སམྦུ་ཊ་རྡོར་དབྱིངས་ཀྱི་སྒྲུབ་ཐབས། གཏོར་ཆོག་སོགས། ཁ༽

བསང་སྦྱངས་བྱིན་གྱིས་བརླབས་ནས་ལག་པ་གཡོན་མཆོག་སྦྱིན་དུ་བྱས་ལ། ཨོཾ་པྲྀ་ཐི་ཝི་དེ་ཝཱི་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཧཱུྃ་ཕཊ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་ཕུལ་བས་མཉེས་པར་བསམས་ལ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་སྟོབས། །བཅོམ་ནས་དཀྱིལ་འཁོར་བྲི་བར་བགྱི། །ཞེས་ལན་གསུམ་བརྗོད་པས་མཁྱེན་པར་གསོལ་ནས། ལྷ་མོ་དེས་དཀྱིལ་འཁོར་བྲིས་ཤིག་པའི་གནང་བ་བྱིན་པར་བསམས་ལ་ཨོཾ་བཛྲ་མུཿཞེས་པས་ས་དེ་ཉིད་ལ་ཐིམ་པར་བསམ་ཞིང་མཆོད་གཏོར་མེ་ཏོག་རྣམས་བསྡུ་བར་བྱའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་ས་གཞི་ལ་བསང་ཆུས་གཏོར་དཀྱིལ་འཁོར་རྒྱལ་མཆོག་གི་བར་མཆོད་ཕྲེང་ལྟར་བྱས་ནས། སྙིང་གའི་ས་བོན་ལས་འོད་འཕྲོས་པས། སྔར་ས་ཆོག་གི་སྐབས་སུ་ནམ་མཁར་བཏེག་པའི་དཀྱིལ་འཁོར་ལ་མཆོད་བསྟོད་ནས། ཚོམ་བུའི་དཀྱིལ་འཁོར་ལ་དགུག་གཞུག་བྱ། སླར་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་ཅིང་བསྟོད་ནས་དེ་དག་ཀྱང་དགུག་གཞུག་བྱས་ཏེ་རོ་གཅིག་པར་བསམས་ལ། སོ་སོའི་སྔགས་བཟླས་པས་ཚོམ་བུའི་དཀྱིལ་འཁོར་གྱི་ལྷ་རྣམས་གསལ་གདབ། དེ་ནས་སྟ་གོན་གྱི་ལྷ་ལ་དབང་བསྐུར་ཞིང་རྒྱས་གདབ་པ་དང༌། ཕྱི་མཆོད་ནས་བརྩམས་ཏེ་སྡོམ་པ་བཟུང་བའི་བར་མཆོད་ཕྲེང་ལྟར་བྱས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མའང་ཕུལ་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །མགོན་པོ་བདག་ནི་བྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་ལ་མཆོད་པ་བྱ་བའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་བཀའ་དྲིན་མཛད་པར་འོས། །འགྲོ་བའི་འཁོར་ལོའི་དོན་མཛད་པ། །སངས་རྒྱས་བདག་ལ་དགོངས་སུ་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །སེམས་ཅན་བསྟན་ལ་དགའ་བ་དང༌། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་པ་ཡིས། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་འདི། །ཡོ་བྱད་ཅི་འབྱོར་པ་དག་གིས། །འགྲོ་བ་དག་ཕྱིར་བདག་འདྲི་བས། །བདག་དང་སློབ་མར་བཅས་པ་ལ། །ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང༌། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །ཐུགས་རྗེས་དགོངས་ནས་ཉེ་བར་མཛོད། །ཅེས་ལན་གསུམ་གྱིས་སྙན་གསན་དབབ་པས་ལྷས་གནང་བ་བྱིན་པར་བསམ་མོ། །གསུམ་པ་ནི། དེ་ནས་འདུས་བྱས་པའི་བུམ་པ་རྣམས་ལ་ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་བསང་ཆུས་གཏོར་བས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་བཅུའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ཡངས་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པར་དཀྲིས་ཤིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་གང་བ་བཅུར་བསམས་ལ། རྣམ་རྒྱལ་བུམ་པར་མངོན་བྱང་ལྔས་གཙོ་བོ་དང༌། བུམ་པ་གཞན་རྣམས་སུ་འཁོར་རྣམས་འབྱིན་པའི་ཚུལ་གྱིས་བསྐྱེད་དེ། ཤར་གྱི་བུམ་པར་རྣམ་སྣང་དྲག་ཤུལ་མ། རྡོ་རྗེ་གནོད་སྦྱིན་མ། བྱམས་པ། ས་སྙིང༌། གླིང་བུ་མ། མེ་ཏོག་མ། ལྕགས་ཀྱུ་མ། ལྷོའི་བུམ་པར་རིན་འབྱུང༌། རྡོ་རྗེ་གཟུགས་ཅན་མ། རྡོ་རྗེ་མཁའ་འགྲོ་མ། ཕྱག་རྡོར། ནམ་སྙིང༌། པི་ཝང་མ། བདུག་སྤོས་མ། ཞགས་པ་མ། ནུབ་ཀྱི་བུམ་པར་འོད་དཔག་མེད། རྡོ་རྗེ་འདོད་ཆགས་མ། སྒྲ་རྡོ་རྗེ་མ། འཇིག་རྟེན་དབང་ཕྱུག འཇམ་དཔལ། མུ་ཀུནྡ་མ། མར་མེ་མ། ལྕགས་སྒྲོག་མ། བྱང་གི་བུམ་པར་དོན་གྲུབ། རྡོ་རྗེ་ཞི་བ་མ། ས་རྡོ་རྗེ་མ། སྒྲིབ་སེལ། ཀུན་བཟང༌། རྫ་རྔ་མ། དྲི་ཆབ་མ། དྲིལ་བུ་མ་རྣམས་དང༌། མཚམས་བཞིའི་བུམ་པར་དབང་ལྡན་དུ་སྤྱན་མ་ལ་སོགས་པ་ཡུམ་བཞི་དང༌། ལས་བུམ་དུ་པདྨ་དང་ཉི་མའི་གདན་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་འཛིན་པ། སྦྲུལ་ལ་སོགས་པའི་མི་སྡུག་པའི་རྒྱན་གྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱངས་པའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་རྣམས་གཙོ་བོའི་ཐུགས་ཀ་ནས་འབྱིན་པའི་ཚུལ་གྱིས་བསྐྱེད་དེ་དམ་ཚིག་པ་བསྐྱེད་པའོ། །དེ་ནས་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ་པ། ཡེ་ཤེས་པ་དགུག་པ་དབང་བསྐུར་ཞིང་རྒྱས་གདབ་པ་རྣམས་སྒྲུབ་ཐབས་ལྟར་བྱ་ཞིང༌། བདུད་རྩི་འཁྱིལ་པ་ལ་ནི་དོན་ཡོད་གྲུབ་པའི་རྒྱས་གདབ་བོ། །དེ་ནས་ཕྱི་ནང་ཡིད་ལས་བྱུང་བ་རྣམས་ཀྱིས་མཆོད་ཅིང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ལ་སོགས་པས་བསྟོད་ནས། པད་སྐོར་དང་བཅས་པས་གཟུངས་ཐག་བླངས་ནས། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་བྱུང་ནས་དེ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་རྣམས་ལ་འཕོག་པས་ལྷ་རྣམས་དམར་པོར་བྱས་ནས་བདག་ལ་དངོས་གྲུབ་སྟེར་ཞིང༌། དེ་དག་གི་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་འཛག་པར་བསམས་ལ། ལྷ་སོ་སོའི་སྔགས་དང༌། ལས་ཐམས་ཅད་པ་ལ། ན་མསྶ་མནྟ་བུདྡྷེ་བྷྱོ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚྲོ་ཏྐ་ར་བྷཻ་ར་ཝཱ་ཡ་བཛྲ་སནྟོ་ཧ་དརྤ་ཡ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། ཅེས་པ་རྣམས་བརྒྱ་རྩ་བརྒྱད་རེ་བཟླས་ལ། སླར་ཡང་ཕྱི་ནང་ཡིད་ལས་བྱུང་བའི་མཆོད་པས་མཆོད་ཅིང་བསྟོད་ནས། དུང་ཆོས་ཀྱི་ནང་གི་མཆོད་ཡོན་དེ་བུམ་པ་རྣམས་སུ་ཕུལ་ནས་ལྷ་རྣམས་འོད་དུ་ཞུ་བར་བལྟའོ། །དེ་ནས་སྔར་གཏོར་མ་མ་བཏང་ན་སྐབས་འདིར་བཏང༌། སློབ་མའི་སྡིག་པ་ཞི་བའི་ཕྱིར་ཞི་བའི་སྦྱིན་སྲེག་ཀྱང་བྱས་ལ་ཚོགས་ཀྱི་ཡོ་བྱད་རྣམས་བླངས་ཏེ་བྱིན་གྱིས་བརླབ་ཅིང་ཕུད་དཀྱིལ་འཁོར་ལ་ཕུལ་བ་ནས་ལྷག་གཏོར་གྱི་བར་ཚོགས་འཁོར་གྱི་གཞུང་བཞིན་བྱ། སློབ་མ་སྟ་གོན་ཁང་པ་དེ་ཉིད་དུ་བྱེད་ན་ཚོམ་བུའི་དཀྱིལ་འཁོར་དང་བུམ་པ་དང་བྲིས་སྐུ་ལ་སོགས་པ་རྣམས་མི་སྣང་བར་བྱས་ནས་འཇིག་རྟེན་པའི་གཏོར་མ་བཏང༌། འདས་པའི་གཏོར་མ་བར་ཆད་བསྲུང་བའི་ཕྱིར་བཞག་གོ །བཞི་པ་ནི། སྐལ་བ་དང་ལྡན་པའི་སློབ་མ་སོ་སོར་ཐར་པ་རིགས་བདུན་གྱི་སྡོམ་པ་དང་ལྡན་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྙིང་རྗེ་དང་ལྡན་ཞིང་མཐའ་ཡས་པའི་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་བའི་དོན་དུ་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་འདོད་ཀྱི་བློ་དང་ལྡན་པ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་རྣམས་ཁྲུས་བྱས་ནས་མདུན་དུ་འཁོད་པ་ལ། སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། ཁྱེད་རྣམས་ཆོས་བསྒྲུབ་པའི་རྟེན་དལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པ་ལ་འཇུག་འདོད་ཀྱི་བློ་སྐྱེས་པ་དེ་ཤིན་ཏུ་ལེགས་པ་ཡིན་ནོ། །རྡོ་རྗེ་ཐེག་པ་ལ་འཇུག་པའི་སྒོ་ཡང་ཇི་སྐད་དུ། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་པ་ལྟར་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞི་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཉིད་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས་སྐལ་བཟང་དག འདི་དག་ལ་འཇུག་པར་བྱ་བར་རིགས་ལ། འདི་དག་ལའང་ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་གཉིས་ལས། འདིར་དྲང་བའི་དོན་དུ་ཤེས་རབ་ཟབ་མོའི་དོན་གཙོ་ཆེ་ཞིང༌། ངེས་པའི་དོན་དུ་ཐབས་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་རྒྱུད་སྡེ་འབུམ་ཕྲག་སུམ་ཅུ་སོ་དྲུག་གི་གླེང་གཞིའམ་རྩ་བ་བཤད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་སམྤུ་ཊ་ནས་འབྱུང་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བའི་ཆོ་ག་བསྒྲུབ་པར་བྱ་བ་ལ། སློབ་མ་སྟ་གོན་དུ་གནས་པའི་ཆོས་བཅུ་གཉིས་ཏེ། ལུས་ཀྱི་བྱ་བ། གསོལ་བ་གདབ་པ། སྔགས་ཀྱི་ཐེག་པ་སྦྱིན་པ་གཟུང་བར་གདམས་པ། བསྲུང་བ་བྱ་བ། རྒྱུན་བཤག་བྱ་བ། སྲུང་སྐུ་གདགས་པ། སོ་ཤིང་དོར་བ། ཀུ་ཤ་སྦྱིན་པ། ཁྱོར་ཆུ་བླུད་པ། མཆོད་པ་བྱ་བ། ཆོས་ཟབ་མོ་བཤད་པ། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་བྱ་བ་རྣམས་ལས་དང་པོ་ནི། ཁྲུས་བྱས་གཙང་ཞིང་གོས་དཀར་གྱོན། །ཡོ་བྱད་རྣམ་པ་ཀུན་དང་ལྡན། །བྱམས་པའི་སེམས་ནི་ཉེར་བཞག་ནས། །དཀྱིལ་འཁོར་དྲུང་དུ་ཉེ་བར་འདོང༌། །ཞེས་པ་ལྟར་ཁྲུས་བྱས་གོས་གཙང་མ་གྱོན་ཕྱག་དང་མཎྜལ་བྱས་ཏེ་སྙིམ་པ་མེ་ཏོག་གིས་བཀང་ནས་ཙོག་པུར་འདུག་པའོ། །གཉིས་པ་ནི། སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་ལ་སོགས་འཇིགས་དང་བཅས། །སྲིད་པའི་རྒྱ་མཚོར་བྱིང་བ་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །གསུམ་པ་ནི། སློབ་དཔོན་གྱིས་འདི་སྐད་བརྗོད་དེ། བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་བཞིན་ཀུན་ཀྱང་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །བཞི་པ་ནི། སློབ་མ་རྣམས་གཙོ་བོའི་སྔགས་བཟླས་པ་དང༌། སྙིང་གའི་ས་བོན་གྱི་འོད་ཀྱིས་སྡིག་སྒྲིབ་རྣམས་བསྲེགས་ནས་ཆོ་ག་གསུམ་གྱིས་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་ལ། དྲི་ཆུས་སྙིང་གར་གཏོར། སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། མགྲིན་པར་པདྨ་ལ་གནས་པའི་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་དང༌། སྤྱི་བོར་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་རྣམས་བསྒོམས་ནས། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་དྲི་ཆུས་གནས་གསུམ་དུ་རེག་ཅིང་མས་རིམ་གྱི་ཧཱུྃ་ཨཱཿ ཨོཾ་ཞེས་དང༌། ཡས་རིམ་གྱི་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ་དང་པོས་ཕྱག་མཚན། གཉིས་པས་ཡིག་འབྲུ་གསལ་བཏབ་བོ་གསུང༌། ལྔ་པ་ནི། རྒྱུད་དག་པར་བྱ་བའི་འདུན་པས་སྒྲུབ་ཐབས་ནས་བཤད་པ་ལྟར་རྒྱུན་བཤགས་ལན་གསུམ་བྱའོ། །དྲུག་པ་ནི། སྲད་བུ་དམར་པོ་ལུས་ཀྱི་ཚད་དང་མཉམ་པ་སུམ་སྒྲིལ་བྱས་པ་ལ་ཧཱུྃ་བཟླས་ཤིང་རྡོ་རྗེའི་མདུད་པ་གསུམ་བོར་ཏེ། ཐལ་མོ་སྦྱར་བའི་བར་དུ་བཞག་ལ། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་བུར་བསྐྱེད་ལ། སྙིང་གའི་ས་བོན་གྱིས་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་བཀུག་ལ་གཉིས་སུ་མེད་པར་བསྟིམ། གཙོ་བོའི་སྙིང་པོ་དང་ལས་ཐམས་ཅད་པའི་སྔགས་བཟླ་བཞིན་པས་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་པར་བཅིངས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །བདུན་པ་ནི། དཀྱིལ་འཁོར་གྱི་ཤར་སྒོར་དྲིའི་མཎྜལ་ཁྲུ་གང་གྲུ་བཞི་པ་བྱས་ལ། དེར་མེ་ཏོག་གི་ཚོམ་བུ་དགུ་བཀོད་པའི་མདུན་དུ་སློབ་མ་ཤར་རམ་བྱང་དུ་ཁ་ཕྱོགས་པ་ལ་གཙོ་བོའི་སྔགས་ཀྱིས་སོ་ཤིང་སོར་བཅུ་གཉིས་པ། མགོ་བོར་མེ་ཏོག་གི་ཅོད་པཎ་དང་ལྡན་པ་བསྔགས་ནས། སློབ་མ་ཐལ་མོ་སྦྱར་བའི་བར་དུ་བྱིན་ལ། དེས་སོ་ལ་རེག་པས་སྡིག་སྒྲིབ་རྣམས་ཕྱིར་ཕྱུང་བར་བསམས་ལ། ཚོམ་བུའི་དབུས་སུ་ཨོཾ་བཛྲ་ཧ་ས་ཧ་ཞེས་བརྗོད་ཅིང་དོར་བས། སོ་ཤིང་གི་རྩེ་མོ་རང་ལ་བསྟན་ན་དངོས་གྲུབ་རབ། སྟེང་དུ་འབྲིང༌། ཕྱོགས་བཞིར་བསྟན་ན་ཞི་སོགས་ཕྲ་མོ། འོག་ཏུ་བསྟན་ན་འོག་གི་དངོས་གྲུབ་འགྲུབ་ཅེས་གོ་བར་བྱའོ། །བརྒྱད་པ་ནི། དྷཱིཿལས་བྱུང་བའི་ཀུ་ཤ་ཆུང་བ་སྔས་ཀྱི་ཕྱིར་ལག་པ་གཡས་དང༌། ཧ་ལས་བྱུང་བའི་ཀུ་ཤ་ཆེ་བ་སྟན་གྱི་ཕྱིར་གཡོན་དུ་སྦྱིན་ནོ། །དགུ་པ་ནི། དྲི་ཞིམ་པོའི་ཆུ་ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙཱ་སྱ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་པས་བསྔགས་ལ་གཡས་པའི་ཁྱོར་མོར་ལན་གསུམ་སྦྱིན་ནོ། །བཅུ་པ་ནི། སློབ་མ་ལྷར་གནས་པའི་སྤྱི་བོར་མེ་ཏོག ཤངས་ལ་བདུག་སྤོས། སྤྱན་ལ་མར་མེ། སྙིང་གར་དྲིས་བྱུགས་ལ་མཆོད་དོ། །བཅུ་གཅིག་པ་ནི། ཟབ་མོའི་ཆོས་བཤད་པས་སྤྲོ་བ་བསྐྱེད་པར་བྱ་སྟེ། ཇི་སྐད་དུ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱའ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ནས་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དྭང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ལ་དེའི་དོན་བཤད་དོ། །བཅུ་གཉིས་པ་ནི། སང་ཉིན་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་བས་སྔར་བྱིན་པའི་ཀུ་ཤ་དག་སྔས་དང་སྟན་དུ་གྱིས་ལ། གློ་གཡས་པ་འོག་ཏུ་ཕོབ་ལ་ཉོལ་ཞིག་དང་རྨི་ལམ་དུ་སྔགས་ཀྱི་དངོས་གྲུབ་ཅི་ལྟར་འགྲུབ་པའི་ཚུལ་མཐོང་བར་འགྱུར་རོ། །ཞེས་བསྒོས་ལ་ཉལ་དུ་གཞུག་གོ །སློབ་དཔོན་གྱིས་བསྲུང་བའི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་སྔགས་མང་དུ་བཟླས་ཤིང༌། སང་ནང་པར་སློབ་མ་དག་གི་རྨི་ལམ་དྲིས་ཏེ། དེ་ལ་དགེ་བའི་རྨི་ལམ་ནི། སངས་རྒྱས་དང་དེའི་སྐུ་གཟུགས་དང༌། མཆོད་རྟེན་རྣམས་མཐོང་ཞིང་དེ་དག་ལ་མཆོད་པ་བྱེད་པ་དང༌། དགེ་སློང་ལ་སོགས་པ་ལས་ཆོས་ཉན་པ་དང༌། གླེགས་བམ་ཀློག་པ་དང༌། རྒྱལ་པོར་དབང་བསྐུར་བ་དང༌། བཞོན་པ་ལ་ཞོན་པ་དང༌། ནས་དང་འབྲུ་དང་ཟས་ཐོབ་པ་ལ་སོགས་པ་དང༌། མི་དགེ་བའི་ལྟས་ནི། རྒྱ་སྐྱེགས་ཀྱི་རི་ལ་འཛེག་པ་དང༌། ཀ་ར་བཱི་རའི་མེ་ཏོག་རྒྱས་པ་ཐུ་བ་དང༌། བྱེ་མའམ་ཐལ་ཆེན་ལ་འཛེག་པ་དང༌། བོང་བུ་ཞོན་ཏེ་ལྷོ་ཕྱོགས་སུ་སོང་སྟེ་མ་ལོག་པ་དང༌། སྤྲེའུ་ཞོན་ནས་ཤར་ལྷོ་དང་ཤར་ཕྱོགས་སུ་འགྲོ་བ་ལ་སོགས་པ་རྣམས་ཡིན་ལ། དེ་ལྟར་དགེ་བའི་ལྟས་རྣམས་ལ་སྔགས་ཀྱི་དངོས་གྲུབ་རབ་འབྲིང་གསུམ་འགྲུབ་པར་བསྟན་ཅིང༌། མི་དགེ་བའི་ལྟས་མཐོང་བ་རྣམས་ལ་ནི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའི་རང་བཞིན་དུ་བསྟན་ལ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྲུངས་ལ། སངས་རྒྱས་སྤྱན་གྱི་རྣལ་འབྱོར་མན་ངག་ཇི་ལྟ་བ་བཞིན་བྱིན་ལ། བསྲེག་བླུགས་བརྒྱ་རྩ་བརྒྱད་དབུལ་ལ་ཞི་བའི་སྦྱིན་སྲེག་བྱའོ། །གསུམ་པ་ནི་དེ་ལྟར་སྟ་གོན་རྣམས་ཡོངས་སུ་རྫོགས་ནས་ཚོམ་བུའི་དཀྱིལ་འཁོར་ལ་ཕྱི་ནང་ཡིད་ལས་བྱུང་བའི་མཆོད་པས་མཆོད་ནས་བསྟོད་པ་བྱ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་དང་མ་འབྱོར་པ་སོགས་ཀྱིས་ལྷག་ཆད་ཁ་བསྐངས་ལ། ཧཱུྃ་བཛྲ་ཨུ་ཏྟིཥྛ། ཞེས་པའི་སྔགས་རྒྱས་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ལ། སླར་ཡང་མཆོད་བསྟོད་བྱ། བདག་ཉིད་བསྲུང་ཞིང་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །བཞི་པ་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་ལ་ཐིག་གིས་བྲི་བ། ཚོན་གྱིས་བྲི་བ། རྒྱན་དགྲམ་པ་དང་གསུམ་གྱི་དང་པོ་ནི། སྟ་གོན་བྱས་པའི་གནས་སུ་དྲི་བཟང་དང་བ་བྱུང་ལྔས་བྱུགས་ནས་མེ་ཏོག་གཅལ་དུ་བཀྲམ་ལ། དེར་ལས་ཐིག་གིས་ཆ་དབྱེ་བར་བྱ་སྟེ། ཤར་ནུབ་དྲང་པོར་ཚངས་ཐིག་གདབ། །ཚངས་པའི་ཐིག་གི་ཤར་ནུབ་ཏུ། །སོར་དྲུག་དོར་བར་མཚན་མ་བྱ། །དེ་ཡི་ཚད་ཀྱིས་དེ་སྟེང་ནས། །ཤར་ནུབ་ཉ་རིས་ཉ་དང་ནི། །མཚན་མའི་སྟེང་དུ་རྒྱ་གྲམ་གདབ། །དེ་ཡིས་ཚངས་ཟུར་ཐིག་ཏུ་འགྱུར། །ཁྲུ་ཕྱེད་ཚད་ཀྱིས་རྩ་ཐིག་གདབ། །དེ་ནི་ནང་མའི་རྩ་ཐིག་ཡིན། །དེ་ཉིད་ཉིས་འགྱུར་བར་མའོ། །དེ་ཡང་ཉིས་འགྱུར་ཕྱི་མ་སྟེ། །རྩ་ཐིག་གསུམ་གྱི་ཕྱི་རོལ་དུ། །རང་རང་དཀྱིལ་འཁོར་གསུམ་པོ་ཡི། །ཆ་ཆུང་གཅིག་གཉིས་གཅིག་གཉིས་གཅིག །གཅིག་རྣམས་ཟུར་ཐིག་བར་དུའོ། །ཚངས་ལས་གཡས་གཡོན་རྩ་ཐིག་ནས། །དྲུག་པའི་བར་དུ་གཉིས་གསུམ་གཉིས། །གཅིག་གཅིག་གཅིག་གོ་ཕྱི་མ་ཡི། །མདའ་ཡབ་རྩེ་ནས་ཆ་ཆུང་རེ། །ཐིག་ལྔ་གཉིས་གཅིག་དོར་བར་ཐིག །དང་པོ་ཀ་རྒྱན་རྩེ་དང་མཉམ། །དེ་ནས་གསུམ་པོ་རེ་རེ་ཕྲི། །ལྔ་པ་ཚངས་ལས་གཡས་གཡོན་དུ། །གཉིས་དོར་དེ་ནས་ཚངས་རྩེར་ཐིག །རྭ་དབུས་དེ་ལས་གཡས་གཡོན་དུ། །གཉིས་དོར་གདུགས་སོགས་རྟ་བབས་ཀྱི། །རྩ་བའི་ཚངས་ལས་གཡས་གཡོན་དུ། །ཆ་ལྔ་དོར་བར་ཆ་གཉིས་པའི། །གྱེན་དུ་ཐིག་གོ་དེ་ནང་དུ། །གཉིས་དོར་སྣམ་བུ་བཞི་པའི་མཐའི། །ཚངས་རྩེར་ཟླུམ་ཐིག་དེ་ནང་དུ། །ཆ་ཕྱེད་བསྐོར་ལ་མདའ་ཡབ་ནས། །ཚངས་པའི་ཐིག་ལས་གཡས་གཡོན་དུ། །ཆ་ཆུང་གཉིས་རེ་དོར་བ་ནས། །སྣམ་བུ་དང་པོའི་རྩེ་ནས་བསྐོར། །སླར་ཡང་འཕྲེད་དུ་ཆ་ཆུང་གཉིས། །དོར་ཞིང་སྟེང་དུ་གཅིག་སྤངས་ནས། །བསྐོར་ཞིང་དེ་བཞིན་པུ་ཤུ་ཡི། །ཟུར་ལས་གཉིས་བཞི་གཉིས་བཞི་ནི། །ཟླུམ་ཐིག་པད་རྭ་ལ་སོགས་པའོ། །དཀྱིལ་འཁོར་གསུམ་ཀའི་ནང་དུ་ནི། །ཆ་ཆེན་རེ་རེའི་ལྷ་སྣམ་དང༌། །ནང་མའི་ཚངས་པའི་དབུས་ནས་ནི། །ཆ་ཆེན་གསུམ་གྱིས་བསྐོར་བར་བྱ། །དེ་ནང་གཅིག་དང་གཅིག་ནས་བསྐོར། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆུང་གཉིས་དང་གཅིག་ལ་ནི། །ཐིག་རེ་བཏབ་པས་ལེ་དགུར་འགྱུར། །ཞེས་པ་ལྟར་རས་བལ་གྱི་སྐུད་པ་རིང་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་དང༌། སྦོམས་སུ་སྒོའི་ཉི་ཤུ་ཆ་དང་ལྡན་པ། རྡོ་རྒྱུས་སམ་ཐོད་ལེ་སྐོར་དང་ལྷན་ཅིག་ཏུ་སྦགས་ལ་གདབ་པར་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཐིག་གིས་བྱིན་གྱིས་བརླབ་པའི་ཕྱིར། སྲད་བུ་རྐྱང་པ་ལྔ་ལྔ་གཅིག་ཏུ་བྱས་པ་ལྔ། ཚོན་སྣ་ལྔས་ཁ་དོག་བསྒྱུར་ལ་སྣོད་སོ་སོར་བཞག མཆོད་པ་ལྔ་བཤམ། སློབ་དཔོན་ལྷའི་རྣལ་འབྱོར་དང་ལྡན་པས་ཐལ་མོ་སྦྱར་བའི་དབུས་སུ་སྲད་བུ་ལྔ་གོ་རིམ་བཞིན་བཞག་ལ། དེ་དག་བུྃ་ཨཱྃ་ཧྲཱིཿཁྃ་ཧཱུྃ་རྣམས་ལས་སྒྲུབ་ཐབས་ལྟར་རིགས་ལྔར་བསྐྱེད་ལ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཁྱེད་ཀྱིས་བདག་ལ་རྡོ་རྗེའི་ཐིག་སྩལ་དུ་གསོལ། ཞེས་གསོལ་བ་གདབ་ཅིང༌། མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བར་བསྐྱེད་ལ། འབར་བའི་ལྟ་བས་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་སྤྱན་དྲངས་ལ་དམ་ཚིག་གི་སྲད་བུ་ལ་བསྟིམ་སྟེ་དེ་དག་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་སྲད་བུར་བསམས་ལ། ཨོཾ་ཨཱཿཨཾ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་སྲད་བུ་རྣམས་སྒྲུབ་གྲོགས་ཀྱི་ལག་པར་རིམ་པ་བཞིན་གཏད་ལ། སངས་རྒྱས་སེམས་ཅན་དབྱེར་མེད་པར་བསྒོམས་ནས། ཨོཾ་ཨ་ནྱོ྅་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསྥ་ར་སྥ་ར་ཨ་ནུ་པྲ་བིཥྚ། སརྦ་དྷརྨཱཿཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ ཞེས་བརྗོད་ཅིང་དང་པོ་སོ་སོ་དང་དེ་ནས་གཅིག་ཏུ་སྒྲིལ་ནས་གསེར་ལ་སོགས་པའི་སྣོད་དུ་བཞག་ལ་མཆོད་པས་མཆོད་ཅིང་ལག་པས་རེག་ལ། ཨོཾ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧོ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བརྗོད་ཅིང་ཡི་གེ་གསུམ་བཀོད་དོ། །དེ་ནས་ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་དང་ལས་བུམ་གྱི་ཆུས་དཀྱིལ་འཁོར་གྱི་ས་གཞི་ལ་གཏོར་ཞིང་སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ཕྱོགས་ནས་ཤར་དུ་བལྟས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་ཐིག་སྐུད་རྡོ་རྗེ་ལ་དཀྲིས་པ་གཡོན་པའི་ཁུ་ཚུར་གྱིས་ལྟེ་བར་བཟུང་ལ་སྒྲུབ་པའི་གྲོགས་རྣམ་སྣང་དུ་དམིགས་ཏེ། ཤར་ནས་ནུབ་ཏུ་བལྟས་ཏེ་འདུག་པའི་ལག་ཏུ་ཛཿ ལན་གསུམ་མམ་དགུར་བརྗོད་པས་བརྐྱང་ཞིང༌། དེས་ཀྱང་ཛཿགསུམ་ལ་སོགས་པ་བརྗོད་ལ་བླངས་ཏེ། སློབ་དཔོན་གྱིས་ལག་པ་གཡས་པས་ནམ་མཁའ་ལ་ཐིག་གདབ་ཅིང༌། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་དང༌། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས། །ཁྱེད་ཀྱི་དོན་མཛད་དུས་འདི་ལགས། །ཐིག་སྐུད་སྒྲ་ཡིས་བསྐུལ་ནས་ནི། །ཁྱེད་རྣམས་འདིར་ནི་གཤེགས་སུ་གསོལ། །ཞེས་བརྗོད་ལ་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་སློབ་དཔོན་བྱང་དང་སློབ་མ་ལྷོར་གནས་པས་ཚངས་ཐིག་གཉིས་པ། སློབ་དཔོན་མེ་དང་སློབ་མ་དབང་ལྡན་དུ་གནས་པས་ཤར་གྱི་ལོགས་ཐིག་དང༌། སློབ་དཔོན་རླུང་དང་སློབ་མ་སྲིན་པོར་གནས་པས་ནུབ་ཀྱི་ལོགས་ཐིག་དང༌། སློབ་དཔོན་དེ་ཉིད་དུ་འདུག་ལ་སློབ་མ་དབང་ལྡན་དུ་སོང་ལ་བྱང་གི་ལོགས་ཐིག་དང༌། སློབ་དཔོན་མེ་དང་སློབ་མ་སྲིན་པོར་གནས་པས་ལྷོའི་ལོགས་ཐིག་དང༌། སློབ་དཔོན་དེ་ཉིད་དང་སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ་དང༌། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ་ཅིང༌། ཐམས་ཅད་ཀྱང་གཡས་སུ་བསྐོར་བས་སོ། །དེ་ནས་ཡེ་ཤེས་ཀྱི་ཐིག་སྐུད་ལ་མཆོད་བསྟོད་བྱས་ལ་བཛྲ་མུཿས་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས་སུ་གསོལ། །གཉིས་པ་ནི། འབྲས་ལ་སོགས་པ་ལ་ཁ་བསྒྱུར་བའི་ཚོན་སྣ་ལྔ་ལ་དུར་ཁྲོད་ཀྱི་ཐལ་བས་སྦགས་པའི་སྣོད་སོ་སོར་བཞག་སྟེ། དབུས་སུ་སྔོན་པོ་ལ་ཧཱུྃ། ཤར་དུ་དཀར་པོ་ལ་བུྃ། ལྷོར་སེར་པོ་ལ་ཨཱྃ། ནུབ་ཏུ་དམར་པོ་ལ་ཧྲཱིཿ བྱང་དུ་ལྗང་གུ་ལ་ཁྃ་བྲི། མཆོད་པ་དང་གཏོར་མ་ཡང་བཤམ། རང་ལྷའི་ང་རྒྱལ་དང་ལྡན་པས་ཚོན་རྣམས་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཡི་གེ་སོ་སོ་ལས་སྒྲུབ་ཐབས་ལྟར་རིགས་ལྔར་བསྐྱེད། སྟ་གོན་གྱི་ལྷ་ལ་ཁྱེད་ཀྱིས་བདག་ལ་རྡོ་རྗེའི་ཚོན་སྩལ་དུ་གསོལ་ཞེས་གསོལ་བ་གདབ་ཅིང་མིག་བྱིན་གྱིས་བརླབས་ལ་ཡེ་ཤེས་ཀྱི་ཚོན་བཀུག་ནས་བསྟིམ་ཞིང༌། ཨོཾ་ཙི་ཏྲ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་ཏེ། མཆོད་པས་མཆོད། གཏོར་མ་ཕུལ་ནས། དེ་བཞིན་གཤེགས་པ་རྣམས་ཞུ་བ་ལས་བྱུང་བའི་འོད་ཟེར་གྱི་ཕུང་པོའི་རང་བཞིན་གྱི་ཚོན་དུ་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་ནུབ་སྒོར་སོང་ལ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོཿཞེས་པའི་སྔགས་རྒྱས་ཡེ་ཤེས་ཀྱི་ཐིག་ནམ་མཁར་བཏེག་ལ་རང་དཀྱིལ་འཁོར་གྱི་དབུས་སུ་ཞུགས་ཏེ་ཕྱོགས་བཞིར་བལྟས་ལ་ཧི་ཧི་ཞེས་བརྗོད་ཅིང༌། སྒོའི་ཐད་ཀའི་ལོགས་ཐིག་རྣམས་དབྱི་ལ། དེ་ནས་ཁ་ཤར་དུ་བལྟས་ལ། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བྱེད་པ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྣམ་སྣང་མཛད་རྒྱལ་བདག་ཅེས་པའི། །ཚོན་གྱི་ལས་ནི་ཡང་དག་བརྩམ། །ཨོཾ་ཙི་ཏྲ་མཱ་ཏི་ཀྲ་མ་ཡེ་ས་མ་ཡེ་ཧཱུྃ་ཞེས་བརྗོད་ཅིང་དབང་ལྡན་ནས་བརྩམས་ཏེ། སྒོ་ཚད་གཅིག་གི་བར་ལ་གཡོན་པའི་ཁུ་ཚུར་གྱིས་ཚོན་རྩི་བླངས་ལ་ནང་ནས་རིམ་པ་བཞིན་རེ་ཁ་ལྔ་བྲིས་ནས་ཐོད་པས་བཀབ་རྡོ་རྗེས་མནན་ལ་མཆོད་པ་བྱ་ཞིང་དབུས་ཀྱི་ཕུར་བུའི་ཁུང་བུ་ཡོད་ན་དགང་ངོ༌། །དེ་ནས་ལས་ཀྱི་རྡོ་རྗེས་བྲི་བར་བྱ་སྟེ། དབུས་ཀྱི་རེ་མིག་ནི་སྔོན་པོ། དཀྱིལ་འཁོར་གྱི་ནང་ཐམས་ཅད་ཕྱོགས་མདོག ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། དབུས་ཀྱི་ཀ་བ་དང་གདུང་ཟླུམ་རྣམས་ཀྱི་གཞི་སྔོན་པོ་ལ་རྡོ་རྗེ་རྩེ་གསུམ་པ་སེར་པོས་མཚན་པ། དེའི་ཕྱི་རོལ་འོད་ཟེར་ལྔའི་ཕྲེང་བ། རེ་མིག་དང་ལྷ་སྣམ་གསུམ་ཕྱོགས་མདོག ནང་མའི་རྩིག་པ་དཀར་པོ། བར་མའི་ཕྱི་ནས་སྔོ་དཀར་དམར། ཕྱི་མའི་དཀར་སེར་དམར་ལྗང་སྔོ་བ། རྩིག་པ་རྣམས་ཀྱི་ཕྱི་རོལ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ། ཕ་གུ་སེར་པོ། དྲྭ་ཕྱེད་ཀྱི་གཞི་སྔོན་པོ་ལ་དྲྭ་བ་དཀར་པོ། ཤར་བུ་སྔོན་པོ། མདའ་ཡབ་ཁྲ་བོ། སྒོའི་ཕྱི་རོལ་གྱི་ནམ་མཁའ་སྟོང་པ་ཆ་ཆུང་གཅིག་སྔོན་པོ། དཀྱིལ་འཁོར་ནང་མ་གཉིས་ཀྱི་སྒོ་ལ་རྒྱན་སྣ་དྲུག་སོགས་སྒོ་རྒྱན་ཅི་མཛེས། ཕྱི་མ་ལ་ཀ་བ་ཀ་རྒྱན་ཕྱོགས་མདོག རྟ་བབས་ཀྱི་སྣམ་བུ་བཞི་དང་པདྨ་འཁོར་ལོ་གདུགས་སོགས་མཛེས་ཚོན། རྟ་བབས་ཀྱི་གཡས་གཡོན་གྱི་རྡོ་རྗེའི་རྭ་དང་ཀྱོག་པོའི་ནང་རྣམས་ཕྱོགས་མདོག འོག་གཞིའི་ཁྱམས་ལྗང་གུ། པདྨ་སྣ་ཚོགས། རྡོ་རྭ་གཞི་ནག་པོ་ལ་རྡོ་རྗེ་དཀར་པོ། དུར་ཁྲོད་ཀྱི་ས་གཞི་ནག་པོ་ལ་ཕྱོགས་སྐྱོང་བརྒྱད་ཀྱི་མཚན་མ་དང༌། ཀླུ་དང༌། ཤིང་དང༌། སྤྲིན་དང༌། ཞིང་སྐྱོང་བ་དང༌། མེ་དང༌། མཆོད་རྟེན་དང༌། ཆུ་དང༌། རྣལ་འབྱོར་པ་དང༌། རོ་དང་འདྲེ་ལ་སོགས་པ་ཅི་ནུས་བྲི། མེ་རི་ཁ་དོག་སྣ་ཚོགས་པ་གཡས་སྐོར་དུ་བྲིའོ། །དེ་ནས་སྒྲུབ་ཐབས་ལྟར་ལྷ་སོ་སོའི་གནས་སུ་ཉི་མ་ལ་གནས་པའི་གདན་བཀོད་ལ། དེར་ལྷའི་སྐུ་ལྷ་སོ་སོའི་སྔགས་ཟློས་ཤིང་དངོས་སུ་བཞུགས་སུ་གསོལ་བའམ། སོ་སོའི་ས་བོན་བྲི་བའམ། སོ་སོའི་གཡས་ཀྱི་ཕྱག་མཚན་དང་པོ་རྡོ་རྗེ་ལ་སོགས་པ་འོད་ཟེར་ལྔའི་ཕྲེང་བས་བརྒྱན་པ་བྲིའོ། །དེ་ལྟར་བྲི་བ་ཡོངས་སུ་རྫོགས་པ་དང་སློབ་དཔོན་གྱིས་དཀྱིལ་འཁོར་ལ་ཡང་ཡང་བརྟགས་ལ་ནོར་བ་རྣམས་བཅོས་ཤིང་དག་པར་བྱས་ནས་ཚོན་ལྷག་མ་རྣམས་ལ་མཆོད་བསྟོད་བྱས་ནས་ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་སྟ་གོན་གྱི་ལྷའི་ཐུགས་ཀར་གཤེགས་སུ་གསོལ་ཞིང་ཡེ་ཤེས་ཀྱི་ཐིག་སྔར་ནམ་མཁའ་ལ་བཏེག་པ་དེ་ཉིད་ཀྱང་ཛཿཧཱུྃ་བཾ་ཧོཿ ཞེས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟིམ་པར་བྱའོ། །གསུམ་པ་ནི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་དྲི་ཡིས་བྱུག ཆུ་བཞི་མེ་ནས་གཡས་སྐོར་དང༌། མེ་ཏོག་ལ་སོགས་པ་དབང་ལྡན་ནས་གཡོན་སྐོར་དུ་བཤམ་ཞིང༌། མཆོད་པ་རྣམས་ཀྱང་སྔར་སྟ་གོན་ལས་མི་ཉུང་བར་བཤམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དང༌། སྔོན་འགྲོ་ནས་ཕྱི་རོལ་པའི་གཏོར་མ་རྣམས་ཀྱང་བཤམ། བླ་རེ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་གོས་ཟུང་ལ་སོགས་པས་ཀྱང་མཛེས་པར་བྱས། སློབ་མ་དབང་བསྐུར་བའི་ཕྱིར་གདོང་གཡོགས་དང༌། མེ་ཏོག་ཕྲེང་བ་དང༌། དབུ་རྒྱན་དང༌། རྡོ་རྗེ་དྲིལ་བུ་རྣམས་སློབ་མ་དུ་ཡོད་ཀྱི་གྲངས་དང་མཉམ་པ་ཐུན་མོང་དུ་མེ་ལོང༌། མདའ་གཞུ། པུསྟི་དང༌། དུང༌། འཁོར་ལོ་རྣམས་དང༌། མཆོད་པ་ལྔ་ཚན་དྲུག་དང༌། ལས་ཐམས་ཅད་པའི་མཆོད་པ་རྣམས་ཀྱང་བཤམ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འོག་ནས་འབྱུང་བ་ལྟར་དབང་སྟེགས་ཀྱི་དཀྱིལ་འཁོར་ཡང་བྲིའོ། །དེ་ནས་བུམ་པ་སྟ་གོན་གྱི་སྐབས་ལྟར་བུམ་པ་རྣམས་བྱིན་གྱིས་བརླབ་པ་དང་བཟླས་པ་བྱས་ཏེ་བུམ་པ་ཀུན་ནས་ཆུ་ཅུང་ཟད་རེ་དུང་ཆོས་ཀྱི་ནང་དུ་བླུགས་ལ། དེ་རྣམ་རྒྱལ་བུམ་པའི་སྟེང་དུ་བཞག ལས་ཀྱི་རྡོ་རྗེས་བདུད་རྩི་འཁྱིལ་པའི་སྔགས་བཟླས་ཤིང་ལས་བུམ་བཟུང་ནས་དེའི་ཆུས་ཕྱོགས་ཀུན་ཏུ་གཏོར། སློབ་དཔོན་གྱིས་རྣམ་རྒྱལ་བུམ་པ་དང་གཞན་རྣམས་ཀྱིས་བུམ་པ་རྣམས་བཟུང་ནས་གཙོ་བོའི་སྔགས་བཟླ་བཞིན་དུ་རོལ་མོ་དང་བཅས་པས་དཀྱིལ་འཁོར་ལ་ལན་གསུམ་དུ་བསྐོར་ཏེ་རྡོ་རྗེའི་རྭ་བའི་ནང་གི་ཤར་དུ་གཙོ་བོའི་སྙིང་པོ་ལན་བདུན་བཟླས་པས་རྣམ་རྒྱལ་བུམ་པ་དབུལ། བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ་ཞེས་བརྗོད་ཅིང་བདུག་པས་བདུག དེ་བཞིན་དུ་སོ་སོའི་སྔགས་བདུན་བདུན་བཟླས་པས་རྣམ་རྒྱལ་གྱི་གཡས་སུ་ཤར་གྱི་བུམ་པ་དང་གཞན་རྣམས་ཕྱོགས་སོ་སོ་དང་ལས་བུམ་དབང་ལྡན་དུ་བཀོད་ལ་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ་ཞེས་བརྗོད་ལ་གུ་གུལ་གྱི་དུད་པས་བདུག་པར་བྱའོ། །བཞི་པ་སྒྲུབ་ཅིང་མཆོད་པ་ལ། སྔོན་འགྲོ་བདག་གི་རྣལ་འབྱོར། དངོས་གཞི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། རྗེས་ལྷག་ཆད་ཁ་བསྐང་བ་གསུམ་གྱི་དང་པོ་ནི། ཕྱི་མ་རེད་དམ་སྲོད་ཀྱི་དུས་སུ་ཁྲུས་བྱ། འཁོར་ལོས་སྒྱུར་བའམ་ཧེ་རུ་ཀའི་ཆས་གང་རུང་གི་རྒྱན་ལ་སོགས་པས་བརྒྱན། སློབ་དཔོན་དཀྱིལ་འཁོར་གྱི་ཤར་སྒོར་སྟན་ལ་འདུག་སྟེ་སྔོན་འགྲོའི་གཏོར་མ་བཏང་བ་དང་མཆོད་པ་བྱིན་གྱིས་བརླབ་པ་དང༌། ཞུ་ཕུལ་བ་ནས་བརྩམས་ཏེ་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དག་པ་དྲན་པའི་བར་སྒྲུབ་ཐབས་ལྟར་བྱས་ལ། རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབ་བོ། །གཉིས་པ་ལ་དམ་ཚིག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་སྒྲུབ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱ་བའི་ཚུལ་གྱིས་བསྒྲུབ་པ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚུལ་གྱིས་བསྒྲུབ་པ། དབང་བསྐུར་ཞིང་རྒྱས་གདབ་པའི་ཚུལ་གྱིས་བསྒྲུབ་པ་དང་བཞིའི་དང་པོ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ལས་ཐམས་ཅད་པས་བསང༌། ཤཱུ་ནྱ་ཏཱས་སྦྱངས་ལ་སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་པ་ནས་བརྩམས་ཏེ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའི་བར་སྒྲུབ་ཐབས་ལྟར་བྱས་ལ། རང་ཤར་ཕྱོགས་ཀྱི་སྒོ་ཁང་ན་གནས་པའི་ཐུགས་ཀ་ནས། ཡི་གེ་ཧཱུྃ་སྤྲོས་ལ་དེ་དཀྱིལ་འཁོར་གྱི་དབུས་ཀྱི་མཚན་མ་ལ་ཐིམ་པས་དེ་རང་གི་སེམས་སོ་སོར་རྟོག་པར་མོས་ལ། དང་པོར་སྦྱོར་བའི་ཚུལ་གྱིས་གཙོ་བོ་བསྐྱེད། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ཚུལ་གྱིས་འཁོར་རྣམས་ཐུགས་ཀ་ནས་སྤྲོས་མཛད་པ་མཛད། སླར་འདུས་སོ་སོའི་མཚན་མ་དང་རོ་གཅིག་ཏུ་གྱུར་པ་ལས་འཁོར་རྣམས་བསྐྱེད་དོ། །གཉིས་པ་ནི་རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་སྟ་གོན་གྱི་ལྷ་ནམ་མཁར་གནས་པ་ལ་ལུས་ཀྱིས་རྡོ་རྗེ་གསོར་ཞིང་ངག་ཏུ་ལས་ཐམས་ཅད་པ་དང་དྲག་མོ་ལ་སོགས་པ་བརྒྱད་ཀྱི་སྔགས་བརྗོད་པས་ཕྱི་འབྲང་གི་བགེགས་བསྐྲད་ལ། ལྷ་མོ་བརྒྱད་ཀྱིས་མཆོད་ནས། སྒོ་མ་བཞིའི་སྔགས་རྒྱས་དགུག་གཞུག་བཅིང་དབང་དུ་བྱས། སླར་ཡང་རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་མཆོད་ནས་དགུག་གཞུག་རོ་གཅིག་ཏུ་བྱའོ། །གསུམ་པ་དང་བཞི་པ་ཡང་སྒྲུབ་ཐབས་སུ་བསྟན་པ་ལྟར་བྱས་ནས་ལྷ་སོ་སོའི་སྔགས་བདུན་བདུན་དང་ཐུན་མོང་དུ་ཡི་གེ་བརྒྱ་པ་མང་དུ་བཟླས་པས་བརྟན་པར་བྱའོ། །གསུམ་པ་ལ་ནང་དུ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པ་དང༌། ཕྱི་རོལ་དུ་འབྱུང་པོ་ལ་གཏོར་མས་མཆོད་པ་གཉིས་ཀྱི་དང་པོ་ནི། དེ་ལྟར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཡན་ལག་བཞི་རྫོགས་སུ་བསྒྲུབས་པ་དེ་ཉིད་ལ། ཕྱིའི་མཆོད་པ་ནས་བརྩམས་ཏེ། དམ་ཚིག་དང་སྡོམ་པ་འཛིན་པའི་བར་མཆོད་ཕྲེང་ལྟར་རྒྱས་པར་བྱ་ཞིང༌། འདས་པའི་གཏོར་མ་སྐབས་འདིར་འབུལ་བའམ། འོག་བདག་འཇུག་གི་རྗེས་སུ་བྱ་བ་གང་བདེ་བྱའོ། །གཉིས་པ་ནི། སྒྲུབ་པའི་གྲོགས་ལ་གཙོ་བོའི་སྔགས་ཟློ་བས་དཀྱིལ་འཁོར་བསྲུང་དུ་བཅུག་ནས་སློབ་དཔོན་རང་རྡོ་རྗེ་དྲིལ་བུ་བཟུང་ལ། སྒྲུབ་གཡོག་གཞན་གྱིས་དུང་དང་ཆ་ལང་ལ་སོགས་པ་ཁྱེར་ལ་སྒོ་ལས་ཕྱི་རོལ་དུ་སོང་ལ་འདུག་སྟེ། མཎྜལ་བྲི་བ་ནས་བརྩམས་ནས་གཤེགས་སུ་གསོལ་བའི་བར་གཏོར་ཆོག་ནས་འབྱུང་བ་ལྟར་བྱ་ཞིང༌། གཙོ་བོའི་སྔགས་བཟླས་པས་བར་དུ་གཅོད་པ་རྣམས་ཞི་བར་བྱའོ། །གསུམ་པ་ནི། དེ་ནས་དཀྱིལ་འཁོར་གྱི་ཁང་པའི་ནང་དུ་ལོག་པ་དང་ཆོ་ག་ལྷག་ཆད་དང་ཡོ་བྱད་མ་འབྱོར་པ་ལ་སོགས་པ་ཐམས་ཅད་བཤགས་པའི་ཕྱིར། དངོས་སུ་དཀྱིལ་འཁོར་ལ་ཤོང་ན་རྡོ་རྗེ་དྲིལ་བུ་གསིལ་ཞིང་ལན་བདུན་བསྐོར་བ་བྱ། དངོས་སུ་མི་ཤོང་ན་ཡིད་ཀྱིས་འདོད་ཡོན་གྱི་ས་ནས་སྐོར་བ་བྱེད་པར་བསམས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་ངག་ཏུ་ཡི་གེ་བརྒྱ་པ་ཅི་ནུས་པ་བཟླས་པར་བྱས་ཏེ། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས། ཏིང་ངེ་འཛིན་མི་གསལ་བ་དང་བྱིང་བ་དང་རྒོད་པའི་དབང་དུ་གྱུར་པ་ཐམས་ཅད་དང༌། ཆོ་ག་ལྷག་པ་དང་མ་ཚང་བར་གྱུར་པ་དང༌། མཆོད་པའི་ཡོ་བྱད་མ་འབྱོར་པ་དང༌། ཉམས་པ་དང༌། དཀྱིལ་འཁོར་འདྲི་བ་ལ་སྐྱོན་དུ་གྱུར་པ་ལ་སོགས་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ་ལྷག་ཆད་ཁ་བསྐང་བར་མཛད་དུ་གསོལ། ཞེས་པས་གསོལ་བ་གདབ་བོ། །དེ་ནས་སྦྱིན་སྲེག་གི་ཆོ་ག་ལྟར་རྒྱས་པའི་སྦྱིན་སྲེག་གིས་ལྷ་མཉེས་པར་བྱའོ། །དྲུག་པ་བདག་ཉིད་འཇུག་ཅིང་དབང་བསྐུར་བ་ལ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་བ་གཉིས་ཀྱི་དང་པོ་ནི། དཀྱིལ་འཁོར་མངོན་སུམ་ལྟར་དམིགས་ལ་དེའི་ཤར་ཕྱོགས་ཀྱི་སྒོ་ཁང་ལ་འདུག་པར་མོས་ཏེ། དཀྱིལ་འཁོར་གྱི་བདག་པོ་ལ་གསོལ་བ་གདབ་པ་ནས་བརྩམས་ཏེ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་མ་ལུས་པ་དང༌། དབུགས་དབྱུང་གཟེངས་བསྟོད་པའི་བར་དབང་གོང་མ་དང་བཅས་པ་རྫོགས་པར་བླང་བར་བྱའོ། །དེའི་ཚེ་ལས་ཀྱི་བྱ་བ་ཐམས་ཅད་ནི་གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཕྱག་གཉིས་པ་ཞིག་གིས་མཛད་པར་བསྒོམ་མོ། །དེ་ལྟར་བདག་འཇུག་རྫོགས་པ་དང་སློབ་མ་གཞུག་པའི་ཕྱིར་རྡོ་རྗེ་དྲིལ་བུ་གསིལ་ཞིང་གླུ་འདི་དག་བླང་བར་བྱ་སྟེ། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱིས་རྗེས་ཆགས་པ། །འདོད་པ་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་བཞུགས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་མཉམ་པའི་བདག་ཉིད་མཆོག །ཅེས་དང༌། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །དྲི་མེད་ཀུན་གྱིས་མཐོང་བར་ཤོག །ཅེས་བརྗོད། དེ་ནས་སྔར་མ་བཏང་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཆོ་ག་བཞིན་དུ་བཏང་ལ་ཚོགས་ཀྱི་ཡོ་བྱད་བཟའ་བ་དང་བཏུང་བ་རྣམས་བླངས་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ནས་བརྩམས་ཏེ། དམ་ཚིག་དང་ལྡན་པའི་སྐྱེ་བོ་རྣམས་བཟའ་བ་དང་བཏུང་བས་ཚིམ་པར་བྱས་ལ་ལྷག་མའི་གཏོར་མ་བཏང༌། དེའི་རྗེས་ལ་འཇིག་རྟེན་པའི་གཏོར་མའང་བཏང་སྟེ། འདས་པའི་གཏོར་མ་བར་ཆད་བསྲུང་བའི་ཕྱིར་བཞག་ལ་སློབ་མ་གཞུག་པའི་ཆོ་ག་བྱའོ། །གཉིས་པ་ལ་དཀྱིལ་འཁོར་དུ་འཇུག་པ་དང༌། དེར་དབང་བསྐུར་བ་གཉིས་ཀྱི་དང་པོ་ལ། ཕྱི་རོལ་དུ་བྱ་བའི་ཆོ་ག ནང་དུ་གཞུག་པ། ནང་དུ་བྱ་བའི་ཆོ་ག་གསུམ་གྱི་དང་པོ་ནི། སློབ་དཔོན་གྱིས་རྡོ་རྗེ་དང་ལས་ཐམས་ཅད་པའི་བུམ་པ་དང༌། གདོང་གཡོགས་དང་མེ་ཏོག་ཕྲེང་བ་ལ་སོགས་པ་ཉེ་བར་དགོས་པའི་ཡོ་བྱད་ཀུན་བཟུང་ལ། དཀྱིལ་འཁོར་གྱི་ཁང་པ་ཡོད་ན་དེའི་སྒོ་དྲུང་ཏུ་སོང་ལ་བྱ། དཀྱིལ་འཁོར་གྱི་ཁང་པ་མེད་ན་དཀྱིལ་འཁོར་དང་བར་དུ་ཡོལ་བས་བཅད་ལ་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་ལ། སྟ་གོན་དུས་ཇི་ལྟར་གྲལ་ལ་འདུག་པ་ལྟར་གྲལ་རིམ་བཞིན་འཁོད། མཎྜལ་ཕུལ་ཏེ་མེ་ཏོག་གིས་སྙིམ་པ་བཀང་ལ། དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །མི་ལྡོག་འཁོར་ལོའི་འབྱོར་པར་ལྡན། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །གསང་བ་ཆེན་པོར་འཇུག་པར་བགྱི། །གསང་བའི་རིགས་མཆོག་ཐམས་ཅད་དུ། །སློབ་དཔོན་ཆེན་པོ་བདག་འཇུག་མཛོད། །མི་ལྡོག་པ་ཡི་དབང་བསྐུར་བ། །སྐལ་བ་ཆེན་པོ་བདག་ལ་སྩོལ། །མཚན་རྣམས་ཀུན་གྱི་རྒྱས་གདབ་ཅིང༌། །དཔེ་བྱད་རྣམས་དང་ཡང་དག་ལྡན། །སངས་རྒྱས་སྐུ་ནི་ཡིད་འོང་བ། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །དབང་བསྐུར་བ་ནི་རྨད་བྱུང་ཆེ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །སློབ་དཔོན་ཆེན་པོ་བདག་ལ་སྩོལ། །ཞེས་པ་ལན་གསུམ་གྱིས་གསོལ་བ་བཏབ་པ་དང༌། སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་མངོན་སུམ་ལྟ་བུར་དམིགས་ལ། རྣམ་དག་སློབ་མ་འདི་ཞེས་པ། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཞིང༌། །གསང་བའི་དཀྱིལ་འཁོར་འདིར་ཞུགས་ནས། །དམ་ཚིག་དང་ནི་སྡོམ་པ་འཚལ། །ཞེས་ལན་གསུམ་བརྗོད་པས་གསོལ་བ་བཏབ་ནས། གསང་བ་ཆེན་པོའི་རིགས་དག་ལས། །གསང་བ་ཡོངས་སུ་འཛིན་པ་རུ། །བདག་པོ་ཆེན་པོ་ཁྱོད་འདོད་དམ། །ཞེས་དྲི། སློབ་མས་ཀྱང༌། གསང་བ་ཆེན་པོའི་རིགས་དག་ལས། །གསང་བ་ཡོངས་སུ་འཛིན་པར་ནི། །སེམས་དཔའ་ཆེན་པོ་བདག་འཚལ་ལོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་སྡོམ་པ་བསྒྲག་པར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུང༌། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་པས་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཀྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་རྣམས་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱེད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱེད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་བཤད། །ཅེས་ལན་གཅིག་བརྗོད་ལ་དེའི་དོན་བཤད་དོ། །དེ་ནས་སློབ་མས། བདག་ནི་ཐོག་མ་མེད་དུས་ནས། །ལ་སོགས་པའི་རྒྱུན་བཤགས་ལན་གསུམ་བྱ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་སྡོམ་པ་བཟུང་བ་ལན་གསུམ་བྱའོ། །དེ་ནས་སློབ་དཔོན་གྱིས་གོས་དམར་པོ་དང་རྡོ་རྗེ་བཟུང་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལངྐཱ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཞེས་པས་གོས་དམར་པོ་བྱིན། ཕྱག་ལེན་ལ་ཨོཾ་བཛྲ་རཀྵ་ཧྃ། ཞེས་པས་སྟོད་གཡོགས་དང༌། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུྃ་གིས་གཙུག་ཏོར་བཅིང་བ་ཡང་ཁ་བསྐང་ངོ༌། །དེ་ནས་ཨོཾ་ཙཀྵུརྦནྡྷ་ཝ་ར་མ་ན་ཡ་ཧཱུྃ། ཞེས་པས་རས་དམར་པོས་གདོང་བཅིང༌། ལས་ཐམས་ཅད་པའི་བུམ་ཆུས་གཏོར་ཞིང་བདུད་རྩི་འཁྱིལ་པའི་སྔགས་བརྗོད་པས་བསྲུང༌། ཨ་ཁཾ་བཱི་ར་ཧཱུྃ་ཞེས་པས་མེ་ཏོག་སྣ་ཚོགས་པའི་ཕྲེང་བ་ལག་ཏུ་གཏད། སློབ་མའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ནག་པོ་བསམས་ལ། དེ་རྣམས་ལས་འོད་ཟེར་འཕྲོས། རང་གི་ལུས་ཀྱི་ནང་ཐམས་ཅད་གང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་རྣམས་སྦྱང་བར་བསམས་ལ། ཡི་གེ་གསུམ་བརྗོད་ཅིང་གནས་གསུམ་དུ་ཕྱག་རྒྱས་རེག་སྟེ། ལག་པ་གཉིས་ཁུ་ཚུར་བཅངས་པ་ལས། མཐེ་བོང་གཉིས་བཏེག་པ་ནི་དེ་བཞིན་གཤེགས་པའི་སྟེ། སྐུ་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡོན་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡས་པའི་མཐེ་བོང་བཏེག་པ་ནི་འཇིག་རྟེན་དབང་ཕྱུག་གི་སྟེ་གསུང་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །དེ་ཉིད་ལས་གཡས་པའི་མཐེ་བོང་ནང་དུ་བཅུག་སྟེ་གཡོན་པའི་མཐེ་བོང་བཏེག་པ་ནི་རྡོ་རྗེ་འཆང་གི་སྟེ་ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱའོ། །ཞེས་པ་ལྟར་བྱ། ཡང་ན་ལག་པ་གཉིས་རྒྱབ་སྦྱར་ནས་སོར་མོ་རྣམས་ཕན་ཚུན་དཀྲིས་ལ་མཐེ་བོང་གཉིས་ལག་མཐིལ་དུ་བཀུག་པ་འཁོར་ལོའི་ཕྱག་རྒྱ་གནས་གསུམ་ལྟེ་བ་གསང་གནས་རྣམས་སུ་རེག་ཅིང་ཧཱུྃ་ཞེས་བརྗོད་པར་བྱའོ། །དེ་ནས་རིགས་ངེས་པའི་ཕྱིར་སློབ་དཔོན་གྱིས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲི། དེས་ཀྱང༌། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་གདབ། དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་དྲི། དེས་ཀྱང་སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་བརྗོད། དེ་ནས་སློབ་མའི་སྙིང་གར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་འཕྲོ་བ་གཅིག་དཔོན་སློབ་གཉིས་ཀས་བསྒོམས་ལ། སྙིང་གར་རྡོ་རྗེ་བཞག་སྟེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བརྗོད་ལ། སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་བརྟན་པར་བྱས་ནས། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་པས་གསང་བར་གདམས་སོ། །གཉིས་པ་ནི། ཨོཾ་ཀི་ལི་ཀི་ལི་མ་ལི་གུ་ནི་ཏྭཾ་བཛྲ་སཏྭ་ཙ་ལེ་ཡུྃ་ཡུྃ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདོན་ཞིང་ལག་པ་ནས་བཟུང་སྟེ་དཀྱིལ་འཁོར་གྱི་ཁང་པའི་ནང་དུ་གཞུག་པར་བྱའོ། །གསུམ་པ་ལ་སྔོན་འགྲོ་བྱིན་གྱིས་བརླབ་ཅིང་ལུས་དབུལ་བ། དངོས་གཞི་དམ་ལ་བཞག་ཅིང་ཡེ་ཤེས་དབབ་པ། མཇུག་སྣང་བ་འདྲི་ཞིང་དཀྱིལ་འཁོར་བསྟན་པ་གསུམ་གྱི་དང་པོ་ནི། སློབ་མ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསྐྱེད་ལ། དེའི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ། མགྲིན་པར་ཨཱཿལས་པདྨའི་ལྟེ་བར་ཉི་མ་ལ་ཨཱཿ སྙིང་གར་ཧཱུྃ་ལས་རྡོ་རྗེའི་ལྟེ་བར་ཉི་མ་ལ་ཧཱུྃ་བསམས་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་གྱི་ཤར་སྒོར། ཨོཾ་སངས་རྒྱས་ཀུན་དུ་ཉེར་གནས་ཕྱིར། །བདག་གི་ལུས་འདི་དབུལ་བར་བགྱི། །ཨོཾ་སློབ་དཔོན་དུ་ནི་ཉེར་གནས་ཕྱིར། །བདག་གི་ལུས་འདི་དབུལ་བར་བགྱི། །ཨོཾ་སེམས་ཅན་ཐམས་ཅད་སྐྱབས་དོན་དུ། །བདག་གི་ལུས་འདི་དབུལ་བར་བགྱི། །ཅེས་བརྗོད་ཅིང་ཕྱག་བྱས་ནས་ལུས་དབུལ་བར་བྱའོ། །གཉིས་པ་ལ་སྔོན་འགྲོ་དམ་ལ་བཞག་པ། དངོས་གཞི་ཡེ་ཤེས་དབབ་པ། རྗེས་བརྟན་པར་བྱ་བ་གསུམ་གྱི་དང་པོ་ནི། དེ་ནས་རྡོ་རྗེ་དྲིལ་བུ་གཉིས་འཛིན་པས་སློབ་མའི་སྙིང་གར་རྡོ་རྗེ་བཟུང་ལ། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་བསྒོམས་ནས། ས་མ་ཡ་སྟྭཾ་ཞེས་དང༌། སློབ་མས་ས་མ་ཡ་ཨ་ཧཾ་ཞེས་བརྗོད་ལ། སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། དེ་ལྟ་བུའི་སེམས་བསྐྱེད་པར་བྱ་ཡིས་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཤིག དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་དང༌། སྙིང་གར་རྡོ་རྗེ་བཟུང་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པས་ཉེས་དམིགས་ཀྱི་སྒོ་ནས་དང༌། རྣམ་རྒྱལ་བུམ་པའི་ཆུ་བླུད་ཅིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་ཨཱཿསྭཱ་ཧཱ། ཨོཾ་པཉྩ་ཨ་མྲྀ་ཏ་ཨུད་ཀ་ཋཿཋཿཋཿ ཞེས་པས་གཉིས་ཀའི་སྒོ་ནས་དང༌། ཡང་མགོ་བོར་རྡོ་རྗེ་བཟུང་ལ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ང་ཡིས་ཅུང་ཟད་གང་སྨྲས་པ། །དེ་དག་ཐམས་ཅད་ཁྱོད་ཀྱིས་ནི། །ངེས་པ་ཁོ་ནར་བྱ་དགོས་སོ། །བདག་ལ་སྨད་པར་བྱ་བ་མིན། །སྨད་ན་བར་ཆོད་མ་སྤངས་པར། །དུས་ཀྱི་བྱ་བ་བྱས་ནས་ནི། །དམྱལ་བ་ཉིད་དུ་འགྲོ་བར་འགྱུར། །ཞེས་བརྗོད་པས་བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པའོ། །གཉིས་པ་ནི། སློབ་མས་ཕྱག་དང་མཎྜལ་ཕུལ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། ལུས་ཀྱི་སྤྱོད་ལམ་ཙོག་པུ་ལོང་བུ་བགྲད་པ་མ་སྙེས་པར་འདུག་དུ་བཅུག་སྟེ། དམིགས་པ་ལ་ལངས་ནས་འདུག་པར་བསམས་ལ། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ཡཾ་གིས་མཚན་པ་གཞུའི་དབྱིབས་ཅན། ཆང་ཟུང་ཐུར་ལ་བསྟན་པའི་སྟེང་དུ་སློབ་མ་སྐད་ཅིག་གིས་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་བསྒོམས་པའི་རྐང་པ་གཉིས་བགྲད་པའི་བར་དུ། མེའི་དཀྱིལ་འཁོར་འབར་བའི་དབུས་ན་ཛྷཻཾ་ལྗང་གུ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་རྡོ་རྗེ་རྩེ་གསུམ་པ་ལ་ཧཱུྃ་གིས་མཚན་པ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པ་ལ་ཨཱཿ སྤྱི་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་ལ་ཧ་བསྒོམས་ལ། འོག་གི་རླུང་གི་དཀྱིལ་འཁོར་བསྐྱོད་པས་མེ་སྦར། དེ་ལོང་བུའི་རྩ་ནས་ཞུགས་ཏེ་ལྟེ་བའི་བར་དུ་འབར་བས། དེའི་དྲོད་ཀྱིས་སྙིང་གའི་ས་བསྲེག མགྲིན་པའི་ཆུ་བསྐོལ། སྤྱི་བོའི་རླུང་གིས་ཡས་མར་མནན། འོག་གི་རླུང་གིས་མས་ཡར་འདེགས་བཞིན་པ་ལ། མདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་རྡོ་རྗེ་སེམས་དཔའ་ལྷ་སུམ་ཅུ་སོ་བདུན་གྱི་ཐུགས་ཀ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་དང་པོའི་རྡོ་རྗེའི་རྣམ་པས། བ་སྤུའི་བུ་ག་ནས་དཔག་ཏུ་མེད་པར་འཇུག་པར་དཔོན་སློབ་གཉིས་ཀས་བསྒོམས་ལ། སློབ་དཔོན་ལྷའི་ང་རྒྱལ་དང་ལྡན་པས་ཧཱུྃ་ཨཱཿཧ་ཛྷཻཾ་ཞེས་བརྗོད་ཅིང་ཡང་ཡང་དུ་གསལ་བར་བྱས་ལ། རོ་རས་དང་ཟླ་མཚན་དང་ལྡན་པའི་འདོམས་གྱི་རས། བྱི་ལའི་བྲུན། བདུད་རྩི་ལྔ། རོའི་ཁ་ནས་བྱུང་བའི་གུ་གུལ་རྣམས་ཐོད་པའི་ནང་དུ་རོ་སོལ་གྱི་མེས་བསྲེགས་པའི་དུད་པས་བདུག་ཅིང༌། རྡོ་རྗེའི་རྐང་སྟབས་ཀྱིས་འདུག་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང༌། ཨོཾ་ལོ་ལེ་ལོ་ལེ་ཧཱུྃ་ཨཱཿཞེས་དང༌། ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུྃ་ཨཱཿཧ་ཛྷཻཾ་ཞེས་བརྒྱར་བཟླས་ཤིང་རོལ་མོ་དང་བཅས་པས་དབབ་པས་སྐུ་བབས་ན་འཕར་གཡོ། གསུང་བབས་ན་སྔགས་སྨྲ་བ། ཐུགས་བབས་ན་དུས་གསུམ་ཡོངས་སུ་ཤེས་པ་སྐྱེ། གལ་ཏེ་གསུང་བབས་ནས་སྨྲ་མ་འདོད་ན་ལྕེ་ལ་ཨ་དཀར་པོ་བསམས་ལ། གསུངས་ཤིག་རྡོ་རྗེ་དགེའོ་དགེ །ཞེས་དྲིས་ན་དགེ་མི་དགེ་སྟོན་པར་འགྱུར་རོ། །གསུམ་པ་ནི་དེ་ལྟར་བབས་པའི་ཡེ་ཤེས་པ་དེ་བརྟན་པར་བྱ་བའི་ཕྱིར། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཏིཥྛ་བཛྲ་ཞེས་བརྗོད་ཅིང༌། ཕེབས་པ་མ་ཞི་ན་ཨོཾ་ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་པཱ་ལི་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་པས་དམིགས་པ་བརྟན་དུ་གཞུག་གོ །གསུམ་པ་ནི། གདོང་གཡོགས་དང་བཅས་པའི་སློབ་མ་དཀྱིལ་འཁོར་གྱི་མདུན་དུ་ཁྲིད་དེ། ཁྱོད་ཀྱི་མིག་ལམ་ན་ཇི་ལྟར་སྣང་ཞེས་དྲིས་པས་དཀར་སེར་དམར་ནག་ལྗང་བའམ་སྣ་ཚོགས་སུ་སྣང་ངོ་ཞེས་ཟེར་ན་ཞི་རྒྱས་དབང་དྲག་ལས་སྣ་ཚོགས་ཀྱི་དངོས་གྲུབ་ཀྱི་སྐལ་བ་དང་ལྡན་ནོ། །བླ་མས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་སེམས་དཔའི་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་པས་དཀྱིལ་འཁོར་ལ་གསོལ་བ་བཏབ་ལ། སྔར་གྱི་མེ་ཏོག་གི་ཕྲེང་བ་ཐལ་མོ་སྦྱར་བའི་བར་དུ་བཟུང༌། སྒོ་གསུམ་གྱི་ཡི་གེ་གསུམ་ལས་སྤྲོས་པའི་འོད་ཀྱིས་ལུས་ཀྱི་ནང་གསལ་ཞིང་སྡིག་པ་བཀྲུས་པར་མོས། བླ་མས་ཀྱང་དེ་ལྟར་བྱིན་གྱིས་བརླབས་ནས་གུས་པ་སྔོན་དུ་འགྲོ་བས་གཙོ་བོའི་མདུན་དུ་གནས་ཏེ་མེ་ཏོག་ཕུལ་བར་མོས་ལ། ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་པས་མེ་ཏོག་འདོར་དུ་གཞུག ལྷའི་མཛོད་སྤུའམ་གཙུག་ཏོར་དུ་མེ་ཏོག་ལྷུང་ན་ཕྱག་ཆེན། སྤྱན་ནམ་ཞལ་ལ་སྔགས། སྐུ་སྟོད་ལ་མཆོག བར་ལ་འབྲིང༌། འོག་གི་ཆ་ལ་དམན་པ། སླར་ཡང་ཕྱིར་ལྷུང་ན་ཕྲ་མོའི་དངོས་གྲུབ་འགྲུབ། རྡོ་རྗེ་རྭ་བའི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་ཀྱང་མེད་པས་དཀྱིལ་འཁོར་ཡང་མི་བསྟན། དེ་ནས་མེ་ཏོག་སློབ་མའི་མགོ་ལ་བཅིངས་ཏེ། ཨོཾ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལཾ། སྟོབས་པོ་ཆེན་པོ་སེམས་དཔའ་ཆེ། །འདི་ནི་སོ་སོར་གཟུང་བར་བྱ། །ཞེས་བརྗོད་ལ་རིགས་ཀྱི་ལྷ་ངོ་སྤྲད་ཅིང༌། དེའི་རྣལ་འབྱོར་སྦྱིན་ཏེ་མེ་ཏོག་ཕྲེང་བའི་དབང་ངོ༌། །དེ་ནས་སློབ་མའི་སྙིང་གར་ཟླ་བ་ལ་རིགས་ཀྱི་བདག་པོའི་ས་བོན། དཔྲལ་བར་རཾ། མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་བསྒོམས་ནས། བླ་མས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུྃ་ཨཱ་སྭཱ་ཧཱ། ཞེས་བརྗོད་ལ་གདོང་གཡོགས་ཕྱེ། སློབ་མས་བླ་མའི་ཞབས་ལ་ཕྱག་བྱས་ལ། བླ་མས། དཀྱིལ་འཁོར་འདི་ལ་ད་ལྟ་ཉིད། །དད་པའི་ཤུགས་ཀྱིས་བལྟ་བར་བྱ། །ཁྱོད་ཀྱང་སངས་རྒྱས་རིགས་ལས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །ཅེས་སྤྲོ་བ་བསྐྱེད་ལ་དཀྱིལ་འཁོར་བལྟར་གཞུག །སླར་ཡང་སློབ་མས་བླ་མའི་ཞབས་ལ་ཕྱག་བྱས་ཏེ། ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་བདག་གིས་དེ་རིང་མཐོང༌། །ཨོཾ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། ས་མ་ཡ་ཧོ་ཧོ་ཧོ་ཞེས་བརྗོད་ལ་བྲིས་པའི་དཀྱིལ་འཁོར་ཕྱི་རོལ་སྲུང་འཁོར་དུར་ཁྲོད་ནས་གཞལ་ཡས་ཁང་དང་ཤར་ཕྱོགས་ཀྱི་སྒོ་དྲུང་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་བར་དུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མིང་རྒྱས་པར་བརྗོད་པས་བསྟན་པར་བྱས་ཏེ་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ།།  །།གཉིས་པ་དབང་བསྐུར་བའི་ཆོ་ག་ལ་ཡོན་དབུལ་ཞིང་གསོལ་བ་གདབ་པ། ཤིས་པར་བྱ་བ། དབང་བསྐུར་བ་དངོས་དང་གསུམ་གྱི་དང་པོ་ནི། སློབ་མས་བླ་མ་ལ་ཕྱག་བྱས་ཏེ་མཎྜལ་ཕུལ་ལ། ཁྱོད་ནི་རྡོ་རྗེ་སེམས་དཔའ་སྟེ། །བདེ་གཤེགས་རྣམས་ཀྱིས་བདེ་སྩོལ་མཛོད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །དབང་གི་མཆོག་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་རྣམས་ནི་བསལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་པ་ཡི་རབ་རིབ་འཇོམས། །གང་གིས་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། གཉིས་པ་ནི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ཁྲུ་དོ་ཙམ་གྱིས་ལེགས་པར་བྱུགས་པ་ལ། ཚོན་དཀར་པོས་ནང་པདྨ་འདབ་བརྒྱད། ཕྱི་གྲུ་བཞི། སྒོ་བཞི། འདོད་ཡོན། ཕ་གུ། དྲྭ་བ། དྲྭ་ཕྱེད། མདའ་ཡབ་ལ་སོགས་པ་ཚང་མར་བྲིས་ལ། དེའི་སྟེང་དུ་ཁྲི་བཟང་པོ་བཞག དེའི་གཡས་བདག་གི་གཡོན་ཕྱོགས་ནས་ཞབས་བཀྲུ་བའི་ཆུ་དྲི་ཞིམ་པོ་དང༌། ཞལ་བསིལ་གྱི་ཆུ་འོ་མ་དང་སྦྱར་བ་དང༌། བསང་གཏོར་གྱི་ཆུ་གཙང་མ་ལ་མེ་ཏོག་དཀར་པོ་བཅུག་པ་སྟེ་བཞི་དང༌། ཡུངས་ཀར་དང༌། ཆུ་གཙང་མ་སྟེ་སྦྱང་བའི་ཡོ་བྱད་གཉིས་བཤམ་མོ། །བདག་གི་གཡས་སློབ་མའི་གཡོན་ཕྱོགས་ནས་མེ་ཏོག་དང་སྤོས་དང་མར་མེ་དང་དྲི་དང་ལྷ་བཤོས་ཏེ་མཆོད་པའི་ཡོ་བྱད་ལྔ་བཤམ་མོ། །མདུན་དུ་བཟེད་ཞལ་གྱི་སྣོད་གཉིས་དང་མེས་བཀང་བའི་ཁམ་ཕོར་བཞག་གོ །སྟེང་དུ་བླ་རེ་དང༌། གཡས་སུ་གདུགས་དཀར་པོ་དང༌། གཡོན་དུ་རྒྱལ་མཚན་དང༌། དུང་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམས་ཅི་ལྟར་འཚམ་པའི་གནས་སུ་སྟ་གོན་བྱས་ལ། སློབ་མ་རྣམས་ལ་བའི་རྣམ་ལྔ་དང༌། དྲི་ལྔ་དང༌། མར་ཁུ་དང༌། ཤུན་ལྤགས་ལྔ་དང༌། དྲི་ཞིམ་པོའི་ཆུས་ཀྱང་ཁྲུས་བྱས་ལ་དབང་སྟེགས་ཀྱི་སྟེང་དུ་བཞག་ལ། དེ་ཐུགས་རྡོ་རྗེ་མི་བསྐྱོད་པ་རྡོ་རྗེ་སེམས་དཔར་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། དང་པོར་ཨོཾ་ནཱི་རཱི་ཧཱུྃ་ཁཾ་ཞེས་པས་ཞབས་བསིལ་དང༌། ནཻ་ཝི་ཏིས་ཞལ་བསིལ་གཉིས་བཟེད་ཞལ་དུ་བླུག་གོ །ཀུ་ཤས་ལུས་ཐམས་ཅད་ལ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ་ཞེས་བརྗོད་ལ་གཏོར། ཨོཾ་པྲ་ཏཱིཙྪ་ཨརྒྷཾ་ཧཱུྃ་ཞེས་བརྗོད་ལ་མཆོད་ཡོན་ཕྱག་ཏུ་ཕུལ། དེ་ནས་ཁུ་ཚུར་གཉིས་ཀྱིས་ཡུངས་ཀར་བླངས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་བཟླ་ཞིང་གཡས་དང་གཡོན་གྱིས་བསྐོར་ལ་ཁམ་ཕོར་གྱི་མེར་དོར། དེ་བཞིན་དུ་ཁུ་ཚུར་གྱིས་ཆུ་བླངས་ལ་ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ། ཅེས་བརྗོད་ཅིང་བསྐོར་ལ་མེར་དོར་ལ་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད་ནས། བུམ་པ་རྣམས་ལག་ཏུ་བླངས་ལ་སྒྲུབ་གཡོག་དང་བཅས་པས། ཕུན་སུམ་ཚོགས་འཛིན་གསེར་གྱི་རི་བོ་ལྟ་བུའི་མདོག །འཇིག་རྟེན་གསུམ་མགོན་དྲི་མ་གསུམ་ནི་རབ་ཏུ་སྤངས། །སངས་རྒྱས་ཆུ་སྐྱེས་འདབ་རྒྱས་ལྟ་བུའི་སྤྱན་མངའ་བ། །བཀྲ་ཤིས་དེས་ཀྱང་དེང་འདིར་ཁྱོད་ལ་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །དམ་ཆོས་རབ་མཆོག་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འཇིག་རྟེན་བཀྲ་ཤིས་གཉིས་པ་དེང་འདིར་ཁྱེད་ལ་ཤོག །དམ་པའི་ཆོས་དང་ལྡན་ཞིང་ཐོས་པའི་བཀྲ་ཤིས་ཕྱུག །དགེ་འདུན་ལྷ་དང་ལྷ་མ་ཡིན་དང་མིས་མཆོད་པ། །ངོ་ཚ་དཔལ་གནས་ཚོགས་ཀྱི་ནང་ན་རབ་ཀྱི་མཆོག །འཇིག་རྟེན་བཀྲ་ཤིས་གསུམ་པ་དེང་འདིར་ཁྱོད་ལ་ཤོག །དགའ་ལྡན་ལྷ་ཡི་གཞལ་མེད་ཁང་ནི་སྙིང་པོར་གནས། །འགྲོ་ལ་ཕན་ཕྱིར་བདེ་གཤེགས་དབང་པོར་བཅས་པའི་ལྷ། །རྗེས་སུ་འབྲང་བ་དེ་བཞིན་གཤེགས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །འདབ་གསར་འཚེར་བའི་མེ་ཏོག་ཆར་འབབ་ལུམྦིའི་ཚལ། །མང་པོ་ལྷ་ཡིས་བསྟེན་པར་མགོན་པོ་བལྟམས་པ་ན། །སྲིད་པའི་མཐར་གྱུར་པ་ཡི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་དེང་འདིར༴ །སྣ་ཚོགས་སྐྱོན་རྣམས་རྣམ་པར་གཞོམ་པར་བྱ་བའི་ཕྱིར། །དགྱེས་པས་དཀའ་ཐུབ་ཚལ་དུ་ནམ་ཕྱེད་མངོན་པར་བྱུང༌། །དབང་བཅས་ལྷ་རྣམས་རྗེས་སུ་འབྲང་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར༴ །ཆུ་བོའི་འགྲམ་དུ་མཆོད་ཡོན་ཕྲེང་བས་ཡོངས་སུ་བསྐོར། །ཞི་ཕྱིར་ངོ་མཚར་གྱུར་པ་སྲིད་པ་དག་བྱེད་པ། །ཀླུ་ཡི་རྒྱལ་པོས་ལེགས་པར་བསྟོད་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར༴ །གྲོང་ཁྱེར་མཆོག་གྱུར་སེར་སྐྱ་ཞེས་ནི་བྱ་བ་དེར། །སྨད་དུ་གྲགས་པ་ཆེན་པོའི་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབ་དེ་བཞིན་གཤེགས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར༴ །སེམས་ཅན་ཐམས་ཅད་ལ་ནི་ཕན་ཕྱིར་བྱང་ཆུབ་པ། །དམ་ཆོས་རིན་ཆེན་ཚོགས་ནི་ཐུབ་པ་ལས་བྱུང་བ། །སེམས་ཅན་དོན་བསྒྲུབ་རབ་རྒྱས་བརྩོན་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར༴ །རབ་ཏུ་འོད་འབར་གསེར་མདོག་ལྟ་བུའི་སྐུ་མངའ་བ། །བཻ་ཌཱུརྻ་མདོག་ལྟ་བུའི་རྩྭ་གདན་སྟེང་དུ་བཞུགས། །སྐྱིལ་ཀྲུང་ལེགས་བཅས་མི་གཡོ་སྐུ་མངའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར༴ །ཤིང་གི་རྒྱལ་པོའི་རྩ་བར་བཅོམ་ལྡན་བྱམས་སྟོབས་ཀྱིས། །བདུད་ཚོགས་ཀུན་ལས་རྣམ་པར་རྒྱལ་ཚེ་ས་དང་མཁར། །རྣམ་པ་སྣ་ཚོགས་ངོ་མཚར་གྱུར་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར༴ །བཱ་ར་ཎཱ་སཱིར་བཞུགས་ནས་བདེ་བར་གཤེགས་སྟོན་པས། །ས་དང་མཁའ་ལ་ངོ་མཚར་ཤིན་ཏུ་གསལ་བྱུང་བས། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར༴ །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་མཆོད་ཕྱིར་ཐོགས། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བོས་མངོན་བསྟོད་པ། །བཅོམ་ལྡན་ཐུབ་པ་ཤཱཀྱ་སེང་གེས་གང་གསུངས་པའི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཅེས་བརྗོད་ཅིང་མེ་ཏོག་དོར་བས་ཤིས་པར་བྱའོ། །གསུམ་པ་ལ་རྡོ་རྗེ་སློབ་མའི་དབང་དང༌། རྡོ་རྗེ་སློབ་དཔོན་གྱི་དབང་གཉིས་ཀྱི་དང་པོ་ནི། རྣམ་པར་རྒྱལ་བར་བུམ་པ་ཀུན་གྱི་ཆུ་བསྡུས་ལ་མཎྜལ་ལ་སོགས་པའི་སྟེང་དུ་བཞག་སྟེ། བདག་དང་སློབ་མ་དབང་རྫས་གསུམ་ཀ་ཤཱུ་ནྱ་ཏཱས་སྟོང་པར་སྦྱངས་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་སྒྲུབ་ཐབས་ལྟར་བསྐྱེད་པ་ནི་བསྙེན་པའོ། །སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པའི་རྣམ་པར་སྤྱན་དྲངས་ཏེ་སྒོ་མ་བཞིའི་སྔགས་རྒྱས་རང་དང་སློབ་མ་དབང་རྫས་གསུམ་ཀ་ལ་བསྟིམ་པ་ནི་ཉེ་བར་སྒྲུབ་པའོ། །སྐྱེ་མཆེད་དྲུག་དང་གནས་གསུམ་བྱིན་གྱིས་བརླབ་པ་ནི་སྒྲུབ་པའོ། །སླར་ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་པ་ལ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་སློབ་དཔོན་དང་དབང་རྫས་ལ་དབང་བསྐུར་བས་མི་བསྐྱོད་པའི་རྒྱས་གདབ་པ་ནི་སློབ་དཔོན་དང་དབང་རྫས་ཀྱི་སྒྲུབ་ཆེན་ནོ། །དེ་ནས་སློབ་མའི་སྒྲུབ་ཆེན་བྱ་བའི་ཕྱིར་མདུན་གྱི་དབང་གི་ལྷ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང༌། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་བཞིན་འདི་ལ་སྩལ་དུ་གསོལ། །ཞེས་དང༌། སློབ་མ་རྣམས་ཀྱིས་ཀྱང༌། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ཏེ། བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་བསྣམས་ནས་དབང་བསྐུར། ཡུམ་བཞིས་རྡོ་རྗེའི་གླུ་ལེན། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། སྒོ་མ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པའི་ལས་བྱས་པར་བསམས་ལ། བུམ་པ་མགོར་བཞག་ཅིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཞེས་དང་ལྷ་སོ་སོའི་སྔགས་ཀྱི་མཇུག་ཏུ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བཏགས་པས་དབང་བསྐུར། ཆུ་འཐུང་ཞིང་ཁྲུས་བྱས་པས་ལུས་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན་པར་བསམ་པ་ནི་སློབ་མའི་སྒྲུབ་པ་ཆེན་པོའོ། །དེ་ལྟར་ཡན་ལག་བཞི་རྫོགས་པ་ལ་མཆོད་པ་ལྔས་མཆོད་ལ། མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག རྣམ་པར་ཤེས་པའི་ཕུར་པོ་གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པ་ཡབ་ཡུམ་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་གོ་ཞེས་རྟོགས་པ་བསྐྱེད་པ་ནི་ཆུའི་དབང་ངོ༌། །དེ་བཞིན་དུ་ཨཱྃ་དང་རིན་པོ་ཆེ་ལས་སློབ་མ་དང་དབུ་རྒྱན་རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག་ཕྱག་བཞི་པ། ཡུམ་མཱ་མ་ཀཱི་སྔོན་མོ་ཞལ་གཅིག་ཕྱག་བཅུ་གཉིས་མ་དང་མཉམ་པར་སྦྱོར་བར་བསྐྱེད། དེ་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་དུ་བསམས་ལ། རིན་པོ་ཆེ་ཡི་དབུ་རྒྱན་དང༌། །དར་དཔྱངས་ཅོད་པཎ་དག་གི་དབང༌། །དེ་རིང་ཁྱོད་ལ་དབང་བསྐུར་བས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཨོཾ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མཱཾ་ཞེས་གསུང་ཞིང་དབུ་རྒྱན་སྤྱི་བོར་བཅིང༌། ལྷོ་ཕྱོགས་ཀྱི་བུམ་པས་དབང་བསྐུར་ཏེ་རིན་འབྱུང་གི་རྒྱས་བཏབ་ལ། རིན་འབྱུང་གི་སྒོ་ནས་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་སེར་སྣ་དག ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་ཅེས་གོ་བར་བྱས་ལ། གཞན་གོང་འོག་གི་ཆོ་ག་རྣམས་སྔར་དང་འདྲ་བར་བྱ་བ་ནི་ཅོད་པཎ་གྱི་དབང་ངོ༌། །ཡང་ཧྲཱིཿདང་པདྨ་ལས་འོད་དཔག་མེད་དམར་པོ་ཕྱག་བཞི་པ། གོས་དཀར་མོ་ཕྱག་བརྒྱད་མ་དང་མཉམ་པར་སྦྱོར་བར་བསྐྱེད། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་བལྟས་ལ། སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཨོཾ་བཛྲ་ཨཱ་རལླི་ཧོ་བཛྲ་ཝ་ར་ཏ་ཀ་ཧཱུྃ། ཞེས་དང་ནུབ་ཀྱི་བུམ་པས་དབང་བསྐུར་ཏེ་འོད་དཔག་མེད་ཀྱི་རྒྱས་བཏབ་ལ། འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། ཉོན་མོངས་པ་འདོད་ཆགས་དག འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཡབ་ཡུམ་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་ཅེས་རྟོགས་པ་བསྐྱེད་པ་ནི་རྡོ་རྗེའི་དབང་ངོ༌། །ཡང་ཁྃ་དང་རལ་གྲི་ལས་དོན་ཡོད་གྲུབ་པ་ཕྱག་བཞི་པ་སྒྲོལ་མ་ཕྱག་བརྒྱད་མས་འཁྱུད་པ་བསྐྱེད། ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་བལྟས་ལ། ཨོཾ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་དྲིལ་བུ་དང་བྱང་གི་བུམ་པས་དབང་བསྐུར་ཏེ་དོན་ཡོད་གྲུབ་པའི་རྒྱས་བཏབ་ལ། དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཉོན་མོངས་པ་ཕྲག་དོག་དག འདུ་བྱེད་གྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་ཅེས་རྟོགས་པ་བསྐྱེད་པ་ནི་དྲིལ་བུའི་དབང་ངོ༌། །ཡང་སློབ་མ་བུཾ་ལས་རྣམ་སྣང་ཕྱག་བཞི་པ་སྤྱན་མ་ཕྱག་བརྒྱད་མས་འཁྱུད་པ་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་བར་གསོལ་བ་བཏབ་པས་ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མཿ ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ་རྡོ་རྗེ་ཞེས་བྱའོ། །ཞེས་རིགས་དང་མཐུན་པའི་མིང་གདགས་ཏེ། བཞད་པའི་རྡོ་རྗེ། སྒེག་པའི་རྡོ་རྗེ། རོལ་པའི་རྡོ་རྗེ། ཨ་ལ་ལ་རྡོ་རྗེ། ཤིན་ཏུ་དགའ་བའི་རྡོ་རྗེ། མྱུ་གུ་རྡོ་རྗེ། ཞེ་སྡང་རྡོ་རྗེ། ཀྱེའི་རྡོ་རྗེ། རྡོ་རྗེ་སེམས་དཔའ། རྣམ་སྣང་ཆེན་པོ། རང་བྱུང་རྡོ་རྗེ། རྡོ་རྗེ་ཨཱ་རལླི། སྐེམས་པའི་རྡོ་རྗེ། རྡོ་རྗེ་བདུད་རྩི། བདུད་རྩི་ཐབ་སྦྱོར། རྡོ་རྗེ་ཁྲོ་བོ། སྙིང་རྗེའི་སྟོབས། ཧེ་རུ་ཀ་རྡོ་རྗེ་སྟེ་མི་བསྐྱོད་པའི་རིགས་ཀྱི་མིང་བཅུ་བདུན་ནོ། །རྣམ་པར་སྣང་མཛད། མཛེས་པའི་རྡོ་རྗེ། ཡེ་ཤེས་རྡོ་རྗེ། ཕ་རོལ་ཕྱིན་པའི་རྡོ་རྗེ། རྟག་པའི་རྡོ་རྗེ། གཏི་མུག་རྡོ་རྗེ། ཐམས་ཅད་སྐྱོབ། སྒྱུ་འཕྲུལ་རྡོ་རྗེ། ཨོཾ་མཛད་རྡོ་རྗེ། སྐུ་རྡོ་རྗེ། སའི་སྙིང་པོ། གཏི་མུག་རྡོ་རྗེ། གཤིན་རྗེའི་གཤེད། ཐོ་བའི་དབང་ཕྱུག དེ་བཞིན་གཤེགས་པ། ཤཱཀྱ་ཐུབ་པ། སངས་རྒྱས་ཏེ་རྣམ་སྣང་གི་རིགས་ཀྱི་མིང་བཅུ་བདུན་དང༌། ཤིན་ཏུ་དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཡིད་བཞིན་ནོར་བུ། དམ་པ་དགའ་བའི་རྡོ་རྗེ། ཤིན་ཏུ་བདེ་བ་དགའ་བའི་རྡོ་རྗེ། ཉི་མ་རིན་ཆེན་བདག་པོ། རིན་ཆེན་རྒྱལ་པོ། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་པོ། རྡོ་རྗེ་བདུད་རྩི་ཟིལ་གནོན། སྣང་བྱེད་རྡོ་རྗེ་སྟེ་རིན་ཆེན་རིགས་ཀྱི་མིང་བཅུ་གཉིས་དང༌། འོད་དཔག་ཏུ་མེད་པ། པདྨ་རྡོ་རྗེ། པདྨ་མྱུ་གུ་རྡོ་རྗེ། པདྨ་ལྕགས་ཀྱུ་རྡོ་རྗེ། འདོད་ཆགས་རྡོ་རྗེ། སྤྱན་རས་གཟིགས་ཀྱི་རྡོ་རྗེ། རྟ་མགྲིན། འཇིག་རྟེན་བདག་པོ། རྡོ་རྗེ་ཆོས། སྤྱན་རས་གཟིགས། པདྨ་གར་དབང་སྟེ་འོད་དཔག་མེད་ཀྱི་རིགས་ཀྱི་མིང་བཅུའོ། །ནམ་མཁའ་རྡོ་རྗེ། འཇུག་པའི་རྡོ་རྗེ། ཤེས་རབ་མྱུ་གུ། ཤེས་རབ་རྡོ་རྗེ། སྙིང་རྗེའི་མྱུ་གུ། དམ་པའི་རྟ། རྟའི་རྒྱལ་པོ། བདུན་གྱི་རྒྱལ་པོ། ལྕགས་རྒྱལ། དམ་ཚིག་རྡོ་རྗེ། རྟ་མཆོག དོན་ཡོད་རྡོ་རྗེ། དོན་ཡོད་གྲུབ་པ། ལས་ཀྱི་རྡོ་རྗེ། མགྱོགས་འགྲོ་རྡོ་རྗེ་སྟེ་དོན་ཡོད་གྲུབ་པའི་རིགས་ཀྱི་མིང་བཅོ་ལྔའོ། །རྡོ་རྗེ་སེམས་དཔའ། །རྡོ་རྗེ་ཅན། རྣམ་པར་རྒྱལ་བའི་རྡོ་རྗེ། ཕྱག་ན་རྡོ་རྗེ། དཔེ་མེད་རྡོ་རྗེ། རོ་མཉམ་རྡོ་རྗེ། ཤིན་ཏུ་དགའ་བའི་རྡོ་རྗེ། དམ་པ་དང་པོའི་རྡོ་རྗེ། བདེ་བའི་རྡོ་རྗེ་སྟེ་དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱི་མིང་དགུའོ། །བུད་མེད་ཀྱི་རིགས་ཀྱི་མིང་ནི་འདིར་ཉེ་བར་མི་མཁོ་བས་མ་བྲིས་སོ། །དེ་ལྟ་བུའི་རིགས་ཀྱི་མིང་བཏགས་ཤིང་ཤར་ཕྱོགས་ཀྱི་བུམ་པས་དབང་བསྐུར་ཏེ་རྣམ་སྣང་གི་རྒྱས་བཏབ་ལ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། ཉོན་མོངས་པ་གཏི་མུག་དག གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་ཅེས་རྟོགས་པ་བསྐྱེད་དེ་མིང་གི་དབང་ངོ༌། །དེ་ནས། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོག་མེད་གང༌། །སངས་རྒྱས་ཡེ་ཤེས་བལྟ་བར་བྱ། །ཞེས་བརྗོད་ལ་དེའི་དོན་བཤད་པས་ངོ་སྤྲད་དོ། །ཡང་སློབ་མ་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་དང་རྡོ་རྗེ་ལས་རྡོ་རྗེ་སེམས་དཔའ་ཞལ་གསུམ་པ་ཕྱག་དྲུག་པར་བསྐྱེད། ཡེ་ཤེས་པ་བསྟིམ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་ཞིང་མི་བསྐྱོད་པས་རྒྱས་བཏབ་ནས། རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་གསེར་ལ་སོགས་པ་ལས་གྲུབ་པའི་རྡོ་རྗེ་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ལྟེ་བར་རྡོ་རྗེ་སེམས་དཔའ་ཡབ་ཡུམ། སྟེང་གི་རྭ་ལྔ་ལ་དབུས་སུ་རྣམ་པར་སྣང་མཛད། ཤར་དུ་མི་བསྐྱོད་པ། ལྷོར་རིན་འབྱུང༌། ནུབ་ཏུ་འོད་དཔག་མེད། བྱང་དུ་དོན་ཡོད་གྲུབ་པ། རྭའི་འོག་གི་པདྨ་འདབ་བརྒྱད་ལ་ཤར་དུ་སྤྱན་རས་གཟིགས། ལྷོར་བྱམས་པ། ནུབ་ཏུ་ནམ་མཁའ་མཛོད། བྱང་དུ་ཀུན་དུ་བཟང་པོ། བྱང་ཤར་དུ་ཕྱག་ན་རྡོ་རྗེ། ཤར་ལྷོར་འཇམ་པའི་དབྱངས། ལྷོ་ནུབ་ཏུ་སྒྲིབ་པ་རྣམ་སེལ། ནུབ་བྱང་དུ་སའི་སྙིང་པོ། འོག་གི་པདྨ་འདབ་བརྒྱད་ལ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ། ལྷོར་རྡོ་རྗེ་ཞགས་པ་མ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ། བྱང་དུ་རྡོ་རྗེ་སྒྲོལ་མ། བྱང་ཤར་དུ་སྐུལ་བྱེད་མ་དཀར་མོ་ཕྱག་བཞིའི་གཡས་དང་པོས་མཆོག་སྦྱིན་གཡོན་དང་པོས་པུསྟི་དང་བཅས་པའི་པདྨ། འོག་མ་གཉིས་ཀྱིས་ལྷུང་བཟེད་འཛིན་པ། ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཤར་ལྷོར་རིན་ཆེན་གློག་མ་སེར་མོ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རིན་པོ་ཆེ་ཁ་སྦྱོར་འཛིན་པ། གཡས་འོག་མ་གཉིས་ཀྱིས་མི་འཇིགས་པ་དང་མདའ། གཡོན་འོག་མ་གཉིས་ཀྱིས་སྡིགས་མཛུབ་དང་གཞུ་འཛིན་པ། ལྷོ་ནུབ་ཏུ་ལུ་གུ་རྒྱུད་མ་ནག་མོ་ནག་དཀར་དམར་བའི་ཞལ་གསུམ་པ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ། མདའ། རྩེ་གསུམ། གཡོན་པ་རྣམས་ཀྱིས་དྲིལ་བུ་གཞུ། ཐོད་པ་འཛིན་པ། ནུབ་བྱང་དུ་གཞན་གྱིས་མི་ཐུབ་མ་དཀར་མོ་དཀར་ནག་དམར་བའི་ཞལ་ཅན། ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་ཞགས་པ་དང་རྡོ་རྗེ་རལ་གྲི། གཡོན་པ་རྣམས་ཀྱིས་སྙིང་གར་སྡིགས་མཛུབ་དང༌། དྲིལ་བུ་དང་དགྲ་སྟྭ་འཛིན་པའོ། །འོག་གི་རྭ་ལྔ་ལ། དབུས་སུ་ཡེ་ཤེས་མཁའ་འགྲོ་མ་སྔོན་མོ་སྔོ་དཀར་དམར་བའི་ཞལ་ཅན་ཕྱག་དྲུག་གི་གཡས་གསུམ་ན་ཁ་ཊྭཱྃ་ག་དང་དགྲ་སྟྭ་དང་རྡོ་རྗེ། གཡོན་གསུམ་ན་དྲིལ་བུ་དང་ཁྲག་གིས་གང་བའི་ཐོད་པ་དང་རལ་གྲི་འཛིན་པའོ། །ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ། ལྷོར་གཏུམ་མོ་དམར་མོ། ནུབ་ཏུ་རོ་ལངས་མ་སྔོན་མོ། བྱང་དུ་འཇིགས་པའི་མཁའ་འགྲོ་མ་གསེར་བཙོ་མའི་མདོག་ཅན་ཐམས་ཅད་ཀྱང་སེང་གེ་ལ་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་ཕྱག་གཉིས་ཀྱིས་ཁ་ཊྭཱྃ་ག་དང་ཁྲག་གིས་གང་བའི་ཐོད་པ་འཛིན་པ་རྣམས་བསྐྱེད། ཡེ་ཤེས་པ་དགུག་གཞུག་བྱ། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་ཏེ་ལྷ་ཐམས་ཅད་ལ་མི་བསྐྱོད་པའི་རྒྱས་བཏབ་ལ་དེ་སློབ་དཔོན་གྱིས་ལག་པ་གཡས་པར་བཟུང་སྟེ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །རྡོ་རྗེ་སྙིང་པོའི་བརྟུལ་ཞུགས་བརྟེན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་ལ་སློབ་མའི་ལག་པ་གཡས་པར་གཏད་པ་ནི་བརྟུལ་ཞུགས་ཀྱི་དབང་ངོ༌། །དེ་ནས་སློབ་མས། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་པས་གསོལ་བ་བཏབ་ལ། སློབ་དཔོན་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ་ལས། སྔགས་ཕྲེང་གཉིས་པ་འོད་ཟེར་དང་བཅས་པ་སློབ་དཔོན་གྱི་ཞལ་ནས་ཐོན། སློབ་མའི་སྙིང་གར་ཐིམ་པས་སྔགས་རྣམས་ལ་དབང་ཐོབ་པར་བསྒོམས་ལ་གཙོ་བོའི་སྔགས་སམ་ལྷ་ཐམས་ཅད་ཀྱི་སྙིང་པོ་ལན་གསུམ་དུ་རྗེས་ཟློས་བྱས་ལ། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་གསོལ་བ་གདབ། སློབ་དཔོན་གྱིས་ཀྱང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་ལ་མགོ་བོར་མེ་ཏོག་བཞག་གོ །དེ་ནས་ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་དང༌། ཡེ་ཤེས་དབབ་པ་དང༌། དབང་བསྐུར་བ་དང༌། སྒྲུབ་ཐབས་དང༌། ཕྱག་རྒྱ་ལ་སོགས་པ་ཐམས་ཅད་སུ་ཡང་རུང་བ་ལ་སྨྲས་ན་ཁྱོད་ཉམས་པར་གྱུར་ཏ་རེ། དེ་བས་ན་ཐམས་ཅད་སུ་ལ་ཡང་མ་སྨྲ་ཤིག་ཅེས་བསྒོས་ལ། སློབ་མས་གཙོ་བོས་ཅི་ལྟར་བཀའ་སྩལ་པ། །དེ་དག་བདག་གིས་བགྱིད་པར་འཚལ། །ཞེས་བརྗོད་ཅིང་ལུས་ལོངས་སྤྱོད་ཐམས་ཅད་བློས་ཕུལ་ལ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཏེ། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་བརྗོད་ལ་ཕྱག་འཚལ་ཏེ། རྡོ་རྗེ་སློབ་མའི་སྐལ་བ་ཙམ་ལ་དབང་བ་རྣམས་གཞན་དུ་འགྲོ་བར་བྱ་སྟེ་རྡོ་རྗེ་སློབ་མའི་དབང་གི་ཆོ་གའོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། བུམ་པའི་དབང༌། གསང་བའི་དབང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། བཞི་པའི་དབང་དང་བཞིའི་དང་པོ་ལ། སྔོན་འགྲོ་ཡོན་དབུལ་ཞིང་གསོལ་བ་གདབ་པ། དངོས་གཞི་སློབ་དཔོན་དུ་དབང་བསྐུར་བ། མཇུག་མཐའ་རྟེན་སྦྱིན་པ་གསུམ་གྱི་དང་པོ་ནི། སློབ་དཔོན་དུ་འོས་ཤིང་དམ་ཚིག་དང་སྡོམ་པར་ལྡན་པ་གཅིག་ལ་དབང་བསྐུར་བར་བྱ་བ་ཡིན་གྱི་ཐམས་ཅད་ལ་དབང་བསྐུར་བར་བྱ་བ་ནི་མ་ཡིན་ལ། གལ་ཏེ་སློབ་དཔོན་དུ་འོས་པ་འགའ་ཞིག་ཡོད་ན། དང་པོ་གསོལ་བ་དུས་གཅིག་ཏུ་བཏབ་ནས། རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་དབང་སྟེགས་ཀྱི་ཁར་སློབ་མ་རེ་རེ་ནས་དབང་བསྐུར་ནས་དེའི་མཐའ་རྟེན་རྣམས་དུས་གཅིག་ལ་བྱ་སྟེ། དེའང་ཕྱག་དང་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །གཉིས་པ་ནི། དབང་སྟེགས་ཀྱི་སྟེང་དུ་སློབ་མ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་བཞག་ལ། སློབ་དཔོན་རང་ཉིད་ཀྱི་སྙིང་གའི་ས་བོན་ལས་དེ་བཞིན་གཤེགས་པ་རིགས་ལྔའི་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པ་ནམ་མཁའ་གང་བ་སྤྲུལ་ལ། དེ་དག་གིས་ཀྱང་མཆོད་པའི་ཡོ་བྱད་སྣ་ཚོགས་པ་དང༌། ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་བསྣམས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་དབང་བསྐུར་བར་བསམས་ལ། དངོས་སུ་ཡང་རྒྱལ་མཚན་ལ་སོགས་པས་མཛེས་པ་དང༌། བཀྲ་ཤིས་ཀྱི་གླུ་དང་རོལ་མོ་བྱ་ཞིང༌། དབང་བསྐུར་རྡོ་རྗེ་ཆེན་པོ་ཆེ། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་སོགས་ཀྱི་རིག་པའི་དབང་ལྔ་མདོར་བསྡུས་པའི་ཚུལ་གྱིས་བསྐུར་ནས། དམ་ཚིག་གསུམ་སྦྱིན་པར་བྱ་སྟེ། རྡོ་རྗེ་ཧཱུྃ་ལས་ཅི་སྐད་བཤད་པའི་རྣམ་པ་ལྟར་བསྐྱེད་ལ། འདི་དེ་ཞེས་བྱ་བ་ལ་སོགས་པས་སློབ་མའི་ལག་པ་གཡས་པར་བྱིན་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །ཅེས་དེ་ཁོ་ན་ཉིད་བསྟན་པ་རྡོ་རྗེའི་དམ་ཚིག་གོ །དེ་ནས་དྲིལ་བུ་ཨཱཿལས་འཁར་བ་ལ་སོགས་པ་ལས་གྲུབ་པ་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་བུམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡབ་དང་བཅས་པ། ཁོག་པའི་སྟེང་གི་ཨུཏྤ་ལ་གྱི་འདབ་མ་ལ་ཤར་དུ་ལྷ་མོ་སྒྲོལ་མ། ལྷོར་སྤྱན་མ། ནུབ་ཏུ་མཱ་མ་ཀཱི། བྱང་དུ་གོས་དཀར་མོ། བྱང་ཤར་དུ་ནོར་རྒྱུན་མ་སེར་མོ་གཡས་མཆོག་སྦྱིན་གཡོན་འབྲས་སོ་བའི་ཆར་པ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པའི་བུམ་པ་འཛིན་པ། ཤར་ལྷོར་ཙུནྡ་མ་སྔར་བཞིན། ལྷོ་ནུབ་ཏུ་ཁྲོ་གཉེར་ཅན་མ་སེར་མོ་ཕྱག་བཞིའི་གཡས་གཉིས་ཀྱིས་མཆོག་སྦྱིན་དང་བགྲང་ཕྲེང༌། གཡོན་གཉིས་ཀྱིས་དབྱུག་གུ་གསུམ་པ་དང་རིལ་བ་ཆུང་ངུ་འཛིན་པ། ནུབ་བྱང་དུ་རྡོ་རྗེ་ཕྲེང་བ་མ་ལྗང་གུ་ཕྱག་གཉིས་ཀྱིས་སྒེག་པ་དང་བཅས་པས་མེ་ཏོག་ཕྲེང་བ་དང་བཅས་པའི་རྡོ་རྗེའི་ཕྲེང་བ་འཛིན་པ་རྣམས་བསྒོམ། སྟེང་གི་རྡོ་རྗེ་ལ་ནི་སྔར་རྡོ་རྗེའི་སྐབས་སུ་བཤད་པ་བཞིན་རིགས་ལྔ་དང་བྱང་སེམས་བརྒྱད་བསྒོམས་ཏེ་ཐམས་ཅད་ཀྱང་སྐད་ཅིག་ཙམ་གྱིས་བསྐྱེད་ལ། ཡེ་ཤེས་པ་དགུག་གཞུག་བྱ། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ། དབང་བསྐུར་ལ་ལྷ་ཐམས་ཅད་ལ་དོན་ཡོད་གྲུབ་པའི་རྒྱས་བཏབ་ལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཅེས་པས་སློབ་མའི་ལག་པ་གཡོན་པར་བྱིན་ལ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་བྱེད་པ་ཡིན། །ཞེས་པས་དེ་ཁོ་ན་ཉིད་བརྗོད་པ་ནི་དྲིལ་བུ་གསུང་གི་དམ་ཚིག་གོ །དེ་ནས་ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་བརྗོད་པས་སློབ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། ལག་པ་གཉིས་འཁྱུད་པའི་སྟངས་ཀ་བྱེད་དུ་བཅུག་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེ་རབ་གནས་པ། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་དང༌། དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པ། །དམ་ཚིག་ཕྱག་རྒྱ་ཞེས་སུ་བསྒྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་པ་ནི་ཕྱག་རྒྱའི་དམ་ཚིག་གོ །དེ་ནས་ནམ་མཁར་དཀྱིལ་འཁོར་སྤྲོ་བའི་ཏིང་ངེ་འཛིན་སྔ་མ་ལྟ་བུ་དང་ལྡན་པས། རྣམ་པར་རྒྱལ་བའི་བུམ་པ་སྤྱི་བོར་བཞག་ལ། གླུ་དང་རོལ་མོ་དང་བཀྲ་ཤིས་དང་བཅས་པས་དབང་བསྐུར་བར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཞེས་སོགས་ཚིགས་བཅད་དང་གཙོ་བོའི་སྔགས་ཀྱི་མཇུག་ཏུ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་དབང་བསྐུར། དེ་བཞིན་དུ་ལྷ་སོ་སོའི་སྔགས་ཀྱི་མཇུག་ཏུ་ཨ་བྷི་ཥིཉྩ་བཏགས་ལ་བུམ་པ་སོ་སོས་དབང་བསྐུར་ཞིང་ཁྲུས་བྱས་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ་དངོས་སུ་དབུར་བརྒྱན་ཅིང༌། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ་ཞེས་བརྗོད་ཅིང་མེ་ཏོག་གཏོར་མཆོད་པས་མཆོད། དེ་ལྟར་སློབ་མ་རེ་རེ་ནས་རྫོགས་པ་དང་སློབ་མ་རྣམས་ལ་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དཀྱིལ་འཁོར་པདྨ་ཞེས་སུ་གསུངས། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ཞེས་བཤད་པ་སྟེ། །སེམས་ནི་གཞལ་མེད་ཁང་བརྩེགས་འཕགས། །དེ་ཡི་ཕྱི་རོལ་གྲུ་བཞི་པའི། །ཚད་ནི་མཉམ་པར་གྱུར་པའོ། །གང་ཞིག་བྱམས་པ་ལ་སོགས་སེམས། །ཐིག་སྐུད་བཞིར་ནི་བརྗོད་པའོ། །ཐིག་གདབ་ཡང་དག་བཤད་པ་ནི། །སྦྱོར་བ་ཆོས་ཀྱི་རྗེས་དྲན་པའོ། །ལྟ་བ་ཀུན་ལས་རྣམ་རོལ་བ། །ཡེ་ཤེས་ཐིག་ཏུ་བརྗོད་པ་ཡིན། །རྒྱན་གང་ཡང་དག་བཤད་པ་ཉིད། །ཚུལ་ཁྲིམས་སོགས་ཀྱི་སྡོམ་པ་མཆོག །དབང་པོ་ལྔ་ལ་སོགས་པའི་སེམས། །རྭ་བ་ལྔར་ནི་འབྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་པར་ཐར་པ་རྣམ་པ་བཞི། །རྟ་བབས་ཀ་བ་བཞི་པོ་ནི། །ཡང་དག་སྤང་བ་བཞི་ཞེས་བརྗོད། །དྲན་པ་ཉེ་བར་གཞག་པ་བཞི། །ཁ་ཁྱེར་བཞིར་ནི་བརྗོད་པ་ཉིད། །སྒོ་ཁང་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དེ་བཞིན་མེ་ཏོག་ཕྲེང་བརྒྱན་པ། །བྱང་ཆུབ་ཡན་ལག་བདུན་པོ་ཡིན། །འཕགས་ལམ་ཡན་ལག་བརྒྱད་པོ་ནི། །ཀ་བ་བརྒྱད་པོ་ཞེས་བརྗོད་དོ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་ཡོངས་སུ་གྲགས། །གང་ཞིག་དོ་ཤལ་བཤད་པ་ནི། །ཉོན་མོངས་ཐམས་ཅད་གཅོད་པ་སྟེ། །ཀུན་དུ་གཅོད་པའི་ངོ་བོ་ཡིས། །ཉོན་མོངས་འཕྲོག་པས་དྲྭ་བ་ཉིད། །ཚོགས་གཉིས་དག་གི་སྦྱོར་བ་ལས། །འཁོར་ལོ་བསྐོར་བ་གང་ཡིན་པ། །ཉོན་མོངས་ཕྱེད་ནི་གཅོད་པས་ན། །དོ་ཤལ་ཕྱེད་པ་ཉིད་དུ་བརྗོད། །ཅེས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། །ཕུང་པོ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟད་པ་གཤིན་རྗེ་མཐར། །དེ་ནི་ཕུང་པོ་མཐར་བྱེད་དེ། །དེས་ནི་ཤེས་བྱ་མཐར་བྱེད་པའོ། །ཞེ་སྡང་ཞེ་སྡང་མཐར་བྱེད་པས། །ཉེས་པ་ཟད་པ་ཤེས་རབ་མཐར། །དེས་ན་སེམས་ཀྱི་མཐར་བྱེད་དེ། །དེས་ནི་ཉོན་མོངས་མཐར་བྱེད་འགྱུར། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །འདོད་ཆགས་ཟད་པ་པདྨ་མཐར། །དེས་ནི་ངག་གི་མཐར་བྱེད་འགྱུར། །དེ་བཞིན་སྙོམས་འཇུག་མཐར་བྱེད་དོ། །ཉོན་མོངས་ཀུན་ཟད་གང་ཡིན་དང༌། །དེ་བཞིན་ལས་ཀུན་ཟད་པ་ཉིད། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་ནི་མཐར་བྱེད་ཅེས་བྱར་བཤད། །ཅེས་པས་ལྷའི་དེ་ཁོ་ན་ཉིད་ཀྱང་བརྗོད་ཅིང་དོན་རྒྱས་པར་བཤད་དོ། །གསུམ་པ་ལ། རྗེས་གནང་སྦྱིན་པ། ལུང་བསྟན་པ། དབུགས་དབྱུང་ཞིང་གཟེངས་བསྟོད་པ་གསུམ་གྱི་དང་པོ་ནི། སློབ་མ་རྣམས་རང་རང་གི་ཕྱག་རྒྱ་འཆིང་དུ་བཅུག་ལ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམ་རོལ་ཞིང༌། །རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བས་མཆོད་པར་གྱིས། །ཨ། སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གཱི། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱི། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་བགོས་པའི། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཧཱུྃ། སངས་རྒྱས་རྣམས་ལ་མེ་ཏོག་དོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུྃ། ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེས་གསལ་བར་གྱིས། །པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཤེས་རབ་ཏིང་འཛིན་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །ག །ཞེས་པ་ལྷ་མཆོད་པའི་རྗེས་གནང་ངོ༌། །གསེར་གྱི་ཐུར་མ་མེད་ན་རྡོ་རྗེ་ལ། བཅོམ་ལྡན་འདས་ཀྱི་སྔགས་བཟླས་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧཱ་ར་པ་ཏྲ་ལཾ་ཧྲཱིཿཔྲྃ། ཞེས་མིག་ལ་བྱུག་པའི་ཚུལ་དུ་བྱས་ནས་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་བརྗོད་ལ། ཨཿལས་སྐྱེས་པའི་དྲིལ་བུ་བྱིན་ལ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བརྗོད་ཅིང་དཀྲོལ་དུ་གཞུག་གོ །དེ་ནས་ཧོཿཞེས་བྱ་བས་མདའ་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག ཅེས་བརྗོད་དེ་ཕྱོགས་བཞི་དང་སྟེང་འོག་ཏུ་མདའ་རེ་འཕེན་པའི་ཚུལ་བྱེད་དུ་གཞུག་གོ །ཡང་མེ་ལོང་བསྟན་ལ། ཨ་བཛྲ་སཏྭ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །ཞེས་དང༌། གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་པར་ཤེས་པར་གྱིས་ཤིག ཅེས་བརྗོད་དོ། །དེ་ནས་ཆོས་བཤད་པའི་རྗེས་གནང་སྦྱིན་པར་ཕྱིར། སློབ་མ་རེ་རེ་ནས་དབང་སྟེགས་ཀྱི་སྟེང་དུ་བཞག་ལ། ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་པས་འཁོར་ལོ་རྐང་པའི་འོག་ཏུ་གཞུག ཨོཾ་བཛྲ་བྷཱ་ཥ་རཾ་ཞེས་པས་ལག་པ་གཡས་སུ་དུང་དང༌། ཨོཾ་བཛྲ་གྷཎྜེ་ཨཿཞེས་པས་གཡོན་དུ་དྲིལ་བུ་དང༌། ཨས་ལག་པ་གཉིས་ཀྱི་སྟེང་དུ་རྒྱུད་ཀྱི་པུསྟི་བྱིན་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །སྔགས་ཀྱི་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་སྲུང་བར་མཛད། །ཅེས་བརྗོད་ལ། སོ་སོའི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་དུ་བྱས་ནས། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །འདོད་ཆགས་ལ་སོགས་གཙང་བ་ཡིས། །སེམས་ཅན་རྣམས་ལ་ཉེ་བར་སྦྱོར། །ཞེས་དང༌། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་ཆོས་ཀྱི་གནས་སུ་རྡོ་རྗེ་དང༌། རིན་ཆེན་དང༌། པདྨ་དང༌། སྣ་ཚོགས་ཀྱི་སྒྲ་བཅུག་སྟེ་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ནས། བྱང་ཆུབ་སྙིང་པོའི་བར་དུ་ནི། །ཕྱོགས་ཀུན་དུ་ནི་འཁོར་ལོ་ནི། ཆོས་ཀྱི་འཁོར་ལོ་བླ་ན་མེད། །ཀུན་དུ་མཆོག་ཏུ་རབ་ཏུ་བསྐོར། །ཐབས་དང་ཤེས་རབ་རང་བཞིན་དག །ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྦྱོར་མེད་བྲལ་ཞིང་མ་ཞུམ་པས། །སེམས་ཅན་དོན་ནི་ད་ལྟ་གྱིས། །ཞེས་ཆོས་བཤད་པའི་རྗེས་སུ་གནང་བ་སྦྱིན་ནོ། །གཉིས་པ་ནི། སློབ་དཔོན་ཆོས་གོས་གྱོན་ཏེ་ལག་པ་གཡོན་པས་ཆོས་གོས་ཀྱི་སྣ་སེང་གེའི་རྣ་བ་ལྟ་བུ་བྱས་ལ་བཟུང༌། གཡས་པས་རྡོ་རྗེ་དྲིལ་བུ་བཟུང་སྟེ། སྐྱེ་དང་རྒ་དང་འཆི་མི་འགྱུར། །འཇིགས་དང་མྱ་ངན་ནད་མི་འབྱུང༌། །བདེ་ཆེན་ཐེག་པ་འདི་ལ་ནི། །བུ་ཁྱོད་ང་ཡིས་ལུང་བསྟན་བྱ། །འདི་ལྟར་ང་ཡིས་ལུང་བསྟན་ཁྱོད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་ལས་བསྒྲལ་ཏོ། །ཀྱེ་ཆེ་གེ་མོ་ཞེས་བྱ་བ་ཡི། །དེ་བཞིན་གཤེགས་པ་ས་འོག་དང༌། །མི་ཡུལ་མཐོ་རིས་ཉིད་དུ་འགྲུབ། །གང་ཡང་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཆེན་པོར་ལུང་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་བརྗོད་ལ་ཆེ་གེའི་གནས་སུ་སློབ་མ་སོ་སོའི་མིང་གཞུག་ལ་ལུང་བསྟན་པར་བྱའོ། །གསུམ་པ་ནི། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་དང་རབ་ཞུགས་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེང་ནས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཡང་འཆི་བར་འགྱུར་མ་ཡིན། །མི་ཚུགས་པ་དང་མི་འཆི་བས། །ཅིས་ཀྱང་མི་འཇིགས་རོལ་པར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་པ་མཆོག་ཏུ་གྱུར་པ་ཡིན། །ཞེས་པ་འབྲས་བུའི་དུས་ཀྱི་དབུགས་དབྱུང་བ་དང༌། །དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །ཞེས་པ་དང༌། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །སྲོག་དང་ལུས་ལ་བབ་གྱུར་ཀྱང༌། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་རྣམས་བཀུར་སྟི་ཞིང༌། །སྡང་ལ་བྱམས་ཤིང་ཆགས་བྲལ་བ། །ནམ་ཡང་བྱ་བ་མ་ཡིན་ནོ། །དེ་ལྟར་བྱས་ན་སངས་རྒྱས་ཀྱིས། །ཁྱོད་ནི་དམྱལ་བའི་ནང་དུ་འདོར། །ཞེས་དང༌། སྲོག་ཆགས་བསད་པར་མི་བྱ་ཞིང༌། །བུད་མེད་རིན་ཆེན་ཡོངས་མི་སྤང༌། །དེས་ནི་སློབ་དཔོན་སྨད་མི་བྱ། །སྡོམ་པ་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཅི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་མྱུར་ལ་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །ཞེས་པས་དབུགས་དབྱུང་ཞིང་གཟེངས་བསྟོད་ནས། དེ་ལྟར་ན་ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། སྡོམ་པ་དང༌། དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང༌། ས་དང་པོ་ནས་དྲུག་པའི་བར་ཐོབ། བརྡ་ལྔ་བསྡུས་རྩེ་མོས་མནན་པ། འབྲས་བུ་སྤྲུལ་པའི་སྐུ་རང་བཞིན་ལྷུན་གྲུབ་གྱི་རྟེན་འབྲེལ་མངོན་དུ་བྱས། ཞེས་རྟོགས་པ་བསྐྱེད་དེ་བུམ་པའི་དབང་བསྐུར་བ་འཁོར་དང་བཅས་པའོ། །གཉིས་པ་གསང་བའི་དབང་ནི། སློབ་མས་ཕྱག་དང་མཎྜལ་ཕུལ་ནས། །སྟོང་པའི་སྙིང་པོར་ཕྱག་འཚལ་བསྟོད། །ཞེས་སོགས་སྒྲུབ་ཐབས་ནས་འབྱུང་བ་ཤླཽ་ཀ་ལྔ་དང༌། དེ་ཉིད་བླ་མེད་ཕྱག་འཚལ་བས། །ཡོན་ཏན་མཆོག་ཁྱོད་བཀའ་དྲིན་ལས། །ཀུན་མཁྱེན་རྡོ་རྗེའི་དབང་གིས་ནི། །ད་ལྟ་ཉིད་དུ་བཀའ་དྲིན་སྐྱོབས། །སངས་རྒྱས་ཀུན་གྱི་གསང་བ་ནི། །ཅི་ལྟར་དཔལ་ཐུགས་རྡོ་རྗེ་ཡིས། །རྡོ་རྗེ་ཆོས་ཅན་ལ་གསུངས་པ། །དེ་བཞིན་མགོན་པོས་བདག་གྲུབ་མཛོད། །བཅོམ་ལྡན་ཞབས་པད་སྤངས་ནས་ནི། །གཞན་དུ་བདག་ནི་འགྲོ་མ་མཆིས། །འཁོར་བའི་འགྲོ་ལས་ངེས་རྒྱལ་བར། །དེ་ཕྱིར་མགོན་པོས་ཐུགས་རྗེས་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། སློབ་དཔོན་གྱིས་གདོང་བཅིངས་སྟེ། སློབ་དཔོན་རང་རྣམ་པར་སྣང་མཛད་དང་སྤྱན་མ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དུང་དང་ཀུནྡ་ལྟར་དཀར་བ་སློབ་མའི་ལྕེ་ལ་བཞག་པར་དཔོན་སློབ་གཉིས་ཀས་བསྒོམས་ལ། སྔོན་དུ་བསྒྲུབས་པའི་བདུད་རྩི་རིལ་བུའམ་ཆང་ངམ་ཞོའམ་སྦྲང་རྩི་ལ་སྦྱར་བ་ལྕེ་ལ་བཞག་ཅིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་བཞིན། །བདག་གིས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱི་དབང་བསྐུར་རོ། །ཞེས་བརྗོད་ཅིང་བདུད་རྩིས་དབང་བསྐུར་ནས། དེ་ནས་དེ་ཁོ་ན་ཉིད་ཀྱང་བརྗོད་པར་བྱ་སྟེ། འདི་ནི་དེ་ཉིད་བླ་ན་མེད། །གཉིས་མེད་ཡི་གེས་བརྗོད་མི་ནུས། །ཆོས་དབྱིངས་རྣམ་པ་ལྟ་བུ་ཡིས། །དམ་པའི་བདེ་བ་ཡང་དག་མྱོང༌། །ཞེས་བརྗོད་ཅིང་བདེ་སྟོང་འཛིན་པ་མེད་པ་ལ་སེམས་བཟུང༌། དེ་ནས་གདོང་གཡོགས་ཕྱེ་ལ། དེ་ལྟར་ན་སློབ་དཔོན་གྱི་ལུས་དང་ཕྱག་རྒྱའི་བྷ་ག་དང་གཉིས་ཀའི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་གི་དྲི་མ་དག ལམ་ཙཎྜ་ལཱི་སྔགས་ཀྱི་རྣལ་འབྱོར་བསྒོམ་པ་དང༌། དམ་ཚིག་ཏུ་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ལ་དབང༌། ས་བརྒྱད་པ་ལ་དབང་བར་བྱས། བརྡ་མཐེབ་སྲིན་ཨེ་ལ་རིག་བྱེད་གཅིག འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ལྷུན་གྲུབ་ཀྱི་རྟེན་འབྲེལ་མངོན་དུ་བྱས་ཞེས་རྟོགས་པ་བསྐྱེད་དེ་གསང་བའི་དབང་ངོ༌། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཡང་སློབ་མས་ཕྱག་དང་མཎྜལ་ཕུལ་ནས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་རྡོ་རྗེ་རབ་སྒྲུབ་ཕྱེད། །རྡོ་རྗེ་རྣལ་འབྱོར་ཡང་དག་འབྱུང༌། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །གཙོ་བོས་བདག་ལ་དེ་མཛད་དོ། །འཁོར་བ་འདམ་གྱི་ཚོགས་སུ་ནི། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ལ། དཔོན་སློབ་གཉིས་ཀ་འོད་དཔག་མེད་དུ་བསྒོམས་ཏེ་གདོང་བཅིངས་ནས། རང་གི་སེམས་ལ་མངོན་པར་འཚམས་པ་ཅི་སྐད་བཤད་པའི་མཚན་ཉིད་ཅན་ལོ་བཅུ་དྲུག་ལོན་པའི་མིའི་བུ་མོ་མངོན་པར་བསམས་ལ། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོར་མོས་ལ། དེའི་ལག་པ་ཐབས་ཀྱི་གཡོན་པར་གཏད་དེ། ལྷ་མོ་མཐར་བྱེད་དགའ་སྟེར་མ། །སྣ་ཚོགས་གཟུགས་ལྡན་བརྩེ་ལྡན་མ། །ཟུང་ཤིག་ཟུང་ཤིག་སེམས་དཔའ་ཆེ། །བཟུང་བར་བྱས་ནས་མཆོད་པར་གྱིས། །ཞེས་བརྗོད་ལ་གཏད་པ་དང༌། ཕྱག་རྒྱ་དེས། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པར། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། །ཞེས་དྲི་བར་བྱའོ། །སློབ་མས་ཀྱང་དེ་ལྟ་བུ་ནུས་པར་དངོས་སུ་ལན་བྱ་སྟེ། བུ་སྤྲོའམ་ཞེས་པའི་གནས་སུ་བདག་སྤྲོ་ཞིང་ཞེས་པ་དང༌། བུ་ཁྱོད་ཅེས་པའི་གནས་སུ་བདག་ནི་ཞེས་པ་དང༌། ཏཾ་ཞེས་པའི་གནས་སུ་ཏོ་ཞེས་བྱའོ། །དེ་ནས་སློབ་མ་འོད་དཔག་མེད་དང་ཕྱག་རྒྱ་གོས་དཀར་མོར་བསྐྱེད། མཁའ་གསང་བྱིན་གྱིས་བརླབ། ཐབས་འདི་ལ་བསྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པའི་འདུ་ཤེས་གསུམ་དྲན་པར་བྱས་ལ། ཕྱག་རྒྱ་དེ་གཅེར་བུར་ཕྱུང་ནས་པདྨ་བལྟར་གཞུག་ཅིང༌། རྨད་བྱུང་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་ལ་སྤྱོད། །འདི་དང་ནམ་ཡང་མི་འབྲལ་ལོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རྣམ་པར་གྲོལ། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །རང་བཞིན་ཐམས་ཅད་ལ་འདུན་གནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་བཞུགས་བར་དུ་གསུང༌། །བྷ་ག་ནང་དུ་ནམ་མཁའ་བཞིན། །འབྱུང་བ་ལྔ་པོ་རྒྱན་བཞིན་འཆང༌། །ལྟེ་བ་ལ་ནི་གེ་སར་བཅས། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །དེར་གནས་ན་ནི་བསྒོམ་པར་བྱ། །མི་འཆི་ལྷ་ཡི་གཟུགས་སུ་ནི། །འདི་ལ་རྟག་ཏུ་འཇོག་པ་ཡིན། །ཞེས་བརྗོད་ཅིང་རང་དང་ལྷན་ཅིག་ཏུ་གནས་པས་ཐོག་མར་ཕྱག་རྒྱའི་གཟུགས་ལ་བལྟ་བ་དང༌། སྒྲ་ལ་ཉན་པ་ལ་སོགས་པ་ཆོས་དྲུག་ཉམས་སུ་མྱོང་བས་བདེ་བ་དེ་དང་མི་རྟོག་པར་གྱུར་བ་དགའ་བའི་ཡེ་ཤེས། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་མཆོག་ཏུ་དགའ་བའི་ཡེ་ཤེས། ཕན་ཚུན་དྲུད་པ་ལ་སོགས་པ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་དལ་བར་རྒྱུ་བའི་རླུང་གི་རྩ་གནས་རྣམས་ནས་གཉིས་ཀའི་ཐིག་ལེ་དཀར་དམར་བབས་པ། དེ་ཉིད་རླུང་གི་འདྲེན་པའི་སྟོབས་ཀྱིས་བཟུང་བས་བདེ་བ་མི་རྟོག་པས་བརྒྱན་པར་གྱུར་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་ཉིད་དཀྱིལ་འཁོར་ལྷ་དང་ཕྱག་རྒྱ་དང་དེ་ཁོ་ནའི་དབང་དང་སྦྱིན་སྲེག་ལ་སོགས་པ་ཡིན་ཏེ། ཇི་སྐད་དུ། ཕ་རོལ་ཕྱིན་བཅུ་རྫོགས་པ་དང༌། །སྟོབས་རྣམས་དང་ནི་དབང་རྣམས་དང༌། །ས་བཅུ་པོ་ནི་ལ་གནས་པ། །རྡོ་རྗེའི་མཚན་མར་དེ་འགྱུར་རོ། །རྡོ་རྗེ་བཅིང་བའི་སྦྱོར་བ་ཡིས། །རྡོ་རྗེ་མཆོད་པ་ཡང་དག་བརྩམ། །རྡོ་རྗེ་སེམས་ནི་ངེས་ཕྱུང་ནས། །རྡོ་རྗེ་ལྕེ་ཡིས་བཟའ་བར་བྱ། །མཉམ་པར་འབྱུང་བའི་ཆོ་ག་ཡིས། །དཀྱིལ་འཁོར་དམ་པ་བྲི་བར་བྱ། །ཏིང་འཛིན་ལས་སྐྱེས་སྦྱིན་སྲེག་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བདེ་བ་དང་མི་རྟོག་པའི་ངང་ལ་སེམས་ཅུང་ཟད་མཉམ་པར་འཇོག་ཏུ་བཅུག་ལ་གདོང་གཡོགས་བཀྲོལ་ནས། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ལམ་དབང་ཆོས་ཀྱི་རྣལ་འབྱོར་བསྒོམ་པ་དང༌། དམ་ཚིག་ཏུ་བཟའ་བསྲུང་དང་ཕྱག་རྒྱ་ལ་མི་སྨད་ཅིང་མི་འབྲལ་བའི་དམ་ཚིག་བསྲུང་བ་ལ་དབང༌། ས་བཅུ་གཅིག་པ་ཐོབ། བརྡ་བྱང་ཆུབ་མཆོག་གི་ཕྱག་རྒྱ། འབྲས་བུ་ཆོས་ཀྱི་སྐུའི་རྟེན་འབྲེལ་རང་བཞིན་ལྷུན་གྲུབ་ཀྱི་རྟེན་འབྲེལ་མངོན་དུ་བྱས་ཞེས་རྟོགས་པ་བསྐྱེད་དེ་དབང་གསུམ་པའོ། །བཞི་པ་དབང་བཞི་པ་ནི། སློབ་མས་ཕྱག་དང་མཎྜལ་ཕུལ་ལ། ད་ནི་སངས་རྒྱས་ཐམས་ཅད་ཀྱིས། །བདག་ལ་བཀའ་དྲིན་ལེགས་པར་སྐྱོབས། །ཇི་ལྟར་བླ་མེད་བྱང་ཆུབ་དེ། །བྱིན་གྱི་རླབས་ཀྱིས་བདག་གིས་བསྒྲུབ། །བླ་ན་མེད་པའི་བྱང་ཆུབ་གནས། །ཀུན་མཆོག་སྤྱོད་པ་ཡང་དག་མཆོད། །སེམས་ཅན་གནས་གསུམ་འཁོར་བ་རྣམས། །དེ་ཉིད་ལ་ནི་གཞག་པར་བགྱི། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས་གདོང་བཅིངས་ལ། ཚིག་ཙམ་གྱི་སྒོ་ནས་ངོ་སྤྲད་པར་བྱ་སྟེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་བརྟག་པ་གཉིས་པའི་རབ་བྱེད་དང་པོར། དབང་ཆོག་འདིས་སྦྱིན་པར་བྱ་སྟེ། སློབ་མའི་ལྷག་པར་མོས་པ་དང་ཟབ་པ་དང་རྒྱ་ཆེ་བའི་རིགས་པས། ལྷག་པར་མོས་པའི་ཡིད་ཀྱིས་ཤེས་པར་བྱས་ནས། ཚིག་དབང་རིན་པོ་ཆེ་སྦྱིན་པར་བྱ་སྟེ། གང་ཐོབ་དབང་རབ་མཆོག་ནི་རིགས་ཀྱི་བདག་པོས་བཟུང་བ་རྙེད་པར་དཀའ་ཞིང་མཚུངས་པ་མེད་པས་བསྡམས། །ལོངས་སྤྱོད་རྫོགས་པའི་ཞིང་གི་དཔལ་དག་བླང་བར་བྱས་པས་བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ། །བཀའ་ཡི་གནང་བ་རྙེད་ནས་འཇིག་རྟེན་གསུམ་གྱི་དགྲ་བོ་ལས་རྒྱལ་རྩོམ་པའི་གོ་ཆ་བགོས་པའི་བློས། །བྱང་ཆུབ་དག་ལ་འགོད་པའི་སེམས་རྒྱས་འདིར་ནི་དེ་ཉིད་རྣལ་འབྱོར་པ་ཡི་དྲི་མ་མེད་པར་སྤྱོད། །ཅེས་གསུངས་པའི་དོན་ཅུང་ཟད་བཤད་ན། དབང་བཞི་པ་བསྟན་པའི་ཡུལ། དེ་ལ་བསྟན་པའི་དབང་དངོས། དབང་ཐོབ་ནས་ཉམས་སུ་བླང་བར་གདམས་པ་དང་གསུམ་གྱི་དང་པོ་ནི། བུམ་དབང་སོགས་སྔོན་དུ་སོང་ནས་དབང་བཞི་པ་འོག་ནས་འབྱུང་བའི་ཆོ་ག་འདིས་སྦྱིན་པར་བྱའོ། །དབང་དེ་ཐམས་ཅད་ལ་སྦྱིན་པར་བྱའམ་ཞེ་ན། སློབ་མ་བླ་མ་དང་ཤེས་རབ་ཡེ་ཤེས་ཀྱི་ཉམས་མྱོང་ལ་ལྷག་པར་མོས་པ་དང༌། ཟབ་མོ་སྟོང་པ་ཉིད་དང༌། ཐབས་རྒྱ་ཆེ་བའི་རིགས་པས་རིམ་པ་གཉིས་ལ་ལྷག་པར་མོས་པའི་སློབ་མ་ལ་སྦྱིན་པར་བྱའི་གཞན་ལ་ནི་མ་ཡིན་ཏེ། བླ་མ་ལ་མོས་པ་མེད་ན་བླ་མའི་ཚིག་ལ་ངེས་པ་མི་སྐྱེ། དབང་གི་ཉམས་ལ་མོས་པ་མེད་ན་ཕ་རོལ་ཏུ་ཕྱིན་པའི་ཐོས་བསམ་བྱས་པ་དང་ཁྱད་པར་མེད་པར་འགྱུར། སྤྲོས་བྲལ་ལ་མོས་པ་མེད་ན་འདོད་ཆགས་དང་ཁྱད་པར་མེད་དེ། མྱ་ངན་ལས་འདས་པའི་སེམས་མི་སྐྱེ། ཐབས་བསམ་གྱིས་མི་ཁྱབ་པ་ལ་མོས་པ་མེད་ན་གཞན་འཛིན་པའི་མཐུ་མེད་པས་ཉན་ཐོས་རང་རྒྱལ་དང་ཁྱད་པར་མེད་པར་འགྱུར་བས་ན་དེ་དག་ལ་མི་སྦྱིན་ནོ། །དེས་ན་དབང་གོང་མ་ནི་གོང་གི་མཚན་ཉིད་དེ་དག་དང་ལྡན་མི་ལྡན་སློབ་དཔོན་གྱི་ཡིད་ཀྱིས་ལེགས་པར་བརྟགས་ལ་ཤེས་པར་བྱ་སྟེ། གྲུབ་ཐོབ་ལ་ཝ་པས། དུ་བ་ལས་ནི་མེར་ཤེས་ཤིང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་བྱ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །བཞིན་གྱི་པདྨ་རབ་དྭངས་ཤིང༌། །དགའ་བས་བ་སྤུ་ལངས་པ་ནི། །མཐོང་ན་མཁས་པས་དེ་ཉིད་ཀྱིས། །སློབ་མ་དམ་པར་ཡོངས་སུ་འཛིན། །ཞེས་པ་ལྟར་མཚན་ཉིད་ཤེས་ནས། ཚིག་གི་བཞི་པ། དོན་གྱི་བཞི་པ། བཞི་པ་རྟེན་ཅན། མངོན་དུ་གྱུར་པའི་བཞི་པ་རྣམས་ལས། འདིར་དབང་གསུམ་པ་ལྟར་དོན་ཉམས་སུ་མྱོང་རྒྱུ་མེད་པས་ཚིག་ཉིད་ཀྱི་དབང་རིན་པོ་ཆེ་སྦྱིན་པར་བྱ་སྟེ། ཟབ་ཅིང་རྒྱ་ཆེ་ལ་མོས་ན། །ཚིག་གི་རིན་ཆེན་བསྐུར་བར་བྱ། །ཞེས་པ་ལྟར་རོ། གཉིས་པ་ལ་བཞི་པ་སྐྱེ་བའི་རྒྱུ་དང༌། བཞི་པ་དངོས་ཀྱི་དང་པོ་ནི། དབང་བཞི་པ་དེ་རྒྱུ་གང་ལས་སྐྱེ་ཞིང་ཐོབ་ཅེ་ན། ཨ་བྷ་ཡས། དེའི་རྗེས་ལ་ཚིག་ཁོ་ནས་དབང་བཞི་པ་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཞེས་བཤད་པ་ལྟར། ཤེས་རབ་ཡེ་ཤེས་ཀྱི་དབང་རབ་མཆོག་རིགས་ཀྱི་བདག་པོའི་ཁ་དང་རྩ་མཛེས་པའི་སྤྱི་བོར་རླུང་འདྲེན་པའི་སྒོ་ནས་ཐིག་ལེ་བཟུང་བས་གསུམ་པའི་ཉམས་མྱོང་མན་ངག་མེད་པ་རྣམས་ཀྱིས་རྙེད་པར་དཀའ་ཞིང་དབབ་པ་དང་བཟློག་པ་དང་དགྲམ་པ་ལ་སོགས་པ་མཚུངས་པ་མེད་པའི་མན་ངག་གི་སྒོ་ནས་བདེ་བའི་རྟེན་ཁམས་བྱང་ཆུབ་ཀྱི་སེམས་ཉིད་ཕ་རོལ་དུ་འཕོས་པ་མེད་པར་རང་གི་ལུས་ལ་བསྡམས་པ་ལས་སྐྱེས་པའི་ཡེ་ཤེས་ནི་དངོས་ཀྱི་རྒྱུ་ཡིན་ལ། བུམ་པ་ལ་སོགས་པ་དབང་གཞན་ནི་བརྒྱུད་པའི་རྒྱུ་ཡིན་ལ། དེའི་རྒྱུ་གསང་དབང་སྟེ། དེའི་རྒྱུ་ནི་བུམ་པའི་དབང་ཡིན་ཏེ། དཔལ་ལྡན་ངག་གི་དབང་ཕྱུག་གྲགས་པས། བཞི་པ་ངོ་སྤྲོད་པའི་དཔེ་རིས་སུ་བྲི་བ་ནི། འོག་ཏུ་བུམ་དབང་མཚོན་པའི་བུམ་པ་སེར་པོ་དང༌། དེའི་སྟེང་དུ་གསང་དབང་མཚོན་པའི་རྡོ་རྗེ་དམར་པོ་དང༌། དེའི་སྟེང་དུ་གསུམ་པ་མཚོན་པའི་ཆོས་འབྱུང་དཀར་པོ་དང༌། དེའི་སྟེང་དུ་བཞི་པ་མཚོན་བྱེད་པདྨའི་སྡོང་བུ་བདུན་ལ། དང་པོ་ལ་ལོངས་སྐུ་དཀར་པོ། གཉིས་པ་ལ་བདེ་བ་ཆེན་པོའི་ཡེ་ཤེས་དང༌། གསུམ་པ་ལ་བདེ་བ་ཆེན་པོ་དང༌། བཞི་པ་ལ་གསུང་རྡོ་རྗེ་རྣམས་དམར་པོ། ལྔ་པ་ལ་བཏང་སྙོམས་ཀྱི་ཡེ་ཤེས་དཀར་པོ། དྲུག་པ་ལ་ཐུགས་རྡོ་རྗེ་ནག་པོ། བདུན་པ་ལ་འགོག་པའི་བརྡ་ཐིག་ལེ་ནག་པོ་དང༌། འགོག་པ་དང་བྲལ་བའི་སྐུ་བྲིས་ནས། སྟེང་ཕྱོགས་སུ་ལོངས་སྤྱོད་རྫོགས་དང་ཞེས་སོགས་ཀྱི་ཤླཽ་ཀ་གཉིས་བྲི་བར་གསུངས་པའི་དོན་ཡང༌། རྒྱུ་སྔ་མ་ལ་བརྟེན་ནས་འབྲས་བུ་ཕྱི་མ་འདི་དག་སྐྱེ་ཞེས་བྱ་བའི་དོན་ཡིན་ནོ། །གཉིས་པ་ནི། དེ་ལྟར་རྒྱུ་དབང་གསུམ་པའི་ཉམས་མྱོང་ལ་བརྟེན་ནས་འབྲས་བུ་གང་སྐྱེ་ཞེ་ན། ལོངས་སྤྱོད་རྫོགས་པའི་སྐུ། དེའི་ཞིང་གི་དཔལ་ནི་དེ་སྐྱེད་བྱེད་ཆོས་སྐུ་སྟེ་ཡན་ལག་བདུན་གྱི་འབྲས་བུ་ཐོབ་སྟེ། དེ་གང་ཞེ་ན། དཔལ་ལྡན་ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཡན་ལག་བདུན་པོ་ཉིད་དང་ལྡན་པའི་བསྒྲུབ་བྱ་འདི། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཅན་རྣམས་ཀྱང་བསྔགས། །ཞེས་ཏེ་དེ་ལ་ལོངས་སྤྱོད་རྫོགས་ནི་མཚན་དཔེས་སྤྲས་པའི་སྐུ་སྟེ། འདི་སྨོས་པས་ཆོས་སྐུ་དང་སྤྲུལ་སྐུ་ཡང་ཤུགས་ཀྱིས་བསྟན་ཏེ་སྐུ་གསུམ་ཐ་མི་དད་པའི་ཕྱིར་རོ། །ཁ་སྦྱོར་ནི་རང་གི་ལྷ་མོ་དང་སྦྱར་བ་སྟེ་ཁ་སྦྱར་སྤངས་པའི་ལོངས་སྐུ་ཙམ་ཞིག་ནི་ཕར་ཕྱིན་ཐེག་པར་ཡང་བཤད་ལ། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཁ་སྦྱོར་སྨོས་སོ། །གལ་ཏེ་དེ་ནི་མི་དགོས་ཏེ་ལུས་ཐམས་ཅད་ལ་ཁྱད་པར་བྱེད་པའི་བདེ་བའི་ངོ་བོ་ཙམ་གྱིས་དོན་ཐམས་ཅད་གྲུབ་པའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། སྐྱེ་བོ་འདོད་ཆགས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་རྒྱལ་བས་ཁ་སྦྱར་བསྟན་ཏོ། །བདེ་ཆེན་གྱི་ཁ་སྦྱོར་ཡོད་ཀྱང་སྒྱུ་མ་མཁན་གྱི་སྐྱེས་བུས་སྤྲུལ་པའི་སྐྱེས་པ་དང་བུད་མེད་ཁ་སྦྱར་བ་བདེ་བ་ཆེན་པོར་མི་འགྱུར་ལ། འདི་ནི་འབྱུང་བའི་ཕྱིར་ན་བདེ་ཆེན་ཏེ། དེ་ལ་ལུས་ཀྱི་བདེ་བ་ཉམས་སུ་མྱོང་བས་ལུས་བདེ་བ་དང༌། སེམས་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་ནི་ཡིད་བདེ་བ་ཡིན་ལ། ཆེན་པོ་ནི་རྒྱ་ཆེ་བ་དང༌། ཟག་པ་མེད་པ་དང༌། གྱ་ནོམ་པ་དང༌། འཁོར་བ་ཇི་སྲིད་པར་གནས་པས་ན་བདེ་བ་ཆེན་པོའོ། །རང་བཞིན་མེད་པ་ནི་བསྒྲུབ་བྱའི་སངས་རྒྱས་ཉིད་ཀྱང་རང་བཞིན་མེད་པ་སྟེ། མདོ་ལས། སངས་རྒྱས་ཀྱང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ནའང༌། དེའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་པ་ལྟར་རང་བཞིན་མེད་པ་ཡང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་ཉིད་ཡིན་གྱི། རི་བོང་གི་རྭ་ལྟ་བུའི་སྟོང་ཉིད་དུ་མི་བཟུང་ངོ༌། །དེས་ན། མདོ་ལས། སྦྱིན་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་རྣམས་དང་མ་བྲལ་བའི་སྟོང་ཉིད་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གསུངས་པས། ལོངས་སྐུ་ལ་སོགས་པའི་ངོ་བོ་དང༌། སྦྱིན་སོགས་ཕར་ཕྱིན་རྣམས་ནི་མཆོག་ཡིན་ཏེ་བུམ་པ་དང་ཤིང་རྟ་ལ་སོགས་པའི་རྣམ་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །སྙིང་རྗེས་ཡོངས་གང་ནི་ཇི་ལྟར་ལུས་ཀྱི་རྣམ་པ་མེད་པར་སེམས་ཅན་གྱི་དོན་མི་འགྲུབ་པ་ལྟར། སྙིང་རྗེ་ཆེན་པོ་མེད་པར་སེམས་ཅན་གྱི་དོན་བསྒྲུབ་མི་ནུས་པས་སྙིང་རྗེ་སྨོས་ཏེ་དེའང་གསུམ་ལས་འདིར་དམིགས་མེད་ཀྱི་སྙིང་རྗེ་ཡིད་བཞིན་གྱི་ནོར་བུ་ལྟར་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་ཡིན་ལ། རྒྱུན་མི་ཆད་པ་ནི་ལོངས་སྐུ་སྔར་བཤད་པའི་ཡོན་ཏན་རྣམས་དང་ལྡན་པའི་རྒྱུན་ཉིད་དུ་རབ་ཏུ་འཇུག་པས་སྲིད་ཞི་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར་རྒྱུན་མི་ཆད་པ་ཉིད་ཡིན་གྱི། སྐབས་ཁ་ཅིག་ཏུ་འཇུག་པ་དང་ལྡོག་པའི་མཚན་ཉིད་བར་ཆད་དང་ལྡན་པ་ནི་མ་ཡིན་ནོ། །འགོག་པ་མེད་པ་ནི། ལོངས་སྐུ་དེ་དུས་རེ་ཞིག་བཞུགས་ནས་མི་བརྟན་པ་མ་ཡིན་གྱི་འཁོར་བ་ཇི་སྲིད་པར་རྒྱུན་མི་ཆད་པར་བཞུགས་ཏེ། སྙིང་རྗེས་གཞན་དབང་དུ་གྱུར་པའི་ཕྱིར་དང༌། སེམས་རྒྱུན་མི་ཆད་པའི་ཕྱིར་རོ། །དེ་ལྟར་ན་ཡན་ལག་བདུན་དང་ལྡན་པའི་འབྲས་བུ་འདི་ཉིད་ནི་ངག་དབང་གྲགས་པ་བདག་འདོད་ཅིང་དེར་མ་ཟད་མཁས་པ་གཞན་རྣམས་ཀྱང་འདོད་དོ། །གལ་ཏེ་སྔགས་ཀྱི་འབྲས་བུ་ཡན་ལག་བདུན་ལྡན་ཉིད་དབང་བཞི་པར་འཆད་པ་ཅི་ཞེ་ན། དཔལ་ལྡན་ངག་གི་དབང་ཕྱུག་གྲགས་པས། དེ་ལྟར་སྒྲ་དོན་ལྡན་ཉིད་ཕྱིར། །ཡང་གི་སྒྲ་དོན་ལྡན་ཕྱིར་དང༌། །དེ་བཞིན་སྒྲ་དོན་སྐྱེས་ཉིད་ཕྱིར། །བཞི་པ་དེ་བཞིན་ཉིད་བདག་འདོད། །ཅེས་ཏེ་གསང་བ་འདུས་པ་བརྟག་པ་གཉིས་པ་དང༌། རྒྱུད་འདི་ཉིད་ལ་སོགས་པ་རྒྱུད་སྡེ་ཆེན་པོ་རྣམས་སུ། དབང་བཞི་པ་བསྟན་པ། །དེ་ལྟར་དེ་བཞིན་བཞི་པ་ཡང༌། །ཞེས་གསུམ་པ་དཔེར་བྱས་ནས་དེས་མཚོན་ཏེ་བཞི་པ་བསྟན་པའི་ཚིག་དེ་ལ། དེ་ལྟར་དང༌། དེ་བཞིན་དང༌། ཡང་ཞེས་པའི་སྒྲ་གསུམ་ཡོད་པས། བཞི་པ་ནི་ཡན་ལག་བདུན་ལྡན་དུ་གྲུབ་སྟེ། དེ་ལྟར་ཞེས་བྱ་བས་ནི། གསུམ་པའི་དུས་སུ་རང་གི་ལྷ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པར་ཡོད་པ་དེ་བཞིན་དུ་བཞི་པ་ཡང་དེ་ལྟ་བུའི་ཚུལ་དུ་བཞུགས་པ་ཡིན་ནོ། །འདིས་ལོངས་སྐུ་དང་ཁ་སྦྱོར་གཉིས་བཞི་པ་ལ་ཡོད་པར་གྲུབ་བོ། །ཡང་ཞེས་པས་ནི་གསུམ་པ་ལ་བདེ་བ་ཡོད་པར་མ་ཟད་བཞི་པ་ལ་ཡང་བདེ་བ་ཡོད་པར་སྔ་མ་ལས་ཁྱད་པར་དུ་གྱུར་པའི་བདེ་བ་ཡོད་པར་གྲུབ་བོ། །དེ་ཡང་གསུམ་པའི་ཚེ་ལས་རྒྱའི་རྟེན་ལས་བྱུང་བའི་བདེ་བ་སྐད་ཅིག་མ་ཙམ་དང༌། ཟག་པ་དང་བཅས་པ་དང༌། ཕྱག་རྒྱ་ལ་འཁྱུད་པ་ལ་སོགས་པ་སྡུག་བསྔལ་བས་གྱ་ནོམ་པ་མ་ཡིན་པ་དང༌། ནོར་བུ་ཙམ་ལ་གནས་ཀྱི་ཐམས་ཅད་ལ་མ་ཁྱབ་པ་དང༌། དུས་ཡུན་ཐུང་བ་ཡིན་ལ། བཞི་པར་ནི་རྒྱ་ཆེ་བ་དང༌། ཟག་པ་མེད་པ་དང༌། གྱ་ནོམ་པ་དང༌། རྒྱུན་མི་ཆད་པ་དང༌། འཁོར་བ་ཇི་སྲིད་པར་གནས་པ་ལ་སོགས་པས་ཁྱད་པར་དུ་འཕགས་སོ། །དེ་བཞིན་ཞེས་པས་ནི་དབང་གསུམ་པ་ལ་འདུ་ཤེས་གསུམ་ལ་མཁས་པའི་ལས་རྒྱ་དང༌། ཐབས་ལ་སོགས་པ་ཚོགས་པ་ལས་སྐྱེས་པ་དེ་བཞིན་དུ། བཞི་པ་ཡང་ཐབས་ཤེས་ཚོགས་པ་ལས་སྐྱེའི་གཞན་ནི་མ་ཡིན་པར་བསྟན་ཏོ། །ཡན་ལག་ལྷག་མ་རྣམས་ནི་བཞི་པ་ལ་ལྡན་ཚུལ་སློབ་དཔོན་གྱིས་མ་བཤད་ཀྱང་དེ་བཞིན་པས་བསྟེན་ཏེ། འགྲེལ་པར། དེ་ལྟ་བུའི་ཤེས་རབ་ཐབས་ཚོགས་པ་དང་ལྡན་པ་གང་ཡིན་པ་ལས་སྐྱེས་པ་དེ་བསྒྲུབ་པར་བྱ་བར་འགྱུར་རོ། །ཞེས་པས་ཤེས་ཏེ་གསུམ་པའི་སྐབས་སུ་བདེ་བའི་རང་བཞིན་སྟོང་པར་ཤེས་པ་ཡོད་པ། དེ་བཞིན་དུ་བཞི་པ་ལ་ཡང་དངོས་པོ་ཐམས་ཅད་གཅིག་དང་དུ་མ་ལ་སོགས་པའི་རང་བཞིན་སྟོང་ཞིང་བརྫུན་པ། དྲི་ཟའི་གྲོང་ཁྱེར་དང་ཆུ་ཟླ་ལྟ་བུར་མཁྱེན་པའི་རང་བཞིན་མེད་པ་དང༌། གསུམ་པའི་སྐབས་སུ་སེམས་ཅན་སྡུག་བསྔལ་ཅན་རྣམས་ལ་སྙིང་རྗེའི་སེམས་སྐྱེས་ཏེ་དེ་དག་མཆོག་གི་གོ་འཕང་ལ་དགོད་པའི་ཕྱིར་དབང་གསུམ་པ་ཉམས་སུ་ལེན་པའི་སེམས་ཡོད་པ་དེ་བཞིན་དུ་བཞི་པར་ཡང་སེམས་ཅན་དང་ཆོས་སུ་རྣམ་པར་མི་རྟོག་པའི་དམིགས་མེད་ཀྱི་སྙིང་རྗེ་མཐར་ཐུག་པ་སྨྲ་བ་དང༌། དབང་གསུམ་པ་ཉམས་སུ་ལེན་པའི་ཚེ་ལྷའི་རྣམ་པ་རྒྱུན་མ་ཆད་པར་ཡོད་པ་དེ་བཞིན་དུ་བཞི་པར་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་རྟག་ཏུ་རྒྱུན་མི་ཆད་པར་བཞུགས་པ་དང༌། དབང་གསུམ་པ་ལ་བདེ་བ་ཉམས་སུ་མྱོང་བའི་བར་ལ་འགོག་པ་སྟེ་མྱ་ངན་ལས་འདའ་བ་མེད་པ་དེ་བཞིན་དུ་བཞི་པར་ཡང་འཁོར་བ་ཇི་སྲིད་ཀྱི་བར་ལ་མྱ་ངན་ལས་མི་འདའ་བར་བཞུགས་པ་ཡིན་ནོ། །དེ་ལྟར་ན་འབྲས་བུ་ཡན་ལག་བདུན་དང་ལྡན་པ་དེ་བཞིན་དུ་ལམ་རྣམས་ཀྱང་ཡན་ལག་བདུན་ཆ་མཐུན་གྱི་ཚུལ་དུ་ཡོད་པས་ཟབ་མོའི་དབང་བཞི་པ་ཡང་ཡན་ལག་བདུན་ལྡན་དུ་ངོ་སྤྲད་དགོས་ཀྱི། སྟོང་པ་ཁོ་ན་དང༌། བདེ་བ་འབའ་ཞིག་དང༌། སེམས་ཀྱི་གནས་ཆ་ཙམ་ལ་བཞི་པར་ངོ་མི་སྤྲོད་སྟེ། གྲུབ་ཐོབ་ལ་ཝ་པས། དེ་ཉིད་མ་ལུས་པའི་དོན་ཕུན་སུམ་ཚོགས་པར་བྱེད་པ་རྟོག་པའི་རྙོག་པ་དང་བྲལ་བ་ཉིད་ཀྱིས་བླ་ན་མེད་པར་ཡང་དག་པར་རིག་པ་དང༌། ཐ་མི་དད་དུ་ཐུབ་པའི་ཚོགས་དཔག་ཏུ་མེད་པ་འོད་ཟེར་འཕྲོ་བའི་བདག་ཉིད་ཡིད་བཞིན་གྱི་ནོར་བུ་བསྟན་པའི་ངོ་བོ་ཉིད་ཀྱི་ཚིག་སྦྱིན་པར་བྱའོ། །ཞེས་གསུངས་ཤིང༌། དེ་ཉིད་གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་དཔལ་འཛིན་གྱིས་གཤིན་རྗེ་གཤེད་དམར་ནག་གི་དཀྱིལ་ཆོག་གཉིས་སུ་ལུང་དྲངས་པ་དང༌། མཁས་གྲུབ་ཆེན་པོ་ཨ་བྷ་ཡཱ་ཀ་རས། བྱང་ཆུབ་ཀྱི་སེམས་རབ་ཏུ་བསྒོམས་པས་རབ་ཏུ་འཕེལ་བཞིན་པ་སྒྲིབ་པ་མེད་པ་ཉིད་དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་དབང་བཞི་པའི་ངོ་བོ་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དེ་ཉིད་རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པར་ཡང་གསུངས་ཏེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་སྙིང་པོའི་མཁའ་དང་མཚུངས། །རྡུལ་བྲལ་མཐའ་སྟེར་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་ཡན་ལག་བདུན་ལྡན་དུ་གསུངས་ཏེ། ཆེས་ཕྲ་ཞེས་པའི་དོན་རྗེ་བཙུན་རྩེ་མོས། ཡོད་པ་དང་མེད་པ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་ཐམས་ཅད་ལས་གྲོལ་ལ། བརྗོད་པར་མི་ནུས་པ་སྣང་བ་དང་སྟོང་པ་གཉིས་སུ་མེད་པ། གསལ་བ་དང་སྟོང་པ་གཉིས་སུ་མེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་ནི་ཟབ་ཅིང་རྟོགས་པར་དཀའ་བས་ན་ཕྲ་བའོ། །ཞེས་བཤད་པ་འདིས་ལོངས་སྐུའི་ཡན་ལག་བསྟན་ཏེ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད། སྣང་སྟོང་དང་འཁོར་འདས་ལ་སོགས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཅེས་པའི་འགྲེལ་པར་མི་ཕྱེད་པས་ན་རྡོ་རྗེའོ་ཞེས་པ་འདིས་ཁ་སྦྱོར་གྱི་ཡན་ལག་བསྟན་ཏེ། ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་དབྱེར་མི་ཕྱེད་པར་གྱུར་པ་སྟེ། ཤཱནྟི་པ་དང་ནག་པོ་པའི་འགྲེལ་པར་ཡང་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །ཞེས་པ་དང་མཐུན་ནོ། །སྙིང་པོ་ཞེས་པའི་འགྲེལ་པར་ཐམས་ཅད་འབྱུང་བས་ན་སྙིང་པོའོ། །ཞེས་པ་འགོག་པ་མེད་པའི་ཡན་ལག་བསྟན་ཏེ་མྱ་ངན་ལས་འདའ་བ་མེད་པར་ཆོས་ཐམས་ཅད་དེ་ལས་བྱུང་བའི་ཚུལ་གྱིས་འཁོར་བ་ཇི་སྲིད་པར་བཞུགས་པའི་ཕྱིར་རོ། །ནམ་མཁའི་ཞེས་པའི་འགྲེལ་པར་གང་དུ་ཡང་མ་གྲུབ་པས་ནམ་མཁའོ། །ཞེས་པས་རྒྱུན་མི་ཆད་པའི་ཡན་ལག་བསྟན་ཏེ། སམྦུ་ཊར། རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །ཞེས་གསུངས་པའི་ཕྱིར་རོ། །མི་རྟོག་པས་ན་རྡུལ་བྲལ་ལོ། །ཞེས་པས་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་བསྟན་ཏེ། སེམས་ཅན་དང་ཆོས་སུ་རྣམ་པར་མི་རྟོག་པའི་སྙིང་རྗེ་ཉིད་དམིགས་པ་མེད་པའི་སྙིང་རྗེ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པས་ན་མཐར་སྟེར་བའོ། །ཞེས་པས་བདེ་བ་ཆེན་པོའི་ཡན་ལག་བསྟན་ཏེ། འཁོར་བ་པའི་ཟག་བཅས་ཀྱི་བདེ་པ་སྤངས་ཏེ་ལྷག་མེད་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་སྟེ། སློབ་དཔོན་ནག་པོ་པས། མཐར་སྟེར་བ་ནི་འཁོར་བ་ལས་ཤིན་ཏུ་འདས་པའོ། །ཞེས་གསུངས་པའི་ཕྱིར་རོ། །རྟོག་པ་ཞི་བས་ན་ཞི་བའོ་ཞེས་པས་རང་བཞིན་མེད་པའི་ཡན་ལག་བསྟན་ཏེ། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། ཞེས་གསུངས་པའི་ཕྱིར་ན་རྡོ་རྗེའི་ཚིག་འདི་དག་ཡན་ལག་བདུན་ལྡན་དུ་ལེགས་པར་གྲུབ་པས། ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་པའི་དོན་ཡང་འཇིག་རྟེན་ན་ཕས་བུ་བསྐྱེད་པའི་བྱ་བ་བྱེད་པ་ལྟར། རྣལ་འབྱོར་པ་ཁྱོད་ཀྱིས་ཀྱང་རིག་མ་ལ་བརྟེན་ནས་མཚོན་བྱེད་དཔེའི་ཡེ་ཤེས་ཅུང་ཟད་ཅིག་རྒྱུད་ལ་སྐྱེས་པ་དེའི་རྒྱུན་བསྐྱངས་པས་མཐར་སྒྲིབ་པ་ཐམས་ཅད་ཟད་པས་དབྱིངས་དང་ཡེ་ཤེས་རོ་གཅིག་པ་དབང་བཞི་པ་ཉིད་ཐོབ་བོ། །ཞེས་བྱ་བའི་དོན་ཡིན་ནོ། །ཞེས་ཞིབ་ཏུ་ངོ་སྤྲད་ཅིང༌། སློབ་མས་དེ་དག་གི་དོན་ཉམས་སུ་བླངས་པ་ལས་སྐུ་གསུམ་གྱི་ཉམས་སྐྱེའོ། །དེའང་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ་སྟེ་ཡེ་ཤེས་དེ་མངོན་དུ་བྱས་པ་ནི་དེ་ཁོ་ན་ཉིད་མཐོང་བ་ཉིད་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་དབང་བཞི་པའི་མན་ངག་གིས་བཀའི་གནང་བ་རྙེད་ནས་ད་ནི་དབང་དང་མན་ངག་ཐོབ་པ་སྟེ་སྙམ་པའི་རློམ་སེམས་བསྐྱེད་ནས་བག་མེད་པར་འདུག་པར་བྱ་བ་མ་ཡིན་གྱི། འཇིག་རྟེན་གསུམ་གྱི་དགྲ་བོ་ཉོན་མོངས་པ་དང་དེའི་རྒྱུ་རྣམ་རྟོག་ལས་རྒྱལ་ཏེ་མཚན་མ་དང་རྣམ་རྟོག་མེད་པར་བྱའོ། །སྙམ་པ་ཙམ་པའི་གོ་བགོས་པ་མྱ་ངན་ལས་འདས་པའི་བློ་སྟེ་ཤེས་རབ་དང༌། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རབ་ཏུ་རྒྱས་པའི་སྙིང་རྗེའི་སྒོ་ནས་སེམས་ཅན་གཞན་གྱི་དོན་ལ་འདིར་ནི་ཆགས་པར་བྱའོ། །དེ་ལྟར་གཞན་དོན་བྱེད་ཀྱང་དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པས་ནི་སེམས་ཅན་དུ་ཞེན་པའི་དྲི་མ་མེད་པར་དཔྱོད་ཅིང༌། ཐབས་ཤེས་ཀྱི་རྣལ་འབྱོར་ཉམས་སུ་བླང་བ་ལ་འབད་དགོས་སོ། །ཞེས་བརྗོད་ལ་གདོང་གཡོགས་པ་ཡོད་ན་བཀྲོལ་ཏེ། དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་ཙམ་གྱི་སྒོ་ནས་ཐོབ། སྒོ་གསུམ་གྱི་དྲི་མ་དག ལམ་མཐར་ཐུག་གི་རྣལ་འབྱོར་བསྒོམ་པ་ལ་དབང༌། དམ་ཚིག་ཏུ་དགོངས་ཏེ་གསུང་པ་བཞི་བསྲུང་བ་ལ་དབང༌། ས་བཅུ་གསུམ་པ་མངོན་དུ་བྱས། བརྡ་མཛུབ་མོས་ནམ་མཁའ་མཚོན་པ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་རང་བཞིན་གྱི་ལྷུན་གྲུབ་མངོན་དུ་བྱས་སོ་ཞེས་བརྡ་སྤྲོད་དེ་དབང་བཞི་པའོ། །བདུན་པ་མཇུག་གི་བྱ་བ་ལ་སློབ་མའི་བྱ་བ་དང༌། སློབ་དཔོན་གྱི་བྱ་བ་གཉིས་ཀྱི་དང་པོ་ནི། དེ་ལྟར་དབང་རྫོགས་པར་ཐོབ་པས་སློབ་མ་རྣམས་དགའ་བ་བསྐྱེད་ནས། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་འཚོ་བའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །ད་ནི་སངས་རྒྱས་རིགས་སུ་འགྱུར། །བསྐལ་པ་རྒྱ་མཚོ་འཇིག་ཆེན་པོར། །མནར་མེད་སྐྱེ་བ་ཡང་དག་འཁྲུགས། །ཉོན་མོངས་འདམ་དཔག་བརྒལ་དཀའ་ལས། །བདག་ནི་མགོན་པོ་ཁྱོད་ཀྱིས་བསྒྲལ། །ཁྱོད་ཀྱི་ཞལ་གྱི་བཀའ་དྲིན་ལས། །ཐེག་པ་རྫོགས་པ་ལྟ་བུར་བདག །བག་ཆགས་ཐམས་ཅད་བྲལ་བས་ན། །བདག་ལ་བྱང་ཆུབ་འཚལ་མ་མཆིས། །ཞེས་སྤྲོ་བ་བསྐྱེད་ལ། ཅི་འབྱོར་པའི་ཡོན་ཕུལ་ཏེ། གཙོ་བོས་ཅི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་སྡོམ་པ་རྣམས་བསྡུས་ཏེ་ཁས་བླང༌། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ཉིད་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ་སློབ་དཔོན་གྱི་ཞབས་ལ་ཕྱག་བྱས་ཏེ་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་འབད་པར་བྱའོ། །གཉིས་པ་ནི། སློབ་དཔོན་གྱིས་དཀྱིལ་འཁོར་དང་བུམ་པའི་ལྷ་ལ་མཆོད་བསྟོད་བྱ། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པ་ཡི་གེ་བརྒྱ་པ་ཅི་ནུས་བཟླས་ལ་ལྷག་ཆད་ཁ་བསྐང་ཞིང་ཉམས་པ་རྣམས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་བརྗོད་དེ་དཀྱིལ་འཁོར་གྱི་ཡེ་ཤེས་པ་དང་བུམ་པའི་ལྷའི་ཡེ་ཤེས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཤེགས། ཨོཾ་ཨཱཿཧཱུྃ། ཞེས་པས་དམ་ཚིག་པ་བདག་གི་ཐུགས་ཀར་བསྡུ། ཨོཾ་ཨ་ཀཱ་རོ་མུ་ཁཾ་དང༌། ཨོཾ་གྷི་ལི་གྷི་ལི་ཧཱུྃ་ཛཿསྭཱ་ཧཱ། ཞེས་པས་རྡུལ་ཚོན་དབང་ལྡན་གྱི་རྩིག་པ་དང་པོར་བྲིས་པ་དེ་དང་པོར་གཤེགས་སུ་གསོལ། དེ་ནས་ཅི་བདེ་བར་གཤེགས་སུ་གསོལ། རྡུལ་ཚོན་འདོད་པ་ཡོད་ན་ལྷའི་མཚན་མ་ནས་བླངས་ལ་སྦྱིན། གཞན་རྣམས་ཕྱགས་ལ། རྡུལ་ཚོན་སྤྱན་དྲངས་པའི་ཆོ་གས་རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར་ལ་ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །སླར་ཡང་དཀྱིལ་འཁོར་གྱི་སར་དྲིས་བྱུགས་ལ་དེར་མཎྜལ་བྲིས་ཏེ། གཏོར་ཆོག་ལྟར་ཕྱོགས་སྐྱོང་རྣམས་གཏོར་མས་ཚིམ་པར་བྱས་ནས་གཤེགས་སུ་གསོལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ལ་མེ་ཏོག་གི་ཆར་ཕབ་ཅིང་དགའ་སྟོན་ལ་ལོངས་སྤྱོད་པར་བྱའོ། །རྣམ་དག་རྒྱུད་སྡེའི་གླིང་ནས་ལེགས་འོངས་ཤིང༌། །ཡང་དག་བླ་མ་བརྒྱུད་པ་ལས་བརྒྱུད་པའི། །མ་དག་དྲི་མའི་ཚོགས་ཀུན་འཇོམས་བྱེད་པ། །རྣམ་དག་དཀྱིལ་འཁོར་ཆེན་པོའི་ཆོ་ག་འདི། །རྡོ་རྗེ་འཆང་དངོས་རྗེ་བཙུན་ཤིང་རྟའི་སྲོལ། །ཡིད་བཞིན་ནོར་བུ་ལྟ་བུའི་རྗེས་འབྲང་ཞིང༌། །གཞན་ལུགས་མཆིང་བུའི་ཆོགས་རྣམས་རྒྱང་བསྲིངས་ནས། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར། །རྒྱུད་འགྲེལ་ཆེ་ལ་ཞིབ་པར་དཔྱད་པས་ན། །འདི་ལ་ཉེས་པ་མ་མཆིས་མཆིས་སྲིད་ན། །རྗེ་བཙུན་མཁྱེན་པའི་ཡེ་ཤེས་མེ་འོད་ཀྱིས། །རྨོངས་པའི་བུད་ཤིང་མཐའ་དག་བསྲེག་ཏུ་གསོལ། །འདིར་འབད་དགེ་བ་ལྷ་ཡི་དབང་པོ་དེས། །མ་དག་ཆོ་ག་ལྷ་མིན་དཔུང་བཅོམ་ནས། །རྣམ་དག་ཆོ་གའི་བ་དན་རབ་འཕྱར་ཏེ། །རིམ་གཉིས་བདུད་རྩིའི་ཟས་ཀྱིས་འཚོ་བར་ཤོག །དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་སྙེ་མ་ཞེས་བྱ་བ་འདི་ནི། བློ་གྲོས་དང་དོན་གཉེར་རྨད་དུ་བྱུང་བ་མདོ་སྟོད་པ་ཀུན་དགའ་གཞོན་ནུ་ལ་སོགས་པའི་དོན་གཉེར་སློབ་མ་མང་པོས་ཞུས་པའི་ངོར། རྒྱུད་ཀྱི་རྒྱལ་པོའི་དཀྱིལ་ཆོག་སྟོན་པའི་གོང་འོག་གི་སྐབས་རྣམས་དང༌། དེ་དག་གི་འགྲེལ་ཆེན་རྗེ་བཙུན་རིན་པོ་ཆེ་དཔལ་ལྡན་རྩེ་མོའི་ཞབས་ཀྱིས་མཛད་པ་དང༌། བླ་མ་གོང་མའི་དཀྱིལ་ཆོག་གི་ཐོ་ཡིག་རྣམས་ལ་གཞི་བྱས་ནས། བཟང་པོ་ཡོངས་བཟུང་དང་རིན་ཆེན་འབར་བ་གཉིས་ལས་ཅུང་ཟད་ཁ་བསྐངས་ཏེ། ཆོ་ག་མ་ཚང་བ་མེད་ཙམ་དུ་མདོར་བསྡུས་ནས་བྲིས་པ་སྟེ། རྒྱས་པར་ན་རྒྱུད་འདི་ནི་བླ་མེད་སྤྱིའི་བཤད་རྒྱུད་ཡིན་པས་ན། གསང་འདུས། བདེ་མཆོག གདན་བཞི། སངས་རྒྱས་མཉམ་སྦྱོར་རྣམས་ལས་ཁ་བསྐང་བར་གསུངས་པ་ལྟར་རྒྱས་པར་བྱས་ན་ཤིན་ཏུ་ལེགས་པ་ཉིད་དོ། །ཞེས་པ་འདི་ཉིད་ཀྱང་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པས། རིག་པ་འཛིན་པའི་སྡེ་སྣོད་ཀྱི་ཚུལ་ཅུང་ཟད་རིག་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། དགའ་བའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཉེར་དྲུག་ལ་མཁས་པའི་ཆོས་གྲྭ་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་མདོ་སྟོད་པ་ཀུན་དགའ་གཞོན་ནུས་བགྱིས་སོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟུ།།  །།« ༄། །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་བྱུང་བའི་རྡོ་རྗེ་དབྱིངས་ཀྱི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་སྙེ་མ་བཞུགས་སོ།། » ༈ །དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལས་བྱུང་བའི་རྡོ་རྗེ་དབྱིངས་ཀྱི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་སྙེ་མ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་རང་བཞིན་ཡེ་ཤེས་ལྔ་ཡི་མེ་འོད་ཀྱིས། །གཟུང་འཛིན་རྟོག་པའི་བག་ཆགས་མ་ལུས་སྲེག་མཛད་ཅིང༌། །ཆོས་ཀུན་རྟོག་མེད་བདེ་བ་ཆེན་པོར་སྟོན་མཛད་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །འདོད་པའི་ལྷ་ཡིས་དངོས་གྲུབ་མྱུར་སྩོལ་ཞིང༌། །ཞི་རྒྱས་དབང་སོགས་ཐུན་མོང་དངོས་གྲུབ་རྣམས། །འབད་མེད་བདེ་བླག་ཉིད་དུ་འགྲུབ་བྱེད་པའི། །སྦྱིན་སྲེག་ཆོ་ག་ཕྲིན་ལས་སྙེ་མ་བཤད། །འདིར་བསྙེན་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་པས། གསང་སྔགས་ཀྱི་འབྲས་བུ་དབྱུང་བའམ། དཀྱིལ་འཁོར་དང་རབ་གནས་ལ་སོགས་པའི་དོན་གྱི་ཕྱིར་རམ། ཕྲིན་ལས་བསྒྲུབ་པར་བྱ་བའི་ཕྱིར་སྦྱིན་སྲེག་གི་ཆོ་ག་ཉམས་སུ་ལེན་པར་འདོད་ན། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་གསུམ་གྱི་དང་པོ་ལ། ཐབ་དང༌། ཕྱོགས་དང༌། དུས་དང༌། བུད་ཤིང་དང༌། མེ་དང༌། མཆོད་རྫས་དང༌། སྒྲུབ་པ་པོ་དང་བདུན་གྱི་དང་པོ་ནི། སྔར་གྱི་དཀྱིལ་འཁོར་དང་འབྲེལ་པར་སའི་ཆོ་ག་བྱས་པ་ཡིན་ན་འདིར་མི་དགོས་ལ། སྔར་མ་བྱས་ནས་སྦྱང་བའི་ཕྱིར་རང་རྡོ་རྗེ་སེམས་དཔའ་གཙོ་བོ་རྐྱང་པའི་རྣལ་འབྱོར་དུ་བྱས་ལ། ལུས་དུར་ཁྲོད་ཀྱི་ཆས་ཀྱི་བརྒྱན་པས་སྦྱིན་སྲེག་གི་སའི་དབུས་སུ་འདུག་ལ། ལག་པ་བྱིན་གྱིས་བརླབ་པ་ནས་བརྩམས་ཏེ་བཀའ་བསྒོ་བའི་བར་དཀྱིལ་ཆོག་ལྟར་བྱ་ཞིང༌། འོན་ཀྱང་དཀྱིལ་འཁོར་རྒྱལ་པོ་རྡོ་རྗེ་དབྱིངས་ཞེས་བྱ་བའི་ཚབ་ཏུ་སྦྱིན་སྲེག་གི་ལས་རྩོམ་ཞེས་བྱ་བ་གཞུག་གོ །དེ་ནས་རྡོ་རྗེའི་འགྲོས་ཀྱིས་ཐབ་ཁུང་གི་ས་ལ་བསྐོར་ཞིང༌། ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་ཏུ་ས་ག བྱང་དུ་ཟླུམ་པོ་རྣམས་བྱས་ནས། ཐབ་ཁུང་གི་གཞིའི་དབུས་སུ་མཎྜལ་དང༌། དྲིའི་ཐིག་ལེ་དང་མཆོད་གཏོར་བཤམས་ལ། ཚོམ་བུ་སའི་ལྷ་མོར་བསྐྱེད། ས་འོག་ནས་ཡེ་ཤེས་པ་སྤྱན་དྲངས་པ་ནས་ཐིམ་པར་བསམ་པའི་བར་དཀྱིལ་ཆོག་ལྟར་བྱས་ལ། སྤྱན་དྲངས་པ་ལ། དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། །ཅེས་པ་སྦྱིན་སྲེག་ལས་ནི་ལེགས་གྲུབ་མཛོད། །ཅེས་པར་བསྒྱུར། མཁྱེན་གསོལ་ལ། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །རྒྱལ་བར་བྱས་ཏེ་སྦྱིན་སྲེག་བརྩམས། །ཞེས་པར་བསྒྱུར་རོ། །དེ་ནས་ཐབ་ཁུང་བུར་བྱེད་ན། རྒྱར་ཁྲུ་གང༌། དཔངས་སུ་ཁྲུ་ཕྱེད་བརྐོས་པའི་ནང་དཀར་པོ་བྱ། དེ་ནས་ཕྱིར་སོར་བཞི་བསྐྱེད་པ་ལ་བཞི་བྱ་སྟེ་དེ་ལ་པདྨའི་གེ་སར་སེར་པོ་བྱ། དེ་ནས་དཔངས་སུ་སོར་བཞི་བརྩིག་པ་ནི་ཁ་ཁྱེར་ཏེ། དེ་ལ་པདྨ་དམར་པོ་བྱ། དེའི་སྟེང་ཡང་སོར་བཞི་པ་སྟེ། དེ་ལ་རྡོ་རྗེའི་ཕྲེང་བ་སྔོན་པོར་བྱ། དེའི་ཕྱི་རོལ་གྲུ་བཞི་དཀར་པོ་བྱས་ལ། གྲྭ་བཞིར་རྡོ་རྗེས་མཚན་པར་བྱ། དེའི་ནང་དུ་སྣ་ཚོགས་པདྨ་འདབ་བརྒྱད་བྱས་པའི་དབུས་སུ། རྡོ་རྗེ་སྔོན་པོ་ཞིང་དུ་སོར་བཞི་པ། ཆུར་སོར་བརྒྱད་པ། ཤར་དུ་འཁོར་ལོ་དཀར་པོ། ལྷོར་རིན་པོ་ཆེ་སེར་པོ། ནུབ་ཏུ་པདྨ་དམར་པོ། བྱང་དུ་རལ་གྲི་ལྗང་གུ་རྣམས་བྱ། བྲི་ཐབ་བྱེད་ན་དབུས་ནས་ཁྲུ་གང་གི་ཚད་ཀྱིས་ཟླུམ་པོར་བསྐོར། དེ་ནས་སོར་བཞི་བསྐོར་བ་གཞི་དང༌། ཡང་སོར་བཞིར་བསྐོར་བ་ཁ་ཁྱེར་དང༌། ཡང་སོར་བཞི་བསྐོར་བ་རྡོ་རྗེའི་ཕྲེང་བ་རྣམས་བྱ་ཞིང་ལྷག་མ་སྔར་དང་འདྲའོ། །སྦྱིན་སྲེག་ཞི་རྒྱས་སོགས་གང་བྱེད་ཀྱང་ཐབ་འདི་ཁོ་ནས་ཆོག་པའི་ཕྱིར་ལས་ཐམས་ཅད་པའི་ཐབ་ཅེས་བྱའོ། །ཡང་ལས་སོ་སོའི་ཐབ་བྱེད་ན། ཞི་བ་ལ་དཀར་པོ། དབྱིབས་དང་རྒྱ་དཔངས་ནི་འདྲ་ལ། སྔར་གྱི་གཞི་ཁ་ཁྱེར་མུ་རན་ཏེ། དེ་གཉིས་ལ་འཁོར་ལོའི་ཕྲེང་བས་བསྐོར། པདྨའི་དབུས་སུ་འཁོར་ལོ། རྒྱས་པ་ལ་གྲུ་བཞི་སེར་པོ་རྒྱར་ཁྲུ་དོ། །དཔངས་སུ་ཁྲུ་གང་པ། ཁ་ཁྱེར་དང་མུ་རན་སོར་བརྒྱད་པ་རིན་པོ་ཆེས་བསྐོར་བ། པདྨའི་དབུས་སུ་རིན་པོ་ཆེའོ། །དབང་ལ་ཟླ་གམ་དམར་པོ་རྒྱ་དཔངས་ཞི་བ་བཞིན་ལ། ཁ་ཁྱེར་དང་མུ་རན་ལ་པདྨས་བསྐོར་བ། དབུས་སུ་པདྨའོ། །དྲག་པོ་ལ་གྲུ་གསུམ་ནག་པོ། རྒྱར་སོར་ཉི་ཤུ། དཔངས་སུ་སོར་བཅུ། ཁ་ཁྱེར་དང་མུ་རན་སོར་གསུམ་པ་ལ་རྡོ་རྗེ་གདེངས་པས་བསྐོར་བ། དབུས་སུ་རྡོ་རྗེའོ། །ལས་བཞི་ཀའི་ཐབ་ཀྱི་དབུས་སུ་ཕྱག་མཚན་གང་བཀོད་པའི་ཚབ་ཏུ་རྡོ་རྗེ་བྲིའོ། །གཉིས་པ་ནི་དཀྱིལ་འཁོར་དང་འབྲེལ་པའི་དབང་དུ་བྱས་ན། ཞི་བ་ལ་ཤར། རྒྱས་པ་ལ་ལྷོའོ། །དབང་ལ་ནུབ། དྲག་པོ་ལ་བྱང་དུ་ཐབ་བྱ་སྟེ། རང་དཀྱིལ་འཁོར་ལ་ཕྱོགས་པར་བྱས་པ་ན། དེ་དང་དེའི་ཕྱོགས་སུ་བལྟ་ཞིང༌། དྲག་པོ་ལ་ལྷོར་བལྟ་བ་ནི། དཀྱིལ་འཁོར་ལ་རྒྱབ་ཀྱིས་མི་ཕྱོགས་པར་བྱ་བའི་ཕྱིར་རོ། །སྤྱིར་ནི་ལས་འཇམ་པོ་གསུམ་ལ་ཁ་བལྟ་ཕྱོགས་ལ་ངེས་པ་མེད་ལ། དྲག་པོ་ལ་ལྷོར་བལྟ་བ་ནི་ངེས་པའོ། །དཀྱིལ་འཁོར་དང་མ་འབྲེལ་བ་རྣམས་ལ་ནི། ཁ་བལྟ་ཕྱོགས་ཉིད་ཕྱོགས་ཡིན་ནོ། །གསུམ་པ་ནི། ཞི་བ་ལ་དགོངས་མོ། རྒྱས་པ་ལ་སྔ་དྲོ། དབང་ལ་མཚན་ཕྱེད། དྲག་པོ་ལ་ཉི་མ་ཕྱེད་ནའོ། །བཞི་པ་ནི། ཞི་བ་ལ་མཆོག་སྦྱིན་གྱི་ཤིང་གི་ལྕུག་མ་རྩེ་མོའི་ཆ་མ་ཉམས་ཤིང་ལོ་མ་དང་ལྡན་པ་སོར་བཅུ་གཉིས་པ། རྒྱས་པ་ལ་སོར་བཅུ་བཞི། དབང་ལ་སོར་བཅུ་དང༌། དྲག་པོ་ལ་སོར་བརྒྱད་པ་ལ་སོགས་པའི་བུད་ཤིང་དང༌། དེ་དག་མ་འབྱོར་ན་དགོན་པའི་བ་གླང་གི་ལྕི་བ་སྲོག་ཆགས་མེད་པས་ཐབ་ཁུང་ལས་ཅུང་ཟད་དམའ་བར་བརྩིག་གོ །ལྔ་པ་ནི། ལས་འཇམ་པོ་གསུམ་ལ། གཙུབ་པ་ལས་བྱུང་བའི་མེ་དང༌། དྲག་པོ་ལ་གདོལ་པའི་ཁྱིམ་མམ། དུར་ཁྲོད་ནས་བྱུང་བའི་མེས་བྱའོ། །དྲུག་པ་ནི། ལས་འཇམ་པོ་གསུམ་ལ། རང་གི་གཡས་ཐབ་ཁུང་གི་གཡོན་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་དང༌། ཡམ་ཤིང་དང༌། མར་དང༌། ཏིལ་དང༌། འབྲས་དང༌། ཞོ་དང༌། ཕྱེ་མར་སྦྱར་བའི་ཟས་མཆོག་དང༌། འབྲས་སོ་བ་དང༌། ནས་དང༌། སྲན་མ་དང༌། གྲོ་དང་དཱུར་བ་དང༌། ཀུ་ཤ་རྣམས་བཤམ། རང་གི་གཡོན་ཐབ་ཁུང་གིས་གཡས་ནས་ཆུ་བཞི་དང༌། མེ་དང༌། ཆུ་དང༌། ཡུངས་ཀར་ཏེ་ཉེ་རེག་གི་ཡོ་བྱད་དང༌། གཏོར་མ་གཉིས་རྣམས་བཤམ། ལས་དྲག་པོ་ལ་དེ་ལས་བཟློག་པར་བཤམ་མོ། །རང་གི་མདུན་དུ་བཟེད་ཞལ་དང༌། རྡོ་རྗེ་དྲིལ་བུའི་བར་དུ་དགང་བླུགས་གཟར་ཁ་སྦྱར་བ་དང༌། ནང་མཆོད་ཀྱང་བཞག་གོ །བདུན་པ་ནི། དེ་ནས་རྣལ་འབྱོར་པས་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོའི་རྒྱན་དང་གོས་གྱོན་ནོ། །ཞི་བ་ལ་ཞི་ཞིང་དུལ་བའི་ཡིད་དང༌། རྒྱས་པ་ལ་ཚིམ་པས་མངོན་པར་སྤེལ་བའི་ཡིད་དང༌། དབང་ལ་ཆགས་ཤིང་འདུན་པའི་ཡིད་དང༌། དྲག་པོ་ལ་འཇིག་རྟེན་གསུམ་ཟ་བའི་སེམས་ཀྱིས་སོ། །ཞི་བ་ལ་ཙོག་པུ། རྒྱས་པ་ལ་རྒྱལ་པོ་རོལ་པའི་སྟབས། དབང་ལ་པདྨའི་སྐྱིལ་ཀྲུང༌། དྲག་པོ་ལ་རྐང་པ་གཡོན་པས་གཡས་པ་མནན་པའི་འདུག་སྟངས་ཀྱིས་འདུག་པར་བྱའོ། །གཉིས་པ་དངོས་གཞི་ལ། བདག་གི་རྣལ་འབྱོར་བྱ་བ། ཐབ་དང་ཡོ་བྱད་བསང་ཞིང་སྦྱང་བ། ཐབ་ཁུང་མངོན་པར་འདུ་བྱ་བ། འཇིག་རྟེན་པའི་མེ་ལྷ་མཆོད་པ། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ། གཤེགས་སུ་གསོལ་བའི་ཆོ་ག་དང་བདུན་གྱི་དང་པོ་ནི། དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་ན། ཞི་བ་ལ་སྤྱན་མ། རྒྱས་པ་ལ་གོས་དཀར་མོ། །དབང་ལ་སྒྲོལ་མ། དྲག་པོ་ལ་མཱ་མ་ཀཱི་གཙོ་བོར་གྱུར་པའི་དཀྱིལ་འཁོར་གྱི་བདག་བསྐྱེད་བསྒོམ་ཞིང་དཀྱིལ་འཁོར་བསྡུ་བའི་བར་དུ་བྱ། འབྲེལ་ན་ཕྱི་རོལ་པའི་གཏོར་མ་བཏང་ནས་ལྷག་ཆད་ཁ་བསྐང་ཚར་བ་དང་སྦྱིན་སྲེག་ལ་འཇུག་པར་བྱའོ། །གཉིས་པ་ནི། བསང་ཆུ་ནས་ཀུ་ཤའི་ཆུན་པོས་བླངས་ནས་བསྲེག་རྫས་ལ་གཏོར། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་ནས། རང་གི་ལག་པ་གཉིས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་ནས་རྫས་རྣམས་ལ་ཕོག་པས། རྫས་རྣམས་ཀྱི་སྐྱོན་ཐམས་ཅད་དག་ནས་དྭངས་ཤིང་ཐོགས་པ་མེད་པ་ལས་སྒྲུབ་པའི་ནུས་པ་ལྡན་པར་བསམས་ལ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་གཤིབས་ལ་བརྐྱང་སྟེ། ཨོཾ་ཤྲཱི་སྭཱ་ཧཱས་མར་དང༌། ཨོཾ་ཛྲཱིཾ་སྭཱ་ཧཱས་འབྲུ་དང༌། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱས་རྫས་གཞན་རྣམས་དང༌། ཨཱོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་སྦྱང་བའི་སྔགས་ཏེ་དེ་དག་བརྗོད་དོ། །ཡང་མཆོད་རྫས་བསང་སྦྱངས་ཏེ། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལའི་ནང་དུ་མཆོད་རྫས་སོ་སོར་བསྐྱེད་ལ། ཨོཾ་ནཱི་རཱི་ཧཱུྃ་ཁྃ་སོགས་ཀྱིས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། ཡང་བསང་ཆུ་དང་ཨ་མྲྀ་ཏས་ཐབ་དང་ཡོ་བྱད་ཐམས་ཅད་བསངས་ནས། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དུ་བྱས་ནས་དེས་ཡུངས་ཀར་བཟུང་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་གཡས་ཀྱི་གཡས་དང༌། གཡོན་གྱི་གཡོན་ནས་བསྐོར་ཞིང་མེར་དོར། ཡང་ཁུ་ཚུར་དུ་ཆུ་བླུགས་ལ། ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ། ཅེས་པས་སྔར་བཞིན་བསྐོར་ནས་མེར་དོར་ཏེ་ཉེ་རེག་གོ །གསུམ་པ་ནི། དེ་ནས་ཧཱུྃ་ལས་ལས་སོ་སོའི་ཐབ་བྲིས་པ་བཞིན་བསྐྱེད་པའམ། ཡང་ན་ལས་ཐམས་ཅད་པའི་ཐབ་ཁུང་རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པ། གཞི་ལ་པདྨ་གེ་སར་སེར་པོ། ཁ་ཁྱེར་ལ་པདྨ་དམར་པོ། དེའི་སྟེང་རྡོ་རྗེའི་ཕྲེང་བ་སྔོན་པོས་བསྐོར་ཞིང༌། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཛེས་པར་བྱས་པར་བསམ་མོ། །བཞི་པ་ནི། དེའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རྃ་ལས་བགྲང་ཕྲེང་རྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། མེ་ལྷ་ཞལ་བཞི་པ། ལས་དང་མཐུན་པའི་སྐུ་མདོག་དང་ཞལ་ཅན། ཕྱག་བཞི་པ་སྤྱན་གསུམ་དང་ལྡན་པའམ། ཡང་ན་སྐུ་མདོག་དམར་པོ་ལ་རྩ་ཞལ་ལས་དང་མཐུན་པའམ། ཡང་ན་སྐུ་མདོག་དང་ཞལ་ཐམས་ཅད་དམར་པོ་མེའི་དཀྱིལ་འཁོར་ལ་གནས་ཤིང༌། ལས་དང་མཐུན་པའི་འོད་ཟེར་གྱིས་བརྒྱན་པ། ཕྱག་གཡས་གཉིས་ན་མཆོག་སྦྱིན་དང་བགྲང་ཕྲེང༌། གཡོན་གཉིས་ན་དབྱུག་པ་དང་སྤྱི་བླུགས་འཛིན་པ། རལ་པའི་ཐོར་ཅོག་ཅན། ཨག་ཚོམ་འཕྱང་ཞིང་གསུས་ཁྱིམ་ཆེ་བ། དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བསྐྱེད་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད། མར་གྱི་སྲེག་བླུགས་གསུམ་འབུལ། དེ་ནས་ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར། ཨོཾ་ནཱི་རཱི་ཧཱུྃ་ཁཾ་སོགས་ཀྱིས་མཆོད་ནས། ཀུ་ཤའི་ཆུན་པོ་བརྒྱད་རྩེ་མོ་ཤར་དུ་བསྟན་ནས་དགྲམ་ཞིང༌། ཨོཾ་ཀུ་ཤ་འདི་ནི་བཟང་ཞིང་དགེ །ཚངས་པ་ཡི་ཡང་དག་བྱེད་ཡིན། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །འདིས་བདག་ཅག་ལ་བགེགས་མེད་ཅིང༌། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་ཅིང་ཙནྡན་ལ་སོགས་པའི་ཤིང་ལ་མེ་སྦར་ནས་ཐབ་ལ་ལས་འཇམ་པོ་གསུམ་ལ་གཡས་སྐོར་དང༌། དྲག་པོ་ལ་གཡོན་དུ་ལན་གསུམ་བསྐོར་ཞིང༌། རང་རང་གི་གཙོ་བོའི་སྔགས་ཀྱི་རྗེས་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཞེས་བརྗོད་པས་ཐབ་ནང་དུ་བཅུག་ལ། རླུང་གཡབ་ཀྱིས་དལ་པོར་བུས་ནས། གཟར་བུ་ཆུང་བས་མར་བླུགས་པས་མེ་གསོས་ནས་ཧཱུྃ་དང་བསང་ཆུས་གཏོར་རོ། །དེ་ནས་མེའི་དབུས་སུ་སྔར་གྱི་མེ་ལྷ་དྲན་པར་བྱས་ནས། སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང༌། རྡོ་རྗེ་དྲིལ་བུ་འཛིན་པས། ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྒྲུབ་པ་པོ། །ཐུགས་རྗེས་སེམས་ཅན་ཚིམ་མཛད་པ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་དང༌། ལག་པ་གཡས་སྐྱབས་སྦྱིན་ལས་མཐེ་བོང་སྲིན་ལག་གི་རྩ་བར་བཞག གུང་མོའི་རྒྱབ་ནས་མཛུབ་མོས་བཀབ་སྟེ་དེ་རྣ་དྲུང་དུ་གཡོབ་ཅིང༌། ཨོཾ་ཨེ་ཧྱེ་ཧི་མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ། སཏྭ་ཨཱ་ཧཱུྃ་ཏི་ཨཱཾ་ཧ་ར་ཨ་སྨིན་སནྣི་ཧི་ཏོ་བྷ་བཞེས་པས་སྤྱན་དྲངས་ལ་མཆོད་པས་མཆོད་ནས། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་རྩེ་སྦྱར་བ་བརྐྱང་སྟེ། མཐེ་བོང་དང་མཐེའུ་ཆུང་སོ་སོར་བརྐྱང་བས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ནས། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭཱ་ལ་ཡ་སརྦ་བྷ་སྨིན་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ། ཅེས་པས་ཕྲིན་ལས་བཅོལ། དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿ ཞེས་པས་དམ་ཚིག་པ་ལ་བསྟིམ། ས་མ་ཡ་སྟྭཾ་ས་མ་ཡ་ཧོ། ཞེས་པས་དམ་ཚིག་བྱིན་ནས། མེ་ལྷའི་སྙིང་གར་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་སྔོན་པོས་མཚན་པ། དཔྲལ་བར་པདྨ་དང་ཟླ་བ་ལ་གནས་པའི་འཁོར་ལོ་དཀར་པོ་ལ་ཨོཾ་དཀར་པོས་མཚན་པ། མགྲིན་པར་པད་ཟླ་ལ་གནས་པའི་པདྨ་དམར་པོ་ལ་ཨཱཿདམར་པོས་མཚན་པ། དེ་དག་ལས་འོད་འཕྲོས་པས། དབང་གི་ལྷ་སྤྱན་དྲངས་ནས་དབང་བསྐུར་བས། ཞི་བ་ལ་རྣམ་སྣང༌། རྒྱས་པ་ལ་རིན་འབྱུང༌། དབང་ལ་འོད་དཔག་མེད། དྲག་པོ་ལ་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ། དེ་ནས་མེ་ལྷའི་ལྕེ་དང་དགང་བླུགས་ཀྱི་ཁ་ལ། ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་པ་ཧཱུྃ་གིས་མཚན་པར་བསྒོམས་ལ། ལག་པ་གཡས་པས་བླུགས་གཟར་དང༌། གཡོན་པས་དགང་གཟར་བཟུང་ནས་པུས་མོ་གཉིས་ཀྱི་བར་དུ་གྲུ་མོ་ཆུད་པར་བྱས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་དགང་བླུགས་ཀྱི་མར་བླངས་ནས་དགང་གཟར་གང་བར་བཀང་ལ། ཨོཾ་ཨགྣ་ཡེ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བརྗོད་ལ་དགང་བླུགས་ཁ་སྦྱར་ནས་མེར་དབུལ་ཏེ། དེ་ལྟ་བུ་ལན་གསུམ་བྱས་ལ་མེ་པྲ་བརྟགས་ཏེ། རྒྱུད་ལས། གདུགས་དང༌། རྒྱལ་མཚན་དང༌། རྡོ་རྗེ་དང༌། བུམ་པ་དང༌། པདྨ་དང༌། ལྕགས་ཀྱུའི་དབྱིབས་དང༌། རྩེ་གཅིག་པ་དང༌། རྩེ་གཉིས་པ་དང༌། རྩེ་གསུམ་པ་དང༌། མཆོག་དང༌། འབྲིང་དང༌། ཐ་མ་དང༌། ཁྱད་པར་དུ་གཡས་སུ་འཁྱིལ་པ་འབར་བའི་ཁ་དོག་དཀར་པོ་དང༌། བཟང་པོ་འཁྱིལ་པ་མཁས་པས་བརྟག་པར་བྱ་བ་དང༌། བརྒྱ་བྱིན་གྱི་གཞུ་ལྟ་བུར་གཙང་བ་དང༌། སྣུམ་པ་དང༌། ཀུ་སུཾ་བྷ་དང༌། བཻ་ཌཱུརྻ་ལྟ་བུ་དང༌། དྲི་ཞིམ་པ་དང༌། ཡིད་དུ་འོང་བ་དང༌། གསེར་དང༌། དངུལ་ལྟ་བུ་དང༌། དུ་བ་མེད་པ་དང༌། ཉི་མ་ལྟ་བུར་འབར་བ་དང༌། དྲི་མ་མེད་པ་དང༌། ཞི་བ་ལ་ཁ་དོག་དཀར་པོ་དང༌། རྒྱས་པ་ལ་ནི་སེར་པོ་ལྟ་བུ་དང༌། རྗེས་སུ་ཆགས་པ་ལ་ནི་དམར་པོ་མཆོག་དང༌། མངོན་སྤྱོད་ལ་སྔོན་པོ་དང༌། ནག་པོ་དང༌། མེ་ལྕེ་མང་བ་དང༌། དུ་བ་དང༌། མེ་སྟག་ཡང་དག་པར་ལངས་པ་དང༌། ཆུང་ངུ་ཆུང་ངུར་ཆད་པ་དང༌། མྱུར་བ་གཟི་བརྗིད་ཆུང་བ་དང༌། ནག་པོ་དང་བཅས་པ་དང༌། པ་ལ་ཤའི་མདོག་དང༌། རྩེ་གསུམ་དང༌། ཉི་མ་ལྟ་བུ་ཉིད་དང༌། དེ་བཞིན་དུ་བ་གླང་གི་མགོ་ལྟ་བུ་ཉིད་དང༌། རོའི་དྲི་དང༌། ཉའི་དྲི་དང༌། བོང་བུ་དང༌། ཁྱི་དང༌། རྔ་མོ་ནི། བགེགས་དང་བགེགས་མེད་པའི་འབར་བའི་མཚན་མར་བྱས་པ་ཡིན་ཞེས་གསུངས་པ་ལྟར་བརྟག་གོ །ངན་ན་བགེགས་མཐར་བྱེད་ཀྱི་སྔགས་དང༌། དྲིའི་ཆུས་གཏོར་བས་ཞི་བར་བྱའོ། །དེ་ནས་བསྲེག་རྫས་རྣམས་དབུལ་ཏེ། དང་པོ་ཡམ་ཤིང་བླངས་ནས། དེ་བྱང་ཆུབ་ཀྱི་ཤིང་དུ་མོས་ནས། ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་སམ། ཨུ་དུམྦཱ་རར་མོས་ལ། ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། །ཞེས་སམ། པ་ལ་ཤར་མོས་ནས། ཨོཾ་བཛྲ་ལ་ཐཱ་ཡ་སྭཱ་ཧཱ་ཞེས་སམ། ནྱ་གྲོ་དྷར་མོས་ཏེ། ཨོཾ་བཛྲ་ཀུ་བེ་ར་ཡེ་སྭཱ་ཧཱ། ཞེས་སམ། ཨ་མྲྀ་ཏར་མོས་ལ། ཨོཾ་བཛྲ་པ་ཊ་ཀ་རཱ་ཡ་སྭཱ་ཧཱ། །ཞེས་པས་དབུལ། དེ་ནས་ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་དང༌། ཨོཾ་སརྦ་པཱ་པཾ་སོགས་ཉེ་རེག་གི་སྐབས་སུ་བསྟན་པའི་སྔགས་ཀྱིས་ཏིལ་ནག་དང༌། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་དང༌། ཨོཾ་སརྦ་སྃ་པ་དེ་སྭཱ་ཧཱ། ཞོ་དང་སྦྱར་བའི་ཟས་མཆོག་དང༌། ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བ་དང༌། ཨོཾ་བཛྲ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་དང༌། ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་དང༌། ཨོཾ་བཛྲ་གྷསྨ་རཱ་ཡ་སྭཱ་ཧཱ། གྲོ་དང༌། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བ་དང༌། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤ་སྟེ། སྔགས་རྣམས་ཀྱི་མཇུག་ཏུ་ཞི་བའི་སྭཱ་ཧཱའི་དོད་ལ། རྒྱས་པ་ལ་བཽ་ཥ་ཊ། དབང་ལ་ཛཿཧྲི། དྲག་པོ་ལ་ཧཱུྃ་ཕཊ། ཞེས་བཏགས་ནས་ལན་བདུན་བདུན་ནམ། ཉེར་གཅིག་རེ་དབུལ་བའི་རྗེས་སུ། སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ཞེས་སམ། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི། ཞི་བ་ལ། སྡིག་པ་དང་སྒྲིབ་པ་ནད་གདོན་དང་བར་ཆད་མི་མཐུན་པའི་ཕྱོགས་ཤཱིནྟཾ་ཀུ་ར་སྭཱ་ཧཱ། རྒྱས་པ་ལ་ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་དང་ལེགས་པའི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དབང་ལ། རྒྱལ་པོ་དང་པཎྜི་ཏ་དང་བློན་པོ་ལ་སོགས་པ་མི་དང་མི་མ་ཡིན་པའི་སྐྱེ་འགྲོ་རྣམས་དང་ཟས་ནོར་ལོངས་སྤྱོད་ཐམས་ཅད་བ་ཤཾ་ཀུ་རུ་ཛཿཧྲི། དྲག་པོ་ལ། རྡོ་རྗེ་སློབ་དཔོན་ལ་ཐོ་འཚམ་ཞིང༌། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པའི་དམ་ཉམས་སྡིག་ཅན་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྦྱར། དེ་ལྟར་ཐུན་མོང་གི་བསྲེག་རྫས་རྣམས་ཕུལ་ནས། ལས་སོ་སོའི་བསྲེག་རྫས་ཞི་བ་ལ་ཨོཾ་པདྨ་རཀྵི་ཨཀྵེ་ན་མ་པྲི་ན་ཡ་ཨ་མུ་ཀ་སྱ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། མར་དང་ལྷན་ཅིག་པདྨའོ། །ཨོཾ་གྷ་གྷ་གྷ་ཏ་ཡ་ཏེ་ཛོ་རཱ་ཛ་སྲི་ན་ཡ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། འོ་མ་དང་ལྷན་ཅིག་ཨུཏྤ་ལའོ། །ཨོཾ་སུ་སུ་མེ་ཀུ་ལི་བེ་ལེ་ཛ་ལེ་ནི་ཤཱིཾནྟ་ཀུ་རུ་སྭཱ་ཧཱ། གུར་གུམ་དང་ལྷན་ཅིག་ཀུ་མུ་ཏིའོ། །ཨོཾ་དྷརྨེ་དྷརྨཱ་རཱ་ཛེ་ད་ཧཱ་ད་ཧཱ་སརྦ་བིགྷྣཱན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཙནྡན་དང་ལྷན་ཅིག་པའི་ཧ་ལོའིའོ། །ཨོཾ་ཀི་ལི་སུ་ཀི་ལི་ཀ་ལ་ར་ཏི་སརྦ་པཱ་པཾ་ད་དྷྱ་ཨ་མུ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཏིལ་མར་དང་ལྷན་ཅིག་ཀ་ར་བཱི་རའོ། །རྒྱས་པ་ལ་བིལ་བ་ལ་སོགས་པ་རྫས་ལྔ་དང༌། ཨོཾ་ག་ག་ནི་ག་ག་ནི་ལོ་ཀི་ཏི་ཧཱུྃ་ཕཊ། ཏེ་ཛོ་ར་པུཥྚིཾ་ཀུ་རུ་སྭཱ་ཧཱ། དབང་ལ་ཨ་ཤྭ་ཀ་ལ་སོགས་པ། ཨོཾ་ཨ་ཤྭ་ཀི་ཎི་པུ་རེ་གེ་ཨ་ནུ་ར་ག་ཡ་ཏྲཻ་ལོཀྱ་བ་ཤཾ་ན་མཿཧྲི་སྭཱ་ཧཱ། ཞེས་དང༌། དྲག་པོ་ལ་ཤ་ལྔ་ལ་སོགས་པ། ཨོཾ་མ་ར་མ་ར་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ་ཧཱུྃ་ཕཊ། ཅེས་བསྔགས་ནས་དབུལ་ཏེ། དེའང་བསྲེག་རྫས་རྒྱས་པར་འབྱོར་ན། ཞི་བ་ལ་འབྲས་སཱ་ལུ། སོ་བ། ཏིལ་དཀར་པོ། ནས། འབྲས། དཱུར་བ། འོ་མ། མར། སྦྲང་རྩི་རྣམས་དང་ལྷའི་བདུད་རྩི་ལྔ་ལྷན་ཅིག་ཏུ་བསྲེས་པ་དང༌། ཡམ་ཤིང་འོ་མ་ཅན་གྱི་ཤིང་ལྔ་ལས་སྐྱེས་པའི་རློན་ཞིང་ཡལ་ག་དང་བཅས་པའི་རྩེ་མོར་སྦྲང་རྩི་དང་འོ་མ་དང་མར་གྱིས་བྱུགས་པ་དང༌། རྒྱས་པ་ལ་ཏིལ་ནག་པོ། མོན་སྲན་བྲའུ། སཱ་ལུ་དམར་པོ། །མངར་གསུམ། ཞོ། ཟས་མཆོག སྦྲང་རྩི་མར་དང་ལྡན་པ། མེ་ཏོག་བརྒྱ་པ། བིལ་བའི་འབྲས་བུ། པདྨ། ནས་ལ་སོགས་པའི་འབྲུ་རྣམས་དང༌། ཡམ་ཤིང་ཨུ་དུམྦཱ་ར་སྦོམ་དུ་སོར་བཞི་པ་སྲིད་དུ་ཁྲུ་གང་པའི་རྩེ་མོར་འོ་མ་དང་མར་གྱིས་བྱུགས་པ་དང༌། དབང་ལ་ཏིལ་མར། ཏིལ་ནག པྲི་ཡངྐུ། ནཱ་ག་གེ་སར། ཙམྤ་ཀ ཨ་ཤྭ་ཀ བ་ཀུ་ལ། བ་ཎ། མེ་ཏོག་བརྒྱ་པ་རྣམས་དྲི་དང་མར་དང་སྦྲང་རྩི་དང་སྦྱར་བ་དང༌། ཡམ་ཤིང་ལྷའི་ཤིང༌། པ་ཊ། དཾ་སི་ས་ལི། ཨུ་དུམྦཱ་ར། ཤ་ལ་ཀི ཀུ་ཀུ་ལ་ཡི་ཤིང༌། སེང་ལྡེང་རྣམས་དྲི་བཟང་པོས་བྱུགས་པ་སོར་བརྒྱད་པ་དང༌། དྲག་པོ་ལ་ཏིལ་ནག མོན་སྲན་བྲའུ། བྷ་ལ་ཏ་ཀའི་འབྲས་བུ། སྲན་མ་ནག་པོ། སྐྱེས་པའི་རུས་པ། དྲི་ཆེན། བོང་བུའི་སྦངས། བོང་བུའི་སྤུ་དང༌། ཁྱིའི་རྟུག་པ་དང༌། སྤུ་དང༌། སེན་མོ་དང་བཅས་པ་འབྲུ་མར་གྱིས་བྱུགས་པ་དང༌། ཡམ་ཤིང་ནག་པོ་འཁྱོག་པོ་ལས་སྐྱེས་པའི་ཚེར་མ་དང༌། ཚ་བ་དང་ཁ་བ་ལ་སོགས་པ་ལས་སྐྱེས་པའི་ཤིང་སོར་བཅུ་པ་ཁྲག་གིས་བྱུགས་པ་སྟེ། འདི་དག་མ་འབྱོར་ན་ལས་དང་མཐུན་པའི་རྫས་ལ། དེ་དག་ཏུ་མོས་ནས་གྲངས་ཚང་བར་དབུལ་ལོ། །དེའང་ཞུ་བའི་རྫས་རྣམས་ནི་གཟར་བུས་བླངས་ནས་ཞལ་དུ་ཕུལ་བར་བསམ། གོང་བུའི་རྫས་རྣམས་ལག་པ་གཡོན་པས་སྣོད་བཟུང་སྟེ། གཡས་པས་བླངས་ནས་འོག་ནས་བསྐོར་ཞིང་སྟེང་ནས་དབུལ་བའི་ཚུལ་གྱིས་ཕྱག་ཏུ་ཕུལ། དཱུར་བ་དང་ཀུ་ཤ་ཡང་དེ་བཞིན་དུ་བྱས་ནས་གཙུག་ཏོར་དུ་ཕུལ། ཡམ་ཤིང་ནི་འབར་བའི་དཀྱིལ་འཁོར་དུའོ། །དེ་དག་ཀྱང་ལས་དང་མཐུན་པའི་ཁུ་ཚུར་གྱིས་དབུལ་ཏེ། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་བྱང་ཆུབ་མཆོག་གིས་བཟུང༌། །རྒྱས་ལ་རིན་ཆེན་ཁུ་ཚུར་གྱིས། །དབང་དང་དགུག་པ་དག་ལ་ཡང༌། །པདྨའི་ཁུ་ཚུར་གྱིས་ནི་བཟུང༌། །དེ་བཞིན་ཁྲོ་བོའི་ཁུ་ཚུར་གྱིས། །ནན་ཏན་དུ་ནི་གཞུག་ལ་བྱ། །ཞེས་པས་སོ། །དེ་ནས་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་ནས། འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་སམ། གཞན་ཡང༌། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་སྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩི་བཅུད་ལྡན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་ཅིང་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་ནས། །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་སརྦ་པ་པཾ་ཤོ་དྷ་ནི་སྭཱ་ཧཱ། བསང་གཏོར་དང༌། ཨརྒྷཾ་གྱིས་མཆོད་ཡོན་ཕུལ་ལ། མེ་ལྷ་འབར་བའི་རྣམ་པར་བསམ་པར་བྱའོ། །ལྔ་པ་ནི། དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་མ་འབྲེལ་ན། བསང་ཆུ་དང༌། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་པའི་ངང་ལས། ཐབ་ཀྱི་དབུས་སུ་ཆོ་ག་གསུམ་ལས། ལས་ཀྱི་ཁྱད་པར་གྱིས་གཙོ་བོ་འཕོ་ཞིང་སྐུ་མདོག་གམ། འོད་ཟེར་རམ། རྩ་ཞལ་འགྱུར་བའི་ལྷ་སོ་བདུན་རྫོགས་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། ཕྱི་ནང་ཡིད་ལས་བྱུང་བའི་མཆོད་པས་མཆོད། དགུག་གཞུག་བྱ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རིགས་བདག་གིས་རྒྱས་གདབ་བོ། །སྒྲུབ་མཆོད་དང་འབྲེལ་ན། རང་གི་སྙིང་ག་ནས་འོད་འཕྲོས་པས། རྡུལ་ཚོན་གྱི་དཀྱིལ་འཁོར་ནས་ལས་ཀྱི་ཁྱད་པར་གྱི་གཙོ་བོ་དང༌། སྐུ་མདོག་གམ། འོད་ཟེར་འཕྲོས་པའི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། རབ་གནས་ཀྱི་རྟེན་ལ་འབུལ་ན། རྟེན་དེ་ཉིད་ཐབ་ཀྱི་ནང་དུ་སྤྱན་དྲངས་པར་བསམ་ཞིང༌། སྦོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །ཐབས་དང་ཤེས་རབ་གཟུགས་བརྙེན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་དང༌། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་མེ་ཏོག་གིས་མཚོན་ནས་སྤྱན་དྲངས་ལ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་སྒེག་སོགས་བརྒྱད་དང༌། ནང་བདུད་རྩིས་ཀྱང་མཆོད། བསྟོད་པས་བསྟོད་ནས། ལྷ་རྣམས་ཀྱིས་ཞལ་ཅུང་ཟད་ཕྱེ་བར་བསམས་ལ། གཙོ་བོ་གང་ཡིན་གྱི་སྙིང་པོས་མར་ལ་བསྔགས་ཏེ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་བླུགས་གཟར་གྱི་མར་བཅུས་ནས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་མ་ཧཱ་ཤྲི་སོགས་བརྗོད་དེ་གཟར་བུ་ཁ་སྦྱར་ནས་ཐབ་ཀྱི་དབུས་སུ་ལན་གསུམ་ཕུལ་ནས། བསྲེག་རྫས་རྣམས་ལྷ་རང་རང་གི་སྙིང་པོ་སྔོན་དུ་འགྲོ་བས་སྔར་གྱི་རིམ་པ་ལྟར་ཞི་བ་ལ་བརྒྱ། རྒྱས་པ་ལ་བརྒྱ་རྩ་བརྒྱད། དབང་ལ་ལྔ་བཅུ། དྲག་པོ་ལ་དྲུག་ཅུ་ལ་སོགས་པ་གང་འབྱོར་ཕུལ་ནས། བདུན་ཙམ་རེའི་མཇུག་ཏུ་སྤེལ་ཚིག་སྦྱར་ཞིང༌། མར་བླུགས་པས་མེ་གསོ། དེ་ལྟར་བསྲེག་རྫས་རྣམས་རྫོགས་པ་དང༌། དྲི་མེ་ཡིད་དུ་འོང་བ་ཡི། །ལ་སོགས་པའི་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ནས་བསྟོད་པའི་བར་མཆོད་ཕྲེང་ལྟར་རྒྱས་པར་བྱས་ནས། དཀུ་བག་ཅན་གྱི་གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་ཏེ། ཐབ་ནང་གི་ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷུ་ཛ་སོགས་ཀྱིས་དབུལ་ནས། ཕྱི་ནང་ཡིད་ལས་བྱུང་བས་མཆོད། རིགས་ལྔའི་བསྟོད་པ་བྱ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པས། བདག་ཅག་ལ་ལས་ཆེ་གེ་མོ་ཞེས་བྱ་བའི་དངོས་གྲུབ་སྩལ་དུ་གསོལ། ཞེས་པས་དངོས་གྲུབ་བླང༌། རྡོ་རྗེའི་གླུ་དང༌། སྨོན་ལམ་བྱ། ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ་ནས། དཀྱིལ་འཁོར་སྒྲུབ་མཆོད་དང་མ་འབྲེལ་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་དང༌། ཨོཾ་བཛྲ་མུཿས་ཡེ་ཤེས་པ་གཤེགས། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་བདག་ལ་བསྡུ། སྒྲུབ་མཆོད་དང་འབྲེལ་ན། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གཤེགས་སུ་གསོལ། དྲུག་པ་ནི། དེ་ནས་ཐབ་ཀྱི་དབུས་སུ་འཇིག་རྟེན་པའི་མེ་ལྷ་སྐད་ཅིག་གིས་བསམས་ལ། བསང་གཏོར་དང༌། མཆོད་ཡོན་སྔོན་དུ་འགྲོ་བས། བསྲེག་རྫས་རྣམས་བདུན་ནམ་ཉེར་གཅིག་ལ་སོགས་པ་ཇི་ལྟར་འབྱོར་པ་དང༌། མཐར་མར་དགང་བླུགས་གསུམ་ཕུལ་ནས་མཆོད་བསྟོད་བྱ། དཀར་གསུམ་གྱི་གཏོར་མ་བསང་སྦྱངས་བྱིན་གྱིས་བརླབས་ནས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་དབུལ། ཕྱི་མཆོད་དང༌། སྔར་གྱི་བསྟོད་པ་རྣམས་བྱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་གཞོལ། བསང་གཏོར་དང་མཆོད་ཡོན་ཕུལ་ཏེ། ལྷག་ཆད་ཁ་བསྐང་བར་བྱའོ། །བདུན་པ་ནི། དེ་ནས་སྤྱན་དྲངས་པའི་ཕྱག་རྒྱ་ལས་མཛུབ་མོ་ཕྱིར་བསྐྱེད་ལ། ཨོཾ་བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱི་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་སླར་གཤེགས་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་མཛོད། །ཨོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ་བར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཞི་བ་ལ་འོ་མ། རྒྱས་པ་ལ་གུར་གུམ་གྱི་ཆུ། དབང་ལ་ཙནྡན་དམར་པོའི་ཆུ། དྲག་པོ་ལ་དུག་ཆུ་ལ་སོགས་པ་ལ་སངས་རྒྱས་སྤྱན་གྱི་སྔགས་བཟླས་པས་མེ་ཞི་བར་བྱས་ནས། ལས་ཀྱི་རྗེས་མི་མངོན་པར་བསྡུ་ཞིང་འཁོར་གསུམ་རྣམ་པར་མི་རྟོག་པས་རྒྱས་གདབ་པར་བྱའོ། །རྒྱུད་ལས་ཅི་སྐད་བཤད་པའི་ཕན་ཡོན་རྣམས་ཐོབ་པར་འགྱུར་ཏེ། ལྷ་ཡི་ཁ་ནི་མེ་རུ་གསུང༌། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་ནས་དངོས་གྲུབ་རབ་ཏུ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་ཀུན། །སྦྱིན་སྲེག་གིས་ནི་དེ་དག་དགང༌། །སྐུ་གསུམ་མཆོག་གི་རྩེ་ལས་སྐྱེས། །དེ་ཕྱིར་སྦྱིན་སྲེག་རབ་ཏུ་བསྔགས། །ཞེས་གསུངས་ཏེ་ཕྱིའི་སྦྱིན་སྲེག་གི་ཆོ་གའོ། །དེ་བཞིན་དུ་རྗེས་སུ་ཆགས་པའི་ཡེ་ཤེས་ཀྱི་མེ་ཀུན་ནས་འབར་བ་དང༌། ཞེས་པའི་བྷ་གའི་དཀྱིལ་འཁོར་ཡོངས་སུ་སྦྱོང་བའི་ཐབ་ཁུང་དུ། རྡོ་རྗེའི་བླུགས་གཟར་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱིས་བསྲེག་རྫས་བླུགས་པར་བྱེད་པ་བདེ་བ་ཆེན་པོའི་སྦྱིན་སྲེག་དང༌། དྲི་མ་མེད་ཅིང་རབ་ཏུ་གསལ་བའི་ཡེ་ཤེས་ཀྱི་མེ་རྣམ་པར་འབར་བ་དང་བཅས་པའི་སྤྲུལ་པ་ལ་སོགས་པའི་འཁོར་ལོ་རྣམས་ཀྱི་ཐབ་ཁུང་དུ། རཱ་ས་ན་དང༌། ལྭ་ལ་ནའི་བླུགས་གཟར་དང༌། དགང་གཟར་དག་གིས་ཁམས་ཡོངས་སུ་སྦྱངས་པའི་བསྲེག་རྫས་བླུགས་པར་བྱེད་པ་བདག་བྱིན་གྱིས་བརླབས་པའི་སྦྱིན་སྲེག་དང༌། གཏུམ་མོའི་མེ་འབར་བ་དང་བཅས་པའི་ལུས་ཀྱི་ཐབ་ཀྱི་ཁའི་ཧོཾ་ཁུང་དུ། ལག་པ་གཉིས་ཀྱི་དགང་གཟར་དང་བླུགས་གཟར་དག་གིས། བཟའ་བ་དང་བཏུང་བའི་བསྲེག་རྫས་བླུགས་པར་བྱེད་པ་ནང་གི་སྦྱིན་སྲེག་སྟེ། དེ་ལྟར་ནང་གི་སྦྱིན་སྲེག་ཚུལ་གསུམ་མོ།  །དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མེ་ཀུན་ནས་འབར་བ་དང་བཅས་པའི་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། ཞི་གནས་དང་ལྷག་མཐོང་གི་དགང་གཟར་དང་བླུགས་གཟར་དག་གིས། ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་མ་ལུས་པའི་སྲེག་བླུགས་སྲེག་པ་བླ་ན་མེད་པའི་སྦྱིན་སྲེག་གོ །དེ་ལྟར་ན་སྦྱིན་སྲེག་ཕྱི་ནང་རྣམས་ཀྱི་རྟོགས་པ་སྐྱེད་པར་བྱེད་པ་ནི། སྦྱིན་སྲེག་ཕྱི་མ་རྣམས་ཡིན་པས་སོ། །ལས་དང་པོ་པས་ཐོག་མར་ཕྱིའི་སྦྱིན་སྲེག་ལ་འབད་པར་བྱའོ། །རྒྱུད་འགྲེལ་མཁས་པའི་གཞུང་ལུགས་ཇི་བཞིན་སྦྱིན་སྲེག་ཆོ་ག་འདི་སྦྱར་བས། །རྣམ་པར་མི་རྟོག་འབར་བ་དང་བཅས་ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །ཞི་གནས་ལྷག་མཐོང་དགང་བླུགས་དག་གིས་ཁམས་གསུམ་སེམས་ཅན་མ་ལུས་པའི། །སེམས་དང་སེམས་བྱུང་རྣམ་པར་རྟོག་པའི་བུད་ཤིང་མཐའ་དག་བསྲེག་གྱུར་ཅིག །དཔལ་རྡོ་རྗེ་དབྱིངས་ཀྱི་སྦྱིན་སྲེག་གི་ཆོ་ག་མདོར་བསྡུས་པ་འདི་ནི། རྒྱུད་སྡེ་འཛིན་པ་ཀུན་དགའ་གཞོན་ནུ་ལ་སོགས་པས་བསྐུལ་བའི་ངོར། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོར་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། བཟང་པོ་ཡོངས་བཟུང་གི་སྦྱིན་སྲེག་གི་ལེའུ་རྩ་འགྲེལ་ལ་གཞི་བྱས། རྒྱུད་འགྲེལ་གྱི་ཆོ་ག་གལ་ཆེ་བ་རྣམས་བསྣན་ཅིང༌། ལས་སྣ་ཚོགས་པའི་སྦྱིན་སྲེག་ལ་སོགས་པ་རྣམས་གཏང་སྙོམས་སུ་བཞག་ནས། ཤིན་ཏུ་ཉུང་ཞིང་ལག་ལེན་བདེ་བར་དགའ་བའི་ལོ་མ་ཆུའི་ཟླ་བའི་ཚེས་གཅིག་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་མདོ་སྟོད་པ་ཀུན་དགའ་གཞུན་ནུའོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་སཏྭ་ཧི་ཏོ་བྷ་ཝནྟྭ།།  །། ༄། །དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དགེ་ལེགས་སྙེ་མ་ཞེས་བྱ་བ་བཞུགས་སོ།།  ༈ །དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དགེ་ལེགས་སྙེ་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བརྟན་གཡོ་ཀུན་ཁྱབ་སྟོང་ཉིད་ཆོས་ཀྱི་དབྱིངས། །དམིགས་མེད་སྙིང་རྗེའི་རོས་གང་བདེ་བ་ཆེ། །འཁོར་ལོའི་དབང་ཕྱུག་དཔལ་ལྡན་རྡོར་སེམས་ཀྱི། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག །ཉོན་མོངས་གནས་གྱུར་ཕུང་པོ་རྣམ་དག་ཅིང༌། །ཡེ་ཤེས་ཆེན་པོའི་རང་བཞིན་བཅོམ་ལྡན་འདས། །རྣམ་སྣང་ལ་སོགས་ཕྱོགས་ཀྱི་རྒྱལ་བ་བཞིའི། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག །ས་ཆུ་མེ་རླུང་འབྱུང་བཞི་རྣམ་དག་ཅིང༌། །བྱམས་སོགས་ཚད་མེད་བཞི་ཡི་ངོ་བོ་ཉིད། །སྤྱན་མ་ལ་སོགས་རིགས་ཀྱི་ཡུམ་བཞི་ཡི། །བཀྲ་ཤིས་དེས་ནི༴ །སོ་སོ་ཡང་དག་རིགས་བཞི་རྣམ་དག་ཅིང༌། །ཟག་མེད་བདེ་བ་ཆེན་པོའི་མཛོད་འཛིན་པ། །རྡོ་རྗེ་དྲག་མོ་ལ་སོགས་ཕྱོགས་མ་བཞིའི། །བཀྲ་ཤིས་དེས་ནི༴ །སྦྱིན་དང་སྙན་སྨྲ་དོན་སྤྱོད་ལ་སོགས་པ། །བསྡུ་བའི་དངོས་པོ་བཞི་ཡི་ངོ་བོ་ཉིད། །རྡོ་རྗེ་གནོད་སྦྱིན་ལ་སོགས་མཚམས་མ་བཞིའི། །བཀྲ་ཤིས་དེས་ནི༴ །མིག་སོགས་ནང་གི་སྐྱེ་མཆེད་རྣམ་དག་ཅིང༌། །ཚིགས་དང་ཉོན་མོངས་ཅན་ཡིད་རྣམ་སྦྱོང་བ། །བྱམས་པ་ལ་སོགས་བྱང་སེམས་བརྒྱད་པོ་ཡི། །བཀྲ་ཤིས་དེས་ནི༴ །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང༌། །ཤེས་རབ་ཐབས་དང་སྨོན་ལམ་རྣམ་དག་པའི། །གླིང་བུ་མ་སོགས་ལྷ་མོ་བརྒྱད་རྣམས་ཀྱི། །བཀྲ་ཤིས་དེས་ནི༴ །ཕུང་པོ་ལ་སོགས་བདུད་བཞི་རྣམས་འཇོམས་ཤིང༌། །དད་བརྩོན་དྲན་དང་ཏིང་འཛིན་རྣམ་དག་པ། །ལྕགས་ཀྱུ་མ་སོགས་སྒོ་སྲུང་ཆེན་མོ་བཞིའི། །བཀྲ་ཤིས་དེས་ནི༴ །མ་དག་ཕུང་ཁམས་སྐྱེ་མཆེད་རྣམ་སྦྱོང་ཞིང༌། །བྱང་ཆུབ་ཕྱོགས་ཆོས་སོ་བདུན་ངོ་བོ་ཉིད། །བདེ་གཤེགས་བཞུགས་གནས་གཞལ་མེད་ཁང་ཆེན་གྱི། །བཀྲ་ཤིས་དེས་ནི༴ །བསྟོད་སྨད་ལ་སོགས་ཆོས་བརྒྱད་རྣམ་དག་ཅིང༌། །ཆོས་ཀུན་གདོད་ནས་སྟོང་པར་རྟོགས་བྱེད་པ། །སྒྱུ་མའི་དཔེ་བརྒྱད་རང་བཞིན་དུར་ཁྲོད་ཀྱི། །བཀྲ་ཤིས་དེས་ནི༴ །བགེགས་དང་བར་ཆད་མི་མཐུན་ཕྱོགས་འཇོམས་ཤིང༌། །ལུས་ངག་ཡིད་གསུམ་རྡོ་རྗེའི་ངོ་བོ་ཉིད། །རྡོ་རྗེའི་ས་གཞི་རྭ་གུར་ལ་སོགས་པའི། །བཀྲ་ཤིས་དེས་ནི་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དགེ་ལེགས་སྙེ་མ་ཞེས་བྱ་བ་འདི་ཡང༌། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭར་སྦྱར་བའོ། །ཨི་དཾ་ཤཱ་ས་ནཤྩ་སརྦ་ས་ཏྭ་ཧི་ཏོ་བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*