཚིག་བཟུང༌། །བཟླས་དང་དེ་བཞིན་གཏོར་མ་སྟེ། །དཀྱིལ་འཁོར་མཆོད་པ་རྣམ་པ་དགུ། །ཞེས་པ་ལྟར། དོན་དགུ་ལས། དང་པོ་ཕྱིའི་མཆོད་པ་ལྔ་ལྔ་ལས། དང་པོ་ཉེ་བར་སྤྱོད་པའི་མཆོད་པ་ནི། རང་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་ལུས་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ། ཨོཾ་ལས་མཆོད་ཡོན་མ་དཀར་མོ། པཾ་ལས་མེ་ཏོག་མ་སེར་མོ། དྷཾ་ལས་བདུག་སྤོས་མ་སྔོན་མོ། དཾ་ལས་མར་མེ་མ་དམར་མོ། གཾ་ལས་དྲི་ཆབ་མ་ལྗང་གུ། ནཾ་ལས་ཞལ་ཟས་མ་དཀར་མོ། ཤཾ་ལས་རོལ་མོ་མ་སྔོན་མོ་རྣམས་ཞལ་གཅིག་པ་ཕྱག་གཉིས་ཀྱིས་རང་རང་གི་མཆོད་རྫས་འཛིན་པ། འཛུམ་པའི་བཞིན་ལ་མཛེས་པའི་མདངས་དང་ལྡན་པར་བསམ། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་བརྗོད་པས་དེ་རྣམས་རང་རང་གི་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་དཔག་ཏུ་མེད་པར་གྱུར་ནས། མདུན་བསྐྱེད་ཀྱི་མཐའ་སྐོར་དུ་འཁོད་དེ། དཀྱིལ་འཁོར་པ་རྣམས་ལ་མཆོད་པར་བསམ། དེ་ནས་མདུན་གྱི་མཆོད་རྫས་རྣམས་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ཐོད་པའི་ནང་དུ་མཆོད་རྫས་རྣམས་བསྐྱེད། སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཐུགས་ཀྱི་དབང་ཕྱུག་ཆོས་དབྱིངས་ཡེ་ཤེས་དངོས། །དཔལ་ལྡན་མི་བསྐྱོད་མགོན་པོ་འཁོར་བཅས་རྣམས། །ལྷ་རྫས་དམ་པའི་མཆོད་ཡོན་འདི་བཞེས་ལ། །བདག་དང་འགྲོ་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང༌། པད་སྐོར་སྔོན་དུ་འགྲོ་བས། བྱང་ཤར་གྱི་དུང་ཆོས་ནས་བཟེད་ཞལ་དུ་མཆོད་ཡོན་དབུལ་ཞིང༌། ཨོཾ་ཧཱུྃ་བཛྲ་དྷྲྀཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་གཙོ་བོ་དང༌། དེ་བཞིན་དུ་ཨརྒྷཾ་མན་ཆད་ཐམས་ཅད་ལ་སྦྱར་ལ། ཨོཾ་ཁཾ་སྤརྵེ་བཛྲི་རེག་བྱ་རྡོ་རྗེ་དང༌། ཨོཾ་ཧཱུྃ་ཨུཥྞཱི་ཥ་ཙཀྲ་ཝརྟི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང༌། ཨོཾ་ཧཱུྃ་སུམྦྷ་རཱ་ཛ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་གནོད་མཛེས་ཏེ་ལྷ་རེ་རེ་ཞིང་མཆོད་ཡོན་དབུལ། དེ་ནས་སྔར་གྱི་ཚིགས་བཅད་ཀྱིས། མཆོད་ཡོན་གྱི་གནས་སུ། མེ་ཏོག་འདི་བཞེས་ལ། ཞེས་པ་བཅུག གཞན་རྣམས་འདྲ་བར་སྦྱར་ལ། ཨོཾ་ཧཱུྃ་བཛྲ་དྷྲྀཀ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང༌། དེ་བཞིན་དུ་ལྷ་སོ་སོའི་སྔགས་ཀྱི་མཐར། པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། སྦྱར་བས་མེ་ཏོག་དབུལ། བདུག་སྤོས་འདི་བཞེས་ལ། ཞེས་སོགས་དང༌། ལྷ་སོ་སོའི་སྔགས་ཀྱི་མཐར། དྷཱུ་པཾ་པྲ་ཏཱིཙྪ་སྭཱ་ཧཱ། སྦྱར་བས་བདུག་སྤོས་དང༌། མར་མེ་འདི་བཞེས་ལ། ཞེས་སོགས་དང༌། སོ་སོའི་སྔགས་ཀྱི་མཐར། དཱི་པཾ་པྲ་ཏཱིཙྪ་སྭཱ་ཧཱ། སྦྱར་བས་མར་མེ་དང༌། དྲི་མཆོག་འདི་བཞེས་ལ། ཞེས་སོགས་དང༌། སོ་སོའི་སྔགས་ཀྱི་མཐར། གནྡྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྦྱར་བས་དྲི་ཆབ་དང་ཞལ་ཟས་འདི་བཞེས་ལ། ཞེས་སོགས་དང༌། སོ་སོའི་སྔགས་ཀྱི་མཐར། ནཻ་ཝི་ཏྱཾ་པྲ་ཏཱིཙྪ་སྭཱ་ཧཱ། སྦྱར་བས་ཞལ་ཟས་དང༌། རོལ་མོ་འདི་བཞེས་ལ། ཞེས་སོགས་དང༌། ལྷ་སོ་སོའི་སྔགས་ཀྱི་མཐར། ཤབྡཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སྦྱར་བ་དང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙ་པཱ་ར་མི་ཏཱ་ནཱ་ད་སཾ་བྷཱ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རོལ་མོ་ཅི་འབྱོར་པ་དབུལ་ལོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་ནས། ཤར་ན་བཞུགས་པའི་ལྷ་རྣམས་ལ་མཆོད་པའི་ཕྱིར། སྐུ་ཡི་དབང་ཕྱུག་མེ་ལོང་ཡེ་ཤེས་དངོས། །རྒྱལ་བ་རྣམ་པར་སྣང་མཛད་འཁོར་བཅས་རྣམས། །ལྷ་རྫས་དམ་པའི་མཆོད་ཡོན་འདི་བཞེས་ལ། །བདག་དང་འགྲོ་ལ་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང༌། ལྷོ་ནུབ་ཀྱི་མཆོད་ཡོན་གྱི་སྣོད་ནས་བཟེད་ཞལ་དུ་ལན་བདུན་དུ་དབུལ་ཞིང༌། ཨོཾ་ཨོཾ་ཛི་ན་ཛིཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རྣམ་སྣང་དང༌། དེ་བཞིན་དུ་ཨརྒྷཾ་མན་ཆད་ཐམས་ཅད་ལ་སྦྱར། ཨོཾ་ལཾ་མོ་ཧ་ར་ཏཱི་སྤྱན་མ་དང༌། ཨོཾ་རཾ་རཱུ་པ་བཛྲཱི་གཟུགས་རྡོ་རྗེ་མ་དང༌། ཨོཾ་མཻཾ་མཻ་ཏྲཱི་བྱམས་པ་དང༌། ཨོཾ་ཐལིཾ་ཀྵི་ཏི་གརྦྷ་ས་སྙིང་དང༌། ཨོཾ་ཧཱུྃ་ཡ་མཱནྟ་ཀྲྀ་ཏ་གཤིན་རྗེ་གཤེད་དང༌། ཨོཾ་ཧཱུྃ་ཨ་ཙ་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མི་གཡོ་བ་རྣམས་ལ་མཆོད་ཡོན་དབུལ། དེ་བཞིན་དུ་མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་སྔར་གྱི་ཚིགས་བཅད་འདོན་པ་བསྒྱུར་ཞིང༌། ཤར་ཕྱོགས་ཀྱི་ལྷ་བདུན་པོའི་སྔགས་ཀྱི་མཐར་པུཥྤཾ་སོགས་སྦྱར་ལ་དབུལ་ལོ། །དེ་ནས་ལྷོ་ཕྱོགས་ཀྱི་ལྷ་རྣམས་ལ་མཆོད་པའི་ཕྱིར། ཡོན་ཏན་དབང་ཕྱུག་མཉམ་ཉིད་ཡེ་ཤེས་དངོས། །འདྲེན་པ་རིན་ཆེན་འབྱུང་ལྡན་འཁོར་བཅས་རྣམས། །ལྷ་རྫས་མན་ཆད་འདྲ་བར་སྦྱར་ལ། ནུབ་བྱང་གི་དུང་ཆོས་ནས་མཆོད་ཡོན་དབུལ་ཞིང༌། ཨོཾ་སྭཱ་རཏྣ་དྷྲྀཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རིན་འབྱུང་དང༌། ཨོཾ་མཱཾ་དྭེ་ཥ་ར་ཏཱི་མཱ་མ་ཀཱི་དང༌། ཨོཾ་ཤཾ་ཤབྡཱ་བཛྲཱི་སྒྲ་རྡོ་རྗེ་མ་དང༌། ཨོཾ་ཨོཾ་བཛྲ་པཱ་ཎི་ཕྱག་རྡོར་དང༌། ཨོཾ་ཨོཾ་ཁ་གརྦྷ་ནམ་སྙིང་དང༌། ཨོཾ་ཧཱུྃ་པྲ་ཛྙཱནྟ་ཀྲྀ་ཏ་ཤེས་རབ་མཐར་བྱེད་དང༌། ཨོཾ་ཧཱུྃ་ཊཀྐི་རཱ་ཛ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། འདོད་རྒྱལ་རྣམས་ལ་མཆོད་ཡོན་དབུལ། དེ་བཞིན་དུ་ཚིགས་བཅད་དང་སྔགས་རྣམས་རོལ་མོའི་བར་སྦྱར་ལ་དབུལ་ལོ། །དེ་ནས་ནུབ་ཕྱོགས་པའི་ལྷ་རྣམས་མཆོད་པའི་ཕྱིར། གསུང་གི་དབང་ཕྱུག་སོར་རྟོག་ཡེ་ཤེས་དངོས། །སྐྱོབ་པ་འོད་དཔག་མེད་མགོན་འཁོར་བཅས་རྣམས། །ལྷ་རྫས་མན་ཆད་དང༌། བྱང་ཤར་གྱི་དུང་ཆོས་ནས་མཆོད་ཡོན་དབུལ་ཞིང༌། ཨོཾ་ཨཱཿཨ་རོ་ལྀཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། འོད་དཔག་མེད་དང༌། ཨོཾ་བཾ་རཱ་ག་ར་ཏཱི་གོས་དཀར་མོ་དང༌། ཨོཾ་གཾ་གནྡྷཾ་བཛྲཱི་དྲི་རྡོ་རྗེ་དང༌། ཨོཾ་ཨོཾ་ལོ་ཀེ་ཤྭ་ར་འཇིག་རྟེན་དབང་ཕྱུག་དང༌། ཨོཾ་ཧཱུྃ་མཉྫུ་ཤྲཱི་འཇམ་དཔལ་དང༌། ཨོཾ་ཧཱུྃ་པདྨཱནྟ་ཀྲྀ་ཏ་པདྨ་མཐར་བྱེད་དང༌། ཨོཾ་ཧཱུྃ་ནཱི་ལ་དཎྜ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དབྱུག་སྔོན་ཅན་རྣམས་ལ་མཆོད་ཡོན་དབུལ། དེ་བཞིན་དུ་ཚིགས་བཅད་དང༌། སྔགས་རྣམས་རོལ་མོའི་བར་སྦྱར་ལ་དབུལ་ལོ། །དེ་ནས་བྱང་ཕྱོགས་ཀྱི་ལྷ་རྣམས་མཆོད་པའི་ཕྱིར། ཕྲིན་ལས་དབང་ཕྱུག་བྱ་གྲུབ་ཡེ་ཤེས་དངོས། །དཔའ་བོ་དོན་ཡོད་གྲུབ་པ་འཁོར་བཅས་རྣམས། །ལྷ་རྫས་མན་ཆད་དང༌། ཤར་ལྷོའི་དུང་ཆོས་ནས་མཆོད་ཡོན་དབུལ་ཞིང༌། ཨོཾ་ཧཱ་པྲཛྙཱ་དྷྲྀཀ་དོན་གྲུབ་དང༌། ཨོཾ་ཏཱཾ་བཛྲ་ར་ཏཱི་སྒྲོལ་མ་དང༌། ཨོཾ་རཾ་ར་ས་བཛྲཱི་རོ་རྡོ་རྗེ་མ་དང༌། ཨོཾ་ཨོཾ་སརྦ་ཎི་ཝ་ར་ནི་བིསྐཾ་བི་ནི་སྒྲིབ་སེལ་དང༌། ཨོཾ་སཾ་ས་མནྟ་བྷ་དྲ་ཀུན་བཟང་དང༌། ཨོཾ་ཧཱུྃ་བི་གྷྣཱུནྟ་ཀྲྀཏ་བགེགས་མཐར་བྱེད་དང༌། ཨོཾ་ཧཱུྃ་མ་ཧཱ་བ་ལ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སྟོབས་པོ་ཆེ་རྣམས་ལ་མཆོད་ཡོན་དབུལ། དེ་བཞིན་དུ་ཚིགས་བཅད་རྣམས་འདོན་པ་བསྒྱུར་ཞིང༌། ལྷ་སོ་སོའི་སྔགས་ཀྱི་རྗེས་ལ། མཆོད་སྔགས་རྣམས་སྦྱར་ལ་རོལ་མོའི་བར་དུ་དབུལ། དེ་ལ་མཆོད་ཡོན་ནི་བཟེད་ཞལ་དུ། མེ་ཏོག་ནི་ཚོམ་བུ་སོ་སོ་ལ་མེ་ཏོག་སིལ་མར་གཏོར། དྲི་ཆབ་ནི་ཀུ་ཤའི་རྩེས་བླངས་ལ་གཏོར། བདུག་སྤོས་དང༌། མར་མེ་དང༌། ཞལ་ཟས་གསུམ་ནི་སོ་སོའི་མདུན་དུ་ཕུལ་བར་བསམས་ལ་ལག་པས་ཅུང་ཟད་རེག་གོ །དེ་ཡང་ཤར་ཕྱོགས་ཀྱི་ལྷ་བདུན་གྱི་མཆོད་པ་ནི་ནུབ་ཕྱོགས་ན་ཡོད་པའི་མཆོད་པ་རྣམས་ཡིན་ལ། དེ་བཞིན་དུ་ལྷོ་ཕྱོགས་པའི་བྱང་དང༌། ནུབ་ཕྱོགས་པའི་ཤར་དང༌། བྱང་ཕྱོགས་པའི་མཆོད་པ་ནི། ལྷོ་ན་ཡོད་པ་རྣམས་ཡིན་ལ། གཙོ་བོའི་མཆོད་པ་ནི་ནང་གི་ཤར་དང༌། ཡུམ་གྱི་མཆོད་པ་ནུབ་དང༌། སྟེང་གི་ཁྲོ་བོའི་བྱང་དང༌། འོག་གི་ཁྲོ་བོའི་མཆོད་པ་ལྷོར་བཀོད་པ་རྣམས་ཡིན་གསུངས་སོ། །མྱུར་བར་འདོད་ན་རྡོ་རྗེ་སེམས་དཔའི་མཆོད་ཆོག་ཏུ་བཤད་པ་ལྟར་ལྷ་རྣམས་གོ་རིམ་བཞིན་དུ་མཆོད་ཀྱང་རུང་ངོ༌། །གཉིས་པ་འདོད་ཡོན་གྱི་མཆོད་པ་ལ་གཉིས་ལས། གཟུགས་སོགས་ཐབས་ཀྱིས་ངོ་བོར་བྱས་པའི་མཆོད་པ་ནི། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །མཆོད་པར་བྱེད་པས་མཆོད་པར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རྣམ་པར་སྣང་མཛད་གཞི། །ཞེས་དང༌། ལག་པ་གཡོན་རྡོ་རྗེ་ཁུ་ཚུར་དུ་བྱས་པའི་མཛུབ་མོའི་ཚིགས་བར་པར། གཡས་ཐལ་མོ་བརྐྱངས་པའི་མཁྲིག་མ་གྱེན་དུ་བླངས་ཏེ་བཞག་པ་མེ་ལོང་གི་ཕྱག་རྒྱ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་གཟུགས་དང༌། སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་རིན་ཆེན་འབྱུང་ལྡན་གཙོ། །རོལ་མོ་དབུལ་ཞིང་གོང་འོག་གི་སྔགས་རྣམས་ཐམས་ཅད་ལ་སྦྱར་ལ། ཤབྡ་ཀཱ་མ་གུ་ཎ། ཞེས་པས་སྒྲ་དང༌། དྲི་ལ་རྣམ་གསུམ་ཤེས་བྱས་ཏེ། །སངས་རྒྱས་སོགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཆགས་ཆོས་ཀྱི་འབྱུང་གནས་གཙོ། །གཡོན་རྡོ་རྗེ་ཁུ་ཚུར་གྱིས་དུང་ཆོས་འཛིན་པའི་ཚུལ་དང༌། གཡས་མཐེབ་མཛུབ་སྦྱར་ནས། སོར་མོ་ལྷག་མ་གསུམ་བརྐྱངས་པའི་རྩེས་དྲི་ཆུ་བླངས་ཏེ་ལྷ་རྣམས་ལ་བྱུག་པའི་ཚུལ་དུ་བྱས་ལ། གནྡྷེ་ཀཱ་མ་གུ་ཎ། ཞེས་པས་དྲི་དང༌། རོ་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང༌། ར་ས་ཀཱ་མ་གུ་ཎ། ཞེས་པས་རོ་དང༌། རེག་ལ་རྣམ་གསུམ་ཤེས་བྱས་ནས། །བདག་གིས་རིགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པའི་ཚུལ་བརྙེས་པའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྟོད་གཡོགས་དང༌། སྨད་གཡོགས་འབུལ་བའི་ཚུལ་དང༌། སྤརྵེ་ཀཱ་མ་གུ་ཎ། ཞེས་པས་རེག་བྱ་དབུལ། དེ་ལྟར་གཟུགས་སོགས་ཡུལ་ལྔ་པོ་རྣམས་དེ་བཞིན་གཤེགས་པ་རིགས་ལྔར་བསྒོམས་ལ། དེས་དཀྱིལ་འཁོར་མཆོད་པར་བསམ་མོ། །གཉིས་པ་གཟུགས་སོགས་ཤེས་རབ་ཀྱི་ངོ་བོར་བྱས་པའི་མཆོད་པ་ནི། རིན་ཆེན་དབང་གི་རྒྱལ་པོ་བཻ་ཌཱུརྻའི། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་དབུལ་བར་བགྱི། །ཨོཾ་ཨཱཿརཱུ་པ་བཛྲཱི་ཧཱུྃ། ཞེས་པས་གཟུགས་དང༌། མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པ་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྙན་ལ་དབུལ་བར་བགྱི། །ཤབྡ་བཛྲཱི། ཞེས་པས་སྒྲ་དང༌། ག་པུར་ཨ་གར་ཛཱ་ཏི་ལ་སོགས་པ། །ལེགས་པར་སྦྱར་བས་བྱུག་པ་དྲི་ཡི་ཚོགས། །རྣམ་གསུམ་དྲི་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ཤངས་ལ་དབུལ་བར་བགྱི། །གནྡྷེ་བཛྲཱི། ཞེས་པས་དྲི་དང༌། ལུས་མཆོག་རྟས་བྱེད་བདུད་རྩིའི་ཟས་ལ་སོགས། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ལྗགས་ལ་དབུལ་བར་བགྱི། །ར་ས་བཛྲཱི། ཞེས་པས་རོ་དང༌། ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བ། །དཔག་བསམ་གོས་ལ་སོགས་པ་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་ལུས་ལ་དབུལ་བར་བགྱི། །ཨོཾ་ཨཱཿསྤརྵེ་བཛྲཱི་ཧཱུྃ། ཞེས་པས་རེག་བྱ་རྣམས་དབུལ་ཏེ། ཕྱག་རྒྱ་ནི་སྔར་དང་འདྲ་ལ། གཟུགས་སོགས་ཡུལ་ལྔ་པོ་རྣམས་རྡོ་རྗེ་མ་ལྔར་བསྒོམས་ལ། དེས་དཀྱིལ་འཁོར་ལ་མཆོད་པར་བསམ་མོ། །གསུམ་པ་ཐུན་མོང་གི་མཆོད་པ་ནི། ལས་ཀྱི་རླུང་བཅུ་རྣམ་པར་དག་པའི་བདག །དྲི་ཞིམ་ཨུཏྤལ་ཁ་དོག་རྣམ་ལྔ་དང༌། །ཡིད་འཕྲོག་མེ་ཏོག་པདྨ་ཁ་དོག་ལྔ། །བདེ་གཤེགས་རིགས་ལྔའི་དཀྱིལ་འཁོར་ལྷ་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྫ་ཝརྞ་ཨུཏྤ་ལ་པདྨཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་པདྨ་དང་ཨུཏྤལ་ཁ་དོག་ལྔ་པ་དང༌། འཇུག་གནས་ལྡང་གསུམ་རྣམ་པར་དག་པའི་བདག །མཛེས་ཤིང་ཡིད་འོང་ཤིན་ཏུ་དྲི་ཞིམ་པ། །མེ་ཏོག་ཛཱ་ཏི་ཁ་དོག་རྣམ་པ་གསུམ། །རིགས་གསུམ་དཀྱིལ་འཁོར་ལྷ་ཡི་ཚོགས་ལ་འབུལ། །ཏྲི་ཝརྞ་ཛཱ་ཏི་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཛཱ་ཏིའི་མེ་ཏོག་དང༌། འབྱུང་བ་བཞི་པོ་རྣམ་པར་དག་པའི་བདག །ཀརྞི་ཀ་དང་མ་ལི་ཡུ་ཐི་ཀ །ཀ་ར་བཱི་ར་མེ་ཏོག་ཀརྞི་ཀ །དཔལ་ལྡན་འདུས་པའི་དཀྱིལ་འཁོར་ལྷ་ལ་དབུལ། །པཉྫ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མེ་ཏོག་ལྔ་འབུལ་ལོ། །བཞི་པ་ཁྱད་པར་གྱི་མཆོད་པ་ནི། འཁོར་བ་ཅི་སྲིད་གནས་པ་དེ་སྲིད་དུ། །ཟག་མེད་བདེ་བའི་ཡེ་ཤེས་སྐྱེད་བྱེད་པའི། །ཡོན་ཏན་ཀུན་ལྡན་ན་ཆུང་ཡིད་འོང་མཆོག །བླ་མ་འཁོར་ལོའི་དབང་ཕྱུག་ཉིད་ལ་འབུལ། །ཡུ་བ་ཏཱི་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་གཞོན་ནུ་མ་དང༌། ཞིང་ཁམས་འདི་དང་རབ་འབྱམས་ཞིང་གཞན་ཀུན། །མཐའ་ཡས་བསོད་ནམས་དཔལ་ལས་གྲུབ་པ་ཡི། །རིན་ཆེན་མེ་ཏོག་བདུན་གྱིས་རབ་བཀང་ནས། །བླ་མ་འཁོར་ལོའི་དབང་ཕྱུག་ཉིད་ལ་འབུལ། །སཔྟ་རཏྣ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་རིན་ཆེན་བདུན་དབུལ། རྒྱས་པ་ལ་སྤྲོ་ན། རྐང་པ་དང་པོ་གཉིས་ནས་ཐ་མ་སྔར་དང་འདྲ་བ་ལ། རྐང་པ་གསུམ་པའི་ཚབ་ཏུ། རིན་ཆེན་པདྨ་རཱ་གས་རབ་བཀང་ནས། །ཞེས་དང༌། པདྨ་རཱ་ག་པུཥྤཾ་གྱིས། པདྨ་རཱ་གའི་མེ་ཏོག་དང༌། །དེ་བཞིན་དུ། རིན་ཆེན་ཨིནྡྲ་ནཱི་ལས་རབ་བཀང་ནས། །ཨིནྡྲ་ནཱི་ལ་པུཥྤཾ། རིན་ཆེན་བཻ་ཌཱུརྻ་ཡིས་རབ་བཀང་ནས། །བཻ་ཌཱུརྻ་པུཥྤཾ། རིན་ཆེན་མརྒད་ཚོགས་ཀྱིས་ཡོངས་བཀང་ནས། །མརྒཏྟ་པུཥྤཾ། རིན་ཆེན་རྡོ་ཡི་སྙིང་པོས་རབ་བཀང་ནས། །ཨཥྨ་གརྦྷ་པུཥྤཾ། རིན་ཆེན་མུ་ཏིག་ཚོགས་ཀྱིས་རབ་བཀང་ནས། །མུཀྟི་ཀ་པུཥྤཾ། རིན་ཆེན་བྱེ་རུའི་ཚོགས་ཀྱིས་རབ་བཀང་ནས། །པྲ་བར་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་དབུལ་ལོ། །ལྔ་པ་ལུས་ངག་ཡིད་གསུམ་གྱི་མཆོད་པ་ནི། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། སྟོང་གསུམ་གྱི་ནི་རྡུལ་སྙེད་དུ། །བདག་ཉིད་ཀྱི་ནི་རྣམ་བསམ་ཞིང༌། །མཆོད་པའི་ཕྱིར་ནི་རྣམ་བསམས་ནས། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ནིརྻཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་དང༌། རྡོ་རྗེ་ཐལ་མོ་དཔྲལ་བར་བཞག་ལ་ལུས་དབུལ། སྔགས་ཀྱི་ཐོག་མཐའ་གཉིས་འོག་མ་རྣམས་ལའང་སྦྱར་ཞིང༌། སྟོང་གསུམ་གྱི་ནི་རྡུལ་སྙེད་ཀྱི། །བདག་ཉིད་ཀྱིས་ནི་རྣམ་བསམ་ཞིང༌། །ལྕེ་ནི་དེ་སྙེད་ལྡན་དང་བཅས། །སངས་རྒྱས་བསྔགས་པ་བརྗོད་པར་བྱ། །ཝཱཀ་ནིརྻཱ་ཏ་ན། །ཞེས་དང༌། ཐལ་མོ་མགྲིན་པར་སྦྱར་ལ་ངག་དབུལ། དེ་ནས་རྣལ་འབྱོར་དེ་སྙེད་ཀྱི། །ལུས་དང་ངག་སེམས་འབྱུང་བ་ཡི། །མཆོད་པ་དག་ནི་བསྡུས་ནས་སུ། །སངས་རྒྱས་རྣམས་ལ་དབུལ་བར་བྱ། །ཙིཏྟ་ནིརྻཱ་ཏ་ན། །ཞེས་དང༌། རྡོ་རྗེ་ཐལ་མོ་སྙིང་གར་བཞག་ལ་སེམས་དབུལ་ལོ། །གཉིས་པ་ནང་གི་མཆོད་པ་ལ་ལྔའི་དང་པོ། ནང་གི་ཉེར་སྤྱོད་ནི། གསང་བའི་འཁོར་ལོ་ཨིནྡྲ་ནཱི་ལ་ལྟར། །ཤིན་ཏུ་སྔོ་བའི་རྡོ་རྗེའི་བུ་ག་ཡིས། །བསྐྱོད་པའི་པདྨོ་ལས་འོངས་མེ་ཏོག་དམར། །མི་བསྐྱོད་རྡོ་རྗེ་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། སྤྲུལ་པའི་འཁོར་ལོ་གཏུམ་མོའི་མེས་བསྲེགས་པས། །ཡིད་འོང་དྲི་ཡི་ངད་ལྡན་ག་པུར་སྤོས། །ཉམས་སུ་མྱོང་བས་ཡིད་རབ་སིམ་བྱེད་པ། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཆོས་ཀྱི་འཁོར་ལོའི་དབུས་གནས་བདེ་བའི་དངོས། །ཧཱུྃ་ཡིག་ཉི་མ་གསལ་བའི་འོད་ཟེར་ཅན། །མི་ཤེས་མུན་འཇོམས་སྔགས་ཀྱི་མར་མེ་འདི། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། བདེ་ཆེན་འཁོར་ལོའི་དབུས་ན་ལེགས་གནས་པ། །ཀུནྡ་ལྟར་དཀར་དྲི་ཡི་བྱུག་པ་ཡིས། །ལུས་ཀུན་ཁྱབ་པས་བདེ་བའི་མཆོག་སྟེར་བ། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། རྨི་ལམ་ཡུལ་ལ་རོལ་པ་ཇི་བཞིན་དུ། །གང་གང་དབང་པོའི་ལམ་ནས་བྱུང་ནས་ནི། །དེ་དང་དེ་ཡི་ཡུལ་ལ་ལོངས་སྤྱོད་ཟས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་བཛྲ་ནཻ་ཝི་ཏྱེ་ཨཱཿཧཱུྃ། སྙོམས་འཇུག་དགའ་བའི་རོལ་པ་ལས་བྱུང་བའི། །མི་ཤིགས་ཡི་གེ་མཆོག་གིས་རོལ་མོའི་སྒྲ། །ཨཱ་ལི་ཀཱ་ལིའི་གདངས་སུ་ཤར་བ་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ། ཞེས་བརྗོད་ཅིང་དབུལ་ལོ། །གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་ནི། ཐབས་ཤེས་དགའ་བའི་རོལ་པ་ལས་བྱུང་བའི། །ཐབས་ཀྱི་ཡེ་ཤེས་བདེ་ཆེན་བྱང་ཆུབ་སེམས། །ནམ་མཁའི་དབྱིངས་ཀུན་ཁྱབ་པར་རབ་སྤྲོས་ནས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་ཤི་ཏ་ཏི་ལ་ཀ་པཱུ་ཛ་ཨཱཿཧཱུྃ། ཞེས་པས་བྱང་ཆུབ་ཀྱི་སེམས་དབུལ་ལོ། །གསུམ་པ་ལུས་ཀྱི་རྒྱུ་མཐུན་གྱི་མཆོད་པ་ནི། ཡུམ་ལྔའི་རང་བཞིན་དྲི་ཆེན་དྲི་ཆུ་དང༌། །བྱང་སེམས་དཀར་དམར་ཤ་ཆེན་དྭངས་མ་སྟེ། །རྣལ་འབྱོར་ལུས་ཀྱི་རྒྱུ་མཐུན་བདུད་རྩི་ལྔ། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་པཉྫ་ཨ་མྲྀ་ཏ་པཱུ་ཛ་ཨཱཿཧཱུྃ། ཞེས་བདུད་རྩི་ལྔས་མཆོད་དོ། །བཞི་པ་སྒྲུབ་པའི་དམ་ཚིག་གི་མཆོད་པ་ནི། རིགས་ལྔའི་རང་བཞིན་དངོས་གྲུབ་འགུགས་བྱེད་པ། །བ་གླང་ཁྱི་རྟ་གླང་ཆེན་མི་ཤ་སྟེ། །སྒྲུབ་པའི་དམ་ཚིག་དམ་པ་ལྕགས་ཀྱུ་ལྔ། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་པཉྩ་མ་ཧཱ་བཱ་ལ་པཱུ་ཛ་ཨཱཿཧཱུྃ། ཞེས་ཤ་ལྔ་དབུལ་ལོ། །ལྔ་པ་ཆང་གི་མཆོད་པ་ནི། རང་གི་མདུན་གྱི་ཐོད་པའི་ནང་གི་ཆང་དེ། བསང་སྦྱངས་བྱིན་གྱིས་བརླབས་ནས་ཡི་གེ་གསུམ་བརྗོད་པའི་བར་གཏོར་ཆོག་ལྟར་བྱས་པས་བྱིན་གྱིས་བརླབས་ལ། དེའི་དབུས་ནས་མཐེབ་སྲིན་སྦྱར་བས་བླངས་པ་སྤྱི་བོར་གཏོར་ཞིང༌། ཨོཾ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་ཆོས། ཀླུ་ལས་གྱུར་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ། རྒྱལ་པོ་ཨིནྟྲ་བྷཱུ་ཏི། བི་སུ་ཀལྤ། བྲམ་ཟེ་ཆེན་པོ་ས་ར་ཧ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་འཕགས་པ་ལྷ། སློབ་དཔོན་ཤཱཀྱ་བཤེས་གཉེན། གྲུབ་ཆེན་ཀླུའི་བྱང་ཆུབ། དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་སློབ་པའི་རྡོ་རྗེ། པཎྜི་ཏ་ནག་པོ་པ། རྒྱལ་སྲས་ས་འདྲེས་པ་ཆེན་པོ། པཎྜི་ཏ་བཱིརྻ་བྷ་དྲ། དེ་ཝ་ཨཱ་ཀཱ་ར་ཙནྡྲ། རྗེ་འགོས་ལོ་ཙྪ་བ། མར་སྟོན་སེང་གེ་རྒྱལ་མཚན། རྔོག་ཡེ་ཤེས་སེང་གེ རྔོག་ཉི་མ་སེང་གེ རླན་རྩད་ཚ་ཉི་མ་ལྕམ། རྔོག་ཨཱརྻ་དེ་བ། མཁན་པོ་འཕགས་པ་སྐྱབས། གསེར་སྡིངས་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་ཐམས་ཅད་མཁྱེན་པ། མཁས་གྲུབ་གཞོན་ནུ་བསོད་ནམས། རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ། ཞེས་པ་རྔོག་ལུགས་ཀྱི་དབང་བཀའ། རྒྱུད་འགྲེལ་གྱི་བཤད་བཀའ། རིམ་ལྔའི་ཁྲིད་བཀའ། གསུམ་ཆར་གྱི་བླ་མ་བརྒྱུད་པ་དང༌། དེ་བཞིན་དུ་ཟླ་གྲགས་ཡན་སྔར་དང་འདྲ་བ་ལ། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་ཟེར་འབྱུང་གནས་གྲགས་པ། འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བིཀྵ་ཏ་དེ་བ། ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ། འོད་ཟེར་ཤཱཀྱ། དར་མ་ཤེས་རབ། བླ་མ་རིན་ཆེན་དཔལ། བླ་མ་རིན་རྒྱལ། ཀུན་དགའ་སྨོན་ལམ། བླ་མ་གྲགས་ཆེན་པ། འཕགས་འོད་ཡོན་ཏན་རྒྱ་མཚོ་མན་ཆད་སྔར་དང་འདྲ་བ་ལ། ཀླུ་བྱང་གི་དཀྱིལ་ཆོག་གི་དབང་བཀའི་བརྒྱུད་པ་སྟེ། བླ་མ་སོ་སོའི་མཚན་གྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས་ལྷ་སུམ་ཅུ་རྩ་གཉིས་ཀྱི་སྔགས་ཀྱི་མཐར། ཡིག་འབྲུ་གསུམ་བཏགས་པས་དཀྱིལ་འཁོར་ལ་དབུལ་ཞིང༌། སྤྲོ་ན། སྒྱུ་འཕྲུལ་དྲྭ་བ་དང༌། གཤིན་རྗེའི་གཤེད་ལ་སོགས་པ་ཕ་རྒྱུད་གཞན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལའང་དབུལ་ལ། བྱ་བའི་རྒྱུད། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་ཅིང་དབུལ་ལོ། །དེ་ནས་སྲིན་ལག་གིས་བདུད་རྩི་བླངས་ནས། ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་གསུམ་དུ་ཐིག་ལེ་བྱས་པས། ལུས་དཀྱིལ་གྱི་ལྷ་ཐམས་ཅད་ཚིམ་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བརྗོད། དེ་ནས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཨོཾ་ཨཱཿཧཱུྃ། ཞེས་པས་གུར་མགོན་དང༌། ཨོཾ་ཤྲཱི་དྷརྨཱ་པཱ་ལ་ཙ་ཏུརྨུ་ཁཱ་ཡ་ཨོཾ་ཨཱཿཧཱུྃ། ཞེས་པས་གདོང་བཞི་པ་ལ་སོགས་པ་སྒོས་ཀྱི་ཆོས་སྐྱོང་གང་བྱེད་པ་ལ་དབུལ། གཞན་ཡང་ཆོས་འཁོར་སྲུང་ཞིང་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྱོགས་སྐྱོང་བ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། འཇིགས་བྱེད་ཆེན་པོ་དགུ། རྒྱལ་པོ་བཞི། གཟའ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་གནོད་སྦྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཟ་ཤ སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང༌། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བོད་ཁམས་སྐྱོང་བར་བྱེད་པའི་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་དང༌། གནས་བདག གཞི་བདག གྲོང་བདག ཡུལ་བདག གཉུག་མར་གནས་པ་རྣམས་དང༌། འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཚིམ་ཞིང༌། ཟག་པ་མེད་པའི་བདུད་རྩིས་རྒྱུད་གང་ནས། མྱུར་དུ་བླ་ན་མེད་པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཨོཾ་ཨཱཿཧཱུྃ། ཞེས་དབུལ་ལོ། །གསུམ་པ་གསང་བའི་མཆོད་པ་ནི། རང་གི་སྙིང་ག་ནས་མཚན་ཉིད་དང་ལྡན་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དཔག་ཏུ་མེད་པ་སྤྲོས་ནས། མདུན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བས། རྒྱལ་བ་རྣམས་རིག་མའི་འདོད་ཡོན་ལྔ་ལ་ལོངས་སྤྱོད་ཅིང་སྙོམས་པར་ཞུགས་པས། མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བར་བསམས་ལ། འདོད་པའི་སྒྱུ་རྩལ་དྲུག་ཅུ་བཞི་ལ་མཁས། །ཡིད་འཕྲོག་གཟུགས་མཛེས་ལང་ཚོའི་དཔལ་ཡོན་ཅན། །པདྨ་ཅན་སོགས་ཕྱག་རྒྱའི་གཟུགས་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་ཨཱཿརཱུ་པ་བཛྲི་ཧཱུྃ། གཟུགས་ཀྱི་བདེ་བ་དང༌། ཟུར་གྱིས་བལྟ་ཞིང་འཛུམ་པའི་བཞིན་རས་ཅན། །དྲུག་ལྡན་ལ་སོགས་ཡང་དག་གླུ་ལ་མཁས། །པདྨ་ཅན་སོགས་ཕྱག་རྒྱའི་གླུ་དབྱངས་མཆོག །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཤཔྟ་བཛྲཱི། སྒྲའི་བདེ་བ་དང༌། ལྷན་ཅིག་སྐྱེས་དང་སྦྱར་བ་བཟང་པོའི་དྲི། །གང་གི་ལུས་ལ་རྟག་ཏུ་རྣམ་འབྱུང་ཞིང༌། །པདྨ་ཅན་སོགས་ཕྱག་རྒྱའི་དྲི་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །གནྡྷེ་བཛྲཱི། དྲིའི་བདེ་བ་དང༌། གང་ཞིག་མྱངས་པས་བྱང་ཆུབ་སེམས་འཇུ་བ། །བིམྤ་ལྟར་དམར་མ་མཆུའི་སྦྲང་རྩི་སོགས། །པདྨ་ཅན་སོགས་ཕྱག་རྒྱའི་རོ་མཆོག་རྣམས། །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ར་ས་བཛྲཱི། རོའི་བདེ་བ་དང༌། གསང་བའི་སྣ་རྩེ་ཕན་ཚུན་ཕྲད་པ་ཡི། །རེག་བྱ་མྱོང་བས་གཏུམ་མོ་སྐུལ་བྱེད་པ། །པདྨ་ཅན་སོགས་ཕྱག་རྒྱའི་རེག་བྱ་མཆོག །མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །ཨོཾ་ཨཱཿསྤརྵེ་བཛྲཱི་ཧཱུྃ། རེག་བྱའི་བདེ་བས་མཆོད་པས་ལྷ་ཐམས་ཅད་ཀྱི་སྐུའི་དཀྱིལ་འཁོར་གྱི་ལྷ་རྣམས་ཞུ་བས་སྣང་བ་གསུམ་རྣམ་པར་དག་སྟེ། འོད་གསལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སྐྱེས་པར་བསམས་ལ། པད་སྐོར་སྔོན་དུ་འགྲོ་བས་འཁྱུད་པའི་ཕྱག་རྒྱ་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །བཞི་པ་ཡིད་ལས་བྱུང་བའི་མཆོད་པ་ལ་གསུམ་ལས། དང་པོ་བཀྲ་ཤིས་པའི་ཡོ་བྱད་ཀྱི་མཆོད་པ་ནི། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ ཞེས་བརྗོད་པས་རྒྱལ་སྲིད་སྣ་བདུན་དང་ཉེ་བའི་རིན་ཆེན་སྣ་བདུན་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པ་ཡིད་ཀྱིས་སྤྲུལ་ནས་མཆོད་པར་བསམས་ཏེ། གསེར་ལས་གྲུབ་ཅིང་རྩིབས་སྟོང་མུ་ཁྱུད་ལྡན། །དགྲ་ལས་རྒྱལ་བྱེད་འཁོར་ལོ་རིན་ཆེན་གྱིས། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་གུ་ཧྱ་ས་མཱ་ཛ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ་ཚིགས་བཅད་ཀྱི་རྐང་པ་ཐ་མ་གཉིས་དང༌། སྔགས་ཀྱི་མགོ་ཐམས་ཅད་ལ་འདྲ་བར་སྦྱར་ལ། དཔག་ཚད་དུ་མར་སྣང་བའི་འོད་འགྱེད་ཅིང༌། །འདོད་དགུའི་རེ་སྐོང་ནོར་བུ་རིན་ཆེན་གྱིས། །མ་ཎི་རཏྣ། ཕྲག་དོག་སྐྱོན་བྲལ་བདེ་བའི་དཔལ་བསྐྱེད་ཅིང༌། །གཟུགས་མཛེས་བལྟ་སྡུག་བུད་མེད་རིན་ཆེན་གྱིས། །སྟྲཱི་རཏྣ། ཆོས་མིན་སྤང་ཞིང་འགྲོ་ལ་ཕན་པ་སྒྲུབ། །མཁས་གསལ་ཡིད་གཞུངས་སྐྱེས་བུ་རིན་ཆེན་གྱིས། །ན་ར་རཏྣ། ཐལ་ཀར་གླང་ཆེན་སྟོབས་ཀྱི་ཤུགས་ཀྱིས་འགྲོ། །ཡན་ལག་བདུན་ལྡན་གླང་པོ་རིན་ཆེན་གྱིས། །ག་ཛ་རཏྣ། འདོད་པའི་གནས་སུ་སྐད་ཅིག་ཙམ་ལ་བགྲོད། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རྟ་མཆོག་གིས། །ཨ་ཤྭ་རཏྣ། གང་གིས་བཅངས་པས་བདུད་དང་མུ་སྟེགས་སོགས། །ཕས་རྒོལ་ཚར་གཅོད་རལ་གྲི་རིན་ཆེན་གྱིས། །ཁཌྒ་རཏྣ། ཅེས་རྒྱལ་སྲིད་སྣ་བདུན་དབུལ་ལོ། །འདི་དག་གི་ཕྱག་རྒྱ་ཡང་ཡོ་ག་ནས་བཤད་པ་ལྟར་བྱ་ཞིང༌། རལ་གྲི་རིན་ཆེན་ལ་དམག་དཔོན་གྱི་ཕྱག་རྒྱ་བྱེད་པའང་རྣམ་སྣང་མངོན་བྱང་དུ་བཤད་དོ། །དེ་ནས་ཉེ་བའི་རིན་ཆེན་སྣ་བདུན་དབུལ་ཏེ། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང༌། །ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང༌། །ཡང་འཇམ་ཉོན་མོངས་མེད་པའི་མལ་ཆ་དང༌། །དགའ་མགུར་རྩེ་བར་བྱེད་པའི་ཡིད་འོང་ཚལ། །གང་འདོད་ལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་བསྲེག་གཅད་མི་ནུས་འཇམ་པའི་གོས། །ཆུ་ལ་མི་འབྱིངས་ངལ་དུབ་མེད་པའི་ལྷྭམ། །ཉེ་བའི་རིན་ཆེན་སྣ་བདུན་འདི་དག་གིས། །ནམ་མཁའ་རབ་འབྱམས་ཁམས་ཀྱིས་མཐས་གཏུགས་པ། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །སཔྟ་ཨུ་པ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་བརྗོད་ཅིང་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅའོ། །དེ་ནས་བཀྲ་ཤིས་ཀྱི་རྟགས་བརྒྱད་དབུལ་བར་བྱ་སྟེ། མགོན་པོ་ཐུགས་རྗེ་ཆེན་པོས་བྱིན་བརླབས་པའི། །བསོད་ནམས་རྒྱུ་ལས་བྱུང་བའི་འཁོར་ལོ་འདི། །གང་ལ་ཕུལ་བ་དེ་ཡིས་སྐད་ཅིག་ལ། །དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །མངྒ་ལ་ཙཀྲ། དེ་བཞིན་དུ་ཚིག་རྐང་དང་པོ་དང་གསུམ་པ་འདྲ་བ་ལ། དྲི་མེད་ཤིན་ཏུ་མཛེས་པའི་དཔལ་བེའུ་འདི། །ཀུན་མཁྱེན་ཡེ་ཤེས་ཉིད་དང་ལྡན་པར་ཤོག །མངྒ་ལ་ཤྲཱི་ཛབ་པ་ན། རིན་ཆེན་བཅུད་ཀྱིས་གང་བའི་བུམ་པ་འདི། །བསོད་ནམས་ཚོགས་རྫོགས་རྒྱན་གྱིས་བརྒྱན་པར་ཤོག །མངྒ་ལ་ཀུམྦྷ། འདམ་སྐྱེས་འདམ་གྱིས་མ་གོས་པདྨ་འདི། །འཁོར་བའི་ཉེས་པའི་སྐྱོན་གྱིས་མ་གོས་ཤོག །མངྒ་ལ་པདྨ། གཡས་འཁྱིལ་ཤིན་ཏུ་དཀར་བའི་དུང་ཆེན་འདི། །སྨྲ་ངན་ཕམ་བྱེད་ཆོས་གྲྭ་སྒྲོགས་པར་ཤོག །མངྒ་ལ་ཤཾ་ཁ། ཤིན་ཏུ་གསལ་བའི་མིག་ལྡན་གསེར་ཉ་འདི། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བར་ཤོག །མངྒ་ལ་ཉ་ཚ། རྒྱན་གྱིས་སྤྲས་པའི་རིན་ཆེན་གདུགས་མཛེས་འདི། །ཀུན་ལ་སྐྱབས་ཀྱི་དམ་པ་བྱེད་པར་ཤོག །མངྒ་ལ་ཙྪ་ཏྲཾ་ག དམ་ཆོས་མི་ནུབ་རྒྱལ་མཚན་དམ་པ་འདི། །ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་འཛུགས་པར་ཤོག །མངྒ་ལ་དྷྭ་ཛ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་དབུལ་ལོ། །གཉིས་པ་ཉེ་བར་མཁོ་བའི་མཆོད་པ་ནི། ཉེར་མཁོའི་ཡོ་བྱད་དཔག་ཏུ་མེད་པར་བློས་སྤྲུལ་ལ། རྡུལ་ཡབ་སྦྲང་ཡབ་བསེལ་ཡབ་དང༌། །ཁྱམས་དང་སྐྱེད་མོས་ཚལ་དག་དང༌། །གཟིམས་ཆ་དང་ནི་གདན་ཁྲི་དང༌། །མྱུར་འགྲོ་རྟ་དང་གླང་པོ་དང༌། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །རྟ་བབས་དང་ནི་བླ་རེ་སོགས། །བཟའ་བཏུང་རོ་མཆོག་སྣ་ཚོགས་པ། །གླུ་གར་ལ་སོགས་མཐའ་དག་མཆོད། །བུམ་པ་བཟང་པོ་འདོད་འཇོའི་བ། །རིན་ཆེན་ལག་དང་ནམ་མཁའི་མཛོད། །བློ་ཡིས་བླངས་ནས་དབུལ་བར་བགྱི། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཆེ་བྲེ་ཚད་པ། །མཆུ་འཕྱང་མགྲིན་རིང་གདན་ལྡན་པར། །སྙིང་པོར་ལྡན་པའི་སྨན་སོགས་གཞུག །མགྲིན་པར་རས་བཟངས་དག་གིས་དཀྲིས། །འདབ་མར་ལྡན་པའི་ལྕུག་མ་ཡང༌། །དྲི་དང་ལྡན་པའི་ཁ་རྒྱན་ཅན། །བདུད་རྩིར་ལྡན་པ་ཡིས་ཀྱང་མཆོད། །དེ་ནས་རོལ་མོ་དང་བཅས་པས། །གཞན་ཡང་མཆོད་པའི་རྣམ་པ་ནི། །བླ་རེ་གདུགས་དང་རྒྱལ་མཚན་དང༌། །བ་དན་སིལ་སྙན་རོལ་མོ་ཡིས། །གུས་པས་དཀྱིལ་འཁོར་པ་ལ་མཆོད། །ཅེས་བརྗོད་དོ། །གསུམ་པ་མཆོད་པ་ཉི་ཤུ་པས་མཆོད་པ་ནི། ལག་གཉིས་རྡོ་རྗེ་ཁུ་ཚུར་དཀུར་ཁ་གྱེན་དུ་བསྟན་པའི་ཕྱག་རྒྱ་དང༌། གཟུགས་མཛེས་མཐོང་བས་མི་ངོམས་རེག་ན་བདེ། །ཡིད་འཕྲོག་སྙེམས་མའི་ཚུལ་འཛིན་སྒེག་མོ་ཡིས། །ནམ་མཁའ་རབ་འབྱམས་ཁམས་ཀྱིས་མཐས་གཏུགས་པ། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་གུ་ཧྱ་ས་མཱ་ཛ་བཛྲ་ལཱ་སྱེ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ་འོག་མ་ལའང་སྦྱར་ཏེ། ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་ཕྲེང་བ་འཛིན་པའི་ཚུལ་བྱ་ཞིང༌། ཨིནྡྲ་ནཱི་ལ་ལ་སོགས་འཇིག་རྟེན་ན། །ཤིན་ཏུ་དཀོན་པའི་རིན་ཆེན་ཕྲེང་འཛིན་གྱིས། །བཛྲ་མཱ་ལེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཁ་ནས་ཚིག་འབྱིན་པའི་ཚུལ་དང༌། དྲུག་གི་རྗེས་སུ་སྐྱེས་སོགས་སྙན་པའི་དབྱངས། །ཐོས་ནས་ཚིམ་པ་ལེན་བྱེད་གླུ་མ་ཡིས། །བཛྲ་གཱི་ཏཱི། ལག་གཉིས་གར་སྐོར་གཡོན་དང་གཡས་སུ་བསྐོར་ནས་སྤྱི་བོར་ཐལ་མོ་སྦྱར་བ་དང༌། གཅིག་ཉིད་དུ་མའི་ཚུལ་དུ་རབ་བསྟན་ནས། །འགྲོ་བ་དགའ་བསྐྱེད་གར་གྱི་མཆོད་པ་འདིས། །བཛྲ་ནྲྀ་ཏྱེ། མེ་ཏོག་གི་ཕྱག་རྒྱ་དང༌། གསེར་སོགས་རིན་ཆེན་ལས་གྲུབ་འདབ་སྟོང་ལྡན། །མདངས་བཀྲ་ཡིད་འོང་དྲི་ལྡན་མེ་ཏོག་གིས། །བཛྲ་པུཥྤེ། བདུག་པའི་ཕྱག་རྒྱ་དང༌། ཨ་གར་ནག་སོགས་ལྷན་ཅིག་སྐྱེས་པ་དང༌། །སྦྱར་བ་ལས་བྱུང་བདུག་པའི་སྤྲིན་ཚོགས་ཀྱིས། །བཛྲ་དྷཱུ་པེ། མར་མེའི་ཕྱག་རྒྱ་དང༌། ཉི་ཟླ་ནོར་བུ་སྒྲོན་མེའི་འོད་ལ་སོགས། །མུན་པ་སེལ་བྱེད་སྣང་བའི་ཚོགས་རྣམས་ཀྱིས། །བཛྲ་ཨཱ་ལོ་ཀེ། དྲིའི་ཕྱག་རྒྱ་དང༌། རེག་ན་ཚིམ་བྱེད་ཞིམ་པའི་དྲི་དང་ལྡན། །ག་པུར་ལ་སོགས་ལེགས་པར་སྦྱར་བའི་ཆུས། །བཛྲ་གནྡྷེ། ལག་གཉིས་ཏིང་ཤགས་བརྡུང་བའི་ཚུལ་དང༌། རྟེན་འབྲེལ་ལས་བྱུང་སྐྱེ་མེད་རང་བཞིན་ཅན། །ཆོས་རྣམས་སྐྱེ་མེད་སྟོན་པའི་སིལ་སྙན་སྒྲས། །ཏུརྻཾ། གཡོན་ཁུ་ཚུར་ལས་མཐེ་བོང་དང་མཛུབ་མོ་སྦྱར་བ་དུང་གི་ཕྱག་རྒྱ་དང༌། དགེ་ལེགས་རིན་ཆེན་ལས་གྲུབ་གཡས་སུ་འཁྱིལ། །རྒྱ་ཆེན་ཆོས་ཀྱི་སྒྲ་སྒྲོག་དུང་དཀར་གྱིས། །ཤཾ་ཁ། ལག་གཉིས་ཀྱི་སོར་མོས་གཡས་ཕྱོགས་སུ་གླིང་བུ་བསྒྱུར་བའི་ཚུལ་དང༌། གང་གིས་ལག་པ་བསྐྱོད་པའི་ཁྱད་པར་ལས། །སྣ་ཚོགས་རྣར་སྙན་སྐྱེད་བྱེད་གླིང་བུའི་སྒྲས། །ཝཾ་སྱ། གཏི་མུག་རྨོངས་པའི་རྡུལ་རྣམས་སེལ་བྱེད་པའི། །རྔ་ཡབ་དཀར་པོ་གསེར་གྱི་ཡུ་བ་ཅན། །ཙཱ་མ་ར། འདོད་ཆགས་ཚད་གདུང་སྐྱོབ་པའི་བསིལ་གྲིབ་ཅན། །བཀོད་ལེགས་ཁ་དོག་ཆེར་བཀྲ་བསིལ་ཡབ་ཀྱིས། །བི་དྷ་མ་ནཾ་བྱ་ཉྫ་ནཾ། འདི་གཉིས་ཀ་ལ་ལག་པ་གཡས་པས་རྔ་ཡབ་སོགས་གཡོབ་པའི་ཚུལ་དུ་བྱའོ། །ལག་པ་གཡོན་ཁུ་ཚུར་བྱས་པའི་སྟེང་དུ་གཡས་ཀྱི་ཁུ་ཚུར་བཞག་པ་དང༌། ནོར་བུའི་ཏོག་ཅན་དར་གྱི་ལྷབ་ལྷུབ་གཡོ། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་ཆེ། །རྒྱལ་མཚན། དྷྭ་ཛ། ཞལ་ཟས་ཀྱི་ཕྱག་རྒྱ་དང༌། བསམ་གཏན་བདེ་བ་སྐྱེད་བྱེད་ལྷ་ཡི་བཤོས། །སྣ་ཚོགས་ཁ་དོག་དྲི་དང་རོ་ལྡན་པ། །ནི་ཝེ་དྱཾ། རྡོ་རྗེ་ཁུ་ཚུར་གྱིས་ནམ་མཁའ་ལ་ཁང་པ་གྲུ་བཞི་པ་བྲི་བའི་ཚུལ་དང༌། བདེ་གཤེགས་བཞུགས་གནས་དགའ་བའི་བསྐྱེད་མོས་ཚལ། །རིན་ཆེན་ལས་གྲུབ་ཁང་བརྩེགས་གྲུ་བཞི་པ། །རཏྣ་ཀཱུ་ཊཾ་ག་རཾ། གོས་ཟུང་འབུལ་ཚུལ་དང༌། སྲབ་འཇམ་ཡང་ལ་ཤིན་ཏུ་དྲི་ཞིམ་པའི། །ལྷ་རྫས་ན་བཟའ་ཁ་དོག་སྣ་ལྔ་པ། །ཝ་སྟྭཾ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ལྷ་ལ་རྒྱན་འདོགས་པའི་ཚུལ་དང༌། རིན་ཆེན་གདུ་བུ་སྐ་རགས་རྐང་རྒྱན་དང༌། །རབ་མཛེས་རྣ་ཆ་མུ་ཏིག་དོ་ཤལ་ལྔ། །པཉྫ་རཏྣ་ཨ་ལཾ་ཀ་རཾ། ལག་གཡོན་སྡིགས་མཛུབ་བྱས་པའི་སྟེང་དུ། གཡས་ཀྱི་ཐལ་མོའི་མཐིལ་བཞག་པ་དང༌། རབ་མཛེས་གོས་ཀྱིས་སྟེང་གཡོགས་ཟླུམ་པོར་བྲེས། །སྣ་ཚོགས་དར་གྱི་འཁོར་ཡུག་མཛེས་པའི་གདུགས། །ཙྪ་ཏྲཾ་ག ལག་པ་གཡོན་མཉམ་གཞག་ལ། གཡས་ནམ་མཁའ་ལ་བསྐོར་ཞིང༌། ཏིང་འཛིན་སྙིང་རྗེའི་རྒྱན་ཕྲེང་མཛེས་པ་ཅན། །ཆོས་ཉིད་དོན་རྟོགས་རིན་ཆེན་བླ་རེ་ཡིས། །བི་ཏཱ་ནཾ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་མཆོད་དོ། །བསྡུས་པ་ལ་དགའ་ན། ཉེ་བའི་རིན་ཆེན་སྣ་བདུན་ནས་འདིའི་བར་མ་བྱས་ཀྱང་རུང་ངོ༌། །དེ་ནས་རྡོ་རྗེ་ཐལ་མོ་སྦྱར་ལ། བདག་མིང་འདི་ཞེས་བྱ་བ་འདིར། །ཆོས་ཀྱིས་དབྱིབས་ཀྱི་རང་བཞིན་འགྲོ། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བར་ཉེར་དགོངས་ཏེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཾ་ནིརྻཱ་ཏ་ཡཱ་མི། ཞེས་པས་དཀྱིལ་འཁོར་པ་རྣམས་ལ་བདག་ཉིད་ཕུལ་བར་བསམ། དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་པས། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་པོ་རྡོ་རྗེ་འཆང་དུ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་གཟུང་ངོ༌། །ལྔ་པ་བླ་ན་མེད་པའི་མཆོད་པ་ནི། ལུས་མཉམ་གཞག་གི་སྤྱོད་ལམ་དང་ལྡན་པས། མཆོད་བྱ་མཆོད་བྱེད་མཆོད་པ་རྣམས་རང་བཞིན་གྱིས་མི་དམིགས་པར་བསམས་ལ། ཅུང་ཟད་གཅིག་མཉམ་པར་བཞག་ཅིང༌། རྡོ་རྗེ་ཐེག་པ་མཉེས་བྱེད་པ། །འདི་ནི་དོན་དམ་མཆོད་པ་ཡིན། །གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་ཞིང༌། །ལུས་དང་སེམས་ནི་རྣམ་དག་པ། །དེ་ཡི་མཆོད་པ་བླ་ན་མེད། །སེམས་ཅན་གང་གིས་དབུ་མ་ཡི། །ཐེག་པ་བསྒོམ་པ་མ་བསྒོམས་ན། །ཐེག་པ་དམན་ལ་ལྷག་པར་མོས། །དེ་ཡི་མཆོད་པ་ཀུན་རྫོབ་ཡིན། །ཞེས་བརྗོད་དོ། །དྲུག་པ་བསྟོད་པའི་མཆོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། དེ་ཉིད་ལྔ་པའམ། སྤྲོ་ན། ཟག་བཅས་ཕུང་པོ་གནས་གྱུར་ཅིང༌། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ། །ཀུན་མཁྱེན་ཀུན་མཛད་ཀུན་གྱི་གཙོ། །རིགས་ལྔ་བདེ་བར་གཤེགས་ལ་འདུད། །འོད་གསལ་དབྱིངས་ལས་མ་གཡོས་ཀྱང༌། །ཟུང་འཇུག་བདེ་ཆེན་རྣམ་འཕྲུལ་ལས། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པའི། །རྒྱལ་བ་ཀུན་གྱིས་བདག་སྐྱོངས་ཤིག །ས་སོགས་འབྱུང་བ་རྣམ་དག་ཅིང༌། །བྱམས་སོགས་ཚད་མེད་ངོ་བོ་ཉིད། །ཟག་མེད་བདེ་བའི་མཛོད་འཛིན་པ། །གཏི་མུག་དགའ་སོགས་ཕྱག་འཚལ་ལོ། །སྤྲོས་པ་ཀུན་ལས་རྣམ་གྲོལ་ཡང༌། །ཆགས་ཅན་ཆགས་པ་གདུལ་བའི་ཕྱིར། །བུད་མེད་སྒྱུ་མའི་ཚུལ་འཛིན་པའི། །རིགས་ཀྱི་ཡུམ་བཞིས་བདག་ལ་སྐྱོངས། །གཟུགས་སྒྲ་ལ་སོགས་རྣམ་དག་ཅིང༌། །ཐབས་མཁས་སྨོན་ལམ་སྟོབས་དང་ནི། །ཡེ་ཤེས་ཤེས་རབ་ངོ་བོ་ཉིད། །རྡོ་རྗེ་གཟུགས་སོགས་ཕྱག་འཚལ་ལོ། །རབ་མཛེས་སྒེག་པའི་འགྱིང་བག་ཅན། །འདོད་ཡོན་སྣ་ཚོགས་ཆར་འབེབས་ཤིང༌། །འདོད་པས་འདོད་པའི་དུག་འབྱིན་པ། །མཆོད་པའི་ལྷ་མོས་བདག་ལ་སྐྱོངས། །མིག་སོགས་ནང་གི་སྐྱེ་མཆེད་དང༌། །རྩ་དང་ཚིགས་ཀྱི་ཚོགས་སྦྱོང་ཞིང༌། །ལྷ་ཡི་མིག་སོགས་སྩོལ་མཛད་པ། །སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རྒྱལ་ཉིད་རྒྱལ་སྲས་ཚུལ་འཛིན་ཅིང༌། །ཆགས་མེད་འགྲོ་ལ་རབ་ཆགས་པས། །སྤྲོས་མེད་སྤྲོས་པའི་སྐུར་སྟོན་པ། །བྱམས་སོགས་སེམས་དཔས་བདག་ལ་སྐྱོངས། །སེར་སྣ་ལ་སོགས་རྣམ་དག་ཅིང༌། །བསྡུ་དངོས་བཞི་ཡི་ངོ་བོ་ཉིད། །དགུག་གཞུག་བཅིང་དང་དབང་མཛད་པའི། །སྒོ་སྲུང་བཞི་ལ་ཕྱག་འཚལ་ལོ། །རྣམ་ཤེས་ཚོགས་དྲུག་རྣམ་དག་ཅིང༌། །ཕྱོགས་མཚམས་སྟེང་འོག་བགེགས་ཀུན་དང༌། །ཡམས་སོགས་འཚེ་བ་ཀུན་སེལ་བ། །མི་གཡོ་མགོན་སོགས་ཕྱག་འཚལ་ལོ། །གདུག་པ་ཅན་རྣམས་རབ་གདུལ་ཕྱིར། །རབ་ཁྲོས་རྔམ་ཞིང་མི་བཟད་པ། །འབར་བའི་ཕྲེང་བ་འཁྲིགས་པ་ཡི། །ཁྲོ་ཆེན་རྣམས་ཀྱིས་བདག་ལ་སྲུངས། །རྟེན་འབྲེལ་བཅུ་གཉིས་རྣམ་དག་ཅིང༌། །བྱང་ཆུབ་ཕྱོགས་ཆོས་རང་བཞིན་ཅན། །བདེ་ཆེན་སྙིང་པོ་ལེགས་རྫོགས་པའི། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་ཡི། །ས་གཞི་རྭ་བ་བླ་རེ་གུར། །ཡེ་ཤེས་མེ་དཔུང་འབར་བ་ཅན། །སྲུང་བའི་འཁོར་ལོར་ཕྱག་འཚལ་ལོ། །སྲིད་ཞིའི་རླུང་གིས་རྣམ་པར་མི་བསྐྱོད་ཅིང༌། །གཉིས་མེད་ཡེ་ཤེས་རྡོ་རྗེའི་ཐུགས་ལྡན་པ། །དཀྱིལ་འཁོར་མཆོག་ལ་བསྟོད་པའི་དགེ་བ་དེས། །འགྲོ་བ་མ་ལུས་དེ་འདྲར་འགྱུར་བར་ཤོག །ཅེས་པའམ། །ཉུང་བར་འདོད་ན། ཚིགས་བཅད་ཕྱི་མ་རྣམས་དོར་ནས། གོང་མ་རྣམས་སྦྲེལ་ནས་བསྟོད་པར་བྱའོ། །བདུན་པ་དམ་ཚིག་བཟུང་པས་མཆོད་པ་ནི། ལུས་ཙོག་པུར་འདུག་ལ། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། སྒྲུབ་ཐབས་ལྟར་རྒྱུན་བཤགས་ལན་གསུམ་དང༌། རིགས་ལྔའི་སྡོམ་པ་ལན་གསུམ་གྱི་བར་དུ་གཟུང་ངོ༌། །བརྒྱད་པ་བཟླས་པའི་མཆོད་པ་ནི། རང་ཞེ་སྡང་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་འཕྲོས། མདུན་གྱི་ལྷ་རྣམས་ལ་ཕོག་པས། དེ་དག་གི་ཐུགས་བདེ་བས་མཉེས་པར་བྱས། འོད་ཟེར་རྣམས་ཀྱི་རྩེ་མོ་ནས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་སྤྲོས། དེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་ལ་མཆོད་པ་འབུལ་བར་བསམ་ཞིང༌། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཧཱུྃ་ཞེས་སོགས་ལྷ་སོ་སོའི་སྔགས་ལྔ་བརྒྱ་པ་རེ་རེའམ། མ་གྲུབ་ན་བརྒྱ་རྩ་བརྒྱད་རེ་བཟླས་པས་ལྷ་རྣམས་མཉེས་པར་བསམས་ལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པས་བདག་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང༌། བསྐྱེད་རྫོགས་ཀྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་སོགས་འདོད་དོན་གང་ཡིན་པ་ལ་གསོལ་བ་དྲག་ཏུ་གདབ་བོ། །དགུ་པ་གཏོར་མས་མཆོད་པ་ནི། མདུན་དུ་བཤམས་པའི་གཏོར་མ་རྣམས། ནང་མཆོད་དང༌། ཆུ་དང༌། ཆང་རྣམས་ཀྱིས་སྦྱངས་ལ། གཏོར་མ་དང་པོ་འདས་པའི་ལྷ་ལ་དབུལ་ཏེ། འདིར་མདུན་བསྐྱེད་ལ་དབུལ་བས་མགྲོན་བསྐྱེད་པ་ཟུར་པ་མི་དགོས་པས། གཏོར་མ་བྱིན་གྱིས་བརླབས་པ་ནས། ཕྲིན་ལས་གཞོལ་བའི་བར་གཏོར་ཆོག་ལྟར་བྱའོ། །གཉིས་པ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་དབུལ། གསུམ་པ་འཕགས་པ་ཀླུ་སྒྲུབ་ཀྱི་བཀའ་སྲུང་མགོན་པོ་གདོང་བཞི་པ་ལ་དབུལ། བཞི་པ་འཇིག་རྟེན་པ་སྤྱི་ལ། མགྲོན་བསྐྱེད་པ་ནས་ཕྲིན་ལས་གཞོལ་བའི་བར་གཏོར་ཆོག་ལྟར་བྱས་ལ་དབུལ། ལྔ་པ་གནས་དེའི་གཞི་བདག་དབང་ཐོབ་པ་ཡོད་ན་དབུལ་ཞིང༌། དབང་མ་ཐོབ་ན་གནས་ཁང་གི་ཕྱི་རོལ་དུ་སོང་ནས། གཏོར་མ་དེ་འདོད་དགུ་འབྱུང་བའི་རྒྱ་མཚོར་བསམས་ལ། ཨ་ཀཱ་རོའི་སྔགས་ཀྱིས་དབུལ་ཞིང༌། ཕྲིན་ལས་གཞོལ་ལ་སླར་ནང་དུ་འཇུག་གོ །དེ་ནས་དཔའ་བོའི་སྟོན་མོ་ལ་ལོངས་སྤྱད་རྒྱུ་ཡོད་ན་མཆོད་ཅིང་ཡོ་བྱད་བྱིན་གྱིས་བརླབས་པ་ནས། ལྷག་མའི་གཏོར་མ། རྡོ་རྗེའི་གླུ། བཀྲ་ཤིས་བརྗོད་པའི་བར་ཚུལ་བཞིན་དུ་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། ཡང་མཎྜལ་གྱི་མཐར་མཆོད་པ་གསར་པ་ཅི་འབྱོར་པ་བཤམས་ལ། དེ་དག་བསང་སྦྱངས། བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་གུཧྱ་ས་མཱ་ཛཿམཎྜ་ལ་ས་པ་རི་ཝཱ་ར་ཞེས་སྔོན་དུ་འགྲོ་བས། མཆོད་ཡོན་ནས་རོལ་མོའི་བར་དང༌། རྡོ་རྗེ་མ་ལྔས་མཆོད། དེ་ཉིད་ལྔ་པས་བསྟོད། ལྷ་སོ་སོའི་སྔགས་ཀྱི་མཐར། འབྲུ་གསུམ་བཏགས་པས་བདུད་རྩི་དབུལ། དེ་ནས་སྔར་ལྟར་དངོས་གྲུབ་བླངས་ལ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང༌། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ལ། རྡོ་རྗེ་ཐལ་མོ་སྙིང་གར་བཞག་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །ཞེས་སོགས་དང༌། ཨོཾ་ཨཱཿཧཱུྃ། བཛྲ་མུཿ ཞེས་པས་པད་སྐོར་དང་འཁྱུད་པའི་ཕྱག་རྒྱ་སྔོན་དུ་འགྲོ་བས། མཐེ་བོང་དང་སྲིན་ལག་གིས་སེ་གོལ་གཏོགས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ། དམ་ཚིག་པ་རང་གི་ལུས་ལ་བསྡུས་ཏེ། དེའང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། མདུན་གྱི་ལྷ་རྣམས་ལ་ཕོག་པས། དེས་ལྷ་རྣམས་སྤྱན་དྲངས་ནས། རང་གི་ཕུང་པོ་ལྔ་ལ་རྒྱལ་བ་རིགས་ལྔ་ཐིམ། ཁམས་བཞི་ལ་ཡུམ་བཞི། མིག་སོགས་ལ་སེམས་དཔའ་སེམས་མ། ཚིགས་བཅུ་ལ་ཁྲོ་བོ་བཅུ་ཐིམ་པས། ཕུང་ཁམས་དེ་རྣམས་ལྷ་སོ་སོའི་སྐུར་བསམ། རྟེན་གྱི་དཀྱིལ་འཁོར་ཡང་རང་གི་ལུས་ཀྱི་ཆ་ཤས་སོ་སོ་ལ་ཐིམ་པས་དཀྱིལ་འཁོར་དེ་དག་ཏུ་གྱུར་ནས། རང་ལུས་དཀྱིལ་དང་བཅས་པའི་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གྱུར་པར་བསམས་ལ། འཇིག་རྟེན་པའི་གཏོར་མགྲོན་རྣམས་བཛྲ་མུཿས་གཤེགས་སུ་གསོལ་ཞིང༌། རང་གི་གནས་གསུམ་བྱིན་གྱིས་བརླབས་ལ། ལས་ཀྱི་རྗེས་མི་མངོན་པར་བསྡུས་ནས། དགེ་བའི་རྩ་བ་རྡོ་རྗེ་འཆང་གི་སར་བསྔོ་ཞིང༌། སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་གྱིས་གནས་པར་བྱས་ཏེ། ཆོ་ག་རྒྱས་པར་ཉམས་སུ་བླང་བའི་རིམ་པའོ། །ཡང་རྩ་རྒྱུད་ལེའུ་བརྒྱད་པ་ལྟར་བསྡུས་ཏེ་ཉམས་སུ་ལེན་ན། དང་པོར་དྲིའི་མཎྜལ་བྱ་བ་ནས་མཆོད་པ་བཤམས་པའི་བར་དང༌། ཆུ་བྱིན་གྱིས་བརླབས་པ་ནས་མེ་ཏོག་གི་ཚོམ་བུ་བཀོད་པའི་བར་སྔར་ལྟར་བྱ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་དང་མདུན་གྱི་ལྷ་སྒྲུབ་པ་དུས་གཅིག་ལ་བྱེད་པར་བཤད་པས། སྐྱབས་འགྲོ་སེམས་བསྐྱེད་དང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱས་ལ། རང་ལྷའི་ང་རྒྱལ་གྱིས་ཚོམ་བུ་དཀྱིལ་འཁོར་གྱི་དབུས་སུ་ཞུགས་ཏེ། དེར་གནས་པས་བསོད་ནམས་ཀྱི་ཚོགས་བསགས་པ་ནས་བརྩམས་ཏེ། མཆོད་པའི་རྣལ་འབྱོར་ཡན་ཆད་དང་པོ་སྦྱོར་བ་རྫོགས་པར་བསྒོམ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་མངལ་དུ་བསྐྱེད་པའི་ལྷ་རྣམས་ཕྱིར་སྤྲོས། སླར་འདུས་ནས་གཙོ་བོ་རང་ལ་ཐིམ། གཞན་རྣམས་ཚོམ་བུའི་དཀྱིལ་འཁོར་གྱི་གདན་སོ་སོའི་སྟེང་དུ་འཁོད་པར་བསམ། དེ་ནས་རང་གི་ལུས་གཞལ་ཡས་ཁང་དུ་བསམས་ལ། དེར་མཆོད་པའི་ལྷ་མོ་བསྐྱེད་པ་ནས་བརྩམས་ཏེ། གཏོར་མས་མཆོད་པའི་བར་གོང་བཞིན་རྒྱས་བསྡུས་ཅི་ལྟར་འདོད་པ་བྱ། འོན་ཀྱང༌། སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་དང་མཆོད་པ་རྣམས་ཀྱིས། བདག་དཀྱིལ་འཁོར་གྱི་གཙོ་བོར་གནས་པ་ལ་ཚུར་མཆོད་པར་བསམས་པ་ནི་ཁྱད་པར་རོ། །དེ་ནས་འདི་ལྟར་བྱ། འགྲེལ་པར་མི་གསལ་ཀྱང༌། དོན་གྱིས་ཐོབ་པའི་དཔའ་བོའི་སྟོན་མོ་ལ་ལོངས་སྤྱོད་པ་ནས། ནོངས་པ་བཟོད་པར་གསོལ་བ་ཡན་གོང་བཞིན་བྱས་ལ། དེ་ནས་ཕྲ་ཐིག་གི་རྣལ་འབྱོར་བཟླས་པ། གཙོ་བོ་དོན་དམ་དུ་བཞུགས་ཤིང་བསྐུལ་བ་ནས་ཉེ་བར་བསྡུ་བའི་བར་སྒྲུབ་ཐབས་ལྟར་ཉམས་སུ་བླང་བར་བྱའོ། །དེ་ལྟར་རྣལ་འབྱོར་པས་ཡང་ཡང་དུ་ཆོ་ག་ཁྱད་པར་ཅན་འདི་ཉམས་སུ་བླང་པས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་ནས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་བྱེད་པ་ཉིད་དོ། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་ལྷ་ཚོགས་ལ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འདི་ཕུལ་བས། །རླབས་ཆེན་བསོད་ནམས་ཚོགས་མཆོག་མཐར་ཕྱིན་ནས། །བདེ་ཆེན་རྡོ་རྗེ་འཆང་གི་ས་ཐོབ་ཤོག །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཆོད་པའི་ཆོ་ག་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་འདི་ནི་བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ་རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ་སྡེ་སྣོད་འཛིན་པའི་རྡོ་རྗེ་རྒྱལ་མཚན་ལ་སོགས་པ་དོན་གཉེར་འགའ་ཡིས་བསྐུལ་བའི་ངོར། རྩ་རྒྱུད་དང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལ་གཞི་བྱས། འཕགས་སྐོར་གྱི་གཞུང་ཐམས་ཅད་ནས་འབྱུང་བའི་མཆོད་པའི་ཡན་ལག་རྣམས་ཚང་བར་བསྡུས་ཤིང་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ཕ་རྒྱུད་ཕྱོགས་མཐུན་རྣམས་ནས་ཅུང་ཟད་ཁ་བསྐངས་ཏེ། བླ་མ་དམ་པའི་ཕྱག་བཞེས་ཀྱིས་བརྒྱན་ནས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་བཟང་པོས་བགྱིས་སོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག།  ༄༅། །དཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག་ཚོགས་གཉིས་རྒྱ་མཚོ་བཞུགས་སོ།།  ༈ །དཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག་ཚོགས་གཉིས་རྒྱ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འོད་གསལ་ཆོས་སྐུའི་བྱ་ལམ་རྒྱ་ཆེ་བར། །ཟུང་འཇུག་ལོངས་སྐུའི་ཉིན་བྱེད་རབ་རྒྱས་ཤིང༌། །ཕྲིན་ལས་སྤྲུལ་སྐུའི་ཚ་ཟེར་སྟོང་འཕྲོ་བ། །རྡོ་རྗེ་འཆང་བདག་དཔལ་ལྡན་བླ་མར་འདུད། །ཡིད་འོང་མཆོད་པའི་ཚོགས་ཆེན་གྱིས། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད། །རྗེས་སུ་མཉེས་པར་བྱེད་པའི་ཚུལ། །གཞུང་བཞིན་དག་པར་བཤད་ཀྱིས་ཉོན། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་སྔགས་པས། སྒྲུབ་པའི་ཐབས་མདོར་བྱས་ནས་བཤད་པའི་མན་ངག་ཟབ་མོ་བསྐྱེད་རིམ་གྱི་རྣལ་འབྱོར་བསྒོམ་པའི་སྔོན་དུ་འགྲོ་བ། དཔལ་རྡོ་རྗེ་སེམས་དཔའ་མཆོད་པའི་ཆོ་ག་བྱ་བ་ལ་དོན་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི། རྗེས་སོ། །དང་པོ་ནི་སྔ་བར་མལ་ནས་ལངས་ཏེ། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་རང་གི་སྒོ་གསུམ་གྱི་དྲི་མ་སྦྱངས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་ཞེས་བརྗོད་པས། རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་བསམ་མོ། །དེ་ནས་སའི་ཆ་ཤིན་ཏུ་དག་པར་ཁྲུ་གང་གིས་ཚད་ཀྱི་དྲིའི་མཎྜལ་བྱས་ལ། མེ་ཏོག་གཅིག་དབུས་སུ་བཞག་པས་བསྲུང་ངོ༌། །མཎྜལ་གྱི་ཕྱིའི་ཁོར་ཡུག་ཏུ། ཆུ་གསུམ་མམ། མཆོད་ཡོན་རྐྱང་པ་སྔོན་དུ་འགྲོ་བའི་མཆོད་པ་ལྔ་སྤྱིར་བཤམ། དེའི་ནང་དུ་ལྷ་སོ་སོའི་མཆོད་པ་བདུག་སྤོས། མར་མེ། ཞལ་ཟས་གསུམ་ཕྱོགས་རེར་ཚན་པ་བདུན་བདུན་རེ། གྲུ་བཞིར་བཀོད། དེའི་ནང་གི་ཤར་ནུབ་གཉིས་སུ་མཆོད་པ་གསུམ་པོ་ཚར་གཉིས་གཉིས་བཤམ། གཞན་ཡང་བླ་རེ་དང༌། བ་དན་དང༌། གོས་ཟུང་དང༌། རོལ་མོ་ལ་སོགས་པ་མཆོད་རྫས་རྣམས་ཅི་འབྱོར་དུ་བཤམ་ཞིང༌། རང་གི་མདུན་དུ་རྡོ་རྗེ་དང་དྲིལ་བུ་སོགས་ཉེ་བར་མཁོ་བ་རྣམས་ཀྱང་གཞག་པར་བྱའོ། །གཉིས་པ་ལ་གསུམ། བདག་གི་རྣལ་འབྱོར། མདུན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། བཟླས་པ་བྱ་ཞིང་བྱིན་གྱིས་བརླབ་པའོ། །དང་པོ་ལ་གསུམ་གྱི་དང་པོ། ལྕེ་ལག་བྱིན་གྱིས་བརླབ་པ་ནི། རྣལ་འབྱོར་པ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་སྔོན་དུ་སོང་ནས། རང་ཉིད་རྡོ་རྗེ་སེམས་དཔར་གསལ་བའི་ལག་པ་གཉིས་ཀྱི་མཐིལ་དུ། ཨ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་གཉིས་ཀྱི་སྟེང་དུ་ཧཱུྃ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འབར་བ་རེ་རེ། དེ་དག་ཞུ་ནས་ལག་པ་ལ་ཐིམ་པས། ལག་པ་གཉིས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ། ཨོཾ་ཤུདྡྷ་དྷརྨ་ཏ་སིདྡྷ་བཛྲ་ཧཱུྃ། ཞེས་བརྗོད་དོ། །དེ་ནས་རང་གི་ལྐོག་མའི་དབུས་སུ་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། ལྕེའི་ཐད་ཀའི་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འབར་བ། དེ་ཞུ་ནས་ལྕེ་ལ་ཐིམ་པས། ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ། བཛྲ་ཛི་ཧྭ་ཧཱུྃ། ཞེས་བརྗོད་དོ། །གཉིས་པ་རྒྱུ་ཚོགས་གཉིས་བསགས་པ་ནི། བྱིན་གྱིས་བརླབས་པའི་ལག་པ་དེས། སྔར་བཤམས་པའི་མཆོད་པ་རྣམས་ཀྱི་ཁ་ཅུང་ཟད་གསོས་ཤིང༌། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ། ཞེས་ལན་བདུན་བཟླས་པས་མཆོད་རྫས་རྣམས་བགེགས་དང་བྲལ་བར་བསམས་ལ། མདུན་དུ་རྡོ་རྗེ་འཛིན་པ་འཁོར་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པར་བསྒོམས་ལ་རྡོ་རྗེ་ཐལ་མོ་སྦྱར་ཏེ། ཕྱག་འཚལ་བསྟོད་ཅིང་ཕྱག་འཚལ་བསྟོད། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་འདུད། །གུས་པས་སྐུ་ལ་བདག་གསོལ་འདེབས། །རྡོ་རྗེ་སེམས་དཔའ་བདག་སྒྲུབས་ཤིག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་སྟེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་ཆོས་ཐམས་ཅད་རང་གི་སེམས་ཙམ་དང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ལན་གསུམ་བརྗོད་པས་སེམས་ཙམ་དེ་ཡང་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་དུ་གྱུར་པར་བསམ་མོ། །གསུམ་པ་འབྲས་བུ་ལྷར་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་སཏྭ་མ་ནུ་སྨ་ར་ས་མ་ཡ་ཏིཥྛ་ཨ་ཧཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་པས། བདག་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ། རལ་པའི་ཐོར་ཅོག་ཅན། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། རང་གི་བཙུན་མོས་མགུལ་ནས་འཁྱུད་པ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། དེའི་སྤྱི་བོར་ཨོཾ་དཀར་པོ་མགྲིན་པར་ཨཱཿདམར་པོ་ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་བཀོད་ལ་སྒོ་གསུམ་བྱིན་གྱིས་བརླབ་བོ། །འདིར་ཁ་ཅིག་རྡོ་རྗེ་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པར་འདོད་པ་ནི་གཞུང་དང་དངོས་སུ་འགལ་ལོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་སྒྲུབ་པའི་སྔོན་འགྲོ་དང༌། དངོས་གཞི་དངོས་སོ། །དང་པོ་ལ་གསུམ་གྱི་དང་པོ་སྲུང་འཁོར་བསྒོམ་པ་ནི། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་གནོད་མཛེས་བཀུག་ནས་རང་གི་མདུན་དུ་བཀུག་སྟེ། བདག་གིས་ཅི་བགྱི་ཞེས་བཀའ་ནོད་པ་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། གྲྀཧྞ་གྲྀཧྞ་ཧཱུྃ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོཿ བྷ་ག་ཝཱན། བིདྱ་རཱ་ཛ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཕྱོགས་བཅུར་སེ་གོལ་གཏོགས་ཤིང་བཀའ་བསྒོས་པས། གནོད་མཛེས་ཀྱི་ཕྱག་གཡས་ཀྱི་རྡོ་རྗེ་དེ་ལྕགས་ཀྱུར་གྱུར་ནས། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་ག་ནས་ལྕགས་ཀྱུས་བཀུག མགྲིན་པར་ཞགས་པས་བཅིངས། མཚོན་ཆ་ལྷག་མ་རྣམས་ཀྱིས་བསྡིགས་བཞིན་པས་བཀུག་ནས་མདུན་གྱི་མཎྜལ་གྱི་ཕྱི་རོལ་དུ་ཧཱུྃ་རིང་པོ་ལས་གྲུབ་པའི་ཁྲོན་པའི་ནང་དུ་བཅུག་པར་བསམ་མོ། །དེ་ནས་སྙིང་གའི་ཧཱུྃ་ལས་སྤྲོས་པའི་རྡོ་རྗེ་ཕུར་བུ་སྟོད་བདུད་རྩི་འཁྱིལ་པའི་རྣམ་པ་ཅན། ལྟེ་བ་མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ཅན་མེ་དཔུང་རབ་ཏུ་འབར་བ་བཅུ་སྤྲོས་ཏེ། ཕྱོགས་སྐྱོང་བཅུ་འཁོར་བཅས་ཀྱི་སྤྱི་བོར་ཟུག་པར་བསམ། དེ་ནས་གནོད་མཛེས་ལ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱན་ཕཊ་ཕཊ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨཱཛྙ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བཀའ་བསྒོས་པས། གནོད་མཛེས་ཀྱི་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་འབར་བར་གྱུར་ནས། ཕུར་བུས་སྤྱི་བོ་ནས་བརྡུངས་པར་བསམས་ལ། ཨོཾ་བཛྲ་མུངྐ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་བགེགས་རྣམས་ཀྱི་སྤྱི་གཙུག་ནས་བརྡབས་པས་རྐང་མཐིལ་གྱི་བར་དུ་ཕུག་སྟེ། ས་འོག་རིམ་པ་བདུན་གྱི་བར་དུ་སོན་པར་ཕུར་བུས་བརྡབས་པས་ལུས་གཡོ་བ་མེད་ངག་རླུང་རྒྱུ་བ་མེད། ཡིད་རྣམ་པར་རྟོག་པ་མེད་པར་འོད་གསལ་གྱི་ངང་དུ་ཐིམ་པར་བསམས་ལ། གནོད་མཛེས་རང་གི་སྙིང་གར་བསྡུའོ། །དེ་ནས་ཕུར་བུ་རྣམས་ལས་འོད་འཕྲོས་པས་འོག་རྡོ་རྗེའི་ས་གཞི། དེའི་སྟེང་དུ་རྡོ་རྗེའི་རྭ་བ་སྟེ་གུར། དེའི་ཕྱི་རོལ་དུ་རྡོ་རྗེའི་རྭ་བ་དང་མེ་རི་འབར་བས་བསྐོར་བར་བསམ་མོ། །ཁ་ཅིག་འདི་ཡན་བདག་བསྐྱེད་དུ་འདོད་པ་ནི་གཞུང་གི་མཚམས་མ་ཕྱེད་པར་ཟད་དོ། །གཉིས་པ་མཎྜལ་བྱ་བ་ནི། ཧཱུྃ་བཟླས་པའི་བ་ལང་གི་ལྕི་བའམ། དེ་མེད་ན་དྲི་བཟང་གི་ཆུས་མདུན་གྱི་མཎྜལ་ལ་གཡས་སྐོར་གྱི་ཁྱེ་མ་མེད་པར་བྱུག་ཅིང༌། ཨོཾ་བཛྲ་རེ་ཁེ་ཧྲཱིཿ ཞེས་དང༌། ཆུར་བཅས་ལྕི་བ་སྦྱིན་པ་ཡིན། །སྐྱང་ནུལ་བྱ་བ་ཚུལ་ཁྲིམས་ཡིན། །གྲོག་སོགས་བསལ་བ་བཟོད་ཡིན་ཏེ། །བྱ་བ་རྩོམ་པ་བརྩོན་འགྲུས་སོ། །སྐད་ཅིག་རྩེ་གཅིག་བསམ་གཏན་ཡིན། །རི་མོ་སྙོམས་པ་ཤེས་རབ་ཡིན། །ཐུབ་པའི་མཎྜལ་བྱས་པས་ཕ་རོལ་ཕྱིན་དྲུག་མཉེས་པར་འགྱུར། །ལྷ་མི་ཁྱད་པར་ཅན་སྐྱེ་ཟླ་ལྟར་གཟི་འཕགས་ཤིང༌། །ནད་ཀུན་ལས་གྲོལ་གསེར་གྱི་མདོག་དང་འདྲ་བར་འགྱུར། །རྒྱལ་རིགས་འབྲུ་དང་གསེར་སོགས་འབྱོར་པས་གང་བར་འགྱུར། །དེ་བས་བདེ་གཤེགས་མཆོག་གི་ཁྱིམ་དུ་ལུས་ཀྱི་ལས་བྱའོ། །ཞེས་ཕན་ཡོན་རྣམས་བརྗོད་ཅིང་བྱུག་རིས་བྱའོ། །གསུམ་པ་སའི་ལྷ་མོ་ལ་གསོལ་བ་གདབ་པ་ནི། མཎྜལ་གྱི་དབུས་སུ་མེ་ཏོག་གཅིག་བཞག་ལ། རང་གི་ལག་པ་གཡས་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་གསུམ་བསམས་ཏེ། སོར་མོ་ས་ལ་བསྣུན་པའི་སྒྲ་དང་ཧཱུྃ་གི་འོད་ཟེར་གྱིས་མཎྜལ་གྱི་དབུས་ཀྱི་ས་འོག་ནས། སའི་ལྷ་མོ་དགའ་བ་དང་ལྡན་པའི་ཐུགས་ཅན་ཕྱག་གཡས་མི་འཇིགས་པའི་ཕྱག་རྒྱ་མཛད་ཅིང༌། གཡོན་པས་གསེར་གྱི་བུམ་པ་བསྣམས་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལྟེ་བ་མན་ཆད་སའི་འོག་ཏུ་བཞུགས་པ་ཞིག་བྱུང་བར་བསམ། དེ་ལ་ཨོཾ་པྲྀ་ཐི་ཝི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་ཕུལ་ནས། རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་འདྲ། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཅི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདུད་ཀྱི་སྟོབས་བཅོམ་ནས། །བདག་གིས་དཀྱིལ་འཁོར་བྲི་བར་བྱ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། ས་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམ་མོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་སྒྲུབ་པ་དང་དེ་ལ་མཆོད་པའོ། །དང་པོ་ནི། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུྃ། ཞེས་བརྗོད་པས་མཎྜལ་གྱི་ས་གཞི་རྡོ་རྗེའི་རང་བཞིན་དུ་བསམ། དེ་ནས་མེ་ཏོག་གིས་དཀྱིལ་འཁོར་རིམ་པ་གསུམ་དང་ལྡན་པ་བྲིས་ལ། ནང་མའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དཀར་པོ་བྲི། དེ་བཞིན་དུ་ཤར་གྱི་འདབ་མར་འཁོར་ལོ་ལ་ཨོཾ་དཀར་པོ། ལྷོར་རིན་པོ་ཆེ་ལ་སྭཱ་སེར་པོ། ནུབ་ཏུ་པདྨ་ལ་ཨཱཿདམར་པོ། བྱང་དུ་སྣ་ཚོགས་རྡོ་རྗེ་ལ་ཧཱ་ལྗང་གུ། ཤར་ལྷོར་འཁོར་ལོ་ལ་ལཾ་དཀར་པོ། ལྷོ་ནུབ་ཏུ་རིན་པོ་ཆེ་ལ་མཱཾ་སྔོན་པོ། ནུབ་བྱང་དུ་པདྨ་ལ་པཾ་དམར་པོ། བྱང་ཤར་དུ་སྣ་ཚོགས་རྡོ་རྗེ་ལ་ཏཱཾ་ལྗང་གུ། རིམ་པ་གཉིས་པའི་ཤར་ལྷོར། འཁོར་ལོ་ལ་རཾ་དཀར་པོ། ལྷོ་ནུབ་ཏུ་རིན་པོ་ཆེ་ལ་ཤཾ་སྔོན་པོ། ནུབ་བྱང་དུ་པདྨ་ལ་གཾ་དམར་པོ། བྱང་ཤར་དུ་སྣ་ཚོགས་རྡོ་རྗེ་ལ་རཾ་ལྗང་གུ། གཙོ་བོའི་མདུན་དུ་རྡོ་རྗེ་ལ་ཁཾ་སྔོན་པོ། རིམ་པ་གསུམ་པའི་ཤར་དུ་འཁོར་ལོ་གཉིས་ལ། མཻཾ་དང་ཐལིཾ་དཀར་པོ། ལྷོར་རིན་པོ་ཆེ་གཉིས་ལ། ཨོཾ་ཨོཾ་སེར་པོ། ནུབ་ཏུ་པདྨ་གཉིས་ལ་ཨོཾ་ཧཱུྃ་དམར་པོ། བྱང་དུ་སྣ་ཚོགས་རྡོ་རྗེ་གཉིས་ལ་ཨོཾ་སཾ་ལྗང་གུ། སྒོ་མཚམས་མ་བརྒྱད་དང་སྟེང་འོག་གཉིས་སུ་ཉི་མ་ལ་ཧཱུྃ་སྔོན་པོ་རེ་རེ་བྲིའོ། །འདིར་འཕགས་པའི་ཡུལ་ན། མཎྜལ་ཐམས་ཅད་བ་གླང་གི་ལྕི་བ་ལས་བྱེད་པས། དེ་ལ་ས་བོན་རྣམས་རང་གི་ལག་པས་བྲིར་རུང་བས། སྐབས་འདི་ཉིད་དུ་ཡི་གེ་བྲི་བར་བཤད་པ་ཡིན་ལ། བོད་དུ་བ་ལྕི་བཤད་པ་བཞིན་མེད་པས། དེའི་དོད་དྲི་བཟང་གི་ཆུ་ལ་བྱེད་དགོས་ལ། དེས་བྱུག་རིས་ཙམ་ལས་ཡི་གེའི་རྗེས་མི་དོད་པས། ལྷ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གི་ཚོམ་བུ་དགོད་པའམ། ཡང་ན་དང་པོར་འབྲས་ལ་སོགས་པ་ཚོན་གྱིས་ཁ་བསྒྱུར་ལ། དེས་ས་བོན་གྱི་ཡི་གེའི་གཟུགས་སུ་བྱ་བ་གང་བདེར་བྱའོ། །དེ་ནས་ས་བོན་རྣམས་ལ་དྲིའི་ཆུས་བསང་གཏོར་ལན་གསུམ་བྱ་ཞིང་བགེགས་མཐར་བྱེད་ཀྱི་སྔགས་བཟླས་པས། ས་བོན་གྱི་ཡི་གེ་རྣམས་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་གཙོ་བོར་གྱུར་པའི་དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་སོ་གཉིས་ཀྱི་རང་བཞིན་ལ་རྣམ་པ་སོ་སོའི་ས་བོན་འོད་འབར་བ་དང་བཅས་པར་བསམ་མོ། །དེ་ལ་མཆོད་པ་རྒྱས་པར་བྱ་བའམ། མ་གྲུབ་ན་མདོར་བསྡུས་པས་ཀྱང་རུང་སྟེ། ཨོཾ་བཛྲ་སཏྭ་མཎྜ་ལ་ས་པ་རི་ཝཱ་ར་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང༌། དེ་བཞིན་དུ་ཐོག་མཐའ་རྣམས་ཀུན་ལ་སྦྱར་ལ། དྷཱུྃ་བཾ། དཱི་བཾ། གནྡྷཾ། ནཻ་ཝི་ཏྱེ། ཅེས་པས་མཆོད་ཅིང༌། ཤཔྟ་ཅེས་པ་རོལ་མོས་ཀྱང་ཁ་བསྐང་ངོ༌། །དེ་ནས་རང་གི་སྙིང་ག་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་སེམས་དཔའ་གཙོ་བོར་གྱུར་པའི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད། དེ་རྣམས་མདུན་གྱི་ནམ་མཁར་བཞུགས་པ་ལ་རྡོ་རྗེ་མ་ལྔས་མཆོད་པར་བསམས་ལ། ཨོཾ་ཨཱཿརཱུ་པ་བཛྲཱི་ཧཱུྃ་ཞེས་དང༌། དེ་བཞིན་དུ་རཱུ་པའི་གནས་སུ་ཤཔྟ། གནྡྷེ། ར་ས། སྤརྵེ་རྣམས་བཅུག་པས་མཆོད་ལ། ཛཿཧཱུྃ་བཾ་ཧོཿས་ཡི་གེའི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བསྟིམས་པར་བསམ་མོ། །འདིར་བྲིས་པའི་ས་བོན་རྣམས་སམ། ཆོ་ག་གསུམ་གང་རུང་ལས་རྡོ་རྗེ་འཆང་སྔོན་པོའམ། མི་བསྐྱོད་པས་གཙོ་བོ་བྱས་པའི་ལྷ་རྫོགས་པ་བསྐྱེད་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། གཞུང་དུ་ཡི་གེ་ཙམ་ལས་ལྷ་བསྐྱེད་པར་མ་བསྟན་པའི་ཕྱིར་དང༌། ཆོ་ག་འདི་ལས་དང་པོ་པའི་གང་ཟག་ལྷ་རྒྱས་པར་བསྒོམ་དུ་མི་ནུས་པའི་དབང་དུ་བྱས་པར་བཤད་པའི་ཕྱིར་དང༌། རྣལ་འབྱོར་འདི་སྔོན་དུ་སོང་ནས་མདོར་བྱས་ལྟར་ལྷའི་རྣལ་འབྱོར་དུ་གདོད་བསྒོམ་དགོས་པར་བཤད་པའི་ཕྱིར་རོ། །གལ་ཏེ་ལྷར་མ་བསྐྱེད་ན་ཡི་གེ་ཙམ་གྱིས་དགོས་པ་མི་འགྲུབ་བོ་སྙམ་ན། རྣམ་པ་ཡིག་འབྲུར་བསྒོམས་པས་བསྒོམ་སླ་ཞིང༌། ངོ་བོར་ལྷར་མོས་པས་ཞེན་ཡུལ་ལ་མ་འཁྲུལ་ལ། དེས་ལས་དང་པོ་པའི་སྐབས་ཀྱི་དགོས་པ་ཐམས་ཅད་འགྲུབ་སྟེ། རྒྱུད་གཞན་དུ། ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །ཞེས་བཤད་པ་ལྟར་རོ། །དེ་བཞིན་དུ་མི་བསྐྱོད་པ་གཙོ་བོར་འདོད་པའང་མི་འཐད་དེ། འདིར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་བྲིའོ་ཞེས་བཤད་ལ། མི་བསྐྱོད་པ་ལ་ནི་ཉི་གདན་ཡོད་པའི་ཕྱིར་རོ། །རྡོ་རྗེ་འཆང་སྔོན་པོས་གཙོ་བྱས་པའང་མི་འཐད་དེ། གཞུང་དུ་རི་བོང་འཛིན་འོད་ལྟར་དཀར་རེག་བྱ་རྡོ་རྗེ་མས་འཁྱུད་སྐུ། །ཞེས་དཀར་པོར་བཤད་པ་དང་འགལ་བས་སོ། །གལ་ཏེ་མཆོད་བརྗོད་ཀྱི་ཡུལ་དེ་བདག་བསྐྱེད་ཀྱི་རྡོ་རྗེ་སེམས་དཔའ་དེ་ཡིན་ནོ་སྙམ་ན། དེའང་མི་འཐད་དེ། དེ་ནི་ཡབ་ཡུམ་གཉིས་ཀ་ཞལ་གཅིག་ཕྱག་གཉིས་པར་བཤད་ལ། འདིར་རེག་བྱ་རྡོ་རྗེ་མས་འཁྱུད་པར་བཤད་ནས། རེག་བྱ་རྡོ་རྗེ་ཕྱག་གཉིས་མར་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་བུ་འཕགས་པ་ཡབ་སྲས་ཀྱིས་གཞུང་གང་དུའང་མ་བཤད་པའི་ཕྱིར་རོ། །ཐུབ་པ་དཔལ་གྱིས། རྡོར་སེམས་ཡབ་ཡུམ་ཕྱག་གཉིས་པར་བཤད་པའི་ཡུམ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་བཤད་པས་རེག་བྱ་རྡོ་རྗེ་ཡིན་དོན་མེད་དོ། །དེས་ན་རང་ལུགས་ལ་མཎྜལ་ལ་ཡིག་འབྲུར་བསྒོམས་པས་ལྷའི་རྣམ་པ་མི་དགོས་ཀྱང༌། ཡིག་འབྲུ་ལྷར་ཞེན་པའི་ཡུལ་དང༌། ཡེ་ཤེས་པ་སྤྱན་དྲངས་པའི་ཚེ་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གསུམ་ཕྱག་དྲུག་པས་གཙོ་བྱས་པའི་དཀྱིལ་འཁོར་དུ་མོས་པ་ཡིན་ནོ། །འོ་ན་འདིའི་གཙོ་བོ་གང་ནས་བཤད་སྙམ་ན། སྤྱིར་རྡོ་རྗེ་སེམས་དཔའ་ལ་མི་བསྐྱོད་པ་ཉིད་རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔའ་སོགས་སུ་བྱས་པ་དང༌། རིགས་ལྔ་ཆར་གྱི་གཙོ་བོ་ཁྱབ་བདག་རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔར་བྱས་པ་གཉིས་ལས་འདི་ནི་ཕྱི་མ་ཡིན་ཏེ། གཞུང་དུ། མཉམ་མེད་ཡོན་ཏན་རིན་ཆེན་གཏེར་གྱུར་སངས་རྒྱས་ལྔ་ཡི་གཙོར་གྱུར་པ། །ཞེས་བཤད་པའི་ཕྱིར་རོ། །རྣམ་པ་དཀར་པོ་ཞལ་གསུམ་ཕྱག་དྲུག་པར་བྱེད་པ་ནི། རིག་པའི་དབང་དྲུག་གི་སྐབས་སུ་རྣམ་སྣང་ཆུ་དབང་སོགས་རིགས་ལྔ་དང་དབང་ལྔ་སྦྱར་ནས་རྡོ་རྗེ་སེམས་དཔའ་དང་མེ་ལོང་གི་དབང་གཉིས་སྦྱར་བའི་སྐབས་སུ་བཤད་པ་ལྟར་རོ། །གཉིས་པ་མཆོད་པ་ནི། མདུན་གྱི་མཆོད་རྫས་རྣམས་འདུ་བྱས་ལ། བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ། ཨོཾ་ལས་མཆོད་ཡོན། པཾ་ལས་མེ་ཏོག དྷཾ་ལས་བདུག་སྤོས། དཾ་ལས་མར་མེ། གཾ་ལས་དྲི། ནཾ་ལས་ཞལ་ཟས་དང༌། གཞན་ཡང་ཤཾ་ལས་རོལ་མོ། ཧཱུྃ་ལས་མཆོད་རྫས་གཞན་རྣམས་དྭངས་ཤིང་ཐོགས་པ་མེད་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག བླ་མ་དང་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཅེས་བརྗོད་ལ་སོ་སོའི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དུ་བཟེད་ཞལ་བཞག་ལ། ལྷའི་མཆོད་ཡོན་དམ་པ་འདིས། །དཀྱིལ་འཁོར་མཆོད་པར་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ཏེ། །མགོན་པོས་མཆོད་པ་འདི་བཞེས་ཤིག །ཅེས་དང༌། བཟེད་ཞལ་གྱི་ནང་དུ། མཆོད་ཡོན་རེ་རེ་ཞིང་དབུལ་ཞིང༌། ཨོཾ་ཧཱུྃ་བཛྲ་སཏྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨོཾ་བཛྲ་ཛི་ན་ཛིཀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཨརྒྷཾ་མན་ཆད་ཐམས་ཅད་ལ་སྦྱར་ལ། ཨོཾ་སྭཱ་རཏྣ་དྷྲྀཀ ཨོཾ་ཨཱཿཨཱ་རོ་ལྀཀ ཨོཾ་ཧཱ་པྲ་ཛྙཱ་དྷྲྀཀ ཨོཾ་ལྃ་མོ་ཧ་ར་ཏི། ཨོཾ་མཱྃ་དྭེ་ཥ་ར་ཏི། ཨོཾ་པྃ་རཱ་ག་ར་ཏི། ཨོཾ་ཏཱྃ་བཛྲ་ར་ཏི། ཨོཾ་རྃ་རཱུ་པ་བཛྲཱི། ཨོཾ་ཤྃ་ཤཔྟ་བཛྲཱི། ཨོཾ་གྃ་གནྡྷེ་བཛྲཱི། ཨོཾ་རཾ་ར་ས་བཛྲཱི། ཨོཾ་མཻཾ་མཻ་ཏྲཱི། ཨོཾ་ཐལིཾ་ཀྵི་ཏི་གརྦྷ། ཨོཾ་ཨོཾ་བཛྲ་པཱ་ཎི། ཨོཾ་ཨོཾ་ཁ་གརྦྷ། ཨོཾ་ཨོཾ་ལོ་ཀེ་ཤྭ་ར། ཨོཾ་ཧཱུྃ་མཉྫུ་ཤྲཱི། ཨོཾ་ཨོཾ་སརྦ་ཎི་ཝ་ར་ནི་བིསྐཾ་བི་ནི། ཨོཾ་སཾ་ས་མནྟ་བྷ་དྲ། ཨོཾ་ཧཱུྃ་ཡ་མཱནྟ་ཀྲྀཏ། ཨོཾ་ཧཱུྃ་པྲཛྙཱཾ་ཏ་ཀྲྀཏ། ཨོཾ་ཧཱུྃ་པདྨཱནྟ་ཀྲྀཏ། ཨོཾ་ཧཱུྃ་བི་གྷྣཱནྟ་ཀྲྀཏ། ཨོཾ་ཧཱུྃ་ཨ་ཙ་ལ། ཨོཾ་ཧཱུྃ་ཊཀྐི་རཱ་ཛ། ཨོཾ་ཧཱུྃ་ནཱི་ལ་དཎྜ། ཨོཾ་ཧཱུྃ་མ་ཧཱ་བ་ལ། ཨོཾ་ཧཱུྃ་ཨུཥྞཱི་ཥ་ཙཀྲ་ཝརྟི། ཨོཾ་ཧཱུྃ་སུམྦྷ་རཱ་ཛ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དབུལ། དེ་ནས་གཞུང་འདིར། པཱ་ཏྱཾ་གིས་ཞབས་བསིལ་དང༌། ཨརྩ་མ་ནཾ་གིས་བསང་གཏོར་རྣམས་འབུལ་བར་བཤད་པས། དེ་དག་རེ་རེ་ཞིང་དབུལ་བའམ། ཀླུའི་བྱང་ཆུབ་ཀྱིས་མཆོད་ཡོན་རྐྱང་པ་ལས་མ་བཤད་པས། འདི་གཅིག་པུས་ཀྱང་ཆོག་གོ །ཆུ་སྐྱེས་དེ་བཞིན་ཐང་ལས་སྐྱེས། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ཨོཾ་ཧཱུྃ་བཛྲ་སཏྭ་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས། དེ་བཞིན་དུ་ལྷ་སོ་སོའི་སྔགས་ཀྱི་མཐར་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། ཐམས་ཅད་ལ་སྦྱར་ནས། མེ་ཏོག་དབུལ། ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །དེ་བཞིན་བདུག་སྤོས་མཆོག་འདི་དག །མཆོག་ཏུ་གུས་པས་བདག་འབུལ་ནས། །ཅི་བདེ་བར་ནི་ཁྱེད་ཀྱིས་བཞེས། །ཨོཾ་ཧཱུྃ་བཛྲ་སཏྭ་དྷཱུ་པཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ལྷ་ཐམས་ཅད་ཀྱི་སྔགས་ཀྱིས་བདུག་སྤོས་དང༌། ཞུན་མར་འབྲུ་མར་མར་མེ་འདི། །ལྷ་རྫས་འབར་བས་མུན་པ་འཇོམས། །མི་ཤེས་ཐམས་ཅད་ཞི་བྱའི་ཕྱིར། །བདག་ཉིད་དད་པས་འབུལ་བར་བགྱི། །ཨོཾ་ཧཱུྃ་བཛྲ་སཏྭ་དཱི་པཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ལྷ་ཐམས་ཅད་ཀྱི་སྔགས་ཀྱིས་མར་མེ་དང༌། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་བདག་འབུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཧཱུྃ་བཛྲ་སཏྭ་གནྡྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ལྷ་ཐམས་ཅད་ཀྱི་སྔགས་ཀྱིས་དྲི་ཆབ་དང༌། བཟའ་དང་བཅའ་བ་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་ཞིང༌། །ཐམས་ཅད་སྦྱར་བའི་ཞལ་ཟས་འདི། །འབུལ་གྱིས་ཡང་དག་བཞེས་སུ་གསོལ། །ཨོཾ་ཧཱུྃ་བཛྲ་སཏྭ་ནཻ་ཝི་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ལྷ་ཐམས་ཅད་ཀྱི་སྔགས་ཀྱིས་ཞལ་ཟས་དང༌། སིལ་སྙན་ལ་སོགས་རོལ་མོའི་ཚོགས། །དབྱངས་ཀྱི་ང་རོ་ལྡན་པ་འདི། །མཆོག་ཏུ་དད་པས་བདག་འབུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་ཧཱུྃ་བཛྲ་སཏྭ་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་སོགས་ལྷ་ཐམས་ཅད་ཀྱི་སྔགས་ཀྱིས་མཐར། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ་སྦྱར་བ་དང༌། བཛྲ་དྷརྨ་ར་ཎི་ཏའི་སྔགས་བརྗོད་ལ་རོལ་མོ་ཅི་འབྱོར་པ་དབུལ་ལོ། །དེ་ནས་སྤྲོ་ན་མཆོད་ཕྲེང་དུ་བཤད་པ་ལྟར་འདོད་ཡོན་ནས་བླ་ན་མེད་པའི་མཆོད་པའི་བར་རྒྱས་པར་དབུལ་བའམ། མ་གྲུབ་ན་གཞུང་ཉེར་སྤྱོད་རྐང་ཐོན་དུ་འབུལ་བ་ལས་གཞན་མ་བཤད་པས་མེད་ཀྱང་ཆོག་གོ །དེ་ནས་རོལ་མོ་དང་བཅས་པས་མཎྜལ་ལ་བསྐོར་བ་ལན་གསུམ་བྱ་ཞིང༌། མ་ཧཱ་ར་ཏ་སུ་ཌ་ཌི་ཏ་སུ་ཏོ་ཥྱཿསུ་སུ་སོ། བཛྲ་སཏྭ་ཨ་དྷྱེ་སིདྡྷྱེ་མཱྃ། ཞེས་བརྗོད་ཅིང༌། མཆོད་ཡོན་གྱི་ཆུས་མཎྜལ་ལ་བསང་གཏོར་བྱས་ལ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་ལན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་བཟུང་ལ། རྡོ་རྗེ་ཐལ་མོ་གནས་གསུམ་དུ་བཞག་ནས། དཀྱིལ་འཁོར་ལ་ལུས་འབུལ་བར་བསམ་ཞིང༌། ན་མཿཏེ་ཧཱུྃ་ན་མཿམེ་ཧཱུྃ་ན་མོ་ན་མཿཧཱུྃ་སྭཱ་ཧཱ། ཞེས་པས་ཕྱག་བྱའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་རབ་ཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སྟོན་པ་རྡོ་རྗེར་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་གོས་པ་མེད། །གསང་བའི་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་མི་འཆི་འདོད་ཆགས་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་ཡོངས་རྫོགས་པ། །སངས་རྒྱས་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་དང༌། སྤྲོ་ན། ཆོས་དབྱིངས་རྣམ་དག་ཡེ་ཤེས་ངོ་བོ་ཉིད། །མཆོག་ཏུ་མི་འགྱུར་བདེ་ཆེན་ལོངས་སྤྱོད་རྫོགས། །ཐབས་དང་ཤེས་རབ་དབྱེར་མེད་བཅོམ་ལྡན་འདས། །དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཕུང་པོ་ལྔ་ཡི་རང་བཞིན་རྣམ་པར་དག །ཡེ་ཤེས་ལྔ་ཡི་ངོ་བོ་བཅོམ་ལྡན་འདས། །དུག་ལྔ་གདུལ་ཕྱིར་ཐབས་ཀྱི་སྐུར་སྟོན་པ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཁམས་བཞི་རྣམ་པར་དག་ཅིང་ཤེས་རབ་མ། །དམིགས་མེད་ཐུགས་རྗེའི་རང་བཞིན་ཚད་མེད་བཞི། །འགྲོ་བའི་དོན་དུ་ལྷ་མོའི་ཚུལ་འཛིན་མ། །རིག་མ་ཡུམ་ཆེན་བཞི་ལ་ཕྱག་འཚལ་ལོ། །ཡུམ་ལྔ་རྣམ་པར་དག་པ་ལྷ་མོའི་ཚུལ། །གཟུགས་སྒྲ་དྲི་དང་རོ་དང་རེག་བྱ་སྟེ། །འདོད་ཡོན་ལྔ་ཡིས་རྒྱལ་བ་མཉེས་བྱེད་པ། །མཆོད་པའི་ལྷ་མོ་ལྔ་ལ་ཕྱག་འཚལ་ལོ། །སྐྱེ་མཆེད་རྣམ་པར་དག་པའི་ངོ་བོ་ཉིད། །སྤྱན་ལྔ་མངོན་ཤེས་དྲུག་གི་རང་བཞིན་རྣམས། །འགྲོ་བའི་དོན་དུ་རྒྱལ་སྲས་ཚུལ་འཛིན་པ། །སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་ལོ། །ཚིགས་བཅུ་རྣམ་པར་དག་པ་ཁྲོ་བོའི་ཚུལ། །བསྡུ་བཞིའི་རང་བཞིན་སྒོ་སྐྱོང་རྣམ་བཞི་དང༌། །ཕྱོགས་མཚམས་སྟེང་འོག་བཅས་པར་བཞུགས་པ་ཡི། །སྟོབས་ཆེན་ཁྲོ་བོ་བཅུ་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་བཅོམ་ལྡན་འདས། །འགྲོ་བའི་དོན་དུ་སྣ་ཚོགས་ཚུལ་འཛིན་པ། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་ལྷ་རྣམས་ལ། །མཆོག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་པས་བསྟོད་པར་བྱའོ། །གསུམ་པ་བཟླས་པ་བྱ་ཞིང་བྱིན་གྱིས་བརླབ་པ་ནི། མདུན་གྱི་མཎྜལ་གསལ་བར་བལྟས་ལ། ཡི་གེ་གསུམ་ཅི་ནུས་བཟླས་སོ། །དེ་ནས་མདུན་གྱི་དཀྱིལ་འཁོར་ལ་ཉེར་སྤྱོད་ལྔས་མཆོད། དེ་ཉིད་ལྔ་པས་བསྟོད་ནས། བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པས་དངོས་གྲུབ་བླངས་ལ། ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ལ་ཐིམ་པར་བསམ། རང་གི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ་བསམས་ལ། དཔལ་ལྡན་སངས་རྒྱས་སྐུ་འཛིན་པ། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་དངོས། །རྡོ་རྗེ་སྐུར་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་གནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །སངས་རྒྱས་རྣམས་ཀྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་གང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ལུས་བྱིན་གྱིས་བརླབ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ་བསམས་ལ། ཆོས་ཀྱི་གསུང་གང་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ཚིག་དེ་ངེས་པ་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་བར། །ཆོས་འཛིན་པ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ངག་བྱིན་གྱིས་བརླབ། སྙིང་ག་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་སྔོན་པོ་བསམས་ལ། དཔལ་ལྡན་རྡོ་རྗེའི་ཐུགས་འཛིན་པ། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབ་པའི་གནས། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབ་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་བདག་པོ་བློ་ལྡན་པ། །བདག་གི་སེམས་ཀྱང་དེ་འདྲ་བར། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སེམས་བྱིན་གྱིས་བརླབ་བོ། །དེ་ནས་རང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་བརྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་མང་དུ་བཟླས་སོ། །གསུམ་པ་རྗེས་ནི། མཆོད་ཡོན་གྱི་ཆུས། མཎྜལ་བསང་གཏོང་ལན་གསུམ་བྱས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་ཡིག་འབྲུའི་དཀྱིལ་འཁོར་རྣམས་གཤེགས་སུ་གསོལ། འདིར་ཡེ་ཤེས་པ་ཆ་གཉིས་སུ་བྱས་པའི་ཆ་གཅིག་རང་ལ་བསྟིམ། ཆ་གཅིག་གཤེགས་སུ་གསོལ་བ་དང༌། དམ་ཚིག་གི་འཁོར་ལོ་རང་གི་ལུས་ལ་བསྡུ་བར་འདོད་པ་ནི། ཤིན་ཏུ་མི་འཐད་དེ། ཡེ་ཤེས་ཀྱི་འཁོར་ལོ་ཆ་གཉིས་སུ་བྱས་ནས་གཤེགས་པ་འདི་ནི་གཞུང་གང་དུའང་མ་བཤད་པའི་ཕྱིར་དང༌། དམ་ཚིག་གི་དཀྱིལ་འཁོར་ལྷར་བསྐྱེད་པ་གཞུང་དུ་མ་བཤད་པས་བསྡུ་རྒྱུའི་ལྷ་མེད་པའི་ཕྱིར་རོ། །དེ་ནས་མེ་ཏོག་རྣམས་བསྡུས་ཏེ། ཡང་ས་ཕྱོགས་དྲིས་བྱུགས་ལ། མེ་ཏོག་གཅིག་དབུས་སུ་བཞག་སྟེ། བཟོད་པར་གསོལ་ཅིག་ས་ཡི་གཞི། །ཞེས་བརྗོད་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་གདབ་པར་བྱའོ། །དེ་ནས་ལས་ཀྱི་རྗེས་རྣམས་མི་མངོན་པར་བསྡུ། མཆོད་རྫས་དམན་པ་རྣམས་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ལ། དགེ་བའི་བྱ་བས་དུས་འདའ་བར་བྱའོ། །དེ་ལྟར་ཐུན་བཞིའི་རིམ་པས་ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། ལོ་ཕྱེད་དམ། ལོ་གཅིག་ཏུ་ཉམས་སུ་བླངས་ན། དཔལ་རྡོ་རྗེ་སེམས་དཔའ་མཉེས་པའི་མཚན་མ་རྣམས་འབྱུང་བར་འགྱུར་ལ། དེ་ནས་སྒྲུབ་ཐབས་མདོར་བྱས་ནས་བཤད་པ་ལྟར་གྱི་བདག་བསྐྱེད་ཀྱི་དཀྱིལ་འཁོར་རྫོགས་པར་བསྒོམས་ལ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་བསྒྲུབ་པར་བྱ་བ་ཡིན་ནོ། །གཞུང་འདིར། མདོར་བསྡུས་རིམ་ལས་གསུང་དོན་རྟོགས་དཀའ་བ། །ཞེས་ཆོ་ག་འདི་མདོར་བྱས་ཀྱི་གཞུང་གི་དོན་དུ་བཤད་པ་ཡང༌། འདི་བསོད་ནམས་ཀྱི་ཚོགས་བསགས་པའི་ཆོ་གར་བྱས་ནས། བསོད་ནམས་ཀྱི་ཚོགས་བསགས་ཟུར་པ་མ་བཤད་པར། སྙིང་རྗེ་ཆེན་པོ་ལ་དམིགས་པ་མན་ཆད་གསལ་བར་བཤད་པས། རྣལ་འབྱོར་འདི་སྔོན་དུ་སོང་ནས་སྒྲུབ་པའི་ཐབས་ལ་འཇུག་པ་ཡིན་ནོ། །ཞེས་པ་ནི་མངོན་པར་རྟོགས་པ་དང་མཚམས་སྦྱོར་བ་ཉིད་དོ། །གསང་བ་ཀུན་འདུས་དཔལ་ལྡན་རྡོ་རྗེ་འཆང༌། །རིགས་ལྔའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ། །རྨད་བྱུང་མཆོད་པའི་ཆོ་ག་འདི་ཕུལ་བས། །ཚོགས་གཉིས་རྒྱ་མཚོ་རྣམ་པར་རྒྱས་གྱུར་ཅིག །འདིར་ནི་མ་དག་ཆོ་ག་རྒྱང་བསྲིངས་ཏེ། །གྲུབ་བརྙེས་དམ་ཚིག་རྡོ་རྗེའི་གཞུང་བཟང་ལ། །ཞིབ་མོར་དཔྱད་ནས་དག་པར་བཀོད་པ་འདི། །དཔལ་ལྡན་འདུས་པའི་བསྟན་པ་རྒྱས་ཕྱིར་ཡིན། །དཔལ་རྡོ་རྗེ་སེམས་དཔའི་མཆོད་པའི་ཆོ་ག་ཚོགས་གཉིས་རྒྱ་མཚོ་ཞེས་བྱ་བ་འདི་ནི་དམ་པའི་ཆོས་ཤེས་ནས་ཚུལ་བཞིན་དུ་བསྒྲུབས་པ་སྡེ་སྣོད་འཛིན་པ་དཀོན་མཆོག་རྒྱལ་མཚན་ལ་སོགས་པ་བཤེས་གཉེན་དུ་མས་བསྐུལ་བའི་ངོར་རྗེ་བཙུན་མཁས་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སློབ་དཔོན་དམ་ཚིག་རྡོ་རྗེའི་གཞུང་གི་དོན་ཇི་ལྟ་བ་བཞིན་དུ་དཔལ་ས་སྐྱར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་བཟང་པོས་བགྱིས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༄༅། །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།  ༈ །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཡིད་འོང་སྒྱུ་མའི་ཆུ་གཏེར་ཆེ་ལས་འཁྲུངས། །རང་བཞིན་རྣམ་དག་འོད་གསལ་ཁམས་ལས་གྲུབ། །ཟུང་འཇུག་རྟོགས་པའི་བང་རིམ་ཕྲེང་བ་ཅན། །རྒྱལ་བ་རི་དབང་ཆེ་ལ་བདག་ཅག་དད། །རྨད་བྱུང་བརྒྱུད་པའི་ཆུ་ཀླུང་ཀུན་འདུས་པའི། །ཡེ་ཤེས་རྒྱ་མཚོ་དངོས་གྲུབ་རྦ་རླབས་ཅན། །ཕྲིན་ལས་ཡིད་བཞིན་ནོར་བུས་ལེགས་གཏམས་པའི། །སྨིན་བྱེད་དཀྱིལ་འཁོར་ཆོ་ག་བཤད་ཀྱིས་ཉོན། །འདིར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་སློབ་མ་ཡོངས་སུ་སྨིན་པར་བྱ་བ་ལ་གཉིས་ཏེ། ཐུན་མོང་གི་ཐེག་པས་རྒྱུད་སྦྱང་བ་དང༌། ཐུན་མོང་མ་ཡིན་པའི་ཆོ་གས་སྨིན་པར་བྱ་བའོ། །དང་པོ་ནི། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་ལ། མཚན་ཉིད་དང་ལྡན་པའི་སློབ་མས། གཟའ་སྐར་དང་ཚེས་གྲངས་བཟང་པོ་ལ་བབ་པའི་ཚེ་ཕྱག་འཚལ་ནས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། སྡིག་བཤགས་ལན་མང་དུ་བྱས་ལ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་ཡང་བྱའོ། །དེ་ནས་སློབ་མ་དེ་སྔར་སྡོམ་པ་དང་མི་ལྡན་ན། དགེ་བསྙེན་ལ་སོགས་པ་སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་རྣམས་བྱིན་ལ་ཡང་དག་པར་བསྲུང་དུ་གཞུག་གོ །གཉིས་པ་ལ་གཉིས། སློབ་མས་གསོལ་བ་གདབ་པ། སློབ་དཔོན་གྱིས་དབང་བསྐུར་བའོ། །དང་པོ་ནི། བླ་མ་ལ་ཕྱག་དང་མཎྜལ་ཕུལ་ནས་བདག་ལ་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་ཅིང༌། སློབ་དཔོན་གྱི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། སློབ་མའི་སེམས་ལས་བྱུང་བའི་བགེགས་རྣམས་བསལ་བར་བསམས་ལ། བགེགས་མཐར་བྱེད་ཀྱི་ཕྲེང་སྔགས་སམ། མཚན་སྔགས་ལན་བདུན་བཟླས་པས་བསྲུངས་ལ། ཡོ་བྱད་རྣམས་གསོག་ཏུ་གཞུག་གོ །གཉིས་པ་ལ་གཉིས་ཀྱི། དང་པོ་སྔོན་དུ་བསྙེན་པ་ནི། སློབ་དཔོན་གནས་དབེན་པར་སྒྲུབ་ཐབས་ལྟར་ཏིང་ངེ་འཛིན་གསུམ་རྫོགས་པར་བསྒོམས་ནས། གཙོ་བོའི་སྔགས་འབུམ་ཕྲག་གཅིག་དང༌། འཁོར་རྣམས་ཀྱི་ཁྲི་ཕྲག་རེ་རེ་བཟླས་ཤིང༌། བཅུ་ཆའི་སྦྱིན་སྲེག་གིས་ལྷ་མཉེས་པར་བྱའོ། །གཉིས་པ་དཀྱིལ་འཁོར་གྱི་ཆོ་ག་ལ་གཉིས། རྡུལ་ཚོན་ལ་བརྟེན་པ་དང༌། རས་བྲིས་ལ་བརྟེན་པའོ། །དང་པོ་ནི། དང་པོར་ས་ནི་སྦྱང་བ་དང༌། །དེ་ནས་ས་ཡང་འཛིན་པ་དང༌། །ཕྱི་ནས་བགེགས་ནི་ཉེར་ཞི་དང༌། །ཐོད་ལེ་ཀོར་གྱིས་ཐིག་གདབ་དང༌། །དེ་ནས་ས་ལྷ་སོགས་ལྷག་པར། །གནས་དང་དེ་ནས་གསོལ་གདབ་དང༌། །ཕྱི་ནས་སློབ་མ་ལྷག་གནས་དང༌། །ནམ་མཁར་ཐིག་ནི་གདབ་པ་དང༌། །ཚོན་སྣ་ལྔ་ཡི་ཆོ་ག་དང༌། །ཚོན་རྩི་རྣམས་ནི་དགྱེ་བ་དང༌། །ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །དེ་ནས་སློབ་མ་གཞུག་པ་དང༌། །ཁྲུས་ཀྱི་དཀྱིལ་འཁོར་ཆོ་ག་དང༌། །དེ་ནས་སངས་རྒྱས་དབང་བསྐུར་དང༌། །དེ་ནས་ཕྱག་མཚན་དབང་བསྐུར་དང༌། །ལྷ་དང་བླ་མ་ཡོན་མཉེས་དང༌། །རྗེས་སུ་གནང་བ་སྦྱིན་པ་དང༌། །དེ་ནས་གཤེགས་གསོལ་ཆོ་ག་དང༌། །དཀྱིལ་འཁོར་ལས་བྱེད་ཕུར་བུ་དང༌། །སྐུད་པ་བསྡུ་བ་ཉིད་ཀྱང་སྟེ། །ཞེས་པ་ལྟར། ཆོ་ག་ཉི་ཤུས་སྒྲུབ་པར་བྱ་བ་ལ། དང་པོ་ས་སྦྱང་བ་ནི། གཙུག་ལག་ཁང་ལ་སོགས་པ་ལེགས་པར་བརྟགས་པའི་སར། གཙོ་བོའི་རྣལ་འབྱོར་དང་ལྡན་པས་མཆོད་པ་དང་གཏོར་མ་བཤམས་ལ། རང་གི་སྙིང་གའི་འོད་ཟེར་གྱིས་ཞིང་སྐྱོང་གཞི་བདག་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ། ཨ་ཀཱ་རོའི་སྔགས་ཀྱིས་གཏོར་མ་དབུལ་ཞིང༌། མཆོད་པས་མཆོད་ནས། དྲིལ་བུ་དཀྲོལ་ཞིང༌། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་གཞི་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་པས་ས་བྱིན་པར་བསམ་མོ། །དེ་ནས་ལས་ཐམས་ཅད་པའི་སྔགས་བཟླས་ཤིང༌། ས་པུས་མོ་ནུབ་ཙམ་དུ་བརྐོས་ལ། ཤིང་དང་གྱོ་མོ་དང༌། གསེག་མ་ལ་སོགས་པའི་ས་རྡོ་བསལ་ནས། ལས་དང་རྗེས་སུ་མཐུན་པའི་སས་བཀང་ལ། འཐས་པར་བཅག་ཅིང་ངོས་མཉམ་ལ་དེར་བ་བྱུང་ལྔའི་བྱུག དྲིའི་ཆུས་བསང་གཏོར་བྱ། གྲུབ་ན་དྲག་པོའི་སྦྱིན་སྲེག་གིས་བགེགས་སྦྱངས། བཛྲ་སཏྭ་ཞེས་བཟླས་ཤིང༌། ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ལྟ་བས་བལྟ་བར་བྱའོ། །དེ་ནས་ས་ཕྱོགས་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བསྒོམས་ཏེ་ཆོ་ག་དང་པོའོ། །གཉིས་པ་ས་བཟུང་བ་ནི། དཀྱིལ་འཁོར་བྲི་བའི་གནས་དེར་བླ་རེ་ལ་སོགས་པས་བརྒྱན་ཞིང༌། དྲི་བཟང་པོའི་ཆུས་བྱུགས་ལ། ལྷ་སོ་གཉིས་ཀྱི་མེ་ཏོག་གི་ཚོམ་བུ་བཀོད། དེའི་མཐར་ཅི་འབྱོར་པའི་མཆོད་པ་ལྔ་དང༌། གཏོར་མ་གཉིས་བཤམ་མོ། །དེ་ནས་རང་ཆས་གོས་དཀར་པོ་དང་གཙུག་ཏོར་ལ་སོགས་པས་བརྒྱན་ལ། ས་ཕྱོགས་སྟོང་པར་བསྒོམས་པ་ནས་ཕྲིན་ལས་འཆོལ་བའི་བར་གཏོར་ཆོག་བཞིན་བྱས་ལ། འདས་པའི་ལྷ་ལ་ཐུན་གསུམ་དུ་གཏོར་མ་དབུལ། དེ་ནས་བགེགས་ཞི་བར་བྱ་བའི་ཕྱིར། ཕྱོགས་སྐྱོང་ལ་གཏོར་མ་གཉིས་པ་འབུལ་ཏེ། གཏོར་ཆོག་ལས་ཤེས་སོ། །དེ་ནས་ཞི་བའི་སྦྱིན་སྲེག་གིས་བགེགས་ཞི་བར་བྱས་ཏེ། ཆོ་ག་གཉིས་པའོ། །གསུམ་པ་བགེགས་ཉེ་བར་ཞི་བ་ནི། དཀྱིལ་འཁོར་གྱི་སའི་དབུས་སུ་རང་ཉིད་གོས་དམར་པོ་གྱོན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཁ་ཤར་དུ་བལྟས་ལ་འདུག་སྟེ། མངོན་པར་རྟོགས་པ་རྫོགས་པར་བསྒོམས་ནས། བར་སྣང་ལ་དཀྱིལ་འཁོར་པ་དང་བཅས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་གང་བར་བསྒོམས་ལ། རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང༌། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གིས་གསོན་པའང་འབྲས་བུར་བཅས། །བདག་ནི་དམ་ཚིག་ལྷ་རྣམས་དང༌། །མཉམ་པར་འགྱུར་བར་ཐེ་ཚོམ་མེད། །བྱང་ཆུབ་སེམས་དཔའི་སེམས་གཅིག་པས། །བདག་ནི་ཕྱིར་མི་ལྡོག་པར་འགྱུར། །བདག་དེང་དེ་བཞིན་གཤེགས་པ་ཡི། །རིགས་སུ་སྐྱེ་བ་གདོན་མི་ཟ། །དེང་བདག་ཉི་མ་དམ་པ་སྟེ། །བདག་གིས་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་དྲངས་པས། །དེང་བདག་འདུས་པ་མཆོག་ཡིན་ནོ། །ཞེས་བརྗོད་པས་སྤྲོ་བ་བསྐྱེད་ནས། ནམ་མཁའི་ལྷ་རྣམས་ལ་ཕྱི་ནང་གི་མཆོད་པས་མཆོད་དེ། སྤོས་དང་བཅས་པས་དྲིལ་བུ་བཟུང་ལ། ལྕེ་ཧཱུྃ་ལས་བྱུང་བའི་རྡོ་རྗེར་བསམས་ནས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་མིང་ཆེ་གེ་ཞེས་བྱ་བས། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི། །སངས་རྒྱས་ཀུན་དེང་གཤེགས་སུ་གསོལ། །དངོས་གྲུབ་འདིར་ནི་སྩལ་དུ་གསོལ། །དཀྱིལ་འཁོར་ཆེན་པོའི་ལས་རྣམས་ནི། །ཅི་ནུས་བཞིན་དུ་རབ་ཏུ་བགྱི། །ཞེས་ལན་གསུམ་བརྗོད་ལ། རང་ཉིད་དཀྱིལ་འཁོར་བའི་ང་རྒྱལ་གཟུང་ངོ༌། །དེ་ནས་ཕྱོགས་བཞི་ནས། རིགས་བཞིའི་ང་རྒྱལ་འཛིན་པའི་སློབ་མ་རྣམས་ཀྱིས་མཆོད་བསྟོད་སྔོན་དུ་འགྲོ་བས། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་ནས། མཚན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་ནས། ཞི་བའི་མཆོག་ནི་ཆོས་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས། སེམས་ཅན་ཀུན་གྱི་སེམས་ཅན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཐུན་མོང་དུ། ཁྱེད་ཞབས་པདྨོ་མ་གཏོགས་པར། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །ཐུབ་པ་བདག་ནི་འཁོར་བ་ལས། །བསྒྲལ་བའི་ཕྱིར་དུ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པ་དང༌། སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བརྐྱངས་ལ་རྩེ་མོ་སྦྱར་ཏེ། འོག་ཏུ་ཕྱོགས་པས་སྤྱི་བོར་བཟུང་ཞིང༌། ཧཱུྃ་བཛྲོ་ཏྟིཥྛ། ཞེས་བརྗོད་པས། བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་སྟེ། སྙེམས་པ་དང་བཅས་པས་ལངས་ནས། རང་གཙོ་བོ་ལས་ཆད་པའི་གཙོ་བོ་གཉིས་པར་བསྒོམས་ལ། དྲིལ་བུ་དཀྲོལ་ཞིང༌། བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེར་བསྟན། །བདག་ནི་བདག་པོ་རྡོ་རྗེ་ཅན། །དེང་བདག་རྡོ་རྗེ་སེམས་དཔར་གྲུབ། །ཞེས་རིགས་ཐམས་ཅད་པའི་ང་རྒྱལ་བསྐྱེད་དོ། །དེ་ནས་ཧཱུྃ་ཞེས་བརྗོད་པས། བདག་ཉིད་ཞེ་སྡང་རྡོ་རྗེར་བསྒོམ་པ་ནས། འོག་ཏུ་གནོད་མཛེས་ཀྱི་བར་གྱི་ཁྲོ་བོ་རྣམས་སྲུང་འཁོར་ལྟར་བསྒོམས་ལ། རང་གི་མིག་གཡས་པ་མ་ལས་ཉི་མ། གཡོན་པར་ཊ་ལས་ཟླ་བ། མིག་འབྲས་ཧཱུྃ་ལས་དུས་མཐའི་མེ་ལྟར་འབར་བར་བསམས་ལ། རྡོ་རྗེའི་ལྟ་བས། གཡས་གཡོན་དུ་བལྟའོ། །དེ་ནས་རྐང་མཐིལ་གཉིས་སུ་ཧཱུྃ་ལས། རྡོ་རྗེར་བསྒོམ་ཞིང་རྡོ་རྗེའི་གོམ་པས་ཧཱུྃ་ཞེས་དྲག་ཏུ་བརྗོད། དཀྱིལ་འཁོར་གྱི་ས་ལ་གཡས་ཕྱོགས་སུ་བསྐོར་ལ། དབང་ལྡན་དུ་གནས་ནས། ཞེ་སྡང་རྡོ་རྗེའི་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོས་ཏེ། ཨ་པ་ས་རནྟུ་བྷ་ཝནྟོ། ཡེ་ཀེ་ཙི་ཏ་དེ་ཝ། ཨ་སུ་ར། ཡཀྵ། རཱཀྵ་ས། པྲེ་ཏ། པི་ཤཱ་ཙ། ཨ་པ་སྨཱ་ར། བྷཱུ་ཏ། ཌཱ་ཀ ཌཱ་ཀི་ནཱི། ཨོསྟཱ་ར་ཀ མ་ཧཱལླ་ཀ ཨ་ནུ་ཙ་རི་པ་རི་ཥ་ད། ག་རུ་ཌ། ཀིཾ་པུ་རུ་ཀ མཎྜ་སིདྡྷིཾ། ཨ་ནུ་སིདྡྷཱ། ཨ་ཏྲ་པྲི་ཐི་ཝཱི་པྲ་དེ་ཤེ ཆེ་གེ་མོ་ཤི་ཥྱ་སྱཱ་བྷི་སི་བོ་དྷི་པ་རི་པཱུ་ར་ཎཱརྠཾ། སརྦ་སཏྭཱཿཨ་ནུཏྟ་ར་ཛྙཱ་ན་ལ་བྡྷ་ཧེ་ཏུ། ཤྲཱི་བཛྲ་སཏྭ་མ་ཧཱ་མཎྜ་ལ་མཱ་ལཱི་ཁ་ཏ་བྷྱཾ་མཱ་ཡཱ་ཏ་དེ་ཏཱྃ། མ་ཧཱ་བཛྲ་དྷ་ར་ཨཱཛྙཾ་ཤཱུ་ཏྭ་ཤཱི་གྷྲཾ་མེ་བ་ས་ཀྲ་མ་ཐ། ཡོ་ནཱ་ཏི་ཀྲ་མི་ཏ། ཏ་སྱ་ཧ་མ་ནེ་ན། པྲ་ཛྭ་ལི་ཏ་ཧཱུྃ་ཀ་རེ། བཛྲེ་ཎ་དཱིཔྟ་པྲ་ཏཱིཔྟེ་ན། མ་ཧཱ་ཏཱ་ཛྙཱ་ན་བཛྲི་ཎ། མུརྡྷ་ནཾ་ཤ་ཏ་དི་བི་ཀི་རཱ་མི། ཞེས་ལན་གསུམ་བརྗོད་པའི་རྗེས་ལ་རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང༌། ཁྲོ་བོའི་སྔགས་ཀྱིས་ཕྱོགས་ཀུན་ཏུ་ཡུངས་ཀར་གཏོར་རོ། །དེ་ནས་ཧཱུྃ་ཡིག་བརྗོད་ཅིང༌། ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་ས་ག བྱང་དུ་ཟླུམ་པོ། དབུས་སུ་མཉམ་པས་ཏེ། སྟངས་སྟབས་ལྔའམ། གྲུབ་ན་གཞུང་བཞིན་སྟངས་སྟབས་རྣམས་རྫོགས་པར་བྱས་ལ་བགེགས་བསལ་ལོ། །དེ་ནས་རང་སའི་དབུས་སུ་འདུག་ལ། མདུན་དུ་སེང་ལྡིང་གི་ཕུར་བུ་མཚན་ཉིད་དང་ལྡན་པ་བཅུ་སྣོད་གསར་པར་བཞག་སྟེ། ཡི་གེ་གསུམ་གྱིས་མངོན་པར་བསྔགས་སོ། །དེ་ནས་རང་ཞེ་སྡང་རྡོ་རྗེ་ཁྲོ་བོ་བཅུ་དང་བཅས་པ་སྔར་བསྐྱེད་པ་དེའི་ང་རྒྱལ་དང་ལྡན་པས་སྒྲུབ་ཐབས་ལྟར་འོག་གི་གནོད་མཛེས་ལས་གནོད་མཛེས་གཉིས་པ་སྤྲུལ་ལ། བགེགས་ཁྲོན་པའི་ནང་དུ་བཅུག་པའི་བར་བྱས་ནས། ཕུར་བུ་རྣམས་རྡོ་རྗེ་ཕུར་བུ་སྟོད་ཁྲོ་བོ་བདུད་རྩི་འཁྱིལ་པ་ཞལ་གསུམ་ཕྱག་དྲུག་པ་སྔོན་པོ་མེ་དཔུང་འབར་བའི་ཕྲེང་བ་འཁྲིགས་པ། སྨད་མདུང་རྩེ་གཅིག་པའི་རྣམ་པར་གྱུར་པ་དེ་གནོད་མཛེས་ཀྱི་ཕྱག་གཡོན་པས་བཟུང་ནས། བགེགས་རྣམས་ཀྱི་སྤྱི་བོར་བཙུགས་པར་བསམ། དེ་ནས་ཨོཾ་གྷ་གྷ་ལ་སོགས་པའི་སྔགས་བརྗོད་ཅིང༌། དབང་ལྡན་ནས་བརྩམས་ཏེ། གཡས་སྐོར་གྱིས་དཀྱིལ་འཁོར་གྱི་རྡོ་རྗེའི་རྭ་བའི་ཕྱི་རོལ་དུ་ཕྱོགས་མཚམས་བརྒྱད་དང༌། སྟེང་གི་ནི་ཤར་གྱི་ཤར་དང༌། འོག་གི་ནི་ནུབ་ཀྱི་ནུབ་ཏུ་གདབ་ཅིང༌། རྡོ་རྗེའི་ཐོ་བའམ། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་བརྡུང་ངོ༌། །དེ་ལྟར་བགེགས་རྣམས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་ཕུག་སྟེ། ཞེས་པ་ནས་ཡི་གེ་གསུམ་བཟླས་པའི་བར་སྒྲུབ་ཐབས་ལྟར་བྱས་ལ། ཕུར་བུ་རྣམས་ལ་མཆོད་པ་དང་གཏོར་མ་དབུལ་ཞིང་བགེགས་མི་འབྱུང་བར་གསོལ་བ་བཏབ་སྟེ། ཐུན་གཞན་ལ་ཡང་དེ་བཞིན་བྱའོ། །དེ་ནས་བགེགས་ཐམས་ཅད་ཀྱང་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི་སེམས་ལས་གཞན་མེད་ལ། སེམས་ཀྱང་སྟོང་པ་ཉིད་ཐོག་མཐའ་དབུས་གསུམ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་སོ། །སྙམ་དུ་ཡུན་རིང་དུ་བསམས་ཏེ། ཆོ་ག་གསུམ་པའོ། །བཞི་པ་ཐོད་ལོ་ཀོར་གྱིས་ཐིག་གདབ་པ་ནི། གཞོན་ནུ་མ་མ་ཉམས་བས་བཀལ་བའི་རས་བལ་གྱི་སྐུད་པ་སུམ་སྒྲིལ་གསུམ་སྒྲིལ་བས་དགུ་བསྒྲིལ་དུ་བྱས་ལ། རིང་བ་བཟུང་བའི་ཆ་ལ་གཏོགས་པའི་དཀྱིལ་འཁོར་གྱི་ཉིས་འགྱུར་དང༌། སྦོམ་ཕྲ་སྒོའི་ཆ་ཉི་ཤུ་ཆ་རུ་བྱས་པའི་ལས་ཀྱི་ཐིག་སྐུད་དྲི་བཟང་དང་བཅས་པའི་ཐོད་ལོ་ཀོར་གྱིས་ཐིག་ཆལ་དང་ལྷན་ཅིག་སྦགས་ལ། སློབ་དཔོན་གཙོ་བོ་དང་སློབ་མ་རྣམ་པར་སྣང་མཛད་དམ། བདུད་རྩི་ཐབ་སྦྱོར་དུ་བསྐྱེད་ལ། ཡི་གེ་གསུམ་ཟློས་ཤིང༌། ཐིག་གདབ་བོ། །དེ་ལ་ཐོག་མར་ཤར་ནུབ་ཀྱི་ཚངས་ཐིག་བཏབ་ལ། དེའི་དབུས་ནས་ཅི་ལྟར་རིགས་པའི་ཟླུམ་པོར་བསྐོར་རོ། །དེའང་ཤར་ནུབ་ཀྱི་ཚངས་ཐིག་ཕྲད་པའི་གནས་ནས་སོར་གཅིག་གི་ཆེ་བའི་ཟླུམ་པོ་གཉིས་བསྐོར་བས་ལྷོ་བྱང་དུ་ཉིས་འགྱུར་རོ། །དེ་ལ་སློབ་དཔོན་ནུབ་དང༌། སློབ་མ་ཤར་དུ་གནས་པས། ཚངས་ཐིག་དང་པོ་གདབ་བོ། །དེ་བཞིན་དུ་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ཚངས་ཐིག་གཉིས་པ་དང༌། སློབ་དཔོན་མེ་དང་སློབ་མ་དབང་ལྡན་དུ་གནས་པས་ཤར་གྱི་རྩ་ཐིག་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་བདེན་བྲལ་དུ་གནས་པས་ལྷོའི་རྩ་ཐིག་དང༌། སློབ་མ་དེ་ཉིད་དང་སློབ་དཔོན་རླུང་དུ་གནས་པས་ནུབ་ཀྱི་རྩ་ཐིག་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང་གི་རྩ་ཐིག་གདབ་བོ། །སློབ་དཔོན་མེ་དང་སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ་དང༌། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ་བོ། །དེ་ནས་ཐིག་ཕྲན་རྣམས་ཀྱི་ཆ་དབྱེ་བར་བྱས་ཏེ་དབུས་སུ་བརྒྱད་ཆ་ཕྱིས་པ་སྒོ། སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །ཚངས་ལས་རིམ་གྱིས་རིང་བར་ནི། །ཆ་ཆུང་གསུམ་དུ་དང་པོའི་ཐིག །གཉིས་ཐིག་ཆ་ཆུང་གཉིས་རྩེར་རེག །ཆ་ཆུང་བརྒྱད་དུ་གསུམ་སྟེགས་བུའི། །ཐིག་ལས་དང་པོའི་ཐིག་གཉིས་ཏེ། །དེ་ནི་ཆ་ཆུང་རེ་རེའི་བར། །དཔངས་སུ་ཆ་ཆུང་ལྔ་པའོ། །རྩ་བའི་རྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་སྟེ་ངོས་སུའང་བཞི། །སྟེང་དུའང་བཞི་སྟེ་གསུམ་ཀྱོག་པའོ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་དོར་ཐིག་བཞི་སྟེ། །ཕྱེད་དང་གཉིས་གཅིག་ཕྱེད་བཅས་གཅིག །རེ་རེ་དོར་བར་ཐིག་བཞི་སྟེ། །རྟ་བབས་སྣམ་བུ་བཅུ་གཅིག་གོ །དེ་ལས་ཕྱོགས་གཉིས་སུ་ནི་རྒྱར། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང༌། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག་མ་ཆ་ཆུང་གསུམ། །སྟེང་གི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམས་མཐར་སོང་བའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་ཏུ། །ཀྱོག་པོ་གཅིག་གོ་འདི་ནང་དུའང༌། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། །དེ་བཞིན་ཆ་ཆུང་རིག་བྱེད་མཐར། །ཐིག་ཟླུམ་དེ་ནས་གཉིས་ཡིན་ཏེ། །ཆ་ཆུང་གཉིས་གཉིས་དོར་བར་རོ། །བཞི་དོར་བར་ནི་ཟླུམ་པོ་གཞན། །རྩ་ཐིག་ནང་དང་དེ་ནང་དུའང༌། །སྒོ་ཚད་རེ་དོར་ཐིག་གཉིས་ནི། །ཟུར་ཐིག་ནས་ནི་ཟུར་ཐིག་བར། །དེ་ཉིད་ནས་དང་དེ་ནང་དུ། །རེ་རེ་དོར་བའི་ཐིག་ཟླུམ་གསུམ། །ཚངས་པའི་ཐིག་ལས་གཡས་གཡོན་དུ། །མིག་དང་ཟླ་བ་དོར་བར་ཐིག །དྲང་པོ་གཉིས་གཉིས་ནང་མའི་ཐིག །ཟླུམ་པོའི་རྩེ་ལ་རེག་པའོ། །ཞེས་པ་ལྟར་ལས་ཀྱི་ཐིག་རྣམས་གདབ་སྟེ། ཆོ་ག་བཞི་པའོ། །འདི་ཡན་ཆད་ལ་བླ་མ་དག་ནུབ་དང་པོ་སའི་ཆོ་གར་བཞེད་དོ། །ལྔ་པ་སའི་ལྷ་མོ་ལ་སོགས་ལྷག་པར་གནས་པ་ལ་གསུམ་ལས་དང་པོ་སའི་ལྷ་མོ་ལྷག་གནས་ནི། དེ་ལྟར་སའི་ཆོ་ག་བྱས་པའི་སར་བདག་གི་རྣལ་འབྱོར་རྫོགས་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་བྱས་ལ། དེར་བྃ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་དགའ་བ་དང་ལྡན་པའི་ཐུགས་ཅན། ཕྱག་གཡས་མི་འཇིགས་པའི་ཕྱག་རྒྱ་མཛད་ཅིང་གཡོན་གསེར་གྱི་བུམ་པ་བསྣམས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམ། རང་གི་ལག་པ་གཡས་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་གསུམ་བསམས་ཏེ། སོར་མོ་ས་ལ་ལན་གསུམ་བསྣུན་པའི་སྒྲ་དང་ཧཱུྃ་གི་འོད་ཟེར་གྱིས་ས་འོག་ནས་སའི་ལྷ་མོ་སྤྱན་དྲངས་ལ་མཆོད་ནས་དབྱེར་མེད་དུ་བསྟིམ་མོ། །དེ་ནས་མདུན་དུ་བཤམས་པའི་མཆོད་པ་བསང་སྦྱངས་སྔོན་དུ་འགྲོ་བས་བྱིན་གྱིས་བརླབས་ལ། ཨོཾ་པྲྀ་ཐི་ཝི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ཡོན་དང༌། དེ་བཞིན་དུ་རོལ་མོའི་བར་གྱིས་མཆོད་ནས། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་དཔུང༌། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་པས། ས་བྱིན་ནས་དེ་ཉིད་དུ་ཐིམ་པར་བསམ། དེ་ནས་ལག་པ་གཉིས་རྡོ་རྗེ་ནང་བསྡམས་བྱས་པ་ས་ལ་བཞག་ལ། དེ་ལས་ཧཱུྃ་ཡིག་འབར་བ་འཕྲོས་པས་ས་འོག་གི་བར་རྡོ་རྗེའི་རང་བཞིན་དུ་བསམས་ལ། ཨོཾ་བཛྲཱི་བྷ་ཝ་ཧཱུྃ། ཞེས་ལན་གསུམ་བརྗོད། ཡང་ཨོཾ་བཛྲ་ཌྀཌྷ་ཏིཥྛ་ཞེས་ལན་གསུམ་བརྗོད་པས་བརྟན་པར་བསམ་མོ། །གཉིས་པ་ལྷ་ལྷག་གནས་ནི། དཀྱིལ་འཁོར་གྱི་ས་ལ་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་ཐིག་ལ་མི་གནོད་པར་བྱུག་ཅིང༌། སོ་སོའི་སྔགས་བདུན་ནམ་གསུམ་གསུམ་བརྗོད་ལ། གཙོ་བོ་ལྔའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང༌། གཞན་རྣམས་ལ་ཟླུམ་པོ་རེ་བྱ། དེར་གཞལ་ཡས་ཁང་གདན་དང་བཅས་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྔར་ནམ་མཁར་བཏེག་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས་ནས། སོ་སོའི་གདན་གྱི་སྟེང་དུ་བཞུགས་པར་བསམས་ལ། ཞལ་ཕྱག་རྣམས་རྫོགས་པར་གསལ་གདབ། དེ་ལ་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་ནས་གསང་མཆོད་ཀྱི་བར་སྒྲུབ་ཐབས་ལྟར་བྱའོ། །གསུམ་པ་བུམ་པ་སྟ་གོན་ནི། ཟངས་ལ་སོགས་པའི་བུམ་པ་མཚན་ཉིད་དང་ལྡན་པ། རབ་ལྷ་གྲངས་དང་མཉམ་པའམ། དེ་མ་འབྱོར་ན་ཕྱོགས་ཀྱི་ལ་བཞི། མཚམས་ཀྱི་ལ་བཞི། དབུས་ཀྱི་གཅིག་སྟེ་དགུའམ། དེའང་མ་འབྱོར་ན་ཕྱོགས་བཞི་དབུས་དང་ལྔའམ། ཡང་ན་རིགས་ལྔ་ཡུམ་སེམས་དཔའ་སེམས་མ་ཁྲོ་བོ་རྣམས་ལ་རེ་རེ་སྟེ་ལྔའམ། དེ་ཐམས་ཅད་མ་འབྱོར་ན་རྣམ་པར་རྒྱལ་བའི་བུམ་པ་གཅིག་དང༌། དེ་རྣམས་ཀྱི་སྟེང་དུ་ལས་ཐམས་ཅད་པའི་བུམ་པ་དང་བཅས་པ་རྣམས་ལ་ལྷ་སོ་སོའི་ས་བོན་ནམ་ཕྱག་མཚན་བྲི། རྣམ་རྒྱལ་གཅིག་ལས་མེད་ན། བུམ་པའི་གདོང་ལ་ཉི་མའི་སྟེང་དུ་རྡོ་རྗེ། དེའི་འོག་གི་ཕྱོགས་བཞིར་རིགས་ལྔའི་ཕྱག་མཚན་དང༌། ལས་ཐམས་ཅད་པ་ལ་ཉི་མའི་སྟེང་དུ་སྣ་ཚོགས་རྡོ་རྗེ་བྲི། རས་ཁ་ཚར་མ་ཉམས་པས་མགུལ་པ་བཅིང་ངོ༌། །དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག དྲི་བཟང་པོ་དང་ལྡན་པའི་ཆུས་བཀང་བའི་ནང་དུ་རིན་པོ་ཆེ་ལྔ་འབྲུ་ལྔ་སྨན་ལྔ་རྣམས་གཞུག ཨ་མྲ་ལ་སོགས་པའི་ཤིང་གང་ཡང་རུང་བ་ལྔས་ཁ་བརྒྱན་པ། སྟ་གོན་གྱི་དཀྱིལ་འཁོར་གྱི་ཕྱོགས་ཕྱོགས་སུ་བཀོད་ལ། རྣམ་རྒྱལ་གྱི་སྟེང་དུ་དུང་ཆོས་དྲི་བཟང་དང་ལྡན་པའི་ཆུས་བཀང་ལ། མེ་ཏོག་གི་ཕྲེང་བ་བཅིང་བའི་རྡོ་རྗེ་གཞག་གོ །དེ་ནས་བུམ་པ་རྣམས་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྟོང་པར་བསྒོམས་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པར་བསྐྱེད་ལ། བུམ་པ་སོ་སོར་ལྷ་སོ་སོ་དང༌། གཅིག་ལས་མེད་ན་རྣམ་རྒྱལ་དུ་ལྷ་ཐམས་ཅད་དང༌། ལས་བུམ་དུ་བགེགས་མཐར་བྱེད་རྣམས་སོ་སོའི་ས་བོན་ལས་བསྐྱེད། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། མཆོད་ལ་དགུག་གཞུག་བྱ། དབང་བསྐུར་རིགས་ཀྱི་བདག་པོས་རྒྱས་གདབ། མཆོད་བསྟོད་བདུད་རྩི་མྱང་བ་རྣམས་བྱས་ལ། མེ་ཏོག་ཕྲེང་བ་ནས་བཟུང་སྟེ། ལྷ་སོ་སོའི་སྙིང་པོ་བརྒྱ་རྩ་བརྒྱད་དང༌། འབྲུ་གསུམ་དང༌། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་པ་རྣམས་བརྒྱ་རྩ་བརྒྱད་བཟླ། ཁྲུས་ཀྱི་དོན་དུ་གཙུག་ཏོར་རྣམ་རྒྱལ་ལམ། ཕྱིར་བཟློག་བློ་གྲོས་བཟང་མོའི་གཟུགས་ཉེར་གཅིག་བཟླ། དེ་ཙམ་མི་ནུས་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཉི་ཤུ་རྩ་གཅིག་བཟླས་ལ། སྔར་བཞིན་དུ་མཆོད་བསྟོད་བྱས་ནས་གཙོ་བོའི་སྔགས་དང༌། ཧཱུྃ་བཟླས་པའི་དུང་ཆོས་ཀྱི་ཆུ་བུམ་པ་རྣམས་སུ་ཅུང་ཟད་རེ་ཕུལ་བས། ལྷ་རྣམས་འདོད་ཆགས་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་ཏེ། ཆུ་དང་རོ་གཅིག་དུ་འདྲེས་པར་བསམ་མོ། །དེ་ནས་ལས་བུམ་གྱི་ཆུ་དང༌། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚྲོད་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན། བི་ནཱ་ཡ་ཀཱ་ནཱཾ། ག་ཎ་པ་ཏི། ཛཱི་ཝི་ཏ། ཨནྟ་ཀ་རཱ་ཡ་སྭཱ་ཧཱ། ཞེས་པའི་ཕྲེང་སྔགས་ཀྱིས་བསངས་ལ། འདིར་དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་པར་དེ་སྲིད་དུ་བགེགས་རྣམས་བཟློག་པར་མཛོད་ཅིག ཅེས་བརྗོད་ལ། ལས་བུམ་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོར་བཞག་གོ །བུམ་བཟླས་དང་མཆོད་པ་ནི་ཉི་མ་རེ་རེ་ལ་ཐུན་གསུམ་དུ་བྱས་ཏེ། ཆོ་ག་ལྔ་པའོ། །དྲུག་པ་སངས་རྒྱས་ལ་གསོལ་བ་གདབ་པ་ནི། དེ་ནས་མདུན་གྱི་དཀྱིལ་འཁོར་དང༌། བར་སྣང་གི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་ཚོགས་ཀྱིས་གང་བར་བསམས་ལ། མཆོད་བསྟོད་བདུད་རྩི་དབུལ་བ་སྔོན་དུ་འགྲོ་བས། པུས་མོ་གཡས་པ་ས་ལ་བཙུགས་ཏེ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་བསམས་ནས། ཐུགས་རྗེ་ཡི་ནི་བདག་ཅག་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང༌། །ཁྱེད་ཅག་ལ་ཡང་མཆོད་སླད་དུ། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་རིགས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །གསང་འདུས་དཀྱིལ་འཁོར་མཛེས་པ་ནི། །ཆོ་ག་ཅི་ནུས་ཡོ་བྱད་ཀྱིས། །སང་ནི་ཡང་དག་བྲི་བར་འགྱུར། །དེ་ཕྱིར་སློབ་མར་བཅས་བདག་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །འཁོར་བཅས་ཀུན་གྱིས་དཀྱིལ་འཁོར་ལ། །བྱིན་གྱིས་བརླབས་པར་མཛད་པར་འོས། །ཞེས་ལན་གསུམ་དུ་གསོལ་བ་གདབ་པས་གནང་བ་བྱིན་པར་བསམས་ཏེ་ཆོ་ག་དྲུག་པའོ། །བདུན་པ་སློབ་མ་ལྷག་པར་གནས་པ་ནི། དེ་ནས་སློབ་མ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོར་འཁོད་ལ། ལག་ཏུ་མེ་ཏོག་གི་ཕྲེང་བ་གཏད། པུས་མོ་ས་ལ་བཙུགས་ནས་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་བྱས་པ་ལ་མཆོད་ནས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་འདེབས་པའི་སློབ་མ་ལ། བླ་མས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་བྱས་ཏེ། །འཇིག་རྟེན་ཕ་རོལ་དོན་གཉེར་ན། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་འདོད་མི་བྱ། །གལ་ཏེ་འདི་ལ་དམིགས་གྱུར་ན། །འཇིག་རྟེན་ཕ་རོལ་འབྱུང་མ་ཡིན། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །མི་ལ་འདི་འབྲས་མ་ལུས་འགྲུབ། །ཅེས་བརྗོད་ལ་མྱང་འདས་ཀྱི་བློ་བསྐྱེད་དུ་གཞུག་གོ །དེ་ནས་རང་མི་བསྐྱོད་པ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས་སློབ་མ་བཀུག་སྟེ། ཁ་ནས་བཅུག་ལ་བྱང་ཆུབ་ཀྱི་སེམས་སུ་ཞུགས་པར་གྱུར་ནས་རྡོ་རྗེའི་ལམ་ནས་འཐོན་ཏེ། ལྷ་མོའི་པདྨར་གནས་པ་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་རིགས་ལྔ་ཡབ་ཡུམ་རང་གི་ཞལ་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་འཐོན། སློབ་མ་ལ་དབང་བསྐུར་བར་བསམས་ལ། པདྨ་ནས་བྱུང་སྟེ་ཤར་སྒོར་བཞག་ལ། སློབ་མ་གཅིག་གཙོ་བོར་བྱས་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་དུ་ནི་ལེགས་འབྱུང་བའི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ཡེ་ཤེས་མཉམ་མེད་པ། །རྡོ་རྗེ་སྔགས་ཀྱི་སྟོབས་ཀྱིས་ཐོབ། །སྔགས་ཀྱི་སྦྱོར་བ་མཉམ་མེད་པའི། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །ཤཱཀྱ་སེང་གེ་མཆོག་ལ་སོགས། །འཇིག་རྟེན་མཐུན་པར་གཤེགས་ནས་ཀྱང༌། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པ་སྤྲོ་བ་བསྐྱེད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པར་བདག་གིས་གཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་བདག་གིས་གཟུང༌། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །ཟང་ཟིང་མི་འཇིགས་དམ་ཆོས་དང༌། །བྱམས་པ་རིན་ཆེན་རིགས་མཆོག་གི །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་ནི་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པ་ལན་གསུམ་གྱིས་མཐུན་མོང་མ་ཡིན་པའི་སྡོམ་པ་རྣམས་འཛིན་དུ་བཅུག་གོ །དེ་ནས་བགེགས་མཐར་བྱེད་ཀྱི་གསང་སྔགས་ཀྱིས་བསྲུངས་ལ། སློབ་མ་རྣམས་ཀྱི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿ སྙིང་གར་རྡོ་རྗེ་ནག་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་རྣམས་བསམ་ཞིང༌། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་དྲིའི་ཆུས་སློབ་མའི་གནས་གསུམ་དུ་རེག་ཅིང༌། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། ཡི་གེ་གསུམ་ལས་བྱུང་བའི་འོད་ཟེར་གྱིས་ལུས་དྲི་མ་མེད་པར་བསམ་མོ། །དེ་ནས་སྤྱི་བོར་མེ་ཏོག མདུན་དུ་སྤོས་དང་མར་མེ། སྙིང་གར་དྲིའི་བྱུག་པ་རྣམས་དབུལ། དེ་ནས་འོ་མ་ཅན་གྱི་ཤིང་ལས་བྱུང་བའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་དང་བཅས་པ། ཨོཾ་བཛྲ་ཧ་ས་ཧ། ཞེས་པས་འཆའ་རུ་བཅུག་ལ། བ་གླང་གི་ལྕི་བས་ས་ལ་དཀྱིལ་འཁོར་གྲུ་བཞི་པ། རྒྱར་ཁྲུ་བཞི། དཔངས་སུ་བ་གླང་གི་ཀོ་བ་ཙམ་བྱས་ལ། དེར་སློབ་མ་ཁ་བྱང་དུ་ཕྱོགས་ཏེ་ལྟོས་པ་མེད་པར་དོར་རོ། །དེར་བླ་མས་ཤར་ལ་སོགས་པའི་ཕྱོགས་བཞིར་བལྟས་ན། ཕྲིན་ལས་བཞི་འགྲུབ། སྟེང་དུ་རིག་འཛིན། འོག་ཏུ་ས་འོག བླ་མ་ལ་ཕྱོགས་ན་མཆོག་འགྲུབ་བོ། །ཞེས་བསྟན་ནོ། །དེ་ནས་བྃ་ལས་བྱུང་བའི་དྲི་བཟང་གི་ཆུ། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙཱ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤ་ན་ཨ་བ་ན་ཡ་ཧཱུྃ། ཞེས་བཟླས་ཏེ། ཁྱོར་བ་གསུམ་སྦྱིན་པས་སྒོ་གསུམ་གྱི་སྡིག་པ་ཐམས་ཅད་སྦྱངས་པར་བསམ་མོ། །དེ་ནས་ལས་ཐམས་ཅད་པ་བཟླས་པའི་ཀུ་ཤ་མང་བ་སྟན་དང༌། ཉུང་བ་སྔས་ཀྱི་དོན་དུ། ཨོཾ་བཛྲ་ཏཱིཀྵྞ་བཾ། ཞེས་པས་བྱིན་ནོ། །དེ་ནས་གཞོན་ནུ་མས་བཀལ་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པའི་སུམ་སྒྲིལ། རྡོ་རྗེའི་མདུད་པ་གསུམ་དང་ལྡན་པ་ལ། ལས་ཐམས་ཅད་པའི་སྔགས་སམ། སྔགས་འདི་ལན་བདུན་བཟླས་ལ། སློབ་མའི་དཔུང་པ་གཡོན་པར་བཅིངས་ཤིང༌། ཨོཾ་བུདྡྷ་མཻ་དྷི་རཀྵ་རཀྵ་སརྦཱན་སྭཱ་ཧཱ། ཞེས་བཟླས་སོ། །སྙིང་ག་དང་མགྲིན་པ་དང་སྤྱི་བོ་གསུམ་དུ། མས་རིམ་གྱིས་སྔར་བཞིན་བྱིན་གྱིས་བརླབ། ཨོཾ་ཨཱཿཧཱུྃ། བཟླས་པའི་དྲིའི་ཆུ་སྔར་བཤད་པའི་སྔགས་ཀྱིས་བླུད་དོ། །དེ་ནས་སློབ་དཔོན་གྱིས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཟབ་ཅིང་རྒྱ་ཆེ་ཞེས་བཤད་པ། །རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །ཕྱེ་སྟེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདྲེས་བྱས་པས། །ཟག་མེད་གོ་འཕང་བསྒོམ་པར་བྱ། །དེ་ཡི་ཀུན་ཏུ་ཀུན་ལས་ཀུན། །རྣམ་ཀུན་ཀུན་ཚེ་རང་ཉིད་ནི། །སངས་རྒྱས་ཐམས་ཅད་རང་བཞིན་དུ། །གྲུབ་པར་རང་ཉིད་ཀྱིས་མཐོང་འགྱུར། །བྱང་ཆུབ་སུས་ཀྱང་བྱིན་མ་ཡིན། །སུ་ཡིས་ཀྱང་ནི་བཟུང་མ་ཡིན། །རང་ཆོས་ཡོངས་སུ་ཤེས་པ་ལས། །དེ་ལས་སངས་རྒྱས་སངས་རྒྱས་བརྗོད། །སེམས་ཅན་བག་ལ་ཉལ་དབྱེ་བས། །ཡང་དག་མགོན་པོས་དེ་ཉིད་ནི། །འབད་པས་སྦས་ནས་ཕུང་པོ་ནི། །རིན་ཆེན་ཟ་མ་ཏོག་ཏུ་བཞག །དེ་ཕྱིར་བླ་མའི་ཞབས་ཀྱི་ནི། །དྲིན་གྱིས་འབད་པས་རྟོགས་བྱས་ཏེ། །དེ་ཉིད་ཀྱིས་ཡིད་གསལ་གྱུར་པ། །དེ་ནས་སྤྱོད་པ་རབ་ཏུ་བྱ། །འདི་ན་གཙང་སྦྲ་ངེས་སྡོམ་མེད། །དཀའ་ཐུབ་མེད་ཅིང་དཀའ་སྤྱད་མེད། །དཀའ་སྤྱད་མེད་ཅིང་ངེས་མེད་ལ། །བདེ་བ་བརྟེན་པས་འགྲུབ་པར་འགྱུར། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཐམས་ཅད་ཟད་པར་འགྱུར། །གང་གིས་སྤྱོད་པ་འདི་མཆོག་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པས།         རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*