གཏོར་ཆོག་གི་འགྲེལ་པ་ཕྲིན་ལས་རྒྱས་བྱེད་སོགས། ཁ༽

མཱ་མ་ཀཱིའོ། །ཀམ་པ་ལ་སོགས་པ་བསྡུས་པ་ནི། སངས་རྒྱས་སྤྱན་ནོ། །ཕྱག་ན་པདྨ་ཅན་ལ་སོགས་པ་ནི། གོས་དཀར་མོའོ། །ཕྱག་ན་ཉི་མ་ཅན་དང་སྒོ་ལྕགས་མ་ལ་སོགས་པ་བསྡུས་པ་ནི། སྒྲོལ་མའོ། །ཁྲོ་བོ་རྣམས་དང་སྒོ་སྐྱོང་རྣམས་བསྡུས་པ་ནི་ཁྲོ་བོ་མི་གཡོ་བའོ། །ཞེས་བཤད་པ་ལྟར་བསྡུས་ནས་རང་ཕྱག་གཉིས་པའི་ང་རྒྱལ་གྱིས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་རམ། མཎྜལ་ཚུལ་བཞིན་དུ་བསྒྲུབས་ཏེ། ཕྱི་ནང་ཡིད་ལས་བྱུང་བའི་མཆོད་པ་དང་བསྟོད་པ་རྣམས་བྱའོ། །གཉིས་པ་སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩི་མྱང་བས་ཚིམ་པར་བྱ་བ་ནི། བདུད་རྩི་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་ནས། ལྕེ་ལ་རེག་པས་ལུས་ཀྱི་ལྷ་རྣམས་མཉེས་པར་བསམ་མོ། །གསུམ་པ་འབྱུང་པོའི་ཚོགས་གཏོར་མས་ཚིམ་པར་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྲོ་བོ་རྣམས་ལ་དཀུ་བག་ཅན་གྱི་གཏོར་མ་ཆོ་ག་བཞིན་དུ་དབུལ་བར་བྱའོ། །བཞི་པ་དམ་ཚིག་ཐོབ་པའི་རྣལ་འབྱོར་པ་རྣམས་ཁ་ཟས་ཀྱི་ཚིམ་པར་བྱ་བ་ནི། དགེ་སློང་རྡོ་རྗེ་འཛིན་པ་ལ་སོགས་པ་ཡིན་ན། དེ་དག་གི་བསླབ་བྱ་དང་མི་འགལ་བའི་ཚོགས་ཀྱི་འཁོར་ལོ་གཞུང་བཞིན་དུ་བྱའོ། །ལྔ་པ་ཕྱི་ནང་གི་མཁའ་འགྲོ་གླུ་གར་གྱིས་ཚིམ་པར་བྱ་བ་ནི། རོལ་མོ་འཛིན་པ་རྣམས་ཀྱིས་ཊ་ཀི་ཧཱུྃ་ཛཿཛཿཛཿཞེས་བརྗོད་ཅིང་རོལ་མོའི་སྒྲ་ལའང་དེ་ལྟར་བྱུང་བར་བྱས་པ་དང༌། མི་གཡོ་བ་ལངས་ནས་རོལ་མོའི་འགྲོས་དང་བཅས་པས་དཀྱིལ་འཁོར་པ་ལ་བསྐོར་བ་བྱ་སྟེ། ཤར་ཕྱོགས་ནས་ཞུགས་ནས་གཙོ་བོའི་དྲུང་དུ་སོང་སྟེ། ཉིད་ཀྱི་དམ་ཚིག་ཅི་ཞིག་ལགས། །ཞེས་དྲི། རྡོ་རྗེ་ཅན་གྱིས། ངའི་དམ་ཚིག་ཧཱུྃ་ཡིན་ནོ། །ཞེས་ལན་བཏབ། དེ་བཞིན་མི་གཡོ་བས། ཐུབ་པ་ཆེན་པོའི་གཞུ་ཅན་ཡིན། །རྡོ་རྗེ་ཅན་གྱིས། ང་མིང་སྙིང་རྗེའི་སྟོབས་དང་ལྡན། །མི་གཡོ་བས། བཅོམ་པ་བདག་སྟོབས་མིན་ནམ་ཅི། །དེ་ནས་རྟག་པའི་དྲུང་དུ་སོང་ནས། ཉིད་ཀྱི་དམ་ཚིག་ཅི་ཞིག་ལགས། །རྟག་པས། ང་ཡི་དམ་ཚིག་ཨོཾ་ཡིན་ནོ། །མི་གཡོ་བས། ཁྱོད་ནི་ཚངས་པ་ཐུབ་པ་རྣམས། །རྟག་པས། ང་མིང་རྣམ་པར་སྣང་མཛད་དཔལ། །མི་གཡོ་བས། ཁྱོད་ནི་མེ་བཅོམ་འདོད་པ་བྲལ། རྡོ་རྗེ་ཉི་མའི་དྲུང་དུ་སོང་ནས། ཉིད་ཀྱི་དམ་ཚིག་ཅི་ཞིག་ལགས། །ཉི་མས། ང་ཡི་དམ་ཚིག་ཏྲཱཾ་ཡིན་ནོ། །མི་གཡོ་བས། ཁྱོད་ནི་གདུགས་ཏེ་ཚ་བ་འཕྲོག །ཉི་མས་ང་མིང་རྡོ་རྗེ་ཉི་མ་དཔལ། །མི་གཡོ་བས། གདུགས་ཀྱི་རྣམ་དཔྱད་ཅི་ལྟར་མིན། །པདྨ་གར་དབང་གི་དྲུང་དུ་སོང་ནས། ཉིད་ཀྱི་དམ་ཚིག་ཅི་ཞིག་ལགས། །གར་དབང་གིས། ང་ཡི་དམ་ཚིག་ཨ་ཡིན་ནོ། །མི་གཡོ་བས། མངའ་བདག་མཁའ་ལྡིང་མཁྱེན་ནམ་ཅི། གར་དབང་གིས། ང་མིང་པདྨ་གར་དབང་དཔལ། །མི་གཡོ་བས། ཁྱོད་ནི་གར་མཁན་ཉེར་བཤད་མཁན། །རྟ་མཆོག་གི་དྲུང་དུ་སོང་ནས། ཁྱོད་ཀྱི་དམ་ཚིག་ཅི་ཞིག་ལགས། །རྟ་མཆོག་གིས། ང་ཡི་དམ་ཚིག་ཁཾ་ཡིན་ནོ། །མི་གཡོ་བས། ཁྱོད་ནི་མཁའ་སྟོང་རང་བཞིན་ནོ། །རྟ་མཆོག་གིས། ང་མིང་རྡོ་རྗེ་མགྱོགས་འགྲོ་དཔལ། །མི་གཡོ་བས། རྟ་ཁྱོད་སྡོན་དུ་འགྲོ་བའོ། །མཱ་མ་ཀཱིའི་དྲུང་དུ་སོང་ནས། ཉིད་ཀྱི་དམ་ཚིག་ཅི་ཞིག་ལགས། །ང་མིང་དམ་ཚིག་སྙིང་རྗེ་ཆེ། །མི་གཡོ་བས། ཨེ་མ་ཆང་འཚོང་མཛེས་མ་ཁྱོད། །མཱ་མ་ཀཱིས། མི་གཡོ་བདག་མིང་མཱ་མ་ཀཱི། །མི་གཡོ་བས། ཞང་པོའི་གྲོང་ཁྱེར་འཛིན་ནམ་ཅི། །གོས་དཀར་མོའི་དྲུང་དུ་སོང་ནས། ཉིད་ཀྱི་དམ་ཚིག་ཅི་ཞིག་ལགས། །གོས་དཀར་མོས། ང་ཡི་དམ་ཚིག་འདོད་ཆགས་ཆེ། །མི་གཡོ་བས། སྨད་འཚོང་མ་ལ་སྨྲར་ཅི་ཡོད། །གོས་དཀར་མོས། བདག་མིང་ལྷ་མོ་གོས་དཀར་མོ། །མི་གཡོ་བས། ཇི་ལྟར་དྲི་མ་དཀར་བ་ཡིན། །སྒྲོལ་མའི་དྲུང་དུ་སོང་ནས། ཉིད་ཀྱི་དམ་ཚིག་ཅི་ཞིག་ལགས། སྒྲོལ་མས། ང་ཡི་དམ་ཚིག་དབང་བྱེད་ཆེ། །མི་གཡོ་བས། བཙུན་མོའི་ཕོ་ཉ་ཡིན་ནམ་ཅི། །སྒྲོལ་མས། བདག་མིང་མིག་གཡོན་སྒྲོལ་མའོ། །མི་གཡོ་བས། སྒྲོལ་མའི་མིང་ནི་བཅོམ་པ་ཡིན། །སྤྱན་མའི་དྲུང་དུ་སོང་ནས། ཁྱོད་ཀྱི་དམ་ཚིག་ཅི་ཞིག་ལགས། ང་ཡི་དམ་ཚིག་ཞི་བ་ཉིད། །མི་གཡོ་བས། བུད་མེད་གཡོ་སྒྱུ་འཛིན་ནམ་ཅི། །སྤྱན་མས། བདག་མིང་ལྷ་མོ་སྤྱན་མའོ། །མི་གཡོ་བས། སྤྱན་མ་ན་ནི་གཡོ་དང་བཅས། །དེ་ནས་རིགས་ལྔ་ཡུམ་བཞི་ཐམས་ཅད་ཀྱིས། མི་གཡོ་བདག་ནི་ནོར་དཔལ་ལྡན། །ཞེས་བཀའ་སྩལ་པ་དང༌། མི་གཡོ་བས། དེ་ལྟར་ངོ་ཚ་མེད་པས་ལེགས། །ངོ་ཚ་མེད་པས་སངས་རྒྱས་མིན། །མཐོང་དང་མི་མཐོང་མྱུར་དུ་སྨྲོས། །རྡོ་རྗེ་སེམས་དཔའ་ཞེ་སྡང་ཆེ། །ཐུབ་པ་རྣམ་པར་སྣང་མཛད་རྨོངས། །འདོད་ལ་ཞེན་པ་འཇིག་རྟེན་བདག །སེར་སྣ་རྡོ་རྗེ་སྣང་བྱེད་དོ། །དོན་ཡོད་སྐྱོན་ནི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །སྒོང་སྐྱེས་མངལ་ནས་སྐྱེས་པའམ། །དྲོད་གཤེར་ལས་སྐྱེས་མཐའ་འཁོབ་ཡིན། །གཟུགས་ཅན་དང་ནི་གཟུགས་མེད་དམ། །བརྫུས་ནས་སྐྱེས་པ་ཉིད་དང་ནི། །ཐམས་ཅད་སངས་རྒྱས་བྱའོ་ཞེས། །ཁྱོད་ཀྱིས་དང་པོར་གསུངས་པ་ཉིད། །ཁྱོད་ནི་སངས་རྒྱས་གྱུར་ན་ནི། །དེ་རྣམས་ཇི་ལྟར་རྒྱལ་མ་མཛད། །དེ་ཕྱིར་ཉིད་ནས་བརྫུན་གསུང་བས། །མངའ་བདག་ཇི་ལྟར་འདི་མ་གསུང༌། །སེམས་ཅན་བསླུས་ནས་ཁྱོད་ཀྱི་གང༌། །སངས་རྒྱས་ཉིད་དེ་ངོ་མཚར་རྨད། །ཞེས་བརྗོད་པས། སངས་རྒྱས་རྣམས་ཀྱི་ཐུགས་རྗེས་ལས་བསྐུལ་བ་དང༌། དེ་རྣམས་ཀྱི་རང་རང་གི་དམ་ཚིག་རྣམས་གླུར་བླང་བར་བྱ་སྟེ། རྡོ་རྗེ་ཅན་གྱིས། སེམས་དཔའ་མེད་ཅིང་སྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །ཞེས་དང༌། ཨོཾ་ཨཱཿཧཱུྃ་ཧཱུྃ། ཞེས་གླུར་བླང་ངོ༌། །རྟག་པས། བསོད་ནམས་མེད་ཅིང་སྡིག་པ་མེད། །བྱང་ཆུབ་མེད་ཅིང་སངས་རྒྱས་མེད། །ཡེ་ཤེས་ལྔ་ཡི་སྦྱོར་བ་ཡིས། །བྱང་ཆུབ་སེམས་དཔའ་འདི་བསྟན་པའོ། །ཨོཾ་ཨཱཿཨོཾ་ཧཱུྃ། ཞེས་བརྗོད། རྡོ་རྗེ་ཉི་མས། སྔགས་མེད་བཟླས་པའང་ཡོད་མ་ཡིན། །འགྲོ་བ་གསུམ་པོ་ཐམས་ཅད་མེད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །སྒོམ་པ་དང་ནི་སྒོམ་པ་མེད། །ཨོཾ་ཨཱཿཏྲཱཾ་ཧཱུྃ་ཞེས་བརྗོད། པདྨ་གར་དབང་གིས། ཀུན་རྫོབ་འཇིག་རྟེན་པའང་ཡོད། །དཔྱད་ན་གང་དུ་འཇིག་རྟེན་པ། །རྟག་ཏུ་འཇིག་རྟེན་པ་ཉིད་འཁོར། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །ཨོཾ་ཨཱཿཨཱཿཧཱུྃ་ཞེས་བརྗོད། རྟ་མཆོག་གིས། མ་སྐྱེས་པ་དང་མི་དམིགས་པ། །མི་ཕྱེད་ནམ་མཁའ་ལྟ་བུ་སྟེ། །ཟབ་ཅིང་ཞི་བའི་རང་བཞིན་གྱི། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །ཨོཾ་ཨཱཿཁཾ་ཧཱུྃ། ཞེས་བརྗོད། མཱ་མ་ཀཱིས། སྟོང་ཉིད་དྲི་མ་མེད་པའི་གནས། །རྨི་ལམ་སྒྱུ་མའི་རང་བཞིན་ཉིད། །ཇི་སྲིད་མ་ཞིག་བར་དུ་ནི། །སེམས་ཀྱི་རང་བཞིན་བསྒོམ་པར་བགྱི། །ཨོཾ་ཨཱཿམཾ་ཧཱུྃ་ཞེས་བརྗོད། གོས་དཀར་མོས། སྔགས་དང་ཡི་གེ་རྣམ་པར་སྤངས། །དེ་ནི་སེམས་མེད་ཐིག་ལེ་མེད། །འདི་ནི་དམ་པའི་བདེ་ཆེན་ཏེ། །འབྲི་བ་མེད་ཅིང་གང་བ་མེད། །ཨོཾ་ཨཱཿཔཾ་ཧཱུྃ་ཞེས་བརྗོད། སྒྲོལ་མས། གཟུགས་ཅན་རང་བཞིན་ཇི་ལྟ་བ། །དེ་ལྟར་དངོས་པོ་བསྒོམ་པར་བྱ། །སྟོང་ཉིད་དྲི་མེད་མཆོག་གི་གནས། །དེ་ནི་བསོད་ནམས་སྡིག་པ་མེད། །ཨོཾ་ཨཱཿཏཾ་ཧཱུྃ་ཞེས་བརྗོད། །སྤྱན་མས། སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་བདེ་ཆེན་རྡོ་རྗེ་སྟེ། །གང་ཞིག་ཡིད་ཀྱིས་བསྒོམ་པ་བསྒོམ། །དེས་ནི་མཆོག་གི་འབྲས་བུ་མེད། །ཨོཾ་ཨཱཿལཾ་ཧཱུྃ་ཞེས་བརྗོད་དོ། །དེ་ནས་འཁོར་ཐམས་ཅད་ཀྱིས། ཇི་ལྟར་ཆུ་ནང་ཟླ་བ་དེ། །བདེན་མིན་བརྫུན་པའང་མིན་པ་ལྟར། །ཇི་ལྟར་དཀྱིལ་འཁོར་འཁོར་ལོ་འདི། །ལུས་ཀྱི་རང་བཞིན་རྙོག་པ་མེད། ཞེས་གླུ་བླང་ཞིང་རང་གིས། ལྷག་པའི་ལྷ་ཡི་སྙིང་པོ་བརྗོད། དེ་ནས་ཐམས་ཅད་ཀྱིས། ཀཽ་ལ་ཨི་རི་ལ་སོགས་པ་རྡོ་རྗེའི་གླུ་བླང་ཞིང༌། རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་པས་གར་བྱས་པའི་མཐར། མི་གཡོ་བས་ཐོག་དྲངས་པའི་འཁོར་རྣམས་ཀྱིས་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང༌། རོལ་མོ་རྣམས་ཀྱིས་མཆོད་ནས། རྒྱུད་ལས་གསུངས་པའི་བསྟོད་པས་ཡང་དག་པར་བསྟོད་དོ། །ཐམས་ཅད་ཅི་ལྟར་རིགས་པའི་རྡོ་རྗེའི་འགྲོས་ཀྱིས་ཆས་འཇུག་ཁང་པར་སོང་ནས། རྒྱན་རྣམས་དགྲོལ་བ་ལ་སོགས་པ་བྱའོ། །དྲུག་པ་ཚིམ་པ་དྲུག་པ་དངོས་བྱ་བ་ནི། ཕོ་ཉའི་ལམ་བསྒོམ་ཞིང་རླུང་ལ་དབང་ཐོབ་པ་ཡིན་ན་དངོས་སུ་བྱ། མིན་ན་སྙིང་གར་བདུད་རྩི་བྱུག གཉིས་པ་རྗེས་ཀྱི་ཆོ་ག་ལ་དྲུག ཕྱི་རོལ་གྱི་འབྱུང་པོ་ལ་ཕྲིན་ལས་གཞོལ་བའི་ཕྱིར། ལྷག་མའི་གཏོར་མ་སྦྱིན་པ་དང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུས་ཏེ། དག་ཅིང་བཀྲ་ཤིས་པར་བྱ་བ་དང༌། ཆོ་ག་ལྷག་ཆད་ཁ་སྐོང་བའི་ཡི་གེ་བརྒྱ་པ་བརྗོད་པ་དང༌། ལས་བསགས་པ་འབྲས་བུ་དང་ལྡན་པའི་ཕྱིར། སྨོན་ལམ་བཏབ་པ་དང༌། མདུན་བསྐྱེད་ཀྱི་མགྲོན་གཤེགས་སུ་གསོལ་ཏེ། གཏོར་མ་བཏང་བ་དང༌། བསྲུང་བ་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱ་སྟེ། དེ་དག་ཀྱང་ཚོགས་ཀྱི་འཁོར་ལོའི་གཞུང་བཞིན་བྱའོ། །རྡོ་རྗེ་སྒྲུབ་པའི་དམ་ཚིག་གི །ཆོ་ག་རྒྱུད་འགྲེལ་མན་ངག་ལས། །ཇི་ལྟར་བྱུང་བཞིན་བྲིས་པ་ཡིས། །དགེ་བས་འགྲོ་ཀུན་མཆོག་ཐོབ་ཤོག །ཅེས་པ་འདི་ནི། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྟོག་མེད་མཚན་གྱི་ཞབས་རྡུལ་སྤྱི་བོས་ལེན་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། གུར་གྱི་རྒྱུད་དང༌། འགྲེལ་པ་གུར་རྒྱན་ལ་གཞི་བྱས། དེར་ཅུང་མི་གསལ་བ་རྣམས་སློབ་དཔོན་བློ་གྲོས་ཆེན་པོའི་དཀའ་འགྲེལ་ལས་ཁ་བསྐངས་ནས། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། «༄། ཕྱོགས་བཞིའི་གཏོར་མ་གཏོང་ཚུལ་བཞུགས།། »༈ །གུར་གྱི་ཕྱོགས་བཞིའི་གཏོར་མའི་བཤད་པའི་ཁུངས་རྡོ་རྗེ་གདན་བཞི་ནས་བཤད་པ་ཡིན་ལ། དེ་སློབ་དཔོན་མི་ཐུབ་ཟླ་བས་ཀྱེ་རྡོར་གྱི་སྐབས་སུ་ཚུར་དྲངས་པ་ཡིན་ནོ། །འདི་ལ་དཀྱིལ་འཁོར་དང་འབྲེལ་པ་དང༌། མ་འབྲེལ་པ་བྱེད་པའི་ལུགས་གཉིས། དང་པོ་གུར་གྱི་ཕྱོགས་བཞིའི་གཏོར་མ་ལྟ་བུ་ཡིན་ལ། གཉིས་པ་ནི། འཇིག་རྟེན་དུ་ཕ་རོལ་གྱི་དམག་དང༌། ནད་ཡམས་དང༌། མུ་གེ་དང༌། ཐན་པ་ལ་སོགས་པ་བྱུང་བ་དང༌། བྱུང་གིས་དོགས་པའི་དུས་སུ་བྱ་ལ། དེ་ལ་དཀྱིལ་འཁོར་གུར་ལྟ་བུ་དང་འབྲེལ་པའི་དུས་སུ་བྱེད་ན། ཕྱོགས་བཞིའི་མཎྜལ་གྱི་ཚོམ་བུའི་དབུས་མ་བཞི་པོ་རིམ་པ་བཞིན། རྣམ་སྣང༌། རིན་འབྱུང༌། འོད་དཔག་མེད་དང༌། དོན་གྲུབ་ཀྱེ་རྡོ་རྗེར་བསྐྱེད་དགོས་ཏེ། དེའང་ལྷ་དེ་དང་དེར་ཡིན་སྙམ་པ་ཙམ་ལས། སྐུ་མདོག་ཕྱག་མཚན་གསལ་གདབ་མི་དགོས་སོ། །དཀྱིལ་འཁོར་དང་མ་འབྲེལ་པར་སྔར་བཞིན་བཤད་པའི་དུས་སུ་བྱེད་ན། རང་ཀྱེ་རྡོ་རྗེའི་བདག་བསྐྱེད་རྒྱས་པར་བྱས་པའམ་དེ་མ་གྲུབ་ནའང༌། རྡོ་རྗེ་རྣམ་འཇོམས་ལྟ་བུའམ། སྤྱན་རས་གཟིགས་ཀྱི་བདག་བསྐྱེད་བྱས་ནས་བཟླས་པ་བྱ། དེ་ནས་ཕྱོགས་བཞིའི་གཏོར་མ་བྱས་པས་ཆོག་གོ །དེའང་རྒྱས་པར་བྱེད་ན། འཕགས་པས་མཛད་པའི་ཕྱོགས་བཞི་གཏོར་མའི་ཡིག་ཆ་བཞིན་བྱ། འབྲིང་དུ་བྱེད་ན་གུར་གྱི་ལྷན་ཐབས་བཞིན་བྱའོ། །གང་ལྟར་ཡང་ཚོམ་བུ་དབུས་མ་དེ་རྣམས་རང་གི་བདག་བསྐྱེད་གང་བྱས་པའི་ལྷར་མོས་པར་བྱའོ། །གུར་གྱི་ཕྱོགས་བཞི་གཏོར་མའི་སྔོན་དུ་བྱས་པའི་རྐང་སྟབས་བྱའོ། །བགེགས་བསྐྲད་པ་ནི། རང་ཉིད་སྒོའི་སློབ་དཔོན་དང་བཅས་པས། པད་སྐོར་རིམ་གྱིས་རྒྱ་ཆེར་བསྐོར་བས་གཡས་རྡོ་རྗེ་གསོར་ཞིང༌། གཡོན་དྲིན་བུ་དཀྲོལ་བ་དང་བཅས་པས། དང་པོར་སློབ་དཔོན་གྱིས་གཡས་བསྐུམ་གཡོན་བརྐྱང༌། གཡས་བརྐྱང་ལ་གཡོན་བསྐུམ་པའི་རོལ་པའི་སྟབས་བརྐྱང་བསྐུམ་པ་དང༌། གཡོན་བརྐྱང་ལས་གཡས་བསྐུམ་པའི་རོལ་པའི་བརྐྱང་བསྐུམ་པ་སྟེ་ཧཱུྃ་ཞེས་པའི་སྔགས་དང༌། རྡོར་སེམས་ཀྱི་ཕྱག་ཆེན་གྱིས་དབུས་དང་འོག་གི་བགེགས་རྣམས་བསྐྲད་པར་བྱའོ། །དེ་ནས་ཤར་སྒོ་བས། པུས་མོ་གཉིས་གཤིབས་ནས་ས་ལ་བཙུགས། ལག་པ་སྤྱི་བོར་ཐལ་མོ་སྦྱར་བ། པུས་སྟབས་དང༌། རྐང་པ་གཉིས་མཐོ་ཀོང་གི་བར་དུ་སྟན་ལ་བཀོད་ལ། ཙོག་པུར་གནས་པས་ཙོག་པུ་དང༌། རྐང་པ་གཡས་བཏེག་ནས་གཡས་སུ་བསྐོར་བས་བསྐོར་བའི་སྟབས་དང༌། གཡོན་བཏེག་ནས་གཡོན་དུ་བསྐོར་བ་ལྡོག་པའི་སྟབས་དང༌། རྡོ་རྗེ་བསྡམས་པའི་ཐལ་མོ་སྤྱི་བོར་བཞག་སྟེ། ཨོཾ་ཧཱུྃ་ཕཊ། ཅེས་པས་ཤར་གྱི་བགེགས་གཞོམ། དེ་ནས་ལྷོ་པས་སྒེག་མོའི་ཕྱག་རྒྱས་པུས་མོ་གཉིས་ས་ལ་བཞག་པའམ། རྐང་པ་གཡོན་པའི་མཐིལ་ས་ལ་བཞག གཡས་པའི་པུས་མོ་ས་ལ་རེག་པ། མི་གཡོ་བའི་སྟངས་སྟབས་ལྟ་བུས་པུས་རེག་དང༌། རྐང་པ་གཡས་པ་ས་ལ་བཞག་སྟེ། གཡོན་པས་འགོམ་པའི་ཚུལ་གྱིས་འགྱིང་བག་གིས་ཡར་བཏེག་པ་གཡོན་འདེགས་སྟབས་དང༌། རྐང་པ་གཅིག་བཏེག་སྟེ་རྐང་པ་གཅིག་བསྐོར་བ་རྐང་གཅིག་གིས་བསྐོར་སྟབས་དང༌། གཡོན་གཡས་ཀྱི་པུས་མོ་དང་སྦྱར་བས་བཞག་ནས་བསྐོར་བའམ། རང་གི་ཁ་གདངས་ཞིང་ལག་པ་གཡོན་པ་གདོང་དུ་བརྐྱང་ནས་གཡས་རྒྱབ་ཀྱི་སྟེང་དུ་འཕྱར་བ་སེང་གེའི་སྟབས་ཀྱིས་ཕྱིར་ལོགས་ནས་མཆོང་པ་སེང་གེའི་མཆོངས་སྟབས་དང༌། ཨོཾ་ཨཱཿཧཱུྃ་ཕཊ། ཅེས་པས་ལྷོ་སྒོའི་བགེགས་བསྐྲད། ནུབ་སྒོ་བས་གཡས་བརྐྱང་གཡོན་བརྐྱང་ས་ག་བཟླུམ་པོའི་སྟབས་དང༌། རྡོ་རྗེ་ཐལ་མོ་སྙིང་གར་བཙིར་བས། ཨོཾ་ཧཱུྃ་ཨོཾ་ཨཱྃ་ཨེ་ཕཊ། ཅེས་པས་ནུབ་སྒོའི་བགེགས་བསྐྲད། བྱང་སྒོ་བས་མཉམ་པ་མཐུན་པའི་སྟབས་དང༌། གཡས་པའི་མཐིལ་གཡོན་པའི་བོལ་ལ་སྦྱར་བ་མི་མཐུན་པའི་སྟབས་དང༌། རྐང་གཅིག་ལས་རྐང་གཡས་བསྐུམ་པ་གཅིག་བསྡུས་དང༌། གཡོན་བསྐུམ་པ་གཡོན་སྤྱད་དམ་གཡོན་བསྐྱོད་པའི་སྟངས་སྟབས་དང༌། དྲིལ་བུ་དཀྲོལ་རྡོ་རྗེ་བསྐོར་ཞིང་གསོར་བས་འཕེན་པའི་སྟབས་ཀྱིས། ཨོཾ་ཧ་ན་མཱ་ར་དུཥྚན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་ཨ་ཧཱུྃ་ཧྲཱི་ཕཊ། ཅེས་པས་བྱང་བགེགས་བསྐྲད་དེ། ཐམས་ཅད་ལ་གཞི་བཅའ་པད་སྐོར་རྡོར་དྲིལ་གསོར་ཞིང་དཀྲོལ་བ་སྔོན་དུ་འགྲོ་བར་བྱའོ། །ཕྱོགས་ཀྱི་གཏོར་མ་སྦྱིན་པ་ནི། ཁ་སྐོང་ངམ་ཟུར་འདེབས་ལྟར་ཉམས་སུ་བླང་ངོ༌།།  །།« ༄། །དཔལ་ནག་པོ་ཆེན་པོའི་སྒྲུབ་སྐོར་རྣམས་ཀྱི་དཀར་ཆག་བཞུགས་སོ།།  »༈ །བླ་མ་དང་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ས་སྐྱ་པའི་མན་ངག་ནག་པོ་ཆེན་པོའི་སྒྲུབ་སྐོར་ལ། བླ་མ་འབྲོག་མི་ལོཙྪ་བ་ནས་བརྒྱུད་པ། བླ་མ་བ་རི་བ་ནས་བརྒྱུད་པ། བླ་མ་མལ་ཇོ་ནས་བརྒྱུད་པ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའོ། །དང་པོ་ནི་རྡོ་རྗེ་གུར་ལེའུ་བཅོ་ལྔ་པར་སྒྲུབ་ཐབས་གསུངས་ལ། དེའི་འགྲེལ་པ་གུར་རྒྱན་དུ། བསྙེན་སྒྲུབ་ལས་སྦྱོར་གསུམ་ཚང་བའི་མན་ངག་ཅིག་བཤད། འདི་ལ་མན་ངག་གཟུར་པ་གཅིག་ཡོད་ཀྱང་གུར་རྒྱན་ལས་ཕྱུང་བ་ཡིན་ནོ། །ལས་ཚོགས་ལ། གཞན་གྱི་རིག་སྔགས་དང་རྦོད་གཏོང་བཟློག་པའི་མན་ངག རྨི་ལམ་ངན་པ་དང་ལྟས་ངན་པ་བཟློག་པའི་མན་ངག སྲུང་འཁོར་བྲིས་ནས་རང་བསྲུང་བའི་མན་ངག་དང་གསུམ་མོ། །དང་པོ་ལ་དབྱེ་ན། བསྲུང་བཟློག་བསད་གསུམ་གྱི་མན་ངག་གསུམ་དུ་འགྱུར་རོ། །གཉིས་པ་ལ་བྲམ་ཟེ་ཆོག་སྲེད་ཀྱི་སྒྲུབ་ཐབས་རྩོད་མེད་སྒྲུབ་ཐབས་བརྒྱ་རྩ་ན་བཞུགས་ལ། དེའི་ས་བཅད་རྗེ་བཙུན་གྱི་སྒྲུབ་ཐབས་བརྒྱ་རྩའི་ཊཱི་ཀའི་ནང་ན་ཡོད་ཅིང༌། དེ་རྣམས་ཀྱི་ལུང་དང་རྗེས་གནང་དིང་སང་གི་བར་དུ་མ་ཆད་པར་ཡོད་དོ། །བརྒྱུད་པ་གསུམ་པ་ནི། བླ་ཆེན་མལ་ནས་བརྒྱུད་པ་འདི། མན་ངག་གཞན་ལས་རྒྱས་ཤིང༌། མངའ་རིས་སྟོད་དུ། བོན་པོ་མང་པོ་ལ། དྲག་པོའི་ལས་སྦྱོར་བྱས་ཤིང༌། མན་ངག་གི་ལག་ལེན་མ་ཉམས་པར་ཡོད་པས། བརྒྱུད་པ་རྣམས་ལ་འདི་ཐུགས་གཙིགས་ཆེ་བར་མཛད་དོ། །འདི་ལ་རྐྱང་སྒྲུབ་དང་སྦག་སྒྲུབ་གཉིས་སོ། །དང་པོ་ལ་གསུམ། ཕོ་རྐྱང་དུ་སྒྲུབ་པ་དང༌། མོ་རྐྱང་དུ་སྒྲུབ་པ་དང༌། འཁོར་རྐྱང་དུ་སྒྲུབ་པའོ། །དང་པོ་ལ་ཚོགས་བདག་གི་ཚུལ་དུ་སྒྲུབ་པ་བདག་མགོན་པོར་བསྐྱེད་པ་ལ་ཟེར། བཀའ་སྡོད་ཀྱི་ཚུལ་དུ་སྒྲུབ་པ་རང་ཡིད་དམ་དུ་བསྐྱེད་ནས་མདུན་དུ་མགོན་པོ་བསྐྱེད་པ་ལ་ཟེར། འདི་གཉིས་ཀ་ལ་མགོན་པོ་རྐྱང་པ་བསྒོམས་ནས་བསྙེན་སྒྲུབ་ལས་སྦྱོར་སོ་སོར་བྱེད་པའི་གདམས་ངག་དང༌། བསྙེན་སྒྲུབ་སྦྲགས་ནས་བྱེད་པའི་མན་ངག་གཉིས་གཉིས་ཡོད། འདིའི་ལས་ཚོགས་ལ་གཏོར་མ་མེད་པར་ཁ་ཟས་ལ་བརྟེན་ཏེ་དགྲ་བསད་པ། དགྲ་བགེགས་ཚོགས་སུ་ཟ་བ། བྱད་ཤ་སྦགས་པ། བཟླས་པའི་མན་ངག སྲོག་འཕྲོག་པ་ལ་སོགས་པ་བཞི་ཡོད་དོ། །གཉིས་པ་མོ་རྐྱང་ལ། ཞི་བ་ནང་པའི་སྒྲུབ་པ་ཅེས་པ་དང་བྲམ་ཟེ་མཆོག་སྲེད་ཀྱིས་བསྟོད་པ་རྐང་པ་བརྒྱད་པ་ལ་བརྟེན་ནས་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ཅིག་ཡོད་དོ། །དྲག་པོའི་གསང་སྔགས་ཕྱི་བའི་སྒྲུབ་ལུགས་ཞེས་པ། སློབ་དཔོན་ལོ་ཀ་ཤྲཱིས་བསྒྱུར་བའི་གཞུང་དང༌། དེ་ལ་བརྟེན་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་ལས་བཞི་ཁ་སྦྱོར་གྱི་མན་ངག་ཟུར་ཙམ་ཅིག་དང་བཅས་པ་ཡོད་དོ། །འདི་རིག་པ་མཆོག་གི་རྒྱུད་ན་གསལ་བར་བཞུགས་ཤིང༌། ལྷ་མོ་ནག་མོའི་གཟུངས་བ་རི་བས་བསྒྱུར་བ་དང༌། གདན་བཞིའི་ལྷག་གཏོར་གྱི་སྐབས་སུ་བཤད་པས་བསྟན་སྲུང་ཆེན་མོ་ཡིན་ལ། བླ་མ་རྔོག་པ་རྣམས་དུད་སོལ་ལྷ་མོ་ཞེས་པའི་མཚན་དང༌། སྔར་གྱི་ལོ་ཀ་ཤྲཱིས་བསྒྱུར་བའི་གཞུང་ལ། བླ་མ་ནཱ་རོ་པས་མཛད་པའི་ལྷ་མོའི་གསང་སྒྲུབ་ཅེས་པར་འདོགས་སོ། །གསུམ་པ་འཁོར་རྐྱང་ལ། མོན་པ་མིང་སྲིང་གི་སྒྲུབ་ཐབས་དང༌། ལས་མགོན་ཟངས་གྲི་ཅན་གྱི་སྒྲུབ་ཐབས་གཉིས་སོ། །དང་པོ་ལ། མོན་པ་མིང་སྲིང་ལྔའི་སྒྲུབ་ཐབས་ཚིགས་བཅད་མ་མདོར་བསྡུས་ཅིག་དང༌། དེ་ལ་བརྟེན་ནས་དམ་པ་ཀུན་དགའ་གྲགས་ཀྱི་བསྙེན་སྒྲུབ་ལས་གསུམ་ཐན་འགྱེད་དང་བཅས་པ། བརྒྱུད་པའི་ལོ་རྒྱུས། རྗེས་གནང་གི་ཡི་གེ་རྣམས་ཡོད་དོ། །ལས་མགོན་གྱི་སྒྲུབ་ཐབས་ལ་བསྙེན་སྒྲུབ་ལས་གསུམ་ཚང་བར་ཡོད་དོ། །གཉིས་པ་སྦག་སྒྲུབ་ལ་གཉིས། ལྕམ་དྲལ་སྦག་སྒྲུབ་དང༌། མཁའ་འགྲོ་སྦག་སྒྲུབ་བོ། །དང་པོ་ལ། མགོན་པོ་དང་ལྷ་མོ་ལྷན་ཅིག་ཏུ་བསྐྱེད་པ་ལ། བསྙེན་པ། སྒྲུབ་པ། ལས་སྦྱོར། དྲག་པོའི་སྦྱིན་སྲེག་ཟུར་དུ་ཁ་འཕངས་པ་དང་བཅས་པ་བླ་མ་ཆོས་ཀྱི་རྒྱལ་པོས་མཛད་པ། དེའི་རྗེས་གནང་གི་ཆོ་ག་འདམ་དུ་སྦྱར་བ་དང་གཉིས་ཡིན། ལམ་གྱི་ཡན་ལག་ལ། བརྟེན་གཏོར་གྱི་མན་ངག གཏོར་མ་ལ་བརྟེན་ཏེ་དགྲ་བགེགས་བསད་པ། གསང་རྟེན་ལུས་ལ་བཅང་བ། དེའི་དམིགས་པ་ཟབ་མོ་ཞིག་རྣམས་ཡོད་དོ། །མཁའ་འགྲོ་སྦྲག་སྒྲུབ་ལ་འཇམ་ཞིང་ཞི་བའི་ལས་ལ་ཡུན་བསྲིངས་ཏེ་སྒྲུབ་པ། མྱུར་བར་འདོད་ན་དཀྱིལ་འཁོར་ལ་རྟེན་ཏེ་རྩུབ་མོར་སྒྲུབ་པ། ཤིན་ཏུ་མྱུར་བར་ཞག་བདུན་ནས་རྩལ་ཆེན་གྱི་ལས་རྫོགས་པ། རྒྱུན་དུ་བརྟེན་པ་ཞི་དྲག་ཕྱེད་མར་བསྒྲུབ་པ་སྟེ་མན་ངག་བཞི། འདི་དག་རེ་རེ་ལ། བསྙེན་པ། སྒྲུབ་པ། ལས་ལ་སྦྱར་བ་སྟེ་གསུམ་གསུམ་ཡོད་དོ། །སྒྲུབ་པའི་སྐབས་སུ། མཁའ་འགྲོ་འཁུ་ལྡོག་སྤངས་པའི་མན་ངག ལས་སྦྱོར་ལ་བསད་པའི་ལས་དགུའོ། །འདིའི་མན་ངག་ལ། མགོན་པོའི་དྲིས་སྐུ་བྲི་བའི་མན་ངག ལྡེར་སོ་བཞེངས་པའི་མན་ངག འཁོར་ལོ་ལྔ་ལ་བརྟེན་པའི་བསམ་གཏན་གྱི་ལས་སྦྱོར་རྣམས་ཡོད་དོ། །ལྕམ་དྲལ་དང་ལས་མགོན་གསུམ་གཙོ་འཁོར་དུ་སྒྲུབ་པ་ལ། བསྙེན་སྒྲུབ་ལས་གསུམ་གྱི་མན་ངག རྩ་གསུམ་ལ་བརྟེན་པའི་བསམ་གཏན་གྱི་ལས་སྦྱོར་རྣམས་ཡོད་དོ། །བཞི་པ་ཁ་ཆེ་པཎ་ཆེན་གྱི་མན་ངག་ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་གནང་བ། བྲམ་ཟེ་མཆོག་སྲེད་ཀྱི་གཞུང་དང༌། དེའི་མན་ངག་གསང་སྒྲུབ་སྤུ་གྲི་སྐོར་གསུམ་ཞེས་པའི་ཆུང་ངུ་ཞིག་ཡོད་དོ། །སྔོན་གྱི་རྩ་བའི་མན་ངག་འདི་རྣམས་ལས་གཞན་ལྷག་པ་དང་ཆད་པ་མེད་དོ། །འགྲོ་མགོན་ཆོས་ཀྱི་རྒྱལ་པོའི་སློབ་མ། རྒ་རས་པས་གུར་མགོན་ཁྲོ་བཅུའི་མན་ངག དེ་ལ་བརྟེན་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་བྱས་སོ། །དམ་པ་ཀུན་དགའ་གྲགས་ཀྱིས། སྤྱིར་མགོན་པོ་ལ་དབྱེ་ན། ཆོས་སྐུ་སྐྱེ་མེད་ཀྱི་མགོན་པོ། ལོངས་སྐུ་རིགས་ལྔའི་མགོན་པོ། སྤྲུལ་སྐུ་འཇིག་རྟེན་གྱི་མགོན་པོ་དང་གསུམ་ལས། དང་པོའི་སྒྲུབ་ཐབས་ནི། དེ་ཁོ་ན་ཉིད་བསྒོམས་པ་ལས་བྱུང་བའི་རྟོག་པ་ཡིན་པས་འདིར་མི་བརྗོད། གཉིས་པ་ནི། གུར་མགོན་རིགས་ལྔའི་དཀྱིལ་ཆོག་ཚིགས་བཅད་མ་བྲམ་ཟེས་མཛད་པ། དེའི་རྗེས་འབྲང་སིནྡྷཱུ་རའི་དཀྱིལ་འཁོར་དུ་དབང་བསྐུར་བ་སྒྲུབ་ཐབས་དང་བཅས་པའོ། །གསུམ་པ་ལ། མགོན་པོའི་བྱུང་ཚུལ། ལྷ་མོའི་བྱུང་ཚུལ། དེའི་སྒྲུབ་ཐབས་ལ་རྐྱང་སྒྲུབ་དང་སྦྲག་སྒྲུབ་གཉིས་ཀྱི་དང་པོ་ལ། ཕོ་རྐྱང་དུ་སྒྲུབ་པ་དམ་པས་མཛད་པ། དེའི་ཡན་ལག་སྲུང་བ་སྐུ་གསུང་ཐུགས་མི་འགྱུར་བའི་གོ་ཆ། མོ་རྐྱང་དུ་སྒྲུབ་པ་དམ་པས་མཛད་པ། འཁོར་རྐྱང་དུ་སྒྲུབ་པ་ལ། མོན་པ་མིང་སྲིང་ལྔར་སྒྲུབ་པ་སྔར་བསྟན་ཅིང༌། མིང་སྲིང་དུ་སྒྲུབ་པ་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྒྲུབ་ཐབས་གཏེར་མ། དེའི་མན་ངག་བསྙེན་སྒྲུབ་ལས་གསུམ་དམ་པས་མན་ངག་ཏུ་བཀོད་པ། པུ་ཏྲའི་མདོས་བྱང༌། མོན་པ་མིང་སྲིང་གསུམ་ལ་བརྟེན་པའི་ཐན་འགྱེད་རྣམས་སོ། །སྦག་སྒྲུབ་ཀྱི་ལྕམ་དྲལ་སྦག་སྒྲུབ་ལ། བསྐང་བ་རྒྱས་བསྡུས་གཉིས་དམ་པས་མཛད་པ། བསྐང་བ་འབྲིང་པོ་དམ་པ་ཀུན་དགའ་དཔལ་གྱིས་མཛད་པ། མགོན་པོའི་དགྲ་བཟློག་ཀུན་དགའ་གྲགས་ཀྱིས་མཛད་པ། བྲམ་ཟེ་མཆོག་སྲིད་ཀྱིས་མཛད་ཟེར་བའི་བཞི་བཅུ་མདོས། བླ་མ་སྤྱན་གྱིས་མཛད་ཟེར་བའི་དགུ་མདོས། རྟེན་ཏུ་རྟ་གཡག་སོགས་ཟུང་འཛུགས་པའི་གདམས་ངག ཡོན་བདག་ལ་བཀའ་བསྒོ་བྱེད་པའི་གདམས་ངག གཏོར་མ་ཟོར་དུ་འཕེན་པའི་གདམས་ངག་རྣམས་སོ། །མཁའ་འགྲོ་སྦག་སྒྲུབ་ལ། ལྷ་བརྒྱད་རྩུབ་མོར་སྒྲུབ་པའི་བསྙེན་སྒྲུབ་ལས་གསུམ། ཀུན་དགའ་དཔལ་གྱིས་མཛད་པའི་ལྷ་བརྒྱད་ཀྱི་རྗེས་གནང༌། གཏོར་མ་གསུམ་གྱི་མན་ངག་རྣམས་སོ། །ཡང་དམ་པའི་སློབ་མ་རོང་མི་ལྦ་བ་ཅན་གྱིས་ཐུན་མོང་མ་ཡིན་པའི་གདམས་ངག་གུར་མགོན་གནྫ་ལུགས་སུ་གྲགས་པ་ལ། གུར་མགོན་ལྷ་ལྔའི་དབང་བསྐུར། དེའི་མངོན་རྟོགས། གཏོར་བསད། ཞལ་ཧོམ། བསད་ལས་བདུན་པ་རྣམས་སོ། །ཡང་དམ་པའི་སློབ་མ་ཕིཾ་ཕག་རྡོ་རྗེ་དཔལ། ཁམས་པ་བཀྲ་ཤིས་སེང་གེ ས་སྐྱ་པ་རྡོ་རྒྱལ་ལས་བརྒྱུད་པའི་ལྷ་བརྒྱད་ཀྱི་རྗེས་གནང་ལ་དམིགས་པ་གཅིག་གཏའ་གཏོར། རྟེན་གཏོར། རྒྱུན་གཏོར། གསུམ་ལ་བརྟེན་ནས། བསྙེན་སྒྲུབ་ལས་གསུམ། སྒྲུབ་པའི་གདམས་ངག དེའི་ཞལ་ཤེས་གཅིག་དང་གསུམ་ཡོད་དོ། །ཅེས་པའི་འདི་ནི་དངུལ་ཆུའི་ཆོས་རྫོང་གི་བླ་མ་འཕགས་པའི་དོན་དུ། དགེ་སློང་ཀུན་དགའ་བཟང་པོས་བཀོད་པའོ།།  །། «༄། །གུར་གྱི་མགོན་པོའི་སྒྲུབ་ཐབས་རྒྱུད་ལས་བྱུང་བ་བཞུགས་སོ།། » ༈ །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ནག་པོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ཧཱུྃ་གི་ཡི་གེ་ལས་སྐྱེས་པ། །ཕྱག་གཉིས་པ་དང་ཞལ་གཅིག་ལྡན། །ཁ་དོག་ནག་ཅིང་ཆེར་འབར་བ། །གྲི་གུག་ཐོད་པ་འཛིན་པ་པོ། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་བ་ཆེན་པོས་འཇིགས་པར་བྱེད། །གཟུགས་ཐུང་གཟི་བརྗིད་ཆེན་པོ་ཉིད། །ཁ་ནས་ཁྲག་ནི་འཛག་པ་སྟེ། །སློབ་དཔོན་ལ་རྟག་གང་སྡང་དང༌། །གང་ཞིག་དཀོན་མཆོག་གསུམ་ཁྲོ་དང༌། །སེམས་ཅན་དུ་མ་གསོད་པ་རྣམས། །ནག་པོ་ཆེན་པོས་ཟ་བར་བྱེད། །རང་གི་ལག་གཡས་ཤ་གཅོད་བྱེད། །ཁྲག་གི་རྒྱུན་ནི་འཐུང་བར་བྱེད། །དེ་ནས་སྤྱི་བོར་འདི་འདུག་ནས། །དེ་ནི་ཏིལ་ཙམ་གཅོད་པར་བྱེད། །མོན་སྲན་གྲེ་དང་ཛམྦུ་ཏི། །མེ་ཏོག་བདུག་པ་བྱུག་པ་ཆང༌། །ཤ་ལྔ་ཉིད་དང་བདུད་རྩི་ཡིས། །ནག་པོ་ཆེ་ལ་གཏོར་མ་སྦྱིན། །སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ། ཚ་བ་གསུམ་གྱི་གཟུགས་བརྙན་ནི། །བྱས་ནས་ལུས་ལ་ཚེར་མས་དགང༌། །དུག་དང་སྐེ་ཚེ་སོགས་ཀྱིས་བྲིས། །དེ་ནི་གང་གི་མིང་གིས་ནི། །དེ་ནས་མེ་ལ་གདུང་བར་བྱ། །དེ་ཡི་དུས་ན་མི་སྣང་འགྱུར། །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་རྒྱུད་ལས་ཕྱུང་བ་རྫོགས་སོ།།  །།རྗེ་བཙུན་འབྲོག་མི་ལས་བརྒྱུད་པའི་མན་ངག་རྗེ་ས་སྐྱ་པ་ཡབ་སྲས་ལ་བབས་པའོ།། །། «༄༅། །ནག་པོ་ཆེན་པོའི་མན་ངག་གུར་རྒྱན་ལས་འབྱུང་བ་བཞུགས་སོ།།  »༈ །དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ནག་པོ་ཆེན་པོ་བསྐྱེད་པའི་མངོན་པར་རྟོགས་པ་ནི་འདི་ཡིན་ཏེ། ཧཱུྃ་ལས་རང་ལྷའི་སྐུར་བསྒོམས་པར་བྱས་ནས། སྙིང་གར་པདྨ་དང་ཉི་མའི་སྟེང་དུ། རང་གི་ས་བོན་བསམས་ལ། དེ་ལས་འོད་བྱུང་སྟེ། ཚོགས་ཀྱི་ཞིང་སྤྱན་དྲངས་ཤིང་མཆོད་པ་དང༌། དེའི་སྤྱན་སྔར་ཡན་ལག་བདུན་བྱ་བ་དང༌། ཚད་མེད་བཞི་བསྒོམ་པ། ཡེ་ཤེས་ཀྱི་ཚོགས་བསག ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའི་བར་བྱས་ལ། དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པའམ། མ་བསྒོམས་ཀྱང་རུང་སྟེ། པདྨ་དང་ཉི་མའི་སྟེང་དུ། རང་ས་བོན་ལས་བསྐྱེད་ཀྱང་རུང༌། ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་སྟེ། དེ་སྤྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་བསྐྱེད་ཀྱང་རུང་སྟེ། ཧཱུྃ་གི་ཡི་གེ་ལས་བསྐྱེད་པ། །ཕྱག་གཉིས་པ་དང་ཞལ་གཅིག་ལྡན། །ཁ་དོག་ནག་ཅིང་ཆེར་འབར་བ། །གྲི་གུག་ཐོད་པ་འཛིན་པ་པོ། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་བ་ཆེན་པོས་འཇིགས་པར་བྱེད། །གཟུགས་ཐུང་གཟི་བརྗིད་ཆེན་པོ་ཉིད། །ཞབས་གཉིས་མཉམ་པའམ། ཟླུམ་པོའི་སྟབས་ཅན་གང་རུང་གིས་དམ་ཚིག་སེམས་དཔའ་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་འཁོར་ལོ་དགུ་གཞུག་བྱ། དབང་བསྐུར་ནས་རིགས་ཀྱིས་བདག་པོས་«་་་་་མི་བསྐྱོད་པ་»རྒྱས་བཏབ་ལ། སྙིང་གར་ཉི་མའི་སྟེང་དུ་ས་བོན་ལ་རང་གི་སྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་འབུལ་ཕྲག་བདུན་ནམ།«་་་་་འབྲུ་འབུམ་དུ། »འབུམ་ཕྲག་ལྔ་བཅུ་ང་དྲུག་བཟླས་«་་་་་འབྲུ་འབུམ་བརྒྱད་འགྱུར། »པ་ནི་བསྙེན་པའོ། །དེ་ནས་སྒྲུབ་པ་ནི། བསྒྲུབ་བྱ་གདུག་པ་ཅན་དེའི་སྤྱི་བོར་འདུག་པར་བསམས་ཏེ། གཡས་ཀྱི་གྲི་གུག་གིས་ཤ་བཅད་ཅིང་ཟ་བ། གཡོན་གྱི་ཐོད་པས་ཁྲག་འཐུངས་པར་བསམ། དེ་བཞིན་དུ་སྙིང་ག་ནས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་པས་དགྲ་བགེགས་ཀྱི་ཤ་ཟ་ཁྲག་འཐུངས་པར་ཡང་བསམ་མོ། །དེའི་དུས་ཀྱི་གཏོར་མ་ཤ་ལྔ་བདུད་རྩི་ལྔ་དང་བཅས་པ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། སྔགས་རིང་གིས་དབུལ་ལོ། །ལས་སྦྱོར་ནི། དེའི་བཟླས་བསྒོམ་གཉིས་ཀྱིས་མ་གྲུབ་ན། དགྲ་བོའི་རྐང་རྗེས་ཀྱི་རྡུལ་དང༌། བག་ཟན་ལ་ཚ་བ་གསུམ་དང་བསྲེས་པ་ལ་ལིངྒ་བྱས་ལ། དུག་དང་སྐེ་ཚེ་ལ་སོགས་པ་དྲག་པོའི་རྫས་ཀྱིས། དེའི་མིང་མཱ་ར་ཡ་ཕཊ་དང་བཅས་པ་བྲིས་ཏེ་ལིངྒའི་སྙིང་གར་གཞུག དེ་ནས་ལིངྒ་དེ་ལ་སྤྲ་ཚིལ་གྱིས་གཡོགས་ནས་ལུས་ལ་ཚེར་མས་དགང༌། དེ་ནས་བསྒྲུབ་བྱ་དགུག་གཞུག་ལན་མང་དུ་བྱས་ཏེ། སྔགས་རིང་གི་མཐར་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བཟླས་ཤིང༌། འབྲས་ཕུབ་ཀྱི་མེ་ལ་ཇི་སྲིད་སྤྲ་ཚིལ་མ་ཞུའི་བར་དེ་སྲིད་དུ་གདུང་བར་བྱའོ། །དེ་ལྟར་ཞག་བདུན་བྱས་ནས། ཟླ་བ་ཕྱེད་ཀྱི་བར་དུ་གདུངས་ན་གདུག་པ་ཅན་དེ་ངེས་པར་འཆི་བར་འགྱུར་རོ། །ནག་པོ་ཆེན་པོའི་མན་ངག་གུར་རྒྱན་ལས་བྱུང་བ་རྫོགས་སོ།།  །། «༄། །གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་ངག་འདོན་བཞུགས་སོ།། » ༈ །ཨོཾ་སྭ་སྟི། དཔལ་ས་སྐྱ་པའི་གདམས་ངག་གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ་བྱེད་པར་འདོད་ན། མཆོད་གཏོར་དབུལ་བ་དང༌། བསྙེན་པ་ཚར་བའི་རྗེས་ལ། སློབ་མ་རྣམས་མདུན་དུ་འཁོད་པ་ལ། བླ་མས་འདི་སྐད་བརྗོད་དེ། ཁྱེད་རྣམས་དམ་པའི་ཆོས་རྣམ་དག་བསྒྲུབ་པའི་ཆ་རྐྱེན་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ཞུ་བར་འདོད་པ་དེ་ཤིན་ཏུ་ལེགས། དེའི་རྒྱུ་མཚན་ཡང༌། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང༌། །ཞེས་གསུངས་པ་ལྟར། ཆོས་སྒྲུབ་པའི་གང་ཟག་ཆེས་དཀོན་ཞིང༌། ཆོས་བྱེད་པ་དེ་དག་ལ་བར་དུ་གཅོད་པ་མང་དུ་འབྱུང་བས། བར་ཆད་བསྲུང་བར་བྱེད་པའི་ཆོས་སྐྱོང་ཁྱད་འཕགས་རེ་བསྟེན་དགོས་པ་ཡིན། ཆོས་སྐྱོང་ལ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལས། འཇིག་རྟེན་པའི་ཆོས་སྐྱོང་བསྟེན་ཀྱང་ཚེ་འདིའི་གནོད་པ་ཕྲ་མོ་སེལ་བ་དང༌། ཕན་ཕྲན་ཚེགས་ཙམ་བཏགས་པར་ནུས་ཀྱང༌། བྱང་ཆུབ་མ་ཐོབ་བར་གྱི་འགལ་རྐྱེན་ཞི་བ་དང༌། མཐུན་རྐྱེན་སྒྲུབ་པར་མི་ནུས་པས། བསྟེན་ཀྱང་དོན་ཆུང་བས། འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རེ་བསྟེན་དགོས་པ་ཡིན། འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་ལའང༌། རྒྱུད་ཐ་དད་ནས་བཤད་པ་དུ་མ་ཞིག་ཡོད་ཀྱང༌། འདིར་དཔལ་ཀྱེ་རྡོ་རྗེའི་བཤད་པའི་རྒྱུད། རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་ནས་གསུངས་པའི་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་འདི་བསྟེན་ན། ཡི་དམ་དང་ཆོས་སྐྱོང་གཉིས་ཅིག་ཅར་དུ་འབྱུང༌། བདུད་དང་གཤིན་རྗེའི་འཇིགས་པ་ལས་སྐྱོབ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྟེར་བར་ནུས་པས། སྲུང་མའི་དབང་པོ་འདི་ཆོས་སྐྱོང་དུ་འཛིན་པ་ཤིན་ཏུ་སྐལ་བ་བཟང་བ་ཡིན། དེ་ལ་སྔོན་འགྲོ་སྒྲུབ་པ་པོ་དང༌། ཆོས་སྐྱོང་ངོ་སྤྲོད་པར་བྱེད་པ་རྗེས་གནང་གི་ཆོ་ག་ཁྱད་པར་ཅན་ཅིག་ཐོབ་དགོས་པས་དེ་བསྒྲུབ་པར་བགྱིད། དེ་ལ་དུས་ཁྱད་པར་ཅན་ཉི་ཤུ་དགུའམ། གནམ་སྟོང་གི་དུས་སུ། མཁའ་འགྲོ་ཆོས་སྐྱོང་རྣམས་མཉེས་པར་བྱེད་པའི་ཆོ་ག་རྣམས་བྱ་དགོས་པ་ད་ཅི་ནས་བྱས་ཟིན་པ་དེ་ཡིན། ད་རྗེས་གནང་དངོས་ལ། ཆོ་ག་སྦྱོར་དངོས་རྗེ་གསུམ་གྱི། སྦྱོར་བ་ལ་གསོལ་བ་གདབ་པའི་ཆེད་དུ་མཎྜལ་ཕུལ་མཛོད་ཅེས་དང༌། ད་གསོལ་བ་གདབ་པའི་རྗེས་ཟློས་གསུང་ཅིག གང་གི་དྲིན་གྱིས་ནས། རྡོ་རྗེ་ཅན་ཞབས་པད་ལ་འདུད། །དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །དེ་ལྟར་ལན་གསུམ་གྱིས་གསོལ་བ་བཏབ་པའི་རྗེས་སུ། མདུན་གྱི་ནམ་མཁར་བླ་མ་དང་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་བསམ་པའི་སྤྱན་སྔར་རྒྱུད་དག་པར་བྱ་བའི་ཆེད་དུ། རྒྱུན་བཤགས་བྱ་སྙམ་པའི་བསམས་པས། འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་བརྗོད། དེ་དག་གིས་རྗེས་གནང་གི་སྦྱོར་བའི་ཆོ་ག་ཟིན་ནས། ད་དངོས་གཞི་ལ་སློབ་དཔོན་ཀྱེ་རྡོ་རྗེར་བསྒོམས་ལ། གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། བླ་མ་དམ་པས་བདག་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དོན་དུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ད་སྐུའི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་འཕྲོས་ཁྱེད་རང་གི་ལུས་ལ་ཕོག་པས། ཁྱེད་རང་གི་སྡིག་པ་དང་སྒྲིབ་པ་དང་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱས། ལུས་དྲི་མ་མེད་པར་གྱུར་པའི་སྐད་ཅིག་ལས་པདྨ་དང༌། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་འོད་ཆེར་འབར་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རྡོ་རྗེ་ནག་པོ་དང༌། གཡོན་དུ་ཨེ་ཀ་ཛཱ་ཊིའི་ལྟོ་བར་ལྷ་མོ་དང༌། དེ་དག་གི་མདུན་དུ་ཡ་ལས་ནག་པོ་གནོད་སྦྱིན། དེའི་གཡོན་དུ་བྷྱོ་ལས་ནག་མོ་གནོད་སྦྱིན། དེ་དག་གི་མདུན་དུ་ཏྲི་ལས་པུ་ཏྲ་ནག་པོ་དང༌། བྷ་ཊ། སྲིང་མོ་གསེར་གྱི་སྤུ་གྲི་མ་རྣམས་གཏོར་ཆོག་ལྟར་བསྐྱེད། དེ་ནས་ཁྱེད་རང་གུར་གྱི་མགོན་པོའི་ང་རྒྱལ་གྱིས། སློབ་དཔོན་ཀྱེ་རྡོ་རྗེར་གསལ་བ་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་མགོན་པོ་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་ཆེ་ཆུང་བསམ་གྱི་མི་ཁྱབ་པ་བྱུང་སྟེ། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་ཐིམ། དེ་བཞིན་དུ་རང་བཞིན་གྱི་གནས་ནས་དཔལ་ལྡན་ལྷ་མོ་ལ། ལས་མགོན་ཕོ་ཉའི་ཚོགས་ཀྱི་བསྐོར་བ་དཔག་ཏུ་མེད་པ་བྱོན་ནས། རང་གིས་བསྒོམས་པའི་ལས་མགོན་སོ་སོ་ལ་ཐིམ་པའི་མོས་པ་མཛོད། ཅེས་བརྗོད་ལ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུའམ་ཌཱ་མ་རུའི་སྒྲ་བྱ། རྔ་བརྡུང༌། ཤཱ་ས་ན་བཟླ། གུ་གུལ་བསྲེགས་པས་བདུག་གོ །དེ་ལྟར་བྱིན་གྱིས་བརླབས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐོབ་བོ། །ཁྱད་པར་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྐུའི་རྗེས་གནང་ཐོབ་པས་རང་གི་ལུས་ཀྱི་བར་ཆད་ཐམས་ཅད་ཞི་བར་བྱས་སྙམ་དུ་མོས་པ་མཛོད། སླར་ཡང་གསུང་གི་རྗེས་གནང་གི་དོན་དུ། སློབ་དཔོན་ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་དེ་ལས་སྔགས་ཕྲེང་འཕྲོས་སློབ་དཔོན་གྱི་ཞལ་ནས་འཐོན། ཁྱེད་རང་རྣམས་ནག་པོ་ཆེན་པོར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ནག་པོ་བསྒོམ་པ་ལ་ཐིམ་པར་མོས་ལ། འདི་རྣམས་ཀྱི་རྗེས་ཟློས་མཛོད་ཅིག ཅེས་བརྗོད་ལ། རང་གི་ཕྲེང་བ་ནས་འཛིན་དུ་བཅུག་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་དང༌། ཤཱ་ས་ན་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག་ལ། དེ་བཞིན་དུ་མདུན་ན་བཞུགས་པའི་ལྷ་མོ་ནག་མོ། གནོད་སྦྱིན་ཕོ་མོ། པུ་ཏྲ་མིང་སྲིང་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང༌། རང་རྡོ་རྗེ་ནག་པོ་ཆེན་པོར་བསྒོམས་པའི་ལྟེ་བར་ཐིམ་པས། འཁོར་བཅས་ཐམས་ཅད་དབང་དུ་འདུས་པར་བསམས་ལ། ཨོཾ་རོ་རུ་རོ་རུ་བི་སོགས་ལྷ་མོའི་སྔགས་ལན་གསུམ་དང༌། ཨ་ལི་ཨ་ལི་མ་སོགས་ལན་གསུམ་རྗེས་ཟློས་བྱེད་དུ་བཅུག མཐར་ཕྲེང་བ་དང་མེ་ཏོག་སློབ་དཔོན་ལ་དབུལ་ཞིང༌། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་དུ་གཞུག སློབ་དཔོན་གྱི་མེ་ཏོག་སློབ་མའི་མགོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སྦྱིན་བདག་གམ་རིག་པ་འཛིན་པ་འདི་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་རྗེས་སུ་གནང་བ་ཐམས་ཅད་འཇུག་པར་གྱུར་ཅིག དེ་ལྟར་བརྗོད་ཅིང་དམིགས་པ་བྱས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཞུགས། ཁྱད་པར་དུ་རྡོ་རྗེ་ནག་པོ་ཆེན་པོའི་གསུང་གི་རྗེས་གནང་ཐོབ། རང་གི་ངག་གི་བར་ཆད་ཐམས་ཅད་ཞི་བར་བྱས་སྙམ་དུ་མོས་པ་མཛོད་ཅིག སླར་ཡང་ཐུགས་ཀྱི་རྗེས་གནང་གི་དོན་དུ། སློབ་དཔོན་ལ་མོས་གུས་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་མགོན་པོ་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་ནས་འབྲས་ཙམ་པ་བསམ་གྱིས་མི་ཁྱབ་པ་བྱོན་ཏེ། ཁྱེད་རང་གི་བ་སྤུའི་བུ་གའི་སྒོ་ཐམས་ཅད་ནས་ཞུགས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཞུགས། ཁྱད་པར་རྡོ་རྗེ་ནག་པོ་ཆེན་པོའི་ཐུགས་ཀྱི་རྗེས་གནང་ཐོབ། རང་གི་སེམས་ཀྱི་བར་ཆད་ཞི་བར་བྱས་པ་སྒོམས་ཤིག དེ་དག་གིས་དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གྲུབ་ཟིན་ནས། ད་བཀའ་བསྒོ་བའི་ཆེད་དུ། མདུན་གྱི་ནམ་མཁའི་གནས་སུ་རྩ་བརྒྱུད་ཀྱི་བླ་མ་རྣམས་མངོན་སུམ་བཞིན་དུ་བཞུགས་ནས། སྲུང་མ་རྣམས་ལ་བཀའ་བསྒོ་བ་མཛད་པ་བཞིན་དུ། སློབ་དཔོན་གྱིས་བཀའ་བསྒོ་བྱས་པར་མོས་པ་མཛོད་ཅིག་བརྗོད་ལ། མགོན་པོའི་གཏོར་མ་སློབ་མའི་མགོ་ཐོག་ཏུ་བཞག ལས་མགོན་གྱི་གཏོར་མ་ལག་ཏུ་གཏད་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་སྨཱ་ར་སོགས་དང༌། ཐུན་མོང་མ་ཡིན་པའི་བརྒྱུད་པ། རྡོ་རྗེ་འཆང༌། ཀླུ་སྒྲུབ། པདྨ་འབྱུང་གནས། པཎྜི་ཏ་དྷརྨ་ཕ་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ། ས་ཆེན། རྩེ་མོ། རྗེ་བཙུན་པ། ཆོས་རྗེ་ཁུ་དབོན། ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་བུདྡྷ་ཤྲཱི་རྣམས་ཀྱི་ཐུན་མོང་གི་བརྒྱུད་པ། རྡོ་རྗེ་འཆང༌། མཁའ་འགྲོ་མ་རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲདྡྷྲ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ། ས་ཆེན། རྩེ་མོ། གྲགས་པ། ཆོས་རྗེ་པ། འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་པ། རྗེ་བསོད་ནམས་རྒྱལ་མཚན། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། རྡོ་རྗེའི་སློབ་མ་འདི་ལ་བསྲུང་བ་དང༌། བསྐྱབ་པ་དང༌། འགོ་བའི་ཕྲིན་ལས་མཛོད་ཅིག སྦྱིན་བདག་གམ་སློབ་མ་འདི་ཡི་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད་ཅིག མཐུན་རྐྱེན་ཚེ་དང༌། བསོད་ནམས་དང༌། དཔལ་དང༌། འབྱོར་པ་དང་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། ལྷ་འདྲེ་མི་གསུམ་གྱི་འགྲོ་བ་མང་པོ་དབང་དུ་བསྡུས་ནས། ཟས་གོས་ལོངས་སྤྱོད་ཀྱི་ཕོངས་པ་མེད་པ་ཡིད་བཞིན་དུ་འབྱོར་པ་དང༌། དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང༌། འགྲོ་བ་མང་པོ་ལ་ཕན་ཐོགས་པའི་ཕྲིན་ལས་མཛོད། རིག་པ་འཛིན་པ་འདིས་དམ་པའི་ཆོས་ཚུལ་བཞིན་བསྒྲུབ་པ་ལ་བར་ཆད་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད། སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་མི་འདུལ་བ་མེད་པས། མངོན་སྤྱོད་ཀྱི་ལས་ཀྱིས་ཚར་བཅད་ནས་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད། མདོར་ན་སྦྱིན་བདག་གམ་རིག་པ་འཛིན་པ་འདི་ཡི་ལུས་ལ་གྲིབ་མ་བཞིན་དུ་བཞུགས་ནས། ཅི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་ཕྲིན་ལས་མཛོད་ཅིག །དེ་ནས་མེ་ཏོག་སྤྱི་བོར་བཞག་ལ། མདུན་གྱི་མགོན་པོའི་སྐུ་ལས། དེ་འདྲ་བའི་མགོན་པོའི་སྐུ་མཐེ་བོང་གི་ཚད་ཙམ་དཔག་ཏུ་མེད་པ་འཕྲོས། སློབ་མའི་སྤྱི་བོ་ནས་ཞུགས། སྙིང་གར་ཐིམ་པས། སློབ་མའི་སྙིང་པདྨ་འདབ་བརྒྱད་དུ་གྱུར་པའི་ལྟེ་བར། མགོན་པོ་འབྲལ་མེད་དུ་བཞུགས་པའི་པདྨ་ཁ་ཟུམ་པའི་སྟེང་དུ་རྡོ་རྗེ་ཕྱེད་པས་རྒྱས་བཏབ་པར་བསམ། དེ་ལྟར་བསྒོམས་པས་འདིའི་འཁོར་གྱི་གནོད་པ་དང༌། སྲུང་མ་འདིའི་སྒོ་ནས་གཞན་གྱི་བྱད་བྱས་པ་རྣམས་ཀྱིས་མི་ཚུགས་པའི་གདམས་ངག་དམ་པ་ཡིན། དེ་ལྟར་རྗེས་གནང་གི་དངོས་གཞི་གྲུབ་ནས། ད་རྗེས་ཀྱི་བྱ་བ་མི་འབྲལ་བར་བྱ་བ་ལ། སྒྲུབ་པ་པོས་ཆོས་སྐྱོང་དང་མི་འབྲལ་བའི་ཆེད་དུ། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང༌། བྱེ་བྲག་ཏུ་སྔགས་ཞུས་པའི་བླ་མ་ལ་གུས་པར་བྱ། ཁྱད་པར་ཆོས་སྐྱོང་འདི་ཞུས་པའི་བླ་མ་དང་ཆོས་རྒྱུད་ལ་དད་ཅིང་གུས་པར་བྱ། དེའི་ཡན་ལག་ཏུ་མགོན་པོ་ལ་དུས་རྒྱུན་དུ་གཏོར་མ་འབུལ་བའམ། དེ་མ་གྲུབ་ན་ཟླ་བ་བྱུང་ངོ་ཅོག་གི་ཉི་ཤུ་དགུ་ལ་གཏོར་མ་དབུལ་བར་མཛོད། དེ་ལྟར་བྱས་པས་ཆོས་སྐྱོང་རང་སྒྲུབ་པ་པོ་དང་མི་འབྲལ་བར་ཤུགས་ལས་མཛད་པ་ཡིན་ནོ། །དེ་བཞིན་དུ་གསང་བར་གདམས་པ་ཡང༌། སྤྱིར་གསང་སྔགས་ཀྱི་ཆོས་ཐམས་ཅད་གསང་ནས་ཉམས་སུ་ལེན་དགོས་པ་ལྟར། སྲུང་མ་འདི་ལྟ་བུའི་བསྙེན་སྒྲུབ་བྱེད་པ་དང༌། རྗེས་གནང་སྟོན་ཚུལ་ལ་སོགས་པ་ཡང་དམ་ཚིག་དང་མི་ལྡན་པ་གཞན་ལ་གསང་དགོས་པ་ཡིན། དེ་རྣམས་ཚུལ་བཞིན་དུ་ཉམས་སུ་བླངས་སྙམ་པའི་བསམས་པས། འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་པས་དམ་ཚིག་དང་སྡོམ་པ་བསྡུས་ཏེ་ཁས་བླངས་པར་མོས་པ་མཛོད། དེ་དག་གིས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ལྷ་བརྒྱད་དུ་གྲགས་པའི་རྗེས་སུ་གནང་བ་ཐོབ་པར་བྱས་པའི་ཡོན་དུ་མཎྜལ་དབུལ་བར་མཛོད། ཅེས་བརྗོད་ལ་མཎྜལ་འབུལ་དུ་གཞུག་ཅིང༌། ལུས་ལོངས་སྤྱོད་ཐམས་ཅད་ཀྱང་ཡོན་དུ་ཕུལ་བས་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པ་མཛོད་ལ། འདིའི་རྗེས་ཟློས་གསུངས་ཤིག དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་ལན་གསུམ་བརྗོད་དུ་གཞུག་གོ །དེ་རྣམས་ཀྱིས་ནག་པོ་ཆེན་པོའི་རྗེས་གནང་ཐུན་མོང་མ་ཡིན་པ་གྲུབ་པར་བྱས་པས། རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་མཛོད་ཅིག་བྱས་ལ་བཏང་ངོ༌། །དེ་ནས་གཏོར་མ་ས་གཙང་སར་དོར་བ་སོགས་རྗེས་ཀྱི་བྱ་བ་གཏོར་ཆོག་བཞིན་བྱའོ། །ནག་པོ་ཆེན་པོའི་རྗེས་གནང་ཐུན་མོང་མ་ཡིན་པ་བྱ་ཚུལ། བཀླགས་པས་དོན་གྲུབ་པའི་འདི་སུ་རུང་རུང་ལ་བསྟན་པར་མི་བྱའོ། །བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག།  །། «༄། །དཔལ་ས་སྐྱའི་བཀའ་སྲུང་རྣམས་ཀྱི་གཏོར་མའི་ཆོ་ག་དགྲ་ལས་རྣམ་པར་རྒྱལ་བ་བཞུགས་སོ།། »༈ །དཔལ་ས་སྐྱའི་བཀའ་སྲུང་རྣམས་ཀྱི་གཏོར་མའི་ཆོ་ག་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། བླ་མ་དང་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔའ་བོ་གང་ཞིག་དྲན་པ་ཙམ་གྱིས་ཀྱང༌། །ཕུན་ཚོགས་དངོས་གྲུབ་མཐའ་དག་ཉེར་སྩོལ་ཞིང༌། །བར་ཆད་བདུད་ཀྱི་དགྲ་ལས་རྒྱལ་བྱེད་པའི། །ཁྱབ་བདག་ནག་པོ་ཆེ་ལ་གུས་བཏུད་ནས། །ཐུབ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་ཕྱིར་དང༌། །ཚེ་དང་དཔལ་འབྱོར་བསོད་ནམས་སྤེལ་བ་དང༌། །མི་མཐུན་ཕྱོགས་ཀུན་ཞི་བར་བྱ་ཕྱིར་དུ། །གཏོར་མའི་ཆོ་ག་གཞུང་བཞིན་བཤད་ཀྱིས་ཉོན། །འདིར་བསྙེན་པ་ལས་སུ་རུང་བའི་རྣལ་འབྱོར་པས། །སྲུང་མའི་དབང་པོ་རྣམས་ལ་གཏོར་མ་དབུལ་བར་བྱ་བ་ལ། ཆོ་ག་སྦྱོར་བ། དངོས་གཞི། རྗེས་གསུམ་གྱི་དང་པོ་ནི། གནས་དབེན་པར་སྲུང་མ་རྣམས་ཀྱི་བྲིས་སྐུ་དང༌། རྟེན་བཤམས་པའི་མདུན་དུ། སྟེགས་བུ་རས་བཟང་པོ་དང༌། དར་ཟབ་ཀྱིས་བརྒྱན་པའི་སྟེང་དུ། འབྲུ་སྣ་ཚོགས་ཀྱིས་གཅལ་དུ་བཀྲམ། དེའི་སྟེང་དུ་གསེར་དངུལ་གྱི་སྣོད་དམ། ཟངས་གཞོང་ངམ། མ་འབྱོར་ན་ཤིང་གཞོང་ངམ། རྫ་ལས་ཀྱང་རུང་སྟེ། བསེའི་སྣོད་དུ་ནི་མི་བྱའོ། །སྣོད་དེ་རྣམས་སུ་དང་པོ་འདས་པའི་གཏོར་མ། གཉིས་པ་ནག་པོ་ཆེན་པོ། གསུམ་པ་དཔལ་ལྷ་མོ། བཞི་པ་ལྕགས་ཀྱི་སྣོད་དམ། སྔར་སྨོས་པའི་སྣོད་དུ། མགོན་པོ་གདོང་བཞི་པ། ལྔ་པ་པུ་ཏྲ་མིང་སྲིང༌། དྲུག་པ་མཁའ་འགྲོ་སྤྱི་གཏོར། བདུན་པ་དགོན་གནས་ཀྱི་གཞི་བདག་དབང་ཐོབ་པ་ཡོད་ན་བཤམ། མེད་ན་འདིར་བཤམ་དུ་མི་རུང༌། དེ་ཐམས་ཅད་ཀྱང་ཟན་བཟང་པོ་ལ། འབྲས་དང་གྲོ་ལ་སོགས་པའི་འབྲུ་སྣ་ཚོགས་བསྲེས་པས་སྙིང་པོ་ཟླུམ་པོ་པདྨའི་སྙིང་པོ་ལྟར་ཟླུམ་ཞིང་རྩེ་མོ་ཅུང་ཟད་རྣོ་བར་བྱས་པའི་མཐར། མཐེབ་སྐྱུ་པདྨའི་འདབ་མའི་ཚུལ་དུ་བསྐོར་བར་བྱ་བར་རྡོ་རྗེ་མཆུའི་དམ་ཚིག་གི་གཟུངས་ལས་བཤད་ཅིང༌། གྲུ་གསུམ་སོགས་སུ་བྱ་བ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོས་བཀག་པས་མི་བྱའོ། །བླ་མ་ཀུན་དགའ་གྲགས་ཀྱི་ལག་ལེན་ལ། འདས་གཏོར་མཁའ་འགྲོ་སྤྱི། གཞི་བདག་གསུམ་ཟླུམ་པོ། མགོན་པོ་དང་ལྷ་མོ་གཉིས་ཀྱི་རྩ་བ་གསུམ་གཉིས་མན་ཟླུམ་པོ། སྟོད་སུམ་ཆ་ཟུར་གསུམ་མི་རྣོ་བ། གདོང་བཞི་པ་དེ་དང་འདྲ་བ་ལ་སྙིང་པོའི་ཕྱོགས་བཞིར་ཡུམ་བཞིའི་བཤོས་བུ་ཟུར་གསུམ་མི་རྣོ་བ་བཞི་བྱ། པུ་ཏྲ་ལ་སྙིང་པོ་གྲུ་བཞི་པ། རྩེ་མོ་རིམ་གྱིས་ཕྲ་བར་བྱས་པ་ལ། ཕྱོགས་བཞི་ནས་གྲུ་གསུམ་པ་མཉམ་པོ་བཞི་སྦྱར་བས་ཟུར་བརྒྱད་དུ་བྱས་པ་ལ། གཏའ་གཏོར་ཟུར་བརྒྱད་པ་ཟེར་བས་དེ་ལྟར་བྱ་གསུང་ངོ༌། །གཏོར་མ་ཐམས་ཅད་ལ་མར་དང༌། སྦྲང་རྩི་དང༌། ཐུད་དང༌། བུ་རམ་སོགས་ཟས་བཟང་དགུ་སྣ་ཚོགས་པ་དང༌། གསད་པ་མ་ཡིན་པའི་ཤ་བཙོས་པ་སྣ་ཚོགས་པ་དང༌། བྱེ་བྲག་ཏུ་མགོན་པོ་དང་ལྷ་མོ་ལ་ཁ་ན་མ་ཐོ་བ་མེད་པའི་ཤ་སྣ་ཚོགས་མང་དུ་བཙོས་པ། བག་ཟན་དང་ལྷན་ཅིག་བྱས་པ་ཛམྦུ་ཏི་ཀའི་མཆོད་པ་མང་དུ་བརྒྱན། གཞན་ཡང་ལ་དུ་དང༌། ལ་ཕུག་དང༌། སྒོག་བཙོང་དང༌། ཆང་སྣ་ཚོགས་པ་དང་བཅས་པར་བཤམ། དེ་དག་ལ་དར་སྣ་ཚོགས་ཀྱི་གུར་རམ། བ་དན་རྒྱན་དུ་མས་སྤྲས་པ་ལ། མུ་ཏིག་དང༌། གསེར་གཡུ་དང༌། བྱི་རུ་ལ་སོགས་པ་རིན་པོ་ཆེ་དུ་མས་སྤྲས་པ་གཟུགས། དེ་རྣམས་ཀྱི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། ཁྱད་པར་མགོན་པོ་ལ། ཡུངས་ཀར། གུ་གུལ། དུག ཚིལ་ཆེན་རྣམས་བསྲེས་པའི་བདུག་སྤོས་བཤམ། གཞན་ཡང་ནང་མཆོད། རྡོ་རྗེ་དྲིལ་བུ་སོགས། ཉེ་བར་མཁོ་བ་ཐམས་ཅད་ཚང་བར་བཤམ་མོ། །གཉིས་པ་དངོས་གཞི་ནི། དཔལ་ཀྱེ་རྡོ་རྗེའི་བདག་བསྐྱེད་བཟླས་པ་དང་བཅས་པ་དང༌། དཀྱིལ་འཁོར་བསྡུ་བའི་བར་རྫོགས་པར་བྱས་ལ། གཏོར་མ་དང་པོ་འདས་པའི་ལྷ་ལ་ཆོ་ག་བཞིན་དབུལ། དེ་ནས་མགོན་པོ་ལྕམ་དྲལ་གྱི་གཏོར་མ་གཉིས་ལ། ལག་པ་གཡོན་པ་བསྟན་ཏེ། ཨོཾ་ཞེས་བརྗོད་པས་སྟོང་བར་བསམ། གཡས་པ་བསྟན་ཏེ། ཨཿཞེས་བརྗོད་པས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། དཔྲལ་བ་རང་ལ་བསྟན་པ་དང༌། གཉིས་ཀ་བསྟན་ཏེ་ཧཱུྃ་ཞེས་བརྗོད་པས། ཤ་ལྔ་དང་བདུད་རྩི་ལྔ་དང༌། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ། ཧོ་ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། མདུན་གྱི་ནམ་མཁའི་གནས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་འཕྲོས་གདུག་པ་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ་ཞལ་གཅིག་ཕྱག་གཉིས་པ། གཡས་ཀྱིས་གྲི་གུག གཡོན་པས་ཐོད་པ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཅར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པཎ་དང༌། ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་སུ་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ལྕགས་སྤྱང༌། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་དབུ་རྒྱན་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་ཊཾ་ལས་ཨེ་ཀ་ཛ་ཊི་སྐུ་མདོག་སྔོན་མོ། ཞལ་གཅིག་ཕྱག་གཉིས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐུགས་ཀར་འཛིན་པ། དར་དཀར་གྱི་ན་བཟས་སྟོད་གཡོགས་པ་སྟག་གི་པགས་པའི་ཤམ་ཐབས་ཅན། རལ་པ་ལན་བུ་གཅིག་ཏུ་གྱུར་ནས་གཡོན་དུ་འཕྱང་བ། ཁྲོ་མོའི་རྣམ་པ་ཅན། དེའི་ལྟོ་བ་ཡངས་པའི་ནང་དུ་ཏྲག་ལས་ཁྲག་གིས་རྒྱ་མཚོའི་ནང་དུ། བྷྱོ་ལས་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ་བོང་བུ་གྭ་པ་ལ་ཞོན་པ། སྐུ་མདོག་སྔོན་ནག་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ་འཛིན་པ། གཡོན་གྱི་དང་པོ་ན་མདུང༌། གཉིས་པ་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང༌། བ་གླང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། ཀླུའི་དབང་པོས་སྐ་རགས་བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་པ། སྙན་གཡས་པ་ལ་དུག་སྦྲུལ་དང༌། གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ལེ་དང༌། ཞག་གི་ཟོ་རིས་དང༌། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་པ་ལྟེ་བའི་ཐད་ནས་ཉི་ཟླ་འཆར་བ། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེའི་དབུས་ན་ཧཱུྃ་དང་བྷྱོའི་སྒྲ་སྒྲོགས་པ། ལྕམ་དྲལ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། འོག་མིན་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང༌། རང་བཞིན་གྱི་གནས་ནས་ལྷ་མོ་སྤྱན་དྲངས་པར་མོས་ལ། ཐལ་མོ་ཁོང་སྟོང་དུ་སྦྱར་བ་མགོན་པོའི་དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། །མཛུབ་པོ་གཡབ་པའམ་རྡོ་རྗེ་དྲིལ་བུ་འཛིན་པས། མགོན་པོ་ཀུན་གཤེགས་གདན་ལས་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཧྱེ་ཧི། ཞེས་པ་དང༌། རྡོ་རྗེ་ཐལ་མོ་སྦྱར་བ་ལྷ་མོའི་དམ་ཚིག་ཕྱག་རྒྱ་གཡབ་པའམ། དྲིལ་བུའི་སྒྲས། ལྷ་མོ་འདིར་གཤེགས་སོགས་དང༌། མ་ཧཱ་ཀཱ་ལཱི་དེ་ཝཱི་ཨེ་ཧྱེ་ཧིས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་དབྱེར་མེད་དུ་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྲྀཧྞེ་དཾ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤཔྡའི་བར་གྱིས་མགོན་པོ་མཆོད་ལ། ཡང༌། ཨོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི་གྲྀཧྞེ་དཾ་ཨརྒྷཾ་སོགས་ཀྱིས་ལྷ་མོ་ལ་མཆོད་ནས། མགོན་པོའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ། སྤྱི་བོར་བཞག་པར་མོས་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ས་མ་ཡ་སྨ་ར། ས་མ་ཡ་མ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ཅེས་པས་མགོན་པོ་དམ་ལ་བཞག ཡང་ལྷ་མོའི་དམ་ཚིག་གི་ཕྱག་རྒྱ་བཅས་ལ་སྤྱི་བོར་བཞག་པར་བསམ་སྟེ། ཨོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི། ས་མ་ཡ་སྨ་ར་སོགས་ཀྱིས་ལྷ་མོ་དམ་ལ་བཞག བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ན་བཀའ་བསྒོ་སྟེ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང༌། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་དང༌། བདག་གིས་ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདོར་བར་མཛད་དུ་གསོལ། །གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་བཅད་པ་དང༌། བསྐྲད་ཅིང་གཟིར་བ་དང༌། དབྱེ་བ་དང༌། བསྡིགས་ཤིང་སྤ་བཀོང་བར་མཛད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང༌། བསྟན་པ་དང༌། བསྟན་པ་འཛིན་པ་དང༌། འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛོད། ཅེས་པས་ཕྲིན་ལས་བཅོལ། དེ་ནས་མགོན་པོ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུདྒ་ཏེ། སྥ་ར་ཎ་ཨི་མཾ། ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་ཡེ་སྭཱ་ཧཱ། ཞེས་ལྔའམ་བདུན་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲིཧྞ་གྲིཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་རྩ་སྔགས་ལན་གསུམ་བརྗོད་ལ། ཕྱག་རྒྱ་དང་བཅས་པས་གཏོར་མ་ཕུལ། དེ་བཞིན་དུ་ལྷ་མོ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཞེས་སོགས། གསུམ་མམ། བདུན་གྱིས་ཕུལ་ནས་གོང་ལྟར་མཆོད། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་མགོན་པོའི་སྙིང་པོ་དང༌། ཨོཾ་རོ་རུ་རོ་རུ་བི་ཏིཥྛ། བདྡྷོཏྶཱི་ཀཱ་མ་ལ་རཀྵ་སཱི་ཧཱུྃ་བྷྱོཿཧཱུྃ། ཞེས་ལྷ་མོའི་སྙིང་པོས་ནང་མཆོད་གཏོར། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ་གི་ཡི་གེ་ལས་བྱུང་བའི། །ནག་པོ་ཆེན་པོ་ཕྱག་གཉིས་པ། །ཞལ་གཅིག་མདོག་སྔོན་ཆེར་འབར་ཞིང༌། །ཟངས་གྲི་ཐོད་པ་བསྣམས་ལ་བསྟོད། །མགོ་བོའི་ཕྲེང་བས་དོ་ཤལ་བྱས། །མཆེ་བ་གཙིགས་ཤིང་འཇིགས་སུ་རུང༌། །བོང་ཐུང་གཟི་བརྗིད་ཆེན་པོ་སྟེ། །ཞལ་དམར་རྣམ་པར་གཡོ་ལ་བསྟོད། །སློབ་དཔོན་ལ་རྟག་སྡང་བ་དང༌། །གང་ཞིག་དཀོན་མཆོག་གསུམ་ལ་གནོད། །སེམས་ཅན་སྣ་ཚོགས་གསོད་པ་རྣམས། །ཟ་བྱེད་ནག་པོ་ཆེ་ལ་བསྟོད། །ཅེས་བསྟོད་ཅིང༌། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང༌། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །རྒྱ་ཆེན་སྦྱིན་གཏོར་མ་འདི་བཞེས་ལ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༌། །བསྟན་འཛིན་ཐམས་ཅད་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང༌། །ཚེ་དང་བློ་གྲོས་བསོད་རྣམས་རབ་རྒྱས་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛད་དུ་གསོལ། །ཞེས་པས་ཕྲིན་ལས་བཅོལ། དེ་ནས་ལྷ་མོ་ལ། བྷྱོ་རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམས་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞག །རྫོང་དང་དཀའ་བཟློག་ནག་མོ་སྟེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་མིང་ཤེས། །དེ་ལ་འཇིགས་པ་མེད་པར་མཛད། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ཅེས་པས་བསྟོད་ལ། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་བ་ཅེས་སོགས་སྔར་ལྟར་སྦྱར་རོ། །དེ་ནས་བཟླས་པ་བྱེད་པར་འདོད་ན། སྔར་གྱི་བདུག་སྤོས་དེ་བསྲེག་ཅིང༌། ཡི་དམ་གྱི་ལྷའི་སྔགས་ཕྲེང་སྐོར་གཅིག་ཙམ་བཟླས་པའི་རྗེས་སུ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་འོད་ཟེར་དང་བཅས་པ་འཕྲོས། མདུན་གྱི་མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཕོག་པས་དེ་དག་གི་རྒྱུད་བསྐུལ་ཏེ་གང་བསྒོ་བ་ཉན་པར་བསམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་པ་ཡི་གེ་བདུན་མ་དང༌། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་པ་ཡི་གེ་བཅུ་གཉིས་པ་དང༌། རྩ་སྔགས་རྣམས་ཅི་ནུས་པར་བཟླས། དེ་བཞིན་དུ་ལྷ་མོ་ལ་དམིགས་པ་གཏད་ལ་སྙིང་པོ་བཟླས་ནས་མཐར་མཆོད་པས་མཆོད། བསྟོད་པ་བྱ། འདོད་པའི་དོན་ལ་གསོལ་བ་གདབ་བོ། །འདི་ནི་ལྕམ་དྲལ་སྦག་སྒྲུབ་ཀྱི་ལུགས་ལྟར་བཀོད་པ་ཡིན། རྐྱང་སྒྲུབ་སོ་སོར་བྱེད་ན། གཏོར་མ་གཉིས་པ་བྱིན་གྱིས་བརླབ། མགོན་པོ་བསྐྱེད། སྤྱན་དྲངས་ལ་བསྟིམ། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་སྨ་ར་སོགས་གསུམ་གྱིས་དམ་ལ་བཞག མཆོད་པས་མཆོད། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་དང༌། གཟུངས་རིང་ལན་གསུམ་གྱིས་གཏོར་མ་དབུལ་མཆོད་པ་དང་མགོན་པོ་ཉིད་ཀྱི་བསྟོད་པ་སྔགས་གསུམ་བཟླས་པ་རྣམས་སྔར་བཞིན་བྱ་སྟེ། ཕོ་རྐྱང་དུ་སྒྲུབ་པའི་ལུགས་སོ། །དེ་བཞིན་དུ་གཏོར་མ་གསུམ་པ་བྱིན་གྱིས་བརླབ། མདུན་དུ་པད་ཉིའི་སྟེང་དུ་ཊཾ་ལས་ཨེ་ཀ་ཛ་ཊི་བསྐྱེད། དེའི་ལྟོ་བའམ། བླ་མ་གོང་མས་སྙིང་གར་བསྐྱེད་པར་བཤད་པས་དེ་བཞིན་བྱ། སྤྱན་དྲངས། དམ་ལ་བཞག གཏོར་མ་དབུལ། བསྟོད་པ་བྱ་བ་སོགས་ལྷ་མོ་རྐྱང་པའི་ཚུལ་དུ་བྱ། བཟླས་པའི་ཚེ་སྔར་གྱི་དམིགས་པ་དང་ལྡན་པས། ཨོཾ་རོ་རུ་སོགས་དང༌། ཨོཾ་ཧཱུྃ་ཤྲི་ཡ་དེ་ཝཱི་ཀཱ་ལཱི་ཀཱ་ལཱི་ཧཱུྃ་བྷྱོ། ཞེས་དང་བཟླས་པའི་མཐར། ཨོཾ་མ་ཧཱ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་སྔོན་དུ་འགྲོ་བས་མཆོད་པ་དང༌། ལྷ་མོ་ཉིད་ཀྱི་བསྟོད་པ་སོགས་སྔར་ལྟར་བྱ་སྟེ། མོ་རྐྱང་དུ་སྒྲུབ་པའི་ལུགས་སོ། །དེ་ལྟར་སོ་སོར་ཆོ་ག་བྱ་མི་ནུས་པའམ། ནུས་ཀྱང་ལྷ་མོ་རྩུབ་པར་གྱུར་ན། ཕྱོགས་གཅིག་ཏུ་གཏོར་མ་དབུལ་ཞིང་བཟླས་པ་བྱེད་པ་མན་ངག་སྟེ། གོང་སྦག་སྒྲུབ་ཏུ་བཤད་པ་བལྟར་རོ། །དེ་ནས་གུར་ལས་བཤད་པའི་མགོན་པོ་དང་གཟུངས་ལས་བཤད་པའི་ལྷ་མོ་དགོས་པའི་དབང་གིས་ལྷན་ཅིག་ཏུ་སྒྲུབ་པ་ལ་ལྕམ་དྲལ་སྒྲུབ་པ་ཞེས་པ་ཡིན་གྱི། སྲུང་མ་འདི་གཉིས་འཇིག་རྟེན་པའི་མིང་སྲིང་ངམ་ཡབ་ཡུམ་ལྟར་ནི་མ་ཡིན་ནོ། །དེ་ནས་གཏོར་མ་བཞི་པ་མགོན་པོ་གདོང་བཞི་པ་ལ་འབུལ་སྟེ། ཨོཾ་ཨཱཿཧཱུྃ་ཧོཿ སྔར་བཞིན་བྱིན་གྱིས་བརླབས་ནས། མདུན་དུ་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པར་ཡོངས་སུ་གྱུར་པ་ལས་ནག་པོ་ཆེན་པོ་གདོང་བཞི་པ། རྩ་ཞལ་གཉིས་བརྩེགས་མ་ནག་པོ། གཡས་གཡོན་གཉིས་ལྗང་ནག ཕྱག་བཞིའི་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་འོག་མས་རལ་གྲི་དང་གཡོན་འོག་མས་རུས་ཕྲེང་འཕྱར་ཐབས་སུ་མཛད་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་ཤིང་མཆུ་འཕྱང་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། ཚངས་པའི་སྐུད་པ་དང་རུས་པ་དང་སྦྲུལ་གྱིས་བརྒྱན་ཞིང་ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། དྲག་ལ་རྔམ་པའི་ཆ་ལུགས་ཅན། ངག་ཏུ་ཧ་ཧ་དང༌། ཧཱུྃ་ཧཱུྃ་དང༌། ཀྵིཾ་ཀྵིཾ་གི་སྒྲ་སྒྲོགས་པར་བསམ། དེའི་གཡས་སུ་གཡུང་མོ་ནག་མོ། གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་པོ་དམར་མོ། རྒྱབ་ཏུ་སིཾ་ག་ལཱི་མ་སེར་ནག བཞི་གའང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་རྒྱན་མེད་པ་རབ་ཏུ་གྲིམས་ཤིང་ཁྲོས་པའི་ཆ་ལུགས་ཅན། གཡོན་བརྐྱང་གཡས་བསྐུམ་བཞེངས་པའི་ཚུལ་གྱིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ་བསམ། དེ་ལས་འོད་ཟེར་འཕྲོས། ཏི་སེ་བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་རྒོད་པའི་དུར་ཁྲོད་ནས། ཡེ་ཤེས་པ་སྤྱན་དྲངས་པར་མོས་ལ། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །ཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ། ར་ཏྲྀ་ཏ། ཌོམྦཱི་ནཱི། ཙཎྜ་ལཱི། རཀྑ་སཱི། སིཾ་ག་ལཱི། དེ་ཝཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། པདྨ་ཀ་མ་ལཱ་སྟྭཾ་གྱིས་གདན་ཕུལ། ས་པ་རི་ཝཱ་རའི་རྗེས་སུ་གྲྀཧྞ་དཾ་ཨརྒྷཾ་ལ་སོགས་པས་མཆོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྤྱི་བོར་བཞག་པར་མོས་ལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ་ར་ཏྲྀ་ཏ་ཧཱུྃ་ཕཊ། ཌོམྦི་ནཱི་ཙཎྜ་ལཱི། རཀྑ་སཱི། སིཾ་གྷ་ལཱི། དེ་ཝཱི་ས་མ་ཡ། སྨ་ར་ནས་ཕྲིན་ལས་བཅོལ་བའི་བར་དང༌། དེའི་རྗེས་སུ། ན་མཿསརྦ་ཏ་ཐཱ་ག་ཏ་ལ་སོགས་པ་བཏགས་ལ་སྔར་བཞིན་གཏོར་མ་དབུལ། ཨརྒྷཾ་ལ་སོགས་པས་མཆོད། གོང་གི་སྔགས་གསུམ་གྱི་རྗེས་སུ། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཕུལ་ལ། ཧཱུྃ་མི་རྟོག་དབྱིངས་ལས་ཐུགས་རྗེའི་སྐུར་བཞེངས་ཤིག །འབྱུང་བ་གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། །རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ལས་བཞེངས། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གདོང་བཞིའི་གདན་ཁྱོད་ཏི་སེའི་ཞིང་སྐྱོང་མཛད། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ནག་པོ་ཆེན་པོ་ཞལ་བཞི་པ། །ཡུམ་ཆེན་སྲིང་མོ་བཞི་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། །རྒྱལ་བའི་བསྟན་པ་སྐྱོང་བ་དང༌། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པས་བསྟོད། དེ་ནས་བཟླས་པ་བྱེད་ན་སྔར་གྱི་དམིགས་པ་དང་ལྡན་པས། གུར་མགོན་གྱི་སྔགས་ཐུང་ཕྲེང་སྐོར་གཅིག་ཙམ་གྱི་རྗེས་སུ། འདི་ཡི་སྔགས་ཐུང་གཙོ་བོར་བཟླས་རྗེས་སུ་སྔགས་རིང་ཀྱང་བཟླས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཊྚ། ཀ་ར་ལ། ལཾ་བི་ཏ་ཨོ་ཋ། ལམྦཱ་ཀ་བེ་ཀ ལམྦ་ཀ་བཱ་ལི། ར་ཝི་གྷཎྜེ། རུ་ཏྲ་མཱ་ལ་བི་ཧཱུ་རེ། ཙྪེ་ད་ཧ་ཀ་ལེ། ཧ་ལེ་ན་ཧ་ལེ། པིམྦི་ཛཱ་ལི། བ་མེ་གྷུནྡེ་དྷ་རི་ཡཾ་མ་ཨེཾ། ད་ཧི་ན་ཀརྟི་ཀ་ཀཱ་རོ་ཊི་བི་བྷི་ཥ་ཎ་དྷ་ཨེཾ། བཱ་མེ་ཤཱུ་ལ་པཱ་ཎེ། ཧ་ར་དཱོ་ར་ན་ར་སཱི་ར་མཱ་ལ། པཱ་ཏཱ་ལེ། ཀྵིཾ་ཀཱ་ར་ཀ་ལ། མ་ཧཱ་པོ་ཊ་ལེ། མ་ཧཱ་ཀཱ་ལ། ཤྲཱི་ཀ་པཱི་ལ། ཀེ་ལ་སཾ་ཀྵེ་ཊ་པཱ་ལ། ཧཱ་ཧཱ་ཀཱ་རེ། ཧཱུྃ་ཧཱུྃ་ཀཱ་རེ། པུརྦ་བྷཱ་ཥ་བྷི་ཨུཾ། ཛཽ་ཛནྟི། མཾ་ས་བྷནྟ། ཕུལླ་དྷཱུ་པ། ཨི་ཀཱ་ཧ་བ་ལི་ཛི་གྷ་ཧ། ད་ཤ་དི་ཀ་ཨུཏྟ་ར་ཝུ་རི། ཌོམྦི་ནཱི་ཙཎྜ་ལི་རཀྑ་སི་སིཾ་གྷ་ལཱི་དེ་ཝཱི། ཧ་ན་ཧ་ན། བནྡྷ་བནྡྷ། མ་ར་མ་ར། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵིཾ་ཀྵིཾ། ལི་ཧི་བ་ལིཾ་དེ་ཧི་སིདྡྷི། བི་ཀཱ་ལ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་ལ། མཆོད་བསྟོད་འདོད་དོན་ཞུ་བ་སོགས་བྱའོ། །ལྔ་པ་ལས་མཁན་པུ་ཏྲ་མིང་སྲིང་ལ་འབུལ་ཏེ། གཏོར་མ་བྱིན་གྱིས་བརླབས་ནས། མགོན་པོའི་ཐུགས་ཀ་ནས་ཡ་དང༌། ལྷ་མོའི་ཐུགས་ཀ་ནས་མྨཾ་མདུན་དུ་སྤྲོས་པས། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྔར་གྱི་ཡ་ལས་ནག་པོ་གནོད་སྦྱིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། མི་ལྤགས་ཀྱི་གཡང་གཞི་གྱོན་ཞིང་གསེར་གྱི་རྣ་ཆ་ཅན། དེའི་གཡོན་དུ་མྨཾ་ལས་ནག་པོ་གནོད་སྦྱིན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་སྤུ་གྲི། གཡོན་ཀླད་ཁྲག་གིས་གང་བའི་ཐོད་པ་འཛིན་པ། དར་ནག་གི་ན་བཟའ་གྱོན་ཞིང༌། བྱི་རུའི་ལན་ཚར་ཅན། དེ་གཉིས་ཀྱི་ཐུགས་ཀ་ནས་ཡབ་ལས་ཏྲི་གཉིས་དང་ཡུམ་ལས་བྷྱོ་གཅིག་མདུན་དུ་སྤྲོས་པ་ལས། པུ་ཏྲ་མིང་སྲིང་གསུམ་དུ་གྱུར་ཏེ། ཏྲི་ལས་པུ་ཏྲ་ནག་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། དར་གྱི་ཨཾ་ག་རག་དང༌། དར་ནག་གི་ན་བཟས་བརྒྱན་པ། ཏྲི་ལས་བྷ་ཊ་ནག་པོ་སྟག་སློག་ཅན་གཡས་དམ་ཤིང་དང་གཡོན་མི་སྙིང་འཛིན་པ། བྷྱོ་ལས་སྲིང་མོ་རལ་གཅིག་མ། གཡས་གསེར་གྱི་སྤུ་གྲི་དང༌། གཡོན་རྒྱུ་མ་འཛིན་ཞིང༌། ཁ་ནས་མེ་འབར་བ། ལྔ་ཀའང་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པའི་སྤྱན་གསུམ་དང་ལྡན་པ། རུས་པའི་ཕྲེང་བ་དང༌། མི་མགོ་རློན་པའི་དོ་ཤལ་གྱིས་བརྒྱན་པ། རྔམ་ཞིང་འཁྲུགས་པས་གདུགས་པ་ཅན་ཚར་གཅོད་པའི་ཚུལ་གྱིས་བཞུགས་པ། གཞན་ཡང་གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་གི་གཟུགས་ཅན་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་སྔགས་པ་ནག་པོ་བརྒྱ། མདུན་གྱི་ཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ནག་དང༌། ཁྱི་ནག་དང༌། ལྕེ་སྤྱང་དང༌། མི་ནག་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལས་ཀྱི་མགོན་པོ་རྣམས་ལ་བཀའ་སྡོད་ཕོ་ཉའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་བསམས་ལ། ཛཿཧཱུྃ་བཾ་ཧོཿས་བསྟིམ། སྔགས་རྣམས་ཀྱི་རྗེས་ལ། ས་མ་ཡ་སྨ་ར་སོགས་ཀྱིས་དམ་ལ་བཞག བཀའ་བསྒོ་དེ་ནས་རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨ་ལི་ཨ་ལི་མ། ཛཿཛཿཤཾ་ཤཾ ལི་ཤི་དེད། ཨ་ཤྭ་དེད། མོ་སྨུགས། པུ་ཏྲཱི། ཨ་ལི་མ། ཛཿཛཿ ནག་མོ་ཤ་ལ་རུབ། ཛཿཛཿ ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ། ཨ་ཤུག་མེ། མ་ཧཱུྃ་མ་བྷྱོཿཛཿཛཿ ཨི་དཾ་བ་ལིཾ་བྷུ་ཛ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་ལྔའམ་བདུན་གྱིས་ཕུལ་ཞིང༌། ཕྱི་མཆོད་དང༌། ནང་བདུད་རྩིས་ཀྱང་མཆོད་ལ། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ་གནོད་སྦྱིན་ཡབ་ཡུམ་འཇིགས་པའི་གཟུགས། །རྔམ་ཞིང་འཁྲུགས་པའི་ཆ་ལུགས་ཀྱིས། །བདུད་དང་དགྲ་བགེགས་འཇོམས་མཛད་པ། །བསྟན་སྲུང་ཡབ་ཡུམ་ཆེ་ལ་བསྟོད། །མོན་བུ་པུ་ཏྲ་ནག་པོ་བསྐྱོང༌། མེན་ཏྲིའི་ག་ཤ་སྐུ་ལ་གསོལ། །ཤེར་ཤིང་གསེག་ཤང་ཕྱག་ན་བསྣམས། །པུ་ཏྲ་ནག་པོ་ཁྱོད་ལ་བསྟོད། །མོན་བུ་བྷ་ཊ་སྟག་སློག་བཀྲ། །དར་གྱི་ག་ཤ་སྐུ་ལ་གསོལ། །ཕྱག་ན་དམ་ཤིང་རྣོན་པོ་བསྣམས། །མོན་བུ་བྷ་ཊ་ཁྱོད་ལ་བསྟོད། །མོན་མོ་གསེར་གྱི་སྤུ་གྲི་མ། །ནག་མོ་ཆེན་མོ་ཁ་འབར་མ། །ཕྱག་ན་གསེར་གྱི་སྤུ་གྲི་བསྣམས། །ནག་མོ་ཁྱོད་ལ་བསྟོད་པ་འབུལ། །བུད་མེད་ནག་མོ་ཆེན་མོ་བརྒྱ། །གཤེགས་ཀྱི་དེ་ནི་ཤུལ་ཡང་འདྲེན། །གཡས་ཀྱི་ཕྱོགས་ནས་རུ་འདྲེན་པ། །སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། །གཡོན་གྱིས་ཕྱོགས་ནས་རུ་འདྲེན་པ། །དགེ་སློང་ཉན་ཐོས་དགྲ་བཅོམ་བརྒྱ། སླད་ཀྱི་རྗེས་འབྲང་འཇིགས་རུང་བ། །བནྡེ་ནག་པོ་ཕུར་ཐོགས་བརྒྱ། །འཁོར་བཅས་ཀུན་ལ་བསྟོད་པ་འབུལ། །སྐབས་གསུམ་དག་ཀྱང་བསྟོད་པ་འབུལ། །ཞེས་པས་བསྟོད། ལས་ཀྱི་མགོན་པོ་ཕོ་ཉ་འཁོར་བཅས་རྣམས། །ཕྱི་ནང་གསང་བ་སོགས་སྔར་ལྟར་སྦྱར་ལ། ཕྲིན་ལས་གཞོལ་ལོ། །བཟླས་པ་བྱེད་ན། རང་ཡི་དམ་མམ་གུར་མགོན་གྱི་ང་རྒྱལ་གྱིས། མགོན་པོའི་སྔགས་ཐུང་ཕྲེང་སྐོར་གཅིག་ཙམ་དང༌། སྔགས་རིང་ཉི་ཤུ་རྩ་གཅིག་ཙམ་བཟླས་པས་གཉའ་མནན་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལས་མགོན་རྣམས་ལ་ཕོག་པས། དེ་དག་གི་རྒྱུད་བསྐུལ་ནས། དགའ་བཞིན་དུ་བདག་གིས་བཀའ་ཉན་པར་བསམ། འཇིག་རྟེན་པ་རྣམས་མོས་ཕོ་བསྐུལ་བ་ཡིན་པས་དང་པོ་ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ། ཨ་ཤུག་མེ། མ་ཧཱུྃ། མ་བྷྱོཿ ཛཿཛཿ ཞེས་མོའི་བོད་པ་ཆ་གཉིས་སུ་བཟླ། དེ་ནས་ཨ་ལི་ཨ་ལི་མ། ཛཿཛཿཤཾ་ཤཾ ལི་ཤི་དེད། ཨ་ཤྭ་དེད། མོ་སྨུགས། པུ་ཏྲཱི་ཨ་ལི་མ། ཛཿཛཿ ནག་མོ་ཤ་ལ་རུབ། ཛཿཛཿ ཕོའི་བོད་པ་ཆ་གཅིག་བཟླ། མཐར་མཆོད་པ་བསྟོད་པ། འདོད་དོན་བསྒོ་བ་རྣམས་སྔར་བཞིན་བྱའོ། །གཏོར་མ་དྲུག་པ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་དབུལ། གཏོར་མ་བདུན་པ་གཞི་བདག་དབང་ཐོབ་ཅིང་གསང་སྤྱོད་བསྟན་པས་ལྟུང་བ་མི་འབྱུང་བ་ཡིན་ན་ནང་དུ་བསྔོ་སྟེ། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བདུད་རྩིར་བསྐྱེད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭཱ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་གྱིས་ཕུལ་ནས། སླར་ཡང་ཨོཾ་ཨཱཿཧཱུྃ་གིས་ཕུད་གཏོར་ལ། གཏོར་མ་འདི་གནས་བདག་གཞི་བདག་གཉུག་མར་གནས་པའི་ཚོགས་རྣམས་ལ་འབུལ་ལོ། །མཆོད་དོ། །འདྲེན་ནོ། །སྦྱིན་ནོ། །གསོལ་ལོ། །བསྟན་པ་དར་བ་དང༌། འཇིག་རྟེན་དུ་བདེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། བདག་ཅག་དཔོན་སློབ་རྣམས་ཀྱི་བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་དོ། །དབང་མ་ཐོབ་པའི་གཞི་བདག་ལ་གཏོར་མ་སྟེར་ན། སྒྲུབ་ཁང་གི་ཕྱི་རོལ་དུ་སོང་ལ། གཏོར་མ་ཆང་ཕལ་པ་དང་ཆུས་སྦྱང་ཞིང༌། འདོད་དགུ་འབྱུང་བའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ཨོཾ་བྷཱུ་མི་པ་ཏི་ཨཱ་ཀརྵ་ཡ་ཛཿཞེས་པས་བཀུག ཨ་ཀཱ་རོ་ལན་གསུམ་བརྗོད་པས་ཚིམ་པར་བསམས་ལ། གནས་བདག་ཡུལ་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྔོ་ཞིང་ཕྲིན་ལས་ལས་བཅོལ་ལ། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་གཞི་བདག་གཉུག་མར་གནས་པ་རྣམས་ལ་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་བདག་ཅག་དཔོན་སློབ་ཆོས་སྒྲུབ་པའི་སྟོང་གྲོགས་མཛོད་ཅིག ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པ་གཞན་དུ་འགྲོ་བར་གྱིས་ཤིག ཅེས་བརྗོད་ལ། ཁྲོ་བོའི་སྔགས་དང་རོལ་མོ་དྲག་ཏུ་བྱ་ཞིང་གཏོར་མ་ལམ་གྱིས་གཞི་མདོར་དོར་ལ། རྩ་སྔགས་སོགས་ཤིབ་བུར་བཟླ་ཞི་ནང་དུ་འཇུག་གོ །དེ་ནས་རྣལ་འབྱོར་ཕོ་མོའི་ཚོགས་པ་ཡོད་ན་ཚོགས་ཀྱི་འཁོར་ལོ་བྱ། མེད་ན་དཔའ་བོའི་སྟོན་མོ་བྱའོ། །གསུམ་པ་རྗེས་ནི། འཇིག་རྟེན་པའི་གཏོར་མགྲོན་རྣམས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་དང༌། བཛྲ་མུཿས་གཤེགས་སུ་གསོལ་བའམ། སྤྲོ་ན་སྒྲུབ་ཁང་གི་སྟེང་ངམ་ས་གཙང་སར་གཏོར་མ་རྣམས་ཁྱེར་ལ། རོལ་མོ་དང་བཅས་པས། ཧཱུྃ་དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང༌། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱོད་ཀྱི་བཀའ་ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡིང་བྱ་ཁྱི་ལྕགས་སྤྱང་འཁོར་དང་བཅས། །པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །སྲུང་མ་རྒྱ་མཚོའི་ཚོགས་རྣམས་འཁོར་དང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །ཛམ་བུ་དྷྲཱི་པའི་ཞལ་ཟས་འདི་བཞེས་ཤིག །ཆང་དང་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་བཅོལ་ལས་ཀྱི་གཏང་རག་གཉན་པོ་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་གཉན་པོ་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ། བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་བརྗོད་ཅིང༌། སྤོས་དང་རོལ་པོ་སྣ་ཚོགས་དང༌། དུང་གི་སྒྲ་དང་བཅས་པས་གཏོར་མ་ས་གཙང་སར་བཏང༌། མགྲོན་རྣམས་གཏོར་མས་ཚིམ་སྟེ། དགེས་བཞིན་དུ་རང་རང་གི་གནས་སུ་གཤེགས་པར་བསམ་མོ། །ནང་དུ་འོངས་ལ་རྗེས་ཀྱིས་ཆོ་ག་རྣམས་བྱ་སྟེ། རྒྱུན་དུ་གཏོར་མ་འབུལ་བའི་ཆོ་གའོ། །གནས་སྐབས་འགའ་ཞིག་ཏུ་གཏོར་མ་ལ་བརྟེན་ནས་ལས་བསྒྲུབ་པར་འདོད་ན་སྦྱོར་བ་སྔར་དང་འདྲ། འོན་ཀྱང་འདས་གཏོར་མ་གཏོགས་པ་གཞན་རྣམས་ལ་རྒྱུན་གཏོར་ཆུང་བ་རེ་རེ་བཤམ། མཆོད་པ་དང་གཏོར་མ་ཐམས་ཅད་ཆེ་ཞིང་བཟང་བ། དར་འཕན་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་བཤམ་མོ། །དངོས་གཞི་ལ། ཐུན་བཞིར་བསྒྲུབས་ན། དགོངས་ཐུན་ལ་ཀྱེ་རྡོ་རྗེའི་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། ཐུན་གཞན་གསུམ་ལ་གུར་གྱི་མགོན་པོ་རྐྱང་པར་བདག་བསྐྱེད་ལ། བཟླས་པ་ལ་གཙོ་བོར་འབད། གང་ལྟར་ཡང་བདག་བསྐྱེད་རྫོགས་ནས་འདས་གཏོར་དབུལ་བ་དང༌། བཞི་བདག་གི་གཏོར་མའི་བར་སྔར་དང་འདྲ་བར་བྱ། དེ་ནས་སྔགས་པ་རྣམས་མདུན་བསྐྱེད་ལ་ཕྱོགས་པར་ལངས་ལ་བླ་མ་དང༌། ཡི་དམ་སྲུང་མ་འཁོར་བཅས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཉེས་པ་བཤགས་པའི་ཆོ་ག་ཆོས་ཀྱིས་རྒྱལ་པོ་འཕགས་པས་མཛད་པ་ལྟར་ལན་གསུམ་གདོན་པའི་མཐར། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །བཟོད་པར་གསོལ་ལོ། ཚངས་པར་སྩལ་དུ་གསོལ། ཞེས་བརྗོད། དེ་ནས་གྲལ་ལ་འཁོད་དེ་བཟླས་པ་བྱ། རྣལ་འབྱོར་པ་འགའ་ཞིག་གིས་ཞི་བའི་སྦྱིན་སྲེག་དབུལ། སྔར་སོ་སོའི་གཏོར་མའི་སྐབས་སུ་བསྟོད་པ་མ་བྱས་ན། འདིར་བྱ་སྟེ། སྔོན་ཚེ་བདེ་གཤེགས་སོགས་ཀྱིས་མགོན་པོ་དང༌། །ཏིལ་མར་གྱིས་བསྐུས་སོགས་ཀྱིས་ལྷ་མོ་དང༌། དཔལ་ལྡན་དབང་ལྡན་སོགས་ཀྱིས་མགོན་པོ་གདོང་བཞི་པ་ལ་བསྟོད་ནས། སླར་ཡང༌། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བསྟན་མཛོད། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་པས་ཕྲིན་ལས་གཞོལ་ལོ། །ཚིག་འདི་ཕྲིན་ལས་གཞོལ་བའི་ཚིག་ཡིན་གྱི། བཀྲ་ཤིས་སུ་འདོད་པ་ཚིག་ཙམ་ལ་ཡང་མ་དཔྱད་པ་ཡིན་ནོ། །དེ་ནས་ཚོགས་ཀྱིས་འཁོར་ལོ་སོགས་བྱས་ལ། སྔགས་པ་རྣམས་ལངས་ནས་དབྱངས་ཀྱི་འདྲེན་པ་དང་བཅས་པས། དཔལ་ལྡན་ཕྲིན་ལས་སོགས་པུ་ཏྲ་བསྟོད་ཅིང་བསྐུལ། གྲོགས་རྣམས་ཀྱིས་རྒྱུན་གཏོར་མཐའ་ནས་རིམ་པ་བཞིན་བཏེགས་ལ། ས་གཙང་སར་ཁྱེར་ཏེ། དེར་དཔོན་སློབ་ཐམས་ཅད་སོང་ནས་བསྟབ་ཅིང་ཕྲིན་ལས་གཞོལ། མགྲོན་གཤེགས་པ་སོགས་ལྷག་མ་སྔར་བཞིན་བྱ། དེ་ལྟར་ཐུན་བཞིར་བསྒྲུབས་ནས། གྲུབ་པའི་རྟགས་བྱུང་ན། གཏོར་མ་ཆེ་བ་དང་རྒྱུན་གཏོར་གཉིས་ཀ་བཏང༌། འདས་པའི་གཏོར་མ་བར་ཆད་བསྲུང་བའི་ཆེད་དུ་བཞག ཆོ་ག་ལྷག་མ་རྣམས་སྔར་དང་འདྲ་བར་བྱ་སྟེ། གཏོར་སྒྲུབ་ཀྱི་ཆོ་གའོ། །དེ་ལྟར་གནས་སྐབས་ཐམས་ཅད་དུ་ལྟ་བ་བདག་མེད་པ་ལ་བློ་བཞག་པ་དང༌། བྱམས་པ་དང་སྙིང་རྗེ་ཆེན་པོ་བསྒོམ་པ་ལ་འབད་པར་བྱའོ། །གང་ཞིག་བསྟན་ལ་སྲིད་ཞིའི་དགྲ་བགེགས་ཀྱང༌། །འཇོམས་པར་ནུས་ན་གཞན་ཀུན་ལྟ་ཅི་སྨོས། །དེ་ཕྱིར་འཕགས་ཡུལ་མཁས་མང་གིས་བསྟེན་པའི། །སྲུང་མའི་མཆོག་འདི་གཞན་ལས་ཆེས་མཆོག་ཡིན། །གང་འདིར་དམ་ཚིག་ཅན་གྱི་རྣལ་འབྱོར་པས། །ཡང་དག་བརྒྱུད་པའི་མན་ངག་ཇི་བཞིན་དུ། །བཟླས་དང་བསྒོམ་པས་ཚུལ་བཞིན་བསྒྲུབས་གྱུར་ན། །འཕྲལ་དང་ཡུན་གྱི་དགེ་ལེགས་མཐའ་དག་འབྱུང༌། །འདི་སྦྱར་དགེ་བ་ལྷ་དབང་རྡོ་རྗེ་དེས། །བདུད་དང་དགྲ་བགེགས་ལྷ་མིན་དཔུང་བཅོམ་ནས། །བསྟན་འཛིན་ལྷ་དབང་གྲོང་ཁྱེར་གནས་པ་རྣམས། །བཤད་སྒྲུབ་བདུད་རྩིའི་ལོངས་སྤྱོད་རྒྱས་པར་བསྔོ། །དཔལ་ལྡན་ས་སྐྱའི་བཀའ་སྲུང་རྣམས་ཀྱིས་གཏོར་མའི་ཆོ་ག་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་བཀའ་དྲིན་གྱིས་བསྐྱངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས། ཀུན་དགའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་མཁའ་འགྲོ་འདུ་བའི་དུས་ཉི་ཤུ་དགུ་ལ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་བཟང་པོས་བགྱིས་སོ།།  །། «༄། །གཏོར་སྒྲུབ་ཀྱི་མན་ངག་གཡུལ་ལས་རྣམ་རྒྱལ་བཞུགས་སོ།། » ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སྲུང་མ་འདི་རྣམས་ཀྱི་གཏོར་སྒྲུབ་བྱེད་པའི་མན་ངག་ནི་འདི་ཡིན་ཏེ། སྒྲུབ་པ་པོ་ལ་དམ་སེལ་བྱུང་བ་དང༌། དེའི་རྐྱེན་གྱིས་སྲུང་མ་ལ་གྲིབ་ཀྱིས་ཕོག་ནས་མི་འདོད་པ་སྣ་ཚོགས་བྱུང་ན། དེ་སེལ་བའི་ཕྱིར་འཁོན་གཅུགས་སྦྱོང་བའི་ཚུལ་གྱིས་སྒྲུབ་པ་བྱེད་དེ། གོང་འོག་རྣམས་སྔར་བཞིན། འོན་ཀྱང་བཟླས་པའི་སྐབས་སུ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་མདུན་ཀྱི་མགོན་པོ་ལ་ཕོག་པས་མགོན་པོའི་ཐུགས་ཀར་ཧཱུྃ་དཀར་པོ་བསམ། དེ་ལས་འོད་ཟེར་དང༌། བདུད་རྩི་དཀར་པོ་དཔག་ཏུ་མེད་པ་བྱུང༌། མགོན་པོའི་སྐུ་གང་ཐུགས་མ་མཉེས་པ་དང༌། ཉམས་གྲིབ་དང༌། འབགས་བཅོག་ཐམས་ཅད་སྦྱངས། ཡང་ཐུགས་ཀ་ནས་འོད་ཟེར་དཀར་པོ་བྱུང༌། བདག་གམ་སྦྱིན་བདག་སོགས་ཀྱི་སྤྱི་བོར་ཐིམ། དེས་ལུས་ཀྱི་ནང་ཐམས་ཅད་ཁེངས་པས། སྡིག་པ་དང༌། དམ་ཚིག་གི་ཉེས་པ་དང༌། སྒྲིབ་པ་ཐམས་ཅད་སྦྱང་བར་བསམས་ལ། ཡི་གེ་བརྒྱ་པ་གཙོ་བོར་བཟླ། ཐུན་མཇུག་ཏུ་མགོན་པོའི་སྔགས་ཅུང་ཟད་ཙམ་རེ་བཟླ། མཐར་མགོན་པོའི་ཐུགས་ཀ་ནས་འོད་དཀར་པོ་བྱུང་བས་རང་གི་སྤྱི་བོར་ཐིམ་པས་ཉེས་པ་དག་པར་བསམ་མོ། །དེ་བཞིན་དུ་སྲུང་མ་གཞན་རྣམས་ལ་ཡང་བྱའོ། །སྦྱིན་བདག་དམ་ཚིག་ཅན་གྱི་དོན་དུ་བྱེད་ན་མདུན་དུ་ཟླ་བའི་སྟེང་དུ་ཡུལ་དེ་ཐལ་མོ་སྦྱར་ཕྲེང་བ་དང༌། གོས་དང༌། རྒྱན་དཀར་པོས་བཀླུབས་པར་བསམས་ལ་དམིགས་པ་སྔར་བཞིན་བྱ། བཤགས་པའི་ཚིག་བརྗོད་པའི་སྐབས་སུ་ཕྱག་འཚལ་ཞིང་འགྱོད་ཚངས་བྱེད་དུ་གཞུག རྒྱུན་གཏོར་གཏོང་བ་སོགས་སྔར་བཞིན་ཏེ། ཐུན་བཞིའི་ཚུལ་གྱིས་ཞག་གསུམ་ལ་སོགས་པ་བསྒྲུབས་པས། དངོས་སུ་ཁམས་བདེ་ཞིང༌། བློ་ཆོས་ལ་དད་པ་དང༌། རྨི་ལམ་ལ་ནམ་མཁའ་ལ་འཕུར་བ་དང༌། ཁྲུས་བྱས་པ་དང༌། གོས་དཀར་པོ་གྱོན་པ། ལུས་ལས་སེམས་ཅན་དང༌། ངན་སྐྱུགས་འཐོན་པ་སོགས་རྨི་ན་གཏོར་མ་ཆེ་བ་གཏང་རག་གི་ཚུལ་དུ་ཕུལ་ལ་རྗེས་སོགས་སྔར་བཞིན་བྱའོ། །ཡང་རང་གི་རྣལ་འབྱོར་དང༌། མཆོད་གཏོར་སོགས་ཆག་པ་གསོ་བའམ། མ་ཡིན་ཀྱང་རུང་སྟེ། སྲུང་མ་འགོ་བའི་དོན་དུ་བྱེད་ན། ཐུགས་མཉེས་པའི་ཚུལ་གྱིས་བསྒྲུབས་ཏེ། གཞན་སྔར་བཞིན་ལས་བཟླས་པའི་ཚེ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལས་དམ་རྫས་དང་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པར་གྱུར་པ། ནམ་མཁའ་དང་ས་གཞི་མཐའ་དག་བཀང་སྟེ་མཆོད་པས་མགོན་པོ་མཉེས། སྐུ་ལུས་གཟི་བརྗིད་དང༌། འོད་བསམ་གྱིས་མི་ཁྱབ་པར་གྱུར་ཏེ། བདག་ལ་ཇི་ལྟར་འདོད་པའི་དངོས་གྲུབ་སྩལ་བར་བསམ་ཞིང༌། སྔགས་རིང་ཐུང་རྣམས་བཟླ། སྲུང་མ་གཞན་རྣམས་ལ་ཡང་དེ་བཞིན་དུ་བཟླས་ཤིང༌། རྒྱུན་གཏོར་གཏོང་བ་སོགས་བྱ། འདིའི་སྐབས་སུ་བསྟོད་པ་རྒྱས་པ་དང༌། སླར་ཡང་ཕྲིན་ལས་ཞུ་བ་རྣམས་བྱ། ནུབ་གཅིག་གི་ཚེ་མགོན་པོ་ལ་བསྐང་བཤགས་ཀྱི་ཆོ་ག་དང༌། གདོང་བཞི་པ་ལ་བསྐང་གསོ་རྣམས་མན་ངག་བཞིན་བྱ། དེ་ལྟར་ཞག་གསུམ་དུ་ཐུན་བཞིར་བསྒྲུབས་པས་རྨི་ལམ་དུ་ཁྲི་ལ་འདུག་པ་དང༌། རྒྱན་གོས་བཟང་པོ་བགོ་བ་དང༌། ལག་ན་མཚོན་ཆ་ཐོགས་པ་དང༌། མི་ཤ་མ་གཏོགས་པའི་ཤ་དང༌། ཁ་ཟས་སྣ་ཚོགས་སྟེར་བ་བྱུང་ན་སྔར་བཞིན་གཏོར་མ་ཆེ་བ་གཏང་རག་གི་ཚུལ་དུ་དབུལ། གཏོར་སྒྲུབ་བྱེད་ལུགས་གཉིས་པོ་འདི་ལ་གཏོར་མ་རྣམས་སྒྲུབ་ཁང་ན་རྟེན་གཏོར་ཡོད་ན་དེའི་སྟེང་གི་ཐད་དུ་སྤུང་བར་བཤད་ལ། རྟེན་གཏོར་མེད་ན་ས་གཙང་སར་སྤུངས་ཏེ་བཞག་པའམ། སྔོན་གྱི་གཏོར་མ་རྙིང་པ་ཡོད་ན། དེར་ཁ་ཕྱོགས་ནས་གཏོར་མ་རྣམས་རྡོ་ལ་སོགས་པའི་སྟེང་དུ་སྤུངས་ལ་བཞག་གི་ཟོར་ལ་སོགས་པར་མི་བྱའོ། །གནས་སྐབས་འགའ་ཞིག་ཏུ་དགྲའམ་བགེགས་ལ་སོགས་པས་བར་ཆད་བྱུང་ན་དགྲ་ལ་རྦད་པའི་ཚུལ་གྱིས་བསྒྲུབས་ཏེ། དེའང་གཏོར་མ་ལ་ཁ་ན་མ་ཐོ་བ་མེད་པའི་ཤ་དང༌། ཁྲག་གི་མཆོད་པ་མང་དུ་བཤམ། གོ་མཚོན་དང་སྟག་གཟིག་གི་པགས་པ་སོགས་སྤྱན་གཟིགས་སྣ་ཚོགས་ཀྱང་བཤམ། དངོས་གཞི་བཟླས་པའི་སྐབས་སུ། རང་ཡིད་དམ་དུ་བརྟན་པར་བསྒོམས་པའི་ཐུགས་ཀ་ནས་ཚ་ཞིང་རྩུབ་པ། མེ་སྟག་ལྟ་བུའི་འོད་ཟེར་འཕྲོས། མདུན་གྱི་མགོན་པོ་ལ་ཕོག་པས་མགོན་པོའི་ཐུགས་རྒྱུད་བསྐུལ། བ་སྤུའི་བུ་ག་ཐམས་ཅད་ནས་ལས་ཀྱི་མགོན་པོ་ནག་པོ་གྲི་ཐོད་ཅན་དཔག་ཏུ་མེད་པ་སྤྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་བྱས། སྒྲུབ་པ་པོ་ལ་གནོད་པའི་དགྲ་འམ་བགེགས་གང་ཡིན་པ་དེ་དངོས་སུ་བཟུང་སྟེ། ཚེའི་རྒྱུན་བཅད། བསོད་ནམས་ཕྲོག་སྟོབས་ཉམས་པར་བྱས་པར་བསམ། ཡང་ལས་ཀྱི་མགོན་པོ་རྣམས་ཀྱིས་དེའི་ཡན་ལག་བཅིངས། སྙིང་དྲལ། ཐོ་བས་བརྡུངས། མཚོན་ཆ་སྣ་ཚོགས་ཀྱིས་ལུས་དུམ་བུར་བྱས་པར་བསམས་ལ་སྔགས་རིང་ཐུང་རྣམས་ཀྱི་མཇུག་ཏུ་དྲག་འམ་བགེགས་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་རྐན་སྒྲ་དང་བཅས་པས་དྲག་ཏུ་བཟླས། ནུབ་གཅིག་གི་ཚེ་གསང་བའི་མཆོད་གཏོར་ཚུལ་བཞིན་དུ་བྱ། བསྟོད་པ་རྣམས་རྒྱས་པར་བྱ་ཞིང་ཕྲིན་ལས་བཅོལ་པུ་ཏྲ་རྣམས་བསྐུལ་བའི་ཚིག་རྒྱས་པར་བྱ་ཞིང་རྒྱུན་གཏོར་གནོད་པའི་ཕྱོགས་སུ་ཁ་བལྟས་ལ་བཏང༌། དེའི་ཚེ་ཆོས་སྐྱོང་འཁོར་བཅས་གཏོར་མ་ཕུལ་བས་མཉེས་ཏེ། ལུས་ལ་གོ་སྣ་ཚོགས་དང༌། ཕྱག་ཏུ་མཚོན་ཆ་བཟུང་ནས་དགྲ་འམ་བགེགས་ཀྱི་ཡུལ་དུ་དམག་ལ་ཕྱིན་ཏེ། དེ་དག་གི་མཁར་བཤིག ལོ་ཏོག་ཉམས་པར་བྱས། སྟོབས་ཐམས་ཅད་བཅོམ་པར་བསྒོམས་ལ་གཏོར་མ་རྣམས་སྨད་ནས་རིམ་པ་བཞིན་དུ་ཟོར་དུ་འཕངས་ལ། མཐར་མགོན་པོའི་གཏོར་མས་ཟོར་གཞུག་བསྡུའོ། །དེ་ལྟར་ཞག་གསུམ་དུ་ཐུན་བཞིར་བསྒྲུབས་པས་ཉམས་སམ་རྨི་ལམ་དུ། མགོ་བོ་དང༌། གློ་སྙིང་སྟེར་བའམ་རོ་རིལ་པོ་སྟེར་བ་བྱུང་ན་གཏོར་མ་རྣམས་ཟོར་དུ་འཕངས་པས་ལས་འགྲུབ། གལ་ཏེ་མི་ནག་པོ་ཁབ་དང་སྐུད་པ་སྟེར་བ་རྨིས་ན་གཏོར་མ་ཟོར་དུ་མི་འཕང༌། སྔར་བཞིན་གཏང་རག་ཏུ་བཏང་བས་ལས་འགྲུབ་པ་ཡིན་ནོ། །དེ་ལ་ཟོར་དུ་འཕེན་ན་ཆོ་ག་རྣམས་ཟིན་པ་དང༌། སྒྲུབ་ཁང་གི་ནང་གི་ས་གཞི་ལ་རས་ལ་སོགས་པའི་སྟེང་དུ་འཇིག་རྟེན་པའི་གཏོར་མ་གོ་རིམ་བཞིན་ཕབ་ལ་བཞག ཕུད་ཀྱིས་བྲན། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་དགྲ་ཕྱོགས་སུ་ཁ་བལྟས་ལ་དུས་གསུམ་རྒྱལ་བའི་སྤྱན་སྔར་རང་རང་གི་ཞེས་སོགས་ཀྱིས་མགོན་པོ་བསྐུལ་བས་འཁོར་བཅས་ཁྲོས་ཤིང་འཁྲུགས་ཏེ་དགྲའི་ཡུལ་དུ་ཆས་པར་བསྒོམ། འདིས་ཟོར་ལམ་ཕྱེ་བ་ཡིན་གསུངས། དེ་ནས་ཕྱི་རོལ་དུ་རོལ་མོ་དང་བཅས་པས་གཏོར་མ་བཏེག་ལ། ཇི་ལྟར་འོས་པའི་ས་གཙང་སར་ཕྱིན། དེར་ཡང་གཏོར་མ་རྣམས་ཕུད་ཀྱིས་བྲན་ཏེ། ཁྲོ་ཚུལ་དང་བཅས་པས། མོན་བུ་པུ་ཏྲ་ནག་པོ་ཁྱོད། །ཞེས་སོགས་ཀྱིས་པུ་ཏྲ་ལས་ལ་དྲག་ཏུ་བསྐུལ་བས་ལས་ཀྱིས་མགོན་པོའི་དམག་དགྲ་བོའི་ཡུལ་དུ་ཆས་པར་བསམ། ཡང་དགྲའི་ཡུལ་མཐོང་བའམ་མཐུན་པའི་རླུང་རྒྱུ་བར་ཕྱིན་ལ་དེར་སྲུང་མས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་བསྒོམ། དེ་རྣམས་ལ་གཏོར་མ་ལས་གྲུབ་པའི་གླ་རྔན་གྱི་ཚུལ་དུ་ཕུལ་བར་བསམས་ལ་སྤྱི་བསྟབ་བྱ། ཕུད་ཀྱི་མཆོད་པ་སྲུང་མ་རྣམས་ཀྱིས་ཟོས་འཐུང་ཚིམ་པར་བྱས་པས། དེ་དག་གི་མཐུ་སྟོབས་རྒྱས་པར་བསམ། དེ་ནས་རྡོ་རྗེ་ཟོར་འཛིན་རྣམས་ཀྱིས་སོ་སོའི་གཏོར་མ་བཟུང་ལ་སྲུང་མ་རྣམས་ཀྱིས་གཏོར་མ་ཟོས་པའི་ལྷག་མ་རྣམས་དུག་གི་སྡོང་བུ་དང༌། རལ་གྲི་དང་མདུང་ཐུང་ལ་སོགས་པའི་མཚོན་ཆ་མེ་འབར་བ་དང་ཕུར་བུ་དང༌། དམ་ཤིང་དང༌། གྲི་གུག་ལ་སོགས་པ་རྣམས་སུ་གྱུར་པ་ལས་ཀྱི་མགོན་པོ་ལ་སོགས་པ་རྣམས་ཀྱིས་བཟུང་སྟེ། སྒྲུབ་པ་པོ་དང་ལྷན་ཅིག་ཏུ་དགྲ་བགེགས་རྣམས་ཀྱི་སྟོབས་འཇོམས་པར་བསམ་ཞིང༌། གནས་དེ་ཉིད་ལས་ཅུང་ཟད་ཕྱིར་ནུར་ཏེ། ཕོ་ཉ་བསྐུལ་བའི་ཚིག་དྲག་ཏུ་བརྗོད། དེའི་ཚེ་གཏོར་མགྲོན་གྱི་མགོན་པོའི་གཡས་ཕྱོགས་དང༌། སྟེང་གི་བ་སྤུའི་བུ་ག་ནས་བྱ་ནག་དང༌། ཁྱུང་ཆེན་གྱི་ཚོགས་སྤྲོས། བསྟན་པ་ལ་གནོད་པའི་གདུག་པ་ཅན་དམིགས་ཡུལ་དེ། ས་བླའི་གནས་ནས་བཀུག དེ་བཞིན་དུ་གཡོན་དང༌། རྒྱབ་ནས་ཁྱི་ནག་དང༌། ཅེ་སྤྱང་གི་ཚོགས་སྤྲོས། ས་འོག་ནས་གདུག་པ་ཅན་བཀུག མདུན་ནས་མི་ནག་འཇིག་རྟེན་གང་བར་སྤྲོས། ས་སྟེངས་ནས་གདུགས་པ་ཅན་བཀུག་ནས་གཏོར་མ་གང་དུ་སྤུངས་པའི་ས་དེར་གནམ་ལྕགས་ཀྱི་དོང་གྲུ་གསུམ་པ་མེ་འབར་བར་བསམ། དེར་ཕོ་ཉ་རྣམས་ཀྱིས་གདུག་པ་ཅན་དེ་ཡན་ལག་ལྕགས་སྒྲོག་དང་ཞགས་པས་བསྡམས་པ་བཞག དེ་ལ་བསྟན་པ་ལ་གནོད་པའི་གདུག་པ་ཅན་གཞན་མཐའ་དག་ཀྱང་བཀུག་ལ་བསྟིམ་མོ། །དེ་ནས་སྟོབས་སམ་སྲོག་གཞོམ་པ་མན་ངག་བཞིན་དུ་བྱས་ལ། གཏོར་མ་སྤུངས་པས་སྲུང་མ་རྣམས་ཀྱིས་གནོད་བྱེད་གནས་དེ་ཉིད་དུ་རྡུལ་ཕྲན་ཙམ་ཡང་མེད་པར་བྱས་ནས་བཅོམ་པར་བསམ། གཏོར་མ་ལ་བྱ་ཁྱི་ཡུན་རིང་དུ་བསྲུང༌། སླར་སྔགས་རིང་ཤིབ་བུར་བཟླས་ཤིང༌། ཕྱི་མིག་མི་ལྟ་བར་ནང་དུ་འོངས་ལ་རྗེས་ཀྱི་བྱ་བ་རྣམས་བྱའོ། །དུས་ཐམས་ཅད་དུ་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ནན་ཏན་དུ་བྱ་བ་གཅེས་སོ། །འདི་བྲིས་དགེ་བ་ཕྲིན་ལས་ཁ་དོག་ཅན། །དངོས་གྲུབ་བ་དན་ལེགས་གཡོ་རུ་མཚོན་དེས། །བདུད་དང་མི་མཐུན་གཡུལ་ལས་རྣམ་རྒྱལ་ནས། །ཐུབ་དབང་བསྟན་པའི་ཁང་བཟང་མཛེས་གྱུར་ཅིག །གཏོར་མ་ལ་བརྟེན་ནས་ལས་སྒྲུབ་པའི་མན་ངག་གཡུལ་ལས་རྣམ་པར་རྒྱལ་བ་འདི་ནི། སྔར་གྱི་གཏོར་མའི་ཆོ་གའི་ལྷན་ཐབས་སུ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའོ།།  །།« ༄། །ཐུགས་དམ་བསྐང་བའི་ཆོ་ག་བཞུགས་སོ།།  »༈ །བླ་མ་དང་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ཧཱུྃ་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་འཕྲུལ་བྱེ་བ་མཐའ་ཡས་པས། །དགྲ་བགེགས་རྡུལ་བཞིན་བརླག་མཛད་པ། །མཐུ་ཆེན་དཔའ་བོའི་ཐུགས་དམ་བསྐང༌། །ཧཱུྃ་དཔལ་ལྡན་མགོན་པོ་ཁྱོད་ཀྱི་སྐུ། །དུས་མཐའི་སྤྲིན་ལྟར་ཆེར་གནག་ཅིང༌། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །དཔའ་བོ་གར་གྱི་ཉམས་དགུ་ལྡན། །དེ་འདྲའི་སྐུ་ཡི་ཏིང་འཛིན་མཆོག །རབ་ཏུ་གསལ་བར་བསྒོམ་པ་དང༌། །བསྟེན་ཅིང་རྒྱུན་དུ་མཆོད་པ་ཡིས། །དཔལ་མགོན་སྐུ་ཡི་ཐུགས་དམ་བསྐང༌། །སྣ་ཚོགས་རིན་ཆེན་ལས་གྲུབ་པའི། །དབུ་རྒྱན་མགུལ་རྒྱན་སྙན་ཆ་དང༌། །དཔུང་རྒྱན་ལག་གདུབ་དོ་ཤལ་དང༌། །རྐང་གདུབ་སོར་གདུབ་རིན་ཆེན་རྒྱན། །ཀླུ་ཆེན་བརྒྱད་ཀྱི་སྦྲུལ་རྒྱན་དང༌། །རབ་མཛེས་དར་གྱི་ལྷབ་ལྷུབ་དང༌། །སྟག་ལྤགས་ཤམ་ཐབས་ལ་སོགས་པས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །མི་རུས་མཆོག་ལས་གྲུབ་པ་ཡི། །འཁོར་ལོ་རྣ་ཆ་མགུལ་རྒྱན་དང༌། །ལག་གདུབ་དང་ནི་སྐ་རགས་སོགས། །རུས་རྒྱན་དྲུག་གི་རྒྱན་ཆ་དང༌། །ཐོད་སྐམ་ལྔ་ཡི་ཅོད་པཎ་དང༌། །གདུག་པ་ཅན་གྱི་མགོ་བོའི་ཕྲེང༌། །ཁྲག་འཛག་ལྔ་བཅུའི་དོ་ཤལ་གྱིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །རབ་མཛེས་རྒྱན་གྱི་བྱེ་བྲག་རྣམས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །སྐུ་ལ་མཆོད་པ་ཕུལ་བ་ཡིས། །སྐུ་ཡི་དམ་ཚིག་ཉམས་ཆགས་བསྐང༌། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་དང་གདོན་གྱི་གནོད་པ་སོགས། །ལུས་ཀྱི་བར་ཆད་ཞི་བ་དང༌། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །ཧཱུྃ་ནག་པོ་ཆེན་པོ་ཁྱོད་ཀྱི་གསུང༌། །བཞད་སྒྲ་སྔགས་ཀྱི་ང་རོ་ཡིས། །འབྲུག་སྟོང་འཁྲུགས་པ་ཟིལ་གནོན་ཅིང༌། །བདུད་དང་ལོག་འདྲེན་སྙིང་རབ་འགེམས། །དེ་འདྲའི་གསུང་གི་རྣལ་འབྱོར་ནི། །རབ་ཏུ་གསལ་བར་བསྒོམ་པ་དང༌། །དྲན་དང་རྒྱུན་དུ་བསྟེན་པ་ཡིས། །དཔལ་མགོན་གསུང་གི་ཐུགས་དམ་བསྐང༌། །རྩ་སྔགས་སྙིང་པོ་ཉེ་སྙིང་སོགས། །དྲག་པོའི་གསང་སྔགས་ཟབ་མོ་རྣམས། །དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར། །དག་ཅིང་གསལ་བར་བཟླས་པ་དང༌། །མགོན་པོ་འཁོར་དང་བཅས་རྣམས་ཀྱི། །བསྙེན་སྒྲུབ་ཚད་དུ་བསྐྱལ་བ་དང༌། །ཟབ་མོའི་བཟླས་བརྗོད་རྣམ་མང་གིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །གཞན་ཡང་བསྟོད་དབྱངས་སྙན་པ་ཡིས། །བསྟོད་ཚིག་ཟབ་མོ་དཔག་མེད་རྣམས། །སྙན་ཅིང་བརྗིད་པས་བསྟོད་པ་དང༌། །བདེ་གཤེགས་གསུང་རབ་བསྒྲགས་པ་དང༌། །རྔ་ཆེན་དུང་དང་ཆ་ལང་དང༌། །ཅང་ཏེའུ་འཁར་རྔ་དྲིལ་བུ་དང༌། །པི་ཝང་ལ་སོགས་སྒྲ་སྙན་གྱིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །སྣ་ཚོགས་རོལ་མོའི་བྱེ་བྲག་རྣམས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །གསུང་ལ་མཆོད་པ་ཕུལ་བ་ཡིས། །གསུང་གི་དམ་ཚིག་ཉམས་ཆགས་བསྐང༌། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གཞན་གྱིས་ངག་མནན་བྱས་པ་སོགས། །ངག་གི་བར་ཆད་ཞི་བ་དང༌། །སྙན་གྲགས་ཕྱོགས་བཅུར་རྒྱས་པར་མཛོད། །ཧཱུྃ་ནག་པོ་ཆེན་པོ་ཁྱོད་ཀྱི་ཐུགས། །ཟག་མེད་ཡོན་ཏན་ཀུན་ལྡན་ཞིང༌། །ཆོས་དབྱིངས་ཤིན་ཏུ་རྣམ་དག་ལ། །སྤང་བྱའི་དྲི་མ་ཀུན་དང་བྲལ། །དེ་འདྲའི་ཐུགས་ཀྱི་ཡོན་ཏན་ནི། །རབ་ཏུ་དད་པས་བསྒོམས་པ་དང༌། །བསྐྱེད་རྫོགས་ཏིང་འཛིན་བསྒྲུབས་པ་ཡིས། །དཔལ་མགོན་ཐུགས་ཀྱི༴ །གྲི་ལྕགས་ཆེན་པོ་ལས་གྲུབ་པའི། །དམ་ཚིག་རྡོ་རྗེ་རྩེ་ལྔ་པ། །རྡོ་རྗེ་གྲི་གུག་འབར་བ་དང༌། །ཐོད་ཁྲག་རྣམ་འཕྲུལ་གཎྜི་དང༌། །སྣ་ཚོགས་རིན་ཆེན་ལས་གྲུབ་པའི། །འཁོར་ལོ་རིན་ཆེན་པདྨ་དང༌། །རྡོ་རྗེ་རྒྱ་གྲམ་ལ་སོགས་པས། །མ་ཧཱ་ཀཱ་ལའི༴ །གསེར་དངུལ་བྱེ་རུ་མུ་ཏིག་དང༌། །མུ་མེན་ཨིནྡྲ་ནཱི་ལ་སོགས། །ཡིད་འོག་རིན་ཆེན་བསམ་ཡས་དང༌། །དར་ཆེན་ཁ་དོག་སྣ་ཚོགས་དང༌། །རི་མོ་སྣ་ཚོགས་རབ་བཀྲ་བའི། །ཟབ་ཆེན་ཁ་དོག་དུ་མ་དང༌། །གོས་ཆེན་གསེར་གྱི་རྒྱན་ལྡན་པས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །སྣ་ཚོགས་མཆོད་པའི་ཡོ་བྱད་རྣམས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །ཐུགས་ལ་མཆོད་པ་ཕུལ་བ་ཡིས། །ཐུགས་ཀྱི་དམ་ཚིག་ཉམས་ཆགས་བསྐང༌། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྨྱོ་འབོག་སེམས་འཁྲུགས་ལ་སོགས་པ། །སེམས་ཀྱི་བར་ཆད་ཞི་བ་དང༌། །བསམ་དོན་ཆོས་བཞིན་རྒྱས་པར་མཛོད། །ཧཱུྃ་ཡོན་ཏན་དཔག་ཡས་མགོན་པོ་ཁྱོད། །སྟོབས་བཅུ་མི་འཇིགས་རྣམ་བཞི་དང༌། །མ་འདྲེས་དྲན་པ་ཉེར་གཞག་སོགས། །བསམ་ཡས་ཡོན་ཏན་ཀུན་དང་ལྡན། །དེ་ལྟའི་མགོན་པོའི་ཡོན་ཏན་ནི། །དྲན་ཅིང་དད་པ་བསྐྱེད་པ་དང༌། །དམ་ཆོས་ཚུལ་བཞིན་བཟུང་བ་ཡིས། །དཔལ་མགོན་ཡོན་ཏན༴ །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་མཆོག་དང༌། །ཞལ་ཟས་སིལ་སྙན་ལ་སོགས་པ། །ཉེ་བར་སྤྱོད་པ་ཐམས་ཅད་དང༌། །གཟུགས་སྒྲ་ལ་སོགས་འདོད་ཡོན་ལྔ། །དྲི་ལྔ་སྨན་ལྔ་འབྲུ་སྣ་ལྔ། །སྙིང་པོ་ལྔ་སོགས་མཆོད་རྫས་ཀྱིས། །མ་ཧཱ་ཀཱ་ལའི༴ །གཞན་ཡང་ཁྱད་འཕགས་རིན་ཆེན་བདུན། །ལྷ་མིའི་ཡོ་བྱད་བཀྲ་ཤིས་བརྒྱད། །གསེར་གྱི་གདུགས་མཛེས་ཏོག་ཅན་དང༌། །ཡིད་བཞིན་དུ་ནོར་བུའི་རྒྱལ་མཚན་དང༌། །རྔ་ཡབ་དངུལ་གྱི་ཡུ་བ་ཅན། །འཕན་དང་བ་དན་ལྡ་ལྡི་དང༌། །བླ་བྲེ་ལ་སོགས་རྒྱན་རྣམས་ཀྱིས། །མ་ཧཱ་ཀཱ་ལའི༴ །ཡིད་འོང་འདོད་ཡོན་དུ་མ་རྣམས། །ནག་པོ་ཆེན་པོ༴ །ཡོན་ཏན་མཆོག་ལ་མཆོད་པ་ཡིས། །ཡོན་ཏན༴ །རྣལ་འབྱོར༴ །གཞན་གྱི་བྱད་ཁ་ཕུར་ཁ་སོགས། །ཡོན་ཏན་བར་ཆད་ཞི་བ་དང༌། །སྦྱིན་སོགས་ཡོན་ཏན་རྒྱས་པར་མཛོད། །ཧཱུྃ་ཕྲིན་ལས་ལྷུན་གྲུབ་ནག་པོ་ཁྱོད། །རྒྱལ་བ་ཀུན་གྱི་ཐུགས་རྗེ་ལས། །གདུག་པ་འདུལ་ཕྱིར་ཁྱོད་སྤྲུལ་ནས། །སངས་རྒྱས་བསྟན་པ་སྲུང་བར་མཛད། །ད་ལྟའི་མགོན་པོའི་ཕྲིན་ལས་ནི། །དྲན་དང་ལས་ལ་བསྐུལ་བ་དང༌། །བདེ་གཤེགས་ཕྲིན་ལས་བསྐྱངས་པ་ཡིས། །དཔལ་མགོན་ཕྲིན་ལས༴ །རལ་གྲི་རྩེ་གསུམ་མདུང་ཐུང་དང༌། །སྤུ་གྲི་གསེག་ཤང་ཆུ་གྲི་དང༌། །འཕང་མདུང་ཐག་མདུང་མདུང་རིངས་དང༌། །ཝ་མདའ་ལྕུག་མདའ་མདའ་བོ་ཆེ། །གཞུ་དང་ཕུར་བུ་དམ་ཤིང་དང༌། །དགྲ་སྟྭ་གཏུན་ཤིང་ལྕགས་ཀྱུ་དང༌། །དབྱུག་པ་སྟྭ་རེ་ལ་སོགས་པས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །རྟ་མཆོག་ནག་པོ་རྫུ་འཕྲུལ་ཤུགས། །སེང་ཆེན་འགྱིང་འདྲ་རླུང་ལྟར་མགྱོགས། །གསེར་སྒ་དངུལ་སྲབ་གཡུ་ཡི་མཐུར། །གསེར་སྟན་དར་ཐག་བརྒྱན་པ་སོགས། །ཡིད་འོང་རྟ་མཆོག་མང་པོ་དང༌། །དྲེའུ་ནག་འཕར་བ་དགུ་ཆོད་དང༌། །སྲིན་པོའི་བོང་བུ་གྭ་དམར་གྱིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །གཡག་རྒོད་རོག་པོ་མདངས་ལྡན་དང༌། །བདུད་ལུག་ནག་པོ་དཔྱིད་ཀར་དང༌། །སྤུ་སྡུག་མཛེས་པའི་བྱ་ནག་དང༌། །ཁྱི་ནག་སྙིང་དཀར་ལ་སོགས་པ། །དུད་འགྲོ་རྣམ་པ་སྣ་ཚོགས་དང༌། །སེང་གེ་སྟག་གཟིག་དོམ་ལ་སོགས། །གཅན་གཟན་རྣམ་པ་མང་པོ་ཡིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ཁྱུང་དང་ཁུ་བྱུག་ནེ་ཙོ་དང༌། །རྨ་བྱ་ངང་པ་ངུར་པ་དང༌། །ཤང་ཤང་ཏེའུ་ལ་སོགས་པ། །འདབ་ཆགས་སྣ་ཚོགས་དཀོར་ནོར་ནི། །མཆོད་འོས་གཟུགས་མཛེས་ཅི་མཆིས་པ། །ཡན་ལག་དབང་པོ་ཡོངས་རྫོགས་ཤིང༌། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་འདིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །རི་མོ་རབ་བཀྲ་སྟག་ལྤགས་དང༌། །ཐིག་ལེ་རབ་བཀོད་གཟིག་དང་གུང༌། །སྤུ་སྡུག་གྲྭ་བཟང་དོམ་དང་དྲེད། །སྤུ་ཞགས་མདོག་ལེགས་སྲམ་ལ་སོགས། །གཅན་གཟན་པགས་པ་སྣ་ཚོགས་དང༌། །ཁྲབ་རྨོག་བེར་ཆེན་ཕུབ་ལ་སོགས། །གོ་ཆ་སྣ་ཚོགས་རབ་བཙན་པས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །རྫས་དང་ཡོ་བྱད་སྣ་ཚོགས་རྣམས། །ནག་པོ་ཆེན་པོ་འཁོར་བཅས་ཀྱི། །ཕྲིན་ལས་མཆོག་ལ་མཆོད་པ་ཡིས། །ཕྲིན་ལས་དམ་ཚིག་ཉམས་ཆགས་བསྐང༌། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དགྲ་དང་ཆོམ་རྐུན་གནོད་པ་སོགས། །ཕྲིན་ལས་བར་ཆད་ཞི་བ་དང༌། །གཞན་དོན་ཆོས་བཞིན་རྒྱས་པར་མཛོད། །ཧཱུྃ་དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཐུན་མོང་མ་ཡིན་མཆོད་པའི་རྫས། །བདུད་རྩིར་བྱིན་བརླབས་བདུད་རྩི་ལྔས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །ཐབས་ཀྱི་ཡོ་བྱད་ལྕགས་ཀྱུ་ལྔ། །ཤེས་རབ་མཆོད་པ་འབྲུ་བཅུད་ཆང༌། །ཡེ་ཤེས་བདུད་རྩིར་བྱིན་བརླབས་པས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །མཚན་ལྡན་ཡེ་ཤེས་ཀ་པཱ་ལ། །དམ་རྫས་ཛམྦུ་ཏི་པ་སོགས། །ཁ་ཟས་བཟང་དགུས་རབ་བཀང་བས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །བཟའ་དང་བཅའ་བ་ཡང་དག་ལྡན། །ཁ་དོག་དྲི་དང་རོ་ལྡན་པ། །རབ་མཛེས་རྒྱན་གྱིས་རྣམ་བརྒྱན་ནས། །སྔགས་དང་ཕྱག་རྒྱས་རྒྱ་ཆེར་སྤེལ། །རོ་བརྒྱ་ལྡན་པའི་གཏོར་མ་འདིས། །མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང༌། །དཔལ་ལྡན་མགོན་པོ་ཐུགས་དམ་བསྐང༌། །བསྟན་སྲུང་ཆེན་པོའི་ཐུགས་དམ་བསྐང༌། །ཧཱུྃ་སྤྲུལ་པའི་ཁྱུང་ཆེན་བྱ་ནག་ཚོགས། །ཅེ་སྤྱང་མི་ནག་ཁྱི་ནག་དང༌། །ཁྲོ་ཆུང་ཕོ་ཉ་ཡང་སྤྲུལ་རྣམས། །མཆོད་སྤྱིན་གཏོར་མས་ཐུགས་དམ་བསྐང༌། །ཡུམ་ཆེན་ཨེ་ཀ་ཛ་ཊཱི་དང༌། །ལྷ་མོ་འདོད་ཁམས་དབང་ཕྱུག་མ། །མ་མོ་མཁའ་འགྲོའི་ཚོགས་བཅས་རྣམས། །མཆོད་སྦྱིན་གཏོར་མས་ཐུགས་དམ་བསྐང༌། །དམ་ཅན་གནོད་སྦྱིན་ཡབ་ཡུམ་དང༌། །བཀའ་སྡོད་པུ་ཏྲ་མིང་སྲིང་དང༌། །རུ་འདྲེན་སྡེ་བཞི་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མས་ཐུགས་དམ་བསྐང༌། །དུར་ཁྲོད་བདག་པོ་ཕྱོགས་སྐྱོང་དང༌། །ཞིང་སྐྱོང་ལྷ་སྲིན་སྡེ་བརྒྱད་དང༌། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀུན། །མཆོད་སྦྱིན་གཏོར་མས་ཐུགས་དམ་བསྐང༌། །གཏོར་མ་གསོལ་ཞིང་བཏུང་བ་དང༌། །བཞེས་ཤིང་བསྣམས་པར་མཛད་ནས་ཀྱང༌། །འགྲོ་ལ་ཞི་རྒྱས་སྲུང་སྐྱོབ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་ཐུགས་དམ་བསྐང་བའི་ཆོ་ག དམ་པ་གཅུང་གིས་མཛད་པ་ལས། ཚིག་དོན་གྱི་ཆ་མི་བདེ་བ་རྣམས་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་བཅོས་ཞིང་དག་པར་བགྱིས་སོ།།  །། «༄། །དཔལ་ཀྱེ་རྡོ་རྗེ་ལྷ་བཅུ་བདུན་མའི་སྒྲུབ་ཐབས་བཞུགས་སོ།།  »༈ །དཔལ་ཀྱེ་རྡོ་རྗེ་ལྷ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་གསང་དོན་གསལ་བྱེད་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རི་བོང་འཛིན་པའི་དཀྱིལ་འཁོར་ཟུང་ལྡན་དང༌། །རབ་དཀར་རྡོ་རྗེ་རྩེ་ལྔ་ལས་བྱུང་བའི། །མཐའ་ཡས་བདུད་ཀྱི་ཚོགས་འཇོམས་ཧེ་རུ་ཀ །དཔལ་ལྡན་ཀྱེ་ཡི་རྡོ་རྗེ་ལ་ཕྱག་འཚལ། །རྒྱུད་དང་རྗེ་བཙུན་རྩེ་མོའི་རྣམ་བཤད་དང༌། །འཕགས་ཡུལ་མཁས་པའི་གཞུང་གི་རྗེས་འབྲངས་ནས། །བཅུ་བདུན་བདག་ཉིད་ཀྱེ་ཡི་རྡོ་རྗེ་ཡི། །སྒྲུབ་ཐབས་གསང་དོན་གསལ་བྱེད་བདག་གིས་བྲི། །འདིར་དཔལ་སམྦུ་ཊའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བྱ་བ་ལ། ལྷའི་རྣལ་འབྱོར་སྔོན་འགྲོ། དངོས་གཞི་རིམ་གཉིས་ཀྱི་རྣལ་འབྱོར། རྗེས་ཐུན་མཚམས་ཀྱི་བྱ་བ་དང་གསུམ་གྱི་དང་པོ་ལ། ཚོགས་གཉིས་བསག་པ། སྲུང་བའི་འཁོར་ལོ་བསྒོམ་པ་གཉིས་ཀྱི་དང་པོ་ནི། དབང་ཐོབ་པ་མ་ཉམས་པའི་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པའི་དབེན་གནས་སུ་བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་ནས། རང་སྐད་ཅིག་གིས་དཔལ་ཀྱེ་རྡོ་རྗེར་གསལ་བའི་སྙིང་གར་པཾ་ལས་པདྨ་དམར་པོ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་སྔོན་པོ་གཟུང་འཛིན་གཉིས་དང་བྲལ་བ། དེ་ལས་དབུགས་ཕྱིར་རྒྱུ་བའི་དུས་སུ་སྣ་བུག་གཡས་ནས་འོད་ཟེར་ནག་པོ་ལྕགས་ཀྱུའི་ཚུལ་ཅན་འཕྲོས་པས། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པར་བལྟས་ལ་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ། གང་ཕྱིར་ཐབས་ཆེན་བདག་ཉིད་ནི། །དངོས་རྣམས་ཀུན་གྱི་རང་བཞིན་ཅན། །དཔལ་ལྡན་ཀུན་རྟོག་ཐམས་ཅད་སྤངས། །མགོན་པོ་ཧེ་རུ་ཀ་ལ་འདུད། །འཁོར་བ་འཇིག་པའི་མེ་བྱུང་ནད་དང་མྱ་ངན་བྱེ་བའི་འོད་འཕྲོ་བར། །ལྟུང་བ་ཆུ་བུར་ནད་གྱུར་བཟློག་དཀའ་འགྲོ་བ་ཉམ་ཐག་ཞི་བྱའི་ཕྱིར། །སྙིང་རྗེའི་བདུད་རྩིའི་ཆར་གྱིས་ཆུས་གང་བྱམས་པའི་ཆུ་བོ་ནི། །གང་འདི་ཀུན་ཏུ་རབ་འབབ་སངས་རྒྱས་བཅོམ་ལྡན་དེ་ལ་འདུད། །ཅེས་པས་ཕྱག་བྱས་ནས། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། འོག་ནས་འབྱུང་བའི་སྔགས་རྒྱས་མེ་ཏོག་ནས་ཞལ་ཟས་ཀྱི་བར་གྱིས་མཆོད་ལ། སླར་ཡང་རང་གི་སྙིང་གའི་ས་བོན་ལས་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་རང་རང་གི་མཆོད་རྫས་འཛིན་པ་སྤྲོས་ཏེ། དེ་རྣམས་ཀྱིས་མཆོད་པར་བསམས་ལ། དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང༌། །པུཀྐ་སཱི་ནི་རྡོ་རྗེ་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང༌། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །མཆོད་པའི་ཆོ་ག་རྒྱས་པ་ཡིས། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །ཅེས་པས་མཆོད་ནས། བདག་གིས་ཐོག་མ་མེད་དུས་ནས། །ལོག་རྟོག་དབང་གིས་སྡིག་བགྱིས་གང༌། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱི། །སྤྱན་སྔར་བཤགས་བགྱིད་སླན་ཆད་སྡོམ། །རྒྱལ་དང་དེ་ཡི་སྲས་རྣམས་དང༌། །རང་སངས་རྒྱས་དང་དགྲ་བཅོམ་དང༌། །འགྲོ་བའི་བསོད་ནམས་མ་ལུས་པ། །དེ་ལ་ཡང་དག་ཡི་རང་ཞིང༌། །བྱང་ཆུབ་དམ་པར་བསྔོ་བར་བགྱི། །གང་དང་གང་གིས་འདུལ་འགྱུར་བ། །དེ་དང་དེ་ཡི་སྐུར་སྟོན་པའི། །སྣ་ཚོགས་གཟུགས་ནོར་ཇི་ལྟ་བུའི། །རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །ཀུན་རྟོག་མ་ལུས་དག་གྱུར་པ། །རང་གི་ཡང་དག་ཡེ་ཤེས་བསྐྱེད། །ལྷན་ཅིག་སྐྱེས་དགའི་ངོ་བོ་ཉིད། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །གོ་རིམ་ཇི་བཞིན་དབང་བསྐུར་ཐོབ། །མ་ལོག་ལམ་ལ་ངེས་གནས་པའི། །སྲས་མཆོག་འཁོར་འདུས་ཚོགས་མཆོག་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཡང་དག་ཡེ་ཤེས་མེ་བོ་ཆེས། །གཏི་མུག་མུན་པ་བསལ་བ་དང༌། །སྒྲིབ་པ་མ་ལུས་སྦྱང་བའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ལམ། །སྤྱོད་པ་དཔག་གཡས་གང་ཡིན་དང༌། །མ་བཅོས་ཇི་བཞིན་གནས་ལམ་ལ། །ད་ནི་ཡང་དག་གནས་པར་བགྱི། །ཞེས་ལན་གསུམ་གྱིས་རྒྱུན་བཤགས་བྱས་ཏེ། དེ་ནས་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག དགྲ་གཉེན་ཆགས་སྡང་ཐམས་ཅད་དང་བྲལ་བར་གྱུར་ཅིག ཅེས་པའི་ཚད་མེད་པ་བཞི་བསྒོམས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཕྱི་ནང་གི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསམས་ལ། དངོས་པོ་བདེན་བརྫུན་རྣམ་དཔྱད་ན། །རྟོགས་པས་བྱས་ཀྱང་བསྒོམ་མི་ནུས། །སྐྱེ་བ་མེད་པ་སྦྱོར་བ་ཡིས། །སྐྱེ་བ་འདིར་ནི་རབ་བཤད་དོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་སྔོན་འགྲོ་ཚོགས་གཉིས་བསགས་པའོ། །གཉིས་པ་སྲུང་བའི་འཁོར་ལོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྲུང་བའི་འཁོར་ལོ་གཉིས་ཀྱི་དང་པོ་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་ཉི་ཤུ་པ། ཤར་དཀར། ལྷོར་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ལ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་འོད་ཟེར་ཕྱོགས་སུ་འཕྲོས་པས་རྡོ་རྗེ་ནག་པོ་གདེངས་པ་འགྲེང་བུར་གྱུར་པ་བར་མཚམས་མེད་པའི་རྭ་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར་དང་བླ་རེ། འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ཕྱིར་འཕྲོས་པས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་འབར་བས་བསྐོར་བ་བསམས་ལ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བརྟན་པར་བྱའོ། །གཉིས་པ་ནི། དེ་ལྟ་བུའི་ཐུན་མོང་གི་སྲུང་འཁོར་གྱི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་སེར་པོ་ལས་འཁོར་ལོ་སེར་པོ་རྩིབས་བཅུ་པ། རྩེ་མོ་རྣོ་བ། ཁོག་པ་སྟོང་པ། གཡས་ཕྱོགས་སུ་འགྲོ་བ་མི་མངོན་པར་མགྱོགས་པར་འཁོར་བ། དེའི་དབུས་དང་ཕྱོགས་བཅུར་པདྨ་དང་ཉི་མའི་དཀྱིལ་འཁོར་བཅུ་གཅིག་དེ་རྣམས་ཀྱི་སྟེང་དུ་ཧཱུྃ་རེ་རེ། དེའང་ལྷོའི་དཀར་པོ། ནུབ་ཀྱི་དམར་པོ། སྟེང་གི་སེར་པོ། གཞན་རྣམས་སྔོན་པོ། དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་རྡོ་རྗེ་ཧཱུྃ་མཛད་སྐུ་མདོག་སྔོན་པོ་ཕྱག་གཡས་པས་རྡོ་རྗེ་འཛིན་པ། ཤར་དུ་གཤིན་རྗེའི་གཤེད་སྔོན་པོ་ཐོ་བ་འཛིན་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན། ནུབ་ཏུ་པདྨ་མཐར་བྱེད་དམར་པོ་པདྨ། བྱང་དུ་བགེགས་མཐར་བྱེད་ནག་པོ་རྡོ་རྗེ། དབང་ལྡན་དུ་འདོད་རྒྱལ་ནག་པོ་ལྕགས་ཀྱུ། མེར་དབྱུག་སྔོན་ཅན་ནག་པོ་དབྱུག་པ། བདེན་བྲལ་དུ་སྟོབས་པོ་ཆེ་ནག་པོ་རྩེ་གསུམ། རླུང་དུ་མི་གཡོ་བ་ནག་པོ་རལ་གྲི། སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་འཁོར་ལོ། འོག་ཏུ་གནོད་མཛེས་ནག་པོ་གཏུན་ཤིང་འཛིན་པ། ཐམས་ཅད་ཀྱང་གཡས་རང་རང་གི་ཕྱག་མཚན་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། དབུས་དང་ཕྱོགས་བཞིའི་ཁྲོ་བོ་རྣམས་ཞལ་མཆེ་བ་གཙིགས་ཤིང༌། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། སྐུ་སྦོམ་ཤིང་ཐུང་ལ་གསུས་ཁྱིམ་ཆེ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། མཚམས་ཀྱི་ཁྲོ་བོ་རྣམས་ནི་རོལ་པའི་སྐུ་ཅན། ཅུང་ཟད་སྒེག་ཅིང་ཡིད་ཙམ་ཁྲོས་པ། སྐུ་སྐེམ་ཞིང་གྲིམས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཐམས་ཅད་ཀྱི་སྐུ་ལས་རང་དང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པ་འཕྲོ་བས་བགེགས་ཀྱི་ཚོགས་ཚར་གཅོད་པར་མཛད་པ། གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་བསམས་ཏེ་དམ་ཚིག་པ་བསྐྱེད་པའོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས་ཁྲོ་བོ་བཅུ་གཅིག་སྲུང་བའི་འཁོར་ལོ་དང་བཅས་པ་ལ་ཡེ་ཤེས་ཀྱི་ཁྲོ་བོ་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྱན་དྲངས་ལ་མཆོད་ནས། འོག་ནས་འབྱུང་བ་ལྟར་སྒོ་མ་བཞིའི་སྔགས་རྒྱས་དགུག་གཞུག་བཅིང་དབང་དུ་བྱས་ཏེ་ཡེ་ཤེས་པ་གཞུག་པའོ། །ལྷ་ཐམས་ཅད་ཀྱི་མིག་ལ་སོགས་པའི་གནས་དྲུག་ཏུ། གཏི་མུག་རྡོ་རྗེ་མ་ལ་སོགས་པ་དྲུག་དང༌། གནས་གསུམ་དུ་ཡི་གེ་གསུམ་དགོད་དེ་སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབ་པའོ། །སླར་ཡང་སྙིང་གའི་ས་བོན་ལས་འོད་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ལ། ཆུ་བཞི་སྔོན་དུ་འགྲོ་བས་མཆོད་ཅིང༌། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། དབང་གི་ལྷས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། ཞེས་སོགས་ཀྱི་ཚིགས་བཅད་དང་སྔགས་ཀྱིས་དབང་བསྐུར། ལུས་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་ཧཱུྃ་མཛད། ཤེས་རབ་མཐར་བྱེད་འདོད་པའི་རྒྱལ་པོ་གནོད་མཛེས་རྣམས་ལ་མི་བསྐྱོད་པ། གཤིན་རྗེའི་གཤེད་དབྱུག་སྔོན་ཅན་གཙུག་ཏོར་འཁོར་ལོས་སྒྱུར་བ་རྣམས་ལ་རྣམ་པར་སྣང་མཛད། པདྨ་མཐར་བྱེད་དང་སྟོབས་པོ་ཆེ་ལ་འོད་དཔག་མེད། བགེགས་མཐར་བྱེད་དང༌། མི་གཡོ་བ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པ་ནི་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་བོ། །དེ་ནས་ཁྲོ་བོའི་དབང་པོ་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བདུད་དང་ལོག་པར་འདྲེན་པ་རྣམས་དཔག་ཚད་བརྒྱའི་ཕ་རོལ་དུ་བསྐྲད་ཅིང་བར་དུ་གཅོད་པ་རྣམས་ལས་བསྲུང་བར་བསམས་ཏེ། ཨོཾ་རཀྵ་རཀྵ་སོགས་བརྗོད་པ་ནི་སྲུང་བའི་འཁོར་ལོའོ། །གཉིས་པ་རིམ་གཉིས་ཀྱི་རྣལ་འབྱོར་དངོས་ལ། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་གཉིས་ཀྱི་དང་པོ་ལ། རྟེན་གཞལ་ཡས་ཁང་བསྐྱེད་པ་དང༌། བརྟེན་པ་ལྷ་བསྐྱེད་པ་གཉིས་ཀྱི་དང་པོ་ནི། སྲུང་འཁོར་གྱི་རྡོ་རྗེ་ཧཱུྃ་མཛད་ཞུ་བ་ལས། ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་རྡོ་རྗེའི་ཕྲེང་བས་བསྐོར་བ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་བསྐོར་བ། ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེའི་ཕྲེང་བས་བསྐོར་བ། དེ་རྣམས་སྟེང་ནས་སྟེང་དུ་བརྩེགས་པའི་སྟེང་དུ། བྷྲཱུྃ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། དེ་རྣམས་ལ་ཨོཾ་ཨཱཿཧཱུྃ་ཧོ། དམར་པོ་གཉིས་ཀྱི་མཐའ་བརྟེན་པའི་བར་དོའི་ཤེས་པ་ཞུགས་ནས། ཐམས་ཅད་གཅིག་ཏུ་འདྲེས་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེའི་ཕ་གུ་སེར་པོ་ལ། དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། སྟེང་མདའ་ཡབ་དང་པུ་ཤུས་མཛེས་པར་བྱས་པ། སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་རྩེ་མོར། ཆོས་ཀྱི་འཁོར་ལོ། སྟེང་དུ་གདུགས། གཡས་གཡོན་དུ་རི་དྭགས་ཕོ་མོ། གོས་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། རྩིག་པའི་རྩ་བའི་ཕྱི་རོལ་ན་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ། པི་ཝཾ་མ་ལ་སོགས་པ་མཆོད་པའི་ལྷ་མོ་བཅུ་དྲུག་གིས་རང་རང་གི་མཆོད་རྫས་ཐོགས་ནས་དཀྱིལ་འཁོར་ལ་མཆོད་པ་འབུལ་བ། ནང་ཀ་བ་བརྒྱད་དང་ལྡན་ཞིང༌། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་དུ་འཁྲུགས་པ། དེའི་ནང་དུ་སྒོ་ནས་ཕྱོགས་ཀྱི་མདོག་ཅན་གྱི་ལྷ་སྣམ་ཆ་ཆེན་རེ་བོར་བའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཕྱི་རོལ་རྡོ་རྗེ་ཕྲེང་བ་དང་འོད་ཟེར་ལྔའི་ཕྲེང་བས་བསྐོར་བ། པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཉོན་མོངས་པ་ལ་སོགས་པ་བདུད་བཞིའི་ངོ་བོ་ཚངས་པ་སེར་པོ། དབང་པོ་དཀར་པོ། ཉེ་དབང་སྔོན་པོ། དྲག་པོ་ནག་པོ་རྣམས་གོང་ནས་གོང་དུ་བརྩེགས་པའི་གདན། འདབ་མ་བརྒྱད་ལ་ཤར་དུ་ཚངས་པ་སེར་པོ། ལྷོར་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ། བྱང་ཤར་དུ་གཤིན་རྗེ་སྔོན་པོ། ཤར་ལྷོར་ནོར་བདག་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ། ནུབ་བྱང་དུ་ཐག་ཟངས་རིས་དུད་ཁ་རྣམས་འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པ། སྒོ་བཞིར་སྣ་ཚོགས་པདྨ་དང༌། ཉི་མ་དང༌། རོའི་གདན། མཚམས་བཞིར་པདྨ་དང༌། ཉི་མའི་གདན་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱི་ལ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ང་རྒྱལ་བཟུང་ངོ༌། །གཉིས་པ་ལ་དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་དང་གསུམ་གྱི་དང་པོ་ནི། དེ་ནས་དབུས་ཀྱི་གདན་གྱི་སྟེང་དུ་ཨཱ་ལི་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྲུ་གསུམ་པ་ཨཱ་ལིས་མཚན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་ཏེ། དེ་ལས་འོད་འཕྲོས་པས་སངས་རྒྱས་ཀྱི་མཚན་སོ་གཉིས་ཨཱ་ལིའི་རྣམ་པར་སྤྱན་དྲངས་ཏེ། སྔར་གྱི་ཡི་གེ་ལ་ཐིམ་པས་རྒྱས་པར་བསྒོམ། དེའི་སྟེང་དུ་ཀཱ་ལི་སུམ་ཅུ་རྩ་བཞི་ཡ་ར་ལ་ཝ་ཌ་ཌྷ་དྲུག་བསྣན་པས་བཞི་བཅུ་པ་ཕྲག་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བ་གྲུ་གསུམ་ཀཱ་ལིས་མཚན་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མོས་ཏེ། དེ་ལས་འོད་འཕྲོས་པས་སངས་རྒྱས་ཀྱི་དཔེ་བྱད་བརྒྱད་ཅུ་ཀཱ་ལིའི་རྣམ་པར་སྤྱན་དྲངས་པ་སྔར་གྱི་ཡི་གེ་ལ་ཐིམ་པས་རྒྱས་པར་བསྒོམ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་འོད་ཟེར་གྱི་ཕྲེང་བ་ཅན་བསྒོམས་ཏེ་སོ་སོར་རྟོག་པའི་ཡེ་ཤེས་སུ་མོས་ལ། དེ་ལས་འོད་འཕྲོས། དེས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་སླར་འདུས་ཏེ་ཟླ་བ་རྡོ་རྗེ་ལ་ཐིམ་པས། ཐམས་ཅད་རོ་གཅིག་ཏུ་འདྲེས་པར་གྱུར་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་མོས། དེ་ཡོངས་སུ་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བཅོམ་ལྡན་ཀུན་ཏུ་བཟང་པོ་སྐུ་མདོག་ཟླ་བ་ལྟར་དཀར་ཞིང་ཆུ་ཤེལ་ལྟར་དྭངས་པ། ནོར་བུ་ལྟར་འོད་འཕྲོ་བ། ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཞབས་བཞི་པ། སྤྱན་ཉི་ཤུ་རྩ་བཞིས་མཛེས་པ། རྩ་བའི་ཞལ་དཀར་པོ་གཡས་སྔོ་གཡོན་དམར་བ། ལྷག་མ་ཐམས་ཅད་ནག་པོ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང་སྤྱི་བོར་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཕྱག་བཅུ་དྲུག་གིས་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རལ་གྲི། གསུམ་པ་ན་མདའ། བཞི་པ་ན་འཁོར་ལོ། ལྔ་པ་ན་གཤོར་ཏེ་ཆང་གིས་གང་བའི་ཐོད་པ། དྲུག་པ་ན་དབྱུག་པ། བདུན་པ་ན་རྩེ་གསུམ། བརྒྱད་པ་ན་ལྕགས་ཀྱུ་འཛིན་པ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་གཞུ། བཞི་པ་ཁ་ཊྭཱཾ་ག་འཕྱར་བཞིན་པ། ལྔ་པ་ན་ཐོད་པ། དྲུག་པ་ན་རིན་པོ་ཆེ། བདུན་པ་ན་སྡིགས་མཛུབ། བརྒྱད་པ་ན་རྡོ་རྗེ་ཞགས་པ་འཛིན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན་འཁོར་ལོ་ལ་སོགས་པ་རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་བཞིའི་ཞབས་གཡོན་གཉིས་བརྐྱང་པའི་བརླ་ལ་གཡས་གཉིས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་ཤིང་སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང༌། གཡོན་ཐོད་པ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། དཀུ་གཡོན་དུ་ཁ་ཊྭཱཾ་ག་འཛིན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡོན་བརྐྱང་ཞིང་གཡས་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམས་ཏེ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །ཡབ་ཡུམ་སྙོམས་པར་བཞུགས་པའི་སྒྲས་ནམ་མཁའ་ནས་ཨོཾ་ཨཱཿཧཱུྃ་ཧོ་གཉིས་ཀྱི་མཐའ་བརྟེན་པའི་བར་དོའི་ཤེས་པ་བཅོམ་ལྡན་འདས་ཀྱི་སྣ་བུག་གཡོན་ནས་ཞུགས། ཡུམ་གྱི་མཁར་སླེབ་པའི་རྐྱེན་གྱིས་ཡབ་ཡུམ་གཉིས་རྗེས་སུ་ཆགས་པའི་མེས་ཞུ་སྟེ། བདེ་བ་ཆེན་པོའི་ངོ་བོ་ཐིག་ལེ་སྔོ་སྐྱར་གྱུར་པར་བསམས་ལ། དེ་ནས་རང་བཞིན་གྱི་གནས་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་བྱུང་སྟེ། པདྨའི་མཚམས་ཀྱི་འདབ་མ་བཞི་ལ་འཁོད་ནས། བདེ་སྟོང་དབྱེར་མེད་ཆོས་སྐུའི་ངོ་བོ་བཅོམ་ལྡན་འདས་གཟུགས་སྐུར་བཞེངས་པའི་ཕྱིར་གླུས་བསྐུལ་བ་ནི། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སིའ་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བར་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ནི་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་པས་བསྐུལ་བ་ནི་ཞུ་བ་གླུས་བསྐུལ་ཏེ། དེ་ལྟར་གླུས་བསྐུལ་བའི་རྐྱེན་དང༌། སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པའི་ཐིག་ལེ་དེ་ཨྃ་དང་ཧཱུྃ་དུ་གྱུར་པ་ལས་སམ། ཡང་ན། ཐིག་ལེ་དེ་ཧཱུྃ་དང་ཨ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ། རྩ་ཞལ་སྔོ་ཞིང་བཞད་པ། གཡས་དཀར་གཡོན་དམར་བ་ལྷག་མ་ཐམས་ཅད་རྒྱུ་རྡོ་རྗེ་འཛིན་པ་ལྟ་བུ་ཡུམ་དང་བཅས་པ་བསམས་ཏེ། འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའོ། །གཉིས་པ་ནི། འབྲས་བུ་རྡོ་རྗེ་འཛིན་པའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པར་བསམས་ལ། ཨོཾ་པདྨ་སུ་ཁ་དྷ་ར་མ་ཧཱ་རཱ་ག་སུ་ཁཾ་ད་ད་ཙ་ཏུར་ཨཱ་ནནྡ་བྷ་ག་བི་ཤཱ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻཾ་ཀཱ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ། ཙ་ཏུར་ཨཱ་ནནྡ་ཡ་ཀ་ཁ་ག་མུ་ཁ་ཨེ་ཀ་ར་སོ་ན་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀཱརྻ་ཀུ་རུ་ཥྭ་མེ། ཞེས་པས་བྱིན་གྱིས་བརླབས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་ཐབས་ཤེས་སྙོམས་པར་ཞུགས་པས། བདེ་བའི་སྒྲས་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་བཞུ། སྐུའི་དབྱིབས་བརྒྱུད་དེ་ཡུམ་ཀྱི་བྷ་གར་བབས་ནས། གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། བྃ་བིཾ་མུྃ་མྲིཾ། ཛཿཧཱུྃ་བཾ་ཧོཿཞེས་པའི་ས་བོན་བཅུ་དྲུག་ཏུ་གྱུར། དེ་ལས་ལྷ་མོ་བཅུ་དྲུག་ཏུ་གྱུར་ནས་ཕྱིར་སྤྲོས་པས། ཤར་དུ་གཽ་རཱི་དཀར་མོ་ཕྱག་དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་ཤིང༌། འོག་མ་གཉིས་གྲི་གུག་དང༌། ཉ་རོ་ཧི་ཏ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ་འཛིན་པ། ལྷོར་ཙཽ་རཱི་མ་དམར་མོ་ཕྱག་དང་པོ་གཉིས་ཀྱི་འཁོར་ལོ་དང་ལྕགས་ཀྱུ། འོག་མ་གཉིས་ཀྱིས་ཌཱ་མ་རུ་དང༌། ཕག་པ་དང་བཅས་པའི་ཐོད་པ་འཛིན་པ། ནུབ་ཏུ་བེ་ཏཱ་ལཱི་དཀར་སེར་དང་པོ་གཉིས་ཀྱིས་རལ་གྲི་དང་རུས་སྦལ་དང་བཅས་པའི་ཐོད་པ་འཛིན་པ། འོག་མ་གཉིས་ཀྱིས་ཆང་གིས་བཀང་བའི་ཐོད་པ་དང་དྲི་ཆུས་བཀང་བའི་ཐོད་པ། བྱང་དུ་གྷསྨ་རཱི་ལྗང་སེར་དང་པོ་གཉིས་ཀྱིས་རྡོ་རྗེའི་མེ་ཐབ་དང་དགྲ་སྟྭ། འོག་མ་གཉིས་ཀྱིས་མི་འཇིགས་པའི་ཕྱག་རྒྱ་དང༌། སྦྲུལ་དང་བཅས་པའི་ཚིགས་བུས་གང་བའི་ཐོད་པ་འཛིན་པ། བྱང་ཤར་དུ་པུཀྐ་སཱི་སེར་མོ་དང་པོ་གཉིས་ཀྱིས་དཔག་བསམ་གྱི་ཤིང་གི་ལྕུགས་མ་དང་སེང་གེ་དང་བཅས་ཤིང་ཤས་གང་བའི་ཐོད་པ། འོག་མ་གཉིས་ཀྱིས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་རིན་པོ་ཆེ་འཛིན་པ། ཤར་ལྷོར་རི་ཁྲོད་མ་དཀར་མོ་དང་པོ་གཉིས་ཀྱིས་ཁ་ཊྭཱཾ་ག་དང་དགེ་སློང་དང་བཅས་པའི་ཐོད་པ། འོག་མ་གཉིས་ཀྱིས་རྡོ་རྗེ་དང་ཞགས་པ་འཛིན་པ། ལྷོ་ནུབ་ཏུ་གདོལ་པ་མ་སྔོན་མོ་དང་པོ་གཉིས་ཀྱིས་རླུང་གི་གོས་འཛིན་པ། འོག་མ་གཉིས་ཀྱིས་པད་དཀར་དང་སྟག་དང་བཅས་པའི་ཐོད་པ་འཛིན་པ། ནུབ་བྱང་དུ་གཡུང་མོ་སྔོ་བ་དང་དཀར་བའི་མདོག་ཅན་དང་པོ་གཉིས་ཀྱིས་རྡོ་རྗེ་དང་ལྕགས་ཀྱུ། འོག་མ་གཉིས་ཀྱི་རླུང་རས་དང་ཝ་དང་བཅས་པའི་ཐོད་པ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་སྤྱན་གསུམ་དང་ལྡན་པ། གཅེར་བུ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །འདིར་རྒྱུད་ཕྱི་མ་ལས་ཤར་དུ་དཀར་མོ། གཡས་སུ་ཆོམ་རྐུན་མ། རྒྱབ་ཏུ་རབ་ཏུ་རྨོངས་མ། གཡོན་དུ་རོ་ལངས་མ། མེར་པུཀྐ་སཱི། བདེན་བྲལ་དུ་གདོལ་པ་མོ། རླུང་དུ་གྷསྨ་རཱི། དབང་ལྡན་དུ་ཧེ་རུ་ཀ་དང་མཚུངས་པ་རྣམས་བཤད་ཅིང༌། བརྟག་པ་གསུམ་པའི་རབ་བྱེད་དང་པོར་ཡང་འདི་དང་གོ་རིམ་མཚུངས་པར་བཤད་པ་ནི། སྐབས་འདི་དག་སངས་རྒྱས་མཉམ་སྦྱོར་གྱི་ཧེ་རུ་ཀའི་དཀྱིལ་འཁོར་དང༌། བརྟག་པ་གཉིས་པ་གཉིས་ཀྱི་གསལ་བྱེད་ཀྱི་གཞུང་ཡིན་པ་ལ། འདིར་བརྟག་པ་གཉིས་ཀྱི་གསལ་བྱེད་དུ་སྦྱོར་བས་ན། གོ་རིམ་འདི་ལྟར་འབྱུང་བར་རིགས་ཏེ། གླུ་བསྐུལ་གྱི་སྐབས་སུ་མཚམས་མ་བཞི་རྩ་རྒྱུད་ལྟར་བཤད་པའི་ཕྱིར་དང༌། ཨ་བྷ་ཡས་ཀྱང་འདི་བཞིན་དུ་བཤད་པའི་ཕྱིར་རོ། །ལྷ་སྣམ་མཚམས་བཞིའི་གདན་ལ། དབང་ལྡན་དུ་གླིང་བུ་མ་དཀར་མོ་ཕྱག་གཉིས་ཀྱི་གླིང་བུ་འབུད་པ། མེར་པི་ཝང་མ་སེར་མོ་ཕྱག་གཉིས་ཀྱིས་པི་ཝང་བསྒྲེང་བ། བདེན་བྲལ་དུ་མུ་ཀུནྡ་དམར་མོ་ཕྱག་གཉིས་ཀྱི་རྔ་ཟླུམ་བརྡུང་བ། རླུང་དུ་རྫ་རྔ་མ་ལྗང་གུ་ཕྱག་གཉིས་ཀྱིས་རྫ་རྔ་ཁ་གཅིག་པ་བརྡུང་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་དང་ལྡན་པ། སྐྲ་གྲོལ་བ་ཕྱག་རྒྱ་ལྔས་བརྒྱན་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། སྒེག་ཅིང་མཛེས་པའི་ཉམས་དང་ལྡན་པའོ། །ཤར་སྒོར་རྟ་གདོང་མ་ནག་མོ་དབུས་གནག་གཡས་དཀར་གཡོན་སེར། སྟེང་ཞལ་རྟའི་གདོང་པ་ལྗང་གུ་གཡས་གཉིས་ན་ལྕགས་ཀྱུ་རལ་གྲི་གཡོན་གཉིས་ན་ཞགས་པ་དང་སྡིགས་མཛུབ་འཛིན་པ། ལྷོར་སྒོར་ཕག་གདོང་མ་སེར་མོ། གཡས་ནག་གཡོན་དཀར། སྟེང་དུ་ཕག་གདོང་མ་དམར་མོ། ཕྱག་གཡས་གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ན་འཁོར་ལོ་དང་དྲིལ་བུ་འཛིན་པ། ནུབ་སྒོར་ཁྱི་གདོང་མ་དམར་མོ་དབུས་དམར། གཡས་ནག་གཡོན་དཀར། སྟེང་དུ་ཁྱི་གདོང་སེར་མོ། ཕྱག་གཡས་གཉིས་ན་ལྕགས་སྒྲོག་དང་རྡོ་རྗེ། གཡོན་གཉིས་ན་འཁོར་ལོ་དང་དྲིལ་བུ། བྱང་སྒོར་སེང་གདོང་མ་ལྗང་གུ་དབུས་ལྗང༌། གཡས་ནག་གཡོན་དཀར། སྟེང་དུ་སེང་གདོང་དཀར་མོ། ཕྱག་གཡས་གཉིས་ན་དྲིལ་བུ་དང་རྡོ་རྗེ། གཡོན་གཉིས་ན་འཁོར་ལོ་དང་རལ་གྲི་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ། ལྷག་ཞལ་རྣམས་ལ་སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ཕྱག་རྒྱ་ལྔ་དང་སྦྲུལ་གྱིས་བརྒྱན་ཅིང༌། ཐོད་པའི་ཕྲེང་བའི་ཅོད་པཎ་ཅན་ཁྲོ་ཞིང་སྒེག་པའི་རོའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །གསུམ་པ་ནི། དེ་ནས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལ་སོགས་པ་རང་རང་གི་ས་བོན་ལས་སོ་སོའི་ཕྱག་མཚན་སོ་སོའི་ས་བོན་གྱིས་མཚན་པ་དང་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ་སོགས་པའི་སོ་སོའི་ས་བོན་བསྒོམས་ཏེ། སེམས་དཔའ་སུམ་བརྩེགས་བསྒོམ་པའོ། །ཏིང་ངེ་འཛིན་སེམས་དཔའ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་ལྷ་བཅུ་བདུན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། ཉེར་སྤྱོད་དང་ལྷ་མོ་བརྒྱད་ཀྱིས་མཆོད་དེ། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱིས་ཐུགས་ཀྱི་མཆོག་བརྙེས་ཏེ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པ་རྡོ་རྗེ་སྒྲུབ་པ་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །ཞེས་པས་བསྟོད་ལ། སྙིང་གའི་ས་བོན་ལས་རྟ་གདོང་མ་ལྕགས་ཀྱུ་ཐོགས་པ་སྤྲོས་ཏེ་ཡེ་ཤེས་པའི་ཐུགས་ཀར་རེག་པས་སྲུང་འཁོར་གྱི་ནང་དུ་བྱོན་པར་བསམས་ལ། ལྕགས་ཀྱུའི་ཕྱག་རྒྱ་དང༌། ཨོཾ་བཛྲ་བ་ཌ་བཱ་མུ་ཁ་ཡོ་གཱི་ཤྭ་རི་ཧཱི་ཧི་ཧི་ཧི་ཧི་ཧཱུྃ་ཛཿ ཞེས་བརྗོད། ཡང་ཕག་གདོང་མ་ཞགས་པ་ཐོགས་པ་སྤྲོས། ཡེ་ཤེས་པའི་མགྲིན་པར་རེག་པས་དམ་ཚིག་པ་ལ་ཐིམ་པར་བསམ་ཞིང༌། ཞགས་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་དཾཥྚཾ་བ་རཱ་ཧ་མུ་ཁི་ཏྲཱཾ་བ་ཏྲཱ་ཊ་ཧཱུྃ་ཞེས་བརྗོད། ཡང་སེང་གདོང་མ་ལྕགས་སྒྲོག་ཐོགས་པ་སྤྲོས། ཡེ་ཤེས་པའི་ཞབས་ལ་རེག་པས་དམ་ཚིག་པ་དང་གཉིས་སུ་མེད་པར་བསམས་ལ། ལྕགས་སྒྲོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་པྲ་སཱུརྻ་ཧུ་ཏཱ་ཤ་ནི་སིཾ་ཧ་ནིརྣཱ་དེ་སིཾ་ཧ་བཀྟྲེ་སིཾ་ཧི་ནི་ཊཾ་ཊཾ་མཾ་ཞེས་བརྗོད། ཡང་ཁྱི་གདོང་མ་དྲིལ་བུ་ཐོགས་པ་སྤྲོས། གཞལ་ཡས་ཁང་གི་ཕྱི་ནང་ཐམས་ཅད་གང་བས་ཡེ་ཤེས་ཀྱི་དཀྱིལ་འཁོར་དགྱེས་པར་བསམ། དྲིལ་བུའི་ཕྱག་རྒྱ་དང༌། ཨོཾ་བཛྲ་དྷཱ་ཏུ་སཾ་ཛཱི་བ་ནི་མ་ཧཱ་ཡཀྵི་ཎི་ཤྭཱ་ན་རཱུ་པི་ཎི་མ་ཧཱ་པྲཱ་ལ་ཡ་ནིརྞ་དེ་ཀཱ་མ་རཱ་པི་ཎི་ཏྲཱྃ་ཏྲ་ཊ་ཏྲ་ཊ་ཧོཿ །ཞེས་བརྗོད་དེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་གཞུག་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་མིག་གཉིས་སུ་མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བ་གཉིས་སུ་དཾ་ལས་ཞེ་སྡང་རྡོ་རྗེ་མ་སྔོན་མོ། སྣར་པཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེར་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་པར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་གུ། སྙིང་གར་ནཾ་ལས་བདག་མེད་རྡོ་རྗེ་མ་ནག་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ་མ་ནག་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་པ་དང་གྲུ་མོ་ན་ཁ་ཊྭཱཾ་ག་འཛིན་པ། རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པར་བསམ་པ་ནི། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །སླར་ཡང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། དབང་བསྐུར་གྱི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་ཡུམ་བཞི། སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་བཅུ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། སྔར་བཞིན་མཆོད་བསྟོད་བྱས་ནས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ཏེ། བདུད་རྩི་ལྔས་གང་བའི་བུམ་པ་ཕྱག་ན་བསྣམས་ནས་དབང་བསྐུར་བར་བསམས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས། ལུས་ཐམས་ཅད་གང༌། སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལ་གཙོ་བོ་ཡབ་ཡུམ་དང༌། གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ། ཙཽ་རཱི་དང་ཤ་བ་རཱི་ལ་རྣམ་པར་སྣང་མཛད། བཻ་ཏཱ་ལི་དང་ཙཎྜ་ལཱི་ལ་རིན་འབྱུང༌། གྷསྨ་རཱི་དང་ཌོམྦཱི་ནཱི་ལ་འོད་དཔག་མེད། ཕྱིའི་ལྷ་རྣམས་ཀྱི་ཤར་དང་བྱང་ཤར་བ་ལ་རྣམ་སྣང༌། ལྷོ་དང་ཤར་ལྷོ་བ་ལ་རིན་ཆེན་འབྱུང་ལྡན། ནུབ་དང་ལྷོ་ནུབ་བ་ལ་འོད་དཔག་མེད། བྱང་དང་ནུབ་བྱང་པ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམས་ལ་དབང་གི་ལྷ་ཐམས་ཅད་མི་དམིགས་པར་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཞེས་བརྗོད་པ་ནི་དབང་བསྐུར་ཞིང་རྒྱས་གདབ་པའོ། །དེ་ནས་མདུན་དུ་ཐོད་པར་ཆང་ལ་བདུད་རྩི་རིལ་བུ་སྦགས་པས་བཀང་བ་བཞག་ནས། དེ་བསང་སྦྱངས་བྱིན་གྱིས་བརླབས་པ་རྣམས་གཏོར་མ་བྱིན་རླབས་དང་མཐུན་པར་བྱས་ལ། ལྷ་བཅུ་བདུན་གྱི་ལྗགས་རྣམས་ལ་རྡོ་རྗེ་ནས་འབྲས་ཙམ་གྱིས་མཚན་པར་བསམས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་ད་ན་བཛྲཱི་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པ་ནི་བདུད་རྩི་མྱང་བའོ། །སྔར་ལྟར་ལྷ་མོ་བརྒྱད་ཀྱིས་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། མཆོད་པའི་ལྷ་མོ་དེ་རྣམས་ཀྱིས་དཀྱིལ་འཁོར་པ་ལ་བསྟོད་པར་བསམས་ལ། འགྲོ་བ་དུག་ཆེན་མི་བཟད་པས། །ཁྱབ་པར་བཞུགས་ནས་ཧེ་རུ་ཀ །སྣ་ཚོགས་ཚུལ་གྱི་བདུད་རྩིར་བསྒྱུར། །སྨན་མཆོག་དཔའ་བོ་ཁྱོད་ལ་འདུད། །ཅེས་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཞེས་བརྗོད་དེ་མཆོད་དོ། །འདིར་དངོས་གཞིའི་རྣལ་འབྱོར་ལ་གཞུང་འཁྲུགས་མེད་དུ་བྱས་ཏེ་ཏིང་ངེ་འཛིན་གསུམ་དང་སྦྱར་བ་དང༌། འཁྲུགས་ཅན་དུ་སྦྱར་ཏེ་ཡན་ལག་དྲུག་ཏུ་སྦྱར་བ་གཉིས་གདམ་ག་ཅན་དུ་འགྲེལ་པར་བཤད་ཅིང༌། གཞུང་གི་དངོས་བསྟན་དང་འཁྲུགས་མེད་ཏིང་ངེ་འཛིན་གསུམ་དང་སྦྱར་བ་ཤིན་ཏུ་མཐུན་པས་འདིར་དེའི་ལུགས་སུ་བཀོད་དོ། །གལ་ཏེ་སྤྱི་དོན་དུ་ཧེ་རུ་ཀ་སོ་སོ་དང་བདག་མེད་མ་རྣམས་ལ་ཏིང་ངེ་འཛིན་གསུམ་མི་སྦྱོར་བར་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ལྟར་བཤད་པ་ནི་སློབ་དཔོན་མི་ཐུབ་ཟླ་བའི་དགོངས་པ་ལྟར་ན་ཡིན་གྱི། གཞན་དུ་འགྲེལ་པར་ཏིང་ངེ་འཛིན་གསུམ་སྦྱོར་བར་རྗེ་བཙུན་ཉིད་ཀྱིས་བཤད་པའི་ཕྱིར་རོ། །གཉིས་པ་ནི། རྫོགས་པའི་རིམ་པ་རང་བྱིན་རླབས་ཀྱི་དམིགས་པ་ཉི་ཤུ་རྩ་བཞི་ནས་གང་ཡང་རུང་བ་ཅིག་བསྒོམས་ཏེ། སློབ་དཔོན་གྱི་ངག་ལས་ཤེས་སོ། །གསུམ་པ་ཐུན་མཚམས་ཀྱིས་བྱ་བ་ལ། ཉལ་བ་ལ་སོགས་པ་ལྔ་ནི། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སུ་བསྟན་པ་ལྟར་ཤེས་པར་བྱས་ལ། ཐུན་མཚམས་སུ་བསྒོམས་པས་སྐྱོ་ན། དཀྱིལ་འཁོར་བསྡུས་ལ་རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ནི་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཡིན། །གུག་སྐྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །སྤྱན་གསུམ་པ་ནི་སྐུ་གསུམ་ཡིན། །རུས་པ་བདེན་པ་བཞི་པོ་ཉིད། །གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །དེ་བཞིན་འདུ་བྱེད་རྡོ་རྗེ་རྒྱལ། །རྣམ་ཤེས་རྡོ་རྗེ་སེམས་དཔའ་ཉིད། །ཀུན་གྱི་ངོ་བོ་ཧེ་རུ་ཀ །མིག་ལ་གཏི་མུག་རྡོ་རྗེར་བཤད། །ཞེ་སྡང་རྡོ་རྗེ་མངོན་ཐོས་པ། །ཕྲག་དོག་རྡོ་རྗེ་དེ་བཞིན་སྣ། །ཁ་ནི་འདོད་ཆགས་རྡོ་རྗེར་བཤད། །རེག་ལ་སེར་སྣ་རྡོ་རྗེ་མ། །ཁམས་དང་སྐྱེ་མཆེད་ཐམས་ཅད་ནི། །དམ་པའི་དབང་ཕྱུག་ཧེ་རུ་ཀ །ས་ཡི་ཁམས་ནི་ལྟུང་བྱེད་མ། །ཆུ་ཁམས་གསོད་པར་བྱེད་མར་བརྗོད། །མེ་ཡི་ཁམས་ནི་འགུགས་བྱེད་མ། །དེ་བཞིན་རླུང་ནི་གར་དབང་ཕྱུག །ནམ་མཁའི་ཁམས་སུ་བརྗོད་པ་ནི། །པདྨ་འབར་བ་འཁྱིལ་བ་ཉིད། །འདི་ལྟར་ལུས་ཅན་རྣམས་ཀྱི་ལུས། །ཕུང་པོ་ལ་སོགས་ལྷའི་བདག་ཉིད། །བདེ་དང་སྡུག་བསྔལ་དེ་བཞིན་ལས། །ཉོན་མོངས་ལ་སོགས་ངེས་སྐྱེས་པ། །བསྐྱེད་པའི་ཆ་ལ་ལེགས་གནས་ནས། །སྲིད་དང་མྱ་ངན་འདས་པ་ཐོབ། །ཞེས་དག་པ་དྲན་པར་བྱས་ནས། བྱིན་གྱིས་བརླབས་པའི་བགྲང་ཕྲེང་བཟུང་སྟེ། རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི། ཡུམ་གྱི་ཐུགས་ཀའི་ཨྃ་ལས་སྔགས་ཀྱི་ཕྲེང་བ་ཞི་སོགས་ཀྱི་ལས་དང་མཐུན་པའི་ཁ་དོག་ཅན་སྤྲོས་པས་ཡུམ་གྱི་ཞལ་ནས་འཐོན། ཡབ་ཀྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་སྟེ། པདྨར་ཞུགས་ནས་སྐུའི་དབྱིབས་བརྒྱུད་དེ། ཡང་ཡུམ་གྱི་ཞལ་ནས་བྱུང་བར་བསྒོམ་ཞིང༌། འཁོར་རྣམས་ཀྱི་སྟེང་འོག་ཏུ་འཁོར་བར་བསམས་ལ། ཨོཾ་ཨཥྚཱ་ན་ནཱ་ཡ། པིཾ་ག་ལོརྡྷཱ་ཀེ་ཤ་ཝརྟ་མ་ནེ། ཙ་ཏུརྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀ་ཌ་བྷུ་ཛཱ་ཡ། ཝ་པུ་ཥེ། ཀཱ་པཱ་ལ་མཱ་ལཱ་ནེ་ཀ་དྷཱ་རི་ཎི། ཨཱདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྡུ་དཾ་ཥྚཱྀ་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བནྡྷ་བནྡྷ། ནཱ་ག་ཨཥྚ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲཱུན། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿཕཊ་སྭཱ་ཧཱ། རྩ་སྔགས་སོ། །རྒྱུད་འདིར་རྩ་སྔགས་མ་བཤད་པས་བཟླ་དགོས་པའི་ངེས་པ་མི་སྣང་ཡང༌། དཀྱིལ་འཁོར་འདིའི་པི་ཝང་མ་ལ་སོགས་པ་བཞི་སྤངས་པ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་སློབ་དཔོན་ཀཾ་པ་ལས་མཛད་པར་རྩ་རྒྱུད་བཞིན་རྩ་སྔགས་བཟླས་བར་བཤད་ལ། སྔགས་དོན་དང་ལྷའི་རྣམ་པ་མཐུན་པས་འདིར་ཡང་བྲིས་སོ། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཧྲིཿསྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཨཾ་སྭཱ་ཧཱ། བདག་མེད་མའིའོ། །ཨོཾ་བཛྲ་གུ་ཧྱ་སིདྡྷི་ས་ར་མ་ཡོ་གེ་ཤྭ་རི་ཀཱ་པ་ལ་མ་ལ་དྷ་རི་ཎི་རུ་དྷི་ར་པྲི་ཡེཤྨ་ཤ་ན་པཱ་སི་ནཱི་ཧཱུྃ་ཕཊ་སྭཱ་ཧཱ། དཀར་མོའོ། །ཨོཾ་བཛྲ་ཙཎྜེ་ཤྭ་རི་ཁ་ཊྭཱཾ་ངྒི་མ་ཧཱ་བཛྲི་ནཱི་ཀ་པཱ་ལ་མཱ་ལ་མུ་ཀུ་ཊོ་ཨཱ་ཀ་ཌྷ། སརྦ་དུཥྚ་ད་པ་མཱ་ཀཊྚ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ། ཆོམ་རྐུན་མོའོ། །ཨོཾ་བཛྲ་བེ་ཏཱ་ལི། ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་བི་ཀྲྀ་ཏེ་བེ་ཥ་དྷ་རི་ཎི་བི་ཀྲྀ་ཏཱ་ཨ་ལཾ་ཀ་ར་བྷུ་ཥེ་ཏེ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལཾ་བ་མཱ་བི་ལཾ་བ་ས་མ་ཡ་མ་ནུ་སྨ་ར་པྲ་བེ་ཤ་ཡ་མཎྜ་ལ་མ་དྱེ་ཨུཏྠཱ་པ་ཡ་སརྦ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རོ་ལངས་མའིའོ། །ཨོཾ་བཛྲ་མ་ཧེ་ཤྲཱི་རི་ཧཾ་ཧཾ་ཧཾ་ཧཾ་ཧ་རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ་སྭཱ་ཧཱ། གྷསྨ་རཱིའིའོ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝ་ཏི་བཛྲ་གུ་ཧྱེ་ཤྭ་རི་བ་ཧུ་བི་དྷ་བ་ཤ་དྷ་རི་ཎི། སརྦ་ཏ་ཐཱ་ག་ཏ་དུཥྚེ་ས་མ་ཡ་ནུ་སྨ་ར་ཧ་ན་ཧ་ན་རངྒ་རངྒ་རངྒ་པཱ་ཡ་རངྒ་པཱ་ཡ། པཱུ་ར་ཡ་པཱུ་ར་ཡ། ཨཱ་བི་ཤ་ཡ་ཨཱ་བི་ཤ་ཡ་སརྦ་བྷཱུ་ཏ་ནརྟ་ནརྟ། ནརྟཱ་པ་ཡ་ནརྟཱ་པ་ཡ། ཧཿཧ་ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱྃ་ཕཊ་སྭཱ་ཧཱ། པུཀྐ་སཱིའིའོ། །རི་ཁྲོད་མའི་སྔགས་རྒྱུད་འདིར་གསལ་བར་མ་བཤད་པས་རྩ་རྒྱུད་ལྟར། ཨོཾ་ཤཾ་བཛྲ་ཤ་བ་རི་ཧཱུྃ་ཧཱུྃ་ཕཊ། ཅེས་པའམ། ཡང་ན། ཨོཾ་བཛྲ་ཨ་པ་རི་ཛི་ཏེ་པ་ར་མ་གུ་ཧྱེ་ཀ་པཱ་ལ་མ་ལ་བི་བྷཱུ་ཥི་ཏེ་སརྦ་དུཥྚ་མོ་ཧ་ནི་པྲི་ཡེ། ཨེ་ཧྱེ་ཧི་བྷ་ག་ཝ་ཏི། བཛྲ་གུ་ཧྱེ་ཤྭ་རི་བ་ཧུ་བི་བི་དྷ་བེ་ཤ་དྷ་ར་ཎི། སརྦ་དུཥྚ་ནི་བ་ར་ཎ་ཧཱུྃ་སྭཱ་ཧཱ། རབ་ཏུ་རྨོངས་མའིའོ། །ཞེས་པ་འདི་བཟླས་ཀྱང་ཆོག་པར་མངོན་ཏེ། བ་ཧུ་བི་བི་དྷ་བི་ཤ་དྷ་རི་ཎི་ཅེས་པ་ནི་མང་པོ་སྣ་ཚོགས་ཀྱི་ཆ་བྱད་འཛིན་མ་ཞེས་པ་ཡིན་ལ། འདིའི་དོན་མཉམ་སྦྱོར་དུ་རབ་ཏུ་རྨོངས་མའི་ཆ་བྱད་དང༌། རྒྱུད་འདིར་རི་ཁྲོད་མའི་ཆ་བྱད་སོགས་མང་པོ་འཛིན་པས་ཞེས་པ་ཡིན་པས། སླར་འདི་རབ་རྨོངས་མ་དང་རི་ཁྲོད་མ་གཉིས་ཀའི་ཐུན་མོང་བ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱའོ། །ཨོཾ་བཛྲ་ཤཱུ་ལ་ཨ་གྲཾ་བྷིནྡ་བྷིནྡ་སརྦ་དུཥྚ་ཧྲྀ་ད་ཡཾ་མ་ཨཱ་ཀརྵ་པ་ཨཱ་ཀརྵ་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། ནིརྨ་ནིརྨ་ཐ། མཱ་ར་ཡ་མཱ་ར་ཡ། མཱ་བི་ལཾ་བ་མཱ་བི་ལཾ་བ་ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཕཊ་སྭཱ་ཧཱ། གདོལ་པ་མོའིའོ། །ཨོཾ་སུཾ་བྷ་ནི་དཱིཔྟ་ས་མ་ཡ་བཛྲ་ཧཱུྃ་ཕཊ་ཧེ་རུ་ཀ་དང་མཚུངས་པའི་གཡུང་མོའིའོ། །ཨོཾ་བཛྲ་བཾ་ཤེ་ཧཱུྃ་སྭཱ་ཧཱ། གླིང་བུ་མའིའོ། །ཨོཾ་བཛྲ་བཱི་ཎི་ཧཱུྃ་སྭཱ་ཧཱ། པི་ཝཾ་མའིའོ། །ཨོཾ་བཛྲ་མུ་ཀུནྟེ་ཧཱུྃ་སྭཱ་ཧཱ། མུ་ཀུནྟེའིའོ། །ཨོཾ་མྲྀ་དངྒ་ཧཱུྃ་སྭཱ་ཧཱ། རྫ་རྔ་མའིའོ། །སྒོ་མ་བཞིའི་སྔགས་སྔར་བསྟན་པའི་སྔགས་ལ་སྭཱ་ཧཱ་བཏགས་ལ་བཟླས་ཏེ་འདི་གཙོ་བོ་ལ་ཇི་ཙམ་བཟླས་པའི་བཅུ་ཆ་འཁོར་རྣམས་ལ་བཟླ་བ་ནི་བཟླས་པའི་རྣལ་འབྱོར་རོ། །དེ་ལྟར་བསྒོམ་བཟླས་ཀྱི་སྐྱོ་ན་ཐུན་མཚམས་སུ་ཚོགས་བསགས་པའི་དོན་དུ་ས་ཕྱོགས་ཡིད་དུ་འོང་བར་བ་ཡི་རྣམ་ལྔས་ལེགས་པར་བྱུགས། དེར་ཙནྡན་དཀར་པོས་ཆོས་འབྱུང་གྲུ་གསུམ་པ་ཇི་ལྟར་རིགས་པར་བྱས་པའི་དབུས་སུ་ཁྲུ་གང་གི་ཚད་ཙམ་གྱིས་ཙནྡན་དམར་པོ་དང་གུར་གུམ་ལ་སོགས་པའི་དྲི་དམར་པོས་དཀྱིལ་འཁོར་གྲུ་བཞི་བྱ། དེ་ལ་ཟླུམ་པོར་བསྐོར་ཏེ་ཐིག་གཅིག་བཏབ་ནས། ལེ་ཚེ་དགུར་བྱས་པའི་དབུས་མ་ལ་ལྷ་བཅུ་བདུན་གྱི་མེ་ཏོག་གི་ཚོམ་བུ་བཀོད། དེའི་ཕྱི་རོལ་གྱི་ལེ་ཚེ་བརྒྱད་ལ་ཞིང་སྐྱོང་བརྒྱད་ཆུང་མ་དང་བཅས་པའི་མེ་ཏོག་གི་ཚོམ་བུ་ལེ་ཚེ་རེ་རེ་ལ་ལྔ་ལྔ་བྱ། དེ་དག་གི་མདུན་རང་གི་གཡོན་ནས་བརྩམས་ཏེ། ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཡས་སུ་འདས་པའི་གཏོར་མ་དང༌། གཡོན་དུ་འཇིག་རྟེན་པའི་གཏོར་མ་བཤམ། རང་གི་གཡོན་དུ་ཐོད་པ་བདུད་རྩིས་གང་བ་དང༌། རྡོ་རྗེ་དྲིལ་བུ་རྣམས་བཞག་ལ། ལེ་ཚེ་དབུས་མའི་དཀྱིལ་འཁོར་བསང་སྦྱངས་པའི་ངང་ལས་སྲུང་བའི་འཁོར་ལོ་གཞལ་ཡས་ཁང་གདན་དང་བཅས་པ་མདོར་བསྡུས་པའི་ཚུལ་གྱིས་བསྐྱེད་ལ། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང༌། འཁོར་རྣམས་ལ་ཟླུམ་པོར་བྱས་ནས། དབུས་སུ་ཧཱུྃ་ཤྲཱི་ཧེ་རུ་ཀ་ཡ་ན་མཿ དཔལ་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སོགས་དང༌། ཤར་དུ་གཾ་བཛྲ་གཽ་རཱི་ན་མཿ གཽ་རཱི་དཀར་མོ་སོགས་བརྒྱད་དང༌། ཕྱིའི་ལྷ་སྣམ་གྱི་དབང་ལྡན་དུ། བཾ་བཛྲ་བཾ་སྱ་ན་མཿ མེར་བིཾ་བཛྲ་བི་ཎེ། བདེན་བྲལ་དུ་མུཾ་བཛྲ་མུ་ཀུནྟེ། རླུང་དུ་མྲྀཾ་བཛྲ་མྲྀ་དཾ་གེ ཤར་སྒོར་ཛཿབཛྲ་བ་ཌ་བ་མུ་ཁཱི་ན་མཿ ལྷོ་སྒོར་ཧཱུྃ་བཛྲ་བ་ར་ཧཱ་མུ་ཁཱི། ནུབ་སྒོར་བཾ་བཛྲ་ཤྭ་ན་མུ་ཁཱི། བྱང་སྒོར་ཧོཿབཛྲ་སིཾ་ཧ་མུ་ཁཱི་ན་མ། ཞེས་བྱ་བ་ལ་སོགས་པའི་རང་རང་གི་མཚན་སྔགས་སྔོན་དུ་འགྲོ་བས། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བྱས་ལ། ལྷ་ཡོངས་སུ་རྫོགས་པར་བསྒོམས་ཏེ་དམ་ཚིག་པ་བསྐྱེད་པའོ། །དེ་ནས་ལག་པ་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་དྷི་པ་ཏི་ཧཱུྃ་ཛཿསྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་པ་ནས་རྟ་གདོང་མ་ལ་སོགས་པའི་སྔགས་རྒྱས་དགུག་གཞུག་བཅིང༌། དབང་དུ་བྱས་ཏེ་ཡེ་ཤེས་པ་གཞུག་པའོ། །དེ་ནས་མིག་ཏུ་གཏི་མུག་རྡོ་རྗེ་མ་ལ་སོགས་པ་དྲུག་བསྒོམས་ཏེ། སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །ཡང་དབང་བསྐུར་གྱི་ལྷ་སྤྱན་དྲངས་ནས་མཆོད་ཅིང་གསོལ་བ་བཏབ་སྟེ། དབང་བསྐུར་ནས་སྔར་ལྟར་རིགས་ཀྱི་བདག་པོས་རྒྱས་གདབ་པ་ནི། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པའོ། །དེ་ལྟར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཡན་ལག་བཞི་རྫོགས་པར་བསྒྲུབ་པ་ལ་ཕྱི་ནང་གི་མཆོད་པ་དབུལ་བའི་ཕྱིར། ལས་ཐམས་ཅད་པའི་དྲི་ཆུའམ། ཆང་ལ་བདུད་རྩིའི་རིལ་བུ་སྦྱར་བས། མཆོད་རྫས་རྣམས་ལ་གཏོར་ཞིང༌། ཨ་མྲྀ་ཏ་བརྗོད་པས་བསང༌། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པར་ཧཱུྃ་ལས་བྱུང་བའི་མཆོད་རྫས་སུ་བསམས་ལ། འོག་ནས་འབྱུང་བའི་སོ་སོའི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཞེས་པ་ཐོག་མར་སྦྱར་ལ། ནཱི་རཱི་ཧཱུྃ་ཁཾ་ཞེས་པ་དང༌། རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་རྩེ་སྤྲད་པ་ཞབས་བསིལ་གྱི་ཕྱག་རྒྱ་དང༌། དེ་བཞིན་སྔར་གྱི་སྔགས་ཀྱི་རྗེས་ལ། ནེ་ཝི་ཏི་ཧཱུྃ་ཁཾ་གིས་ཞལ་བསིལ་དང༌། སརྦ་སཾ་ཤོ་དྷ་ནི་ཧཱུྃ་གིས་འཐོར་འཐུང་དང༌། ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་ཡོན་ཏེ་ཆུ་བཞི་ཀའང་ཕྱག་རྒྱ་ནི་འདྲའོ། །དེ་ནས་མེ་ཏོག་གི་ཕྱག་རྒྱ་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བདུག་པའི་ཕྱག་རྒྱ་དང༌། ཨོཾ་བཛྲ་དྷཱུ་བེ་ཨཱཿཧཱུྃ་གིས་བདུག་སྤོས་དང༌། མར་མེའི་ཕྱག་རྒྱ་དང༌། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། དྲིའི་ཕྱག་རྒྱ་དང༌། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་མཆོག ཞལ་ཟས་ཀྱི་ཕྱག་རྒྱ་དང༌། ཨོཾ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུྃ་གིས་ཞལ་ཟས་དང༌། ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ་གིས་སམ། བཛྲ་དྷརྨ་ར་ཎི་ཏའི་སྔགས་ཀྱིས་རོལ་མོ་དབུལ་ཏེ། ཕྱིའི་མཆོད་པའོ། །དེ་ནས་སྔར་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱི་དབུས་ནས་མཐེབ་སྲིན་གྱིས་བླངས་ནས་གཏོར་ཞིང༌། ཐོག་མར་རང་གི་རྩ་བའི་བླ་མ་ལ་དབུལ། དེ་ནས་འདིའི་བརྒྱུད་པའི་བླ་མ་དང༌། ཡི་དམ་གྱི་ལྷ་རྣམས་ཀྱི་སྔགས་ལ་ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས་མཆོད་སྐྱོང་དང༌། ཕྱོགས་སྐྱོང་དང༌། གཞི་བདག་རྣམས་ལའང་དབུལ་ནས་རང་ཉིད་ཀྱིས་ཀྱང་མྱངས་ཏེ། དེ་ནང་གི་མཆོད་པའོ། །དེ་ནས་མཆོད་པ་ཉི་ཤུ་པ་དང༌། ལྷ་མོ་བརྒྱད་ལ་སོགས་པས་མཆོད་ཅིང༌། འདི་རྣམས་རྒྱས་པར་སྤྲོ་ན་བདག་གིས་བླ་མས་མཛད་པའི་རྡོ་རྗེ་གུར་གྱི་མཆོད་ཕྲེང་ལྟར་ཤེས་པར་བྱ་སྟེ། ཡིད་ལས་བྱུང་བའི་མཆོད་པས་མཆོད་པའོ། །དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས་དེ་ཝ་ད་རུའི་གླུའི་བསྟོད་པའམ། ཡང་ན། སྟོང་པའི་སྙིང་པོར་ཕྱག་འཚལ་བསྟོད། །རྟོག་པ་ཐམས་ཅད་ཡང་དག་སྤངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་མི་ཤེས་གཅོད་པ་ཅན། །དག་པའི་དེ་ཉིད་སྟོན་མཛད་པ། །བདག་མེད་ཆོས་ལས་བྱུང་བ་ཡི། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཕ་རོལ་ཕྱིན་པའི་ཡོན་ཏན་ཀུན། །མགོན་པོ་ལས་ནི་རྟག་ཏུ་བྱུང༌། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་དང་ཐེག་ཆེན་དང༌། །དེ་བཞིན་བརྟན་དང་འགྲོ་བ་དང༌། །ཁམས་གསུམ་པོ་ནི་འདི་དག་ཀུན། །འགྲོ་བའི་དཔའ་བོར་ཕྱག་འཚལ་བསྟོད། །ཡིད་བཞིན་ནོར་ལྟར་གྱུར་པ་ཡི། །འགྲོ་བའི་འདོད་པའི་དོན་བསྒྲུབ་ཕྱིར། །དཔའ་ལྡན་བདེ་གཤེགས་བཀའ་བཞིན་མཛད། །སངས་རྒྱས་སྲས་པོར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་པའི་མཆོད་པའོ། །དེ་ནས་གཏོར་མ་གཉིས་ཀ་བདུད་རྩི་དང་ཆུ་དང་ཆང་གིས་སྦྱངས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡཾ་ལས་རླུང་དང༌། རཾ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ལས་ཐོད་པ་དུམ་བུ་གསུམ་པ། དཔྲལ་བ་རང་ལ་བསྟན་པའི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤར་དུ་གོ་ལས་བ་ལང་གི་ཤ། ལྷོར་ཀུ་ལས་ཁྱིའི་ཤ། ནུབ་ཏུ་ད་ལས་རྟའི་ཤ། བྱང་དུ་ཨ་ལས་གླང་པོ་ཆེའི་ཤ། དབུས་སུ་ན་ལས་མིའི་ཤ། ཤ་ལྔ་པོ་རེ་རེའི་སྟེང་དུ། བྷྲཱུྃ་ལས་དྲི་ཆེན། ཨཾ་ལས་རཀྟ། ཛྲཱིཾ་ལས་བྱང་སེམས། ཁཾ་ལས་ཤ་ཆེན་གྱི་དྭངས་མ། ཧཱུྃ་ལས་དྲི་ཆུ་སྟེ་བདུད་རྩི་ལྔ་ལྔ་དང༌། དེ་རྣམས་ཀྱི་སྟེང་དུ་བྷྲཱུྃ་ལ་སོགས་པའི་ས་བོན་ལྔ་བསམས་ལ། ཟླ་བའི་དཀྱིལ་འཁོར་གྱི་མཐའ་སྐོར་དུ། ཨཱ་ལི་བཅུ་དྲུག་གཡོན་སྐོར་དང༌། ཀཱ་ལི་སོ་བཞི་གཡས་སྐོར་དུ་བསམས་ཏེ། དེ་དག་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་ཐུར་དུ་བལྟ་བའི་སྟེང་དུ་རཾ་ལས་ཉི་མ་ལ་གནས་པའི་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་ཤིང་མེ་སྦར་ནས་ཐོད་པའི་ནང་གི་ཤ་ལྔ་བདུད་རྩི་ལྔ་པོ་ཞུ་ཞིང་བསྐོལ་བའི་རླངས་པ་གྱེན་དུ་སོང་བས་ཨོཾ་དང་ཧཱུྃ་ལ་ཕོག དེ་གཉིས་ལས་བདུད་རྩིའི་རྒྱུན་འཛག ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་སྤྱན་དྲངས། རྡོ་རྗེའི་ཧཱུྃ་ལ་ཐིམ་པས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར། རྡོ་རྗེ་ཉི་མ་ཨོཾ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བས་རྫས་རྣམས་ཐམས་ཅད་ཞུ་ནས་ཁ་དོག་དང་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམས་ནས། ཨོཾ་ཨཱཿཧཱུྃ་ཡང་ཡང་བརྗོད་པས། གཏོར་མ་གཉིས་ཀ་དུས་གཅིག་ལ་བྱིན་གྱིས་བརླབ་བོ། །དེ་ནས་འདས་གཏོར་དང༌། འཇིག་རྟེན་པའི་གཏོར་མའི་ཕུད་རྣམས་དབུལ་བའི་ཕྱིར། མདུན་གྱི་རེ་མིག་དབུས་མའི་ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེ་དཀར་པོ་ནས་འབྲས་ཙམ་གྱིས་མཚན་པ་དེ་ལས་འོད་བྱུང་བས་གཏོར་མ་དྲངས་ཤིང་གསོལ་བར་བསམས་ལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཨོཾ་བྷ་ག་ཝཱཾ་མ་ཧཱ་ཀ་རུ་ཎི་ཀ་ཧྲྀ་ད་ཡ་ཧེ་བཛྲ། ནཾ་གཾ་ཙཾ་བཾ་གྷཾ། པཾ་ཤཾ་ལཾ་ཌཾ་བཾ་བིཾ་མུཾ་མྲྀཾ། ཛཿཧཱུྃ་བཾ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ། བྷུཉྫ། ཛིཾ་གྷ། ཕུལླ། དྷཱུ་པ། མཱཾ་ས། པིཾ་ག ཨམྦ། སཔྤ། ཀཛྫ། སཱ་དཱ། ཁཎྚི། ཁུ་ཎི། ཕཻ་ཌ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ། ཞེས་སོགས་ལན་གསུམ་མམ་བདུན་བརྗོད་པས་འབུལ། ཕྱི་ནང་གི་མཆོད་པས་མཆོད་ནས། རྡོ་རྗེ་དྲིལ་བུ་གསིལ་ཞིང༌། དཀར་མོ་རི་དྭགས་དང༌། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་དང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའི་དྲི་མེད་མཁའ། །རང་བཞིན་དག་ཅིང་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་མི་འཆི་རྒྱལ་པོ་སྟེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པའི་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ཅིང༌། བདག་དང་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་པས་གསོལ་བ་བཏབ་སྟེ། འདས་པའི་གཏོར་མའོ། །དེ་ནས་འཇིག་རྟེན་པའི་གཏོར་མགྲོན་སྤྱན་དྲང་བའི་ཕྱིར། ལག་པ་གཡོན་པས་གཏོར་མ་འཛིན་པའི་ཚུལ་དང༌། གཡས་པས་ཁུ་ཚུར་བཅང་བའི་སྡིགས་མཛུབ་དཔུང་པའི་ཐད་ཀར་འཕྱར་ཞིང༌། རྐང་པ་གཡས་པས་གཡོན་པ་མནན། མིག་གྱེན་དུ་བལྟ་ཞིང་སྤྱི་བོར་ཕེཾ་གྱི་ཡི་གེ་བསྒོམ། སེམས་ཀྱིས་ཤིང་གཅིག་དང་དུར་ཁྲོད་ལ་སོགས་པའི་གནས་བཅུ་གཅིག་ནས། ཞིང་སྐྱོང་ཆུང་མ་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ཞིང༌། ངག་ཏུ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང༌། །རི་བོང་དང་ནི་འབབ་ཆུ་དང༌། །ཁྱིམ་དང་གྲོང་གི་ངོས་དག་དང༌། །ཞིང་དང་གྲོང་ནི་སྟོང་པ་དང༌། །སེམས་ཅན་གནོད་དང་ཐང་སོན་དང༌། །ཆུ་ལ་ཡང་ནི་ཁྱད་པར་དུའོ། །དྲག་པོ་ནག་པོ་དྲག་པོ་ཆེ། །ལྷ་སྦྱིན་མཉམ་པར་བསྟན་པ་དང༌། །ནག་པོ་གཙིགས་པ་འཇིག་སུ་རུང༌། །དགའ་ལས་འདས་དང་ལོག་འདྲེན་མ། །གདོལ་པ་མོ་དང་འཇིགས་པའི་གཟུགས། །ལྷ་མོ་དཀའ་ཟློག་མི་སྡུག་མ། །རྒྱལ་མ་དང་ནི་རྣམ་རྒྱལ་ཉིད། །མི་ཐུབ་མ་དང་གཞན་མི་ཐུབ། །ནག་མོ་བཟང་མོ་ནག་མོ་ཆེ། །ནག་སྦོམ་རྣལ་འབྱོར་མ་དབང་མོ། །ཟླ་བ་མོ་དང་འཇིགས་པ་མོ། །གདུག་པ་ཅན་དང་ལཾ་པ་ཀི །སུམ་ཅུ་རྩ་གསུམ་དབང་ཕྱུག་མ། །གཡོ་ལྡན་མ་དང་འཇིགས་བྱེད་མ། །གྲོང་དུ་གནས་པའི་རྣལ་འབྱོར་མ། །འཇིགས་པའི་གཟུགས་དང་གཟུགས་ཆེ་མ། །མཆེ་བའི་གཟུགས་ངན་གཙིགས་པ་ཉིད། །ཐོད་པའི་ཕྲེང་བ་འཕྱང་བ་ཅན། །མཐུ་ཆེན་ལག་ན་ཁ་ཊྭཱཾ་ག །ལག་ན་དགྲ་སྟྭ་རལ་གྲི་དང༌། །རྡོ་རྗེའི་ལག་པ་གཞུ་ཡི་ལག །མཁའ་འགྲོ་མ་ཡི་དེ་ཉིད་ཆེ། །ལས་རྣམས་རྗེས་སུ་འགྲུབ་པར་བྱེད། །རྣལ་འབྱོར་དཀྱིལ་འཁོར་རྒྱལ་པོ་ཆེ། །དེ་བཞིན་རྡོ་རྗེའི་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ལས། །སྐྱོན་མེད་རྣལ་འབྱོར་འབྱིན་པ་མོ། །རྡོ་རྗེ་དབང་ཕྱུག་བཀའ་ལུང་གིས། །ཐམས་ཅད་གནས་ནས་ཐམས་ཅད་དགུག །ཨོཾ་ཀ་ཀ་ཀཱ་དྷ་ན། བ་བ་བནྡྷ་ན། ཁ་ཁ་ཁཱ་དྷ་ན། སརྦ་དུཥྚཱཾ་ཧ་ན་ཧ་ན་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་མུ་ཀ་སྱ་ཤཱིནྟཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཛཿསྭཱ་ཧཱ། ཞེས་པས་སྤྱན་དྲངས་ལ་དཀྱིལ་འཁོར་གྱི་ཕྱི་རོལ་ལེ་ཚེ་རྣམས་ལ་བཞུགས་པར་བསམ་ཞིང་མཆོད་པ་བསྡུས་པས་མཆོད་ལ། གཏོར་མ་བདུད་རྩིར་བསྒོམ་པ་དེ་རྣམས་ལ་ཕུལ་བས་དེ་དག་གི་ཁ། གཏོར་མའི་བདུད་རྩིས་གང་བས་མཉེས་པར་བསམས་ལ་རྡོ་རྗེ་ཁུ་ཚུར་རྒྱབ་སྤྲད་པའམ་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ། སརྦ་བྷཱུ་ཏ་པྲེ་ཏ། པི་ཤཱ་ཙོ་ཨུདྨ་ད། ཨ་པ་སྨ་རཱ། ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བཱ་ལིཾ་གྲྀཧྞ་ཏུ། ས་མ་ཡ་རཀྵཾ་ཏུ། མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་དབུལ། མཆོད་པས་མཆོད་ལ། རྡོ་རྗེ་དྲིལ་བུ་འཛིན་པས། སྔར་གྱི་ཨོཾ་ཤིང་གཅིག་དང་ནི་ཅེས་པ་ནས། རྡོ་རྗེ་དབང་ཕྱུག་བཀའ་ལུང་གིས། །ཞེས་པའི་བར་གྱི་རྗེས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་འཕྲིན་ལས་གཞོལ། འདི་དག་ལ་མགྲོན་བསྐྱེད་པ་ལ་སོགས་གཏོར་ཆོག་རྒྱས་པ་ལྟར་གྲུབ་ནའང་ཤིན་ཏུ་ལེགས་སོ། །དེ་ནས་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་སྒོས་ཀྱི་ཆོས་སྐྱོང་རྣམས་ལ་གཏོར་མ་ཕུལ་ནས། ཚོགས་ཀྱི་འཁོར་ལོ་དང་མ་འབྲེལ་ན། རྡོ་རྗེའི་གླུ་བླངས། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། འབྲེལ་ན་ལྷག་གཏོར་གྱི་རྗེས་སུ་བྱའི། སྐབས་འདིར་མི་དགོས་སོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བསྡུས་པ་ཅིག་བྱས་ལ། ཡི་གེ་བརྒྱ་པས་བཟོད་པར་གསོལ་ཞིང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག ལག་པ་གཡས་པ་བརྐྱང་པ་ས་ལ་བཞག་ནས། འདས་པའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། ཨོཾ་པདྨ་ཏིཥྛ་ཧཱུྃ་སྭཱ་ཧཱ། ཞེས་པས་དམ་ཚིག་པ་བདག་ལ་བསྡུས་ལ། གཏོར་མ་ས་གཙང་སར་དོར། མེ་ཏོག་ཚོམ་བུ་བསྡུ། མཆོད་རྫས་དམན་པ་རྣམས་ཆུ་བོ་ཆེན་པོར་དོར། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པས་དྲོད་ཐོབ་སྟེ་སྤྱོད་པ་གསུམ་གྱིས་མཚམས་སྦྱར་བ་ལ་བརྟེན་ནས། ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་ཉིད་ལ་ཐོབ་པར་འགྱུར་བ་ནི་ངེས་པའོ། །ཆོས་སྐུ་སྤྲོས་པ་ཀུན་བྲལ་བདེ་ཆེན་ལས། །གཟུགས་སྐུ་ཁྲོ་ཆགས་རོལ་པོའི་སྐུར་བསྟན་ནས། །ཆགས་སོགས་ཉོན་མོངས་མ་ལུས་འཇོམས་མཛད་པ། །བཅུ་བདུན་བདག་ཉིད་དཔལ་ལྡན་ཧེ་རུ་ཀའི། །སྒྲུབ་ཐབས་རྒྱུད་འགྲེལ་གསང་དོན་གསལ་བྱེད་འདི། །རྒྱུད་སྡེ་འཛིན་པ་ཀུན་དགའ་གཞོན་ནུ་སོགས། །བློ་གསལ་དོན་གཉེར་མང་པོས་བསྐུལ་བའི་ངོར། །ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར། །འདིར་འབད་དགེ་བ་ཚ་ཟེར་རྒྱས་པ་དེས། །རྒྱུད་འགྲེལ་གངས་རིའི་དབང་པོ་ལ་རེག་པས། །ཆོས་དོན་བདུད་རྩིའི་ཆུ་རྒྱུན་ལེགས་ཕབ་ནས། །དོན་གཉེར་ཡིད་ཀྱི་དྲི་མ་འཁྲུད་པར་ཤོག །ཅེས་པ་འདི་ཡང་བདེ་བར་གཤེགས་པའི་གསུང་རབ་སྨྲ་བ་མཐའ་དག་གི་ནང་ནས་མཆོག་ཏུ་གྱུར་པ། ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་ཡན་ལག་མཆོག་གིས་གུས་པར་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རྒྱུད་ཀྱི་རྒྱལ་པོའི་བརྟག་པ་གོང་འོག་དང༌། བདག་ཉིད་ཆེན་པོ་བསོད་ནམས་རྩེ་མོས་མཛད་པའི་འགྲེལ་ཆེན་ལ་གཞི་བྱས། སློབ་དཔོན་མི་ཐུབ་ཟླ་བའི་བཤད་སྲོལ་དང་སྒོ་བསྟུན་ཞིང༌། ཁ་སྦྱོར་གྱི་གཞུང་བོད་དུ་འགྱུར་རོ་འཚལ་བལྟས་ནས། དགའ་བའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཡར་ཚེས་བརྒྱད་ལ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་མདོ་ཁམས་པ་ཀུན་དགའ་གཞོན་ནུ་ཞེས་བྱ་བས་བགྱིས་སོ། །ཨི་དཾ་ཤཱ་ས་ན་ཤྩ་སཏྭ་ཧི་ཏོ་བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*