སམྦུ་ཊ་རྡོར་དབྱིངས་ཀྱི་སྒྲུབ་ཐབས། གཏོར་ཆོག་སོགས། ཀ༽

༼ཁ༽༄༅། །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒྲུབ་པའི་ཐབས་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས་སོ།།

དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒྲུབ་པའི་ཐབས་དངོས་གྲུབ་སྙེ་མ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཀུ་མུད་མདངས་འཕྲོག་བདེ་བ་ཆེན་པོའི་སྐུ། །སྐུ་གསུམ་ཞལ་ལྡན་གཟུང་འཛིན་སྤྲོས་པས་སྟོང༌། །སྟོང་ཉིད་སྙིང་རྗེ་སྙེ་མ་རྣམ་པར་རོལ། །རོལ་པའི་ཞབས་ཀྱིས་མཐའ་གཉིས་འཇོམས་ལ་འདུད། །རྒྱུད་ཀུན་གླེང་གཞི་དཔལ་ལྡན་སམྦུ་ཊའི། །དཀྱིལ་འཁོར་གཙོ་བོ་རྡོར་སེམས་རིགས་བསྡུས་ཀྱི། །སྒྲུབ་ཐབས་རྒྱུད་འགྲེལ་བླ་མའི་ཞལ་ལུང་བཞིན། །འཕགས་ཡུལ་མཁས་པའི་སྲོལ་ལ་བརྟེན་ནས་བཤད། །འདིར་ཐེག་པ་ཆེན་པོའི་གྲོང་ཁྱེར་དུ་བགྲོད་པར་བྱ་བའི་ཕྱིར། རིམ་པ་གཉིས་ཀྱི་རྣལ་འབྱོར་བསྒོམ་པར་བྱ་བ་ལ། གང་ཟག གནས། དུས། བསམ་པ། བསྒོམ་བྱའི་རྣལ་འབྱོར་དང་ལྔའི་དང་པོ་ནི། སྤྱིར་ཐེག་པ་ཆེན་པོ་ལ་ཞུགས་ཤིང་ཁྱད་པར་དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དོན་དུ་གཉེར་ཞིང་འཇིག་རྟེན་ལ་ཆགས་པ་མེད་པའོ། །གཉིས་པ་ནི། དུར་ཁྲོད་དམ་ཆུ་འགྲམ་ལ་སོགས་པའམ། ཆུ་དང་འབྲས་བུ་ལ་སོགས་པ་རྙེད་པར་སླ་ཞིང་འཚེ་བ་མེད་ལ་ཡིད་དགའ་བའི་གནས་སུའོ། །གསུམ་པ་ནི། རྣམ་རྟོག་ཉུང་ཞིང་ལྷས་བྱིན་གྱིས་རློབ་པས་མཚན་མོའམ་ཐུན་བཞིའི་རིམ་པའོ། །བཞི་པ་ནི། མཐའ་ཡས་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་སེམས་ཀྱིས་སོ། །ལྔ་པ་ལ་སྔོན་དུ་འགྲོ་བའི་རིམ་པ། དངོས་གཞིའི་རྣལ་འབྱོར། རྗེས་ཀྱི་བྱ་བ་དང་གསུམ་གྱི་དང་པོ་ལ། བསོད་ནམས་ཀྱི་ཚོགས་བསགས་པ། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས་ཀྱི་དང་པོ་ནི། མདང་ནུབ་མོ་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ་ནས། ཐོ་རངས་ཆུ་ལ་ཉ་འཕར་གྱི་ཚུལ་གྱིས་ལྷའི་སྐུར་ལངས་ཏེ་བསམ་གཏན་གྱི་གྲོགས་སུ་འགྲོ་ན་ཕྱིའི་ཁྲུས་བྱ། མ་གྲུབ་ན་ནང་གི་ཁྲུས་བྱས་ནས། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་དང་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བ། དེ་ལས་འོད་ཟེར་གྱི་རྣམ་པར་སྣ་བུག་གཡས་ནས་རླུང་ཕྱིར་རྒྱུ་བའི་དུས་སུ་ནམ་མཁར་འཕྲོས་པས། རང་བཞིན་གྱི་གནས་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རང་གི་རྩ་བའི་བླ་མ་དང་ཐ་མི་དད་པའི་རྣམ་པ་ཅན་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ཨོཾ་བཛྲ་ས་མཱ་ཛཿ ཞེས་བརྗོད་ཅིང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། ན་མོ་གུ་ར་ཝེ་བྷྱཿ ན་མཿཤྲཱི་བཛྲ་སཏྭ་མཎྜ་ལ་ས་པ་རི་ཝཱ་རེ་བྷྱཿ ཞེས་དང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས་ཤླཽ་ཀ་གཅིག་དང༌། འཁོར་བ་འཇིག་པའི་མེ་བྱུང་ནད་དང་མྱ་ངན་ཚོགས་ཀྱི་ཟེར་འཕྲོས་པས། །ལྟུང་པ་ཆུ་བུར་ནད་འགྱུར་བཟློག་དཀར་འགྲོ་བའི་ཉོན་མོངས་ཞི་བྱའི་ཕྱིར། །སྙིང་རྗེའི་བདུད་རྩིའི་ཆར་གྱི་ཆུས་གང་བྱམས་པའི་ཆུ་བོ་ནི། །གང་འདི་ཀུན་ཏུ་རབ་འབབ་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་པས་བླ་མ་དང་དཀྱིལ་འཁོར་ལ་ཕྱག་བྱས་ལ། རང་གི་སྙིང་ག་ནས་མེ་ཏོག་མ་ལ་སོགས་པའི་ལྷ་མོ་དཔག་ཏུ་མེད་པ་བྱུང་ནས་དཀྱིལ་འཁོར་པ་རྣམས་ལ་མཆོད་པར་བསམས་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་ས་པ་རི་ཝཱ་ར། ཞེས་པ་ཀུན་གྱི་སྔོན་དུ་འགྲོ་ཞིང་རང་རང་གི་ཕྱག་རྒྱ་བཅས་ལ། ཨརྒྷཾ་པྲ་ཏཱིཙྪས་མཆོད་ཡོན། དེ་བཞིན་དུ་པུཥྤེས་མེ་ཏོག དྷུ་པེས་བདུག་སྤོས། ཨཱ་ལོ་ཀེས་མར་མེ། གནྡྷེས་དྲི། ནཻ་ཝི་དྱེས་ཞལ་ཟས། ཤཔྡས་རོལ་མོ་དང༌། ཐམས་ཅད་ཀྱི་མཇུག་ཏུ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་སྦྱར་ལ་མཆོད་ཅིང༌། སླར་ཡང་སྙིང་ག་ནས་གླིང་བུ་མ་ལ་སོགས་པའི་ལྷ་མོ་བརྒྱད་སྤྲོས་ཏེ་དེ་རྣམས་ཀྱིས་ཀྱང་མཆོད་པར་བསམས་ལ། ཨོཾ་བྷ་ག་ཝཱན་སོགས་དང༌། ཝཾ་སེ། ཝཱི་ཎི། མུརྫ། མྲྀ་ཏངྒེ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ཞེས་པ་སོ་སོའི་མཐར། བཛྲི་ཎཱི་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པ་ཕྱག་རྒྱ་དང་བཅས་པས་མཆོད་ནས་རྡོ་རྗེ་ཐལ་མོ་སྦྱར་ནས། བདག་གིས་ཐོག་མ་མེད་དུས་ནས། །ལོག་རྟོག་དབང་གིས་སྡིག་བགྱིས་གང༌། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱི། །སྤྱན་སྔར་བཤགས་བགྱི་སླན་ཆད་སྡོམ། །རྒྱལ་དང་དེ་ཡི་སྲས་རྣམས་དང༌། །རང་སངས་རྒྱས་དང་དགྲ་བཅོམ་དང༌། །འགྲོ་བའི་བསོད་ནམས་མ་ལུས་པ། །དེ་དག་ཀུན་ལ་ཡི་རང་ངོ༌། །ཀུན་འདོད་དབུགས་འབྱིན་གསོལ་མཛད་པའི། །སངས་རྒྱས་ཀུན་ལ་བདག་བསྐུལ་བས། །བསྟན་པ་ནམ་མཁའི་མཐའ་མཉམ་པར། །འཇིག་རྟེན་ཀུན་སྡིག་མེད་སྣང་མཛོད། །འགྲོ་ཀུན་སངས་རྒྱས་གྱུར་གྱི་བར། །དེ་སྲིད་མགོན་པོ་བཞུགས་ནས་ནི། །ནམ་ཡང་མྱ་ངན་མི་འདའ་བར། །ཐལ་མོ་སྦྱར་ནས་གསོལ་བར་འཚལ། །ལུས་ངག་ཡིད་ཀྱི་བསོད་ནམས་ནི། །བགྱིས་སམ་བགྱིད་དུ་སྩལ་བ་དང༌། །རྗེས་སུ་ཡི་རང་གང་ཅིའང་རུང༌། །དེས་ནི་འཇིག་རྟེན་ཀུན་མཁྱེན་ཤོག །གང་དང་གང་གིས་འདུལ་འགྱུར་བ། །དེ་དང་དེ་ཡི་སྐུར་སྟོན་ཞིང༌། །སྣ་ཚོགས་གཟུགས་ནོར་ལྟ་བུ་ཡི། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །ཀུན་རྟོག་མ་ལུས་དག་གྱུར་པ། །རང་རིག་ཡང་དག་ཡེ་ཤེས་བསྐྱེད། །ལྷན་ཅིག་སྐྱེས་དགའི་ངོ་བོ་ཉིད། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །གོ་རིམ་ཇི་བཞིན་དབང་བསྐུར་ཐོབ། །མ་ལོག་ལམ་ལ་ངེས་གནས་པའི། །སྲས་མཆོག་འཁོར་འདུས་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཡང་དག་ཡེ་ཤེས་མེ་བོ་ཆེས། །སྒྲིབ་པ་མ་ལུས་སྤང་བའི་ཕྱིར། །གཏི་མུག་མུན་པ་བསལ་བ་དང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ། །སྤྱོད་པ་དཔག་ཡས་གང་ཡིན་དང༌། །མ་བཅོས་ཇི་བཞིན་ལམ་གནས་ལ། །ད་ནི་ཡང་དག་གནས་པར་བགྱི། །ཞེས་པས་རྒྱུན་བཤགས་བྱ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཏྨ་ནཾ་ནིརྻཱ་ཏ་ཡ་མི་ཞེས་པས་བདག་ཕུལ་ནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ཡིས། །དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང༌། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །སོ་སོར་བདག་གིས་བརྟན་པོར་བཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །དེ་ཉིད་ལས་ནི་སོ་སོར་བཟུང༌། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉི་མ་རེ་རེ་དྲུག་བྱས་ནས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་སོ་སོར་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཐམས་ཅད་སོ་སོར་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་འབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཞེས་པས་སྡོམ་པ་བཟུང་ནས། སེམས་ཅན་ལ་དམིགས་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག དགྲ་གཉེན་ཆགས་སྡང་ཉེ་རིང་རྣམས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་པས་ཚད་མེད་པ་བཞི་བསྒོམས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །གཉིས་པ་ནི། དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་གྱུར་པར་བསམས་ལ། ཨཱ་དྱ་ནུཏྤནྟ་ཏྭཱ་ཏ་སརྦ་དྷརྨཱ་ཎཱཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷ་པྲ་བྷ་ཝ་སརྦ་དྷརྨཿཞེས་བརྗོད་པས་སེམས་དེའང་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསམས་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་བསགས་པའོ། །གཉིས་པ་ལ་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་གཉིས་ཀྱི་དང་པོ་ལ། རྟེན་གཞལ་ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པ་གཉིས་ཀྱི་དང་པོ་ལ་འབྱུང་བཞི་ལྷུན་པོ་དང་བཅས་པ་བསམ་པ་དང༌། སྲུང་འཁོར་བསྒོམ་པ་གཞལ་ཡས་ཁང་གདན་བཅས་བསྐྱེད་པ་གསུམ་གྱི་དང་པོ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་ནམ་མཁའི་དབྱིངས་སུ་རང་གི་སེམས་ཀྱི་སྣང་བ་ལས་བྱུང་བའི་ཧཱུྃ་ཡྃ་ཧཱུྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་མཆོག་མ་གཉིས་ཀྱི་ངོས་སུ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་ཧཱུྃ་རྃ་ཧཱུྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྩེ་མོ་ཐུར་དུ་བསྟན་པ་འབར་བས་མཚན་པ། དེའི་སྟེང་དུ་ཧཱུྃ་བྃ་ཧཱུྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ཆུས་གང་བས་མཚན་པ། དེའི་སྟེང་དུ་ཧཱུྃ་ལྃ་ཧཱུྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་ཧཱུྃ་སུྃ་ཧཱུྃ་ལས་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྱི་རིའི་རྒྱལ་པོ་ལྕོག་བརྒྱད་དང་ལྡན་པར་བསྒོམ་མོ། །གཉིས་པ་ལ་ཐུན་མོང་གི་སྲུང་འཁོར་དང་ཐུན་མོང་མ་ཡིན་པའི་སྲུང་འཁོར་གཉིས་ཀྱི་དང་པོ་ནི། དེའི་སྟེང་དུ་པཾ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་མཐིང་ནག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྩེ་མོ་ཉི་ཤུ་པ་རྭ་རྣམས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་པ་བར་མཚམས་མེད་པའི་རྭ་བ་དང༌། ཡང་ཧཱུྃ་ལས་འོད་འཕྲོས་པས་སྟེང་ཕྱོགས་སུ་རྡོ་རྗེའི་གུར། རྭ་བ་དང་གུར་ལས་འོད་འཕྲོས་པས་འོག་རྡོ་རྗེའི་ས་གཞི། རྭ་བའི་ཕྱི་རོལ་དུ་བསྐལ་པ་འཇིག་པའི་དུས་ཀྱི་མེ་དང་མཚུངས་པའི་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་འབར་བས་བསྐོར་བར་བསམས་ལ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བྱིན་གྱིས་བརླབ་པོ། །གཉིས་པ་ནི། དེ་ལྟ་བུའི་ཐུན་མོང་གི་སྲུང་འཁོར་གྱི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། རྩེ་མོ་རྣོ་བ་ཁོག་པ་སྟོང་པ་གཡས་སུ་འགྲོ་བ་མི་མངོན་པར་མགྱོགས་པར་འཁོར་བ། དེའི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་བཅུ་གཅིག དེ་རྣམས་ཀྱི་སྟེང་དུ་ཧཱུྃ་རེ་རེ། དེའང་ལྷོའི་དཀར་པོ། ནུབ་ཀྱི་དམར་པོ། སྟེང་དུ་སེར་པོ། གཞན་རྣམས་སྔོན་པོ། དེ་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་སྔོན་པོ་ཕྱག་གཡས་པས་རྡོ་རྗེ་འཛིན་པ། ཤར་དུ་གཤིན་རྗེའི་གཤེད་སྔོན་པོ་ཐོ་བ་འཛིན་པ། ལྷོར་ཤེས་རབ་མཐའ་བྱེད་དཀར་པོ་བེ་ཅོན་འཛིན་པ། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་པདྨ་འཛིན་པ། བྱང་དུ་བགེགས་མཐར་བྱེད་ནག་པོ་རྡོ་རྗེ། བྱང་ཤར་དུ་འདོད་པའི་རྒྱལ་པོ་ནག་པོ་ལྕགས་ཀྱུ། མེར་དབྱུག་སྔོན་ཅན་ནག་པོ་དབྱུག་པ། བདེན་བྲལ་དུ་སྟོབས་པོ་ཆེ་ནག་པོ་རྩེ་གསུམ། རླུང་དུ་མི་གཡོ་བ་ནག་པོ་རལ་གྲི། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ། འོག་ཏུ་གནོད་མཛེས་ནག་པོ་གཡས་གཏུན་ཤིང་འཛིན་པ། ཐམས་ཅད་ཀྱང་གཡས་རང་རང་གི་ཕྱག་མཚན་འཕྱར་བའི་ཚུལ་དུ་འཛིན་ཅིང༌། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུས་དང་ཕྱོགས་བཞིའི་ཁྲོ་བོ་རྣམས་ཞལ་མཆེ་བ་གཙིགས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྐུ་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། མཚམས་ཀྱི་ཁྲོ་བོ་རྣམས་ནི་རོལ་པའི་སྐུ་ཅན། ཅུང་ཟད་སྒེག་ཅིང་ཡིད་ཙམ་ཁྲོས་པ། སྐུ་སྐེམ་ཞིང་གྲིམས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཐམས་ཅད་ཀྱི་སྐུ་ལས་རང་དང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པ་འཕྲོ་བས་བགེགས་ཀྱི་ཚོགས་ཚར་གཅོད་པར་མཛད་པ། གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམས་ཏེ་དམ་ཚིག་པ་བསྐྱེད་པའོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཁྲོ་བོ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ལ་ཡེ་ཤེས་ཀྱི་ཁྲོ་བོ་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས་མཆོད་ནས། འོག་ནས་འབྱུང་བ་ལྟར་སྒོ་མ་བཞིའི་སྔགས་རྒྱས་དགུག་གཞུག་བཅིང་དབང་དུ་བྱས་ཏེ་ཡེ་ཤེས་པ་དགུག་པའོ། །ལྷ་ཐམས་ཅད་ཀྱི་མིག་ལ་སོགས་པའི་གནས་དྲུག་ཏུ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་དྲུག་དང་གནས་གསུམ་དུ་ཡི་གེ་གསུམ་དགོད་དེ་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ་པའོ། །སླར་ཡང་སྙིང་གའི་ས་བོན་ལས་འོད་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཆུ་བཞི་སྔོན་འགྲོས་མཆོད་ཅིང༌། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་སོགས་ཀྱི་ཚིགས་བཅད་དང་སྔགས་ཀྱིས་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་ཧཱུྃ་མཛད། ཤེས་རབ་མཐར་བྱེད་འདོད་པའི་རྒྱལ་པོ་གནོད་མཛེས་རྣམས་ལ་མི་བསྐྱོད་པ། གཤིན་རྗེའི་གཤེད་དབྱུག་སྔོན་ཅན་གཙུག་ཏོར་འཁོར་ལོས་སྒྱུར་བ་རྣམས་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་དང་སྟོབས་པོ་ཆེ་ལ་འོད་དཔག་མེད། བགེགས་མཐར་བྱེད་དང་མི་གཡོ་བ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པ་ནི་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པའོ། །དེ་ནས་ཁྲོ་བོའི་དབང་པོ་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདུད་དང་ལོག་པར་འདྲེན་པ་རྣམས་དཔག་ཚད་བརྒྱའི་ཕ་རོལ་དུ་བསྐྲད་ཅིང་བར་དུ་གཅོད་པ་རྣམས་ལས་བསྲུང་བར་བསམས་ཏེ་ཨོཾ་རཀྵ་རཀྵ་སོགས་བརྗོད་པ་ནི་སྲུང་བའི་འཁོར་ལོའོ། །གསུམ་པ་ནི། སྲུང་འཁོར་གྱི་རྡོ་རྗེ་ཧཱུྃ་མཛད་ཞུ་བ་ལས། ཨེ་ལས་ཆོས་ཀྱི་འབྱུང་གནས་ཕྱོགས་ཀུན་ནས་གྲུ་གསུམ་པ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ། ཕྱི་དཀར་ལ་ནང་དམར་བ་རྩ་བ་ཕྲ་བ་ཐུར་ལ་ཟུག་པ་ཡངས་ཤིང་རྒྱ་ཆེ་བ་དེའི་ནང་དུ། བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་གཡས་ཁང་པ། སུམ་རིམ་གྱི་ཕྱི་མ་ལ་རིན་པོ་ཆེ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། བར་མ་ལ་ནི་རིན་པོ་ཆེ་སྔོ་དཀར་དམར་བའི་རྩིག་པ་རིམ་པ་གསུམ་དང་ལྡན་པ། ནང་མ་ལ་རིན་པོ་ཆེ་དཀར་པོའི་རྩིག་པ་རིམ་པ་གཅིག་དང་ལྡན་པའོ། །གསུམ་ཀའང་གྲུ་བཞི་པ་སྒོ་བཞི་པ་རྩིག་པ་རྣམས་ཀྱི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་ལ་དྲྭབ་དང་དྲྭ་བ་ཕྱེད་པ་འཕྱང་བ། ཕ་གུའི་སྟེང་ན་མདའ་ཡབ་དང་པུ་ཤུས་མཛེས་པར་བྱས་པ། གཞལ་ཡས་ཁང་ནང་མ་ལ་ཀ་བ་བརྒྱད་དང་ལྡན་ཞིང༌། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་པ་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པར་བྱས་པ། ཆེས་མཐོ་ཞིང་ཡངས་པའི་སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར་དབུས་སུ་ཆོས་ཀྱི་འཁོར་ལོ། སྟེང་དུ་གདུགས། གཡས་གཡོན་དུ་རི་དྭགས་ཕོ་མོ་མིག་གྱེན་དུ་ལྟ་བ་དང་བཅས་པ། གཞན་ཡང་གོས་དང་འཕན་དང་མེ་ཏོག་གི་ཕྲེང་བ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་པ། རྩིག་པའི་རྩ་བའི་ཕྱི་རོལ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་པི་ཝང་མ་ལ་སོགས་པ་མཆོད་པའི་ལྷ་མོ་ཕྱོགས་རེར་བཞི་བཞི་སྟེ་བཅུ་དྲུག་འཛུམ་པའི་བཞིན་ལ་མཛེས་པའི་རྒྱན་གྱིས་སྤྲས་ཤིང༌། ལག་ན་རང་རང་གི་མཆོད་རྫས་ཐོགས་པས་དཀྱིལ་འཁོར་ལ་མཆོད་པར་བྱེད་པ། སྒོ་དང་སྒོ་ཁྱུད་དང་གྲྭ་རྣམས་སུ་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེས་སྤྲས་པ། རྒྱ་དང་ཚད་ཡོངས་སུ་མ་ཆད་པའི་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་ཅིང༌། རང་བཞིན་གྱིས་འོད་གསལ་བའི་གཞལ་ཡས་ཁང་པར་བསམས་ལ། དེའི་ཕྱི་རོལ་རྡོ་རྗེ་རྭ་བའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་དུ་གཏུམ་ཞིང་དྲག་པ། བྱང་དུ་མཐུག་པོ། ནུབ་ཏུ་འབར་བའི་ཕྲེང་བ། ལྷོར་འཇིགས་བྱེད་ཐོད་པ་ཅན། དབང་ལྡན་དུ་དྲག་ཏུ་དགོད་པ། མེར་དབང་ཕྱུག་ནགས་ཚལ། བདེན་བྲལ་དུ་འཇིགས་བྱེད་མུན་པ། རླུང་དུ་ཀཱི་ལི་ཀཱི་ལའི་སྒྲ་སྒྲོགས་པའི་དུར་ཁྲོད་དོ། །དེ་དག་ན་ཡོད་པའི་ཤིང་ཆེན་པོ་བརྒྱད་ནི། ཤར་དུ་ཤི་རི་ཤ། བྱང་དུ་ཨ་ཤྭཏྠ། ནུབ་ཏུ་ཀངྐ་ལི། ལྷོར་ཙུ་ཏ། དབང་ལྡན་དུ་ཤིང་ཆེན་པོ། མེར་ཀ་རཉྫ། བདེན་བྲལ་དུ་འཁྲིལ་ཤིང་ཅན། རླུང་དུ་ཨརྫུནའོ། །ཤིང་དེ་དག་གི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བ་ཆེན་པོ་བརྒྱད་ནི། ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་ཤིན་ཏུ་བརྗིད་པ་ཕྱག་གཡོན་ན་རྡོ་རྗེས་མཚན་པའི་ཐོད་པ་འཛིན་པ། བྱང་དུ་གནོད་སྦྱིན་གྱི་སྡེ་དཔོན་སེར་པོ་རྟ་ལ་ཞོན་པ་མིའུ་ཐུང་ལྟ་བུ་གསུས་པ་འཕྱང་བ་གཡོན་ན་ཐོད་པ་དང་རིན་པོ་ཆེས་མཚན་པའི་དབྱུག་པ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་གྱིས་བརྒྱན་པ་གཡོན་ན་ཐོད་པ་དང་ཞགས་པ་འཛིན་པ། ལྷོར་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་མིའུ་ཐུང་ལྟ་བུ་ལྟོ་བ་འཕྱང་བ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡོན་ན་ཐོད་པ་དང་དབྱུག་པ་འཛིན་པ། དབང་ལྡན་དུ་དབང་ལྡན་དཀར་པོ་གླང་ལ་ཞོན་པ་མིག་གསུམ་པ་ཅན་གཡོན་ན་ཐོད་པ་དང་མདུང་འཛིན་པ། མེར་མེ་ལྷ་དམར་སེར་ར་སྐྱེས་ལ་ཞོན་པ་ཕྱག་བཞི་པ་དབྱུག་གུ་གསུམ་པ་དང་ཐོད་པ་དང་སྤྱི་བླུགས་དང་ཕྲེང་བ་འཛིན་པ། བདེན་བྲལ་དུ་སྲིན་པོ་སྔོན་པོ་རོ་ལངས་ལ་ཞོན་པ་མིའུ་ཐུང་གི་གཟུགས་ཅན་གསུས་པ་འཕྱང་བ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡོན་ན་ཐོད་པ་དང་རལ་གྲི། རླུང་དུ་རླུང་ལྷ་སྔོན་པོ་རི་དྭགས་ལ་ཞོན་པ་ཞི་བའི་གདོང་ཅན་གཡོན་ན་ཐོད་པ་དང་བ་དན་འཛིན་པ། རང་རང་གི་རྒྱན་གྱིས་བརྒྱན་ཅིང་ཐམས་ཅད་ཀྱི་ཕྱག་གཡས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་བའི་ཚུལ་བྱེད་པའོ། །དེ་དག་གི་ནམ་མཁའ་ལ་གནས་པའི་སྤྲིན་ཆེན་པོ་བརྒྱད་ནི། ཤར་དུ་སྒྲོགས་བྱེད་སེར་པོ། བྱང་དུ་འཁོར་བྱེད་སེར་པོ། ནུབ་ཏུ་འཇིགས་བྱེད་དཀར་པོ། ལྷོར་ལྡོག་བྱེད་སྔོན་པོ། དབང་ལྡན་དུ་མཐུག་པོ་དཀར་པོ། མེར་འགེངས་བྱེད་དམར་སེར། བདེན་བྲལ་དུ་ཆར་འབེབས་སྔོན་པོ། རླུང་དུ་གཏུམ་པོ་སྔོན་པོའོ། །སྤྲིན་དེ་དག་ལ་གནས་པའི་ཀླུ་ཆེན་པོ་བརྒྱད་ནི། ཤར་དུ་ནོར་རྒྱས་སེར་པོ། བྱང་དུ་འཇོག་པོ་དམར་པོ། ནུབ་ཏུ་ཀརྐོ་ཊ་ནག་པོ། ལྷོར་པདྨ་དམར་པོ། དབང་ལྡན་དུ་པདྨ་ཆེན་པོ་དཀར་པོ། མེར་ཧུ་ལུནྟ་སྔོན་པོ། བདེན་བྲལ་དུ་རིགས་ལྡན་ལྗང་གུ། རླུང་དུ་དུང་སྐྱོང་སེར་པོ་ཐམས་ཅད་ཀྱང་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་ཞིང༌། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བའི་བར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ་སྨད་སྦྲུལ་འཇུག་འཁྱིལ་པའོ། །ཤིང་གི་རྒྱལ་པོའི་ཡལ་ག་ལ་གནས་པའི་ཞིང་སྐྱོང་བ་ཆེན་པོ་བརྒྱད་ནི། ཤར་དུ་ལྷའི་དགེ་འདུན་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། བྱང་དུ་གནོད་སྦྱིན་གྱི་སྡེ་དཔོན་སེར་པོ་རྟའི་གདོང་པ་ཅན། ནུབ་ཏུ་ཆུ་སྲིན་གྱི་རྒྱལ་པོ་དམར་པོ་ཆུ་སྲིན་གྱི་གདོང་པ་ཅན། ལྷོར་གཤིན་རྗེ་སྔོན་པོ་མ་ཧེའི་གདོང་པ་ཅན། དབང་ལྡན་དུ་ཡི་དྭགས་འདུས་པ་དུད་ཁ་གླང་གི་གདོང་པ་ཅན། མེར་དྲང་སྲོང་འདུས་པ་དམར་པོ་ར་སྐྱེས་ཀྱི་གདོང་པ་ཅན། བདེན་བྲལ་དུ་སྲིན་པོའི་ཚོགས་ཅན་སྔོན་པོ་རོ་ལངས་ཀྱི་གདོང་པ་ཅན། རླུང་དུ་རླུང་ལྷ་སྔོན་པོ་རི་དྭགས་ཀྱི་གདོང་པ་ཅན་ཐམས་ཅད་ཀྱང་ཤིང་ལོའི་གསེབ་ནས་ལུས་ཕྱེད་ཙམ་འཐོན་པ་གྲི་གུག་དང་ཐོད་པ་འཛིན་པ། བཞིན་འགྱུར་བ་སྐྲ་དམར་སེར་གྱེན་དུ་བརྫེས་པའོ། །གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་བརྒྱད། ཐུགས་རྗེའི་ཆུ་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་དང༌། རོ་མགོ་བོ་བཅད་པ་དང༌། དཔྱངས་པ་དང༌། བསྙལ་བ་དང༌། གསལ་ཤིང་གིས་ཕུག་པ་དང༌། མགོ་བོ་དང༌། ཀེང་རུས་དང༌། ཅེ་སྤྱང་དང་ཁྭ་དང་འུག་པ་དང་བྱ་རྒོད་དང་རོ་ལངས་རྣམས་ཕཻཾ་ཞེས་བྱ་བའི་སྒྲ་སྒྲོགས་པར་བྱེད་པ། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། སྨྱོ་བྱེད་དང༌། བརྗེད་བྱེད་དང༌། གདོན་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། སྒྲུབ་པ་པོ་རྣམས་དང་བཅས་པས་ཡོངས་སུ་གང་བའི་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བར་བསམས་ལ། དེ་ལྟ་བུའི་གཞལ་ཡས་ཁང་པའི་སྟེང་འོག་ཐམས་ཅད་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བ། དཀྱིལ་འཁོར་ནང་མའི་དབུས་སུ་ལྷ་སྣམ་གྲུ་བཞི་པའི་ལྟེ་བར་རྡོ་རྗེའི་ཕྲེང་བ་དང༌། འོད་ཟེར་ལྔའི་ཕྲེང་བས་ཡོངས་སུ་བསྐོར་བའི་རེ་མིག་དགུའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་ཐོད་པའི་གདན། རྣམ་སྣང་དང་སྤྱན་མ་ལ་སྣ་ཚོགས་པདྨ་དང་ཟླ་བ་དང་ཐོད་པའི་གདན་རེ་རེ། གཞན་རྣམས་ལ་པདྨ་ཉི་མ་ཐོད་པའི་གདན། དཀྱིལ་འཁོར་དང་པོའི་སྒོ་མཚམས་བརྒྱད། བར་པའི་གནས་བདུན་དང༌། མཚམས་རྣམས་སུ་པདྨ་དང་ཟླ་བའི་གདན་རེ་རེ། བར་པའི་ལྷོ་སྒོའི་གཡས་ཕྱོགས་དང༌། དཀྱིལ་འཁོར་ཐ་མའི་སྒོ་མཚམས་བརྒྱད་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ་བསམ་པར་བྱའོ། །གཉིས་པ་ལ་བསྐྱེད་རིམ་བསྒོམས་པ་དེས་སྐྱོ་ན་བཟླས་པ་བྱ་བ་ལ་གཉིས་ཀྱི་དང་པོ་ལ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་དང་གསུམ་གྱི་དང་པོ་ནི། དབུས་ཀྱི་གདན་གྱི་སྟེང་དུ་རང་གི་སེམས་སོ་སོར་རྟོག་པ་གང་གིའང་ངོ་བོར་མ་གྲུབ་ཅིང་རྟག་པ་དང་རྟོག་པའི་དྲི་མ་ལས་གྲོལ་བར་གྱུར་པར་བསམས་ལ། ཨོཾ་ཙིཏྟ་པྲ་ཏི་བཻ་དྷྭཾ་ཀ་རོ་མི་ཞེས་བརྗོད་ནས་རང་གི་སེམས་སངས་རྒྱས་ཀྱི་མཚན་བཟང་པོ་སོ་གཉིས་ཀྱི་ངོ་བོ་ཨཱ་ལི་ཕྲག་གཉིས་པའི་རྣམ་པར་མཐོང་སྟེ། དེ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་དང་པོ་གྲུ་གསུམ་དཀར་པོ་ཨཱ་ལིས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་བསམ། དེའི་སྟེང་དུ་དེ་གསལ་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བར་གྱུར་པར་བསམས་ལ། ཨོཾ་བྷོ་དྷི་ཙིཏྟ་ཨུཏྤ་དཱ་ཡཱ་མི། ཞེས་བརྗོད་ནས་རང་གི་སེམས་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཀཱ་ལི་ཕྲག་གཉིས་ཡ་ར་ལ་ཝ་ཌ་དྷ་དྲུག་བསྣན་པ། གཉིས་འགྱུར་གྱི་རྣམ་པར་མཐོང་སྟེ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་གྲུ་གསུམ་དཀར་པོ་འོད་ཟེར་དམར་པོ་འཕྲོ་ཞིང་ཀཱ་ལིས་མཚན་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བསམ། དེ་ནས་མངོན་བྱང་བརྟན་པར་བྱའོ་སྙམ་དུ་བསམས་ལ། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་ནས། དེའི་སྟེང་དུ་དེ་དག་བརྟན་པར་བྱེད་པ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་བསམ། དེ་ནས་བདག་ཉིད་ཀུན་ཏུ་བཟང་པོའི་སེམས་འདི་བརྟན་ཞིང་བོགས་དབྱུང་བར་བྱའོ་སྙམ་དུ་བསམས་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ནས་རྡོ་རྗེ་དེ་ལས་རྡོ་རྗེ་ཕྲ་མོ་ནས་འབྲས་ཙམ་དཔག་ཏུ་མེད་པ་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས། དེ་རྣམས་རྡོ་རྗེ་དབྱིངས་དེར་ཞུགས་པར་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོར་བསམ། དེ་ནས་བདག་ཉིད་མངོན་པར་བྱང་ཆུབ་པ་ཡོངས་སུ་རྫོགས་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ལྷའི་སྐུར་བསྐྱེད་པར་བྱའོ་སྙམ་དུ་བསམས་ལ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་ཐཱ་ཨ་ཧཾ་ཞེས་བརྗོད་ལ་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ནི། དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐུ་དང་རྩ་ཞལ་ཟླ་བ་ལྟར་དཀར་ཞིང་ཆུ་ཤེལ་ལྟར་དྭངས་པ་ནོར་བུ་རིན་པོ་ཆེ་ལྟར་འོད་ཟེར་སྣ་ཚོགས་པ་འཕྲོ་བ། གཡས་ཞལ་ཨིནྡྲ་ནཱི་ལ་ལྟར་སྔོ་ཞིང༌། གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་ཞིང་ཞལ་འཛུམ་པ་དང་བཅས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་ཤེས་རབ་མ་ལ་འཁྱུད་ཅིང་སྙོམས་པར་ཞུགས་པའི་དགའ་བ་དང་ལྡན་པ། གཡས་གཉིས་ཀྱིས་རལ་གྲི་དང་ལྕགས་ཀྱུ། གཡོན་གཉིས་ཀྱིས་ཐོད་པ་དང་ཞགས་པ་འཛིན་པ། རལ་པའི་ཐོར་ཅོག་ནག་པོ་སྤྱི་བོར་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། དེའི་གཡོན་ངོས་སུ་ཟླ་བ་ཕྱེད་པ་ལ་གནས་པའི་སྣ་ཚོགས་རྡོ་རྗེས་སྤྲས་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་ཞིང༌། སྤྱི་བོར་རུས་པའི་འཁོར་ལོ། རྣ་བ་ལ་རྣ་ཆ། མགུལ་པ་ལ་མགུལ་རྒྱན། ལག་པ་དང་རྐང་པ་ལ་གདུ་བུ་དྲུག རྐེད་པ་ལ་སྐ་རགས།སྐུ་ཐམས་ཅད་ལ་ཐལ་ཆེན་གྱི་རྒྱ་སྟེ། ཕྱག་རྒྱ་དྲུག་གིས་མཛེས་པར་བྱས་པ། སྒེག་པ་དང་དཔའ་བ་དང་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། དགོད་པ་དང་དྲག་ཤུལ་དང་འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ། སྙིང་རྗེ་དང་རྔམ་དང་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ་གར་གྱི་ཉམས་དགུ་དང་ལྡན་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེ་ནས་ཡེ་ཤེས་པ་དགུག་གཞུག་བྱ་བ། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ་པ། དབང་བསྐུར་ཞིང་མི་བསྐྱོད་པས་རྒྱས་གདབ་པ་རྣམས་འོག་ནས་འབྱུང་བ་ལྟར་བྱེད་པར་སློབ་དཔོན་བྷ་བ་བྷ་དྲས་བཤད་པས་དེ་བཞིན་བྱས་ནའང་ཤིན་ཏུ་ལེགས་སོ། །གཉིས་པ་ནི། དེ་ནས་ཡུམ་གྱི་མཁའ་མི་དམིགས་པའི་ངང་ལ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཿས་མཚན་པ། ཡབ་ཀྱི་གསང་གནས་མི་དམིགས་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་བསམས་ལ། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁནྡ་ད་ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ་ཧཱུྃ་ཧཱུྃ་ཧཱུྃ་ཀརྻཾ་ཀུ་རུ་ཥྭ་མེ། ཞེས་པས་ཡུམ་གྱི་མཁའ་དང༌། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻཾ་ཀུ་རུ་ཥྭ་མེ་ཞེས་པས་ཡབ་ཀྱི་གསང་གནས་བྱིན་གྱིས་བརླབ་ཏེ། ཐབས་ཤེས་རབ་སྙོམས་པར་ཞུགས་པའི་སྒྱུ་མ་བདེ་བའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས་ནས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ལས་ཐིག་ལེ་སུམ་ཅུ་སོ་བདུན་དུ་གྱུར། དེ་ལས་ཧཱུྃ་བུྃ་ཨཱྃ་ཧྲཱིཿ ཁྃ་བྷྲཱུྃ་ཧཱུྃ་ཧྲཱིཿཏཱྃ། ཨ་ཨཱ། ཨིཾ་ཨཱིཾ། ཨུྃ་ཨཱུྃ། ཨྃ་ཨཱཿ ཨཻཾ་ཨྃ་ཧཱུྃ་ཏྲཱྃ། ཨཱྃ་མྃ་ཧྃ་ཧཱུྃ། ཨོཾ་ཨཽཾ། ཨེཾ་ཨཻཾ། རྀཾ་རཱྀཾ། ལྀཾ་ལཱྀཾ། ཛཿཧཱུྃ་བཾ་ཧོཿ ཞེས་པའི་ས་བོན་གྱི་ཡི་གེར་གྱུར། ཧཱུྃ་ཞེས་པས་ཡུམ་གྱི་མཁའ་ནས་ཐུགས་ཀར་དྲངས། ཐུགས་ཀར་ཡིག་འབྲུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པ་ལས། དབུས་ཀྱི་ས་བོན་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ་སྐུ་མདོག་དང་རྩ་ཞལ་སྔོན་པོ། གཡས་ཞལ་དཀར། གཡོན་ཞལ་དམར། ཕྱག་མཚན་སྔར་ལྟར་བསྐྱེད་ནས། དེ་ལྟ་བུའི་རང་སྔགས་ཀྱིས་ཐུགས་ཀ་ནས་ཕྱིར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས་ནས་རང་ལ་ཐིམ་པས་རང་ཉིད་མི་བསྐྱོད་པ་རྡོ་རྗེ་སེམས་དཔར་བསམས་ཏེ། འོན་ཀྱང་སྐུ་མདོག་ནི་དཀར་པོ་ལས་མི་འགྱུར་རོ། །སྙིང་གའི་དཀྱིལ་འཁོར་གྱི་ཤར་གྱི་ས་བོན་བུྃ་ཡོངས་སུ་གྱུར་པ་ལས་འཁོར་ལོ་བུྃ་གྱིས་མཚན་པ། དེ་ལས་རྣམ་པར་སྣང་མཛད་དཀར་པོ་ཞི་བ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ། འོག་མ་གཉིས་ཀྱིས་ཐོད་པ་དང་ཞགས་པ་འཛིན་པར་གྱུར། རང་སྔགས་ཀྱིས་ཐུགས་ཀ་ནས་ཕྱིར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་དང་གཟུགས་ཀྱི་ཕུང་པོ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། ཚུར་འདུས་ནས་ཤར་ཕྱོགས་ཀྱི་རེ་མིག་གི་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་ཐོད་པའི་གདན་ལ་རྣམ་པར་སྣང་མཛད་དཀར་པོ་སོགས་བསྐྱེད་ལ་འཁོད་པར་བསམ། དེ་བཞིན་དུ་འོག་མ་རྣམས་ལའང་སྦྱར་ཏེ། ཨྃ་ལས་རིན་པོ་ཆེ་ཨྃ་གིས་མཚན་པ་ལས། རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ། འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ་འཛིན་པར་གྱུར། སྔགས་ཀྱིས་ཕྱིར་སྤྲོས། སེར་སྣ་དང་ཚོར་བའི་ཕུང་པོ་སྦྱངས། མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད་ནས་ལྷོར་འགོད། ཧྲཱིཿདང་པདྨ་ལ་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་ཤིང༌། འོག་མ་གཉིས་ཀྱིས་པདྨ་དང་ཞགས་པ་འཛིན་པར་གྱུར། སྔགས་ཀྱིས་ཕྱིར་སྤྲོས། འདོད་ཆགས་དང་འདུ་ཤེས་ཀྱི་ཕུང་པོ་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་ལ་བཀོད་ནས་ནུབ་ཏུ་འགོད། ཁྃ་དང་རལ་གྲི་ལས་དོན་ཡོད་གྲུབ་པ་ལྗང་གུ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་རལ་གྲིའམ་རྡོ་རྗེ་དང་དྲིལ་བུ། འོག་མ་གཉིས་ལྕགས་ཀྱུ་དང་ཐོད་པ་འཛིན་པར་གྱུར། སྔགས་ཀྱིས་ཕྱིར་སྤྲོས། ཕྲག་དོག་དང་འདུ་བྱེད་ཀྱི་ཕུང་པོ་སྦྱངས། བྱ་བ་གྲུབ་པའི་ཡེ་ཤེས་ལ་བཀོད་ནས་བྱང་དུ་འགོད། དེ་བཞིན་གཤེགས་པ་བཞི་ཀའང་ཞལ་གཅིག་ཕྱག་བཞི་པ་ཞལ་འཛུམ་པ་དང་བཅས་ཤིང་རལ་པའི་ཐོར་ཅོག་ནག་པོ་སོགས་གཙོ་བོ་ལྟར་བསམ། བྷྲཱུྃ་དང་འཁོར་ལོ་ལས་སངས་རྒྱས་སྤྱན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བརྒྱད་མ། གཡས་བཞི་ན་འཁོར་ལོ་རྡོ་རྗེ་རལ་གྲི་མདའ། གཡོན་བཞི་ན་ཐོད་པ་དྲིལ་བུ་ཞགས་པ་གཞུ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སའི་ཁམས་སྦྱངས། བྱམས་པ་ཚད་མེད་པ་ལ་བཀོད་ནས་དབང་ལྡན་དུ་འགོད། ཧཱུྃ་དང་རྡོ་རྗེ་ལས་མཱ་མ་ཀཱི་སྔོན་མོ་ཞལ་གཅིག་ཕྱག་བཅུ་གཉིས་མ། གཡས་པ་དྲུག་ན་མདའ་རལ་གྲི་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་པདྨ། གཡོན་པ་དྲུག་ན་གཞུ་ལྕགས་ཀྱུ་དྲིལ་བུ་ཞགས་པ་ཐོད་པ་ཁ་ཊྭཱཾ་ག་འཛིན་པ་སྤྲོས། ཆུའི་ཁམས་སྦྱངས། སྙིང་རྗེ་ཚད་མེད་པ་ལ་བཀོད་ནས་མེར་འགོད། ཧྲཱིཿདང་པདྨ་ལས་གོས་དཀར་མོ་དམར་མོ་ཞལ་གཅིག་ཕྱག་བརྒྱད་མ། གཡས་པ་བཞི་ན་མདའ་པདྨ་རལ་གྲི་རྡོ་རྗེ། གཡོན་པ་བཞི་ན་གཞུ་ཐོད་པ་ཞགས་པ་དྲིལ་བུ་འཛིན་པ་སྤྲོས། མེའི་ཁམས་སྦྱངས། དགའ་བ་ཚད་མེད་པ་ལ་བཀོད་ནས་བདེན་བྲལ་དུ་འགོད། ཏཱྃ་དང་ཨུཏྤལ་ལས་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་བརྒྱད་མ། གཡས་པ་བཞི་ན་ཨུཏྤལ་དམར་པོ་དང་རལ་གྲི་ལྕགས་ཀྱུ་མདའ། གཡོན་པ་བཞི་ན་འཁོར་ལོ་ཞགས་པ་ཐོད་པ་གཞུ་འཛིན་པ་སྤྲོས། རླུང་གི་ཁམས་སྦྱངས། བཏང་སྙོམས་ཚད་མེད་པ་ལ་བཀོད་ནས་རླུང་དུ་འགོད། ཨོཾ་དང་མདའ་ལས་དྲག་ཤུལ་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་མདའ་ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང་ཁུ་བས་བཀང་བའི་ཐོད་པ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་ཆོས་སོ་སོ་ཡང་དག་པར་རིག་པ་ལ་བཀོད་ནས་ལྷ་སྣམ་གྱི་ཤར་དུ་འགོད། ཨོཾ་དང་རྡོ་རྗེ་ལས་རྡོ་རྗེ་གཟུགས་བརྙན་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་རྡོ་རྗེ་དང་དུང༌། གཡོན་གཉིས་ཀྱིས་ཞགས་པ་དང་ཁྲག་གིས་གང་བའི་ཐོད་པ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་དོན་སོ་སོ་ཡང་དག་པར་རིག་པ་ལ་བཀོད་ནས་ལྷོར་འགོད། ཨིཾ་དང་རལ་གྲི་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ཀྱིས་ཞག་གིས་གང་བའི་ཐོད་པ་དང་དྲིལ་བུ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་བཀོད་ནས་ནུབ་ཏུ་འགོད། ཨཱིཾ་དང་བ་དན་ལས་རྡོ་རྗེ་ཞི་བ་མ་ལྗང་གུ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་བ་དན་དང་རྡོ་རྗེ། གཡོན་གཉིས་ཀྱིས་རལ་གྲི་དང་སྨན་གྱིས་གང་བའི་ཐོད་པ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་བཀོད་ནས་བྱང་དུ་འགོད། ཨུྃ་དང་རྡོ་རྗེ་ལས་རྡོ་རྗེ་གནོད་སྦྱིན་མ་དཀར་སེར་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་རྡོ་རྗེ་དང་ཨུཏྤ་ལ། གཡོན་གཉིས་ཀྱི་དྲི་ཆུས་གང་བའི་ཐོད་པ་དང་ཌཱ་མ་རུ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་སྦྱིན་པ་ལ་བཀོད་ནས་དབང་ལྡན་དུ་འགོད། ཨཱུྃ་དང་པདྨ་ལས་རྡོ་རྗེ་མཁའ་འགྲོ་མ་དམར་སེར་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་པདྨ་དང་མེ་ལོང༌། གཡོན་གཉིས་ཀྱིས་ཆང་གིས་གང་བའི་ཐོད་པ་དང་དགྲ་སྟྭ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་སྙན་པར་སྨྲ་བ་ལ་བཀོད་ནས་མེར་འགོད། ཨོཾ་དང་མདུང་ཐུང་ལས་སྒྲ་རྡོ་རྗེ་མ་སྔོན་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་མདུང་དང་དུང༌། གཡོན་གཉིས་ཀྱིས་འཁོར་ལོ་དང་ཁྲག་གིས་གང་བའི་ཐོད་པ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་དོན་སྤྱོད་པ་ལ་བཀོད་ནས་བདེན་བྲལ་དུ་འགོད། ཨཱཿདང་བུྃ་པ་ལས་ས་རྡོ་རྗེ་མ་ལྗང་སྐྱ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཀྱིས་བུམ་པ་དང་རྡོ་རྗེ། གཡོན་གཉིས་ཀྱིས་རྫས་ཀྱིས་གང་ཞིང་མི་ལྤགས་ཀྱིས་གཡོགས་པའི་ཐོད་པ་དང་དྲིལ་བུ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་དོན་མཐུན་པ་ལ་བཀོད་ནས་རླུང་དུ་འགོད། ལྷ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང་རལ་པའི་ཐོར་ཅོག་དང༌། ཐོད་པའི་ཕྲེང་བའི་ཅོད་པཎ་ཅན། ཕྱག་རྒྱ་ལྔས་ཡང་དག་པར་བརྒྱན་པ། གཅེར་བུ་སྤྱན་གསུམ་དང་ལྡན་ཞིང་མཆོག་ཏུ་བདེ་བའི་གར་གྱིས་རོལ་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །མཻཾ་དང་རྡོ་རྗེས་མཚན་པའི་ནཱ་ག་གེ་སར་གྱི་སྡོང་བུ་ལས་བྱམས་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེས་མཚན་པའི་ནཱ་ག་གེ་སར་དང༌། གཡོན་དྲིལ་བུ་འཛིན་པ་སྤྲོས། རྩ་རྒྱུས་དང་ཉོན་ཡིད་སྦྱངས། རྡོ་རྗེའི་རྩ་དང་ཟག་ཟད་ཀྱི་མངོན་ཤེས་ལ་བཀོད་ནས་དཀྱིལ་འཁོར་བར་མའི་ལྷ་སྣམ་ལ་ཤར་སྒོའི་གཡས་སུ་འགོད། ཨྃ་དང་འཁོར་ལོ་ལས་ས་སྙིང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་སྤྲོས། མིག་དང་མིག་ཤེས་སྦྱངས། མིག་གི་མངོན་ཤེས་ལ་བཀོད་ནས་ཤར་སྒོའི་གཡོན་དུ་འགོད། ཧཱུྃ་དང་རྡོ་རྗེ་ལས་ཕྱག་རྡོར་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྤྲོས། རྣ་བ་དང་རྣ་ཤེས་སྦྱངས། རྣ་བའི་མངོན་ཤེས་ལ་བཀོད་ནས་ལྷོ་སྒོའི་གཡས་སུ་འགོད། ཏྲཱྃ་དང་རིན་པོ་ཆེ་ལས་ནམ་མཁའི་སྙིང་པོ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་སྤྲོས། སྣ་དང་སྣ་ཤེས་སྦྱངས། སྣའི་མངོན་ཤེས་ལ་བཀོད་ནས་ལྷོ་སྒོའི་གཡོན་དུ་འགོད། ཨྃ་དང་པདྨ་ལས་འཇིག་རྟེན་དབང་ཕྱུག་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་སྤྲོས། ལྕེ་དང་ལྕེ་ཤེས་སྦྱངས། ལྕེའི་མངོན་ཤེས་ལ་བཀོད་ནས་ནུབ་སྒོའི་གཡས་སུ་འགོད། མྃ་དང་རྡོ་རྗེ་ལས་འཇམ་དཔལ་གུར་གུམ་གྱི་མདོག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྤྲོས། ཡིད་ཀྱི་སྐྱེ་མཆེད་དང་ཡིད་ཤེས་སྦྱངས། གཞན་སེམས་ཤེས་པའི་མངོན་ཤེས་ལ་བཀོད་ནས་ནུབ་སྒོའི་གཡོན་དུ་འགོད། ཧྃ་དང་སྣ་ཚོགས་རྡོ་རྗེ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྤྲོས། ལུས་དང་ལུས་ཤེས་སྦྱངས། རྡོ་རྗེའི་ལུས་དང་རྫུ་འཕྲུལ་གྱི་མངོན་ཤེས་ལ་བཀོད་ནས་བྱང་སྒོའི་གཡས་སུ་འགོད། ཧཱུྃ་དང་རྡོ་རྗེ་དཀར་པོ་ལས་ཀུན་ཏུ་བཟང་པོ་དཀར་པོ་རྡོ་རྗེ་དཀར་པོ་དང་དྲིལ་བུ་འཛིན་པ་སྤྲོས། ཚིག་དང་ཀུན་གཞི་སྦྱངས། རྡོ་རྗེའི་ཚིག་དང་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ལ་བཀོད་ནས་བྱང་སྒོའི་གཡོན་དུ་འགོད། བྱང་ཆུབ་སེམས་དཔའ་བརྒྱད་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་རལ་པའི་ཅོད་པཎ་ཅན་ཕྱག་རྒྱ་ལྔས་བརྒྱན་པ་ཞབས་གཡས་བརྐྱང་པའི་སྟབས་ཀྱིས་རང་གི་གདན་ལ་བཞུགས་པའོ། །ཨོཾ་དང་གླིང་བུ་ལས་གླིང་བུ་མ་དཀར་མོ་ཕྱག་གཉིས་ཀྱིས་གླིང་བུ་འཛིན་པ་སྤྲོས། སེར་སྣའི་སྒྲིབ་པ་སྦྱངས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ནས་དབང་ལྡན་དུ་འགོད། ཨོཾ་དང་པི་ཝང་ལས་པི་ཝང་མ་སེར་མོ་སྤྲོས། ཚུལ་ཁྲིམས་འཆལ་བའི་དྲི་མ་སྦྱངས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ནས་མེར་འགོད། ཨེཾ་དང་རྔ་མུ་ཀུནྡ་ལས་མུ་ཀུནྡ་མ་དམར་མོ་སྤྲོས། ཁོང་ཁྲོའི་དྲི་མ་སྦྱངས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ནས་བདེན་བྲལ་དུ་འགོད། ཨཻཾ་དང་རྫ་རྔ་ལས་རྫ་རྔ་མ་ལྗང་གུ་སྤྲོས། ལེ་ལེའོ་དྲི་མ་སྦྱངས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ནས་རླུང་དུ་འགོད། རྀཾ་དང་མེ་ཏོག་ལས་མེ་ཏོག་མ་དཀར་མོ་སྤྲོས། རྣམ་གཡེང་སྦྱངས། བསམ་གཏན་གྱི་ཕར་ཕྱིན་ལ་བཀོད་ནས་དཀྱིལ་འཁོར་གྱི་ཕྱི་མའི་དབང་དུ་ལྡན་དུ་འགོད། རཱྀཾ་དང་སྤོས་སྣོད་ལས་བདུག་སྤོས་མ་དུད་ཁ་སྤྲོས། ཤེས་འཆལ་གྱི་དྲི་མ་སྦྱངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ནས་མེར་འགོད། ལྀཾ་དང་མར་མེ་ལས་མར་མེ་མ་སེར་མོ་སྤྲོས། སྨོན་ལམ་ལོག་པའི་སྒྲིབ་པ་སྦྱངས། སྨོན་ལམ་གྱི་ཕར་ཕྱིན་ལ་བཀོད་ནས་བདེན་བྲལ་དུ་འགོད། ལཱྀཾ་དང་དྲིའི་དུང་ཆོས་ལས་དྲི་ཆབ་མ་དམར་མོ་སྤྲོས། ཐབས་ལ་མི་མཁས་པའི་སྒྲིབ་པ་སྦྱངས། ཐབས་ཀྱི་ཕར་ཕྱིན་ལ་བཀོད་ནས་རླུང་དུ་འགོད། ཕྱི་ནང་གི་ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་རང་རང་གི་ཕྱག་མཚན་འཛིན་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་རལ་པའི་ཐོར་ཅོག་ཅན་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སིལ་སྒྲ་འབྱིན་པ་འདོད་པའི་ཡོན་ཏན་ལྔའི་དགའ་བ་ལ་རོལ་པ། ལྷའི་ན་བཟའ་སྣ་ཚོགས་པས་མཛེས་པ། རང་རང་གི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པའོ། །ཛཿདང་ལྕགས་ཀྱུ་ལས་རྡོ་རྗེ་ལྕགས་ཀྱུ་མ་སྔོ་བསངས་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་སྔོ། གཡས་ནག་གཡོན་དཀར་བ། ཕྱག་གཡས་གསུམ་ན་ལྕགས་ཀྱུ་རལ་གྲི་འཁོར་ལོ། གཡོན་གསུམ་ན་ཞགས་པ་སྡིགས་མཛུབ་དྲིལ་བུ་འཛིན་པ་སྤྲོས། མ་དད་པ་དང་འཆི་བདག་གི་བདུད་དང་ཤེས་བྱའི་སྒྲིབ་པ་སྦྱངས། དད་པའི་སྟོབས་ལ་བཀོད་ནས་ཕྱིའི་ཤར་སྒོར་འགོད། ཧཱུྃ་དང་ཞགས་པ་ལས་རྡོ་རྗེ་ཞགས་པ་མ་དཀར་སེར་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་དཀར་སེར། གཡས་ནག་གཡོན་དམར། ཕྱག་གཡས་གསུམ་ན་ཞགས་པ་རྡོ་རྗེ་རལ་གྲི། གཡོན་གསུམ་ན་འཁོར་ལོ་དྲིལ་བུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ་སྤྲོས། ལེ་ལོ་དང་ལྷའི་བུའི་བདུད་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས། བརྩོན་འགྲུས་ཀྱི་སྟོབས་ལ་བཀོད་ནས་ལྷོ་སྒོར་འགོད། བཾ་དང་ལྕགས་སྒྲོག་ལས་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཞལ་གསུམ་ཕྱག་དྲུག་པ་རྩ་ཞལ་དམར། གཡས་ནག་གཡོན་དཀར། ཕྱག་གཡས་གསུམ་ན་ལྕགས་སྒྲོག་རྡོ་རྗེ་རལ་གྲི། གཡོན་གསུམ་ན་འཁོར་ལོ་དྲིལ་བུ་ལྕགས་ཀྱུ་འཛིན་པ་སྤྲོས། བརྗེད་ངས་དང་ཕུང་པོའི་བདུད་དང་སྐྱེ་བའི་སྒྲིབ་པ་སྦྱངས། དྲན་པའི་སྟོབས་ལ་བཀོད་ནས་ནུབ་སྒོར་འགོད། ཧོཿདང་དྲིལ་བུ་ལས་རྡོ་རྗེ་དྲིལ་བུ་མ་ལྗང་གུ་ཞལ་གསུམ་ཕྱག་དྲུག་པ་རྩ་ཞལ་ལྗང༌། གཡས་ནག་གཡོན་དཀར། གཡས་གསུམ་ན་རྡོ་རྗེ་འཁོར་ལོ་རལ་གྲི། གཡོན་གསུམ་ན་དྲིལ་བུ་ལྕགས་ཀྱུ་ཞགས་པ་འཛིན་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་གཡེང་བ་དང་ཉོན་མོངས་པའི་བདུད་དང་ལས་ཀྱི་སྒྲིབ་པ་སྦྱངས། ཏིང་ངེ་འཛིན་གྱི་སྟོབས་ལ་བཀོད་ནས་བྱང་སྒོར་འགོད་དེ། དེ་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་དང་ལྡན་པ་སྐྲ་དམར་སེར་གྱེན་དུ་འབར་བ། ཞལ་མཆེ་བ་གཙིགས་ཤིང་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ་སྟག་གི་པགས་པའི་ཤམ་ཐབས་ཅན་གཡོན་བརྐྱང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །གསུམ་པ་ལ་ལྔ་ལས། དང་པོ་སེམས་དཔའ་སུམ་བརྩེགས་བསྒོམ་ཞིང་སྣོད་བཅུད་སྦྱང་བ་ནི། དེ་ནས་གཙོ་བོའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཐོད་པའི་གདན་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་གསུམ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་འདྲའི་ཡེ་ཤེས་སེམས་དཔའ་མཚོན་གང་བའི་སྙིང་གར་གདན་སྔར་དང་འདྲ་བའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པར་བསམས་ལ། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབས་ནས། ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས། སྣོད་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་ལྷ་ཚོགས་སུ་བྱས་ནས་ཚུར་འདུས་པར་བསམ་མོ། །གཉིས་པ་ཡེ་ཤེས་པ་དགུག་གཞུག་བྱ་བ་ནི། སླར་ཡང་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ། སྔར་ཚོགས་ཞིང་གི་སྐབས་སུ་བསྟན་པ་བཞིན་མཆོད་ནས། རྣལ་འབྱོར་གྱི་བདག་པོ་སེམས་ཅན་གྲོལ་བར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་བདག་ཉིད་ཀྱི་སྐྱེས་པ་གཅིག་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །འཁོར་བའི་རྒྱ་མཚོའི་གཏི་མུག་གཅོད་པར་མཛད་པ་ལ་བསྟོད་ཅིང་ཕྱག་འཚལ་ལོ། །དེ་ཁོ་ན་ཉིད་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་སྟོན་པར་མཛད་པ་ལ་ཕྱག་འཚལ་ཏེ་བདག་རྟག་ཏུ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་ཐུགས་ཀའི་ས་བོན་ལས་སྒོ་མ་བཞི་སྤྲོས་ཏེ་དགུག་གཞུག་བཅིང་དབང་དུ་བྱས་པར་བསམས་ལ། ཨོཾ་བྷ་ག་སོགས་ཀྱི་རྗེས་སུ། ཨོཾ་ཨཱཿབཛྲ་ཨཾ་ཀུ་ཤ་ཛཿཧཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པཱ་ཤ་ཧཱུྃ་ཧཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་སྥོ་ཊ་བཾ་ཧཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཱ་བེ་ཤ་ཡ་ཧོཿཧཾ་སྭཱ་ཧཱ། ཞེས་བརྗོད་ཅིང་དེ་ཉིད་འདུས་པ་ནས་འབྱུང་བའི་ཕྱག་རྒྱ་རྣམས་བྱའོ། །གསུམ་པ་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ་པ་ནི། དེ་ནས་ལྷ་ཐམས་ཅད་ཀྱི་མིག་ཏུ་མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བ་གཉིས་ལ་དཾ་ལས་ཞེས་སྡང་རྡོ་རྗེ་མ་སྔོན་མོ། སྣར་པྃ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་པར་ཨོཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གར་ནྃ་ལས་བདག་མེད་རྡོ་རྗེ་མ་ནག་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་མ་ནག་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་གཡོན་ཐོད་པ། གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ་རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པར་བསམ་ཞིང༌། མགོ་བོར་བྱམས་པ། དབང་པོ་ཐམས་ཅད་ལ་འཇམ་དཔལ་བསྒོམ་མོ། །སློབ་དཔོན་བྷ་ཝ་བྷ་དྲས་གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད། ཚོར་བ་ལ་རིན་ཆེན་འབྱུང་ལྡན། འདུ་ཤེས་ལ་འོད་དཔག་མེད། འདུ་བྱེད་ལ་དོན་ཡོད་གྲུབ་པ། རྣམ་ཤེས་ལ་ཧེ་རུ་ཀ སྐྱེ་མཆེད་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ། ས་ཁམས་ལ་སྤྱན་མ། ཆུ་ཁམས་ལ་མཱ་མ་ཀཱི། མེ་ཁམས་ལ་གོས་དཀར་མོ། རླུང་ཁམས་ལ་སྒྲོལ་མ། ནམ་མཁའི་ཁམས་ལ་པདྨ་འབར་བ་མཱ་མ་ཀཱི་ལྟ་བུ་རྣམས་བསྒོམ་པར་བཤད་པ་ནི་རྒྱུད་ཀྱི་དག་པ་དང་མཐུན་པས་ཤིན་ཏུ་ལེགས་པ་ཡིན་ནོ། །བཞི་པ་དབང་བསྐུར་ཞིང་རྒྱས་གདབ་པ་ནི། སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་མཆོད་ནས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་ཅིག །ཅེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ཏེ། བདུད་རྩི་ལྔས་གང་བའི་བུམ་པ་ཕྱག་ན་བསྣམས་ནས་དབང་བསྐུར་བར་བསམས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས་ལུས་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་མི་བསྐྱོད་པ། བྱང་ཤར་དང་ཤར་གྱི་ལྷ་རྣམས་ལ་རྣམ་པར་སྣང་མཛད། ཤར་ལྷོ་དང་ལྷོའི་ལ་རིན་ཆེན་འབྱུང་ལྡན། ལྷོ་ནུབ་དང་ནུབ་ཀྱི་ལ་འོད་དཔག་མེད། ནུབ་བྱང་དང་བྱང་གི་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །ལྔ་པ་མཆོད་བསྟོད་བྱ་ཞིང་བདུད་རྩི་མྱང་བ་ནི། དེ་ནས་འདུ་བྱས་པའི་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ནས་སྔར་ལྟར་མཆོད་ལ། སྟོང་པའི་སྙིང་པོར་ཕྱག་འཚལ་བསྟོད། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་མི་ཤེས་གཅོད་པ་ཅན། །དག་པའི་དེ་ཉིད་དོན་སྟོན་མཛད། །བདག་མེད་ཆོས་ལས་བྱུང་བ་ཡི། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་རྣམས། །མགོན་པོ་ལས་ནི་རྟག་ཏུ་བྱུང༌། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་དང་ཐེག་ཆེན་དང༌། །དེ་བཞིན་བརྟན་དང་འགྲོ་བ་དང༌། །ཁམས་གསུམ་པོ་ནི་འདི་དག་ཀུན། །འགྲོ་བའི་དཔའ་བོར་ཕྱག་འཚལ་བསྟོད། །ཡིད་བཞིན་ནོར་བུ་ལྟར་གྱུར་པའི། །འགྲོ་བའི་འདོད་པའི་དོན་བསྒྲུབ་ཕྱིར། །དཔལ་ལྡན་བདེ་གཤེགས་བཀའ་བཞིན་མཛད། །སངས་རྒྱས་སྲས་པོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ། མདུན་དུ་དངོས་སུ་བཤམས་པ་ཡོད་དམ་མེད་ན་བསམས་པས་ཀྱང་རུང་སྟེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་ནས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དང་རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཐོད་པ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ་ཨོཾ་གྱིས་མཚན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་གོ་ལས་བ་གླང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མིའི་ཤ། ཤ་ལྔ་པོ་རེ་རེའི་སྟེང་དུ་ཤར་དུ་བྷྲཱུྃ་ལས་དྲི་ཆེན། ཨྃ་ལས་རཀྟ། ཛྲཱིཾ་ལས་བྱང་སེམས། ཁཾ་ལས་ཤ་ཆེན་གྱི་དྭངས་མ། ཧཱུྃ་ལས་དྲི་ཆུ་སྟེ་བདུད་རྩི་ལྔ་ལྔ་དང༌། དེ་རྣམས་ཀྱི་སྟེང་དུ་བྷྲཱུྃ་ལ་སོགས་པའི་ས་བོན་ལྔ་བསམས་ལ། ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཨཱ་ལི་བཅུ་དྲུག་གཡོན་སྐོར་དང༌། ཀཱ་ལི་སོ་བཞི་གཡས་སྐོར་དུ་བསམ་སྟེ། དེ་དག་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་དུ་བལྟ་བ། དེའི་སྟེང་དུ་རཾ་ལས་ཉི་མ་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག་པས་དེ་གཡོས་ཤིང་མེ་སྦར་བས། ཐོད་པའི་ནང་གི་ཤ་ལྔ་བདུད་རྩི་ལྔ་པོ་བཞུ་ཞིང་བསྐོལ་བས་རླངས་པ་གྱེན་དུ་སོང་བས། ཨོཾ་དང་ཧཱུྃ་ལ་ཕོག་པས། དེ་གཉིས་ནས་བདུད་རྩིའི་རྒྱུན་འཛག ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེའི་ཧཱུྃ་ལ་ཐིམ་པས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར། རྡོ་རྗེ་ཉི་མ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བས། རྫས་ཐམས་ཅད་ཞུ་ནས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམས་ནས། ཨོཾ་ཨཱཿཧཱུྃ་ཡང་ཡང་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་ལྷའི་ངོ་བོར་བསམས་ལ། ཧ་ཧོ་ཧྲཱིཿཡང་ཡང་བརྗོད་ཅིང་གཡོན་པའི་མཐེབ་སྲིན་སྦྱར་བས་དཀྲུགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་ད་ན་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་རང་གི་ལྕེ་རྩེ་ལ་མྱངས་ཏེ་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་གཏད་དོ། །གཉིས་པ་ནི་དེས་སྐྱོ་བར་གྱུར་པ་དང་བཟླས་པ་བྱ་བའི་ཕྱིར་བྱིན་གྱིས་བརླབས་པའི་བགྲང་ཕྲེང་བཟུང་སྟེ། གཙོ་བོའི་སྔགས་ཟློས་པའི་ཚེ། རང་གི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང༌། ཡུམ་གྱི་ཞལ་ནས་འཐོན། ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་སྟེ། སྔར་བཞིན་དུ་སྟེང་འོག་ཏུ་འཁོར་བར་དམིགས་པའམ། ཡང་ཐུགས་ཀའི་ས་བོན་ལ་བསྐོར་བར་དམིགས་ནས་བཟླས་པའི་འོད་ཟེར་གང་ལ་ཕོག་པ་དེ་བདག་གི་དབང་དུ་འགྱུར་ཞིང་ཕྲིན་ལས་བསྐུལ་བར་བསྒོམ། སྔགས་ཀྱི་འོད་ཟེར་ནི་ཞི་བ་ལ་དཀར་པོ་ལ་སོགས་པ་རང་རང་གི་ལས་དང་མཐུན་པར་བསམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ག་ཧྃ་སྭཱ་ཧཱ། དཀྱིལ་འཁོར་གྱི་བདག་པོའི་སྙིང་པོའོ། །ཨོཾ་ཨཱཿཧཱུྃ་ཧཱུྃ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱ་ཡ་སྭཱ་ཧཱ། རྣམ་པར་སྣང་མཛད་ཀྱིའོ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་བྷྱོ་སྭཱ་ཧཱ། རིན་ཆེན་འབྱུང་ལྡན་གྱིའོ། །ཨོཾ་བཛྲ་དྷརྨ་ཧྲཱིཿསྭཱ་ཧཱ། འོད་དཔག་མེད་ཀྱིའོ། །ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ཤ་རུ་དྷི་ར་ཨནྟྲ་མཱ་ལཱ་བ་ལམྦི་ན་གྲྀཧྞ་གྲྀཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛྃ་ག་སརྦྃ་ཝཱ་ཏ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀརྜཧཡ་ཨཱ་ཀརྜཧཡ། ཧྲིཾ་ཧྲིཾ། ཛཎཽཾ་ཛཎཽཾ། ཀྵ་མཱཾ་ཀྵ་མཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ། ཕཊ་ཕཊ་སྭཱ་ཧཱ། དོན་ཡོད་གྲུབ་པའི་འོ། །ཨོཾ་ཁཾ་ལྃ་ཧྃ་སྭཱ་ཧཱ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སྭཱ་ཧཱ། སྤྱན་གྱི་སྙིང་པོ་དང་ཉེ་སྙིང་ངོ༌། །ཨོཾ་གྷྲི་སྭཱ་ཧཱ། ཨོཾ་ཤཾ་ཀ་རེ་ཤཱནྟིཾ་ཀ་རེ་གྷུ་ཊ་གྷུ་ཊ་གྷཱུ་ཊི་ནི། གྷ་ཊ་ཡ་གྷ་ཊ་ཡ། གྷུ་ཊ་ཡ་གྷུ་ཊི་ནི་སྭཱ་ཧཱ། མཱ་མ་ཀཱིའི་སྙིང་པོ་དང་ཉེ་སྙིང་ངོ༌། །ཨོཾ་ཀ་ཊེ་བེ་ཀ་ཊེ་ནི་ཀ་ཊི་ཀ་ཊཾ་ཀ་ཊེ་སྭཱ་ཧཱ། གོས་དཀར་མོའི་འོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྒྲོལ་མའི་འོ། །ཨོཾ་ཨཱཿཨྃ་ཧྃ་སྭཱ་ཧཱ། དྲག་མོའི་འོ། །ཨོཾ་ཨཱཿཨཱྃ་ཧྃ་སྭཱ་ཧཱ། རྡོ་རྗེ་གཟུགས་བརྙན་མའི་འོ། །ཨོཾ་ཨཱཿཨི་ཧཾ་སྭཱ་ཧཱ། རྡོ་རྗེ་འདོད་ཆགས་མའི་འོ། །ཨོཾ་ཨཱཿཨཱིཾ་ཧྃ་སྭཱ་ཧཱ། རྡོ་རྗེ་ཞི་བ་མའིའོ། །ཨོཾ་ཨཱཿཨུྃ་ཧྃ་སྭཱ་ཧཱ། རྡོ་རྗེ་གནོད་སྦྱིན་མའི་འོ། །ཨོཾ་ཨཿཨཱུྃ་ཧྃ་སྭཱ་ཧཱ། རྡོ་རྗེ་མཁའ་འགྲོ་མའི་འོ། །ཨོཾ་ཨཱཿཨྃ་ཧྃ་སྭཱ་ཧཱ། སྒྲ་རྡོ་རྗེ་མའི་འོ། །ཨོཾ་ཨཱཿཨཱཿཧཱྃ་སྭཱ་ཧཱ། ས་རྡོ་རྗེ་མའི་སྟེ་དཀྱིལ་འཁོར་ནང་མའི་འོ། །ཨོཾ་ཨཱཿམཻཾ་ཧྃ་སྭཱ་ཧཱ། བྱམས་པའི་འོ། །ཨོཾ་ཨཱཿཨྃ་ཧྃ་སྭཱ་ཧཱ། ས་སྙིང་གིའོ། །ཨོཾ་ཨཱཿཧཱུྃ་ཧྃ་སྭཱ་ཧཱ། ཕྱག་རྡོར་གྱིའོ། །ཨོཾ་ཨཱཿཏྲཱྃ་ཧྃ་སྭཱ་ཧཱ། ནམ་སྙིང་གིའོ། །ཨོཾ་ཨཱཿཨཱྃ་ཧྃ་སྭཱ་ཧཱ། འཇིག་རྟེན་དབང་ཕྱུག་གིའོ། །ཨོཾ་ཨཱ་མྃ་ཧཱྃ་སྭཱ་ཧཱ། འཇམ་དཔལ་གྱིའོ། །ཨོཾ་ཨཱཿཧྃ་ཧྃ་སྭཱ་ཧཱ། སྒྲིབ་སེལ་གྱིའོ། །ཨོཾ་ཨཱཿཧཱུྃ་ཧྃ་སྭཱ་ཧཱ། ཀུན་ཏུ་བཟང་པོའི་འོ། །ཨོཾ་ཨཱཿཨོཾ་ཧྃ་སྭཱ་ཧཱ། གླིང་བུ་མའི་འོ། །ཨོཾ་ཨཱཿཨོཾ་ཧྃ་སྭཱ་ཧཱ། པི་ཝང་མའི་འོ། །ཨོཾ་ཨཱཿཨེཾ་ཧྃ་སྭཱ་ཧཱ། མུ་ཀུནྡ་མའི་འོ། །ཨོཾ་ཨཱཿཨཻཾ་ཧྃ་སྭཱ་ཧཱ། རྫ་རྔ་མའི་སྟེ་དཀྱིལ་འཁོར་བར་མའི་ལྷ་རྣམས་ཀྱིའོ། །ཨོཾ་ཨཱཿརྀཾ་སྭཱ་ཧཱ། མེ་ཏོག་མའི་འོ། །ཨོཾ་ཨཱཿརྀཾ་སྭཱ་ཧཱ། བདུག་པ་མའི་འོ། །ཨོཾ་ཨཱཿལྀཾ་སྭཱ་ཧཱ། མར་མེ་མའི་འོ། །ཨོཾ་ཨཱཿལཱྀཾ་སྭཱ་ཧཱ། དྲི་ཆབ་མའི་འོ། །ཨོཾ་ཨཱཿབཛྲ་ཨངྐུ་ཤ་ཛ་ཧྃ་སྭཱ་ཧཱ། རྡོ་རྗེ་ལྕགས་ཀྱུ་མའི་འོ། །ཨོཾ་ཨཱཿབཛྲ་པཱ་ཤ་ཧཱུྃ་ཧྃ་སྭཱ་ཧཱ། རྡོ་རྗེ་ཞགས་པ་མའི་འོ། ཨོཾ་ཨཱཿབཛྲ་སྥོ་ཊ་བྃ་ཧྃ་སྭཱ་ཧཱ། རྡོ་རྗེ་ལྕགས་སྒྲོག་མའི་འོ། །ཨོཾ་ཨཱཿབཛྲ་གྷཎྜེ་ཧོཿཧྃ་སྭཱ་ཧཱ། རྡོ་རྗེ་དྲིལ་བུ་མའི་སྟེ་དཀྱིལ་འཁོར་ཕྱི་མའི་ལྷ་རྣམས་ཀྱིའོ། །འདི་དག་ཀྱང་གཙོ་བོ་ལ་ཅི་ཙམ་བཟླས་པའི་བཅུ་ཆ་འཁོར་རྣམས་ལ་བཟླ་བ་ནི་བཟླས་པའི་རྣལ་འབྱོར་རོ། །དེ་ལྟར་ཏིང་ངེ་འཛིན་གསུམ་གྱིས་ནི་བསྐྱེད་པའི་རིམ་པའོ། །གཉིས་པ་རྫོགས་པའི་རིམ་པ་ནི། རྩ་ཡི་མཛེས་སྤྱི་ལས་བྱུང་བ། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །ཞེས་བྱ་བའི་ཤུགས་ལས་ཙཎྜ་ལཱི་དང་པོ་འཁོར་ལོ་གཉིས་ལ་བརྟེན་པ་སྟོན་ཏེ། བསྐྱེད་རིམ་གྱི་ལྷ་མ་བསྡུས་བར་ལུས་ཀྱི་གནད་ཙོག་པུར་འདུག ལུས་སྒྲིམ་ལྷོད་རན་པར་བྱ། ལག་པ་གཉིས་པུས་མོ་ལ་འཁྱུད། མགོ་མི་མཐོ་མི་དམའ་རན་པར་བྱས་ལ། སེམས་ཀྱི་གནད་ལྟེ་བ་སྤྲུལ་པའི་དབུས་སུ་ཨཾ་ཁ་དོག་དམར་པོ་མཚལ་གྱི་ཤད་ལྟ་བུ་ཤིན་ཏུ་ཕྲ་བ་ཅིག་བསམ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་ཧཱུྃ་སྔོ་སྐྱ་ཡུངས་འབྲུ་ཙམ་ཅིག་བསྒོམ། གཉིས་ཀའང་འདབ་མ་ཡི་གེ་བཀོད་པ་དང་བྲལ་བར་བྱའོ། །དེ་གཉིས་རྩ་དབུ་མ་ཤིན་ཏུ་ཕྲ་བ་གཅིག་གིས་ཟུང་སྦྲེལ་བར་དམིགས། དེ་ལྟར་གསལ་བཏབ་པ་དང་ཤེས་པ་ལྟེ་བའི་ཨཾ་ལ་དྲག་ཏུ་གཏད་ཏེ་སྟེང་རླུང་རན་ཚད་མནན་ཞིང་ཨཾ་ལ་བསྟིམ། མ་བདེ་ན་ཅི་བདེར་གཏང༌། དེ་ནས་དྲག་ཏུ་བསྐུལ་ཞིང་ཡང་ནས་ཡང་དུ་བསྒོམས་པས་ཐོག་མར་ལྟེ་བའི་གནས་སུ་དྲོད་འབྱུང༌། དེ་ནས་ཨཾ་གི་མེ་ཤིན་ཏུ་ཕྲ་བ་དབུ་མ་ནས་འབར་བས་སྙིང་གའི་ཧཱུྃ་བཞུ་སྟེ། བྱང་སེམས་ཤིན་ཏུ་ཆ་ཕྲ་བ་ཨཾ་གི་གནས་སུ་དབབ། གལ་ཏེ་དབབ་པར་མ་ནུས་ན་ཨཾ་ལ་རེས་འཇོག་ཏུ་གཏད་དེ། དེ་ལྟ་བུའི་ཚུལ་གྱིས་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་ལྔ་དང་ཡོན་ཏན་བརྒྱད་ཅི་ལྟ་བ་བཞིན་དུ་འབྱུང་བའི་ཡེ་ཤེས་གསལ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་ལ། དེ་ཡང་ས་བཅུ་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཐོབ་པར་འགྱུར་བ་ཉིད་དོ། །གསུམ་པ་ཐུན་མཚམས་ཀྱི་རྣལ་འབྱོར་ལ་དགུའི་དང་པོ་ལྷ་བསྡུ་བ་ནི། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གྱི་རྣམ་པར་བསམ་པ་ལ་ཕོག དེ་ཐམས་ཅད་འོད་ཟེར་གྱི་རྣམ་པར་གྱུར་ཏེ་སྲུང་བའི་འཁོར་ལོར་བསྡུ། དེ་དུར་ཁྲོད་བརྒྱད་ལ་བསྡུ། དེ་གཞལ་ཡས་ཁང་ཕྱི་མ་ལ། དེ་བར་པ་ལ། དེ་ནང་མ་ལ་བསྡུ། དེ་དྲག་མོ་སོགས་བརྒྱད་ལ། དེ་རྣམས་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་བཞི་ལ་བསྡུ། དེ་བཞི་དབུས་ཀྱི་གཙོ་བོ་ལ་བསྡུས་ནས། རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་དག་པ་དྲན་པ་ནི་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལྷ་དེ་དང་དེའི་རང་བཞིན་དུ་དམིགས་ལ། གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཀུན་གྱི་ངོ་བོ་ཧེ་རུ་ཀ །མིག་ལ་གཏི་མུག་རྡོ་རྗེར་བཤད། །ཞེ་སྡང་རྡོ་རྗེ་མངོན་ཐོས་པ། །ཕྲག་དོག་རྡོ་རྗེ་དེ་བཞིན་སྣ། །ཁ་ནི་འདོད་ཆགས་རྡོ་རྗེར་བརྗོད། །རེག་ལ་སེར་སྣ་རྡོ་རྗེ་མ། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །དམ་པའི་དབང་ཕྱུག་ཧེ་རུ་ཀ །ས་ཡི་ཁམས་ནི་ལྟུང་བྱེད་མ། །ཆུ་ཁམས་གསོད་པར་བྱེད་མར་བརྗོད། །མེ་ཡི་ཁམས་ནི་འགུགས་བྱེད་མ། །དེ་བཞིན་རླུང་ནི་གར་དབང་ཕྱུག །ནམ་མཁའི་ཁམས་སུ་བརྗོད་པ་ནི། །པདྨ་འབར་བ་འཁྱིལ་བ་ཉིད། །འདི་ལྟར་ལུས་ཅན་རྣམས་ཀྱི་ལུས། །ཕུང་པོ་ལ་སོགས་ལྷ་བདག་ཉིད། །བདེ་དང་སྡུག་བསྔལ་དེ་བཞིན་ལས། །ཉོན་མོངས་ལ་སོགས་ངེས་སྐྱེས་པ། །བསྐྱེད་པའི་ཆ་ལ་ལེགས་གནས་པས། །སྲིད་དང་མྱ་ངན་འདས་པ་ཐོབ། །ཞེས་པའི་དོན་དྲན་པར་བྱའོ། །གསུམ་པ་མཆོད་གཏོར་གྱི་རྣལ་འབྱོར་ནི་ཚོགས་གཉིས་སྙེ་མར་ཤེས་པར་བྱ་ལ། གཏོར་མ་ལ་འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་པ་གཉིས་ཀྱི་དང་པོ་ནི་ཁ་ཟས་དཀུ་བག་ཅན་མ་འདྲེས་པའི་གཏོར་མ་ནང་མཆོད་ལ་སོགས་པས་སྦྱངས་ཏེ་སྔར་བདུད་རྩི་མྱངས་པའི་སྐབས་ལྟར་བསང་སྦྱངས་བྱིན་གྱིས་བརླབས་ནས། མདུན་བསྐྱེད་དང་མ་འབྲེལ་ན་མདུན་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ལེ་ཚེ་དགུ་དང་བཅས་པའི་ལེ་ཚེ་དབུས་མ་ལ་རྡོ་རྗེ་སེམས་དཔའ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་ས་བོན་ཙམ་ལས་ཡན་ལག་བཞི་རྫོགས་མདོར་བསྡུས་པས་བསྐྱེད། མདུན་བསྐྱེད་དང་འབྲེལ་ན་སྐད་ཅིག་གིས་གསལ་བཏབ་ལ། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ནས་འབྲས་ཙམ་གྱིས་མཚན་པ་དེ་ལས་འོད་བྱུང་བས་གཏོར་མ་དྲང་ཞིང་གསོལ་བར་བསམས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེས་ནས། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་བུྃ་ཨཱྃ་ཧྲཱིཿཁྃ། བྷཱུྃ་ཧཱུྃ་ཧྲཱིཿཧཱྃ། ཨྃ་ཨཱྃ། ཨིཾ་ཨཱིཾ། ཨུྃ་ཨཱུྃ། ཨྃ་ཨཿ མཻཾ་ཨྃ་ཧཱུྃ་ཏྲཱཾ། ཨཱྃ་མྃ་ཧྃ་ཧཱུྃ། ཨེཾ་ཨཻཾ། ཨོཾ་ཨཽཾ། རྀཾ་རཱྀཾ། ལྀཾ་ལཱྀཾ། ཛཿཧཱུྃ་བྃ་ཧོཿ ས་པ་རི་ཝཱ་ར་ཨི་དྃ་བ་ལིཾ་བྷུཉྫ། ཛི་གྷ། ཕུལླ། དྷཱུཔྤ། མཱྃ་ས། པིཾ་ག་ཨམྦྷ། སཔྤ། ཀཛྫ། སཱ་དཱ། ཁནྟི། ཁུ་ཎི། ཕེ་ཌ། ག་ད། ཨོཾ་ཨ་ཀཱ་རོ་མུ་ཁྃ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་མམ་བདུན་བརྗོད་པས་ཕུལ། ཕྱི་ནང་གི་མཆོད་པས་མཆོད་ནས་རྡོ་རྗེ་དྲིལ་བུ་འཛིན་པས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་ཅིང་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་མི་འཆི་རྒྱལ་པོ་སྟེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ཅིང༌། བདག་དང་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་སྟེ་འདས་པའི་གཏོར་མའོ། །གཉིས་པ་འཇིག་རྟེན་པའི་གཏོར་མ་ནི་འདོད་དོན་སྙེ་མར་ཤེས་པར་བྱའོ། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་རྣམས་གཏོར་མ་ལྟར་བྱིན་གྱིས་བརླབ་པའམ། བསྡུ་ན་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས། རང་ཉིད་ལྷར་གསལ་བའི་སྙིང་གར་བླ་མ་དང་རྡོ་རྗེ་སེམས་དཔའ་རིགས་བསྡུས་ཀྱི་དཀྱིལ་འཁོར། ལྟེ་བར་གཏུམ་མོའི་མེ་འབར་བའི་ཁྲོད་ན་ཞིང་སྐྱོང་གི་ཚོགས་འཇིག་རྟེན་པའི་མགྲོན་བསམ་གྱིས་མི་ཁྱབ་པ་དམིགས་ཏེ། རང་གི་ཁ་ཐབ་ཁུང༌། ལག་པ་དགང་བླུགས། ཁ་ཟས་རྣམས་བསྲེག་རྫས་སུ་བསམས་ནས། ཐོག་མར་ཕུད་ལས་ལྷ་བཤོས་དང་ཆང་བུ་ལ་སོགས་པ་ཐུན་མོང་གི་ལུགས་བཞིན་བྱ་སྟེ། ཁ་ཟས་རྣམས་ལ་ཆགས་ཞེན་མེད་པར་ལྷ་མཆོད་པའི་བསམ་པས་ཚིམ་ཞིང་རན་པར་བཟའ། ཟོས་ཚར་བ་དང་ལྷག་མ་རྣམས་མདུན་དུ་བཞག་སྟེ། ཡོད་ན་མ་ད་ན་ཅུང་ཟད་འཐུངས་ཏེ། ལག་པ་གཉིས་འབར་བའི་ཕྱག་རྒྱ་བཅས་པའི་ནང་ནས་ངག་ཏུ་བྷྲཱུྃ་ཞེས་པའམ། ཡང་ན་ཕྲེཾ་ཞེས་པ་དང་བསྟུན་ནས་གཏོར་མ་ལ་ཁ་ཕྲུས་བཏབ་སྟེ་ཡི་གེ་གསུམ་དང་ཨ་ཀཱ་རོའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཨོཾ་ཨུཙྪིཥྚ་བ་ལིནྟ་བྷཀྵ་སཱི་སྭཱ་ཧཱ། ཞེས་པའི་སྔགས་ལན་གསུམ་བརྗོད་པས་ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ཅད་ཚིམ་པར་བསམས་ལ་དོར་རོ། །ལྔ་པ་ཉལ་བའི་རྣལ་འབྱོར་ནི། གཉིད་ཁར་སྔར་མ་བསྡུས་ན་ལྷ་བསྡུ་བའི་སྐབས་སུ་བསྟན་པ་བཞིན་སྣོད་བཅུད་ནས་གཙོ་བོ་ཡབ་ཡུམ་གྱི་བར་བསྡུས་ལ། གཙོ་བོ་ཡབ་ཡུམ་ཡང་ཡུམ་ཡབ་ལ། ཡབ་སྙིང་གའི་ཧཱུྃ་ལ། ཧཱུྃ་གི་ཞབས་ཀྱུ་ཧ་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་མི་དམིགས་པར་བྱས་ལ་བསམ་གྱིས་མི་ཁྱབ་པའི་ངང་ལ་ཉལ་བར་བྱའོ། །དྲུག་པ་ལྡང་བའི་རྣལ་འབྱོར་ནི། ལྡང་བའི་ཚེ་སྟོང་པའི་ངང་ལས་སྐད་ཅིག་ཙམ་གྱིས་ཆུ་ལས་ཉ་འཕར་གྱི་ཚུལ་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུར་ལངས་ནས་དེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཤིང་ཧཱུྃ་ཞེས་བརྗོད་པས་སྣོད་བཅུད་ཐམས་ཅད་ལྷ་དང་དཀྱིལ་འཁོར་དུ་དམིགས་ནས། རང་གཟུགས་སྐུ་དང་སྣོད་བཅུད་ཕྲིན་ལས་འཇུག་པའི་ཡུལ་དུ་བསམས་ལ་ལྡང་ངོ༌། །བདུན་པ་ཁྲུས་ཀྱི་རྣལ་འབྱོར་ནི། དབང་བསྐུར་གྱི་ལྷའི་སྐབས་སུ་བསྟན་པ་ལྟར་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་ཏེ་མདུན་གྱི་ནམ་མཁར་དབང་བསྐུར་གྱི་ལྷ་སྤྱན་དྲངས་ནས་དབང་བཞི་ཐོབ་པའི་བར་ཅི་ལྟ་བ་བཞིན་དུ་བྱ་ལ། འོན་ཀྱང་རིགས་བདག་གི་རྒྱས་གདབ་པ་ནི་མེད་དོ། །བརྒྱད་པ་རྗེས་སུ་ཆགས་པའི་རྣལ་འབྱོར་ནི་ཉེ་བར་མི་མཁོ་བས་མ་བཤད་དོ། །དགུ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི་ཐུན་མཚམས་ཀྱི་སྐབས་སུ་རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་ཕུང་པོ་ལྔ་སངས་རྒྱས་ལྔ། ཁམས་ལྔ་ལྷ་མོ་ལྔ། ནང་གི་སྐྱེ་མཆེད་དྲུག་གཏི་མུག་རྡོ་རྗེ་ལ་སོགས་པ་དྲུག ཕྱིའི་ཡུལ་དྲུག་གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་དྲུག་ཏུ་ཤེས་པར་བྱ་སྟེ། ལྷ་ལ་ལྷ་ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་དོ། །དེ་ལྟར་ན་རྒྱུད་སྔ་ཕྱི་གཉིས་བསྡེབས་ཏེ། ལྷ་སོ་བདུན་སྒོ་སུམ་སྦྲག་ཅན་ཏེ་རྒྱས་པ་དང༌། བྱང་སེམས་བརྒྱད་སྤངས་ཏེ་སྒོ་རྐྱང་དུ་བྱ་བ་བརྟག་པ་འོག་མ་ཁོ་ནའི་དགོངས་པ་སྟེ་དཀྱིལ་འཁོར་རྒྱས་བསྡུས་གཉིས་ཡིན་ལ། སློབ་དཔོན་ཨ་བྷ་ཡས་མན་ངག་གི་སྙེ་མར། སྒོ་རྐྱང་ལ་བྱང་སེམས་བརྒྱད་དོར་བ་སྟེ། བཞད་མ། སྒེག་མོ། གླུ་མ། གར་མ། མེ་ལོང་མ། རོ་མ། རེག་མ། ཆོས་མ་རྣམས་བསྣན་པའི་ལྷ་སོ་བདུན་བྱས་པ་རང་ལུགས་དང༌། དེ་དག་སྤངས་ཏེ་བྱང་སེམས་བརྒྱད་བསྣན་པ་གཞན་ལུགས་ཏེ་ལྷ་སོ་བདུན་མ་ལུགས་གཉིས་དང༌། དེ་དག་སྤངས་པའི་ཉེར་དགུ་མ་སྟེ་ལུགས་གསུམ་བཤད་ཅིང༌། སློབ་དཔོན་བྷ་བ་བྷ་དྲས་རིགས་ལྔ་ཡུམ་བཞི་དྲག་ཤུལ་མ་སོགས་བརྒྱད། སྒེག་ཕྲེང་གླུ་གར་བཞི། གླིང་བུ་པི་ཝང་མུ་ཀུནྡ་རྫ་རྔ་བཞི་སྒོ་མ་བཞི་སྟེ་ལྷ་སུམ་ཅུ་སོ་གསུམ་གྱི་དཀྱིལ་འཁོར་ཡང་བཤད་པས། དེ་དག་གང་ཡང་རུང་བའི་རིམ་གཉིས་ཡན་ལག་དང་བཅས་པ་ཆུ་བོའི་རྒྱུན་ལྟར་བར་མ་ཆད་པར་ཉམས་སུ་བླང་ཞིང་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ལ་བརྟེན་ནས་སྤྱོད་པ་དང་ཉེ་བའི་རྒྱུས་མཚམས་སྦྱར་ཏེ། ཟུང་འཇུག་རྡོ་རྗེ་དབྱིངས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་བ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་བཀའོ།།  །།དཔལ་ལྡན་ཁ་སྦྱོར་རྒྱུད་འགྲེལ་རྒྱ་མཚོ་ལས། །ཏིང་འཛིན་རྣམ་གསུམ་སྒྲུབ་ཐབས་ཡིད་བཞིན་ནོར། །ཀུན་དགའ་བཟང་པོའི་བློ་ཡི་དེད་དཔོན་གྱིས། །ལེགས་པར་བླངས་ཏེ་ཚིག་གི་ཕྲེང་བར་བསྡེབས། །ལྷག་བསམ་དང་བློའི་རྒྱལ་མཚན་རྩེར་བཞག་ནས། །རྩེ་གཅིག་ཡིད་ཀྱིས་གུས་པར་གསོལ་བ་བཏབ་ན། །སྐུ་གཉིས་དཔལ་འབྱོར་འདོད་དགུའི་འབྲས་སྩོལ་ཞིང༌། །གཞན་ཕན་འོད་ཀྱིས་མི་ཤེས་མུན་སེལ་འགྱུར། །འདི་བྲིས་དགེ་བ་ཡིད་བཞིན་ནོར་བུ་དེས། །དོན་གཉེར་བློ་གྲོས་ཕོངས་པའི་སྐྱོན་བསལ་ནས། །རྒྱུད་སྡེའི་ལེགས་བཤད་ནོར་གྱིས་ཕྱུག་པ་དང༌། །རྣམ་མཁྱེན་ཆོས་ཀྱི་རྒྱལ་སྲིད་ཐོབ་པར་ཤོག །དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་འདི་ནི། བློ་གྲོས་ཀྱི་ལུས་རྫོགས་ཤིང་རྣམ་དཔྱོད་ཀྱི་བཞིན་རས་གསལ་བ་སློབ་དཔོན་སྦྱིན་པ་གྲགས་ཀྱི་ཐོག་པར་བསྐུལ་བ་དང༌། བློ་གསལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ཅིང་བརྩོན་འགྲུས་རྣམ་པར་དག་པས་རྒྱུད་སྡེ་རིན་པོ་ཆེ་འདི་ཉིད་ལ་ཐོས་བསམ་བྱེད་པ་མདོ་ཁམས་སྟོད་པ་ཀུན་དགའ་གཞོན་ནུས་ནན་གྱིས་གསོལ་བ་བཏབ་ཅིང་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རྒྱུད་དང་རྗེ་བཙུན་བསོད་ནམས་རྩེ་མོའི་འགྲེལ་ཆེན་གཞིར་བྱས་ཤིང༌། རྒྱུད་ཕྱི་མ་དང་སློབ་དཔོན་བྷ་བ་བྷ་དྲའི་རྡོ་རྗེ་མཁའ་འགྲོའི་འགྲེལ་པ་གཉིས་དཔང་པོར་བྱས་ནས། གྲུབ་པའི་དབང་ཕྱུག་ཌོམྦི་ཧེ་རུ་ཀའི་རྗེས་འབྲང་དང་བཅས་པའི་སྲོལ་དང་མཐུན་པར། དགའ་བའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་སྦྱར་བའོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།།  །། ༄། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་གསུངས་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་འདོད་དོན་སྙེ་མ་ཞེས་བྱ་བ་བཞུགས་སོ།།  ༈ །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་གསུངས་པའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་འདོད་དོན་སྙེ་མ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཨེ་ཝཾ་གཉིས་མེད་མི་འགྱུར་བདེ་བ་ཆེ། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ་བཏུད་ནས། །བར་ཆད་ཞི་དང་ཚོགས་གཉིས་སྤེལ་བའི་ཕྱིར། །གཏོར་མའི་ཆོ་ག་འདོད་དོན་སྙེ་མ་བཤད། །འདིར་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་གྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དཔལ་སམྦུ་ཊའི་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཆོ་ག་ཉམས་སུ་ལེན་པའི་ཚེ། ཐོག་མ་དང་བར་དང་ཐ་མ་གསུམ་དུ་གཏོར་མ་སྦྱིན་པར་གསུངས་པས་དེའི་ཆོ་ག་བཤད་ན། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་ཆོ་ག་དང་གསུམ་གྱི་དང་པོ་ནི། ཇི་ལྟར་རིགས་པའི་གནས་ཡིད་དུ་འོང་བར། བའི་རྣམ་ལྔ་ལ་སོགས་པས་སྐྱང་ནུལ་ལེགས་པར་བྱས་ལ། དེར་ཙནྡན་དཀར་པོས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་བྱུག དེའི་དབུས་སུ་ཁྲུ་གང་གི་ཚད་དུ་ཙནྡན་དམར་པོའམ་གུར་གུམ་ལ་སོགས་པ་དྲི་དམར་པོས་དཀྱིལ་འཁོར་གྲུ་བཞི་བྱ། དེ་ལ་ཐིག་བཞི་བཏབ་པས་ལེ་ཚེ་དགུར་བྱ། དེའི་ལེ་ཚེ་དབུས་མ་ཆེ་བར་བྱས་པ་ལ། རང་གང་བྱེད་ཀྱི་དཀྱིལ་འཁོར་གྱི་ལྷ་གྲངས་ཀྱི་མེ་ཏོག་གི་ཚོམ་བུ་དགོད་ཅིང་སྙིང་པོ་ཚིག་ཙམ་གྱིས་བསྐྱེད་པ་སྐབས་འདིར་བྱ། དེའི་ཕྱི་རོལ་གྱི་ལེ་ཚེ་བརྒྱད་ལ་ཞིང་སྐྱོང་བརྒྱད་ཆུང་མ་སོ་གཉིས་དང་བཅས་པའི་མེ་ཏོག་གི་ཚོམ་བུ་དགོད་པས་ལེ་ཚེ་རེ་རེ་ལ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་ལྔ་ལྔ་བྱའོ། །དེ་ནས་རང་གི་གཡོན་ཕྱོགས་ནས་མཆོད་ཡོན་སོགས་ཆུ་བཞི་དང༌། གཡས་ནས་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་དང༌། ཤ་སྐམ། ཁྲག ཉ་ཤ། ཏིལ་ཕྱེ། བག་ཕྱེ། འབྲས་ཆན། སྲན་ཆེན། བྱིས་ཀྱུ། བཙོང་སྒོག་ལ་སོགས་པ་རྫས་སྣ་ཚོགས་དང་ཁྱད་པར་བདུད་རྩི་ལྔ་དང་སྦྱར་བའི་གཏོར་མ། ལྷ་གྲངས་དང་མཉམ་པའམ་མ་འབྱོར་ན་བརྒྱད་དམ། དེའང་མ་འབྱོར་ན་ཆེ་བ་གཅིག་བཤམས་ལ། བ་དན་ལ་སོགས་པས་བརྒྱན། དེ་ནས་སློབ་དཔོན་རང་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་བརྟན་པོས་བགེགས་གདུག་པ་ཅན་རྣམས་བསྐྲད་པའི་ཕྱིར་སྒོའི་སློབ་དཔོན་རྣམས་དང་ལྷན་ཅིག་གོས་གསར་པ་གྱོན། རུས་པའི་རྒྱན་དང༌། བཅོས་མའི་སྟག་ལྤགས་དང༌། ཚངས་སྐུད་དང་བཅས་པས་བརྒྱན་ཅིང༌། རྡོ་རྗེ་དྲིལ་བུ་ཐོགས་ནས་གར་གྱི་བཀོད་པ་དང་བཅས་པས་རྡོ་རྗེའི་སྟབས་ཀྱིས་ཁྲིའུ་ལ་སོགས་པའི་སྟེགས་ལ་འདུག་པར་བྱའོ། །གཉིས་པ་ནི་མཆོད་པ་རྣམས་ལ་བསང་ཆུ་གཏོར་ཞིང༌། ལས་ཐམས་ཅད་པས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་རྣམས་ཀྱི་ནང་དུ་ཧཱུྃ་ལས་བྱུང་བའི་མཆོད་རྫས་སོ་སོར་བསྐྱེད་ནས་ཞིང་སྐྱོང་བ་བརྒྱད་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག་ཅེས་བརྗོད་ལ་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་གཏོར་མ་ཡང་ཆང་ལ་སོགས་པས་སྦྱངས་ཏེ་སྒྲུབ་ཐབས་ལས་བཤད་པ་ལྟར། བདུད་རྩིར་བྱིན་གྱིས་རློབ་པའི་ཆོ་གས་ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབ་བོ། །དེ་ནས་མགྲོན་གྱི་མཎྜལ། ལས་ཐམས་ཅད་པ་བཟླས་ཤིང་བསང་ཆུ་གཏོར་བས་བསང༌། སྭ་བྷཱ་ཝས་སྦྱངས་ནས། སྟོང་པའི་ངང་ལས་ཨེ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ་ལེ་ཚེ་དགུ་དང་བཅས་པའི་དབུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལྷ་སུམ་བཅུ་སོ་བདུན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐད་ཅིག་གིས་བཞུགས་པར་བསམ་ཞིང༌། དེ་བཞིན་དུ་ལྷ་བཅུ་བདུན་གྱི་བདག་ཉིད་ཀྱེ་རྡོ་རྗེ་ལ་སོགས་པ་གང་བསྒོམས་པའི་དཀྱིལ་འཁོར་བསམ་མོ། །དེའི་ཕྱི་རོལ་གྱི་ལེ་ཚེ་བརྒྱད་ལ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བཞི་པ་རེ་རེ་བསམས་ལ། བྱང་ཤར་གྱི་པདྨའི་ལྟེ་བར་དྲག་པོ་ནག་པོ་སྐུ་མདོག་སྐྱ་ནག་ཁྱུ་མཆོག་ལ་ཞོན་པ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་བ། ཕྱག་འོས་མ་གཉིས་ཀྱིས་ཐོད་པ་དང་རྩེ་གསུམ་འཛིན་པ། འོག་མ་རྣམས་ཀྱང་ཞལ་གཅིག་ཕྱག་བཞི་པའི་དང་པོ་གཉིས་བཅོམ་ལྡན་འདས་ལ་ཕྱག་འཚལ་བའི་ཚུལ་ཡིན་ཞིང༌། འོག་མ་གཉིས་རང་རང་གི་ཕྱག་མཚན་འཛིན་པ་ཡིན་པར་ཤེས་པར་བྱའོ། །དེའི་འདབ་མ་བཞི་ལ་ཤར་དུ་གདོལ་པ་མོ། བྱང་དུ་འཇིགས་པའི་གཟུགས་དང༌། ནུབ་ཏུ་དཀའ་བཟློག་མ་དང༌། ལྷོར་མི་སྡུག་མ་བཞིས་བསྐོར་བའོ། །ཤར་གྱི་པདྨའི་ལྟེ་བར་དྲག་པོ་ཆེན་པོ་མདོག་སེར་པོ་གླང་པོ་ཆེ་ལ་ཞོན་པ། གཡས་པས་རྡོ་རྗེ་འཛིན་ཞིང་གཡོན་པས་གླང་པོ་ཆེ་ལ་བསྣུན་པ། འདབ་མ་བཞི་ལ་ཤར་དུ་རྒྱལ་མ་དང༌། བྱང་དུ་རྣམ་རྒྱལ་མ་དང༌། ནུབ་ཏུ་མི་ཐུབ་མ་དང༌། ལྷོར་གཞན་གྱིས་མི་ཐུབ་མ་བཞིས་བསྐོར་བའོ། །ཤར་ལྷོའི་པདྨའི་ལྟེ་བར་ལྷ་སྦྱིན་མཉམ་དུ་བསྟེན་པ་དམར་པོ་ར་སྐྱེས་ལ་ཞོན་པ། གཡས་པས་དགང་གཟར་དང་དབྱུག་གུ། གཡོན་པས་བ་དན་དང་གྷུནྡྷེ་འཛིན་པ། འདབ་མ་བཞི་ལ་ཤར་དུ་ནག་མོ་བཟང་མོ་དང༌། བྱང་དུ་ནག་པོ་ཆེན་མོ་དང༌། ནུབ་ཏུ་ནག་སྦོམ་མ་དང༌། ལྷོར་རྣལ་འབྱོར་མའི་དབང་ཕྱུག་མ་བཞིས་བསྐོར་བའོ། །ལྷོའི་པདྨའི་ལྟེ་བར་ནག་པོ་མ་ཧེ་ལ་ཞོན་པ་མདོག་ནག་པོ། གཡས་དབྱུག་པ་དང་གཡོན་མདུང་འཛིན་པ། འདབ་མ་བཞི་ལ་ཟླ་བ་མོ་དང༌། འཇིགས་པ་མོ་དང༌། གདུག་པ་ཅན་དང༌། ལམ་པ་ཀཱི་བཞིས་བསྐོར་བའོ། །བདེན་བྲལ་གྱི་པདྨའི་ལྟེ་བར། གཙིགས་པ་ནག་པོ་རོ་ལངས་ལ་ཞོན་པ་མདོག་ནག་པོ་གཡས་དབྱུག་པ་དང་གཡོན་ཕུབ་འཛིན་པ། འདབ་མ་བཞི་ལ་སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་མ་དང༌། གཡོ་ལྡན་མ་དང༌། མར་མེ་མ་དང༌། འཇིབས་བྱེད་མ་བཞིས་བསྐོར་བའོ། །ནུབ་ཀྱི་པདྨའི་ལྟེ་བར། མི་སྡུག་དཀར་པོ་ཆུ་སྲིན་ལ་ཞོན་པ། གཡས་གདེངས་ཀ་བདུན་གྱིས་མཚན་པའི་ཞགས་པ་འཛིན་ཅིང༌། གཡོན་པ་གདན་ལ་བརྟེན་པ། འདབ་མ་བཞི་ལ་འཇིགས་པའི་གཟུགས་དང༌། གཟུགས་ཆེན་མོ་དང༌། མཆེ་བའི་གཟུགས་དང༌། གཙིགས་པ་མ་བཞིས་བསྐོར་བའོ། །རླུང་གི་པདྨའི་ལྟེ་བར། དགའ་ལས་འདས་ལྗང་གུ་རི་དྭགས་ལ་ཞོན་པ། གཡས་པས་རླུང་གིས་བསྐྱོད་པའི་རས་འཛིན་ཅིང༌། གཡོན་པ་གདན་ལ་བརྟེན་པ། འདབ་མ་བཞི་ལ་ཐོད་པའི་ཕྲེང་བ་མ་དང༌། འཕྱང་བ་དང༌། མཐུ་ཆེན་མ་དང༌། ལག་ན་ཁ་ཊྭཱཾ་ག་བཞིས་བསྐོར་བའོ། །བྱང་གི་པདྨའི་ལྟེ་བར། ལོག་འདྲེན་སེར་པོ་མི་ལ་ཞོན་པ། གཡས་ལྕགས་ཀྱུ་དང་གཡོན་དབྱུག་ཏོ་འཛིན་པ། འདབ་མ་བཞི་ལ་ལག་ན་དགྲ་སྟྭ་དང༌། ལག་ན་རལ་གྲི་དང༌། རྡོ་རྗེ་ལག་མ་དང༌། གཞུ་ལག་མ་བཞིས་བསྐོར་བའོ། །གཙོ་བོ་རྣམས་ནི་རུས་པ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་གྱི་ལྷ་མོ་རྣམས་རང་རང་གི་གཙོ་བོའི་སྐུ་མདོག་དང་མཚུངས་ཤིང༌། ཞལ་གཅིག་ཕྱག་བཞི་པའི་ཕྱག་དང་པོ་གཉིས་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པ་སྣ་ཚོགས་ཐོགས་ཤིང༌། ཕྱག་འོག་མ་གཉིས་ཀྱིས་གཙོ་བོ་དང་མཚུངས་པའི་ཕྱག་མཚན་འཛིན་པ་ལས། ཁྱད་པར་ལག་ན་ཁ་ཊྭཱཾ་ག་ལ་སོགས་པ་ལྔ་ནི་རང་མིང་གི་ལག་ཆ་འཛིན་པར་བསམ་མོ། །དེ་ནས་ལག་པ་གཡོན་གཏོར་མ་འཛིན་པའམ། ཡང་ན་གཏོར་མ་འཛིན་པའི་ཚུལ་བྱས་ལ། གཡས་ཁུ་ཚུར་བཅངས་པའི་གུང་མཛུབ་དཔུང་པའི་ཐད་དཀར་འཕྱར་ཞིང༌། རྐང་པ་གཡས་པས་གཡོན་པ་མནན། སྤྱི་བོར་ཕཊ་ཀྱི་ཡི་གེ་བསམ། དེ་ལས་འོད་ཟེར་འཕྲོས་པས་ཤིང་གཅིག་དང་དུར་ཁྲོད་ལ་སོགས་པའི་གནས་བཅུ་གཅིག་ནས་ཞིང་སྐྱོང་མ་མོའི་ཚོགས་དང་བཅས་པ་ལ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་བོ་དང་ནི་འབབ་ཆུ་དང༌། །ཁྱིམ་དང་གྲོང་གི་ངོས་དང་ནི། །ཞིང་དང་གྲོང་ནི་སྟོངས་པ་དང༌། །སེམས་ཅན་སྣོད་དང་ཐང་སོན་དང༌། །ཆུ་ལ་ཡང་ནི་ཁྱད་པར་དུའོ། །དྲག་པོ་ནག་པོ་དྲག་པོ་ཆེ། །ལྷ་སྦྱིན་མཉམ་དུ་བསྟན་པ་དང༌། །ནག་པོ་གཙིགས་པ་འཇིགས་སུ་རུང༌། །དགའ་ལས་འདས་དང་ལོག་འདྲེན་མ། །གདོལ་པ་མོ་དང་འཇིགས་པའི་གཟུགས། །ལྷ་མོ་དཀའ་བཟློག་མི་སྡུག་མ། །རྒྱལ་མ་དང་ནི་རྣམ་རྒྱལ་ཉིད། །མི་ཐུབ་མ་དང་གཞན་མི་ཐུབ། །ནག་མོ་བཟང་མོ་ནག་མོ་ཆེ། །ནག་སྦོམ་རྣལ་འབྱོར་མའི་དབང་མོ། །ཟླ་བ་མོ་དང་འཇིགས་པ་མོ། །གདུག་པ་ཅན་དང་ལཾ་པ་ཀི །སུམ་ཅུ་རྩ་གསུམ་དབང་ཕྱུག་མ། །གཡོ་ལྡན་མར་མེ་འཇིབས་བྱེད་མ། །གྲོང་དུ་གནས་པ་རྣལ་འབྱོར་མ། །འཇིགས་པའི་གཟུགས་དང་གཟུགས་ཆེན་མ། །མཆེ་བའི་གཟུགས་དང་གཙིགས་པ་ཉིད། །ཐོད་པའི་ཕྲེང་བ་འཕྱང་བ་ཅན། །མཐུ་ཆེན་ལག་ན་ཁ་ཊྭཱཾ་ག །ལག་ན་དགྲ་སྟྭ་རལ་གྲི་དང༌། །རྡོ་རྗེའི་ལག་མ་གཞུ་ཡི་ལག །མཁའ་འགྲོ་མ་ཡི་དེ་ཉིད་ཆེ། །ལས་རྣམས་རྗེས་སུ་གྲུབ་པར་བྱེད། །རྣལ་འབྱོར་དབང་ཕྱུག་རྒྱལ་མོ་ཆེ། །དེ་བཞིན་རྡོ་རྗེའི་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ལས། །སྐྱོན་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་ཕྱུག་བཀའ་ལུང་གིས། །ཐམས་ཅད་གནས་ནས་ཐམས་ཅད་དགུག །ཨོཾ་ཀ་ཀ་ཀཱ་དྷ་ན། བ་བ་བནྡྷ་ན། ཁ་ཁ་ཁཱ་དྷ་ན། སརྦ་དུཥྚ་ནཾ་ཧ་ན་ཧ་ན་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་མུ་ཀ་སྱ་ཤཱིནྟཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿསྭཱ་ཧཱ། ཞེས་པས་སྤྱན་དྲངས། ཨ་མུ་ཀ་སྱ་ཞེས་པ་རང་དོན་ཡིན་ནམ་མ་ངེས་པ་དང༌། གཞན་དོན་ཡིན་ན་དེ་དག་གི་མིང་གཞུག་པར་བྱའོ། །དེ་ནས་པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་པས་གདན་འབུལ། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཞེས་པ་སྔོན་དུ་འགྲོ་བའི་མཆོད་པ་ལྔས་མཆོད་ནས། སྒྲུབ་ཐབས་ནས་འབྱུང་བ་ལྟར་སྒོ་མ་བཞིས་སྔགས་རྒྱས་དགུག་གཞུག་བཅིང་མཉེས་དབང་དུ་བྱས་ནས། གནས་གསུམ་ཡང་བྱིན་གྱིས་བརླབས་ལ་དབང་བསྐུར་ཏེ་ཐམས་ཅད་ལ་མི་བསྐྱོད་པའི་རྒྱས་གདབ་བོ། །དེ་ནས་བྱིན་གྱིས་བརླབས་པའི་མཆོད་པ་རྣམས་དཔག་ཏུ་མེད་པར་མོས་ལ། མདུན་དུ་བཟེད་ཞལ་རྣམས་བཞག་སྟེ། ངག་ཏུ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །ཞིང་སྐྱོང་འཁོར་དང་བཅས་པ་འབུལ། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཀྲྀཥྞ་རུ་དྲ་མ་ཧཱ་རུ་དྲ་ཞེས་པ་ནས་བཛྲ་ཧསྟེ་དྷ་ནུ་ཧསྟ་ཞེས་པའི་བར་གཏོར་སྔགས་ལྟར་བརྗོད་པའི་རྗེས་ལ། གྲྀཧྞེ་དཾ་ས་པ་རི་ཝཱ་ར་ཨརྒྷཾ་སྭཱ་ཧཱ། ཞེས་བརྗོད་ཅིང་མཆོད་ཡོན་དབུལ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ་མེ་ཏོག་སོགས་སྦྱར་བའི་ཚིགས་བཅད་དང༌། སྔགས་རྣམས་ཀྱི་མཇུག་ཏུ་པུཥྤེ་ལ་སོགས་པ་སྦྱར་ཏེ་རོལ་མོའི་བར་དུ་དབུལ། དེ་ལྟར་མཆོད་ཡོན་ལ་སོགས་པ་རྣམས་བཟེད་ཞལ་དང༌། མེ་ཏོག་ལ་སོགས་པ་རྣམས་རང་རང་གི་གནས་སུ་དབུལ་ལོ། །དེ་ནས་མགྲོན་རྣམས་ཀྱི་ལྗགས་ལ་རྡོ་རྗེ་ནས་འབྲས་ཙམ་གྱིས་མཚན་པར་བསམས་ལ། དེ་ལས་འོད་བྱུང་བས་གཏོར་མ་དྲངས་ཤིང་གསོལ་བར་བསྒོམས་སྟེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཨེ་ཀ་བྲྀཀྵ་ཤྨ་ཤཱ་ན། སརྦ་ཏེ་ཀནྡ་རེ། གྲྀ་ཧེ་གྲ་མ་པཱ་ར་ཤེ ཀྵེ་ཏྲ་གྲ་མ་ཤཱུ་ནྱ་ག་ཏེ། སཏྭ་བྷཉྫ་སྠཱ་ལ་ག་ཏེ། མཱ་ཏ་ག་ན་བེ་ཤེ་ཥེ་ཏཱ། ཀྲྀཥྞ་རུ་དྲ་མ་ཧཱ་རུ་དྲ། དེ་བ་དཏྟ་ས་མ་ཤྲཱི་ཏ། ཀྲྀཥྞ་ཨཱ་ཀ་རཱ་ལ་བི་བྷཏྶ་ཨཱ་ནནྡཱ་ཏཱི་ཏ། བི་ནཱ་ཡ་ཀཱ། ཙ་མུཎྜ་གྷོ་རཱི་རཱུ་པཱི། སི་བྷཏྶ་ཨུ་མ་དེ་བཱི་ཙ་མ་ཏཱ་ར། ཛ་ཡ་ཙ་བི་ཛ་ཡ་ཙ། ཨ་ཛི་ཏཱ་ཨ་པ་རཱ་ཛི་ཏཱ། བྷ་དྲཱ་ཀཱ་ལཱི་མ་ཧཱ་ཀཱ་ལཱི། སྠཱུ་ལ་ཀཱ་ལཱི་ཡོ་གཱི་ཨིནྡྲཱ། ཙནྡྲཱི་གྷོ་རཱི། དུཥྚཱ་ཙ་ལཾ་པ་ཀཱི ཏྲི་«་་་་་ཏྲཱ་ཡ་ཏྲིཾ་ཤ་ཏཱི་ཤྭ་རཱི། འདི་དག་འདྲ། »ད་ཤེ་ཤྭ་རཱི། ཀཾ་པོ་ཛ་དཱི་བ་ཙུཾ་བི་ནྱཱ། གྲ་མེ་ཝ་ས་ན་ཡོ་གི་ནཱི། གྷོ་ར་རཱུ་པཱི་མ་ཧཱ་རཱུ་པཱེ། དཾཥྚྲ་རཱུ་པ་ཀ་རཱ་ལི་ནཱི། ཀ་པཱ་ལ་མཱ་ལ་མཱ་ལི་ནྱཱ། ཁ་ཊྭཱཾ་ག་ཨངྒི་ནཱི་མ་ཧཱ་དྷཱ་ཀཱ། ཁཌྒ་པ་ར་ཤུ་ཧསྟ་ཡ། བཛྲ་ཧསྟ་ཡ་དྷ་ནུ་ཧསྟེ། མ་ཧཱ་སུ་ཁ་ཨ་ཛྙཱ་ཨི་དཾ་བ་ལིཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། གྲྀཧྞནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷམྨེ་པྲ་ཡཙྪནྟུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་མམ་ལྔ་བརྗོད་པས་མགྲོན་རྣམས་མཉེས་པར་བསམ་མོ། །དེ་ནས་སྣོད་ལ་སོགས་པར་གྲུབ་ན་སྙིམ་པས་གཞལ་ཞིང་དབུལ། མ་གྲུབ་ན་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་ལས་མཛུབ་མོ་ལུ་གུ་རྒྱུད་དུ་བྱས་ལ་ཨོཾ་ཏིཥྛ་ཧཱུྃ། བྷཀྵ་བྷཀྵ་ཕཊ་སྭཱ་ཧཱ། ཞེས་དང་སེ་གོལ་ལན་གསུམ་གཏོགས་སོ། །དེ་ནས་ཉེར་སྤྱོད་བསྡུས་པ་དང་བདུད་རྩིས་ཀྱང་མཆོད་ལ། རྡོ་རྗེ་དྲིལ་བུ་འཛིན་པས། རྡོ་རྗེ་ཅན་གྱི་རྣམ་འཕྲུལ་ལས། །སུམ་ཅུ་རྩ་གསུམ་གནས་རྣམས་སུ། །འཇིག་རྟེན་སྐྱོང་བའི་ཚུལ་འཛིན་པའི། །ཞིང་སྐྱོང་མ་མོ་འཁོར་བཅས་དང༌། །ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི༴ གནོད་སྦྱིན༴ སྲིན་པོ༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི༴ མ་མོའི་ཚོགས་རྣམས་མ་ལུས་དང༌། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་ཕྱིར་ནག་པོའི་ཚོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང༌། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་བསྟོད། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་འདི་ཞེས་བྱ་བ་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་ཕྲིན་ལས་གཞོལ། རྡོ་རྗེ་འཆང་གིས་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པའི་གང་ཟག་རྣམས་བསྲུང་ཞིང་སྐྱོང་བར་བཀའ་བསྒོ་ཞིང་ཞལ་གྱིས་བཞེས་པའི་ཞིང་སྐྱོང་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་དར་བ་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བ། ཁྱད་པར་དུ་ཡང་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཔལ་ཆེ་གེ་མོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བྲི་བ་དང༌། སྒྲུབ་ཅིང་མཆོད་པ་དང༌། རྡོ་རྗེ་སློབ་དཔོན་མ་རྣམས་དབང་བསྐུར་བར་འཚལ་ན། སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་བརྗོད་པས་དངོས་གྲུབ་བླང༌། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་ཉམས་པ་དང༌། །སོགས་བརྗོད་ལ་ནོངས་པ་བཟོད་པར་གསོལ། གཡོན་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག ལག་པ་གཡས་པ་བརྐྱང་བ་ས་ལ་བཞག་ནས་ལེ་ཚེ་དབུས་མའི་འདས་པའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། ཨོཾ་པདྨ་ཏིཥྛ་ཧཱུྃ་སྭཱ་ཧཱ། ཞེས་པས་དམ་ཚིག་པ་བདག་ལ་བསྡུས་ལ། ཨོཾ་ཀྲྀཥྞ་རུ་དྲ་སོགས་ཀྱི་སྔགས་བརྗོད་ཅིང་མཆོད་ཡོན་བསྒྲེང་ལ་སྔར་གྱི་ཕྱག་རྒྱ་དང༌། ཨོཾ་སརྦ་དུཥྚཱཾ་གྲྀཧྞ་གྲྀཧྞ་གཙྪ་ཧཱུྃ་ཕཊ། ཞེས་བརྗོད་ཅིང༌། སྲིན་ལག་དང་མཐེ་བོང་བརྡབ་པའི་སེ་གོལ་ལན་གསུམ་གཏོགས་པས་ཞིང་སྐྱོང་འཁོར་དང་བཅས་པ་རྣམས་གཤེགས་སུ་གསོལ་ལོ། །དེ་ཡང་དང་པོར་ས་ཆོག་དང༌། སྔོན་འགྲོའི་གཏོར་མ་རྣམས་ཀྱི་དུས་སུ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་དུ་བར་ཆད་བསྲུང་བའི་ཕྱིར་ཕྱོགས་མཚམས་བརྒྱད་དུ་འཁོད་པར་བསམས་ལ། ཕྱི་རོལ་པའི་གཏོར་མའི་སྐབས་སུ་ནི། རང་རང་གི་ཕྱོགས་སུ་སོང་ལ་སོ་སོར་གཏོར་མ་འབུལ་བས་གཤེགས་གསོལ་མི་བྱེད་པའམ། ཁང་པའི་ཕྱོགས་མཚམས་ཀྱི་རང་གནས་སུ་གཤེགས་སུ་གསོལ་བ་གང་བདེ་བྱ་ཞིང༌། མཇུག་དཀྱིལ་འཁོར་བསྡུ་བའི་གཏོར་མའི་ཚེ་ཤིང་གཅིག་དང་དུར་ཁྲོད་ལ་སོགས་པ་རང་རང་གི་གནས་སུ་གཤེགས་སུ་གསོལ་བ་ནི་རྒྱུད་འགྲེལ་ལས་གསུངས་པས་ཡང་དག་པའི་དོན་དུ་ཤེས་པར་བྱའོ། །དེ་ནས་དྲིའི་དཀྱིལ་འཁོར་བསྡུ་ཞིང་མཆོད་རྫས་དམན་པ་རྣམས་དང་གཏོར་མ་རྣམས་རོལ་མོ་དང་བཅས་པས་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བསྡུས་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ང་རྒྱལ་གྱིས་བདག་དང་སློབ་མ་རྣམས་བསྲུང་བར་བྱའོ། །གང་གི་ཚེ་དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་བར་མདུན་གྱི་མཎྜལ་མཆོད་པ་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བྱེད་པ་དེའི་ཚེ་གཏོར་མ་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ་ཕྲིན་ལས་གཞོལ་པའི་བར་བྱའི། གཞན་གོང་འོག་གི་ཆོ་ག་རྣམས་བྱ་མི་དགོས་ལ་སྔོན་འགྲོ་དང་ཕྱི་རོལ་པ་དང༌། དཀྱིལ་འཁོར་བསྡུ་བའི་གཏོར་མ་རྣམས་ལ་ནི་ཇི་སྐད་བཤད་པ་བཞིན་ཆོ་ག་ཐམས་ཅད་རྫོགས་པར་བྱའོ། །ལྷག་བསམ་དག་པའི་མཁའ་དབྱིངས་དཀྱིལ་འཁོར་དུ། །དམ་རྫས་བདུད་རྩིའི་སྤྲིན་ཚོགས་རབ་བསྡུས་ནས། །རྣམ་དག་ཆོ་གའི་འབྲུག་སྒྲ་འདི་བསྒྲགས་པས། །མཆོད་ཡུལ་རྨ་བྱའི་ཚོགས་ཀུན་དགྱེས་པར་མཛོད། །ཅེས་པ་འདི་ཡང་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཡེ་ཤེས་ཞབས་ཀྱི་གསུང་གི་ཚ་ཟེར་ལས་སྐྱེས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོ་ལ། རྒྱུད་འདི་དོན་དུ་གཉེར་ཞིང་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་པ། མདོ་སྟོད་པ་ཀུན་དགའ་གཞོན་ནུས་གསོལ་བ་བཏབ་པའི་ངོར། རྒྱུད་འགྲེལ་ཆེན་པོའི་དགོངས་པ་ཅི་ལྟ་བ་བཞིན་དུ་དཔལ་ས་སྐྱའི་ཆོས་གྲྭར་སྦྱར་བའོ།།  །།ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།། ༄། །དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ཆོ་ག་ཚོགས་གཉིས་སྙེ་མ་ཞེས་བྱ་བ་བཞུགས་སོ།།  ༈ །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་བྱུང་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ཆོ་ག་ཚོགས་གཉིས་སྙེ་མ་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་ཆུ་གཏེར་དབུས་སུ་རབ་བརྗིད་ཅིང༌། །དབང་བཞིའི་བང་རིམ་ཕྲེང་བས་ཉེར་མཛེས་པ། །རིམ་གཉིས་ཉི་ཟླའི་ཚོགས་ཀྱིས་ཡོངས་བསྐོར་བ། །སྐུ་བཞིའི་ལྷུན་པོ་དཔལ་ལྡན་བླ་མར་འདུད། །ཀུན་བཟང་མཆོད་པའི་སྤྲིན་ཆེན་ལྟ་བུ་ཡིས། །དཔལ་ལྡན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང༌། །སྲས་བཅས་རྒྱལ་བའི་ཚོགས་རྣམས་མཉེས་བྱའི་ཕྱིར། །མཆོད་པའི་ཆོ་ག་ཚོགས་གཉིས་སྙེ་མ་བྲི། །རྡོ་རྗེ་ཐེག་པར་ཞུགས་པ་རྣམས། །ཚོགས་གཉིས་རྒྱ་ཆེན་སྤེལ་འདོད་པས། །མཆོད་པ་བཤམ་ཞིང་བྱིན་གྱིས་བརླབ། །མཎྜལ་བསྒྲུབ་ཅིང་བཞི་རྫོགས་བྱ། །ཕྱག་འཚལ་མཆོད་པ་དབུལ་བ་དང༌། །རྒྱུན་བཤགས་སྡོམ་པ་བཟུང་བ་དང༌། །སླར་ཡང་མཆོད་བསྟོད་དངོས་གྲུབ་བླང༌། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །མཆོད་པ་ཕྱི་ནང་ཡིད་ལས་བྱུང༌། །གསང་དང་དེ་ཉིད་བླ་ན་མེད། །བསྟོད་པ་བཀྲ་ཤིས་གླུ་བླང་བྱ། །ཕྱི་ལ་ཆུ་བཞི་ཉེར་སྤྱོད་ལྔ། །རོལ་མོ་གོས་ཟུང་འབྲས་བུའོ། །ཡིད་ལ་ཐུན་མོང་ཁྱད་པར་དང༌། །རིན་ཆེན་ཉེ་བའི་རིན་ཆེན་བདུན། །བཀྲ་ཤིས་རྟགས་བརྒྱད་འདོད་ཡོན་ལྔ། །ཞེས་བྱའོ། །དེ་ལ་དང་པོ་མཆོད་པ་བཤམ་པ་ནི། ཡིད་དང་མཐུན་པའི་གནས་སུ་ཕྱག་དར་སྐྱང་ནུལ་ལེགས་པར་བྱས་ལ། དེར་ཁྲུ་གསུམ་ལ་སོགས་པའི་ཚད་དང་ལྡན་པའི་མཎྜལ་བྱི་དོར་བྱས་ལ་བའི་རྣམ་པ་ལྔས་ཟླུམ་པོར་བྱུག དེའི་གཡས་ཕྱོགས་ནས་བརྩམས་ཏེ། མཆོད་ཡོན་ལ་སོགས་པའི་སྣོད་གསེར་དངུལ་ལམ། མ་འབྱོར་ན་རྡོའམ་ཤིང་ངམ་ཟངས་ལ་སོགས་པ་ལ་པདྨ་འདབ་བརྒྱད་ཀྱི་དབྱིབས་སུམ་ཆ་ལྟེ་བ་ལ་ཡོད་པ་བྱས་པའམ། ཉ་ཕྱིས་སམ་དུང་ཕོར་ལ་སོགས་པའང་རུང་སྟེ། དེ་དག་གི་ནང་དུ་ཆུ་དང་དྲི་བཟང་སྦྱར་བ་ཞབས་བསིལ་དང༌། ཆུ་དང་འོ་མར་སྦྱར་བ་ཞལ་བསིལ་དང༌། འཐོར་འཐུང་གི་ཆུ་གཙང་མ་ཀུ་ཤ་དང་བཅས་པ་དང༌། ཆུ་དང་མེ་ཏོག་དཀར་པོ་སྦྱར་བའི་མཆོད་ཡོན་དང༌། གཡོན་དུ་མེ་ཏོག་དང༌། བདུག་སྤོས་དང༌། མར་མེ་དང༌། དྲི་དང༌། ཞལ་ཟས་རྣམས་རིམ་པ་བཞིན་བཞག གཞན་ཡང་རོལ་མོ་དང་གོས་ཟུང་དང༌། འབྲས་བུ་ལ་སོགས་པ་འོག་ནས་འབྱུང་བའི་དངོས་སུ་འབྱོར་པའི་མཆོད་པ་རྣམས་ལྷ་གྲངས་དང་མཉམ་པར་བཤམ། མདུན་དུ་བཟེད་ཞལ་གསུམ་དང༌། རང་གི་གཡོན་དུ་ཐོད་པའི་ནང་དུ་ཆང་ལ་བདུད་རྩི་རིལ་བུ་བཏབ་པ་དང༌། རྡོ་རྗེ་གཡས་དང་དྲིལ་བུ་གཡོན་དུ་བཞག རྡོ་རྗེའི་གཡས་སུ་དུང་ཆོས་ལ་སོགས་པའི་སྣོད་དུ་དྲི་བཟང་པོའི་ཆུ་ཀུ་ཤའི་ཆུན་པོ་དང་བཅས་པ་བཞག་གོ །གཉིས་པ་བྱིན་གྱིས་བརླབ་པ་ནི། རང་ལྷའི་ང་རྒྱལ་གྱིས་བསང་ཆུ་དེ་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཅེས་པས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཤཾ་ལས་ལྷ་རྫས་ལས་གྲུབ་པའི་དུང་ཕོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུྃ་ལས་བྱུང་བའི་བསང་ཆུ་རྫས་རྣམས་ཀྱི་དྲི་མ་དང་ཉེས་སྐྱོན་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་བསམས་ལ། གཙོ་བོའི་སྔགས་ཉེར་གཅིག་དང་ལས་ཐམས་ཅད་པ་བརྒྱ་རྩ་བརྒྱད་བཟླས་པས་བྱིན་གྱིས་བརླབ་བོ། །དེ་ནས་ཀུ་ཤས་བསང་ཆུ་བླངས་ཏེ། དཀྱིལ་འཁོར་གྱི་ཁང་པ་དང་མཆོད་པ་ཐམས་ཅད་ལ་གཏོར་ཞིང༌། ཨོཾ་སརྦ་སཾ་ཤོ་སོགས་བརྗོད་ཅིང༌། སེམས་ཀྱིས་སྙིང་གའི་ས་བོན་གྱི་འོད་ཀྱིས་མཆོད་པ་ལ་གནོད་པའི་བགེགས་དང་ལོག་འདྲེན་ཐམས་ཅད་བསྐྲད་པ་བསྒོམས་པས་བསང༌། དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་མཆོད་པའི་ཡོ་བྱད་དེ་རྣམས་རང་བཞིན་གྱིས་སྟོང་པར་བསམས་པས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་བསིལ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་བསམ་པས་བསྐྱེད། དེ་ནས་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་སྦྱར་བའི་གུང་མོ་གཉིས་རྩེ་མོ་སྦྱར་ཏེ་བརྐྱངས་པ་ནི་མཆོད་ཡོན་གྱི་ཕྱག་རྒྱ་ཡིན་ལ། དེ་ཉིད་ལན་བཞིའི་བར་དུ་བྱ་ཞིང༌། ཨོཾ་ནཱི་རཱི་ཧཱུྃ་ཁཾ་གིས་ཞབས་བསིལ་དང༌། ཨོཾ་ནི་ཝི་ཏི་ཧཱུྃ་ཁཾ་གིས་ཞལ་བསིལ་དང༌། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་གིས་འཐོར་འཐུང་དང༌། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་གྱིས་མཆོད་ཡོན་དང༌། ལག་པ་གཉིས་ཀྱི་སྙིམ་པ་གྱེན་དུ་འཐོར་བ་ལྟར་བྱེད་པ་མེ་ཏོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག ལག་པ་གཉིས་ཁུ་ཚུར་ཁ་ཐུར་དུ་བསྟན་པ་བདུག་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་དྷཱུ་པེ་ཨཱ་ཧཱུྃ་གིས་བདུག་སྤོས་དང༌། ཁུ་ཚུར་གཉིས་གཤིབས་ཏེ་མཐེ་བོང་བསྒྲེངས་པ་མར་མེའི་ཕྱག་རྒྱ་དང༌། ཨཱ་ལོ་ཀེས་མར་མེ། ཐལ་མོ་ཁ་ཕྱིར་བསྟན་ནས་གྱེན་དུ་བརྐྱང་བ་དྲིའི་ཕྱག་རྒྱ་དང༌། གནྡྷེས་དྲི། ཐལ་མོ་གཉིས་ཁ་གྱེན་དུ་བསྟན་པ་གཤིབས་ལ་མཐེ་བོང་གཉིས་ཅུང་ཟད་བསྐྱོད་པ་ལྷ་བཤོས་ཀྱི་ཕྱག་རྒྱ་དང༌། ནཻ་ཝི་ཏེས་ཞལ་ཟས། ཤབྡས་རོལ་མོ་རྣམས་བྱིན་གྱིས་བརླབ། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་སྥ་ར་ཎ་ཁཾ། ཞེས་པས་དཔག་ཏུ་མེད་པར་སྤྲོའོ། །གསུམ་པ་མཎྜལ་བསྒྲུབ་པ་ནི། དཀྱིལ་འཁོར་གྱི་ས་གཞི་ལ་བསང་ཆུས་གཏོར་ཞིང༌། དེར་ཙནྡན་དཀར་པོས་ཆོས་འབྱུང་གྲུ་གསུམ་པ་ཅི་ལྟར་རིགས་པ་བྱས་པའི་དབུས་སུ། ཁྲུ་གང་གི་ཚད་ཙམ་གྱི་ཙནྡན་དམར་པོ་དང་གུར་གུམ་ལ་སོགས་པའི་དྲི་དམར་པོས་དཀྱིལ་འཁོར་གྲུ་བཞི་བྱ། དེ་ལ་ཟླུམ་པོར་བསྐོར་ཏེ་ཐིག་བཞི་བཏབ་ནས་ལེ་ཚེ་དགུར་བྱས་པའི་དབུས་མ་ལ་བསང་ཆུས་གཏོར། བསང་སྦྱང༌། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་ཉི་ཤུ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པའི་བར་དུ་བསྐྱེད། དེ་ནས་ལག་པ་བཀྲུས་ཏེ། གཡས་པའི་མཐེབ་མཛུབ་གཉིས་ཀྱིས་མེ་ཏོག་ཅུང་ཟད་བཟུང༌། ཧཱུྃ་ལས་འོད་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞིར་གྱུར་པར་བསྒོམས་ཏེ། བདུད་རྩི་ལྔ་དང་དྲི་བཟང་པོའི་ཆུ་དང་བཅས་པས། ས་ཕྱོགས་དེར་གཡས་སྐོར་དུ་ཁྱེ་མ་མེད་པར་བྱུག་ཅིང༌། དབུས་ནས་དབང་ལྡན་གྱི་མཚམས་སུ་འཐོན་ཏེ། དེ་ནས་བརྩམས་ཏེ་གཡས་སྐོར་གྱིས་གྲུ་བཞིར་བྱུག་ཅིང༌། ཨོཾ་མེ་དཱི་ནི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད། ཡང་མཐའ་མ་ལེགས་པར་བསྐོར་ཞིང་བྱུགས་ཏེ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ་དང་རྭ་བས་བསྐོར་བར་བསམས་ལ། ལག་པ་མ་བཏེག་པར་མེ་ཏོག་གཏོར། དེ་ལྟ་བུའི་སྲུང་འཁོར་གྱི་ནང་དུ་ཨེ་ལས་ཆོས་ཀྱི་འབྱུང་གནས་བསྒོམ་པ་ནས། གཞལ་ཡས་ཁང་གདན་དང་བཅས་པ་རིམ་གྱིས་བསྐྱེད་ནས། དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་བྱ་ཞིང་གཙོ་བོའི་སྙིང་པོ་བརྗོད་པས་མེ་ཏོག་ཚོམ་བུ་བཀོད། དེ་བཞིན་དུ་ཤར་གྱི་རེ་མིག་ནས་བརྩམས་ཏེ་བྱང་སྒོའི་མཐར་ཐུག་པའི་བར་ལྷ་སོ་སོའི་གནས་སུ་དྲིའི་ཐིག་ལེ་ཟླུམ་པོ་དང༌། རང་རང་གི་སྔགས་བརྗོད་པས་མེ་ཏོག་གི་ཚོམ་བུ་བཀོད། དེ་ནས་ཚོམ་བུ་དབུས་མའི་སྟེང་དུ་རང་གི་སེམས་སོ་སོར་རྟོག་པ་ཞེས་སོགས་ནས་མངོན་བྱང་ལྔས་གཙོ་བོ་བསྐྱེད། འཁོར་རྣམས་དཀྱིལ་འཁོར་རྒྱལ་མཆོག་གི་ཚུལ་གྱིས་བསྐྱེད་པ་ནས་བརྩམས་ཏེ་རིགས་ཀྱི་བདག་པོའི་རྒྱས་གདབ་པའི་བར་སྒྲུབ་ཐབས་བཞིན་བྱའོ། །བཞི་པ་ཕྱག་གི་མཆོད་པ་ནི། རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། ཡིད་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་འདུད་པའི་བསམ་པས། གང་གི་དྲིན་གྱིས་སོགས་སྒྲུབ་ཐབས་ནས་འབྱུང་བ་བཞིན་བརྗོད། ལྔ་པ་མཆོད་པ་ལ་བརྒྱད་ལས། ཐོག་མར་ཕྱི་མཆོད་ནི། ལག་པ་གཉིས་དཀུ་གཡོན་པ་རྡོ་རྗེ་ཁུ་ཚུར་ཁ་སྤྲད་པ་བཅིངས་ལ། གཡས་པའི་མཐེ་བོང་དང་གཡོན་པའི་མཛུབ་མོ་ནས་རིམ་བཞིན་བཀྲོལ་ཏེ་རྣམ་ལྔ་འདོད་པའི་བསྐོར་བ་བྱས་ལ། ཞབས་བསིལ་ལ་སོགས་པའི་རྫས་གང་ཡིན་པ་དེ་བླངས་ཏེ་དངོས་སུ་འབུལ་བའམ། དེ་དང་དེའི་ཕྱག་རྒྱ་བཅས་ལ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་དང༌། བཟེད་ཞལ་གྱི་ནང་དུ་ལྷ་སོ་སོ་ལ་དབུལ་ཞིང༌། ཨོཾ་ཤྲཱི་བཛྲ་སཏྭཱ་ཡ་ནཱི་རཱི་ཧཱུྃ་ཁཾ་ཞེས་དང༌། དེ་བཞིན་དུ་བཻ་རོ་ཙ་ནཱ། རཏྣ་སཾ་བྷ་ཝེ། ཨ་མི་ཏཱ་བྷཱ་ཝ། ཨ་མོ་གྷ་སིདྡྷི། ལོ་ཙ་ནཱ་ཡཻ། མཱ་མ་ཀཱ་ཡེ། ཏཱཾ་ཏཱ་ལ་བ་སི་ནཱི། ཏཱ་རེ་བཛྲ་ར་ཏྲི། བཛྲ་རཱུ་པི་ནཱི། རཱ་ག་བཛྲི་ཎཱི། བཛྲ་ཤཱནྟཱི། བཛྲ་ཡཀྵི་ཎཱི། བཛྲ་ཌཱ་ཀི་ནཱི། ཤཔྡ་བཛྲ། བྷཱུ་མི་བཛྲ། ཞེས་པས་དཀྱིལ་འཁོར་དང་པོའི་ལྷ་དང༌། མཻ་ཏྲི། ཀྵི་ཏི་གརྦྷ། བཛྲ་པཱ་ཎི། ཁ་གརྦྷ། ལོ་ཀེ་ཤྭ་ར། མཉྫུ་ཤྲཱི། སརྦ་ཎི་བ་ར་ཎི་བི་སྐཾ་བི་ནི། ས་མནྟ་བྷ་དྲ། ཝཾ་སྱེ། ཝཱི་ཎི། མུརྫ། མྲྀ་ཏངྒེ། ཞེས་པས་དཀྱིལ་འཁོར་བར་པའི་ལྷ་དང༌། པུཥྤེ། དྷཱུ་པེ། དཱི་པེ། གནྡྷེ། ཨཾ་ཀུ་ཤ། བཛྲ་པཱ་ཤ། བཛྲ་སྥོ་ཊ། བཛྲ་གཎྜེ། ཞེས་དཀྱིལ་འཁོར་ཕྱི་མའི་ལྷ་རྣམས་ལ་མཆོད་ཅིང༌། སྔགས་ཐམས་ཅད་ཀྱི་མགོར་ཨོཾ་དང༌། མཇུག་ཏུ་ནཱི་རཱི་ཧཱུྃ་ཁཾ། ཞེས་པས་སྦྱར་ལ་མཆོད། དེ་བཞིན་དུ་ཚིག་རྐང་དང་པོ་དང་ཕྱི་མ་གཉིས་འདྲ་བ་ལ། ལྷ་རྫས་དམ་པའི་ཞལ་བསིལ་འདི། །ཞེས་དང༌། སོ་སོའི་སྔགས་ཀྱི་མཐར་ནི་ཝི་ཏི་ཧཱུྃ་ཁཾ་སྦྱར་བས་ཞལ་བསིལ་བར་བསམ། འཐོར་འཐུང་འདི་ཞེས་དང༌། ཀུ་ཤས་སྐུ་ལ་གཏོར་ཞིང༌། སརྦ་སཾ་ཤོ་དྷ་ནཻ་སྭཱ་ཧཱ། དབུལ། སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །ཅེས་དང༌། མ་ཧཱ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན་སོ་སོར་དབུལ་ཏེ། ཆུ་གསུམ་པོ་ནི་བཟེད་ཞལ་གྱི་ནང་དུ་བླུག་གོ །དེ་ནས། མེ་ཏོག་འདི་རྣམས་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པས། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་དང༌། ལྷ་སོ་སོའི་སྔགས་ཀྱི་མཐར། པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པས་མེ་ཏོག་དབུལ། ཚིག་རྐང་ཕྱི་མ་གཉིས་འདྲ་བ་ལ། ཚལ་དག་རོ་ནི་ཕན་པ་དང༌། །གང་ཞིག་དྲི་དང་བདུག་སྤོས་མཆོག །ཅེས་དང༌། དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་གིས་བདུག་སྤོས་དབུལ། སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་པ་རྣམ་སེལ་བ། །ཞེས་དང༌། ཨཱ་ལོ་ཀེ་པཱུ་ཛ་མེ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་གིས་མར་མེ། འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །ཅེས་དང༌། གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་དྲི་དང༌། སྨན་རྣམས་བཅུད་གཙང་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །ཅེས་དང༌། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཅེས་པས་ཞལ་ཟས། སིལ་སྙན་ལ་སོགས་པ་རོལ་མོའི་ཚོགས། །དབྱངས་ཀྱི་ང་རོ་ལྡན་པ་འདི། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཅེས་དང་ལྷ་སོ་སོའི་སྔགས་ཀྱི་མཐར་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་རོལ་མོ་དབུལ་ཞིང༌། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པ་ར་མི་ཏཱ། ནཱ་ད་སྭ་བྷཱ་བ་ཙ། བཛྲ་སཏྭ་ཧྲྀ་ད་ཡ། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བྱ་བས་ཀྱང་ངོ༌། །དེ་ནས་གོས་ཟུང་བླངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བསྐོན་པའི་ཚུལ་བྱ་ཞིང༌། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་གྱིས། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཤྲཱི་བཛྲ་དྷཱ་ཏུ་མཎྜལ་ལ་ས་པ་རི་ཝཱ་ར་བཛྲ་ཝསྟྲཱ་ཡ་སྭཱ་ཧཱས་གོས་ཟུང་དང༌། དེ་ནས་ལག་པ་གཉིས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བ་དང༌། བསོད་ནམས་དཔག་བསམ་ལྗོན་པ་ལས་བྱུང་བའི། །མངར་བའི་རོ་ལྡན་འཛམ་བུའི་འབྲས་སོགས་ཀྱིས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་ཁམས་རྣམས། །བཀང་སྟེ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་བྷ་ག་ཝཱན་གྱི་རྗེས་སུ་ཛྲཱིཾ་སྭཱ་ཧཱས་འབྲས་བུ་དབུལ་ལོ། །གཉིས་པ་ནང་གི་མཆོད་པ་ནི། བྱིན་གྱིས་བརླབས་པའི་ནང་མཆོད་ཀྱི་དབུས་ནས་གཡོན་པའི་མཐེབ་སྲིན་སྦྱར་བས་བླངས་ནས་གཏོར་ཞིང༌། དངོས་གྲུབ་འགུགས་ཤིང་མཁའ་འགྲོ་འདུ་བའི་རྫས། །ཁ་ན་མ་ཐོ་མེད་པའི་ལྕགས་ཀྱུ་ལྔས། །ཞིང་ཁམས་སོགས་སྦྱར་བ་དང༌། ཨོཾ་ཤྲཱི་ཧཱུྃ་གྷུཾ་ཛཾ་སྭཱ་ཧཱས་ལྕགས་ཀྱུ་ལྔ་དབུལ། དེ་ནས་མཐེབ་སྲིན་སྦྱར་བའི་རྩེ་མོས་བདུད་རྩི་ལན་གསུམ་བསྐོར་ཞིང་དཀྲུགས་པའི་དབུས་ནས་བླངས་ཏེ་སྟེང་གི་ཕྱོགས་སུ་གཏོར་ཞིང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་རྩ་བའི་བླ་མ་དམ་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། དེ་བཞིན་དུ་རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་བདག་མེད་མ། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ། གྲུབ་ཆེན་ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། དཔལ་ལྡན་ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ་རྒྱལ་བ་དཔལ་གྱི་ཡེ་ཤེས། སློབ་དཔོན་ཆེན་པོ་མི་ཐུབ་ཟླ་བ། སློབ་དཔོན་དཔའ་བོ་རྡོ་རྗེ། འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཚོགས་སྒོམ་ཀུན་དགའ་དཔལ། གཉགས་སྙིང་པོ་རྒྱལ་མཚན། ཞང་བཀྲ་ཤིས་དཔལ། སྤང་སྒང་པ་གྲགས་པ་དཔལ། པཎ་ཆེན་མ་ཏི། རྗེ་བཙུན་ཀུ་མཱ་ར་མ་ཏི། དྲིན་ཆེན་རྩ་བའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པ་དབང་བཀའི་བླ་མ་བརྒྱུད་པ་རྣམས་དང༌། དེ་བཞིན་དུ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཡན་ཆད་གོང་དང་འདྲ་བ་ལ། དེ་ནས་འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཉིས་དཔལ། ཆོས་རྗེ་བྲག་ཕུག་པ་ཆེན་པོ། བླ་མ་བློ་གྲོས་བརྟན་པ། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས། ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་རྣམས་ཏེ། བཤད་བཀའི་བླ་མ་བརྒྱུད་པ་རྣམས་དང༌། འཕགས་པ་རིན་པོ་ཆེ་ཡན་སྔར་དང་འདྲ་བ་ལ། དེ་ནས་བླ་མ་ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བྷུདྡྷཱ་ཤྲཱི་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་པས་ཁྲིད་བཀའི་བླ་མ་བརྒྱུད་པ་དང༌། དེ་བཞིན་དུ་བདེ་མཆོག་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་རྣམས་ལའང་འབུལ་ལོ། །དེ་ནས་ཡི་དམ་གྱི་ལྷ་རྡོ་རྗེ་སེམས་དཔའ་འཁོར་བཅས་ཀྱི་སྔགས་སམ་ས་བོན་ལ་ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས་ཡི་དམ་གྱི་ལྷ་གཞན་ལའང་དབུལ། དེ་ནས་རང་གི་ལྕེ་རྩེ། སྨིན་མཚམས། དཔྲལ་བ་རྣམས་སུ་གཏོར་ཞིང་ལུས་ཀྱི་ལྷ་རྣམས་ཚིམ་པར་བསམ། དེ་ནས་གུར་མགོན་ལྕམ་དྲལ་ལ་སོགས་པའི་ཆོས་སྐྱོང་རྣམས་དང༌། མཁའ་འགྲོ་སྡེ་ལྔ་ལ་སོགས་པ་རྣམས་དང༌། གཞི་བདག་ནས་འགྲོ་བ་རིགས་དྲུག་གི་བར་ཡི་དམ་གྱི་ལྷར་གསལ་བ་ལ་མཆོད་པས། ཐམས་ཅད་ཀྱང་ཟག་མེད་ཀྱི་བདེ་བས་མཉེས་ཤིང་ཚིམ་ནས་བདག་ལ་དངོས་གྲུབ་སྩོལ་བར་བསམ། མཐར་རང་གི་ལྕེ་ལ་རེག་ཅིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །གསུམ་པ་ཡིད་ལས་བྱུང་བའི་མཆོད་པ་ལ་དྲུག་ལས། དང་པོ་ཐུན་མོང་གི་མཆོད་པ་ཉི་ཤུ་ནི། རྡོ་རྗེ་གདན་བཞི་དང་ཐུན་མོང་བ་སྟེ། དེ་ནས་ངག་ཏུ། ཧཱུྃ་གླུར་བླང་ཞིང༌། ལུས་ཀྱི་གར་སྔོན་དུ་འགྲོ་བས་རྡོ་རྗེ་ཁུ་ཚུར་དཀུ་གཡོན་དུ་བཞག་ལ། ཨོཾ་བྷ་ག་ཝཱན་སོགས་སྔོན་དུ་འགྲོ་བས་ཨོཾ་བཛྲ་ལཱ་སྱེ་པཱུ་ཛི་ཏེ་ཨཱཿཧཱུྃ་དང༌། ལག་པ་གཉིས་ཕྲེང་བ་འཛིན་པའི་ཚུལ་དང༌། བཛྲ་མཱ་ལེ་པཱུ་ཛི་ཏེ། དེ་བཞིན་དུ་ལག་པ་གཡོན་པས་པི་ཝང་འཛིན་ཅིང་གཡས་པས་དེ་འདྲེན་པའི་ཚུལ་དང༌། བཛྲ་ཝཱི་ཎི། ལག་པ་གཉིས་གླིང་བུ་འབུད་པའི་ཚུལ་དང༌། བཛྲ་ཝཾ་སྱེ། ལག་པ་གཉིས་ཀས་དུང་འབུད་པའི་ཚུལ་དང༌། བཛྲ་ཕེ་མ། ལག་པ་གཉིས་ཏིང་ཤག་བརྡུང་བའི་ཚུལ་དང༌། བཛྲ་ཝ་དྱ། དཀུ་གཡོན་དུ་རྔ་ཁ་གྱེན་དུ་བསྟན་པ་ལག་པ་གཉིས་ཀྱིས་བརྡུང་བའི་ཚུལ་དང༌། བཛྲ་པ་ཊ་ཧ། ལག་པ་གཉིས་སྤྱི་བོར་གར་བསྒྱུར་བའི་ཚུལ་དང༌། བཛྲ་ནྲྀ་ཏྱེ། ལག་པ་གཡས་བསིལ་ཡབ་གཡོབ་པའི་ཚུལ་དང༌། བཛྲ་བྱཉྫ་ན། ལག་པ་གཡོན་གན་རྐྱལ་གྱི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་ཏེ་བརྐྱང་བ་རྒྱལ་མཚན་བསྒྲེང་བའི་ཚུལ་དང༌། བཛྲ་དྷྭ་ཛ། ལག་པ་གཡོན་མཉམ་གཞག་གི་ཚུལ་དང༌། གཡས་རྡོ་རྗེ་ཁུ་ཚུར་ཁ་ཕུབ་ནས་བླ་རེ་བྲེ་བའི་ཚུལ་དང༌། བཛྲ་བི་ཏཱ་ན། ལག་པ་གཉིས་དཔུང་པ་གཡས་གཡོན་གྱི་ཐད་ཀར་བརྐྱང་བ་བ་དན་གྱི་ཚུལ་དང༌། བཛྲ་པ་ཏཾ་ཀ ལག་པ་གཉིས་ཀས་གདུགས་འཛིན་པའི་ཚུལ་དང༌། བཛྲ་ཙྪཱ་ཏྲཾ། ལག་པ་གཉིས་རྔ་ཐོགས་ལ་བཏགས་པ་བརྡུང་བའི་ཚུལ་དང༌། བཛྲ་ཏ་ལ། རྡོ་རྗེ་ཁུ་ཚུར་གཉིས་ཁ་འགྲམ་དུ་བཞག་པ་འཛུམ་སྟོན་པའི་ཚུལ་དང༌། བཛྲ་ན་ཀྲོ་ཏ། ལག་པ་གཉིས་སྒེག་མོའི་ཚུལ་དང༌། བཛྲ་ཧ་སི་ཏ། ཡང་ཕྱག་རྒྱ་དེ་ཉིད་ཁྲོ་གཉེར་བསྡུས་པ་འཇིགས་པ་སྟོན་པའི་ཚུལ་དང༌། བཛྲ་ཀྲོ་དྷ། ལག་པ་སྒེག་མོའི་ཚུལ་དང༌། བཛྲ་ཤྲིཾ་ཁ་ལ། འགྱིང་བའི་ཚུལ་དང༌། བཛྲ་ལ་ལི་ཏ། ལག་པ་གཉིས་ཐལ་མོ་སྦྱར་བ་ཕྱག་འཚལ་བའི་ཚུལ་དང༌། བཛྲ་པྲ་ཎ་མྱ། ཞེས་བརྗོད་དོ། །གཉིས་པ་ཁྱད་པར་གྱི་མཆོད་པ་བཅུ་གསུམ་ནི། མེ་ཏོག་གི་ཕྱག་རྒྱ་དང༌། གསེར་སོགས་རིན་ཆེན་ལས་གྲུབ་འདབ་སྟོང་ལྡན། །མདངས་བཀྲ་ཡིད་འོང་དྲི་ལྡན་མེ་ཏོག་གིས། །ཞིང་ཁམས་འདི་དང་རབ་འབྱམས་ཞིང་ཁམས་རྣམས། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཛྲ་པུཥྤེ། རྐང་པ་འོག་མ་གཉིས་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་ལ། བདུག་པའི་ཕྱག་རྒྱ་དང༌། ཨ་གར་ནག་སོགས་ལྷན་ཅིག་སྐྱེས་པ་དང༌། །སྦྱར་བ་ལས་བྱུང་བདུག་པའི་སྤྲིན་ཚོགས་ཀྱིས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ༴ །བཛྲ་དྷཱུ་པེ། མར་མེའི་ཕྱག་རྒྱ་དང༌། ཉི་ཟླ་ནོར་བུ་སྒྲོན་མེའི་འོད་ལ་སོགས། །མུན་པ་སེལ་བྱེད་སྣང་བའི་ཚོགས་རྣམས་ཀྱིས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ༴ །བཛྲ་ཨཱ་ལོ་ཀེ དྲིའི་ཕྱག་རྒྱ་དང༌། རེག་ན་བསིལ་བྱེད་ཞིམ་པའི་དྲི་དང་ལྡན། །ག་པུར་ལ་སོགས་ལེགས་པར་སྦྱར་བའི་ཆུས། །ཞིང་ཁམས་འདི་དང༴ །བཀང་སྟེ་བཅོམ་ལྡན༴ །བཛྲ་གནྡྷེ། ཞལ་ཟས་ཀྱི་ཕྱག་རྒྱ་དང༌། བསོད་ནམས་བདེ་བ་སྐྱེད་བྱེད་ལྷ་ཡི་བཤོས། །སྣ་ཚོགས་ཁ་དོག་དྲི་དང་རོ་ལྡན་པས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ་ལྡན༴ །བཛྲ་ནཻ་ཝི་ཏྱེ། གོས་ཟུང་འབུལ་བའི་ཕྱག་རྒྱ་དང༌། ལྷ་རྫས་ལས་གྲུབ་ཡང་འཇམ་རེག་ན་བདེ། །ཁ་དོག་ལྔ་ལྡན་ཟུང་དུ་སྦྱར་བ་ཡིས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ་ལྡན༴ །བཛྲ་ཝསྟྲ། བླ་རེ་བྲེ་བའི་ཚུལ་དང༌། ཤིན་ཏུ་ཐགས་བཟང་སྣ་ཚོགས་རི་མོས་མཛེས། །རིན་ཆེན་དྲྭ་བས་བརྒྱན་པའི་བླ་རེ་ཡིས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ་ལྡན༴ །བཛྲ་བི་ཏཱ་ནཾ། ལག་པ་གཡོན་པ་ཁུ་ཚུར་ཁ་ནང་དུ་བསྟན་པའི་སྟེང་དུ་གཡས་པའི་ཁུ་ཚུར་ཡང་དེ་བཞིན་བྱས་ནས་བཞག་པ་དྲིལ་བུའི་ཕྱག་རྒྱ་དང༌། ཚོགས་པ་ལས་བྱུང་སྟོང་ཉིད་སྒྲ་སྙན་སྒྲོགས། །ཆོས་རྣམས་སྟོང་ཉིད་མཚོན་བྱེད་དྲིལ་བུའི་སྒྲས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ་ལྡན༴ །བཛྲ་གཎྜེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྔ་ཡབ་གཡོབ་པའི་ཚུལ་བྱ་ཞིང༌། རྡུལ་ཡབ་ཚད་པའི་གདུང་བ་ལ་སོགས་པ། །སེལ་བྱེད་རྡུལ་ཡབ་བསིལ་ཡབ་སྦྲང་ཡབ་ཀྱིས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ་ལྡན༴ །ཙཱ་མ་ར། ལག་པ་གཉིས་འདུད་པའི་ཚུལ་དང༌། བསྒོ་བ་ཉན་ཞིང་བྱ་བའི་ལས་ལ་མཁས། །བརྩོན་པས་འདོད་དོན་སྒྲུབ་བྱེད་བྲན་ཚོགས་ཀྱིས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ༴ །དཱ་ས་དཱ་སེ། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅའ་ཞིང༌། བསམ་པ་ཙམ་གྱིས་འདོད་དགུ་འབྱུང་བ་ཡི། །མཛེས་པའི་གཟུགས་ལྡན་འདོད་འཇོའི་བ་སོགས་ཀྱིས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ་ལྡན༴ །ཀ་ཊི་ཎི། འོག་ནས་འབྱུང་བའི་རྟ་མཆོག་གི་ཕྱག་རྒྱ་དང༌། མདོག་སྔོ་རྟ་རྒྱལ་བརྒྱད་ཁྲིས་རབ་བསྐོར་ཞིང༌། །ཤིན་ཏུ་བརླིང་ཞིང་རླུང་ལྟར་མགྱོགས་པའི་རྟས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ་ལྡན༴ །ཨ་ཤྭ། གླང་པོ་ཆེའི་ཕྱག་རྒྱ་དང༌། ཐལ་ཀར་མཆེ་བ་དྲུག་ལྡན་རིན་ཆེན་གྱི། །དྲྭ་བས་སྤྲས་པའི་སྟོབས་ལྡན་གླང་པོ་ཡིས། །ཞིང་ཁམས་འདི་དང་རབ༴ །བཀང་སྟེ་བཅོམ་ལྡན༴ །ག་ཛ་ཞེས་པས་དབུལ་ལོ། །གསུམ་པ་རྒྱལ་སྲིད་སྣ་བདུན་གྱི་མཆོད་པ་ནི། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། རིན་ཆེན་བདུན་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པ་སྤྲུལ་ལ་མཆོད་པར་བསམས་ཏེ། རྒྱལ་བ་སྲས་དང་བཅས་རྣམས་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཙཀྲ་རཏྣ། རྒྱལ་བ་སྲས་དང་བཅས་རྣམས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཞིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི་རཏྣ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །སྟྲཱི་རཏྣ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་ཐེག་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །པུ་རུ་ཥ་རཏྣ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་ཐམས་ཅད་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ག་ཛ་རཏྣ། རིན་ཆེན་རྟ་མཆོག་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ཡོངས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །ཨ་ཤྭ་རཏྣ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཌྒ་རཏྣ། ཞེས་པས་དབུལ་ལོ། །དེ་དག་གི་ཕྱག་རྒྱ་ནི། ལག་གཉིས་མཁྲིག་མ་བསྣོལ་ནས་ཀྱང༌། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །སོར་མོ་རྣམས་བསྣོལ་ལྟོ་སྦྱར་ནས། །མཐེ་བོང་མཐིལ་བཀུག་འཁོར་ལོ་ཡིན། །ཁུ་ཚུར་གཉིས་ནི་རབ་སྦྱར་ཏེ། །གུང་མཛུབ་རིན་ཆེན་འདྲ་བར་བྱས། །རྡོ་རྗེ་ཐལ་མོ་མཛུབ་མོ་གཉིས། །གུང་མོ་མཉམ་པའི་ཚིགས་སུ་སྦྱར། །བསྡམས་པས་གུང་མོ་མྱུ་གུར་བྱ། །མཐེ་བོང་མཐེའུ་ཆུང་སོ་སོར་བསྒྲེང༌། །ལག་གཡས་གླང་པོའི་སྣ་ལྟ་བུའི། །གྲུ་མོ་གཡོན་པར་རབ་ཏུ་བཟུང༌། །ཁུ་ཚུར་གཉིས་སྦྱར་མཐེ་བོང་དབྱེ། །གུང་མོ་སྲིན་ལག་བརྐྱང་བར་བྱ། །གཡོན་པ་གོ་འཛིན་གཡས་པ་ནི། །རལ་གྲི་འདེབས་པ་ལྟར་བྱའོ། །ཞེས་པ་ལྟར་རོ། །བཞི་པ་ཉེ་བའི་རིན་ཆེན་བདུན་གྱི་མཆོད་པ་ནི། གང་ཞིག་རལ་གྲི་རིན་པོ་ཆེ། །བཅངས་པ་ཙམ་གྱིས་ཡུལ་འཁོར་ཀུན། །ཀུན་འདུད་ཉེ་བའི་རིན་ཆེན་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཁཌྒ་རཏྣ། རྒྱ་མཚོ་ལས་བྱུང་ཀླུ་ཡི་ལྤགས། །གྲང་ན་དྲོ་ལ་དྲོ་ན་བསིལ། །ཡོན་ཏན་ཕུན་ཚོགས་པགས་པ་འདི། །རྒྱལ་བ་སྲས་དང༴ །ཙརྨ་རཏྣ། ལྟ་མཛེས་དྲོ་འཇམ་ཡོན་ཏན་དང༌། །བསམ་གཏན་འཕེལ་ཞིང་ཉོན་མོངས་ཞི། །ཡོན་ཏན་ཕུན་ཚོགས་གོས་བཟང་འདི། །རྒྱལ་བ་སྲས་དང༴ །ཝསྟ་རཏྣ། ནགས་ཚལ་མེ་ཏོག་འབྲས་བུ་རྒྱས། །འབབ་ཆུ་བྱ་རྣམས་སྐད་སྙན་སྒྲོགས། །ཚལ་མཆོག་ཉེ་བའི་རིན་ཆེན་འདི། །རྒྱལ་བ་སྲས་དང༴ །ཨུངྱཱན་རཏྣ། རྒྱལ་པོའི་ཁང་བཟང་རིན་པོ་ཆེ། །རྒྱ་ཆེ་དཔང་མཐོ་ནོར་གྱིས་གང༌། །ཚ་ཆུ་གྲང་ལྷགས་སྐྱོབ་ནུས་འདི། །རྒྱལ་བ་སྲས་དང༴ །ཀཱུ་ཊ་རཏྣ། རིན་ཆེན་ཆག་བུ་དབྱིབས་མཛེས་ཤིང༌། །ངལ་དུབ་ཀུན་སེལ་བརྒྱར་བསྒྲོད་ནུས། །ཐར་ལམ་སྐས་འཛེགས་ལྷྭམ་མཆོག་འདི། །རྒྱལ་བ་སྲས་དང༴ །ཛ་ཀྲ་ཀ་རཏྣ། ཡང་ཞིང་མཐའ་ལ་མཐོ་དམན་ཅན། །བསམ་གཏན་བློ་གྲོས་ལྷག་པར་འཕེལ། །ཉོན་མོངས་ཞི་བྱེད་མལ་ཆ་འདི། །རྒྱལ་བ་སྲས་དང་བཅས་པ་འབུལ། །ཤ་ཡ་ས་ཝན་རཏྣ། ཞེས་ནམ་མཁའ་མཛོད་ཀྱིས་ཕྱག་རྒྱས་དབུལ་ལོ། །ལྔ་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་པ་ནི། མགོན་པོ་ཐུགས་རྗེ་ཆེན་པོས་བྱིན་བརླབས་པའི། །བསོད་ནམས་རྒྱུ་ལས་བྱུང་བའི་འཁོར་ལོ་འདི། །གང་ལ་ཕུལ་བ་དེ་ཡིས་སྐད་ཅིག་ལ། །དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །མངྒ་ལ་ཙཀྲ། དེ་བཞིན་དུ་ཚིག་རྐང་དང་པོ་དང་གསུམ་པ་འདྲ་བ་ལ། དྲི་མེད་ཤིན་ཏུ་མཛེས་པའི་དཔལ་བེའུ་འདི། །ཀུན་མཁྱེན་ཡེ་ཤེས་ཉིད་དང་ལྡན་པར་ཤོག །མངྒ་ལ་ཤྲཱི་ཛ་བ་ན། རིན་ཆེན་བཅུད་ཀྱིས་གང་བའི་བུམ་པ་འདི། །བསོད་ནམས་ཚོགས་རྫོགས་རྒྱན་གྱིས་བརྒྱན་པར་ཤོག །མངྒ་ལ་ཀུམྦྷ། འདམ་སྐྱེས་འདམ་གྱིས་མ་གོས་པདྨ་འདི། །འཁོར་བའི་ཉེས་པའི་སྐྱོན་ཀྱིས་མ་གོས་ཤོག །མངྒལ་པདྨ། གཡས་འཁྱིལ་ཤིན་ཏུ་དཀར་བའི་དུང་ཆེན་འདི། །སྨྲ་ངན་འཕམ་བྱེད་ཆོས་སྒྲ་སྒྲོགས་པར་ཤོག །མངྒ་ལ་ཤཾ་ཁ། ཤིན་ཏུ་གསལ་བའི་མིག་ལྡན་གསེར་ཉ་འདི། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བར་ཤོག །མངྒ་ལ་ཉ་ཚ། རྒྱན་གྱིས་སྤྲས་པའི་རིན་ཆེན་གདུགས་མཛེས་འདི། །ཀུན་ལ་སྐྱབས་ཀྱི་དམ་པ་བྱེད་པར་ཤོག །མངྒ་ལ་ཚ་ཏྲཾ་ཀ དམ་ཆོས་མི་ནུབ་རྒྱལ་མཚན་དམ་པ་འདི། །ཕྱོགས་བཅུར་ཆོས་ཀྱི་རྒྱལ་མཚན་འཛུགས་པར་ཤོག །མངྒ་ལ་དྷྭ་ཛ། ཞེས་པས་སོ། །དྲུག་པ་འདོད་ཡོན་ལྔ་ཡི་མཆོད་པ་ནི། ལག་པ་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་ཐལ་མོ་གཤིབས་པ་ཁ་ཕྱིར་བསྟན་ནས་བཞག་པ་མེ་ལོང་གི་ཕྱག་རྒྱ་དང༌། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་རྒྱལ་པོ་ནི། །རྡོ་རྗེ་རྣམ་སྣང་མངའ་བདག་ཉིད། །རཱུ་པ་ཀཱ་མ་གུ་ཎ། སིལ་སྙན་དབུལ་ཞིང༌། སྒྲ་ལ་རྣམ་གསུམ༴ །ལྷ་རྣམས་ལ་ནི༴ །དེ་ཉིད་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་གྲགས་ཆེན་པོ། །ཤབྡ་ཀཱ་མ་གུ་ཎ། དྲིའི་ཕྱག་རྒྱ་དང༌། དྲི་ལ་རྣམ་གསུམ༴ །ལྷ་རྣམས་ལ་ནི༴ །དེ་ཉིད་བཅོམ་ལྡན་སངས་རྒྱས་ནི། །རིན་ཆེན་ཕུང་པོར་རབ་ཏུ་གྲགས། །གནྡྷེ་ཀཱ་མ་གུ་ཎ། རོའི་ཕྱག་རྒྱ་དང༌། རོ་ལ་རྣམ་གསུམ༴ །ལྷ་རྣམས་ལ་ནི༴ །དེ་ཉིད་བཅོམ་ལྡན་སྣ་ཚོགས་ཉིད། །རྡོ་རྗེ་ཆོས་ནི་དེ་བཞིན་གཤེགས། །ར་ས་ཀཱ་མ་གུ་ཎ། གོས་ཀྱི་ཕྱག་རྒྱ་དང༌། རེག་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཡོན་འབྲས་བུ་སྟེར་བ་པོ། །སྤརྵེ་ཀཱ་མ་གུ་ཎ་ཞེས་པས་དབུལ་ལོ། །བཞི་པ་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རྫས་འདི་དག་དངོས་སུ་ཡོད་ན་བདུད་རྩི་ལྟར་བྱིན་གྱིས་བརླབ། མེད་ན་བསམས་ལ། ཞིང་ཁམས་རྒྱ་མཚོ་དགེ་ཚོགས་རྒྱ་མཚོ་ལས། །བྱུང་བའི་རྣམ་དག་མཆོད་སྤྲིན་རྒྱ་མཚོ་དང༌། །ལུས་ཅན་རྒྱ་མཚོའི་རཀྟ་རྣམ་དག་པའི། །བདུད་རྩིས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་མཆོད། །རཀྟ་ཨ་མྲྀ་ཏ། དེ་བཞིན་དུ་གོང་འོག་རྣམས་འདྲ་བ་ལ། རཀྟ་ཞེས་པའི་ཚབ་ཏུ། ཀླད་རྒྱས། ཧ་ཡ། དྲི་མ། སྱེ་ཡ། བྱང་སེམས། ཤུདྡྷ། པགས་པ། སང་ཎི། དྲི་ཆེན། ར་ས། རང་བྱུང༌། མེ་ས། དྲི་ཆུ། རཱ་ག ཤ་ཆེན། མཱཾ་ས། གཤེར་བ། ཙ་ཏུརྦ་མ། ཀྲ་ཁཾ། བ་ལ། རྐང་མར། ཏ་མ་ཏ། མར་ཁུ། ནི་རཾ་སེ། སོ་སེན། ཀ་པཱུ་རི། ཚ་བ། ད་ན། ཁ་ཆུ། སྠི་ཏ། ཁུ་བ། ཏ་ན་བ་ཏི། ཞེས་དང༌། རྡོ་རྗེ་ཐལ་མོའི་ཕྱག་རྒྱས་དབུལ་ལོ། །དེ་ནས་རང་རང་གི་ས་བོན་ལས་གླིང་བུ་མ་ལ་སོགས་པའི་ལྷ་མོ་བརྒྱད་སྤྲུལ་ཏེ་མཆོད་པར་བསམ་ཞིང༌། ཟླ་བའི་མདོག་མཚུངས་རྡོ་རྗེ་གླིང་བུ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་སྒེག་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ཚོགས་གླིང་བུའི་སྒྲ་ཡིས་མཆོད། །བཾ་སྱེ། ཚིག་རྐང་པ་བར་བ་གཉིས་འདྲ་བ་ལ། གསེར་གྱི་མདོག་ཅན་རྡོ་རྗེ་པི་ཝང་མ། །སྣ་ཚོགས་གོས་དང༴ །ནམ་མཁའ་གང་བར༴ །དཀྱིལ་འཁོར་ལྷ་ཚོགས་པི་ཝང་སྒྲ་ཡིས་མཆོད། །ཝཱི་ཎི། ཉི་མའི་མདོག་ཅན་རྡོ་རྗེ་རྔ་ཟླུམ་མ། །སྣ་ཚོགས་གོས་དང༴ །ནམ་མཁའ་གང་བར༴ །དཀྱིལ་འཁོར་ལྷ་ཚོགས་རྔ་ཟླུམ་སྒྲ་ཡིས་མཆོད། །མུརྫ། མརྒད་མདོག་ཅན་རྡོ་རྗེ་རྫ་རྔ་མ། །སྣ་ཚོགས་གོས་དང༴ །ནམ་མཁའ་གང་བར༴ །དཀྱིལ་འཁོར་ལྷ་ཚོགས་རྫ་རྔའི་སྒྲ་ཡིས་མཆོད། །མྲྀ་ཏངྒེ། ཀུ་མུད་མདོག་ཅན་རྡོ་རྗེ་མེ་ཏོག་མ། །སྣ་ཚོགས་གོས་དང༴ །ནམ་མཁའ་གང་བར༴ །དཀྱིལ་འཁོར་ལྷ་ཚོགས་མེ་ཏོག་སིལ་མས་མཆོད། །པུཥྤེ། དབང་སྔོན་མདོག་ཅན་རྡོ་རྗེ་བདུག་སྤོས་མ། །སྣ་ཚོགས་གོས་དང༴ ནམ་མཁའ་གང་བར༴ །དཀྱིལ་འཁོར་ལྷ་ཚོགས་བདུག་སྤོས་སྤྲིན་གྱིས་མཆོད། །དྷཱུ་པེ། གསེར་བཟང་མདོག་ཅན་རྡོ་རྗེ་མར་མེ་མ། །སྣ་ཚོགས་གོས་དང༴ །ནམ་མཁའ་གང་བར༴ །དཀྱིལ་འཁོར་ལྷ་ཚོགས་མར་མེའི་ཕྲེང་བས་མཆོད། །ཨཱ་ལོ་ཀེ། ལི་ཁྲིའི་མདོག་ཅན་རྡོ་རྗེ་དྲི་ཆབ་མ། །སྣ་ཚོགས་གོས་དང་རྒྱན་གྱིས་རབ་སྒེག་མ། །ནམ་མཁའ་གང་བར་སེམས་ཀྱིས་རབ་སྤྲུལ་ཏེ། །དཀྱིལ་འཁོར་ལྷ་ཚོགས་དྲི་ཞིམ་ཆུ་ཡིས་མཆོད། །གནྡྷེ། ཞེས་པས་དབུལ་ལོ། །ལྔ་པ་བླ་ན་མེད་པའི་མཆོད་པ་ནི། ལུས་མཉམ་གཞག་གི་ཕྱག་རྒྱ་དང་ལྡན་པར་བྱས་ཏེ། མཆོད་བྱ་མཆོད་བྱེད་མཆོད་པ་རྣམས་རང་བཞིན་གྱིས་མི་དམིགས་པར་བསམས་ལ་ཅུང་ཟད་ཅིག་མཉམ་པར་བཞག་ཅིང༌། རྡོ་རྗེ་ཐེག་པ་མཉེས་བྱེད་པ། །འདི་ནི་དོན་དམ་མཆོད་པ་ཡིན། །གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་ཞིང༌། །ལུས་དང་སེམས་ནི་རྣམ་དག་པ། །དེ་ཡི་མཆོད་པ་བླ་ན་མེད། །སེམས་ཅན་གང་གིས་དབུ་མ་ཡི། །ཐེག་པ་བསྒོམ་པ་མ་བསྒོམས་ན། །ཐེག་པ་དམན་ལ་ལྷག་པར་མོས། །དེ་ཡིས་མཆོད་པ་ཀུན་རྫོབ་ཡིན། །ཞེས་བརྗོད་དོ། །དྲུག་པ་བསྟོད་པའི་མཆོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་ཉིད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་དཔག་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་རྣམས་སྩོལ་མཛད་པའི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡང་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོང་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱལ་ཆེ་སྟེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང༌། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས་ཀྱང་བསྟོད་དོ། །བདུན་པ་བཀྲ་ཤིས་ཀྱི་གླུ་བླངས་པས་བསྟོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས། ཎ་མ་ཧཱུྃ་ཀ་ར་ཎ་བྷུ་རུ། སེ་ཛི་བི་སདྡྷ། ཨུ་ཏ་ཏ་རུ། ཏེ་ན་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། དྷཾ་བ་ལ། སུ་སད་ཁེ་དེ་ཧ་དྷ་རུ། སརྻ་སྭ་སུ་བོ་དྷི་ཙིནྡྷ་མུ་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། དཾ་དྷ་ལི་ཀ་ཎ་ཡོ་ཨུ་དྷ་རུ་གྷ་ཊ་བཛྲ་མུཏྟ་རུ། ཏེ་ན་ཧཱུྃ་ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། མཱ་ཡ་བྷི་དྷི་ཧི་ལིན་ཛ་གུ། སོ་ཨི་ཨ་ཀ་རན་རུ་བི། ཏེ་ན་ཧཱུྃ་ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ། ཞེས་བརྗོད་དོ། །དྲུག་པ་རྒྱུན་བཤགས་བྱ་བ་ནི། ལུས་ཙོག་པུར་འདུག་ཐལ་མོ་སྦྱར་ཏེ། སྒྲུབ་ཐབས་ལྟར་རྒྱུན་བཤགས་ལན་གསུམ་བརྗོད་དོ། །བདུན་པ་སྡོམ་པ་བཟུང་བ་ལ་གཉིས། རིགས་ལྔ་སྤྱི་དང་ཁྱད་པར་གྱི་སྡོམ་པ་བཟུང་བ་དང༌། དམ་ཚིག་གི་ཚོགས་གཞན་དྲན་པར་བྱ་བའོ། །དང་པོ་ནི། སྒྲུབ་ཐབས་ལྟར་སྡོམ་པ་བཟུང་བ་ལན་གསུམ་བྱའོ། །གཉིས་པ་ལ་གཉིས། སྤང་བྱ་སྤང་བར་བསླབ་པ་དང༌། བསྟེན་བྱ་བསྟེན་པ་ལ་བསླབ་པའོ། །དང་པོ་ནི། བདག་གི་སྤང་བྱའི་བསླབ་པ་རྣམས་འདི་དག་ཡིན་སྙམ་དུ་དྲན་པར་བྱས་ལ། ངག་ཏུ་རྩ་ལྟུང་བཅུ་བཞི་ཡན་ལག་གི་ལྟུང་བ་དང་བཅས་པའི་གཞུང་བརྗོད་པར་བྱའོ། །གཉིས་པ་ནི། ལས་དང་པོ་པའི་དམ་ཚིག་རྣམས་དྲན་ཞིང༌། རྡོ་རྗེ་གུར་ནས་འབྱུང་བའི་ཚིག་བརྗོད་པར་བྱའོ། །དམ་ཚིག་དང་སྡོམ་པ་འཛིན་པ་ནི། མཆོད་པའི་མཆོག་ཡིན་པའི་ཕྱིར། བླ་མ་གོང་མས་མཆོད་པའི་ཁོངས་སུ་བསྡུས་སོ། །དེ་ནས་གཏོར་མ་གཏོང་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ་འབུལ་ཏེ། དེའི་ཆོ་ག་ཡང་སྒྲུབ་ཐབས་དང་གཏོར་ཆོག་ལས་ཤེས་པར་བྱ་ཞིང༌། ཚོགས་ཀྱི་འཁོར་ལོ་དང་འབྲེལ་ན་དེའི་བྱ་བ་རྣམས་རྫོགས་པར་བྱའོ། །བརྒྱད་པ་སླར་ཡང་མཆོད་བསྟོད་བྱ་བ་ནི། གཏང་རག་གི་མཆོད་པའི་ཕྱིར། མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ལ། ཆུ་བཞི་ནས་རོལ་མོའི་བར་སྔགས་ཙམ་གྱིས་དབུལ་བ་ཕྱི་དང༌། ལྷ་སོ་སོའི་ས་བོན་གྱི་མཇུག་ཏུ་འབྲུ་གསུམ་བཏགས་ལ་བདུད་རྩིས་གཏོར་བ་ནང་དང༌། གླིང་བུ་མ་ལ་སོགས་པ་བརྒྱད་ཀྱི་ཡིད་ལས་བྱུང་བའི་མཆོད་པས་མཆོད་ནས། སྟོང་པའི་སྙིང་པོར་ཕྱག་འཚལ་བསྟོད། །ལ་སོགས་པ་བརྗོད་པར་བྱའོ། །དགུ་པ་དངོས་གྲུབ་བླང་བ་ནི། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ། བདག་གིས་བདེ་བར་གཤེགས་པའི་གསུང་རབ་ལས་འབྱུང་བ་བཞིན། རིམ་པ་གཉིས་ཀྱི་རྣལ་འབྱོར་བསྒོམ་པ་དང༌། སྔགས་ཀྱི་བཟླས་པ་དང༌། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང༌། དམ་ཚིག་དང་སྡོམ་པ་ཡང་དག་པར་བླངས་པའི་བྱིན་རླབས་ལ་བརྟེན་ནས། བདག་ཅག་འཁོར་དང་བཅས་པའི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང༌། སྡུག་བསྔལ་དང༌། མི་དང་མི་མ་ཡིན་པའི་གནོད་པ་དང༌། བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གི་ཚེ་དང༌། དཔལ་དང༌། འབྱོར་པ་དང༌། དབང་ཕྱུག་དང༌། ཡོན་ཏན་དང༌། ཕྲིན་ལས་རྣམ་པར་རྒྱས་ནས། བདེ་བར་གཤེགས་པའི་བསྟན་པ་དང༌། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་བརྟེན་ནས་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང༌། བདག་གི་བསམ་སྦྱོར་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང༌། མཐར་ཐུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་བོ། །བཅུ་པ་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ཅིང༌། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ཞིང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག ལག་པ་གཡས་པ་བརྐྱངས་པ་ས་ལ་བཞག་ནས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་བཛྲ་མུཿཞེས་པས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། ཨོཾ་པདྨ་ཏིཥྛ་ཧཱུྃ་སྭཱ་ཧཱ། ཞེས་པས་དམ་ཚིག་པ་བདག་ལ་བསྡུས་ཏེ། ལས་ཀྱི་རྗེས་མི་མངོན་པར་བྱ་ཞིང༌། དགེ་བའི་རྩ་བ་རྡོ་རྗེ་འཆང་གི་སར་བསྔོས་ལ། སྤྱོད་ལམ་ཐམས་ཅད་དུ་ལྷའི་ང་རྒྱལ་དུ་གནས་པར་བྱའོ། །དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་མཐའ་དག་ལ། །རྒྱུད་སྡེ་རྒྱ་མཚོའི་དགོངས་པ་ཇི་བཞིན་དུ། །མཆོད་སྤྲིན་རྒྱ་མཚོའི་མཆོད་པ་འདི་ཕུལ་བས། །བསོད་ནམས་རྒྱ་མཚོའི་དཔལ་གྱིས་འབྱོར་པར་ཤོག །དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་མཆོད་པའི་ཆོ་ག་འདི་ཡང༌། རྒྱུད་སྡེ་འཛིན་པ་ཀུན་དགའ་གཞོན་ནུ་ལ་སོགས་པ་དོན་གཉེར་མང་པོས་བསྐུལ་བའི་ངོར། རིག་པ་འཛིན་པའི་སྡེ་སྣོད་རྒྱ་མཚོའི་ཕ་རོལ་དུ་སོན་པ་ཆོས་ཀྱི་རྗེ་ཡེ་ཤེས་ཞབས་ཀྱི་བཀའ་དྲིན་ལས་རྒྱུད་གསུམ་གདམས་ངག་དང་བཅས་པའི་ཚུལ་ཅུང་ཟད་རིག་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རིན་ཆེན་འབར་བ་དང༌། བཟང་པོ་ཡོངས་བཟུང་གི་མཆོད་པའི་སྐབས་དང༌། རྒྱུད་ཀྱི་བརྟག་པ་དགུ་པ་རྩ་འགྲེལ་གཉིས་ལ་གཞི་བྱས། བླ་མ་དམ་པའི་ཕྱག་བཞེས་ཀྱིས་བརྒྱན་ནས། དགའ་བའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་བཅུ་གསུམ་ལ། དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་མདོ་སྟོད་པ་ཀུན་དགའ་གཞོན་ནུ་ཞེས་པས་བགྱིས་སོ།།  །།ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།།  །། ༄། །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཀྱི་ཆོ་ག་དབང་གི་སྙེ་མ་ཞེས་བྱ་བ་བཞུགས་སོ།།  ༈ །དཔལ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་སྙེ་མ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རང་བཞིན་དབྱིངས་དང་ཡེ་ཤེས་རོ་གཅིག་ཐུགས་ཆུད་དབྱིབས་དང་ཁ་དོག་དང་བྲལ་ཡང༌། །ཡང་དག་ཐུགས་རྗེ་ཆེན་པོའི་དབང་གིས་མཁའ་འགྲོ་ཀུན་དངོས་ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུ། །སྐུ་གསུམ་ཞལ་དང་ཐབས་ཤེས་སྤྱན་མངའ་ཕྱིན་དྲུག་ཕྱག་ལྡན་བདེན་གཉིས་ཞབས་ཀྱིས་རྣམ་པར་མཛེས། །མཛེས་ཤིང་ཡིད་འོང་ཆུ་ཤེལ་ལྟར་དཀར་དྲུག་ལྷག་སུམ་ཅུའི་དཀྱིལ་འཁོར་དབང་ཕྱུག་དེ་ལ་འདུད། །སྐུ་བཞིའི་ནམ་མཁར་ཐུགས་རྗེའི་སྤྲིན་བསྡུས་ནས། །དབང་བཞིའི་བདུད་རྩིའི་ཆར་ཆེན་ལེགས་ཕབ་པས། །དགའ་བཞིའི་ལོ་ཏོག་རྣམ་པར་རྒྱས་བྱའི་ཕྱིར། །དབང་བཞིའི་ཆོ་ག་རྒྱུད་བཞིན་བཤད་པ་ལ། །བདེ་གཤེགས་རིགས་ལྔ་ཏིང་ངེ་འཛིན་ལ་བཞུགས་ཡུམ་བཞིས་བུམ་པའི་དབང་མཆོག་བསྐུར། །བྱང་སེམས་རྣམས་ཀྱིས་དགེ་ལེགས་ཚིགས་བརྗོད་རྡོ་རྗེ་ཁྲོ་བོས་བགེགས་ཚོགས་སྲུངས། །སྒེག་མཛེས་ལྷ་མོས་མཆོད་པའི་ལས་ཀྱིས་མེ་ཏོག་སིལ་མའི་ཆར་ཕོབ་ལ། །སྐལ་བཟང་སློབ་མ་དད་ལྡན་རྒྱུད་ལ་དབང་གི་ཡེ་ཤེས་རྒྱས་པར་མཛོད། །འདིར་རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་བ་ཡང་དག་པར་སྦྱོར་བའི་མཚན་ཉིད་ཅན་གྱི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྗེས་སུ་འབྲངས་ཏེ། སློབ་མ་ཡོངས་སུ་སྨིན་པར་བྱེད་པའི་ཆོ་ག་བརྗོད་ན། དེ་ལ་རྡོ་རྗེ་ཐེག་པའི་ལུགས་ཀྱི་མྱུར་དུ་མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་ལམ་རིམ་པ་གཉིས་བསྒོམ་དགོས་ལ། དེའི་སྔོན་རོལ་དུ་དབང་བསྐུར་བ་འགྲོ་དགོས་ཏེ། རྒྱུད་འདི་ཉིད་ཀྱི་འགྲེལ་པ་མན་ངག་གི་སྙེ་མར། རྫོགས་པའི་རིམ་པ་དང་བསྐྱེད་པའི་རིམ་པ་ནི་དབང་བསྐུར་བ་མེད་པར་མ་ཡིན་ཞིང་ཞེས་སོ། །དབང་བསྐུར་བ་ལ་ཕན་ཡོན་ཅི་ཡོད་ན། སྒྲོན་གསལ་ལས་དངོས་གྲུབ་ཐམས་ཅད་ནི་དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་ལས་འགྲུབ་པར་འགྱུར་རོ་ཞེས་དང༌། གསང་བ་མཛོད་ཀྱི་རྒྱུད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་ཡང་དག་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཅེས་པ་ལྟར་རོ། །མ་སྨིན་པར་རིམ་པ་གཉིས་བསྒོམས་ན་སྐྱོན་ཅིར་འགྱུར་ན། ཡེ་ཤེས་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་དང༌། རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང༌། །སློབ་དཔོན་སློབ་མར་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་དང༌། གྲུབ་ཐོབ་ས་ར་ཧས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་མ་ཐག་ཏུ་སྟོང་པར་འགྱུར། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་དང༌། དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང༌། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་གསུངས་ཤིང་དབང་བསྐུར་མ་ཐོབ་པ་ལ་བླ་མས་ཀྱང༌། སྔགས་ཀྱི་རྒྱུད་དང་མན་ངག་ཤླཽ་ཀ་གཅིག་ཙམ་ཡང་བསྟན་དུ་མི་རུང་སྟེ། རིམ་ལྔ་ལས། དད་པ་མེད་ཅིང་དབང་བསྐུར་དམན་པ་ལ། །གཏམ་གྱི་རིམ་པའང་དེ་ལ་བརྗོད་མི་བྱ། །ཅེས་གསུངས་ཤིང་རྩ་ལྟུང་བདུན་པ་འབྱུང་བའི་ཕྱིར་རོ། །སློབ་དཔོན་རང་གིས་དབང་མ་ཐོབ་པར་གཞན་ལ་དབང་བསྐུར་བ་བྱེད་ན་ཡང༌། སློབ་མ་དང་བཅས་པ་དམྱལ་བར་འགྲོ་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བར། རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཅི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་གསུངས་སོ། །དེ་ལྟར་དབང་བསྐུར་བ་ལའང་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་ཏེ། རྡོ་རྗེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་དང༌། ནཱ་རོ་འགྲེལ་པར། ད་ནི་དཀྱིལ་འཁོར་མེད་པར་དབང་བསྐུར་སྦྱིན་པར་མི་བྱ་ཞིང་དབང་མ་བསྐུར་བ་དེ་ཁོ་ན་ཉིད་ཀྱང་བསྟན་པར་མི་བྱའོ། །ཞེས་གསུངས་པ་ལ། དཀྱིལ་འཁོར་ཡང་གདུལ་བྱའི་དབང་གིས་དབྱེ་བའི་སྒོ་མང་སྟེ། སློབ་དཔོན་ཀླུ་བྱང་གིས། སློབ་མའི་དོན་དུ་གྲུབ་བྱའི་ཕྱིར། །འཁོར་ལོ་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་དེ་བཞིན་ས་བོན་དང༌། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་སྟེ། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་བརྒྱད་དུ་གསུངས་པ་དང༌། མངོན་བརྗོད་བླ་མར། བྲི་བའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་རོ། །གསུམ་པ་ལག་པའི་ཕྱག་རྒྱ་སྟེ། །བཞི་པ་གཟུགས་སུ་འགྱུར་བའོ། །ལྔ་པ་མེ་ཏོག་མཆོད་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་དྲུག་ཏུ་བཤད་པ་ལ། དེ་དང་འགྱུར་མི་འདྲ་བ་ལས། ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་དགོད་པ་བཞི་པའོ། །མེ་ཏོག་དགྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་འབྱུང་བས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ། ལྷའི་ས་བོན་ཡི་གེ་དགོད་པ། ཆོས་ཀྱི་ཕྱག་རྒྱ་དང༌། ཕྱག་མཚན་དགོད་པ་དང༌། ཆོས་འཆད་ལ་སོགས་པའི་ལག་པའི་ཕྱག་རྒྱ་དགོད་པ་ཐུགས་ཀྱི་ཕྱག་རྒྱ་དང༌། སྐུ་ཕྱག་རྒྱ་ཆེན་པོའི་གཟུགས་ཅན་རྫོགས་པར་བཀོད་པ་ཕྱག་རྒྱ་ཆེན་པོ་དང༌། དེ་རྣམས་མི་ཤེས་པ་ལྷའི་གདན་མཚོན་པའི་མེ་ཏོག་དགྲམ་པ་སྟེ། གསང་བ་སྤྱི་རྒྱུད་ལས། གདན་དུ་དགོད་པའི་ཆོ་ག་བྱ། །ཞེས་པ་དང་མཐུན་ནོ། །དེས་མཚོན་ནས་ཡོ་ག་ནས་བརྡའམ་ཐིག་ལེ་ཙམ་འགོད་པའང་བསྡུ་སྟེ། དེ་ལྔ་གའང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འདུས་ཏེ། དོན་བསྡུ་བ་ན། འདི་ལྟའི་དཀྱིལ་འཁོར་བྲིས་ནས་ནི། །རྟག་ཏུ་བསྒོམ་ཞིང་མཆོད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མེ་ཏོག་ཚོམ་བུ་འགོད་པ་ལ་མེ་ཏོག་ཚོམ་བུ་ཞེས་བཤད་ཀྱི་རྡུལ་ཚོན་དང་མ་འབྲེལ་བར། ཚོམ་བུའི་དཀྱིལ་འཁོར་དུ་དབང་བསྐུར་བ་མ་ཡིན་ལ། སྔར་དཀྱིལ་འཁོར་བརྒྱད་དུ་བཤད་པའི་དང་པོ་བདུན་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དབྱེ་བ་ཡིན་ནོ། །འདིར་ནི་སློབ་དཔོན་རྡོ་རྗེ་དྲིལ་བུ་པས། དཀྱིལ་འཁོར་གསུམ་དུ་བསྡུས་ཏེ། འོན་ཀྱང་དཀྱིལ་འཁོར་དེ་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་དགྱེའི་རིམ་པས་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་གང་ཟག་དབང་པོ་ཐ་མ་ལ་རས་བྲིས་ཀྱི་དཀྱིལ་འཁོར། འབྲིང་ལ་རྡུལ་ཚོན་གྱི་དཀྱིལ་འཁོར། རབ་ལ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བཤད་པ་ལ། ལས་དང་པོ་པ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ངེས་པར་བསྐུར་དགོས་ཏེ། ནཱ་རོ་པས། དབང་བསྐུར་བདུན་པོ་འདི་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྣམ་པར་སྤངས་ནས་གཞན་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱིན་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་དེར་དབང་བསྐུར་བའི་ཆོ་ག་ལ་གསུམ་སྟེ། ཐོག་མར་སློབ་མ་རྗེས་སུ་བཟུང་བ་དང༌། དེ་ནས་རྒྱུད་སྨིན་པར་བྱ་བ་དང༌། མཐར་དམ་ཚིག་དང་སྡོམ་པ་བསྟན་པའོ། །དང་པོ་ནི་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སློབ་དཔོན་ལ། སློབ་མ་འགའ་ཞིག་དབང་བསྐུར་བ་ཞུ་བའི་ཕྱིར་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། རིགས་ཀྱི་བུ་བཙུན་པའམ། དགེ་བསྙེན་ནམ། སློབ་དཔོན་དགོངས་སུ་གསོལ། ཁྱེད་ལ་བདག་བླ་མར་གསོལ་བ་འདེབས་ཀྱི། བདག་དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འཚལ་ལོ། །ཞེས་ལན་གསུམ་དུ་གསོལ་བ་འདེབས་པ་ལ། སློབ་དཔོན་གྱིས་འདི་དྲི་སྟེ། ཁྱོད་སྔར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སམ་མ་ཞུགས་ཞེས་དྲི། ཞུགས་ཟེར་ན་གང་ལ་ཞུགས་ཞེས་དྲི་སྟེ། དེའང་སྔར་གསང་སྔགས་ལ་ཞུགས་ཟེར་ན། ཇི་ལྟར་ཞུགས་པ་ཤེས་པར་བྱས་ལ་ཁས་བླང༌། གལ་ཏེ་སྔགས་ལ་མ་ཞུགས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་ཐེག་པ་ཆེན་པོ་ལ་ཞུགས་སོ་ཞེས་ཟེར་ན། དེའང་འོས་སུ་གྱུར་པས་ན་ཁས་བླང༌། གང་དུ་ཐེག་ཆེན་ལའང་མ་ཞུགས་ཀྱི་སོ་སོར་ཐར་པ་ལ་བསླབས་སོ་ཟེར་ན། དེ་མ་ཐག་དབང་བསྐུར་བར་ཁས་མི་བླང་གི །སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ལ་གདོད་རྗེས་སུ་གཟུང་བར་བྱའོ། །གལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་སོ་ཞེས་སྨྲ་ན། དེ་ལ་ཁྱོད་ཅི་དོན་དུ་གཉེར་ནས་དབང་བསྐུར་ཞུ་བར་འདོད་ཅེས་དྲི། དེ་ལ་རིགས་གསུམ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་ཅེས་ཟེར་ན། དེ་ནི་སྐྱེ་བ་མང་པོ་ནས་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་པས་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱའོ། །གལ་ཏེ་བདག་ཉིད་གཅིག་པུ་འཁོར་བ་ལས་ཐར་ཏེ་ཞི་བའང་དོན་དུ་གཉེར་བར་འདོད་དོ་ཞེས་སྨྲ་ན་ཡང་དེ་ཡང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད། དཔོན་སློབ་ཕན་ཚུན་འབྲེལ་པ་བརྟགས་ལ་རྗེས་སུ་མཐུན་ན་གདོད་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱའོ། །གལ་ཏེ་ཚེ་འདིར་ཚེ་རིང་བ་དང་ནད་མེད་པ་ལ་སོགས་པ་དང༌། སྐྱེ་བ་ཕ་རོལ་དུ་ལྷ་མི་ལ་སོགས་པ་དོན་དུ་གཉེར་བར་འཚལ་ལོ་ཞེས་སྨྲ་ན། དེ་ནི་དེ་མ་ཐག་ཏུ་རྗེས་སུ་གཟུང་བར་མི་བྱ་སྟེ། དཔལ་ཀྱེ་རྡོ་རྗེའི་རྒྱུད་ལས་གསུངས་པ་ལྟར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །ཞེས་པ་ལ་སོགས་པ་རིམ་གྱིས་སྦྱང་བ་དང༌། འབྲེལ་པ་བརྟག་པ་ལ་སོགས་པ་བློ་ལེགས་པར་སྦྱངས་ལ། བྱང་ཆུབ་ཀྱི་སེམས་སྐྱེས་པ་དང་རྗེས་སུ་གཟུང་བར་བྱའོ། །དེ་ལྟར་ན་འབྲེལ་བརྟགས་ནས་མཚན་ཉིད་དང་ལྡན་པའི་སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གྲངས་ཁ་ཡར་བ་གཟུང་བར་བྱའི། ཁ་འཆམ་པ་དང་དེ་ལས་ལྷག་པ་དཀྱིལ་འཁོར་གཅིག་ཏུ་གཟུང་བར་མི་བྱ་ཞིང༌། གཟའ་སྐར་བཟང་བ་དང་ཡར་གྱི་ངོ་ལ་བརྩམ་པར་བྱའོ།།  །།གཉིས་པ་ནི་འགྲེལ་ཆེན་ལས་དབང་གི་མངོན་པར་རྟོགས་པ་བདུན་ཏེ། སྔོན་དུ་བསྙེན་པའི་ཆོ་ག་དང༌། སའི་ཆོ་ག་དང༌། སྟ་གོན་གྱི་ཆོ་ག་དང༌། དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པའི་ཆོ་ག་དང༌། སྒྲུབ་ཅིང་མཆོད་པའི་ཆོ་ག་དང༌། འཇུག་ཅིང་དབང་བསྐུར་བའི་ཆོ་ག་དང༌། མཇུག་གི་ཆོ་ག་ཞེས་བྱ་བ་འདི་རྣམས་ཀྱིས་སྨིན་བྱེད་ཀྱི་ལམ་མཐའ་དག་བསྡུས་པ་ལས་ཞེས་བཤད་པ་ལྟར་དོན་བདུན་ལས། དང་པོ་བསྙེན་པ་ནི། མཆོད་པ་དང༌། གཏོར་མ་བཤམས་ལ། སློབ་མས་ཕྱག་དང་མཎྜལ་ཕུལ་ཏེ། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐབས་དང་ཤེས་རབ་བདག་ཉིད་ཅན། །སྟོན་པའི་བསྟན་ལ་ལེགས་གནས་པ། །རྡོར་སེམས་ཆོ་ག་བཤད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གསལ་བར་དམིགས་ཏེ། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མའི་ལུས་ལ་ཞུགས་ཏེ། དེའི་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་བགེགས་ཐམས་ཅད་བསྲེགས་པར་བསམ་ཞིང་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ། གཏོར་ཆོག་ལྟར་ལྷ་དང་འབྱུང་པོ་ལ་གཏོར་མ་ཕུལ་ཏེ་ཁོ་བོས་ནི་ལྷ་མཉེས་པར་བྱ་བའི་ཕྱིར་སྔོན་དུ་བསྙེན་པར་བྱའོ། །ཁྱོད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ཡོ་བྱད་དང༌། དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་པའི་ཡོ་བྱད་འདི་དང་འདི་དག་དགོས་པས་འཚོག་ཆས་གྱིས་ཤིག ལུས་དང་སྲོག་གི་བར་ཆད་དུ་འགྱུར་བས། ཡ་ང་བའི་གནས་འདི་དག་ཏུ་མ་འགྲོ་ཤིག དགེ་བའི་རྩ་བ་ལ་བརྩོན་པར་གྱིས་ཤིག །ཅེས་བསྒོ་ལ་བཏང་ངོ༌། །སློབ་མས་སློབ་དཔོན་ལ་ཕྱག་འཚལ་ཏེ་ཅི་ལྟར་ནུས་པར་ཁས་བླང་ངོ༌། །དེ་ནས་སློབ་དཔོན་ལ་བསྙེན་པའི་ཡོ་བྱད་ཕུལ་བ་དང༌། སློབ་དཔོན་གྱིས་གནས་དབེན་པར་འདུག་སྟེ་བསྙེན་པ་བྱའོ། །འདི་ལ་བུམ་པ་ལ་བརྟེན་པ་དང་མ་བརྟེན་པའི་ལུགས་གཉིས་ལས། དཀྱིལ་འཁོར་གྱི་ཆོ་གའི་སྔོན་དུ་བུམ་པ་ལ་བརྟེན་པའི་བསྙེན་པ་བྱ་དགོས་པས་ན། རྣམ་རྒྱལ་བུམ་པ་ཆོ་ག་ཇི་ལྟ་བ་བཞིན་དུ་ལེགས་པར་བཅས་ལ། སྟེགས་བུའི་སྟེང་དུ་བཞག སྟེང་དུ་དུང་ཆོས་ཀྱི་ནང་དུ་དྲི་ཞིམ་པོ་ལེགས་པར་སྦྱར་བ་དང༌། རྡོ་རྗེ་གཟུངས་ཐག་དང་བཅས་པ་ཡང་བཞག་ཅིང་མཆོད་པ་དང་གཏོར་མ་ཡང་བཤམ་མོ། །དེ་ནས་སློབ་དཔོན་གྱིས་ཐུན་བཞིའི་རིམ་པས་སྒྲུབ་ཐབས་ལྟར་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་བདུད་རྩི་མྱང་བའི་བར་རྫོགས་པ་དང༌། བུམ་པ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བུམ་པ་ཚུལ་བཞིན་དུ་བསྐྱེད་པའི་ནང་དུ། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ་ཐུན་མོང་གི་སྲུང་འཁོར་དུར་ཁྲོད་གཞལ་ཡས་ཁང་གི་བར་སྐད་ཅིག་མ་ལས་བསྐྱེད་ཅིང༌། གཙོ་བོ་མངོན་བྱང་ལྔ་དང་འཁོར་རྣམས་འབྱིན་པའི་ཚུལ་གྱིས་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ་མཆོད་བསྟོད་བྱའོ། །དེ་ནས་རང་བདག་བསྐྱེད་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཚུར་འཁོར་དུ་སྔགས་ཕྲེང་དམར་པོའམ་སེར་པོ་ལས་འོད་འཕྲོས་པས་བུམ་པའི་ནང་གི་ལྷ་ལ་ཕོག་པས་ཐམས་ཅད་དམར་ལམ་སོང་བས་ལྷ་ཐམས་ཅད་དབང་དུ་གྱུར་པར་དམིགས་པའམ། ཡང་ན་སེར་པོ་འཕྲོས་པས་ལྷ་ཐམས་ཅད་སེར་ལམ་སོང་བས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་དམིགས་པའམ། བུམ་པའི་ལྷ་ཐམས་ཅད་ཀྱི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་འཛག་པར་དམིགས་ལ་གཙོ་བོ་ལ་འབུམ་དང༌། འཁོར་རྣམས་ལ་ཁྲི་ཕྲག་རེ་བཟླས་ནས་གྲངས་ཀྱི་བསྙེན་པ་རྫོགས་པ་དང༌། བུམ་པའི་ལྷ་ལ་མཆོད་བསྟོད་བྱས་ལ། དུང་ཆོས་ཀྱི་ཆུ་བླུགས་པས་བུམ་པའི་ལྷ་རྣམས་འོད་དུ་ཞུ་བར་བྱའོ། །གཉིས་པ་སའི་ཆོ་ག་ལ། ས་བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། བཟུང་བ་དང༌། བྱིན་གྱིས་བརླབ་པ་དང༌། བསྲུང་བ་དང་དྲུག་གི་དང་པོ་ནི། གྲོང་ཁྱེར་རམ་གཙུག་ལག་ཁང་གི་བྱང་ཤར་གྱི་ཕྱོགས་ཡིད་དགའ་བ་ཆུ་དང་ལྡན་པ། དབྱིབས་གྲུ་བཞི་པ། ཤར་དང་བྱང་དུ་གཞོལ་ཤིང་གཞན་མཐོ་བ། ཁ་དོག་དཀར་ཞིང་སྣུམ་པ། ཐལ་བ་དང་རུས་པ་དང་རྡོ་ལ་སོགས་པ་དང༌། ཨུ་དུམ་ཝཱ་ར་ལ་སོགས་པའི་ཤིང་དྲུག་མེད་པ། རུས་སྦལ་ལམ་གླང་པོ་ཆེའི་རྒྱབ་ལྟ་བུ་མ་ཡིན་པའི་ས་བཙལ་ནས། དེར་ཁྲུ་གང་གྲུ་བཞིར་བརྐོས་ཏེ་ས་དེ་ཉིད་ཀྱིས་དགང་བར་བྱའོ། །དེ་ནས་གང་བའམ་ལྷག་ན་མཆོག་ཏུ་བསྔགས་སོ། །མ་གང་བ་ནི་སྤང་བར་བྱའོ། །གཉིས་པ་ལ་མངོན་པ་ལས་བསླང་བ་དང༌། མི་མངོན་པ་ལས་བསླང་བ་གཉིས་ཀྱི་དང་པོ་ནི། ས་ཕྱོགས་དེའི་བདག་པོ་རྒྱལ་པོའམ། བློན་པོ་ལ་སོགས་པ་ལས་བསླང་བ་སྟེ། གལ་ཏེ་མ་ཁུགས་ན་རིན་གྱིས་བསླུ་བའི་བར་དུ་བྱས་ལ་ཇི་སྲིད་གནང་བའི་སྐབས་བྱུང་གི་བར་དུ་བསླང་བར་བྱའོ། །གཉིས་པ་ལ་སའི་ལྷ་མོ་ལས་བསླང་བ། ཞིང་སྐྱོང་ལས་བསླང་བ་གཉིས་ཀྱི་དང་པོ་ནི། དེར་མཎྜལ་དང་མཆོད་པ་དང་གཏོར་མ་གཉིས་བྱས་ལ། བདག་བསྐྱེད་བཟླས་པ་དག་པ་དྲན་པ་དང་བཅས་པ་བྱས་ནས་དཀྱིལ་འཁོར་བསྡུས་ཏེ། རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་སམ། ཡང་ན་གཙོ་བོ་རྐྱང་པར་བསྒོམས་ནས། མཎྜལ་གྱི་དབུས་སུ་ཚོམ་བུ་སའི་ལྷ་མོར་བསྐྱེད་པ་ནས་གཏོར་མ་འབུལ་བའི་བར་འོག་ནས་འབྱུང་བ་ལྟར་བྱས་ལ། སྙན་གསན་དབབ་པའི་ཚིག་གིས་ལན་གསུམ་གྱིས་ས་བསླངས་ནས་ནམ་མཁར་བཏེག་པས། ས་ཕྱོགས་བདག་ལ་བྱིན་པར་བསམ་ཞིང་སྐྱོང་རྣམས་ལ་བཀའ་བསྒོ་བའི་བར་བྱའོ། །གཉིས་པ་ནི། གཏོར་ཆོག་ནས་འབྱུང་བ་ལྟར་འབྱུང་པོའི་ཚོགས་ལ་གཏོར་མ་བྱིན་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གང་དག་ལ། །དཀྱིལ་འཁོར་དོན་དུ་ས་གཞི་འདི། །བདག་ཞུ་ཁྱོད་ཀྱིས་སྩལ་དུ་གསོལ། །ཞེས་ལན་གསུམ་གྱི་ས་བསླང་བས་བྱིན་པར་བསམས་ལ། མཎྜལ་གྱི་ལྷ་རྣམས་གཤེགས་སུ་གསོལ་ཞིང༌། ཞིང་སྐྱོང་རྣམས་བར་ཆད་བསྲུང་བའི་ཕྱིར་དཀྱིལ་འཁོར་གྱི་ལས་མ་ཚར་གྱི་བར་དུ་ཁང་པའི་ཕྱོགས་མཚམས་བརྒྱད་དུ་འཁོད་པར་བསམ་མོ། །གསུམ་པ་ལ། ལས་ཀྱིས་སྦྱང་བ་གཏེར་གཞུག་པ། སྔགས་ཀྱི་སྦྱང་བ་གསུམ་གྱི་དང་པོ་ནི། ལྟོ་འཕྱེའི་རིམ་པ་ཤེས་པར་བྱས་ལ་དངོས་གྲུབ་དང་མཐུན་པར་བརྐོས་ཏེ། སྐྱོན་རྣམས་བསལ་ལ་ས་གཞན་དང་བསྲེས་ཏེ་དྲི་ཞིམ་པོའི་ཆུས་བཀྲུས་ཏེ་བསྟར་ཞིང་འཐས་པར་དགང་བ་ཡིན་ནོ། །གཉིས་པ་ནི། དེའི་དབུས་སུ་རྫའི་སྣོད་པེའུའམ་ཟངས་ཀྱི་སྣོད་ལ་སོགས་པར་རིན་པོ་ཆེ་དང༌། འབྲུ་དང་སྨན་རྣམས་སྙིང་པོའི་སྔགས་སམ་ལས་ཐམས་ཅད་པ་བཟླས་པ་བཅུག་ལ་བསྟར་ཞིང་འཐས་པར་བྱའོ། །གསུམ་པ་ནི་གལ་ཏེ་སྦྱང་བར་མི་ནུས་པའམ་ནུས་པ་རྣམས་ལའང་ཆོ་ག་འདི་བྱ་སྟེ། ལག་པ་ས་ལ་བཞག་ནས་ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ་ཅེས་བཟླས་པར་བྱའོ། །དེ་ནས་ཡང་ས་གཞི་དེ་ནམ་མཁའ་ལྟར་དག་པར་བསམས་ཏེ་ཨོཾ་བྷུ་ཁཾ་ཞེས་བརྗོད་པར་བྱ་བ་ནི་དོན་དམ་པའི་སྦྱང་བའོ། །བཞི་པ་ནི་དེ་ནས་དཀྱིལ་འཁོར་གྱི་ཁང་པ་བརྩིགས་ཏེ་མཛེས་པར་བྱས་ལ་དེའི་དབུས་སུ་དཀྱིལ་འཁོར་གྱི་ས་སྟེགས་བྱས་ལ། ཉེ་འཁོར་ཀུན་ཏུ་བ་ལྕི་དང་དྲི་ཞིམ་པོས་ལེགས་པར་བྱུགས་ཏེ། བླ་རེ་དང་བ་དན་ལ་སོགས་པས་ཀྱང་བརྒྱན། བྲིས་སྐུ་ལ་སོགས་པའང་བཀྲམ་ཏེ་བཀྲ་ཤིས་ཤིང་མཛེས་པར་བྱའོ། །དེ་ནས་སྟངས་སྟབས་ཀྱི་བཀོད་པ་ལ་སོགས་པས་ས་གཟུང་བར་བྱ་བའི་ཕྱིར། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་སྟན་ནང་ཚང་ཅན་ལ་འདུག་ལ། ཕྱོགས་བཞིར་ཡང་སློབ་མ་བཞི་འདུག་ཅིང༌། དེ་དག་སོ་སོའི་མདུན་དུ་མཆོད་པ་དང༌། མཎྜལ་དང་རྡོ་རྗེ་དྲིལ་བུ་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མཛེས་པར་བཤམས་ཏེ། ལས་ཀྱི་རྡོ་རྗེས་ཞུ་ཕུལ་ནས། དཔོན་སློབ་རྣམས་ཀྱིས་སྒྲུབ་ཐབས་ནས་འབྱུང་བ་ལྟར་ཏིང་ངེ་གསུམ་མཆོད་བསྟོད་བདུད་རྩི་མྱང་བའི་བར་རྫོགས་པར་བྱས་ལ། སློབ་དཔོན་གྱིས་ལྷའི་ང་རྒྱལ་བཟུང་ཞིང༌། ཕྱོགས་ཀྱི་སློབ་མ་རྣམས་ཀྱིས་མཆོད་པ་བསང་སྦྱངས། བསྐྱེད། བྱིན་གྱིས་བརླབ་པ་རྣམས་བྱས་ནས། སོ་སོའི་ཚིགས་བཅད་སྔགས་དང་བཅས་པ་དབུལ་ཞིང་ཤར་ཕྱོགས་པས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ལྷོ་ནས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ནུབ་ནས། ཞི་བའི་ཆོས་མཆོག་ལས་བྱུང་བའི། །ཡེ་ཤེས་སྤྱོད་པ་རྣམས་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །བྱང་ནས། སེམས་ཅན་ཀུན་གྱི་སེམས་ཅན་པོ། །རང་བཞིན་དག་པས་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས་ཧཱུྃ་བཛྲོད་ཏིཥྛ་ཞེས་བྱ་བས་ཕྱག་རྒྱ་དང་བཅས་པས་རང་གིས་བསྒོམས་པའི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ། རང་གཙོ་བོ་ལས་ཆད་དེ་ཕྱག་གཉིས་པའི་ང་རྒྱལ་གྱིས་ལག་གཡས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དེའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་བསམ། ལག་པ་གཡོན་པ་ཨ་ལས་པདྨ་འདབ་མ་ལྔ་པ་དེའི་ལྟེ་བར་ཟླ་བ་ལ་ཨཿས་མཚན་པ། དེ་དག་ཞུ་བ་ལས་བྱུང་བའི་ལག་པར་བསྒོམས་ཏེ། ལག་པ་གཉིས་རྣམ་ལྔ་འདོད་པའི་བསྐོར་བ་བྱས་ལ། ལག་པ་གཡས་པས་རྡོ་རྗེ་བླངས་ཏེ། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བརྗོད་ལ་རྡོ་རྗེ་དེ་སྨིན་མཚམས་ཀྱི་བར་དུ་ལན་གསུམ་གསོར་ལ་སྙིང་གར་བཟུང་ལ་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་དམ་ཚིག་ཡིན་སྙམ་དུ་དྲན་པར་བྱ། ཡང་ལག་པ་གཡོན་པས་དྲིལ་བུ་བླངས་ཏེ། ཨོཾ་གྷཎྜེ་ཨཿ ཞེས་བརྗོད་དེ་ལན་གསུམ་དཀྲོལ་ལ་དཀུར་ཁ་གྱེན་དུ་བསྟན་ཏེ་བཟུང༌། སྲིད་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོན་པར་བྱེད་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ངོ་བོ་གསུང་གི་དམ་ཚིག་ཡིན་སྙམ་དྲན་པར་བྱ། དེ་ནས་རང་རྡོ་རྗེ་སེམས་དཔར་གསལ་བ་དེ་ཉིད་ཕྱག་རྒྱའི་དམ་ཚིག་ཡིན་སྙམ་དུ་དྲན་པར་བྱས་ལ་དྲིལ་བུ་ཕྱོགས་མཚམས་བརྒྱད་དུ་དཀྲོལ་ཏེ། ཨོཾ་བཛྲ་གྷཎྜེ་ར་ཎའི་སྔགས་བརྗོད། དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་བསྐྱེད། ཉོན་མོངས་པ་ཐམས་ཅད་ལ་རབ་ཏུ་ཁྲོས་ནས། དེས་སྡང་བའི་བགེགས་ཐམས་ཅད་གཞོམ་པར་བྱ་བའི་ཕྱིར་ལྡང་བར་བྱ་སྟེ། རྣམ་ལྔ་འདོད་པའི་བསྐོར་བ་དང་བཅས་པས་རྡོ་རྗེ་གསོར་རྐང་བ་གཡས་པའི་སྐྱིལ་ཀྲུང་བཤིག དྲིལ་བུ་དཀྲོལ་ཏེ་གཡོན་པའང་བཤིག་ལ། རྣམ་ལྔ་འདོད་པའི་བསྐོར་བ་དང་བཅས་ཏེ་ལྡང་ལ། ལག་པ་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་བཟུང་ལ། ཧཱུྃ་ཞེས་བརྗོད་པས། སྐད་ཅིག་གིས་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོར་ཡོངས་སུ་གྱུར་ནས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མིང་གཞན་རྡོ་རྗེ་ཧཱུྃ་མཛད་ཅེས་བྱ་བ་གཡས་བརྐྱངས་པའི་ཞབས་གཉིས་ཀྱིས་རྡོ་རྗེ་དང་པདྨ་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མནན་པ། རབ་ཏུ་ཁྲོས་པ་བསྐལ་པའི་མེ་ལྟར་འོད་ཟེར་གྱི་ཕུང་པོ་འབར་བ། འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་ཟ་བ་ལྟ་བུ། རྩ་བའི་ཞལ་སྔོ་བ། གཡས་སེར་བ། གཡོན་ལྗང་བ་སྟེ། ཞལ་གསུམ་གདངས་པ་མཆེ་བ་གཙིགས་པ། ལྗགས་སྒྲིལ་བ། ཞལ་རེ་རེ་ཞིང་སྨིན་མ་འཁྱོག་ཅིང་ཁྲོ་གཉེར་དང་བཅས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ་ཕྱག་རྒྱ་དྲུག་དང་ལྡན་པ། དཔྲལ་བར་ཐོད་པ་ལྔས་བརྒྱན་པ། ཁྲག་འཛག་པའི་མགོ་བོའི་ཕྲེང་བ་མགུལ་པ་ལས་འཕྱང་བ། མགོ་བོ་དང་བཅས་པའི་སྐ་རགས་ཅན་སྟག་གི་པགས་པའི་ན་བཟའ་འཕྱང་བ། མཐའ་ཡས་ནག་པོས་བཅིངས་པའི་དབུ་སྐྲ་ཁམ་པ་གྱེན་དུ་འབར་བ། འཇོག་པོ་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ་མཐེའུ་ཆུང་གཉིས་སྦྲེལ་ཞིང་མཛུབ་མོ་བརྐྱང་བར་བྱས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་འོད་ཀྱི་ཤེས་རབ་དང་སྙོམས་པར་ཞུགས་པ། ཕྱག་གཡས་པ་དག་གིས་ལྕགས་ཀྱུ་དང་ཞགས་པ་དང༌། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཡི་གེ་ཧཱུྃ་དྲག་ཏུ་སྒྲོགས་བཞིན་པར་བསྒོམས་ལ། དེའི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་ཁྲོ་བོའི་རྣམ་པར་སྤྱན་དྲངས་པར་བསམ་ལ། ངག་ཏུ། ཧཱུྃ་ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །ཅེས་བརྗོད་ཅིང་མཆོད་བསྟོད་བྱས་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་བྱིན་གྱིས་བརླབ་པའི་གནས་སུ་དགོངས་པར་མཛད་པ་དང༌། སློབ་དཔོན་དང་དེའི་སློབ་མ་རྣམས་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཁྲོ་བོ་རྣམས་ཐིམ་པས། རང་ཉིད་དང་དེ་བཞིན་གཤེགས་པ་ཐམས་ཅད་རོ་གཅིག་ཏུ་འདྲེས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབ་ཅིང༌། ཤིན་ཏུ་གདུག་པ་དྲག་པོ་ལ། །ཞི་བས་འདུལ་བར་མི་འགྱུར་བས། །འདི་མཁྱེན་རྡོ་རྗེ་འཆང་གིས་ནི། །ཁྲོ་བོར་དེ་བཞིན་གཤེགས་ཀུན་འགྱུར། །ང་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་རང་ཉིད་དག །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །ང་ནི་སྟོབས་ཆེན་རྡོ་རྗེ་ཅན། །ང་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བརྟན་པ་ང༌། །ང་ནི་བདག་པོའི་རྡོ་རྗེ་ཆེ། །བྱིན་གྱིས་བརླབ་པ་མི་འདོར་རོ། །ཞེས་པས་ང་རྒྱལ་བཟུང་ནས། མིག་གཡས་པ་མ་ལས་ཉི་མ་གཡོན་པ་ཊ་ལས་ཟླ་བར་བསྐྱེད། རྡོ་རྗེའི་ལྟ་བས་གཡས་ཕྱོགས་སུ་བལྟས་པས་བགེགས་ཐམས་ཅད་བསྲེགས་ལ་གཡོན་དུ་བལྟས་པས་གསོས་པར་བསྒོམ་མོ། །ཡང་རྐང་པའི་མཐིལ་དུ་ཨཿཚེག་དྲག་ཅན་བཀོད་ལ། དེ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་འབར་བར་བསྒོམས་ཏེ། དེའི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྲེགས་ཤིང་ས་གཞི་ཐམས་ཅད་རྡོ་རྗེའི་སར་བསྒོམས་ནས། དགའ་བས་ཡོངས་སུ་འགྱུར་བའི་འགྲོས་ཀྱིས་དབང་ལྡན་དུ་ཕྱིན་ནས། དེར་རྡོ་རྗེ་གསོར་བ་དང་དྲིལ་བུ་གསིལ་ཞིང༌། རྣམ་ལྔ་འདོད་སྐོར་བྱས་པས་གར་བསླང་བ་དང༌། རྣམ་ལྔ་འདོད་སྐོར་དང་རྡོ་རྗེ་སྙིང་ག་དང་དྲིལ་བུ་དཀུ་གཡོན་དུ་བཟུང་ལ། རྐང་པ་གཡས་པ་ས་ལ་བསྣུན་བཞིན་པས་ཧཱུྃ་ཞེས་དང་གར་གྱི་སྒེག་བཙལ་བ་དང༌། ཡང་འདོད་སྐོར་དང་གཡོན་དྲིལ་བུ་དཀུར་བཟུང༌། རྐང་པ་གཡས་པ་ས་ལ་བསྣུན་པ་དང་བསྟུན་ལ་གཡས་རྡོ་རྗེ་གསོར་ཞིང་ཧཱུྃ་ཞེས་བརྗོད་པས་གར་བསྡིགས་པ་སྟེ། དེ་དག་སྔོན་དུ་འགྲོ་བས། གང་ཡང་ལྷ་དང༌། ལྷ་མ་ཡིན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། བརྗེད་བྱེད་དང༌། འབྱུང་པོ་དང༌། མཁའ་འགྲོ་མ་དང༌། ལུས་སྲུལ་པོ་དང༌། མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་རྗེས་སུ་འབྲང་མའི་འཁོར་དང་བཅས་པ་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། རིགས་སྔགས་གྲུབ་པ་ཁྱོད་སོང་ཤིག ས་ཕྱོགས་འདིར་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བས་སློབ་མ་ཆེ་གེ་མོ་ཞེས་བྱ་བ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་དང༌། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པར་བྱ་བའི་ཕྱིར། དཀྱིལ་འཁོར་རྒྱལ་པོ་རྡོ་རྗེ་དབྱིངས་ཞེས་བྱ་བ་འདྲི་བས། རྡོ་རྗེ་འཛིན་པའི་བཀའ་ཐོས་ནས་དེ་དག་མྱུར་བ་ཉིད་དུ་སོང་ཤིག གང་ཞིག་མི་འགྲོ་བ་དེ་དག་ལག་ན་རྡོ་རྗེ་ཧཱུྃ་ཁྲོས་པས་གདོང་རབ་ཏུ་འབར་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བ། ཡེ་ཤེས་ཆེན་པོའི་རྡོ་རྗེ་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་བརྒྱར་འགས་པར་འགྱུར་རོ། །ཞེས་ལན་གསུམ་བརྗོད་ལ། ལུས་ཀྱི་ཁྲོ་བོའི་སྟངས་སྟབས་དང༌། རྡོ་རྗེ་གསོར་དྲིལ་བུ་དྲག་ཏུ་གསིལ་ཞིང་ཕྱོགས་བཅུར་བལྟས་ལ་ཡུངས་ཀར་གཏོར། ངག་ཏུ་ཧཱུྃ་དྲག་ལ་རིང་བ་དང་ཁྲོ་བོའི་སྔགས་མང་དུ་བརྗོད། སེམས་ཀྱིས་སྙིང་ག་ནས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ལ་བགེགས་རྣམས་ཚར་བཅད་པར་བསྒོམ་མོ། །དེ་ནས་རྡོ་རྗེའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ས་བསྐོར་ནས་ཤར་དུ་མཐུན་པའི་རྐང་སྟབས་ཀྱིས་འདུག་ལ། ཤར་རམ་དབུས་སུ་ཁ་བལྟས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ཀྱིས་དམིགས་ལ་ཕྱག་བྱས་ནས། མེ་ཏོག་དང༌། སྤོས་དང༌། མར་མེ་དང༌། བྱུག་པ་དང༌། ཕེག་རྡོབ་པ་ལ་སོགས་པའི་ཕྱག་རྒྱས་ཧཱུྃ་ཞེས་བརྗོད་ཅིང་མཆོད་པར་བྱའོ། །དེ་ནས་གཡས་བརྐྱངས་ལ་སོགས་པའི་གར་དང༌། ལག་སྟབས་དང༌། འདུག་སྟངས་དང༌། གར་གྱི་ཉམས་དགུ་དང༌། རོལ་མོའི་བཀོད་པ་དང༌། གླུའི་བཀོད་པ་རྣམས་ལག་ལེན་ལྟར་བྱའོ། །ལྔ་པ་ནི། དེ་ནས་གནས་ཁང་སྟོང་པ་ཉིད་དུ་བསྒོམས་ལ། ཧཱུྃ་ལས་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་བསྐྱེད་དེ། དེ་སྙོམས་པར་ཞུགས་པ་ལས་ཆོས་ཀྱི་འབྱུང་གནས་སུ་བསྒོམ། དེའི་ནང་དུ་ཧྲཱིཿལས་བྱུང་བའི་པདྨ། དེའི་ལྟེ་བར་ཨཿཚེག་དྲག་ཅན་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་རླུང་ལ་སོགས་པའི་འབྱུང་བ་བཞི། དེའི་སྟེང་དུ་བྷྲཱུྃ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ། དེའི་སྟེང་དུ་བྷྲཱུྃ་ལས་རྣམ་པར་སྣང་མཛད་ཡབ་ཡུམ་དུ་བསྒོམ། དེ་གཉིས་སྙོམས་པར་ཞུགས་པས་དེ་རྣམས་འོད་དུ་ཞུ་ནས་འོད་ཟེར་འཕྲོ་བ་དང་བཅས་པའི་གཞལ་ཡས་ཁང་ལྟར་བྱིན་གྱིས་བརླབ་བོ། །དྲུག་པ་ནི། དེ་ནས་སེང་ལྡེང་ངམ་ལྕགས་སམ་རུས་པ་ལས་བྱུང་བའི་ཕུར་བུ་སྲིད་དུ་སོར་བཅོ་བརྒྱད་པ་སྦོམས་སུ་སོར་དྲུག་པའམ། སྲིད་དུ་བཅུ་གཉིས། སྦོམས་སུ་བཞི་པའམ། སྲིད་དུ་བརྒྱད། སྦོམས་སུ་དྲུག་ཆ་དང་བཅས་པའི་ཕྱེད་དང༌། གསུམ་ལ། སྟོད་རང་རང་གི་ཁྲོ་བོའི་གཟུགས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་ལྔ་འདུས་བྱས་ཏེ། ཙནྡན་དམར་པོས་བྱུག ཚོན་སྣ་ལྔའི་སྲིད་བུས་དཀྲིས། དར་དམར་པོའི་ཅོད་པཎ་བཅིང༌། ཡུངས་ཀར་གྱི་ཐུམ་བུ་བཏགས་ནས་སྣོད་གསར་པར་བཞག་གོ །དེ་ནས་ཨོཾ་ཤཱུ་ནྱ་ཏཱས་སྟོང་པར་བསྒོམས་པའི་ངང་ལས། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་དེ་ལས་འཕྲོས་པའི་འོད་ཟེར་གྱིས་རྡོ་རྗེའི་ས་གཞི། རྭ་བ། གུར། བླ་རེ། མདའི་དྲྭ་བ། ཡེ་ཤེས་ཀྱི་མེ་འབར་བས་བསྐོར་བའི་སྲུང་འཁོར་དུ་བསམས་ལ། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བཾ་ཧཱུྃ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡཾ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། ཨོཾ་བཛྲ་ས་ར་ཛྭཱ་ལ་ཏྲཾ་སཾ་ཏྲཾ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་བྱིན་གྱིས་བརླབས་ཏེ། ས་ཕྱོགས་སྲུང་འཁོར་གྱི་རང་བཞིན་དུ་བལྟས་ལ། རང་ཧཱུྃ་མཛད་ཀྱི་ང་རྒྱལ་གྱིས་ཕུར་བུ་རྣམས་བསང་སྦྱངས་ཏེ་པདྨ་དང་ཉི་མའི་གདན་ལ་ཧཱུྃ་ལས་དབང་ལྡན་གྱི་ཕུར་བུ་འཁོར་ལོས་སྒྱུར་བ་སེར་པོ་ཞལ་གསུམ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། མེར་རྣམ་རྒྱལ་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བརྒྱད་པ། ཕྱག་དང་པོ་གཉིས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན་པ། དེ་འོག་གཉིས་མདའ་གཞུ། དེ་འོག་གཉིས་རལ་གྲི་དང་ལྕགས་ཀྱུ། དེ་འོག་གཉིས་རྡོ་རྗེ་དང་ཞགས་པ་བསྣམས་པ། བདེན་བྲལ་དུ་སྤྲིན་སྒྲ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཞབས་དྲུག་པ། ཕྱག་གཡས་གཉིས་ན་རལ་གྲི་དང་དགྲ་སྟྭ། གཡོན་གཉིས་ན་ཞགས་པ་དང་གཏུན་ཤིང་བསྣམས་པ། རླུང་དུ་གསུས་པོ་ཆེ་སྐུ་མདོག་སྔོན་པོ་ཞལ་གསུམ་པ་དབུས་མ་བཞད་པ། གཡས་གདངས་པ། གཡོན་ཚེམས་ཀྱིས་མ་མཆུ་མནན་པ། མི་བསྐྱོད་པའི་དབུ་རྒྱན་ཅན། ཕྱག་དྲུག་གིས་གཡས་རྡོ་རྗེ་བེ་ཅོན། རལ་གྲི། མདའ། གཡོན་སྡིགས་མཛུབ་ཞགས་པ་དང༌། བཅས་པས་ནུ་མ་འཛིན་པ། ཐོ་བ་དང་གཞུ། དབུས་སུ་རྣམ་པར་རྒྱལ་བ་སྐུ་མདོག་དམར་པོ་ཞལ་གསུམ་པ་དབུས་མ་བཞད་པ། གཡས་ལྗགས་འདྲིལ་བ། གཡོན་ཚེམས་ཀྱིས་མ་མཆུ་མནན་པ། ཕྱག་བརྒྱད་ཀྱིས་གཡས་རྡོ་རྗེ། དབྱུག་ཐོ། ལྕགས་ཀྱུ་མདའ་དང༌། གཡོན་སྡིགས་མཛུབ་ནུ་མ་འཛིན་པ། པདྨ། ཞགས་པ། གཞུ་འཛིན་པ། ཐམས་ཅད་ཀྱང་སྟོད་ཁྲོ་བོའི་རྣམ་པ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྨད་ཕུར་བུའི་གཟུགས་ཅན་བསྐལ་བའི་མེ་ལྟར་འབར་བར་བསྒོམས་ནས། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས། ཡེ་ཤེས་ཀྱི་ཕུར་བུ་དཔག་ཏུ་མེད་པ་བཀུག་ནས་སྒོ་མ་བཞིའི་སྔགས་རྒྱས་དམ་ཚིག་གིས་ཕུར་བུ་དང་རོ་གཅིག་ཏུ་བྱས་ནས། དབུས་ཀྱི་ཕུར་བུ་ལ་གཙོ་བོའི་སྔགས་དང་མཚམས་ཀྱི་བཞི་ལ་དྲག་མོ་ལ་སོགས་པ་བཞིའི་སྔགས་དང་ཐུན་མོང་དུ་ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱན་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། དཀར་པོའི་ཕྱོགས་རྣམས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལ་བཀོད། གདུལ་དཀའ་བའི་བགེགས་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་བཀུག མགྲིན་པ་ནས་ཞགས་པས་བཅིངས། མཚོན་ཆ་ལྷག་མ་རྣམས་ཀྱིས་བསྡིགས་བཞིན་པས་བཀུག་ནས་རྡོ་རྗེ་རྭ་བའི་ཕྱི་རོལ་མེ་རི་འབར་བའི་ཤར་དང་མཚམས་ཀྱིས་བཞིར་ཧཱུྃ་རིང་པོ་ལས་གྲུབ་པའི་ཁྲོན་པ་རྣམས་ཀྱི་ནང་དུ་བཅུག་པར་བསམ། རང་ཁམས་གསུམ་རྣམ་རྒྱལ་གྱི་ང་རྒྱལ་གྱིས་ལག་པ་གཡོན་པས་རྡོ་རྗེ་ཁུ་ཚུར་གྱིས་ཕུར་བུ་དང༌། གཡས་པས་རྡོ་རྗེ་ཐོ་བ་མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པ་བཟུང་ནས། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ། ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ་ཕཊ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱཛྙཱ་པ་ཡ་ཏི། སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀྩིཏྟ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བརྗོད་ཅིང་བགེགས་རྣམས་ཀྱི་མགོ་བོར་ཕུར་བུས་བཏབ་ལ། ཨོཾ་བཛྲ་མུཏྐ་རཱ་ཀོ་ཊ་ཡ་ཧཱུྃ་ཞེས་བརྗོད་ཅིང་བརྡུངས་པས་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུག་ཅིང་འོག་གཞི་དང་ལྷན་ཅིག་ཏུ་བྱས་པས་བགེགས་རྣམས་ཀྱི་ལུས་གཡོ་འགུལ་མེད། ངག་རླུང་རྒྱུ་བ་མེད། སེམས་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་ནས་འོད་གསལ་བདེ་བ་ཆེན་པོ་དེ་བཞིན་ཉིད་ཀྱི་རང་བཞིན་དུ་རོ་གཅིག་པར་གྱུར་ཅིང༌། བགེགས་ཀྱི་ཚོགས་ལྷག་མ་རྣམས་ཀྱང་རིང་དུ་བྲོས་པར་བསམས་ལ། དབང་ལྡན་ནས་མཚམས་བཞིར་གཡས་སྐོར་དང༌། དབུས་ཀྱི་ཕུར་བུ་ཤར་དུ་བཏབ་ལ། ས་ཕྱོགས་བགེགས་དང་བྲལ་བར་བྱ་སྟེ་སའི་ཆོ་གའོ།།  །།གསུམ་པ་ལྟ་གོན་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། དེ་ལྟར་སའི་ཆོ་ག་བྱས་པའི་གནས་སུ། ཕྱག་དར་དང་སྐྱང་ནུལ་བྱ། བླ་རེ་དང་ཡོལ་བ་ལ་སོགས་པའི་རྒྱན་དགྲམ། བྲིས་སྐུ་དང་ལུགས་མ་ལ་སོགས་པའི་རྟེན་རྣམས་ཇི་ལྟར་བདེ་བར་བཞུགས་སུ་གསོལ། དཀྱིལ་འཁོར་ཡང་ཐིག་ཆེན་བརྒྱད་སྐྱ་ཐིག་ཏུ་བཏབ་ནས། རྩིག་པའི་ནང་ཕན་ཆད་སྟོང་པར་བཞག་ལ། དེའི་ཕྱི་རོལ་དཀྱིལ་འཁོར་གྱི་གཡས་བདག་གི་གཡོན་ནས་གཡོན་སྐོར་གྱིས་ཞབས་བསིལ་ལ་སོགས་པའི་ཆུ་བཞི་དང༌། རང་གི་གཡས་དཀྱིལ་འཁོར་གྱི་གཡོན་ནས་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔ་གཡོན་སྐོར་གྱིས་བཤམ། དེ་དག་ཀྱང་འབྱོར་པས་ཚད་མེད་ལ། མ་འབྱོར་ནའང་ལྷ་གྲངས་དང་མཉམ་པར་སུམ་ཅུ་སོ་བདུན་དང༌། སའི་ལྷ་མོའི་མཆོད་པ་དང༌། བུམ་པའི་དང༌། ལས་ཐམས་ཅད་པའི་མཆོད་པ་སྟེ་མཆོད་པ་ཚར་བཞི་བཅུ་ཐམ་པ་བཤམ། གཞན་ཡང་བའི་རྣམ་ལྔ་དང༌། དྲི་བཟང་པོའི་ལྡེ་གུ་དང༌། མེ་ཏོག་དང༌། བཟེད་ཞལ་གསུམ་དང༌། གོས་ཟུང་དང༌། བུམ་པ་སྟ་གོན་གྱི་ཕྱིར་མཚན་ཉིད་དང་ལྡན་པའི་བུམ་པ་བཅུ་འདུས་བྱས་ལ། རྡོ་རྒྱུས་ལ་སོགས་པས་དཀར་པོར་བྱུགས་ལ། ལྷའི་ཁ་དོག་དང་མཐུན་པར་དར་རམ་རས་དཀར་པོ་ཁ་ཚར་མ་ཉམས་པས་མགུལ་ཆིངས་པྲོག་ལྔ་པའམ་བདུན་པ་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་སྲད་བུ་དཀར་པོས་བཅིང༌། རྣམ་རྒྱལ་ལམ་རྩ་བའི་བུམ་པ་ལ་ཉི་མ་ལ་གནས་པའི་རྡོ་རྗེ་དཀར་པོ་སོགས་རིགས་ལྔའི་ཕྱག་མཚན་རྣམས། ཤར་གྱི་ལ་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ། ལྷོའི་ལ་རིན་པོ་ཆེ་སེར་པོ། ནུབ་ཀྱི་ལ་པདྨ་དམར་པོ། བྱང་གི་ལ་རལ་གྲི་ལྗང་གུ། དབང་ལྡན་གྱི་ལ་འཁོར་ལོ། མེ་ཡི་ལ་རྡོ་རྗེ། བདེན་བྲལ་གྱི་ལ་པདྨ། རླུང་གི་ལ་ཨུཏྤ་ལ། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་སྟེ་འདི་རྣམས་ཉི་མ་ལ་གནས་པ་བྲིས་ནས། དྲག་མོ་ལ་སོགས་པའི་སྔགས་སམ་ལས་ཐམས་ཅད་པ་བཟླས་པས་བུམ་པ་རྣམས་ལ་ཡུངས་ཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུགས་ནས་བགེགས་བསྐྲད། ནས། གྲོ། སྲན་མ། འབྲས། ཏིལ་ཏེ་འབྲུ་ལྔ། གསེར་དངུལ། བྱི་རུ། མུ་ཏིག་དུང་སྟེ་རིན་པོ་ཆེ་ལྔ། ལན་ཚྭ། བུ་རམ། འོ་མ། མར། སྦྲང་རྩི་སྟེ་སྙིང་པོ་ལྔ་དང༌། ཙནྡན་དཀར་པོ། དམར་པོ། གུར་གུམ། ཛཱ་ཏི། ག་པུར་ཏེ་དྲི་ལྔ་དང༌། བྲྀ་ཧསྟི། ཀཎྜ་ཀ་རི། ཨ་པ་ར་ཛིཏྟ་དཀར་པོ། ཧ་ས་ཧ་ས་དེ་བ་སྟེ་སྨན་ལྔ་དང༌། ཤ་ལྔ་དང་བདུད་རྩི་ལྔ་རྣམས་ཅི་འབྱོར་བཅུག རང་གི་སྙིང་གའི་ས་བོན་ལས་ལྷ་མོ་མདོག་སྣ་ཚོགས་པ་སྤྲོས་ཏེ། ཆུ་བོ་གདྒཱ་ནས་ཆུ་བླངས་ཏེ་འགེངས་པར་བསམས་ལ། ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་ལན་བདུན་བདུན་བཟླས་ལ་བུམ་པའི་སུམ་ཆ་དྲི་ཞིམ་པོའི་ཆུས་དགང༌། ཨྃ་ཧཱུྃ་སྭཱ་ཧཱས་ཤིང་རློན་པས་ཁ་བརྒྱན་ལ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཀུ་ཤའི་གདན་ལ་རྣམ་རྒྱལ་བུམ་པ་དབུས་དང་གཞན་རྣམས་ཕྱོགས་མཚམས་མ་ནོར་བ་དང་ལས་བུམ་བྱང་ཤར་དུ་བཞག་ལ། རྣམ་རྒྱལ་བུམ་པའི་སྟེང་དུ་མཆོད་ཡོན་གྱི་སྣོད་ཐོད་པའམ་དུང་ཆོས་དྲི་ཞིམ་པོའི་ཆུ་དང་འོ་མ་བདུད་རྩི་རིལ་བུ་སྦྱར་བས་བཀང་བ། དེའི་སྟེང་དུ་རྡོ་རྗེ་གཟུངས་ཐག་དང་བཅས་པ་རྣམས་བཞག་ཅིང༌། བུམ་པ་རྣམས་ཀྱི་མཐའ་སྐོར་དུ་མཆོད་པ་རྣམས་བཤམ། སློབ་མ་སྟ་གོན་གྱི་ཕྱིར་མེ་ཏོག་དང་དྲི་ཆབ་མ་གཏོགས་པའི་མཆོད་པ་རྣམས་དང༌། སོ་ཤིང་དང་ཀུ་ཤ་ཆེ་ཆུང་གཉིས་དང༌། སྲུང་སྐུད་སློབ་མ་དུ་ཡོད་ཀྱི་གྲངས་དང་མཉམ་པ་དང༌། ཁ་བཤལ་གྱི་ཆུ་རྣམས་ཀྱང་སྟ་གོན་བྱའོ། །གཞན་ཡང་འདས་པའི་གཏོར་མ་དང་སྒོས་ཀྱི་ཆོས་སྐྱོང་ལ་སོགས་ཅི་ཙམ་དགོས་པའི་གཏོར་མ་དང༌། སྔོན་འགྲོ་དང་སའི་ལྷ་མོའི་གཏོར་མ་གཉིས་ཀྱང་བཤམས་ཤིང༌། སྤྱིན་སྲེག་བྱེད་ན་དེའི་ཡོ་བྱད་དང༌། ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ལ་སོགས་པ་འོག་ནས་འབྱུང་བའི་རྫས་ཐམས་ཅད་འདིར་འཚོག་པར་བྱ་བ་ནི་སྟ་གོན་གྱི་སྦྱོར་བའི་ཆོ་གའོ།།  །།གཉིས་པ་ལ་སའི་ལྷ་མོ་སྟ་གོན། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་དང་བཞིའི་དང་པོ་ནི། སློབ་དཔོན་འཁོར་བཅས་སྟན་བདེ་བ་ལ་འཁོད་ནས་གཏོར་ཆོག་ལྟར་སྔོན་འགྲོའི་གཏོར་མ་བཏང༌། གནས་དང་ཡོ་བྱད་བྱིན་གྱིས་བརླབ། ལས་ཀྱི་རྡོ་རྗེ་ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། དཔོན་སློབ་ཐམས་ཅད་ཀྱིས་སྒྲུབ་ཐབས་ལྟར་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་བཟླས་པ་དང་དག་པ་དྲན་པའི་བར་བྱའོ། །དེ་ནས་བཤམས་པའི་མཆོད་པ་རྣམས་བསང་སྦྱངས་བྱིན་གྱིས་བརླབ་ཅིང༌། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་ལ། དེ་བསང་ཞིང་སྦྱངས་པའི་ངང་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་འཛིན་པ། ཞི་བའི་ཆ་བྱད་ཅན་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པར་བསམས་ཏེ་བསྙེན་པའོ། །རང་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། སྔར་ས་ཆོག་བྱས་ན་ནམ་མཁར་བཏེག་པའི་ལྷ་མོ་དེ་ཉིད་དམ། མ་བྱས་ན་ས་འོག་ནས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཨོཾ་ཚུར་སྦྱོན་ཚུར་སྦྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱི་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་ཀྱང༌། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །ཧཱི་ཧཱི་ཧཱི་ཧཱི་ཧཱཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་སྤྱན་དྲངས་ལ་མཆོད་ནས་སྒོ་མ་བཞིའི་སྔགས་རྒྱས་དམ་ཚིག་པ་དང་རོ་གཅིག་ཏུ་བྱས་ཏེ་ཉེ་བར་སྒྲུབ་བོ། །དེ་ནས་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་སྒྲུབ་པའོ། །དབང་གི་ལྷ་སྤྱན་དྲངས་ཏེ་མཆོད་ཅིང་དབང་བསྐུར་བར་གསོལ་བ་བཏབ་པས་དབང་བསྐུར་ཏེ་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ་པ་ནི་སྒྲུབ་ཆེན་ནོ། །དེ་ལྟར་ཡན་ལག་བཞི་རྫོགས་པ་ལ། ཨོཾ་པྲྀ་ཐི་ཝི་དེ་ཝཱི་ས་པ་རི་ཝཱ་ར་ཞེས་པ་ཐམས་ཅད་ཀྱི་མགོར་སྦྱར་ལ། ནཱི་རཱི་ཧཱུྃ་ཁཾ་ཞེས་པས་ཞབས་བསིལ་བཟེད་ཞལ་དུ་དབུལ། དེ་བཞིན་དུ་ཞལ་བསིལ་ནས་རོལ་མོའི་བར་སོ་སོའི་སྔགས་རྒྱས་དབུལ་ཞིང༌། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཀྱང་དབུལ་ལ། གཏོར་མ་ཆབ་ལ་སོགས་པས་སྦྱངས་ཏེ།    རྗེས་མ།>>>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*