རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་བཞུགས་སོ།།

༼ཀ༽༄༅། །རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་བཞུགས་སོ།།

ན་མཿཤྲཱི་བཛྲ་ཡོ་གི་ནྱཻ། ཡེ་ཤེས་ཆེན་པོའི་མཛོད་འཛིན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གུས་བཏུད་ནས། །རྒྱལ་བའི་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མར། །དྭང་བའི་ཡིད་ཀྱིས་ཅུང་ཟད་བསྟོད་པར་བགྱི། །འདབ་བརྒྱའི་ལྟེ་བར་ཉིན་མོར་བྱེད་པའི་དབུས། །ཞལ་གཅིག་ཕྱག་གཉིས་འབར་བའི་སྤྱན་གསུམ་གཡོ། །པདྨ་རཱ་ག་ལྟར་དམར་རྗེ་བཙུན་མ། །མཁའ་སྤྱོད་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །ཆགས་ཅན་སྐྱེས་བུ་གདུལ་བར་བྱ་བའི་ཕྱིར། །བརྟན་གཡོའི་བདག་པོ་ཧེ་རུ་ཀ་དཔལ་དང༌། །གཉིས་མེད་ལྷན་སྐྱེས་གར་གྱིས་རོལ་མཛད་མ། །མཁའ་སྤྱོད་ཁ་སྦྱོར་ཆེ་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཟག་པ་མེད་པའི་བདེ་བ་ཆེ། །འགྱུར་མེད་དགའ་བ་གྱ་ནོམ་བླ་ན་མེད། །རྒྱུན་མི་ཆད་པའི་བདེ་བའི་རོས་གང་མ། །མཁའ་སྤྱོད་བདེ་བ་ཆེ་ལ་ཕྱག་འཚལ་ལོ། །རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ནམ་མཁའི་དབྱིངས། །མཐའ་ཡས་ཡོན་ཏན་མང་པོས་ཉེར་མཛད་པའི། །རྣམ་པ་ཀུན་གྱི་མཆོག་དང་རབ་ལྡན་མ། །མཁའ་སྤྱོད་རང་བཞིན་མེད་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་རྣམ་པར་མི་རྟོག་ཀྱང༌། །ཐུགས་རྗེ་ཆེན་པོས་སེམས་ཅན་མ་ལུས་ལ། །ཡིད་བཞིན་ནོར་ལྟར་དགོས་འདོད་ཀུན་སྩོལ་མ། །མཁའ་སྤྱོད་སྙིང་རྗེས་ཡོངས་གང་ལ་ཕྱག་འཚལ། །སྲིད་དང་ཞི་བའི་མཐའ་དང་བྲལ་བ་ཡི། །མི་གནས་མྱ་ངན་འདས་པའི་ས་བརྙེས་ནས། །རྒྱུན་ཆད་མེད་པར་འགྲོ་བའི་དོན་མཛད་མ། །མཁའ་སྤྱོད་རྒྱུད་ཆད་མེད་པ་ལ་ཕྱག་འཚལ་ལོ། །དམིགས་མེད་སྙིང་རྗེའི་གཞན་གྱི་དབང་དུ་གྱུར་ནས། །འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ། །མྱ་ངན་མི་འདའ་རྟག་པར་རབ་བཞུགས་མ། །མཁའ་སྤྱོད་འགོག་པ་མེད་ལ་ཕྱག་འཚལ་ལོ། །དབང་བཞིའི་དོན་ལྡན་བསྐྱེད་རིམ་ཟབ་མོའི་ལམ། །ཐུན་བཞིར་བསྒོམ་ཞིང་གུས་པས་གསོལ་བཏབ་པས། །སྐུ་བཞི་དབྱེར་མེད་ཟུང་འཇུག་རྡོ་རྗེའི་སྐུ། །མཁའ་སྤྱོད་སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གསུམ་ལྡན་པའི་གསང་སྔགས་ཡི་གེའི་ཚོགས། །དུས་གསུམ་ངག་དང་ཡིད་ཀྱིས་རབ་བཟླས་པས། །སྲིད་གསུམ་སྒྲ་དབྱངས་རྣམ་སྤངས་བརྗོད་བྲལ་གསུང༌། །མཁའ་སྤྱོད་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །བདེན་གཉིས་རྣམ་དག་རྫོགས་རིམ་དབུ་མའི་ལམ། །སྒྲིབ་གཉིས་སྦྱང་ཕྱིར་བརྩོན་པས་ལེགས་བསྒོམས་པས། །དོན་གཉིས་ལྷུན་གྲུབ་འགྱུར་མེད་བདེ་བའི་ཐུགས། །མཁའ་སྤྱོད་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཉིད་ཐུགས་བརྩེ་བ་ཆེན་པོས་རྗེས་བཟུང་ནས། །ཚེ་འདི་ཉིད་དམ་བར་དོ་ལ་སོགས་པར། །མཁའ་སྤྱོད་ཆེན་མོའི་གོ་འཕང་ཐོབ་པར་ཤོག །མཁའ་འགྲོའི་དབང་ཕྱུག་རྣལ་འབྱོར་མ་དཔལ་ལ། །བསྟོད་པའི་ཚིག་འདི་བཤེས་གཉེན་དམ་པ་འགས། །ཡང་ཡང་བསྐུལ་ནས་དགེ་སློང་རྒྱུད་གསུམ་པས།«་་་་་ཀུན་དགའ་བཟང་པོ།» །མཁས་པའི་ཆོས་གྲྭ་དཔལ་ལྡན་ས་སྐྱར་བྲིས།།  །། «༄། །ཤེར་ཕྱིན་དཀར་མོ་ལ་བསྟོད་པ།། » ༈ །ཨོཾ་ན་མཿཤྲཱི་པྲ་ཛྙཱ་པ་ར་མི་ཏཱ་ཡཻ། རབ་དཀར་པདྨ་ཟླ་བའི་དཀྱིལ་འཁོར་ལ། །རྣམ་དཀར་ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །སྤྲིན་དཀར་གངས་རི་སོགས་ཀྱི་མདངས་འཕྲོག་མ། །འོད་དཀར་ལྡན་པས་སྙིང་གི་མུན་སེལ་མཛོད། །སྟོན་ཟླ་རབ་རྒྱས་ཀུ་མུད་དུང་དང་ཆུ་ཤེལ་གངས་རི་ལྟར་དཀར་མ། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་དབང་བསྒྱུར་རང་རང་སྐད་དུ་ཆོས་སྟོན་མ། །རྒྱ་མཚོ་ལྟ་བུར་ཀུན་ནས་མི་གཡོ་ཐུགས་རྗེའི་རྦ་རླབས་རབ་འཁྲིགས་མ། །ཟོལ་མེད་གུས་པའི་ཡིད་ཀྱིས་ཕྱག་འཚལ་བློ་གྲོས་མཆོག་སྩོལ་བཅོམ་ལྡན་མ། །ཆུ་སྐྱེས་དཀར་པོ་དྲི་མེད་སྟེང་ན་གསེར་བཟང་གེ་སར་གཡོ་བའི་རྩེར། །རི་བོང་འཛིན་པའི་གདན་གྱི་དབུས་ན་རྡོ་རྗེ་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །ཞལ་གཅིག་ཕྱག་གཉིས་གཡས་གཡོན་དག་ན་ཤེར་ཕྱིན་རང་བཞིན་པོསྟི་གཉིས། །དཀར་དམར་པདྨ་ཟུང་གི་སྟེང་ན་ལེགས་འཛིན་ལྷ་མཆོག་ཁྱོད་ཕྱག་འཚལ། །ཆོས་ཀུན་རང་བཞིན་གཅིག་པའི་དབུ་ནི་བུང་བ་ལྟར་གནག་སྐྲ་ཡི་མཛེས། །པ་ལ་ཤ་ལྟར་འཇམ་པའི་ཕྱག་ནི་སྣ་ཚོགས་གདུ་བུའི་ཚོགས་ཀྱིས་སྤྲས། །ཨུཏྤལ་ལྟ་བུར་རྒྱས་པའི་སྤྱན་ནི་ཤིན་ཏུ་སྟུག་པའི་རྗི་མས་བརྒྱན། །སྐབས་གསུམ་བུ་མོའི་དཔལ་འཕྲོག་ཁྱོད་ནི་ཁོ་བོའི་ལྷག་པའི་ལྷ་ཡིན་གྲང༌། །དཔྲལ་བའི་དབྱེས་ནི་ཆུང་བ་མ་ཡིན་མཛོད་སྤུ་དུང་ལྟར་གཡས་སུ་འཁྱིལ། །དག་པའི་མཆུ་ནི་དཀར་བ་མ་ཡིན་པདྨ་རཱ་ག་ལྟ་བུར་དམར། །བཟང་པོའི་ཞལ་ནི་ཁྲོ་བ་མ་ཡིན་ཞི་ཞིང་འཛུམ་པའི་ཉམས་དང་ལྡན། །རབ་མཛེས་སྐུ་ནི་དྲང་བ་མ་ཡིན་ཅུང་ཟད་གཡོན་དུ་ཡོ་བ་རྒྱལ། །གང་སྐུ་སྣང་བའི་ཡུལ་ལས་འདས་ཀྱང་དབང་པོའི་གཞུ་ལྟར་སྣང་བའི་སྐུ། །དེ་གསུང་བརྗོད་པའི་སྒྲ་ལས་འདས་ཀྱང་ཡན་ལག་དྲུག་ཅུའི་སྒྲ་སྒྲོགས་གསུང༌། །ཁྱོད་ཐུགས་བསམ་པའི་ཡུལ་ལས་འདས་ཀྱང་བསམ་གྱིས་མི་ཁྱབ་ཡེ་ཤེས་ཐུགས། །ས་དང་ཤེས་རབ་ཟུང་དུ་འཇུག་ཀྱང་ཤེས་རབ་རང་བཞིན་ལྷ་མོར་འདུད། །སྲ་ཞིང་མཁྲེགས་པའི་ས་ཉིད་མིན་ཀྱང་ཡོན་ཏན་རིན་ཆེན་ཕུང་པོའི་གཞི། །བརླན་ཞིང་གཤེར་བའི་ཆུ་ཉིད་མིན་ཀྱང་འགྲོ་བའི་སེམས་ཀྱི་དྲི་མ་སྦྱངས། །ཚ་ཞིང་སྲེག་པའི་མེ་ཉིད་མིན་ཀྱང་སྡུག་བསྔལ་རྒྱུ་དང་བཅས་ཀུན་འཇོམས། །ཡང་ཞིང་གཡོ་བའི་རླུང་ཉིད་མིན་ཀྱང་ཐུགས་རྗེས་སྲིད་གསུམ་སྨིན་མཛད་རྒྱལ། །མ་རིག་མུན་སེལ་ཤེར་ཕྱིན་ལྷ་མོ་ལ། །མི་གནས་མྱ་ངན་འདས་ཕྱིར་གསོལ་བཏབ་པས། །མུ་མཐའ་མེད་པའི་བདེ་གཤེགས་གསུང་རབ་ལ། །མེ་ལྟར་འབར་བའི་བློ་གྲོས་བསྐྱེད་དུ་གསོལ། །དཔལ་རྡོ་རྗེ་གུར་ནས་གསུངས་པའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་ལ་བསྟོད་པ་བསྟོད་ཚིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་བློ་གྲོས་ཀྱི་བང་མཛོད་ལས་ཕྱུང་བའོ།།  །། «༄། །དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་བསྟོད་པ།། » ༈ །ན་མོ་མཉྫུ་གྷོ་ཥཱ་ཡ། གང་གི་ལེགས་གསུང་ཉིན་མོར་བྱེད་པ་ཡིས། །བདག་བློ་རྨོངས་པའི་མུན་སྟུག་རབ་བསལ་ཏེ། །མ་ནོར་གསུང་རབ་སྣང་བ་རྒྱས་མཛད་པ། །འཇམ་དབྱངས་བླ་མ་ཡེ་ཤེས་རྒྱལ་མཚན་མཆོད། །ཞེ་སྡང་མཐར་མཛད་མི་བསྐྱོད་རྡོ་རྗེའི་དངོས། །གཏི་མུག་རབ་སྤངས་འཇམ་དབྱངས་གཞོན་ནུའི་སྐུ། །འདོད་ཆགས་རྣམ་དག་ཡུམ་དང་རྣམ་རོལ་པ། །འཁོར་ལོའི་དབང་ཕྱུག་བདེ་བ་ཆེ་ལ་འདུད། །རྣམ་ཤེས་རྣམ་དག་ཆོས་དབྱིངས་ཡེ་ཤེས་དངོས། །གུར་གུམ་མདོག་ཅན་བཅོམ་ལྡན་འཇམ་པའི་དབྱངས། །ཐུགས་ཀྱི་རིགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས། །འགྲོ་བའི་ཞེ་སྡང་སྦྱོང་ལ་ཕྱག་འཚལ་ལོ། །གཟུགས་ཕུང་རྣམ་དག་མེ་ལོང་ཡེ་ཤེས་དངོས། །སྟོན་ཟླའི་མདོག་ཅན་རྒྱལ་བ་རྣམ་སྣང་མཛད། །སྐུ་ཡི་རིགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས། །འགྲོ་བའི་གཏི་མུག་སྦྱོང་ལ་ཕྱག་འཚལ་ལོ། །ཚོར་ཕུང་རྣམ་དག་མཉམ་ཉིད་ཡེ་ཤེས་དངོས། །གསེར་བཟང་མདོག་ཅན་སྐྱོབ་པ་རིན་ཆེན་ཏོག །ཡོན་ཏན་རིགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས། །འགྲོ་བའི་སེར་སྣ་སྦྱོང་ལ་ཕྱག་འཚལ་ལོ། །འདུ་ཤེས་རྣམ་དག་སོར་རྟོག་ཡེ་ཤེས་དངོས། །ལི་ཁྲིའི་མདོག་ཅན་འདྲེན་པ་འོད་དཔག་མེད། །གསུང་གི་རིགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས། །འགྲོ་བའི་འདོད་ཆགས་སྦྱོང་ལ་ཕྱག་འཚལ་ལོ། །འདུ་བྱེད་རྣམ་དག་བྱ་གྲུབ་ཡེ་ཤེས་དངོས། །མརྒད་མདོག་ཅན་དཔའ་བོ་དོན་ཡོད་གྲུབ། །ཕྲིན་ལས་རིགས་ཀྱི་སྤྲུལ་པ་དཔག་མེད་ཀྱིས། །འགྲོ་བའི་ཕྲག་དོག་སྦྱོང་ལ་ཕྱག་འཚལ་ལོ། །ས་ཁམས་རྣམ་དག་ཐབས་ཀྱི་ཕར་ཕྱིན་དངོས། །པད་དཀར་མདོག་ཅན་ཡུམ་མཆོག་ལྷ་མོ་སྤྱན། །བྱམས་པ་ཆེན་པོས་གདུལ་བྱ་མ་ལུས་པའི། །སྡུག་བསྔལ་ཞི་བར་མཛད་ལ་ཕྱག་འཚལ་ལོ། །ཆུ་ཁམས་རྣམ་དག་སྨོན་ལམ་མཐར་ཕྱིན་དངོས། །ཨུཏྤལ་མདོག་ཅན་རྡོ་རྗེ་མཱ་མ་ཀཱི །སྙིང་རྗེ་ཆེན་པོས་འགྲོ་བ་མ་ལུས་པའི། །བསོད་ནམས་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །མེ་ཁམས་རྣམ་དག་སྟོབས་ཀྱི་ཕར་ཕྱིན་དངོས། །པདྨ་དམར་པོའི་མདོག་ཅན་གོས་དཀར་མོ། །དགའ་བ་ཆེན་པོས་སྐྱེ་དགུ་མ་ལུས་པ། །ཐུགས་རྗེས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །རླུང་ཁམས་རྣམ་དག་ཡེ་ཤེས་ཕར་ཕྱིན་དངོས། །གུར་གུམ་རྒྱས་པའི་མདོག་ཅན་སྒྲོལ་མ་ཆེ། །བཏང་སྙོམས་ཆེན་པོས་སེམས་ཅན་མ་ལུས་པའི། །གཟུང་འཛིན་གསོད་པར་མཛད་ལ་ཕྱག་འཚལ་ལོ། །གཟུགས་ཀྱི་སྐྱེ་མཆེད་རྣམ་དག་སྦྱིན་པའི་དངོས། །གངས་རིའི་མདོག་ཅན་གཟུགས་ཀྱི་རྡོ་རྗེ་མ། །འཁོར་ལོའི་རིགས་ཀྱི་རྒྱལ་བ་མ་ལུས་རྣམས། །གཟུགས་ཀྱི་བདེ་བས་མཆོད་ལ་ཕྱག་འཚལ་ལོ། །སྒྲ་ཡི་སྐྱེ་མཆེད་རྣམ་དག་ཚུལ་ཁྲིམས་དངོས། །དབང་སྔོན་མདོག་ཅན་སྒྲ་ཡི་རྡོ་རྗེ་མ། །རྡོ་རྗེའི་རིགས་ཀྱི་རྒྱལ་བ་མ་ལུས་རྣམས། །སྒྲ་ཡི་བདེ་བས་མཆོད་ལ་ཕྱག་འཚལ་ལོ། །དྲི་ཡི་སྐྱེ་མཆེད་རྣམ་དག་བཟོད་པའི་དངོས། །གསེར་བསྲེགས་མདོག་མཚུངས་དྲི་ཡི་རྡོ་རྗེ་མ། །རིན་ཆེན་རིགས་ཀྱི་རྒྱལ་བ་མ་ལུས་རྣམས། །དྲི་ཡི་བདེ་བས་མཆོད་ལ་ཕྱག་འཚལ་ལོ། །རོ་ཡི་སྐྱེ་མཆེད་རྣམ་དག་བརྩོན་འགྲུས་དངོས། །ཉི་མའི་མདོག་ཅན་རོ་ཡི་རྡོ་རྗེ་མ། །པདྨའི་རིགས་ཀྱི་རྒྱལ་བ་མ་ལུས་རྣམས། །རོ་ཡི་བདེ་བས་མཆོད་ལ་ཕྱག་འཚལ་ལོ། །རེག་བྱའི་སྐྱེ་མཆེད་རྣམ་དག་བསམ་གཏན་དངོས། །དུ་བའི་མདོག་ཅན་རེག་བྱ་རྡོ་རྗེ་མ། །རལ་གྲིའི་རིགས་ཀྱི་རྒྱལ་བ་མ་ལུས་རྣམས། །རེག་བྱའི་བདེ་བས་མཆོད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐྱེ་མཆེད་རྣམ་དག་ཤེས་རབ་དངོས། །ཆུ་ཤེལ་མདོག་ཅན་ཆོས་དབྱིངས་རྡོ་རྗེ་མ། །རྡོ་རྗེ་སེམས་དཔའི་རིགས་ཀྱི་རྒྱལ་བ་རྣམས། །ཆོས་ཁམས་བདེ་བས་མཆོད་ལ་ཕྱག་འཚལ་ལོ། །མ་དད་སྨྲ་དང་ཕུང་པོའི་བདུད་སྦྱོང་ཞིང༌། །དད་པའི་དབང་པོ་རྣམ་པར་དག་པའི་དངོས། །སྤྲིན་བྲལ་ནམ་མཁའི་མདོག་ཅན་གཤིན་རྗེའི་གཤེད། །བདེ་གཤེགས་འགུགས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཆེ་དང་ཉོན་མོངས་བདུད་འཇོམས་ཤིང༌། །བརྩོན་འགྲུས་དབང་པོ་རྣམ་པར་དག་པའི་དངོས། །རབ་དཀར་ཟླ་བའི་མདོག་ཅན་ཤེས་མཐར་བྱེད། །རྒྱལ་རྣམས་བཞུགས་པར་མཛད་ལ་ཕྱག་འཚལ་ལོ། །བརྗེད་ངས་བློ་དང་འཆི་བདག་བདུད་འདུལ་ཞིང༌། །དྲན་པའི་དབང་པོ་རྣམ་པར་དག་པའི་དངོས། །གཟི་བརྗིད་ཉི་མའི་མདོག་ཅན་པད་མཐར་བྱེད། །བདེ་གཤེགས་འཆིང་བར་མཛད་ལ་ཕྱག་འཚལ་ལོ། །རྣམ་གཡེངས་ལྷ་ཡི་བུ་ཡི་བདུད་འཇོམས་ཤིང༌། །ཏིང་འཛིན་དབང་པོ་རྣམ་པར་དག་པའི་དངོས། །རྒྱ་ཆེན་རྒྱ་མཚོའི་མདོག་ཅན་བགེགས་མཐར་བྱེད། །བདེ་གཤེགས་མཉེས་པར་མཛད་ལ་ཕྱག་འཚལ་ལོ། །ཀུན་ཀྱང་སུམ་ཅུ་རྩ་གཉིས་མཚན་འཆང་ཞིང༌། །རབ་མཛེས་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །སྤྲུལ་པའི་འོད་ཟེར་དཔག་མེད་འཕྲོ་བ་ཅན། །ལོངས་སྤྱོད་རྫོགས་སྐུ་ཆེ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་རང་བཞིན་ཡབ་ཡུམ་སྐུ། །ཕན་ཚུན་ཟུང་འཇུག་སྦྱོར་བའི་རོལ་པ་ཡིས། །ཆགས་ཅན་སྐྱེས་བུའི་འདོད་ཆགས་སྦྱོང་མཛད་པ། །ཁ་སྦྱོར་དམ་པའི་སྐུ་ལ་ཕྱག་འཚལ་ལོ། །འཇིག་རྟེན་ལྷ་མིའི་བདེ་བ་མ་ལུས་པས། །དཔེ་དང་ཆར་ཡང་གཞལ་བར་མི་ནུས་པའི། །བདེ་ཆེན་ཡེ་ཤེས་ཆེ་ལ་རྟག་རོལ་པ། །འགྱུར་མེད་བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཀུན་རང་བཞིན་རྟེན་འབྱུང་ཟབ་མོའི་དངོས། །འོད་གསལ་ཞི་བ་སྤྲོས་བྲལ་དམ་པའི་དོན། །ཟབ་གསལ་གཉིས་མེད་ཡེ་ཤེས་མཆོག་བརྙེས་པ། །རང་བཞིན་མེད་པའི་སྐུ་ལ་ཕྱག་འཚལ་ལོ། །དམིགས་མེད་སྙིང་རྗེའི་ཆུ་རླབས་གཡོ་བའི་མཐུས། །མ་ལུས་གདུལ་བྱའི་བསམ་པ་ཇི་བཞིན་དུ། །འདོད་པའི་དོན་རྣམས་ཡིད་བཞིན་སྩོལ་མཛད་པ། །སྙིང་རྗེས་ཡོངས་གང་སྐུ་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྐུ་ཡི་སྤྲུལ་པ་བསམ་ཡས་ཀྱིས། །བར་དང་ཕྱོགས་དུས་རྒྱུན་ཆད་ཡོངས་མེད་པར། །རྣམ་མང་འགྲོ་ལ་ཕན་པ་མཆོག་བསྒྲུབ་པའི། །རྒྱུན་མི་ཆད་པའི་སྐུ་ལ་ཕྱག་འཚལ་ལོ། །རྒྱ་ཆེན་ཐུགས་རྗེས་གཞན་ལ་བརྩེར་དགོངས་ནས། །ཇི་སྲིད་འཁོར་བའི་འཁྲུལ་པ་མ་ཞིག་པར། །དེ་སྲིད་མྱ་ངན་འདའ་བའི་སྐབས་མེད་པའི། །འགོག་པ་མེད་པའི་སྐུ་ལ་ཕྱག་འཚལ་ལོ། །རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་ན། །རབ་མཛེས་མཆོད་པའི་ཡོ་བྱད་ཅི་མཆིས་རྣམས། །རབ་མཆོག་ཞིང་གི་དམ་པ་འཇམ་དབྱངས་ལ། །རབ་དཀར་དད་པའི་སེམས་ཀྱིས་རྒྱས་པར་འབུལ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱི་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབ། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང༌། །སེམས་དཔའ་དམ་པ་ཀུན་གྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་པར་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ཡང་དག་གྲོལ་གྱུར་ཅིང༌། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་དགའ་ལ་སོགས་ས་ལ་རབ་བཞུགས་པའི། །བརྟུལ་བཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་ཅིང༌། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པ་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས། །ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །དེ་ལྟར་རྒྱལ་བ་ཀུན་གྱི་མཁྱེན་རབ་དང༌། །ཡེ་ཤེས་གཅིག་བསྡུས་རྗེ་བཙུན་འཇམ་དབྱངས་ལ། །བདག་གིས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །རྣམ་དག་དགེ་བའི་བཤེས་དང་མཇལ་གྱུར་ཅིག །ཡོངས་འཛིན་མཁས་པས་རྗེས་སུ་བཟུང་གྱུར་པས། །འཁོར་བ་མཐའ་དག་སྡུག་བསྔལ་རང་བཞིན་དུ། །ལེགས་པར་རྟོགས་ནས་དེ་དག་རབ་སྤངས་ཏེ། །མ་ནོར་ཐར་བའི་ལམ་དུ་འཇུག་པར་ཤོག །འཁོར་བའི་རྒྱ་མཚོར་དྲིན་ཆེན་ཕ་མ་རྣམས། །སྡུག་བསྔལ་ཆུ་བོ་ཆེན་པོས་ཁྱེར་མཐོང་སྟེ། །དེ་རྣམས་བསྒྲལ་ཕྱིར་སྙིང་རྗེས་ཡིད་དྲངས་ནས། །བྱང་ཆུབ་སྨོན་པའི་སེམས་མཆོག་བསྐྱེད་པར་ཤོག །ལམ་གྱི་རྩ་བ་ཚུལ་ཁྲིམས་རྣམ་གསུམ་དང༌། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པའི་ལམ། །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །རྒྱ་ཆེན་བྱང་ཆུབ་སྤྱོད་ལ་འཇུག་གྱུར་ཅིག །རྒྱལ་སྲས་ལམ་གྱི་རང་རྒྱུད་དག་པའི་ཚེ། །ཚུལ་ཁྲིམས་དག་ཅིང་འདུས་པའི་རྒྱུད་ལ་མཁས། །དེ་ཉིད་བཅུ་ཤེས་ཉན་ཐོས་སྤྱོད་ལྡན་པའི། །རྡོ་རྗེ་སློབ་དཔོན་ཚུལ་བཞིན་མཉེས་བྱེད་ཤོག །རྨད་བྱུང་དཀྱིལ་འཁོར་ཆེན་པོར་བུམ་པའི་དབང༌། །རྣམ་དག་ཆོ་གས་ཚུལ་བཞིན་བསྐུར་བའི་མཐུས། །ཕུང་ཁམས་ལྷ་ཡི་རྣམ་པར་དག་བྱས་ནས། །རྒྱ་ཆེན་བསྐྱེད་རིམ་སྣོད་དུ་འགྱུར་བར་ཤོག །ལུས་ཀྱི་དབང་པོ་བྷ་ག་བྱང་སེམས་ཀྱི། །དཀྱིལ་འཁོར་ཟབ་མོར་མཆོག་དབང་གསུམ་བསྐུར་བས། །རྩ་ཐིག་རླུང་གསུམ་བདེ་བར་བྱིན་བརླབས་ནས། །རྫོགས་རིམ་ཟབ་མོའི་སྣོད་དུ་འགྱུར་བར་ཤོག །དབང་དུས་ཆོ་གས་ཐོབ་དང་ཁས་བླངས་པའི། །བསྲུང་དང་མི་སྤང་བཟའ་བའི་དམ་ཚིག་རྣམས། །ཚུལ་བཞིན་བསྟེན་པས་ཉེས་ཚོགས་ཀུན་བཅོམ་ནས། །སྔགས་ཀྱི་ཚུལ་ཁྲིམས་རྣམ་པར་དག་གྱུར་ཅིག །དབང་གིས་མཚོན་པའི་ཡང་དག་ལྟ་བའི་དོན། །ཆོས་རྣམས་ནམ་མཁའི་དཀྱིལ་ལྟར་རྣམ་དག་པ། །ཟབ་གསལ་གཉིས་མེད་བདེ་ཆེན་ལྷན་ཅིག་སྐྱེས། །དཔལ་ལྡན་བླ་མའི་དྲིན་གྱིས་རྟོགས་པར་ཤོག །ཐ་མལ་རྣམ་རྟོག་ཀུན་བཅོམ་བསྐྱེད་རིམ་ལམ། །ཆུང་དང་བར་མ་ཆེན་པོའི་རིམ་པ་ཡིས། །བསྙེན་སྒྲུབ་བཞི་དང་ཏིང་འཛིན་རྣམ་པ་གསུམ། །ཐུན་བཞིར་བསྒོམས་པས་ལྷ་སྣང་མཐར་ཕྱིན་ཤོག །ལྷ་སྐུ་སྒྱུ་མ་ལྟ་བུའི་ངང་ཉིད་ལས། །རྒྱལ་བ་མཆོད་དང་སེམས་ཅན་སྨིན་བྱེད་སོགས། །རྒྱ་ཆེན་བསོད་ནམས་ཚོགས་ལ་རབ་འབད་པས། །འཁོར་བར་སྐྱེ་བའི་ལས་ཀུན་དག་པར་ཤོག །ཆོས་ཀུན་རྣམ་ཐར་སྒོ་གསུམ་རང་བཞིན་དུ། །ལེགས་པར་རྟོགས་ནས་སྤྲོས་བྲལ་དམ་པའི་དོན། །ཡེ་ཤེས་ཚོགས་ཀྱི་རྣལ་འབྱོར་ལེགས་བསྒོམས་པས། །ཉོན་མོངས་འཁྲུལ་པའི་དྲྭ་བ་ཞི་གྱུར་ཅིག །རྣལ་འབྱོར་འབྲས་བུ་མངོན་དུ་བྱེད་པའི་ཚེ། །གནས་རྣམས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང༌། །བཀོད་ལེགས་དབྱིངས་མཛེས་དམ་པར་འགྲུབ་པའི་རྒྱུ། །ཞིང་ཀུན་དག་པའི་རྣལ་འབྱོར་མཐར་ཕྱིན་ཤོག །གཞི་ལ་གནས་པའི་སྐྱེ་འཆི་བར་དོ་གསུམ། །ཇི་ལྟར་གྲུབ་བཞིན་ལམ་དུ་བྱས་པ་ལས། །འབྲས་བུ་སྐུ་གསུམ་མངོན་དུ་བྱེད་པའི་ལམ། །དང་པོ་སྦྱོར་བའི་ཏིང་འཛིན་མཐར་ཕྱིན་ཤོག །ཐབས་ཤེས་སྒྱུ་མ་བདེ་བའི་རོལ་པ་ལས། །ཤེས་རབ་པདྨར་བྱང་སེམས་ལས་འཁྲུངས་པ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམས་པ་ལས། །བདེ་བ་ཆེན་པོའི་ཏིང་འཛིན་སྐྱེ་བར་ཤོག །འགྲོ་བའི་དོན་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས། །ནམ་མཁའི་ཁམས་ཀུན་ཁྱབ་པར་རབ་སྤྲོས་ནས། །སྣ་ཚོགས་མཛད་པས་སེམས་ཅན་སྨིན་བྱེད་པ། །དཀྱིལ་འཁོར་རྒྱལ་མཆོག་རྣལ་འབྱོར་མཐར་ཕྱིན་ཤོག །འོད་གསལ་བསྐྱེད་པ་ཐིག་ལེའི་རྣལ་འབྱོར་དང༌། །སེམས་རབ་བརྟན་བྱེད་ཕྲ་མོའི་རྣལ་འབྱོར་དང༌། །དངོས་གྲུབ་འགུགས་པ་བཟླས་པའི་རྣལ་འབྱོར་གྱིས། །ལས་རྒྱལ་མཆོག་གི་ཏིང་འཛིན་མཐར་ཕྱིན་ཤོག །ཐུན་མཚམས་ཀུན་ཏུ་སྒྱུ་མའི་རྣལ་འབྱོར་གྱིས། །སྒོ་གསུམ་དགེ་བའི་སྤྱོད་པ་ཅི་བྱེད་པ། །དེ་ཀུན་ལྷ་ཡི་རོལ་པར་ཤེས་བྱས་པས། །ལས་དང་སྤྱོད་ལམ་རྣམ་པར་དག་གྱུར་ཅིག །དེ་ལྟར་རིམ་པ་དང་པོའི་རྣལ་འབྱོར་གྱིས། །ཅིར་སྣང་ལྷ་ཡི་འཁོར་ལོར་ལེགས་གྲུབ་ནས། །ལམ་བཟང་དེས་ཀྱང་ཆོག་པར་མི་འཛིན་པར། །རྫོགས་རིམ་ཟབ་མོའི་ལམ་ལ་འཇུག་པར་ཤོག །སྣ་རྩེ་གསུམ་དང་སྦྱོར་བ་ཡན་ལག་དྲུག །ཁྱད་པར་དངོས་པོའི་མཐའ་ལས་རྣམ་གྲོལ་པའི། །མན་ངག་རྒྱལ་པོ་གྲོལ་བའི་ཐིག་ལེ་ལ། །ཐོས་བསམ་ཚུལ་གྱིས་སྒྲོ་འདོགས་ཆོད་པར་ཤོག །སྙིང་གའི་པདྨར་འོད་ཟེར་ལྔ་ལྡན་པའི། །མི་ཤིགས་ཐིག་ལེ་འཛག་པའི་ངང་ཚུལ་ཅན། །དངོས་པོ་རྐྱེན་གྱིས་མཐའ་ཡི་དེ་བཞིན་ཉིད། །ཚུལ་བཞིན་བསྒོམས་པས་ཡེ་ཤེས་མཆོག་ཐོབ་ཤོག །ནོར་བུའི་དབུས་སུ་བདེ་གཤེགས་ཞུ་བའི་རྒྱུན། །རྡུལ་མུན་སྙིང་སྟོབས་ཚུལ་དུ་བབས་པ་ལས། །གསང་བའི་ཐིག་ལེ་ཡེ་ཤེས་ལྔ་ཡི་དངོས། །སྤྲོ་བསྡུའི་བསྒོམས་པས་རྗེས་དྲན་མཐར་ཕྱིན་ཤོག །ལུས་ཀྱི་གནས་བཞིར་འབྱུང་བཞིའི་དཀྱིལ་འཁོར་ལ། །ཕྱག་རྒྱ་བཞི་ཡི་རང་བཞིན་ཡིག་འབྲུ་བཞི། །རང་བཞིན་བཟླས་པའི་ཚུལ་གྱིས་གོམས་བྱས་པས། །སྤྲུལ་པའི་ཐིག་ལེའི་རྣལ་འབྱོར་འགྲུབ་གྱུར་ཅིག །ཡོན་ཏན་ཀུན་ཀྱི་འབྱུང་གནས་མི་ཤིགས་པའི། །ཐིག་ལེའི་འོད་ཀྱིས་ཁམས་གསུམ་མ་ལུས་པ། །འོད་གསལ་ཞི་བའི་དབྱིངས་སུ་རབ་བསྡུས་ནས། །སླར་ཡང་ཟུང་འཇུག་སྣང་བ་རྒྱས་བྱེད་ཤོག །དེ་ལྟར་དགའ་བཞིའི་ཡེ་ཤེས་སྐྱེད་བྱེད་པ། །ཐིག་ལེ་བཞི་ཡི་རྣལ་འབྱོར་དམ་པ་དང༌། །རིག་པ་བརྟུལ་ཞུགས་སྤྱོད་པ་ལེགས་བསད་པས། །ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཐོབ་ཤོག །ཕྱིན་ཅི་ལོག་གི་རྣམ་པ་ཀུན་དང་བྲལ། །བསམ་དཔྱོད་ལས་འདས་མཁའ་བཞིན་དྲི་མ་མེད། །གསལ་བའི་ཡེ་ཤེས་ཀུན་འབྱུང་རྣམ་རྟོག་སྤངས། །གཏིང་དཔག་དཀའ་བའི་ཟབ་མོ་མཐར་ཕྱིན་ཤོག །ཆོས་དབྱིངས་ལས་འབྱུང་ཕྱག་རྒྱ་ཆེན་པོའི་སྐུ། །སྣང་སྟོང་སྒྱུ་མ་ལྟ་བུའི་རང་བཞིན་ཅན། །རང་དང་གཞན་གྱི་ཉོན་མོངས་ཀུན་སྦྱང་བ། །ཡང་དག་གསལ་བའི་འབྲས་བུ་མངོན་འགྱུར་ཤོག །དེ་ལྟར་ཟབ་གསལ་རང་བཞིན་གཉིས་མེད་ཅན། །དངོས་པོ་ཀུན་ལ་ཁྱབ་པའི་བདག་ཉིད་ཆེ། །འཁོར་བའི་ཆོས་ཀྱིས་རབ་ཏུ་མ་ཟིན་པ། །ཆོས་དབྱིངས་དམ་པ་འཇམ་དབྱངས་མྱུར་ཐོབ་ཤོག །གནས་སྐབས་ཀུན་ཏུ་ཚེ་རིང་ནད་མེད་ཅིང༌། །ལོག་འཚོ་སྤངས་པའི་ཕུན་ཚོགས་འབྱོར་པར་ལྡན། །ཚུལ་ཁྲིམས་ཐོས་དང་གཏོང་བའི་ནོར་ལྡན་པས། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །ཁྱད་པར་འཇམ་དབྱངས་མགོན་པོས་རྗེས་བཟུང་བ། །ཤིང་རྟའི་སྲོལ་འབྱེད་གྲུབ་ཆེན་ཡེ་ཤེས་ཞབས། །གང་གིས་ལེགས་པར་བཀྲ་བའི་ལམ་བཟང་འདི། །མ་ནོར་ཕྱོགས་མཐའ་ཀུན་ཏུ་རྒྱས་བྱེད་ཤོག །ཐུགས་རྗེ་ཆེ་ལྡན་བླ་མའི་བྱིན་རླབས་དང༌། །རིན་ཆེན་དཀོན་མཆོག་གསུམ་གྱི་བདེན་པ་དང༌། །རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་མཐུ་སྟོབས་ཀྱིས། །བདག་གི་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །རྗེ་བཙུན་འཇམ་པའི་དབྱངས་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པའི་དཔལ་གསང་བ་འདུས་པ་ལྷ་བཅུ་དགུའི་བདག་ཉིད་ཅན་ལ་བསྟོད་ཅིང་སྨོན་ལམ་དུ་གསོལ་བའི་རབ་ཏུ་བྱེད་པ་ཤླཽ་ཀ་དྲུག་ཅུ་རྩ་བདུན་པ་འདི་ནི། དད་པ་དང་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་ཕྱུག་པ། དགེ་སློང་བསོད་ནམས་རིན་ཆེན་གྱིས་ཡང་ཡང་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་གྲུབ་པའི་དབང་ཕྱུག་སངས་རྒྱས་ཡེ་ཤེས་ཞབས་ཀྱི་མཛད་པའི་རྒྱུན་བཤགས་ཀྱི་ཚིག་དང་སྤེལ་ཏེ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། «༄། །འདོད་རྒྱལ་གྱི་བསྟོད་པ།། » ༈ །ན་མཿཤྲཱི་ཊ་ཀི་རཱ་ཛཱ་ཡ། འདོད་དགུ་ཀུན་འབྱུང་བསམ་ཡས་འཕེལ་ཡིད་བཞིན་ནོར། །དབང་གི་རྒྱལ་པོ་བླ་མ་ལ་བཏུད་ནས། །མི་མཐུན་ཕྱོགས་འཇོམས་དངོས་གྲུབ་མཆོག་སྩོལ་བའི། །འདོད་པའི་རྒྱལ་པོ་ཅུང་ཟད་བསྟོད་པར་བགྱི། །མ་ལུས་རྒྱལ་བའི་དབང་གི་ཕྲིན་ལས་རྣམས། །གཅིག་ཏུ་བསྡུས་ནས་གདུལ་བྱ་འདུལ་བའི་ཕྱིར། །བགེགས་འཇོམས་ཁྲོ་བོའི་དབང་པོ་སྐུར་སྟོན་པའི། །འདོད་རྒྱལ་དོན་ཀུན་སྒྲུབ་ལ་ཕྱག་འཚལ་ལོ། །རབ་དམར་ཟླ་གམ་དབང་གི་དཀྱིལ་འཁོར་ནང༌། །ཉིན་བྱེད་མདོག་ཅན་འདབ་སྟོང་རྒྱས་པའི་རྩེར། །འོད་སྟོང་བདག་པོའི་གདན་ལ་བརྟན་བཞུགས་པའི། །འདོད་རྒྱལ་དོན་ཀུན་སྒྲུབ་ལ་ཕྱག་འཚལ་ལོ། །ལྷུན་པོའི་དཔལ་འཕྲོག་རབ་ཏུ་བརྗིད་པའི་སྐུ། །ཉི་མ་ལྟར་དམར་སྣ་ཚོགས་འོད་ཟེར་འཕྲོ། །མི་བསྲུན་ཚར་གཅོད་ཁྲོ་བོའི་འགྱིངས་བག་ཅན། །འདོད་རྒྱལ་དོན་ཀུན་སྒྲུབ་ལ་ཕྱག་འཚལ་ལོ། །རྔམ་པའི་ཞལ་གཅིག་བཞད་པའི་ལྗགས་འདྲིལ་ཞིང༌། །ཁྲོས་པའི་མཆེ་གཙིགས་འབར་བའི་སྤྱན་གསུམ་གཡོ། །དམར་སེར་མདོག་ཅན་དབུ་སྐྲ་གྱེན་བརྫེས་པའི། །འདོད་རྒྱལ་དོན་ཀུན་སྒྲུབ་ལ་ཕྱག་འཚལ་ལོ། །རབ་འབར་ལྕགས་ཀྱུས་བརྒྱན་པའི་ཕྱག་གཡས་ཀྱིས། །ཁམས་གསུམ་སེམས་ཅན་མ་ལུས་འགུགས་མཛད་ཅིང༌། །གཡོན་པའི་ཞགས་པས་འགྲོ་བ་འཆིང་མཛད་པ། །འདོད་རྒྱལ་དོན་ཀུན་སྒྲུབ་ལ་ཕྱག་འཚལ་ལོ། །གཡས་བསྐུམ་གཡོན་བརྐྱང་ཁྲོ་བོའི་ཞབས་གཉིས་ཀྱིས། །ཉི་ཟླ་རྒྱལ་ཆེན་བཞི་སོགས་སྟོབས་ལྡན་རྣམས། །དབང་དུ་སྡུད་ཅིང་ཟིལ་གྱིས་གནོན་མཛད་པ། །འདོད་རྒྱལ་དོན་ཀུན་སྒྲུབ་ལ་ཕྱག་འཚལ་ལོ། །ཕར་ཕྱིན་རང་བཞིན་ཕྱག་རྒྱ་རྣམ་དྲུག་གིས། །མཛེས་པའི་སྐུ་ཡང་རྣམ་པར་མཛེས་བྱེད་ཅིང༌། །དཔའ་བོ་སྟག་གི་པགས་པའི་ཤམ་ཐབས་ཅན། །འདོད་རྒྱལ་དོན་ཀུན་སྒྲུབ་ལ་ཕྱག་འཚལ་ལོ། །ཁྲོ་རྒྱལ་ཁྱོད་ལ་བདག་གིས་གསོལ་བཏབ་པས། །ལམ་མཆོག་སྒྲུབ་པའི་བར་ཆད་ཀུན་ཞི་ཞིང༌། །ཡོན་ཏན་ཡར་ངོའི་ཟླ་ལྟར་རབ་རྒྱས་ནས། །ཐོས་བསམ་བསྒོམ་གསུམ་འཕེལ་བར་མཛད་དུ་གསོལ། །ཆོས་དང་ལྡན་ཞིང་ཚེ་རིང་འཚོ་བ་དང༌། །དྲི་མེད་ཏིང་འཛིན་སྒྲུབ་ལ་བརྩོན་པ་དང༌། །ལོག་འཚོ་སྤངས་པའི་ལོངས་སྤྱོད་རྒྱས་པ་དང༌། །འགྲོ་མང་དབང་དུ་འདུ་བར་མཛད་དུ་གསོལ། །གང་དག་བདག་གི་གདུལ་བྱར་འགྱུར་པ་རྣམས། །རྨད་བྱུང་སྡོམ་པ་གསུམ་ལ་གནས་པ་དང༌། །སྡེ་སྣོད་རྒྱུད་སྡེའི་དོན་ལ་མཁས་གྱུར་ནས། །རྒྱལ་བའི་བསྟན་པ་རྒྱས་པར་མཛད་དུ་གསོལ། །དེ་ལྟར་བསྟོད་ཅིང་ཕྲིན་ལས་བསྐུལ་བྱས་པའི། །རྒྱ་ཆེན་དགེ་བ་དེ་ཡིས་འགྲོ་བ་རྣམས། །དམ་པའི་ཆོས་དང་བཀྲ་ཤིས་འཕེལ་བྱས་ནས། །ཁམས་གསུམ་དབང་སྒྱུར་འདོད་རྒྱལ་ཉིད་གྱུར་ཅིག །དཔལ་འདོད་པའི་རྒྱལ་པོ་ལ་བསྟོད་པ་ཅི་བསམ་ཀུན་གྲུབ་ཅེས་བྱ་བ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱར་སྦྱར་བའོ།།  །། «༄། །ཚོགས་ཀྱི་བདག་པོའི་བསྟོད་པ།། » ༈ །ན་མཿཤྲཱི་ག་ཎ་པ་ཏ་ཡ། ས་གསུམ་གདུག་པ་ཀུན་འདུལ་རྡོ་རྗེ་འཛིན། །ཁྲོ་བོའི་དབང་པོ་དེ་ལ་གུས་བཏུད་ནས། །དབང་ཕྱུག་ཕུན་ཚོགས་ཚོགས་ཀྱི་བདག་པོ་ལ། །དད་པའི་ཡིད་ཀྱིས་ཅུང་ཟད་བསྟོད་པར་བགྱི། །རབ་བརྗིད་བཻཌཱུར་སྔོན་པོའི་ལྷུན་པོའི་དབུས། །སྣ་ཚོགས་རིན་ཆེན་ལས་གྲུབ་མཚོ་སྐྱེས་དང༌། །རྟ་བདུན་ཅན་དང་ནོར་བདག་བྱི་བ་ཡི། །སྟེང་ན་བཞུགས་པ་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་ལ་རྗེས་ཆགས་པདྨ་རཱ་གའི་མདོག །གཏི་མུག་རབ་སྤངས་གཉིས་འཐུང་གདོང་པ་ཅན། །རྟེན་འབྲེལ་རང་བཞིན་བཅུ་གཉིས་ཕྱག་གིས་མཛེས། །རོལ་པའི་ཞབས་གཉིས་ལྡན་ལ་ཕྱག་འཚལ་ལོ། །དགྲ་སྟྭ་མདའ་ཆེན་ལྕགས་ཀྱུ་རྡོ་རྗེ་དང༌། །རལ་གྲི་འཕང་མདུང་འབར་བའི་མཚོན་ཆ་ཡིས། །ཉིད་སྐུའི་གཡས་པའི་ཕྱག་གི་པདྨ་རྣམས། །མཛེས་པར་བྱས་པ་ཁྱོད་ལ་ཕྱག་འཚལ་ལོ། །བགེགས་འཇོམས་གཏུན་ཤིང་གཞུ་དང་ཁ་ཊྭཱཾ་ག །ཁྲག་དང་ཤ་ཡིས་གང་བའི་ཐོད་པ་དང༌། །རྣམ་པར་རྒྱལ་བའི་ཕུབ་དང་བ་དན་རྣམས། །གཡོན་པའི་ཕྱག་གིས་འཛིན་ལ་ཕྱག་འཚལ་ལོ། །དགོས་འདོད་ཀུན་འབྱུང་བསམ་འཕེལ་རིན་པོ་ཆེ། །ཡིད་བཞིན་ནོར་བུས་སྤྱི་བོར་བརྒྱན་པ་ལ། །ཡིད་འོང་དར་དམར་ཅོད་པཎ་མང་གཡོས་པས། །ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །མདོག་ལེགས་དྲི་ཞིམ་རེག་ན་བདེ་བ་ཡི། །སྲབ་འཇམ་དར་གྱིས་སྐུ་སྟོད་ལེགས་གཡོགས་ཤིང༌། །སྣ་ཚོགས་གོས་དང་རྒྱན་གྱི་ལྷབ་ལྷུབ་ཀྱིས། །སྐུ་སྨད་མཛེས་པར་བྱས་ལ་ཕྱག་འཚལ་ལོ། །མུ་ཏིག་བྱི་རུ་མརྒད་དབང་སྔོན་དང༌། །རྡོ་ཡི་སྙིང་པོ་སྤུག་དང་མན་ཤེལ་སོགས། །འཇིག་རྟེན་འདི་ན་དཀོན་པའི་རིན་ཆེན་གྱི། །ཕྲེང་བས་དོ་ཤལ་བྱས་ལ་ཕྱག་འཚལ་ལོ། །ཁྲོས་ཤིང་རབ་དམར་སྤྱན་གསུམ་སྡང་མིག་གཡོ། །རྣོ་དཀར་མཆེ་བ་རབ་གཙིགས་མི་བཟད་ཞལ། །འོད་ཟེར་དམར་པོ་འབར་བའི་དཀྱིལ་འཁོར་ན། །དཔའ་བ་སྒེག་པར་བཞུགས་ལ་ཕྱག་འཚལ་ལོ། །ཁྱོད་སྐུ་གསལ་བར་དྲན་པ་ཙམ་གྱིས་ཀྱང༌། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་བྱེད་ཅིང༌། །མི་མཐུན་གནོད་པ་མཐའ་དག་འཇོམས་མཛད་པའི། །དོན་གཉིས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །གང་གསུང་གསང་སྔགས་ཟབ་མོ་བཟླས་ཙམ་གྱིས། །སྟོབས་ལྡན་མི་དང་མི་མ་ཡིན་ལ་སོགས། །མ་ལུས་སྐད་ཅིག་ཙམ་གྱིས་འདུལ་མཛད་པའི། །མཐུ་སྟོབས་ཐོགས་མེད་ལྡན་ལ་ཕྱག་འཚལ་ལོ། །ཉིད་ཐུགས་ཡོན་ཏན་རྒྱ་མཚོ་དྲན་ཙམ་གྱིས། །སྐྱེ་དགུའི་ཡིད་ཀྱི་གདུང་བ་ཀུན་བསལ་ནས། །འཆི་མེད་བསམ་གཏན་བདེ་བ་ཐོབ་བྱེད་པའི། །སྤྲོས་ཀུན་མཁའ་ལྟར་དག་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ཏོག་འབྲས་བུ་སྨན་དང་སྤོས། །ལ་དུ་ལ་ཕུག་གླང་ཤ་རྒུན་འབྲུམ་ཆང༌། །དཀར་གསུམ་མངར་གསུམ་ཁུར་བ་འབྲས་ཆན་སོགས། །ལྷ་དང་མི་ཡི་ལོངས་སྤྱོད་འདི་འབུལ་གྱིས། །མགོན་ཁྱོད་འགྲོ་ལ་རབ་ཏུ་བརྩེ་བའི་ཕྱིར། །དྲི་དང་བཅས་འདི་བཞེས་ཤིང་གསོལ་ནས་ཀྱང༌། །ལྷ་ཁྱོད་བདག་གིས་གུས་པར་བསྟེན་པ་ཡིས། །རེ་བའི་འབྲས་བུ་བདག་ལ་མཆིས་པར་མཛོད། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱིས། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང༌། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང༌། །འགྲོ་ཀུན་དབང་དུ་འདུ་བར་མཛད་དུ་གསོལ། །རྒྱལ་པོ་བློན་པོ་གྲོང་ཁྱེར་པ་ལ་སོགས། །འགྲོ་མང་བདག་གིས་དབང་དུ་བསྡུས་བྱས་ནས། །དམ་ཆོས་བདུད་རྩིས་ཚིམ་པར་བྱས་པའི་མཐུས། །ཡངས་པའི་རྒྱལ་ཁམས་བདེ་བར་མཛད་དུ་གསོལ། །ལོངས་སྤྱོད་ཆེད་དུ་འཐབ་ཅིང་རྩོད་པ་དང༌། །མཛའ་དང་བྲལ་དང་སྡོམ་གསུམ་ཉམས་པ་སོགས། །མི་དགེ་འཕེལ་བའི་ལོངས་སྤྱོད་རྒྱང་བསྲིངས་ནས། །དགེ་བའི་ལོངས་སྤྱོད་འཕེལ་བར་མཛད་དུ་གསོལ། །དཀོན་མཆོག་དཀོར་སོགས་ལོག་པའི་འཚོ་བ་དང༌། །འབྱོར་པ་རྒྱས་པས་དམ་ཆོས་བྲལ་བ་སོགས། །དམན་པའི་ལོངས་སྤྱོད་མཐའ་དག་རབ་སྤངས་ནས། །ཡང་དག་འཚོ་བས་འཚོ་བར་མཛད་དུ་གསོལ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །ཐོས་བསམ་སྒོམ་གསུམ་འཕེལ་བའི་གཞིར་གྱུར་པའི། །ཆོས་མཐུན་འཚོ་བ་རྨད་དུ་བྱུང་བ་རྣམས། །འབད་མེད་ཆར་བཞིན་འབབ་པར་མཛད་དུ་གསོལ། །མི་སྲུན་སྐྱེ་བོ་སྐལ་ངན་གདུག་པ་ཅན། །བསྟན་དང་སེམས་ཅན་ཀུན་ལ་འཚེ་བྱེད་རྣམས། །ཁྱོད་ཀྱི་མཐུ་ལས་བདག་གི་དབང་གྱུར་ནས། །བསྟན་ལ་དད་ཅིང་གུས་པར་མཛད་དུ་གསོལ། །དེ་ལྟར་གུས་པའི་ཡིད་ཀྱིས་གསོལ་བའི་མཐུས། །ཉིད་ཐུགས་ཟག་མེད་ནོར་བུའི་བང་མཛོད་ལས། །རྣམ་དག་ལོངས་སྤྱོད་རྒྱ་ཆེན་རབ་བླངས་ནས། །འགྲོ་མང་དབུལ་བའི་སྡུག་བསྔལ་ཞི་བྱེད་ཤོག །དཔལ་ཚོགས་ཀྱི་བདག་པོ་ཁམས་གསུམ་གྱི་འཁོར་ལོས་སྒྱུར་བ་པོ་ལ་བསྟོད་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །། «༄། །གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་དཔལ་སྦྱིན་བཞུགས་སོ།།»  ༈ །གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ་འཆི་མེད་དཔལ་སྦྱིན་ཞེས་བྱ་བ། རྒྱལ་བ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་མོ་གང་ཞིག་ཡིད་ལ་དྲན་ཙམ་གྱིས། །ཕུན་ཚོགས་ཚེ་ཡི་དངོས་གྲུབ་ཉེར་སྩོལ་ཞིང༌། །འཆི་བདག་བདུད་ཀྱི་དགྲ་ལས་རྣམ་རྒྱལ་བ། །བདེ་གཤེགས་གཙུག་ཏོར་ཆེ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཁམས་ལས་གྲུབ་པའི་རིན་ཆེན་ཁྲི། །རྒྱ་ཆེན་ལྷུན་སྟུག་བཀོད་ལེགས་མཛེས་པའི་སྟེང༌། །མི་མཐུན་ཕྱོགས་ལས་རྣམ་རྒྱལ་མཆོད་རྟེན་ཆེ། །ཆོས་སྐུའི་རང་བཞིན་ཅན་ལ་ཕྱག་འཚལ་ལོ། །དེ་དབུས་འདབ་སྟོང་འདབ་མ་རྒྱས་པའི་རྩེར། །དྲི་མེད་མཚན་དཔེ་རྒྱན་གྱི་དཀྱིལ་འཁོར་ལ། །འཆི་མེད་དབང་པོ་རྒྱལ་བ་ཚེ་དཔག་མེད། །རབ་མཛེས་ལྷ་མོར་སྤྲུལ་ལ་ཕྱག་འཚལ་ལོ། །སྐྱོབ་པ་ཀུན་གྱིས་གཙུག་ཏོར་རྣམ་རྒྱལ་ཞེས། །རྒྱ་ཆེར་བསྔགས་པའི་བཅོམ་ལྡན་ཁྱེད་ཀྱི་སྐུ། །འོད་ཟེར་སྟོང་གི་དྲྭ་བ་འཕྲོ་བ་ཡི། །འཆི་མེད་དངོས་གྲུབ་སྩོལ་ལ་ཕྱག་འཚལ་ལོ། །སྟོན་ཟླ་རབ་རྒྱས་བྱེ་བ་འདུས་འདྲའི་སྐུ། །རྣམ་མཐར་རང་བཞིན་ཕྱག་གི་ཡལ་གས་མཛེས། །སྐུ་གསུམ་ཞལ་མངའ་ཐབས་ཤེས་དག་པའི་ཞབས། །རྡོ་རྗེ་སྐྱིལ་ཀྲུང་མཛད་ལ་ཕྱག་འཚལ་ལོ། །རྩ་ཞལ་ཀུནྡ་ལྟར་དཀར་འཛུམ་ཞིང་སྒེག །གཡས་པ་བཙོ་མ་གསེར་འདྲ་ཞི་བའི་ཞལ། །གཡོན་པ་དབང་སྔོན་མདོག་མཚུངས་ཅུང་ཟད་ཁྲོ། །ཀུན་ཀྱང་སྤྱན་གསུམ་ལྡན་ལ་ཕྱག་འཚལ་ལོ། །གཡས་པའི་ཕྱག་རྣམས་སྣ་ཚོགས་རྡོ་རྗེ་དང༌། །པད་དཀར་ལ་གནས་རྒྱལ་བ་འོད་དཔག་མེད། །འཆི་བདག་བདུད་ཀྱི་སྙིང་འབིགས་མཆོག་གི་མདའ། །མཆོག་སྤྱིན་ཕྱག་རྒྱས་མཛེས་ལ་འཚལ་ལོ། །རྡོ་རྗེ་ཞགས་པ་དང་བཅས་སྡིགས་མཛུབ་དང༌། །རྒྱ་ཆེན་དངོས་གྲུབ་འགུགས་པའི་རིན་ཆེན་གཞུ། །མི་འཇིགས་སྤྱིན་དང་བདུད་རྩིའི་བུམ་བཟང་རྣམས། །གཡོན་པའི་ཕྱག་གི་འཛིན་ལ་ཕྱག་འཚལ་ལོ། །སྲབ་འཇམ་རས་དཀར་བཟང་པོས་སྟོད་གཡོགས་ཤིང༌། །རྨད་བྱུང་རིན་ཆེན་རྒྱན་ཆས་ཡན་ལག་མཛེས། །སྣ་ཚོགས་མདོག་ཅན་མདངས་བཀྲ་དར་བཟང་གིས། །ཤམ་ཐབས་མཛེས་པར་བྱས་ལ་ཕྱག་འཚལ་ལོ། །གཡས་ཕྱོགས་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །ཆུ་ཤེལ་མདོག་མཚུངས་འཕགས་པ་སྤྱན་རས་གཟིགས། །ཕྱག་གཡོན་རབ་ཏུ་རྒྱས་པའི་པདྨ་བསྣམས། །ཞི་བས་འགྲོ་ཀུན་སྐྱོང་ལ་ཕྱག་འཚལ་ལོ། །གཡོན་ཕྱོགས་ཚ་ཟེར་རྒྱས་པའི་དཀྱིལ་འཁོར་ལ། །ནམ་མཁའི་མདོག་ཅན་རྒྱལ་སྲས་རྡོ་རྗེ་འཛིན། །ཕྱག་གཡོན་ཨུཏྤལ་ལ་གནས་རྡོ་རྗེ་བསྣམས། །དྲག་པོའི་བདུད་དཔུང་འཇོམས་ལ་ཕྱག་འཚལ་ལོ། །གཉིས་ཆར་མཉམ་པའི་སྟབས་ཀྱིས་ལེགས་བཞེངས་ཤིང༌། །ཞལ་གཅིག་ཕྱག་གཉིས་རིན་ཆེན་རྒྱན་གྱིས་སྤྲས། །སྣ་ཚོགས་དར་གྱི་སྨད་གཡོགས་མཛེས་པས་བརྒྱན། །གཡས་པས་རྔ་ཡབ་འཛིན་ལ་ཕྱག་འཚལ་ལོ། །ཤར་དུ་སྦྱིན་པའི་རང་བཞིན་མི་གཡོ་མགོན། །ཨུཏྤལ་མདོག་མཚུངས་མི་བཟད་རལ་གྲི་ཡིས། །ཕུང་པོའི་བདུད་རྣམས་མ་ལུས་འཇོམས་མཛད་ཅིང༌། །སྡུག་བསྔལ་ཞི་བར་མཛད་ལ་ཕྱག་འཚལ་ལོ། །ལྷོར་ནི་སྙན་སྨྲའི་རང་བཞིན་འདོད་རྒྱལ་ཆེ། །ཟར་མའི་མདོག་ཅན་རྡོ་རྗེ་ལྕགས་ཀྱུ་ཡིས། །འཆི་བདག་བདུད་ཀྱི་སྙིང་ཀུན་དྲལ་མཛད་ཅིང༌། །འགྲོ་ཀུན་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ནུབ་ཏུ་དོན་སྤྱོད་རང་བཞིན་དབྱུག་སྔོན་ཅན། །ཆར་སྤྲིན་མདོག་མཚུངས་རབ་འཇིགས་དབྱིག་པ་ཡིས། །ཉོན་མོངས་བདུད་རྣམས་ཐལ་བར་བརླག་བྱེད་ཅིང༌། །དཔལ་འབྱོར་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །བྱང་དུ་དོན་མཐུན་རང་བཞིན་སྟོབས་པོ་ཆེ། །བུང་བའི་མདོག་ཅན་རབ་འབར་རྡོ་རྗེ་ཡིས། །ལྷ་བུ་གཞོན་ནུའི་བདུད་རྣམས་འདུལ་མཛད་ཅིང༌། །གདུག་ཅན་དྲག་པོ་འདུལ་ལ་ཕྱག་འཚལ་ལོ། །ཀུན་ཀྱང་པདྨ་ཉི་མའི་དཀྱིལ་འཁོར་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྡང་མིག་གཡོ། །སྒེག་པའི་ལུས་ཅན་གཡོན་བརྐྱང་བརྗིད་བག་ཅན། །ཁྲོས་པས་བགེགས་ཀུན་འཇོམས་ལ་ཕྱག་འཚལ་ལོ། །མཐོན་མཐིང་ལྟར་གནག་དབུ་སྐྲ་གྱེན་བརྫེས་ཤིང༌། །ཀླུ་ཆེན་བརྒྱད་དང་རིན་ཆེན་རྒྱན་ཆས་སྤྲས། །སྟག་སྤགས་གསར་པའི་ཤམ་ཐབས་མཛེས་པ་ཅན། །ཕྱག་གཡོན་སྡིགས་མཛུབ་མཛད་ལ་ཕྱག་འཚལ་ལོ། །ནམ་མཁའི་ཁམས་ན་དྲི་དང་བདུག་སྤོས་དང༌། །སྤེལ་ལེགས་མེ་ཏོག་ཕྲེང་བ་ལེགས་འཛིན་པའི། །གཙང་མའི་རིགས་ཀྱི་ལྷ་བུ་མཛེས་པའི་ཚོགས། །རབ་འབྱམས་མཆོད་པས་མཆོད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་ཐོགས་པ་ལྷ་ཡི་རྗེ། །བརྒྱ་བྱིན་བགྲང་ཡས་འཁོར་ཚོགས་དང་བཅས་པ། །བསོད་ནམས་སྤྲིན་གྱི་དབུས་ན་ལེགས་གནས་ནས། །བསྟོད་པའི་འབྲུག་སྒྲ་སྒྲོགས་ལ་འཚལ་ལོ། །གང་གི་རང་བཞིན་མཁའ་ལྟར་རྣམ་དག་པས། །སྣ་ཚོགས་སྤྲོས་པའི་དྲྭ་བ་མཐར་མཛད་ཅིང༌། །ཟག་མེད་ཡོན་ཏན་ཕུང་པོའི་གཞིར་གྱུར་པ། །གཙུག་ཏོར་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འོག་མིན་ལ་སོགས་དག་པའི་ཞིང་ཁམས་སུ། །ཡིད་འོང་མཚན་དཔེས་རབ་མཛེས་མཆོག་གི་སྐུས། །གདུལ་བྱ་དག་པའི་བསམ་པ་ཚིམ་མཛད་པ། །གཙུག་ཏོར་ལོངས་སྤྱོད་རྫོགས་སྐུ་ལ་ཕྱག་འཚལ། །བསམ་ཡས་གདུལ་བྱའི་བསམ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་དང་དམ་ཆོས་སྣ་ཚོགས་ཀྱིས། །འགྲོ་བའི་རེ་འདོད་ཡོངས་སུ་རྫོགས་མཛད་པ། །གཙུག་ཏོར་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །བདག་གིས་བཅོམ་ལྡན་ཁྱོད་སྐུ་ལེགས་བསྒོམས་ཤིང༌། །མཐུ་ཆེན་གཟུངས་སྔགས་འབད་པས་བཟླས་པ་དང༌། །གུས་པས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །འདོད་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །མཐའ་ཡས་འགྲོ་བ་བདག་དང་བཅས་རྣམས་ལ། །མི་བཟད་འཇིགས་དང་སྡུག་བསྔལ་འབྱུང་བའི་རྒྱུ། །ལས་དང་ཉོན་མོངས་སྟོབས་ལྡན་ལས་བྱུང་བའི། །སྡིག་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །དགྲ་དང་ཚོམ་རྐུན་གདོལ་པས་གཙེས་པ་དང༌། །གཅན་གཟན་འཇིགས་དང་ཕ་རོལ་དམག་ཚོགས་སོགས། །མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །བཞི་བརྒྱ་རྩ་བཞིའི་ནད་དང་རིམས་ཀུན་དང༌། །བགེགས་རིགས་བརྒྱད་ཁྲི་གདོན་ཆེན་བཅོ་ལྔ་སོགས། །ལུས་སྲོག་དགེ་ལ་བར་དུ་གཅོད་པ་ཡི། །འབྱུང་པོའི་གནོད་པ་ཞི་བར་མཛད་དུ་གསོལ། །སྐར་མདའ་ལྟུང་དང་ས་གཡོས་འཇིགས་པ་དང༌། །བྱད་སྟེམས་མཐུ་དང་ཐོག་ཆེན་འབེབས་པ་སོགས། །མི་དང་མི་མ་ཡིན་གྱིས་གནོད་པ་དང༌། །ཉེར་འཚེ་ཐམས་ཅད་ཞི་བར་མཛད་དུ་གསོལ། །གློ་བུར་ཡེ་འདྲོག་གནོད་པ་མ་ལུས་དང༌། །དུག་དང་སྦྱར་དུག་ཁ་ཟས་མ་ཞུ་དང༌། །འཁོན་དང་ཉམས་གྲིབ་འབགས་དང་མི་གཙང་སོགས། །དྲི་མ་ཐམས་ཅད་ཞི་བར་མཛད་དུ་གསོལ། །དེ་ལྟར་ཕྱི་ནང་ལུས་སེམས་སྡུག་བསྔལ་ཀུན། །རང་གི་ལས་ལས་བྱུང་མདོ་དེ་ལྟ་ནའང༌། །དབང་དང་སྟོབས་བཅུ་བརྙེས་པ་ཁྱོད་ཀྱི་མཐུས། །སྡུག་བསྔལ་མཐའ་དག་ཞི་བར་མཛད་དུ་གསོལ། །ཁྱོད་ཀྱིས་བདག་གི་སྡུག་བསྔལ་ཟིལ་མནན་ཅིང༌། །དགེ་བའི་ལས་འབྲས་བཟང་པོ་གསོས་བཏབ་ནས། །ཡང་དག་བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །ལས་དང་ཉོན་མོངས་ཞི་བར་མཛད་དུ་གསོལ། །སྔོན་དུས་འཁོར་བར་ལན་མང་འཁོར་བའི་ཚེ། །གཞན་སྲོག་བཅད་དང་འཚོ་བ་འཕྲོག་པ་སོགས། །ཚེ་ཐུང་གྱུར་བའི་ལས་སྒྲིབ་ཅི་བསགས་པ། །དེ་ཀུན་བྱང་ཞིང་དག་པར་མཛད་དུ་གསོལ། །ཁྱད་པར་ཚེ་འདིའི་ལས་དང་བསོད་ནམས་ཚེ། །རྒུད་ཅིང་ཉམས་པའི་སྡུག་བསྔལ་རྒྱུ་བཅས་ཀུན། །ཁྱོད་ཀྱི་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དེ་ཀུན་བྱང་ཞིང་བཀྲུ་བར་མཛད་དུ་གསོལ། །ཕུན་ཚོགས་ཕན་བདེའི་འབྱུང་བའི་སྒོ་གཅིག་པུ། །རྒྱལ་བའི་བསྟན་པ་ཆོས་ཀྱིས་གཟུང་བའི་ཕྱིར། །ཚེ་དང་བསོད་ནམས་རྣམ་དག་ལས་བཟང་རྣམས། །ཡར་ངོའི་ཟླ་ལྟར་རྒྱས་པར་མཛད་དུ་གསོལ། །དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ཞིང༌། །ཚུལ་ཁྲིམས་དག་པའི་ལུས་བཟང་ཡུན་རིང་འཚོ། །ཁ་དོག་རྒྱས་ཤིང་དམ་ཆོས་སྤྱོད་པ་དང༌། །ཚེ་གྲངས་དཔག་མེད་རྒྱས་པར་མཛད་དུ་གསོལ། །དཀོན་མཆོག་རྫས་དང་གཞན་ལས་འཕྲོག་པ་སོགས། །མ་དག་ལོག་པའི་འཚོ་བ་ཀུན་སྤངས་ནས། །སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་ཀྱིས། །ལུས་ཀྱི་ཟོ་མདོག་རྒྱས་པར་མཛད་དུ་གསོལ། །ནད་དང་གནོད་མེད་དགའ་མགུར་སྤྱོད་པ་དང༌། །ཚེ་ཡི་བར་དུ་གཅོད་པ་ཀུན་ཞི་ནས། །བཤད་སྒྲུབ་བྱ་བས་ཉིན་མཚན་འདའ་བ་སོགས། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །བདག་གི་གདུལ་བྱར་གྱུར་པ་ཐམས་ཅད་ཀྱང༌། །ལས་འབྲས་ལྷུར་ལེན་གསུང་རབ་དོན་ལ་མཁས། །ཚུལ་ཁྲིམས་དག་ཅིང་ཐོས་ལ་མངོན་བརྩོན་པས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཉིད་ཐུགས་འཆི་མེད་དབང་པོའི་བང་མཛོད་ལས། །རྨད་བྱུང་བློ་དང་ཚེ་ཡི་ནོར་བླངས་ནས། །འགྲོ་བའི་ཚེ་ཡི་དབུལ་བ་སེལ་གྱུར་ཅིག །དེ་བཞིན་གཤེགས་པ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་སུམ་ཅུ་སོ་དགུ་པ་འདི་ནི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རང་གིས་འདོད་དོན་ཞུ་བའི་ཕྱིར་དུ་ཟིལ་གནོན་གྱི་ལོ་«་་་་་རྒྱ་ནག་པས་མེ་ཕོ་རྟའི་ལོ་ཟེར། »དབོའི་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། «༄། །དཔལ་ལྷ་མོ་ནོར་རྒྱུན་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཆོས་དང་དཔལ་འབྱོར་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ།། » ༈ །དཔལ་ལྷ་མོ་ནོར་རྒྱུན་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཆོས་དང་དཔལ་འབྱོར་རྒྱས་བྱེད་ཅེས་བྱ་བ། དེ་བཞིན་གཤེགས་པ་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་པའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །རབ་འཇིགས་སྲུང་བའི་འཁོར་ལོ་ཡངས་པའི་དབུས། །རབ་བརྟན་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ། །རབ་མཛེས་ཐུབ་པའི་དབང་པོའི་གཞལ་ཡས་ཁང༌། །རབ་མང་རྒྱན་གྱིས་མཛེས་ལ་ཕྱག་འཚལ་ལོ། །ཁང་བཟངས་དབུས་སུ་རིན་ཆེན་རི་བོའི་སྟེང༌། །གསེར་གྱི་པདྨ་མུ་ཏིག་དྲྭ་བ་ཅན། །ཆུ་ཤེལ་དཀྱིལ་འཁོར་སྟེང་ན་རབ་རྩེན་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གང་སྐུ་གསེར་གྱི་ལྷུན་པོ་ལྟར་མཛེས་ཤིང༌། །ཕ་རོལ་ཕྱིན་དྲུག་ཕྱག་གིས་ལེགས་བརྒྱན་ནས། །འགྲོ་ལ་ཟད་མེད་གཏེར་ཆེན་སྩོལ་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །མཆོག་སྦྱིན་ཕྱག་རྒྱས་འགྲོ་ལ་གཏེར་སྟོན་ཞིང༌། །རིན་ཆེན་སྙེ་མས་རིན་ཆེན་ཆར་རྒྱུན་འབེབས། །བཀུར་སྟིའི་ཕྱག་གིས་དགེ་ལེགས་རྒྱས་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །བུམ་པ་བཟང་པོས་དབུལ་བའི་དྲི་མ་འཁྲུད། །འབྲས་ཀྱི་སྙེ་མས་དགེ་བའི་ལོ་ཏོག་སྤེལ། །ཤེར་ཕྱིན་པུ་སྟི་དམ་ཆོས་རྒྱས་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཞལ་གྱི་དཀྱིལ་འཁོར་འཛུམ་པའི་འོད་ཟེར་ཅན། །ཡངས་པའི་སྤྱན་གྱིས་འགྲོ་ལ་ལེགས་གཟིགས་མ། །མཛེས་པའི་ཞབས་གཉིས་རོལ་པའི་སྟབས་ཀྱིས་གནས། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །དཔག་ཡས་ནོར་བུ་རིན་ཆེན་ལས་གྲུབ་པའི། །དབུ་རྒྱན་མགུལ་རྒྱན་མཛེས་པའི་རྣ་ཆ་གཡོ། །ཕྱག་ཞབས་རིན་ཆེན་གདུ་བུས་ཉེར་མཛེས་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །པདྨ་རཱ་ག་སྤུག་དང་ཀརྐེ་ཏ། །ཆུ་ཤེལ་ལ་སོགས་ཕྲེང་བའི་དོ་ཤལ་ཅན། །མུ་ཏིག་སེ་མོ་དོ་ཡིས་ལེགས་སྤྲས་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གསུང་གི་ཆུ་འཛིན་ཤིན་ཏུ་སྟུག་པོ་ལས། །དམ་ཆོས་བདུད་རྩིའི་ནོར་གྱི་རྒྱུན་ཕབ་སྟེ། །དད་པའི་ལྟེང་ཀ་བང་མཛོད་འགེངས་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཐུགས་ནི་སྟོན་ཀའི་ཟླ་བ་ལྟར། །ཡོན་ཏན་འོད་ཟེར་དཔག་མེད་རབ་རྒྱས་ནས། །ཉེས་པའི་མུན་པ་མ་ལུས་དྲུངས་འབྱིན་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །སྔོན་གྱི་སྦྱིན་པའི་དཔལ་ལས་ལེགས་གྲུབ་ཅིང༌། །མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་ནས། །འགྲོ་བའི་དབུལ་ཕོངས་མ་ལུས་ཞི་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །གང་ཞིག་ཁྱེད་ཀྱི་མཚན་ཙམ་དྲན་པས་ཀྱང༌། །ཡིད་ལ་མངོན་འདོད་འབྲས་བུ་མཆོག་སྩོལ་ཞིང༌། །སེར་སྣ་ཆེ་བའི་ཉེས་ཚོགས་ཞི་མཛད་མ། །བཅོམ་ལྡན་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ནུབ་ཀྱི་དབུས་སུ་པདྨ་ཟླ་བ་ལ། །བདེ་གཤེགས་རྡོ་རྗེ་འཛིན་པ་རྒྱ་མཚོའི་དབྱངས། །ངེས་པར་སྒྲོགས་མཛད་གུར་གུམ་བཟང་པོའི་མདོག །རྡོ་རྗེའི་གདན་གྱིས་གནས་ལ་ཕྱག་འཚལ་ལོ། །ཕྱག་གཡས་མཆོག་སྦྱིན་སྐྱེ་དགུའི་རེ་སྐོང་ཞིང༌། །ཕྱག་གཡོན་ཁུ་ཚུར་བརླར་བཞག་འགྱིང་བག་ཅན། །རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །མཐའ་ཡས་མཚན་དཔེས་སྤྲས་ལ་ཕྱག་འཚལ་ལོ། །གང་གསུང་ཡན་ལག་དྲུག་ཅུའི་གསུང་དབྱངས་ཀྱིས། །མཐའ་ཡས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་ཤིང༌། །རྒྱས་པའི་རིགས་ཀྱི་རྒྱུད་སྡེ་མ་ལུས་པས། །འགྲོ་ལ་ཆོས་ཆར་འབེབས་ལ་ཕྱག་འཚལ་ལོ། །གཡས་ཀྱི་ཕྱོགས་སུ་སེམས་དཔའ་སྤྱན་རས་གཟིགས། །རིན་ཆེན་བྱེ་རུའི་མདོག་ཅན་ཞི་བའི་སྐུ། །མཆོག་སྦྱིན་ཕྱག་རྒྱས་འགྲོ་ལ་མཆོག་སྩོལ་ཞིང༌། །ཕྱག་གཡོན་རོལ་པས་བཞུགས་ལ་ཕྱག་འཚལ་ལོ། །གཡོན་དུ་དཔའ་བོ་ཕྱག་ན་རྡོ་རྗེ་འཛིན། །མརྒད་མདོག་ཅན་ཅུང་ཟད་ཁྲོས་པའི་སྐུ། །ཕྱག་གཡས་རྡོ་རྗེ་གཡོན་པས་རོལ་པའི་ཚུལ། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་ལ་ཕྱག་འཚལ་ལོ། །ཤར་གྱི་དབུས་སུ་པད་ཟླའི་དཀྱིལ་འཁོར་ལ། །ཉེ་བར་འཁོར་བ་ཀུན་ལ་དབང་བྱེད་མ། །དཔལ་ལྡན་ཕུན་ཚོགས་ལྷ་མོ་ཨེ་ལིའི་སྐུ། །གསེར་རི་ལྟར་གསལ་དེ་ལ་ཕྱག་འཚལ་ལོ། །གཡས་སུ་ཟླ་བར་དཔལ་ལྡན་ཛཾ་བྷ་ལ། །ཨིནྡྲ་ནཱི་ལའི་མདོག་ཅན་བརྗིད་མཛེས་སྐུ། །གཡོན་དུ་རོ་བཅུད་ཀུན་ལ་དབང་བྱེད་མ། །ཆུ་བདག་ཆུ་ཤེལ་མདོག་ལ་ཕྱག་འཚལ་ལོ། །ཀུན་ཀྱང་ཕྱག་གཡས་བཱི་ཛ་པཱུ་ར་ཀ །གཡོན་པས་བརླ་ལ་བརྟེན་པ་རོལ་པའི་ཉམས། །ལྷ་རྫས་རིན་ཆེན་མཆོག་གིས་རབ་བརྒྱན་པས། །ཅི་བསམ་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །ཤར་ལྷོར་སྦས་པའི་ལྷ་མོ་ཟས་སྦྱིན་མ། །དཱུར་བའི་མདོག་ཅན་དབང་ཕྱུག་རྒྱས་མཛད་མ། །ཕྱག་གཡས་བཱི་ཛ་པཱུ་ར་ཀས་མཛེས་ཤིང༌། །གཡོན་པ་རོལ་པས་གནས་ལ་ཕྱག་འཚལ་ལོ། །སྲིན་པོར་ཤིན་ཏུ་སྦས་མ་ནོར་སྟེར་མ། །ལི་ཁྲིའི་མདོག་ཅན་བཀྲ་ཤིས་རྒྱས་མཛད་མ། །གསེར་གྱི་དྲྭ་བས་སྤྲས་པའི་གདུགས་མཆོག་གིས། །ཕྱག་གཉིས་མཛེས་པར་བརྒྱན་ལ་ཕྱག་འཚལ་ལོ། །རླུང་དུ་དབྱངས་ཅན་ཚེ་ཡི་མཆོག་སྩོལ་མ། །གསེར་ཞུན་མདོག་ཅན་དགེ་ལེགས་རྒྱས་མཛད་མ། །ནོར་བུའི་ཏོག་ཅན་རིན་ཆེན་རྒྱལ་མཚན་གྱིས། །ཕྱག་གི་པདྨ་མཛེས་ལ་ཕྱག་འཚལ་ལོ། །དྲག་པོར་ཟླ་བ་ཆུ་ཤེལ་གོས་སྦྱིན་མ། །ཟླ་བའི་མདོག་ཅན་སྙན་གྲགས་རྒྱས་མཛད་མ། །ཆོས་ཀྱི་བ་དན་ཁ་དོག་སྣ་ཚོགས་པས། །ཕྱག་གཉིས་རྣམ་པར་མཛེས་ལ་ཕྱག་འཚལ་ལོ། །ཀུན་ཀྱང་སྒེག་མཛེས་ནུ་འབུར་ཟུང་དང་ལྡན། །བཅུ་དྲུག་ལོར་གནས་ལང་ཚོ་གསར་པ་ཅན། །རིན་ཆེན་མཆོག་གི་རྒྱན་ཆས་ལེགས་སྤྲས་ནས། །སྣམ་བུ་གསུམ་པའི་གྲྭ་བཞིར་བཞུགས་ལ་འདུད། །ཤར་སྒོར་དྲི་ཟའི་དབང་ཕྱུག་གང་བ་བཟང༌། །བཙོ་མའི་གསེར་འདྲ་ཞི་བའི་ཉམས་དང་ལྡན། །ན་ཀུ་ལི་དང་བཱི་ཛ་པཱུ་ར་ཀས། །ཕྱག་གཉིས་མཛེས་པར་བྱས་ལ་ཕྱག་འཚལ་ལོ། །ལྷོ་སྒོར་གྲུལ་བུམ་དབང་སྒྱུར་ནོར་བུ་བཟང༌། །དབང་སྔོན་མདོག་ཅན་དྲག་པོའི་ཉམས་དང་ལྡན། །རིན་པོ་ཆེ་དང་བཱི་ཛ་པཱུ་ར་ཀས། །ཕྱག་གི་པདྨ་མཛེས་ལ་ཕྱག་འཚལ་ལོ། །ནུབ་སྒོར་ཀླུ་ལ་དབང་མཛད་ནོར་སྦྱིན་ཆེ། །པདྨ་རཱ་གའི་མདོག་ཅན་ཆགས་པའི་ཉམས། །བུམ་པ་བཟང་དང་བཱི་ཛ་པཱུ་ར་ཀས། །གཡས་གཡོན་ཕྱག་གཉིས་མཛེས་ལ་ཕྱག་འཚལ་ལོ། །བྱང་སྒོར་གནོད་སྦྱིན་དབང་པོ་རྣམ་ཐོས་སྲས། །གསེར་རིའི་མདོག་ཅན་རྒྱས་པའི་ཉམས་དང་ལྡན། །རིན་ཆེན་མྱུ་གུ་བཱི་ཛ་པཱུ་ར་ཀས། །ཕྱག་གཉིས་རྣམ་པར་བརྒྱན་ལ་ཕྱག་འཚལ་ལོ། །མེ་ཡི་མཚམས་སུ་ཙི་པི་ཀུཎྜ་ལི། །སྒེག་པའི་ལུས་ཅན་ཅུང་ཟད་དམར་བའི་མདོག །བདེན་བྲལ་མཚམས་སུ་ཀེ་ལི་མཱ་ལའི་སྐུ། །མ་ར་ཀ་ཏར་སྣང་ལ་ཕྱག་འཚལ་ལོ། །རླུང་མཚམས་སྒོ་ཡིས་དབང་པོ་མཛེས་པའི་སྐུ། །གྲུབ་པ་ཀུན་སྩོལ་གསེར་འོད་འབར་བ་ཅན། །དབང་ལྡན་མཚམས་སུ་སྤྱོད་པའི་དབང་པོ་མཆོག །དཀར་སེར་ཁ་དོག་ཅན་ལ་ཕྱག་འཚལ་ལོ། །ཀུན་ཀྱང་ནང་གི་གྲྭ་བཞིར་ལེགས་བཞུགས་ཤིང༌། །ཕྱག་གཡས་བཱི་ཛ་པཱུ་ར་ཀ་ཡིས་བརྒྱན། །གཡོན་པ་ཁུ་ཚུར་བརླ་ཡི་སྟེང་དུ་འགྱིང༌། །སེམས་དཔའི་སྐྱིལ་ཀྲུང་མཛད་ལ་ཕྱག་འཚལ་ལོ། །ཆོས་ཀུན་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །ལེགས་འཁྲུངས་ནོར་རྒྱུན་དཀྱིལ་འཁོར་ལྷ་ཡི་ཚོགས། །ནམ་མཁའི་གཏོས་ཀུན་རྒྱས་པར་རབ་སྤྲུལ་ནས། །འགྲོ་བའི་བསོད་ནམས་རྒྱས་མཛད་ལ་ཕྱག་འཚལ། །མ་ལུས་རྒྱལ་བའི་ཡོན་ཏན་རྣམ་དག་པ། །སེར་སྣ་ཀུན་སྦྱངས་ང་རྒྱལ་ཟད་མཛད་མ། །རབ་འབྱམས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི །ཆོས་ཚུལ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ཀུན་ཀྱང་ལྷུན་པོ་ལྟ་བུར་རབ་བརྗིད་ཅིང༌། །རྒྱས་པའི་ཉམས་ལྡན་སྣ་ཚོགས་གོས་བཟང་ཅན། །གསེར་འོད་འབར་བའི་འོད་ཟེར་སྟོང་འཕྲོ་བས། །སྐྱེ་དགུའི་དཔལ་འབྱོར་སྤེལ་ལ་ཕྱག་འཚལ་ལོ། །དཔལ་མོ་དབྱིག་གི་དབང་ཕྱུག་ནོར་རྒྱུན་མ། །སྙན་གྲགས་ཚེ་དང་དམ་ཆོས་རིན་ཆེན་གཏེར། །ཆོ་ག་བཞིན་དུ་དྭང་བས་གསོལ་འདེབས་ཀྱིས། །དམ་ཆོས་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །ཡུལ་དུས་གནས་སྐབས་ཀུན་ཏུ་མི་ཉམས་པར། །ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ། །ཚད་མེད་མཁྱེན་དང་བརྩེ་བའི་དཔལ་མངའ་ཞིང༌། །རྒྱལ་བའི་བསྟན་པ་སྲོག་པས་གཅེས་འཛིན་པའི། །མཚུངས་མེད་བླ་མ་དགེ་བའི་བཤེས་གཉེན་རྣམས། །སྐུ་ཚེ་རིང་ཞིང་རྒྱས་པར་མཛད་དུ་གསོལ། །འགྲོ་ལ་དགེ་བའི་ལམ་བཟང་སྣང་མཛད་ཅིང༌། །འཆད་དང་སྒྲུབ་པའི་བྱ་བ་ལྷུར་ལེན་པའི། །ཆོས་བྱེད་དགེ་འདུན་དེ་དག་ཞབས་བརྟན་ཅིང༌། །ཕྲིན་ལས་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །མི་རྣམས་ན་རྒ་འཆི་བའི་འཇིགས་མེད་ཅིང༌། །འཇིག་རྟེན་ཡང་དག་ལྟ་བ་དང་ལྡན་པས། །ཕན་ཚུན་བྱམས་པའི་ཡིད་དང་ལྡན་གྱུར་ཅིང༌། །ཚད་མེད་དགེ་བ་རྒྱས་པར་མཛད་དུ་གསོལ། །གྲོང་རྣམས་འཇམ་པའི་རླུང་གིས་གཡོ་བ་ཡི། །བ་དན་དཀར་པོའི་ཕྲེང་བས་རབ་མཛེས་ཤིང༌། །གོས་བཟང་རིན་ཆེན་རྒྱན་དང་ལྡན་པ་ཡི། །འབྱོར་ལྡན་སྐྱེ་བོས་གང་བར་མཛད་དུ་གསོལ། །མཁའ་ལ་གློག་ཕྲེང་འགྱུ་བའི་སྤྲིན་མཛེས་ཤིང༌། །ས་ལ་རྨ་བྱ་དགའ་བའི་གར་མཛེས་པ། །ཟིམ་བུ་དལ་གྱིས་འབབ་པའི་ཆར་རྒྱུན་གྱིས། །འགྲོ་རྣམས་དགའ་བ་རྒྱས་པར་མཛད་དུ་གསོལ། །རི་རྣམས་རྩྭ་དང་མེ་ཏོག་འབབ་ཆུས་བརྒྱན། །ཀླུང་རྣམས་སྣ་ཚོགས་ཕྱུགས་དང་འབྲུ་ཡིས་གང༌། །མི་རྣམས་རབ་ཏུ་དགའ་བའི་གླུ་ལེན་ཅིང༌། །དྲེགས་དང་འཐབ་རྩོད་མེད་པར་མཛད་དུ་གསོལ། །རྒྱལ་པོས་ཆབ་སྲིད་ཞི་བས་ལེགས་སྐྱོང་ཞིང༌། །འབངས་རྣམས་རྒྱལ་པོའི་བཀའ་ལུང་གུས་ལེན་པས། །ཕྱི་དང་ནང་གྱི་འཁྲུག་རྩོད་ཉེར་ཞི་ནས། །རྫོགས་ལྡན་བཞིན་དུ་བདེ་བར་མཛད་དུ་གསོལ། །གཙུག་ལག་ཁང་དང་རྒྱལ་བའི་སྐུ་གཟུགས་དང༌། །དམ་ཆོས་གླེགས་བམ་དུ་མས་རབ་མཛེས་ནས། །ལྷ་རྫས་མཆོད་པའི་སྤྲིན་ཚོགས་དཔག་མེད་ཀྱིས། །མཆོད་པའི་ཆར་ཆེན་རྒྱས་པར་མཛད་དུ་གསོལ། །དགོན་གནས་ཐམས་ཅད་ཐུབ་བསྟན་སྐྱོང་བྱེད་པ། །བཤེས་གཉེན་ངུར་སྨྲིག་འཛིན་པས་ཡོངས་གང་སྟེ། །འཆད་རྩོད་རྩོམ་པའི་བྱ་བས་དུས་འདའ་ཞིང༌། །ཀློག་དང་ཁ་ཏོན་རྒྱས་པར་མཛད་དུ་གསོལ། །དགེ་བསྙེན་དགེ་ཚུལ་དགེ་སློང་ཕ་མ་རྣམས། །དྲི་མ་མེད་པའི་ཚུལ་ཁྲིམས་དང་ལྡན་ཞིང༌། །རྣམ་དག་ཐོས་བསམ་བསྒོམ་པའི་བྱ་བ་ཡི། །བདེ་གཤེགས་བསྟན་པ་རྒྱས་པར་མཛད་དུ་གསོལ། །སྒྲུབ་པ་པོ་རྣམས་གཡེང་བ་ཀུན་སྤངས་ནས། །འཚེ་བ་ཀུན་བྲལ་འདུ་འཛིས་རབ་དབེན་པའི། །ཞི་བའི་གནས་སུ་སྤོང་བ་ལྷུར་ལེན་པའི། །རྟོགས་པའི་ཡོན་ཏན་རྒྱས་པར་མཛད་དུ་གསོལ། །ལྷག་པར་དད་པས་གསོལ་བ་འདེབས་བྱེད་པ། །སྒྲུབ་པོ་བདག་ཅག་འཁོར་དང་བཅས་རྣམས་ལ། །ལོག་འཚོ་བྲལ་བའི་དཔལ་འབྱོར་ཕུན་ཚོགས་དང༌། །ཚེ་དང་དམ་ཆོས་རྒྱས་པར་མཛད་དུ་གསོལ། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་བླ་ན་མེད་སོགས་ཀྱིས། །རང་ལ་སངས་རྒྱས་ཆོས་ཀུན་ཡོངས་རྫོགས་ནས། །ལུང་རྟོགས་ཡོན་ཏན་རྒྱས་པར་མཛད་དུ་གསོལ། །སྦྱིན་དང་སྙན་པར་སྨྲ་བས་འཁོར་བསྡུས་ནས། །དོན་སྤྱོད་དམ་ཆོས་ཚུལ་བཞིན་བཤད་པའི་མཐུས། །རང་གཞན་དོན་མཐུན་ཆོས་ལ་ལེགས་སྦྱར་ནས། །གཞན་དོན་ཆོས་བཞིན་རྒྱས་པར་མཛད་དུ་གསོལ། །ཆོས་ཀྱི་འགལ་རྐྱེན་མཐའ་དག་ཉེར་ཞི་ཞིང༌། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་གྱུར་ནས། །གང་དང་གང་ལ་ཐུབ་པས་རབ་བསྔགས་པའི། །དགེ་བ་དེ་དག་རྒྱས་པར་མཛད་དུ་གསོལ། །རྒྱལ་བས་ནོར་གྱི་རྒྱུན་གྱི་གཟུངས་མཆོག་ཏུ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང༌། །བརྟུལ་ཞུགས་ལྡན་ཞིང་ཤིན་ཏུ་མཉམ་གཞག་པས། །ཉིན་མཚན་བདུན་དུ་འཕགས་མ་བསྒོམས་པ་དང༌། །འགྲོ་ལ་ཕན་དང་བདེ་བའི་བསམ་སྦྱོར་གྱིས། །གཟུངས་སྔགས་ཆོ་ག་བཞིན་དུ་རབ་བཟླས་ཤིང༌། །རྒྱ་ཆེན་མཆོད་པའི་ཚོགས་དང་གཏོར་མ་དང༌། །ཉེ་བར་མཁོ་བ་ཀུན་གྱིས་ལེགས་མཆོད་ནས། །མིག་བཙུམ་ཙམ་ལ་དཔལ་མོ་ནོར་རྒྱུན་མས། །ནོར་དང་སོ་བ་གསེར་དངུལ་ལ་སོགས་པ། །ཉེ་བར་མཁོ་བས་བང་མཛོད་ཀུན་འགེངས་ཤིང༌། །ཉེར་འཚེ་ཀུན་དང་བྲལ་བར་འགྱུར་རོ་ཞེས། །ཡང་དག་བཀའ་ལས་འབྱུང་བ་ལེགས་མཐོང་ནས། །ཇི་སྐད་གསུངས་བཞིན་འབད་པས་མཆོད་བགྱིད་ན། །བྱང་ཆུབ་བར་གྱི་དངོས་གྲུབ་མ་ལུས་པ། །འབད་མེད་རྒྱུན་མི་ཆད་པར་སྩལ་དུ་གསོལ། །ཆང་དང་བསད་ཤ་གཞན་ཕྲོགས་ནོར་རྫས་དང༌། །མཆོད་རྟེན་དཀོར་སོགས་སྡིག་པའི་ལོངས་སྤྱོད་དག །འཇིག་རྟེན་ལྷ་མི་དག་གིའང་སྟེར་ནུས་ན། །འཕགས་མ་ཁྱོད་ལ་གསོལ་བའི་དགོས་པ་ཅི། །ཡེ་ཤེས་སྤྱན་མངའ་ལྷ་ཁྱོད་གུས་བསྟེན་ཅིང༌། །འདོད་ཆགས་བྲལ་བའི་རིག་སྔགས་བཟླས་པའི་མཐུས། །ཚུལ་ཁྲིམས་དག་ཅིང་བཤད་སྒྲུབ་རྒྱས་པ་དང༌། །ལོག་འཚོ་མེད་པའི་ཕུན་ཚོགས་སྩལ་དུ་གསོལ། །དེ་ལྟར་རྒྱས་པའི་རིགས་ཀྱི་དཀྱིལ་འཁོར་གྱི། །ཡོན་ཏན་རྒྱས་པར་བརྗོད་པའི་དགེ་བ་དེས། །འགྲོ་བ་ཀུན་ལ་ཕན་བདེ་རབ་རྒྱས་ནས། །ཆོས་དང་དཔལ་འབྱོར་ཕྱོགས་བཅུར་རྒྱས་པར་ཤོག །ནོར་རྒྱུན་དཔལ་མོའི་རིག་སྔགས་མཐུ་སྟོབས་དང༌། །ཆོས་ཀུན་དེ་བཞིན་ཉིད་ཀྱི་བདེན་པ་དང༌། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །ཇི་ལྟར་གསོལ་བ་དེ་བཞིན་འགྲུབ་གྱུར་ཅིག །རྟོག་པ་ལས་གསུངས་པའི་ནོར་གྱི་རྒྱུན་མ་ལྷ་བཅུ་དགུའི་བདག་ཉིད་ཅན་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཆོས་དང་དཔལ་འབྱོར་རྒྱས་བྱེད་ཅེས་བྱ་བ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རྒྱལ་མཚན་དཔལ་ལ་སོགས་པ་ཉེ་བར་གནས་པ་རྣམས་ཀྱི་དོན་དུ་ས་ཕོ་རྟའི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་བཅོ་ལྔའི་དུས་འཇིག་རྟེན་ཐམས་ཅད་འབྲུ་མང་པོ་དང་རྩི་བཅུད་ཀྱིས་ཡོངས་སུ་གང་ཞིང་རྒྱས་པའི་ཚེ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའི་ཡི་གེ་པ་ནི་ཀུན་དགའ་ལེགས་པའི་རིན་ཆེན་གྱིས་བགྱིས་སོ། །ཨི་དཾ་སརྦ་ས་ཏྭ་པུ་ཎྱ་ཨཱ་ཡུར་པུཥྚིཾ་བྷ་བནྟུ།།  །། «༄། །དཔལ་ལྡན་ས་སྐྱའི་བཀའ་སྲུང་རྣམས་ལ་བསྟོད་པའི་ཚིགས་སུ་བཅད་པ་བདུད་ལས་རྣམ་རྒྱལ་བཞུགས་སོ།། » ༈ །དཔལ་ལྡན་ས་སྐྱ་པའི་བཀའ་སྲུང་རྣམས་ལ་བསྟོད་པའི་ཚིགས་སུ་བཅད་པ་བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་རྡོ་རྗེ་གུར། །ཁྱབ་བདག་སྟོན་པ་ཀྱེ་ཡི་རྡོ་རྗེ་ཡི། །སྐུ་གསུང་ཐུགས་ལས་སྤྲུལ་པའི་སྲུང་མ་མཆོག །ནག་པོ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྒེག་པའི་སྐུ་ལུས་ཆར་སྤྲིན་ལྟར་གནག་ཅིང༌། །དཔའ་བོའི་ཞལ་གཅིག་བདུད་འཇོམས་མཆེ་བས་སྤྲས། །མི་སྡུག་ཕྱག་གཉིས་གྲི་གུག་ཐོད་པས་བྲེལ། །ཟླུམ་པོའི་སྟབས་ཀྱིས་ཞབས་གཉིས་མཛེས་ལ་བསྟོད། །བཞད་པའི་ང་རོས་ཚངས་སོགས་མཐར་མཛད་ཅིང༌། །དྲག་ཤུལ་སྒྲ་ཡིས་བདུད་དང་གཤིན་རྗེ་འདར། །འཇིགས་རུང་གད་མོས་ཀླུ་དང་འབྱུང་པོའི་གདོན། །རབ་ཏུ་སྐྲག་མཛད་དཔའ་བོ་ཆེ་ལ་བསྟོད། །སྙིང་རྗེའི་ཐུགས་ཀྱིས་འགྲོ་བའི་བགེགས་སེལ་ཞིང༌། །རྔམ་པས་གནོད་བྱེད་གདུག་པ་ཅན་ཀུན་འདུལ། །ཞི་བས་བསྟན་པ་རིན་ཆེན་ཕྱོགས་ཀུན་དུ། །རྣམ་པར་རྒྱས་མཛད་ནག་པོ་ཆེ་ལ་བསྟོད། །ཁྱོད་ཐུགས་འོད་གསལ་དག་པའི་དཀྱིལ་འཁོར་ལས། །ཕྲིན་ལས་བྱེ་བའི་འོད་སྟོང་རབ་སྤྲོས་པས། །ནག་ཕྱོགས་བདུད་སྡེའི་མུན་པ་འཇོམས་མཛད་པའི། །མཐུ་སྟོབས་དབང་ཕྱུག་དཔལ་དགོན་ཆེ་ལ་བསྟོད། །རྒྱལ་བས་སྔོན་ཚེ་རྡོ་རྗེ་གུར་གྱི་རྒྱུད། །ལེགས་པར་གསུང་ཚེ་རྒྱུད་ཀུན་བསྲུང་བའི་ཕྱིར། །ཉིད་ཀྱི་སྐུ་ལས་ནག་པོ་ཁྱོད་སྤྲུལ་པའི། །བདེ་གཤེགས་སྤྲུལ་སྐུ་དམ་ཚིག་ཅན་ལ་བསྟོད། །ལྷག་པའི་ལྷ་མཆོག་རྡོ་རྗེ་ནག་པོ་ཆེ། །མགོན་པོ་སྲིད་ཞིའི་དགྲ་ཁྱོད་ལེགས་མཆོད་ཀྱི། །དཔལ་ལྡན་ཀྱེ་ཡི་རྡོ་རྗེའི་རྒྱུད་ལ་སོགས། །གསང་སྔགས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་ཞེས་སོགས་འོག་ནས་འབྱུང་བ་བཞིན་སྦྱར་རོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་བསྟོད་པ་སྟེ་དང་པོའོ།།  །།འདོད་ཁམས་དབང་ཕྱུག་ལྷ་མོ་ནམ་གྲུ་མ། །སྲིད་གསུམ་གནས་པའི་དགྲ་ལས་རྣམ་རྒྱལ་མ། །ལྷ་ཆེན་དེ་བས་མཆོད་པའི་དཔལ་ལྡན་མ། །མ་ལུས་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད། །དུས་མཚན་ནག་མོ་རྔམ་ཞིང་འཇིགས་པའི་སྐུ། །རོལ་པའི་ཞབས་གཉིས་བོང་བུའི་གདན་ལ་བཞུགས། །སྣ་ཚོགས་མཚོན་ཆས་སྤྲས་པའི་ཕྱག་བཞི་ཡིས། །ནག་ཕྱོགས་ཕྱེ་མར་འཐག་མཛད་ཁྱོད་ལ་བསྟོད། །ཁྱོད་ཀྱི་འཇིགས་པའི་ཆོ་འཕྲུལ་བསྟན་པའི་ཚེ། །ཚངས་དང་ལྷ་དབང་རྒྱལ་པོ་བཞི་ལ་སོགས། །འཇིག་རྟེན་དབང་པོ་རྣམས་ཀྱིས་རབ་བཏུད་མ། །བསམ་ཡས་རྫུ་འཕྲུལ་མངའ་བདག་ཁྱོད་ལ་བསྟོད། །སྔོན་ཚེ་རྒྱལ་བས་རྣལ་འབྱོར་ནམ་མཁའ་ཡི། །རྣམ་དག་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས། །རྡོ་རྗེ་གདན་བཞིའི་རྒྱུད་ཀྱི་སྲུང་མ་རུ། །བཀའ་བསྒོས་ཞལ་གྱིས་བཞེས་པ་ཁྱོད་ལ་བསྟོད། །རིག་པ་མཆོག་གི་རྒྱུད་སྡེ་གསུངས་པའི་ཚེ། །ལག་ན་རྡོ་རྗེས་ཁྱོད་ཀྱི་ཆོ་འབྲང་དང༌། །རིགས་ལ་བསྟོད་ནས་དཔལ་ཀུན་འབྱུང་བ་ཡི། །དཀྱིལ་འཁོར་ཆེན་པོར་བཅུག་པ་ཁྱོད་ལ་བསྟོད། །སྤྲུལ་སྐུ་ཤཱཀྱ་ཐུབ་པའི་སྦྱན་སྔ་རུ། །ཁྱོད་ཀྱི་སྲོག་གི་སྙིང་པོ་ལེགས་ཕུལ་ནས། །བྱ་རྒྱུད་བསྟན་པ་བསྲུང་བར་ཁས་བླངས་མ། །ཕྲིན་ལས་ལྷུན་གྲུབ་མ་མོ་ཁྱོད་ལ་བསྟོད། །དེ་ཝི་ཀོ་ཊིའི་ཞིང་དུ་གནས་བཅས་པའི། །རྡོ་རྗེ་ལྷ་མོ་ནག་མོ་ཁྱོད་མཆོད་ཀྱིས། །དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་ལ་སོགས། །མ་རྒྱུད་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་སོགས་འོག་ལྟར་སྦྱར་རོ། །དཔལ་ལྡན་ལྷ་མོ་ལ་བསྟོད་པ་སྟེ་གཉིས་པའོ།།  །།གང་གི་མཐུ་སྟོབས་ཡེ་ཤེས་རྡོ་རྗེ་ཡིས། །ལྷ་མིན་བདུད་ཀྱི་དཔུང་ཚོགས་རབ་བཅོམ་ནས། །ཐུབ་བསྟན་ལྷ་དབང་གྲོང་ཁྱེར་སྐྱོང་མཛད་པའི། །གདོང་པ་བཞི་ལྡན་ནག་པོ་ཆེ་ལ་བསྟོད། །དུས་གསུམ་རྒྱལ་བའི་བཀའ་སྡོད་ཕོ་ཉའི་ཚོགས། །སྲིད་གསུམ་དབང་ཕྱུག་དྲེགས་པ་ཀུན་གྱི་གཙོ། །ས་གསུམ་ལོག་འདྲེན་འཇོམས་པའི་དཔའ་བོ་ཆེ། །ཁམས་གསུམ་གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ལས་བཞི་ལྷུན་གྲུབ་གཏུམ་ཆེན་ཁྱོད་ཀྱི་སྐུ། །ཞལ་བཞི་ལེགས་མཛེས་ཁྲོས་པས་གད་རྒྱངས་སྒྲོགས། །ཕྱག་བཞི་འཇིགས་རུང་ཚོན་ཆས་རབ་བརྒྱན་པའི། །བདུད་བཞི་ཐལ་བར་རླག་བྱེད་ཁྱོད་ལ་བསྟོད། །བརྐྱང་བསྐུམ་ཞབས་ཀྱིས་དམ་ཉམས་ལུས་ཉིད་ཅིང༌། །རུས་པའི་རྒྱན་དང་ཨེར་ཀའི་ཕྲེང་བ་དང༌། །ཚངས་སྐུད་དར་གྱི་ན་བཟའ་སྣ་ཚོགས་ཀྱིས། །རབ་མཛེས་བྲམ་ཟེའི་གཟུགས་ཅན་ཁྱོད་ལ་བསྟོད། །སྔོན་དུས་འཇམ་པའི་རྡོ་རྗེ་དཀྱིལ་འཁོར་དུ། །དབང་བསྐུར་དམ་ཚིག་ཐོབ་ནས་འདུས་པའི་རྒྱུད། །དར་ཞིང་རྒྱས་པའི་སྲུང་མར་བཀའ་བསྒོས་པའི། །ཆོས་སྲུང་ནག་པོ་ཆེན་པོ་ཁྱོད་ལ་བསྟོད། །ཁྱོད་ཀྱི་འཁོར་ན་གནས་པའི་སྲིང་མོ་བཞི། །མི་སྲུན་ཚར་གཅོད་སྐལ་ལྡན་རྗེས་འཛིན་ཕྱིར། །སྣ་ཚོགས་གཟུགས་དང་མཚོན་ཆ་སྣ་ཚོགས་ཀྱིས། །ཕྲིན་ལས་སྣ་ཚོགས་སྒྲུབ་མཛད་ཁྱོད་ལ་བསྟོད། །ཧ་ཧ་རྒོད་པའི་གནས་ལ་རབ་བརྟེན་པའི། །སྟོན་པའི་ཉིང་སྤྲུལ་ཞིང་སྐྱོང་ཁྱོད་མཆོད་ཀྱིས། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་ལ་སོགས། །ཕ་རྒྱུད་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཞིང་སྐྱོང་དབང་ཕྱུག་གདོང་བཞི་འཁོར་བཅས་རྣམས། །ཕྱི་ནང་སོགས་འོག་ལྟར་སྦྱར་རོ། །དཔལ་གདོང་བཞི་པའི་མགོན་པོ་ལ་བསྟོད་པ་སྟེ་གསུམ་པའོ།།  །།ནག་པོ་གནོད་སྦྱིན་སྲིན་པོ་ཁྲོས་པའི་གཟུགས། །གཡང་གཞིའི་གོས་གྱོན་གསེར་གྱི་རྣ་ཆ་གཡོ། །གྲི་གུག་འབར་བས་བདུད་ཀྱི་མགོ་གཅོད་ཅིང༌། །སྦར་བས་དམ་ཉམས་ཀླད་ཁྲག་འདྲེན་ལ་བསྟོད། །ནག་མོ་གནོད་སྦྱིན་རྔམ་ཞིང་འཇིགས་པའི་གཟུགས། །ཟ་འོག་གོས་གྱོན་བྱི་རུའི་ལན་ཚར་ཅན། །གདུག་པའི་ལུས་གཅོད་སྤུ་གྲི་རྣོན་པོ་དང༌། །བགེགས་ཀྱི་སྙིང་འབྱིན་སྦར་བ་གདེངས་ལ་བསྟོད། །པུ་ཏྲ་ནག་པོ་ཧ་ཧའི་བཞད་སྒྲ་ཅན། །རལ་གྲི་ཐོད་པས་བརྒྱན་པའི་ཕྱག་གཉིས་ཀྱིས། །གནོད་པའི་དགྲ་བགེགས་མ་ལུས་ཚར་བཅད་ནས། །བསྟན་དང་བསྟན་འཛིན་སྐྱོང་མཛད་ཁྱོད་ལ་བསྟོད། །བྷ་ཏྲ་ནག་པོ་དར་གྱི་སྟག་སློག་ཅན། །ཁྲག་འཛག་མགོ་བོའི་ཕྲེང་བས་ལུས་མཛེས་ཞིང༌། །རྣལ་འབྱོར་བསྲུང་ཕྱིར་གཡས་པས་དམ་ཤིང་དང༌། །གཡོན་པས་དགྲ་སྙིང་འབྱིན་མཛད་ཁྱོད་ལ་བསྟོད། །སྲིང་མོ་ནག་མོ་གསེར་གྱི་སྤུ་གྲི་ཅན། །གདུག་པ་ཅན་གྱི་རྒྱུ་མས་ཕྱག་གཡོན་བྲེལ། །ཁྲག་གི་མིག་ལྡན་ཁ་ནས་མེ་འབར་བས། །བསྟན་དགྲ་ཐལ་བར་སྲེག་མཛད་ཁྱོད་ལ་བསྟོད། །ཁྱོད་སྔོན་སློབ་དཔོན་པདྨ་བྱུང་གནས་ཀྱིས། །བོད་ཡུལ་བསྟན་པ་བསྲུང་བར་བཀའ་བསྒོས་ཤིང༌། །དྷརྨ་པཱ་ལས་རྣལ་འབྱོར་རྒྱུན་ཀུན་གྱི། །སྲུང་མར་བཀའ་བསྒོ་མཛད་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་གདན་གྱི་སྤོ་ལ་གནས་བཅས་པའི། །ལས་མགོན་ཕོ་ཉའི་ཚོགས་རྣམས་གུས་མཆོད་ཀྱིས། །དཔལ་ལྡན་དེ་ཉིད་འདུས་པའི་རྒྱུད་ལ་སོགས། །རྣལ་འབྱོར་རྒྱུད་ཀྱི་བསྟན་པ་རྒྱས་པར་མཛོད། །ལས་ཀྱི་མགོན་པོ་ཕོ་ཉ་འཁོར་བཅས་རྣམས། །ཕྱི་ནང་སོགས་འོག་ལྟར་སྦྱར་རོ། །ལས་མགོན་པུ་ཏྲ་མིང་སྲིང་ལ་བསྟོད་པ་སྟེ་བཞི་པའོ།།  །།བསྟན་སྲུང་མགོན་པོ་འཁོར་དང་བཅས་པ་རྣམས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང༌། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པའི། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང༌། །བསྟན་འཛིན་ཐམས་ཅད་སྐུ་ཚེ་ལེགས་བརྟན་ནས། །རྣམ་དཀར་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འགལ་རྐྱེན་ནད་གདོན་བར་ཆད་ཞི་བ་དང༌། །ཚེ་དང་བློ་གྲོས་བསོད་ནམས་རབ་རྒྱས་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛད་དུ་གསོལ། །བདག་གི་འདོད་པའི་ཕྲིན་ལས་ཞུ་བ་ནི། །འཆི་བདག་བདུད་ཀྱི་བར་ཆད་ཀུན་ཞི་ནས། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཆེན་པོ་བཞིའི། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛད་དུ་གསོལ། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྲིན་ལས་ཞུ་བ་སྟེ་ལྔ་པའོ།།  །།དེ་ལྟར་བསྟན་སྲུང་འཁོར་བཅས་ལ། །བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །འཆི་བདག་དགྲ་ལས་རྣམ་རྒྱལ་ནས། །བསྟན་པའི་རྒྱལ་མཚན་འཛིན་པར་ཤོག །ཅེས་པ་འདི་ནི་ཟིལ་གནོན་གྱི་ལོ་དབོ་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རང་གི་འདོད་པའི་ཕྲིན་ལས་ཞུ་བའི་ཕྱིར་དུ་དཔལ་ལྡན་ས་སྐྱར་སྦྱར་བའོ།།  །།འདིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག། « ༄། །ཡན་ལག་བདུན་པའི་ཆོ་ག་ཆོས་དང་བསོད་ནམས་རྒྱས་བྱེད་བཞུགས་སོ།།»  ༈ །ཨོཾ་སྭ་སྟི་སིདྡྷཾ། ཡན་ལག་བདུན་པའི་ཆོ་ག་ཆོས་དང་བསོད་ནམས་རྒྱས་བྱེད་ཅེས་བྱ་བ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དམིགས་མེད་སྙིང་རྗེའི་ཆུ་གཏེར་ཆེ་ལས་འཁྲུངས། །བྱང་ཆུབ་སེམས་ཀྱི་སྦྲང་རྩིའི་དོག་པས་གཏམས། །ཐབས་མཁས་སྤྱོད་པའི་འདབ་སྟོང་རབ་རྒྱས་པ། །རྒྱལ་བ་ཆུ་སྐྱེས་དབང་པོར་རབ་བཏུད་ནས། །བསོད་ནམས་ཚོགས་ཆེན་རྫོགས་པར་བྱ་ཕྱིར་དང༌། །ཡིད་འོང་གཟུགས་སྐུའི་འབྲས་བུ་ཐོབ་བྱའི་ཕྱིར། །དམ་པའི་ཆོས་དང་བཀྲ་ཤིས་རྒྱས་བྱེད་ལམ། །ཡན་ལག་བདུན་པའི་ཆོ་ག་གསལ་བར་བཤད། །འདིར་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་གང་ཟག་སྐལ་བ་དང་ལྡན་པ་དག་གིས། བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་རྫོགས་པར་བྱ་བའི་ཕྱིར། འཕགས་པ་བཟང་པོ་སྤྱོད་པའི་མདོ་དང༌། མཆོག་གི་སྤྱོད་པའི་སྨོན་ལམ་ལས་གསུངས་པ་ལྟར། ཡན་ལག་བདུན་པ་རྒྱས་པར་བྱེད་པར་འདོད་ན། སྦྱོར་བ། དངོས་གཞི། རྗེས་གསུམ་གྱི་དང་པོ་ནི། དཀོན་མཆོག་གི་རྟེན་ན་བཟས་བརྒྱན་པའི་སྤྱན་སྔར། མཆོད་ཡོན་དང༌། །མར་མེ་དང༌། ཞལ་ཟས་རྣམས་ཀྱི་ཕྲེང་བ་དུ་མ་དང༌། མེ་ཏོག་དང༌། བདུག་སྤོས་དང༌། དྲི་ཆབ་རྣམས་ཅི་འབྱོར་པ་བཤམ། སྔོན་གྱི་དགེ་བའི་བཤེས་གཉེན་དག རང་ལ་ལོངས་སྤྱོད་གང་ཡོད་ཀྱི་སུམ་གཉིས་དཀོན་མཆོག་གི་མཆོད་པ་ལ་བཏང་དགོས་པར་བཞེད་པ་ལྟར། ལོངས་སྤྱོད་ལ་སེར་སྣ་མེད་ཅིང༌། གཞན་གྱིས་མཐོང་ན་བློ་འཁུལ་ནུས་པའི་མཆོད་པ་བཤམ་མོ། །དེ་ནས་རབ་ཏུ་དམའ་བའི་སྟན་ལ་འདུག་ལ། དཀོན་མཆོག་གི་རྟེན་ལ་ཁ་ཕྱོགས་པས། ཐོག་མར་སྐྱབས་འགྲོ་བྱ་སྟེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་མང་དུ་བརྗོད་པའི་མཐར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བདག་གི་སྐྱབས་གནས་མཐར་ཐུག་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡན་ལག་བདུན་པ་འབུལ་བར་བགྱིའོ་སྙམ་དུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །ཆགས་སྡང་དང་འབྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་པ་བཞི་བསྒོམས་ནས། རང་གི་སྙིང་ག་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ནས་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་མཆོད་པའི་ཡུལ་དུ་སྤྱན་དྲངས་པར་བསམས་ལ། པུས་བཙུགས་ཐལ་མོ་སྦྱར་བས་མེ་ཏོག་དང་བདུག་སྤོས་བཟུང་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་བརྗོད་ཅིང༌། དཀོན་མཆོག་རྣམས་བྱོན་པའི་སྔོན་གདོང་དུ་དམིགས་ལ་ལངས་ཏེ། ཕྱོགས་དུས་ཀུན་ནས་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །ཞེས་པས་སོ་སོའི་ཞིང་ཁམས་ནས་བྱོན་པའི་དཀོན་མཆོག་རྣམས་མདུན་དུ་མངོན་སུམ་ལྟར་དུ་བཞུགས་པར་བསམས་ནས། ཁྱེད་ནི་རང་བཞིན་ཡང་དག་པས། །སྲེད་སོགས་ཉེས་པ་མི་མངའ་ཡང༌། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་རྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཞེས་དང༌། རྐང་པ་རེ་རེའི་གཤམ་དུ་སྔར་གྱི་སྔགས་རྣམས་བརྗོད་ཅིང༌། མེ་ལོང་གི་ནང་དུ་དཀོན་མཆོག་གི་རྟེན་འཆར་དུ་བཅུག་པ་ལ། དྲི་བཟང་པོའི་ཆུས་ཁྲུས་གསོལ། དེ་ནས། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཆུའི་རྡུལ་རྣམས་དར་དཀར་པོ་ལ་དྲི་བཟང་གི་ཐིག་ལེ་ལྔའམ་རིགས་ལྔའི་ས་བོན་བྲིས་པས་ཕྱི་ཞིང༌། སྐུ་ཕྱིས་བར་བསྒོམས་ལ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝསྟྲ་ཨ་ལཾ་ཀ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དྲི་མེད་མཚན་ལ་སྒྲིབ་གསལ་མི་མངའ་ཡང༌། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཅེས་ཁྲུས་དང་གོས་རྒྱན་གྱི་མཆོད་པ་རྣམས་ཕུལ་ནས། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཙནྡྲ་ཨཱ་ས་ན་ཏིཥྛནྟུ་སྭཱ་ཧཱ། ཞེས་པས་གདན་འབུལ་ལོ། །དེ་ནས་རོལ་མོ་དང་བཅས་པས་བསྐོར་བ་བྱ་ཞིང༌། དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐ། ཨོཾ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་བི་ཛཱ་ཡ་སྭཱ་ཧཱ། ཞེས་བརྗོད་དོ། །གཉིས་པ་ལ། ཡན་ལག་བདུན་གྱི་དང་པོ་ཕྱག་འཚལ་བའི་ཡན་ལག་ནི། སེམས་ཀྱིས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་པའི་ལུས་རེ་རེ་ལ་མགོ་དཔག་ཏུ་མེད་པ། མགོ་རེ་རེ་ལའང་ལྕེ་བརྒྱ་སྟོང་དཔག་ཏུ་མེད་པར་བསམས་ལ། དེ་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང༌། བསྟོད་པ་བརྗོད་པར་བསྒོམས་ལ། ངག་ཏུ། བསྟོད་ཚིག་རྣམས་བརྗོད། ལུས་ཀྱི་གནས་ལྔ་ས་ལ་གཏུགས་པའི་ཕྱག་བྱས་ལ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །མཁྱེན་བརྩེ་ཡོན་ཏན་ཕྲིན་ལས་མ་ལུས་པ། །གཅིག་ཏུ་བསྡུས་ནས་འགྲོ་བའི་དོན་མཛད་པ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཁྱོད་ནི་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས། །འཕགས་པའི་དགེ་འདུན་ཀུན་གྱི་འདྲེན་པ་སྟེ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྐྱོབ་པ་སངས་རྒྱས་ཀུན་དང་གཉིས་སུ་མེད། །ལེགས་གསུངས་སྒྲོན་མེ་དམ་པའི་ཆོས་ཀྱི་གསུང༌། །སྟོན་པའི་བསྟན་པ་འཛིན་པའི་བཤེས་གཉེན་མཆོག །རིན་ཆེན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །བསོད་ནམས་རི་བོ་མི་འགྱུར་བརྟན་པའི་སྐུ། །གསུང་དབྱངས་ཐོས་པས་མི་ངོམས་ཚངས་པའི་དབྱངས། །ཡེ་ཤེས་རྒྱ་མཚོ་མི་གཡོ་ཟབ་པའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་རྣམ་འཕྲུལ་བླ་ཆེན་ས་སྐྱ་པ། །བསོད་ནམས་རྩེ་མོ་རྗེ་བཙུན་རིན་པོ་ཆེ། །ཆོས་རྗེ་པཎ་ཆེན་ཆོས་རྒྱལ་འཕགས་པ་སོགས། །བསྟན་པའི་སྒྲོན་མེ་རྣམས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བླ་མ་རྣམས་དང༌། ཚོགས་ཆེན་གཉིས་རྫོགས་མཁྱེན་བཞི་སྐུ་གསུམ་གྲུབ། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་གཟིགས། །ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། །སངས་རྒྱས་དཔག་བསམ་འདྲ་ལ་ཕྱག་འཚལ་ལོ། །ཆོས་གཉིས་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང༌། །ཆོས་ལ་སྐྱེ་འགགས་མེད་ཅིང་སྤྲོས་པས་དབེན། །དེ་ལ་དམིགས་ཏེ་ཡོན་ཏན་ཀུན་འབྱུང་བའི། །ལེགས་བརྒྱུད་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ་པ་དག །གཉེན་པོས་རིམ་པར་བསལ་ནས་ཞིང་སྐྱོང་ཞིང༌། །སེམས་ཅན་ཐམས་ཅད་སངས་རྒྱས་སར་བཞུགས་པའི། །འཕགས་པའི་དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་བླ་མེད་དཔལ་མགོན་རིན་པོ་ཆེ། །དད་མོས་རྣམས་ལ་ཡོན་ཏན་བསམ་མི་ཁྱབ། །མཐོ་དམན་ཡོངས་ཀྱི་སྐྱབས་གནས་འགྲོ་བའི་མགོན། །རིན་ཆེན་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐུ་གསུམ་བདག་ཉིད་ཐུབ་པའི་དབང་པོ་དང༌། །དུག་གསུམ་ནད་སེལ་ཆགས་བྲལ་དམ་པའི་ཆོས། །བསླབ་གསུམ་རྣམ་དག་འཕགས་པའི་དགེ་འདུན་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་སོགས་དཀོན་མཆོག་གསུམ་དང༌། ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་ལྟ་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་བསྐྱབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་བཏབ་འགྲུབ་གྱུར་པའི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་ཀུན་ཡོངས་སུ་སྐྱོབ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སྔོན་གྱི་སྨོན་ལམ་བྱང་ཆུབ་རྗེས་སྤྱད་པས། །མཚན་ཙམ་ཐོས་པས་སྒྲིབ་པ་ཀུན་སེལ་བ། །ཕྲིན་ལས་མངའ་བ་ཀུན་མཁྱེན་འཇིག་རྟེན་མགོན། །སངས་རྒྱས་སུམ་ཅུ་ལྔ་ལ་ཕྱག་འཚལ་ལོ། །མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་ཞིང༌། །སྤྱོད་པ་སྤྱད་པ་ན་ཡང་མཆེད་གྱུར་ཅིང༌། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པ། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བའི་གཉེན་གཅིག་མ་ལུས་རྐང་གཉིས་གཙོ། །དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །གསེར་གྱི་མདོག་ཅན་ལྷ་ཡི་ལྷར་གྱུར་པ། །དམ་ཚིག་གསུམ་བཀོད་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྻ་ཡི་འོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་སངས་རྒྱས་རྣམས་དང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་མཁའ་ལྟར་ཡངས་པའི་ལམ། །དོན་དམ་དམིགས་མེད་སྤྲོས་པ་ཀུན་ལས་འདས། །དབྱངས་ཀྱི་མཚན་ཙམ་ཀུན་མཁྱེན་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཆོས་དཀོན་མཆོག་དང༌། འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཐུགས་ལས་འཁྲུངས་པའི་སྲས། །བྱང་ཆུབ་སྤྱོད་པ་བླ་མེད་མཐར་ཕྱིན་པས། །ཤཱཀྱའི་རྒྱལ་པོའི་རྒྱལ་ཚབ་མཆོག་གྱུར་པའི། །མགོན་པོ་མི་ཕམ་པ་ལ་ཕྱག་འཚལ་ལོ། །རྒ་ཤིའི་འཇིགས་སྤངས་གཞོན་ནུར་གྱུར་པ་སྟེ། །གཞན་དོན་དགྱེས་པས་འཛུམ་པའི་བཞིན་རས་ཅན། །སྣ་ཚོགས་སྤྲུལ་མཛད་འོད་ཟེར་མཐའ་ཡས་པ། །བཅོམ་ལྡན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་རྗེ། །འགྲོ་བའི་སྡུག་བསྔལ་མ་ལུས་དཔྱིས་འབྱིན་པ། །ཐུགས་རྗེ་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་ལ་ཉོན་མོངས་རྣམས་ཀྱང་བདེ་སྦྱིན་ན། །གང་ཞིག་གུས་བཅས་དེ་ལ་ཅི་སྨོས་པ། །མཐུ་ཆེན་སྨན་པའི་རྒྱལ་པོ་ལྟ་བུ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཉིན་དང་མཚན་མོ་དེ་བཞིན་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་གུས་ཕྱག་འཚལ། །རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ནམ་ཡང་མི་བཙལ་ལོ། །ཞེས་སོགས་ཀྱིས་བྱང་སེམས་དང༌། །བརྩེ་བས་ཐུགས་རྗེའི་དབང་ཕྱུག་ཉིད་ཀྱི་སྐུ། །དྲང་སྲོང་རྒྱལ་པོའི་ཚུལ་དུ་བསྟན་ནས་ཀྱང༌། །འགྲོ་བའི་གདུང་བ་དྲག་པོ་སེལ་མཛད་པ། །བཅོམ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཉིད་ཀྱང་ཐུགས་རྗེའི་དབང་གིས་ན། །ལྷ་མོའི་ཚུལ་སྟོན་ཀུན་ཏུ་གསལ་བའི་སྐུ། །ཡིད་བཞིན་ནོར་བུ་པདྨ་ལེགས་བསྣམས་པ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ལྷ་དང་ཀླུ་དབང་གྲུབ་པའི་ཅོད་པཎ་གྱིས། །རིན་ཆེན་འོད་ཟེར་འཕྲོ་བ་གང་གི་ཞབས། །ཀུན་ནས་གསལ་བས་ཉི་མའང་ཟིལ་གནོན་པ། །ཕོངས་པ་ཀུན་སྐྱོབ་སྒྲོལ་མའི་ཞབས་ལ་འདུད། །བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨཏྤལ་དབང་གི་ལྕགས་ཀྱུ་འཛིན། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །འགྲོ་བ་འཇིགས་པས་ཉེན་པ་བསྐྱབ་པའི་ཕྱིར། །བརྩེ་བས་འཇིགས་བྱེད་ལྷ་མོའི་སྐུར་སྟོན་ནས། །དབུགས་འབྱིན་མཛད་ཅིང་དངོས་གྲུབ་མཆོག་སྩོལ་མ། །སྒྲོལ་མ་དྲག་མོ་འདུལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །མརྒད་མདོག་མཚུངས་ཉི་མ་ལྟ་བུར་གསལ། །ཉོན་མོངས་དུག་འཇོམས་རྨ་བྱའི་མཇུག་སྒྲོ་དང༌། །དངོས་གྲུབ་ཀུན་སྩོལ་བདུད་རྩིའི་བུམ་པ་འཛིན། །རྨ་བྱ་ཆེན་མོའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །བར་དུ་གཅོད་པ་ཀུན་ལས་གྲོལ་མཛད་ཅིང༌། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི། །ལྷ་མོ་གང་གིས་སྒྲུབ་པོའི་ནད་གདོན་བགེགས། །ཀུན་ནས་ཞི་མཛད་མ་ལ་ཕྱག་འཚལ་ལོ། །གང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི། །རྡོ་རྗེ་རིན་ཆེན་ཀུན་ནས་འབར་བའི་མཐུས། །བདུད་བཞིའི་དཀྱིལ་འཁོར་རྣམ་པར་འཇོམས་པ་ཡི། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། །ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །དཔལ་ཆེན་སྟོན་ཀའི་མདོག་གི་མདངས་ལྡན་ཞིང༌། །དུས་མཐའི་སྤྲིན་ལྟར་ཧཱུྃ་སྒྲ་འབྲུག་སྟོང་ཆེམ། །འབར་བའི་རྡོ་རྗེས་བགེགས་ཀྱི་ཀླད་འགེམས་པའི། །ཕྱག་ན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །མ་ལུས་རྒྱལ་བའི་གཉིས་མེད་ཡེ་ཤེས་ལས། །ཉེ་བར་གྲུབ་པའི་མཐུ་སྟོབས་རྡོ་རྗེ་ཡིས། །བགེགས་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་བྱེད་པ། །དཔལ་ཆེན་རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་གདུག་པ་འདུལ་ཕྱིར་རབ་ཁྲོས་པ། །བྱི་རུའི་མདོག་མཚུངས་པདྨ་དབྱུག་ཏོ་འཛིན། །རྟ་མཆོག་ཞལ་གྱིས་དགྲ་ཡི་དཔུང་འཇོམས་པ། །ཁྲོ་རྒྱལ་རྟ་མགྲིན་དཔལ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་བའི་དཔལ་ལས་ལེགས་འོང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་མ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །འབྱུང་ལྔའི་མདོག་ཅན་འབྱུང་ཆེན་ལྔ་ལ་དབང༌། །ཀུན་ཏུ་སྒྱུར་བྱེད་རྡོ་རྗེའི་འདབ་གཤོག་ཅན། །ཀླུ་ཡི་དཔལ་འཕྲོག་ལྷ་མིའི་དཔལ་གྱུར་པ། །རྡོ་རྗེ་ནམ་མཁའ་ལྡིང་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་འདོད་ལྷ་རྣམས་དང༌། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །དགྲ་བཅོམ་བློ་མཆོག་དབང་པོ་ཀུན་དུལ་བ། །བསྟན་པའི་སྲིད་དུ་ལེགས་པར་བརྟན་བཞུགས་ནས། །བསྟན་པ་འཛིན་དང་སྤལ་དང་སྲུང་མཛད་པའི། །དགྲ་བཅོམ་གནས་བརྟན་བཅུ་དྲུག་ཞབས་ལ་འདུད། །ཟབ་མོ་རྟེན་འབྲེལ་བཅུ་གཉིས་ལེགས་བསྒོམས་པས། །རང་བྱུང་རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །གཏན་པ་མེད་པའི་ཚུལ་གྱིས་ཐུགས་ཆུད་པའི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་བསྲུང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་དགེ་འདུན་དཀོན་མཆོག་རྣམས་ལ་ཕྱག་བྱས་ལ། སླར་ཡང༌། མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པས། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བའི་ཡན་ལག་ནི། མདུན་དུ་བཤམས་པའི་མཆོད་པ་རྣམས་ལྷ་རྫས་ལས་བྱུང་བའི་མཆོད་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ། ས་གཞི་ཁྱབ་པ་ཙམ་དུ་གྱུར་བར་བསམས་ནས་དེ་དག་དང༌། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་མཆོད་ཡོན་ལ་སོགས་པ་ཐམས་ཅད་འབུལ་བའི་བསམ་པ་རྩེ་གཅིག་པས། ཕྱོགས་དུས་ཀུན་ན་མཆོད་ཡོན་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །དོན་གཉིས་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི། །བྱང་ཆུབ་སེམས་ཀྱིས་སེམས་རྒྱུད་བརླན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། སྔགས་མགོ་མཇུག་གཉིས་པོ་འོག་མ་རྣམས་ལ་ཡང་སྦྱར་ལ། ཕྱོགས་དུས་ཀུན་ན་མེ་ཏོག་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་བདེ་བའི་འབྲས་འབྱུང་བའི། །སྦྱིན་པའི་མེ་ཏོག་ཕྱོགས་བཅུར་རྒྱས་པར་ཤོག །བཛྲ་པུཥྤེ༴ ཕྱོགས་དུས་ཀུན་ན་བདུག་སྤོས་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །འཕགས་པ་དགྱེས་ཤིང་འགྲོ་ཀུན་བདེ་བྱེད་པའི། །ཚུལ་ཁྲིམས་དྲི་ཞིམ་རྒྱུན་མི་ཆད་པར་ཤོག །བཛྲ་དྷཱུ་པེ༴ ཕྱོགས་དུས་ཀུན་ན་སྣང་གསལ་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །ཉོན་མོངས་སྡུག་བསྔལ་མུན་པ་ཀུན་སེལ་བའི། །བཟོད་པའི་སྒྲོན་མེ་རབ་ཏུ་རྒྱས་པར་ཤོག །བཛྲ་ཨཱ་ལོ་ཀེ༴ ཕྱོགས་དུས་ཀུན་ན་དྲི་མཆོག་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །སྐྱོ་ངལ་མེད་པར་གཞན་དོན་ལ་སྤྲོ་བའི། །བརྩོན་འགྲུས་བྱུག་པའི་སེམས་དང་ལྡན་པར་ཤོག །བཛྲ་གནྡྷེ༴ ཕྱོགས་དུས་ཀུན་ན་ཞལ་ཟས་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བས་ལུས་སེམས་ཚིམ་བྱེད་པའི། །བསམ་གཏན་ཟས་ལ་ཕྱོགས་བཅུར་སྤྱོད་པར་ཤོག །བཛྲ་ནཻ་ཝི་ཏྱ༴ ཕྱོགས་དུས་ཀུན་ན་སིལ་སྙན་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །ཟབ་ཅིང་རྒྱ་ཆེའི་ཆོས་དོན་སྟོན་པ་ཡི། །ཤེས་རབ་སྒྲ་སྙན་ཕྱོགས་བཅུར་སྒྲོགས་པར་ཤོག །བཛྲ་ཤཔྟ༴ འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༌། །གླང་པོ་རྟ་མཆོག་དམག་དཔོན་རིན་ཆེན་བདུན། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །འཕགས་པའི་ནོར་བདུན་རྣམས་ལ་སྤྱོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཡིད་འོང་གཟུགས་སྒྲ་དང༌། །དྲི་རོ་རེག་བྱ་ཁྱད་འཕགས་འདོད་ཡོན་ལྔ། །དཀོན་མཆོག་གསུམ་ལ་ཕུལ་བས་འགྲོ་བ་ཀུན། །ཡེ་ཤེས་ལྔ་ལྡན་རྒྱལ་བའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་བདག་པོས་མ་བཟུང་བའི། །ཡིད་འོང་མཆོད་པའི་ཡོ་བྱད་ཅི་མཆིས་རྣམས། །དཀོན་མཆོག་གསུམ་ལ་གུས་པས་འབུལ་ལགས་ཀྱི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །དད་དང་སྙིང་རྗེའི་ཤུགས་ཀྱིས་བདག་གི་ལུས། །འགྲོ་ཀུན་ཕན་བདེའི་བྱ་བ་བསྒྲུབ་སླད་དུ། །དཀོན་མཆོག་གསུམ་གྱི་བྲན་དུ་ལེགས་ཕུལ་ནས། །དངོས་སམ་བསམ་པས་གཞན་དོན་ཅི་ནུས་བགྱི། །རིན་ཆེན་བུམ་པ་དྲི་ཞིམ་སྤོས་ཀྱི་ཆུ། །སྲབ་འཇམ་ཡང་ཞིང་མཛེས་པ་ལྷ་ཡི་གོས། །རིན་ཆེན་སྣ་ཚོགས་རྒྱན་ཕྲེང་ཡིད་དུ་འོང༌། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །ཁ་དོག་དབྱིབས་ལེགས་ཡིད་འོང་མེ་ཏོག་ཕྲེང༌། །དྲི་ཞིམ་ནམ་མཁའ་ཁྱབ་བྱེད་བདུག་པའི་སྤྲིན། །མུན་སེལ་རིན་ཆེན་སྒྲོན་མེ་ལྷམ་མེ་བ། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །རྣམ་དག་དབང་པོ་ཚིམ་བྱེད་དྲི་ཡི་མཆོག །ཁ་དོག་དྲི་རོ་ནུས་བཟང་ལྷ་ཡི་གོས། །རྣམ་ཐར་དོན་སྟོན་གླུ་དབྱངས་རོལ་མོའི་སྒྲ། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །སྣ་ཚོགས་རྒྱན་གྱིས་སྤྲས་པའི་གཞལ་མེད་ཁང༌། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །བླ་རེ་རྒྱལ་མཚན་འཕན་སོགས་ཁྱད་འཕགས་རྣམས། །བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལ། །ཞེས་པའི་མཐར། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བར་ཏ་ཡ། ཨཱ་བར་ཏ་ཡ་སཱ་ཧཱ། ཞེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང༌། བསྙེན་བཀུར་དང༌། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ། །དེ་ནས་མཎྜལ་ཁྲུ་གང་ལས་མི་ཆུང་བའམ། ས་གཞི་ལ་མེ་ཏོག་དང་བཅས་པས་དྲི་བཟང་པོས་ཕྱོགས་ཐམས་ཅད་དུ་ཁྱབ་པར་བྱུག་ཅིང༌། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ་ཞེས་པས་རིན་པོ་ཆེའི་ས་གཞི་དང༌། མཐའ་སྐོར་དུ་བྱུག་ཅིང༌། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཞེས་པས་ལྕགས་རིའི་ཁོར་ཡུག་ཏུ་བསམས་ལ། ཧཱུྃ་ཞེས་པས་དབུས་སུ་མེ་ཏོག་དོར་ཏེ་བསྲུང་བར་བྱས་ནས། རང་རང་གི་གནས་རྣམས་སུ་མེ་ཏོག་གམ། རིན་པོ་ཆེ་ལ་སོགས་པ་དབུལ་ཞིང༌། དབུས་དང་ཕྱོགས་བཞིར། ཨོཾ་ཧཾ་སུ་མེ་ར་ཝ་ན་མཿ ཨོཾ་ཡཾ་པཱུརྤ་བི་དེ་ཧཱ་ཡ་ན་མཿ ཨོཾ་རཾ་ཛམྦུ་དྭཱི་པཱ་ཡ་ན་མཿ ཨོཾ་ལཾ་ཨ་པ་ར་གོ་དཱ་ནཱི་ཡ་ན་མཿ ཨོཾ་ཝཾ་ཨུཏྟ་ར་ཀུར་ཝེ་ན་མཿ ཞེས་པས། རི་ཡི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦཱུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་རྣམས་དང༌། རྩ་བའི་གླིང་རྣམས་དང་ཉེ་བར། ཨོཾ་ཡཿཨུ་པ་དཱི་པ་ཡ་ན་མཿ ཨོཾ་རཿཨུ་པ་དཱི་པཱ་ཡ་ན་མཿ ཨོཾ་ཝཿཨུ་པ་དྭཱི་པཱ་ཡ་ན་མཿ ཨོཾ་ཝཿཨུ་པཱ་དྭཱི་པཱ་ཡ་ན་མཿ ཞེས་ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང༌། སྒྲ་མི་སྙན་གྱི་ཟླ་རྣམས་དང༌། དེ་དག་གི་ནང་དུ། ཤར་ལ་སོགས་པའི་ཕྱོགས་བཞིར། མེ་ལ་སོགས་པའི་མཚམས་བཞིར་རིམ་པ་བཞིན། ཨོཾ་ཡཿག་ཛ་རཏྣ་ཡ་ན་མཿ ཨོཾ་རཿཔུ་རུ་ཥ་རཏྣ་ཡ་ན་མཿ ཨོཾ་ལཿབཱ་ཛཱི་རཏྣ་ཡ་ན་མཿ ཨོཾ་ཕཿསྟྲཱི་རཏྣ་ཡ་ན་མཿ ཨོཾ་ཡཿཁཌྒ་རཏྣ་ཡ་ན་མཿ ཨོཾ་རཿཙཀྲ་རཏྣ་ཡ་ན་མཿ ཨོཾ་ལཿམ་ཎི་རཏྣཱ་ཡ་ན་མཿ ཨོཾ་ཝཿམ་ཧཱ་ནི་དྷ་ཡེ་ན་མཿ ཞེས་པས་རིན་པོ་ཆེ་སྣ་བདུན་དང༌། གཏེར་ཆེན་པོའི་བུམ་པ་རྣམས་དང༌། རི་རབ་ཀྱི་ཤར་དང་ནུབ་ཏུ། ཨོཾ་ཨཾ་སཱརྻ་ཡ་ན་མཿ ཨོཾ་ཨཱཿཙནྡྲཱ་ཡ་ན་མཿ ཞེས་པས་ཉི་མ་དང་ཟླ་བ་དག་དང༌། གཞན་ཡང་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བར་དམིགས་ལ། ལྷག་བསམ་རྣམ་དག་ཆུ་གཏེར་ལས་འཁྲུངས་གླིང་མང་འདབ་མ་རབ་རྒྱས་ཤིང༌། །རི་རབ་ལྷུན་པོ་ཟེའུ་འབྲུ་རྣམ་མཛེས་ཉི་ཟླའི་འོད་ཀྱི་མདངས་བཟང་ཅན། །འདོད་དགུའི་དཔལ་འབྱོར་དྲི་བསུང་རབ་འཕྲོ་ནམ་མཁའི་དབྱིངས་ལྟར་ཀུན་ཁྱབ་པའི། །རིན་ཆེན་མཎྜལ་མེ་ཏོག་མཆོག་འདི་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཞེས་པས་ཕུལ་ནས། དོན་ཡིད་ལ་སེམས་བཞིན་དུ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་བ། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་དང༌། །ནམ་མཁའ་རབ་འབྱམས་ཁམས་ཀྱིས་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་བུ་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་འདི་གཏན་དུ་འབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་འབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་འབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པས་ཡིད་འོང་བརྒྱན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་པས་མཆོད་པར་བྱའོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། སྔར་བྱས་པའི་ཉེས་པ་ལ་འགྱོད་པ་དྲག་པོ་དང༌། ཕྱིས་མི་བྱེད་པའི་སྡོམ་སེམས་དང་ལྡན་པས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། འཁོར་བ་ཐོག་མ་མ་མཆིས་པ་ནས། ཐ་མ་ད་ལྟ་ལ་ཐུག་གི་བར་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་དབང་གིས། ལུས་དང༌། ངག་དང༌། ཡིད་ཀྱི་སྒོ་ནས། མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། སོ་སོ་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ཆོས་སྤོངས་པ་དང༌། འཕགས་པ་ལ་སྐུར་བ་བཏབ་པ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་བགྱིས་པ་དེ་དག་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་དང༌། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རངས་གང་བགྱིས་པ། །ནོངས་པ་དེ་ནི་མཐོལ་བགྱིད་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གིས་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང༌། །ཡིད་ཀྱིས་གནོད་བགྱིས་གང་ལགས་དང༌། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གིས་སྡིག་པ་གང༌། །ཤིན་ཏུ་མི་བཟད་བགྱིད་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམས་པར་འགྱུར་དུ་མཆི། །འདི་ལས་ཇི་ལྟར་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང༌། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཐམས་ཅད་བོར་ཏེ་ཆས་དགོས་པས། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང༌། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །རེ་ཞིག་གསོན་ཚེ་འདི་ཉིད་ལ། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡིག །མི་བཟད་གང་ཡིན་མདུན་ན་གནས། །དེ་ལྟར་བདག་ནི་གློ་བུར་ཞེས། །བདག་གིས་རྟོགས་པར་མ་གྱུར་པས། །གཏི་མུག་ཆགས་དང་ཞེ་སྡང་གིས། །སྡིག་པ་རྣམ་པ་དུ་མ་བྱས། །ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །བསྣོན་པ་གུད་ནས་ཡོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཀྱང༌། །སྲོག་གཅོད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་བསྐྱབ་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །མགོན་པོ་བག་མེད་བདག་གིས་ནི། །འཇིགས་པ་འདི་འདྲ་མ་འཚལ་ནས། །མི་རྟག་ཚེ་འདིའི་ཆེད་དག་ཏུ། །སྡིག་པ་མང་པོ་ཉེ་བར་བསྒྲུབས། །སྐྱེ་བོ་ཡན་ལག་གཅོད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་འགྱུར་ཞིང༌། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་བ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པ་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲགས་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲགས་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཐ་མལ་ནད་ཀྱིས་འཇིགས་ན་ཡང༌། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །དེ་གཅིག་གིས་ཀྱང་འཛམ་གླིང་ན། །གནས་པའི་མི་ཀུན་བརླག་བྱེད་ན། །དེ་དག་གསོ་བའི་སྨན་གཞན་ནི། །ཕྱོགས་རྣམས་ཀུན་ནས་མི་རྙེད་ན། །དེ་ལ་སྨན་པ་ཐམས་ཅད་མཁྱེན། །ཟུག་རྔུ་ཐམས་ཅད་འབྱིན་པ་ཡི། །བཀའ་ལྟར་མི་བྱེད་སེམས་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །གཡང་ས་ཐ་མལ་ཆུང་ངུ་ལའང༌། །བག་ཡོད་གནས་པར་བྱ་དགོས་ན། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །ཡུན་རིང་གཡང་སར་སྨོས་ཅི་དགོས། །དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པའི་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་འགྱུར་ན། །ཇི་ལྟར་བདག་ཡིད་བདེ་བར་འདུག །སྔོན་ཆད་མྱོང་སྟེ་ཞིག་པ་ལས། །བདག་ལ་ལྷག་པ་ཅི་ཡོད་ན། །བདག་ནི་དེ་ལ་མངོན་ཞེན་ནས། །བླ་མའི་བཀའ་དང་འགལ་བར་བྱས། །གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་བཤེས་པ་རྣམས་སྤངས་ནས། །གཅིག་པུར་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང༌། །མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པའི་རིགས། །བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་བའམ། །བཅས་པའི་སྡིག་པ་གང་ཡིན་པ། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་གཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་བརྗོད། བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་བསོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ༌། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ༌། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང༌། །རྒྱལ་སྲས་ས་ལ་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཞེས་བརྗོད་དོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་བརྗོད་དོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་ཡན་ལག་ནི། རྒྱལ་བ་མྱ་ངན་འདའ་བཞེད་པར། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་མདོངས་པར་མི་དགོད་ཅིང༌། །བསྐལ་པ་གྲངས་མེད་བཞུགས་པར་གསོལ། །ཞེས་བརྗོད་དོ། །བདུན་པ་དགེ་བའི་རྩ་བ་བསྔོ་བའི་ཡན་ལག་ནི། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །འགྲོ་བ་ནད་པ་ཇི་སྙེད་པ། །ནད་གསོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དང་ནི། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱི་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་གནོད་པ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་ན་ཉེ་བར་གནས་གྱུར་ཅིག །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བ་ཐམས་ཅད་ཀྱང༌། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་བསྒྲུབ། །ཐམས་ཅད་བཏང་བར་ཆབས་ཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པ་དང༌། །བརྡེག་བཙོག་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་རྩོད་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང༌། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །དེ་ལ་གནོད་པར་མི་འགྱུར་བའི། །ལས་གང་ཡིན་པ་བྱེད་དུ་ཆུག །བདག་ལ་དམིགས་ནས་ནམ་དུ་ཡང༌། །འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གིས། །ཁྲོའམ་དད་པའི་སེམས་བྱུང་ན། །དེ་ཉིད་རྟག་ཏུ་དེ་དག་གིས། །དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་ཕྱར་ཀ་གཏོང་ཡང་རུང༌། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང༌། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །མར་མེ་འདོད་ལ་མར་མེ་དང༌། །གནས་མལ་འདོད་ལ་གནས་མལ་དང༌། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་བུ་བུམ་པ་བཟང༌། །རིག་སྔགས་གྲུབ་དང་སྨན་ཆེན་དང༌། །དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་ཤོག །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚེའི་རྒྱུར་ཡང་ཤོག །ཅེས་བརྗོད་དོ། །གསུམ་པ་རྗེས་ནི། དེ་ལྟར་ཡན་ལག་བདུན་པ་ཚར་བའི་རྗེས་ལ། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས། མདོ་རྗེས་དྲན་རྣམ་གསུམ་དག་པར་བཏོན་ལ། ཡོན་ཏན་དེ་དག་དང་ལྡན་པའི་དཀོན་མཆོག་གསུམ་ལ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བསམས་ལ། བུདྡྷ་ཤ་ར་ཎཾ་གཙྪཱ་མི། དྷརྨ་ཤ་ར་ཎཾ་གཙྪཱ་མི། སཾ་གྷ་ཤ་ར་ཎཾ་གཙྪཱ་མི། ཞེས་བརྒྱ་རྩ་བརྒྱད་ལ་སོགས་པས་སྐྱབས་འགྲོ་ཞེ་ཐག་པ་ནས་བྱས་པའི་མཐར། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ། ད་ལྟ་བསྟན་པ་འཛིན་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་དང་རྣམ་པར་དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། སེམས་ཅན་རྣམས་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་ཤིང༌། བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་ནས་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་གནས་ཏེ། དོན་གཉིས་ཕུན་ཚོགས་བསྒྲུབ་པའི་སྐལ་བ་དང་ལྡན་པ། འཇིག་རྟེན་དུ་ཆར་ཆུ་དུས་སུ་འབེབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་དང་འཁྲུག་པ་མུ་གེ་མེད་ཅིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ། ཁྱད་པར་དུ་སྦྱིན་པའི་བདག་པོ་འཁོར་བཅས་ཀྱི་ནད་དང་གདོན་དང་བར་ཆད་ཞི་བ་ཚེ་དང་བསོད་ནམས་འཕེལ་བ་དཔལ་དང་འབྱོར་པ་རྒྱས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང༌། འགྲོ་བ་ཀུན་གྱི་ཚོགས་གཉིས་རབ་རྫོགས་ཤིང༌། །སྒྲིབ་གཉིས་བག་ཆགས་བཅས་པ་རབ་སྤངས་ནས། །ཀུན་མཁྱེན་རྒྱལ་བའི་སྐུ་གཉིས་མྱུར་ཐོབ་སྟེ། །དོན་གཉིས་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་འཕེལ་བ་དང༌། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟར་དགོངས་པའི་དོན། །རྒྱ་ཆེན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །སྦྱིན་བདག་རྣམས་ཀྱི་ཆོས་དང་མཐུན་པའི་དོན། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ནད་གདོན་བགེགས་དང་བར་དུ་གཅོད་པ་ཀུན། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ཅན་ཀུན་གྱི་བསམ་སྦྱོར་ངན་པ་དང༌། །འཁྲུག་ལོང་གནོད་འཚེ་མཐའ་དག་རབ་ཞི་ནས། །ཕན་ཚུན་ཕན་བདེའི་དཔལ་ལ་འགོད་པ་ཡིས། །དགེ་ལེགས་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་རྣམས་ཀུན་ཏུ་ལོ་ཕྱུགས་ལེགས་པ་དང༌། །ལོངས་སྤྱོད་འཕེལ་ཞིང་སྡིག་པའི་ལས་སྤངས་ནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི། །ཆོས་སྤྱོད་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །མཁྱེན་རབ་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །ཐུགས་རྗེ་ཆེན་པོའི་ཕྱག་གིས་ཉེར་བཟུང་སྟེ། །ལྷུན་གྲུབ་རྒྱུན་ལྡན་ཕྲིན་ལས་ནུས་མཐུ་ཡིས། །མཁའ་མཉམ་འགྲོ་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དྲག་ཏུ་གསོལ་བ་བཏབ་པའི་རྗེས་སུ། ཇི་ལྟར་རིགས་པའི་བསྔོ་བ་དང་སྨོན་ལམ་བཏབ་ལ། ནོངས་པ་བཟོད་པར་གསོལ། དེར་བཞུགས་པའི་རྟེན་རྣམས་ལ་བརྟན་བཞུགས་དང༌། །བཀྲ་ཤིས་རྒྱ་ཆེར་བྱའོ། །གལ་ཏེ་དེ་ཙམ་མི་ནུས་ན། སེང་གེ་སྒྲ་ནས་ནམ་མཁའ་ལྡིང་གི་བར་གྱི་ཕྱག་འཚལ་དང༌། ཕྱོགས་དུས་ཀུན་ནས་བདག་པོས་མ་བཟུང་བའི། །ཞེས་པ་ནས། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ་ཞེས་པའི་བར་གྱི་མཆོད་པ་དང༌། ཡིད་བརྟེན་མི་རུང་འཆི་བདག་འདི། །ཞེས་པ་ནས། འདི་ཉིད་འབའ་ཞིག་བསམ་པའི་རིགས། །ཞེས་པའི་བར་གྱི་སྡིག་བཤགས་དང༌། བདག་གི་ལུས་དང་ལོངས་སྤྱོད་དང༌། །ཞེས་པ་མན་ཆད་ཀྱི་བསྔོ་བའི་ཚིག་རྣམས་བོར་ནས། ལྷག་མ་རྣམས་ཇི་སྐད་བཤད་པ་བཞིན་བྱས་པས་འབྲིང་པོར་འགྱུར་ལ། བསྡུ་ན་ཡན་ལག་བདུན་པ་ཐམས་ཅད་ཀྱང༌། འཕགས་པ་བཟང་པོ་སྤྱོད་པ་ལྟར། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་སོགས་བརྗོད་པས་ཀྱང་འགྲུབ་བོ། །དེ་ལྟར་རྒྱས་འབྲིང་བསྡུས་གསུམ་པོ་གང་རུང་རེ་ཐུན་གསུམ་མམ་དྲུག་ཏུ་ཉམས་སུ་བླངས་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཐོབ་པར་འགྱུར་བས། ལས་དང་པོ་པ་རྣམས་ཀྱིས་འབད་པར་བྱའོ། །འཕགས་པའི་ནོར་བདུན་ཐོབ་བྱེད་བྱང་ཆུབ་ལམ། །ཡན་ལག་བདུན་པ་བྲིས་པའི་དགེ་བ་འདིས། །གནས་སྐབས་རིན་ཆེན་བདུན་ལ་དབང་འབྱོར་ཞིང༌། །མཐར་ཐུག་བྱང་ཆུབ་ཡན་ལག་བདུན་ཐོབ་ཤོག །ལས་དང་པོ་པའི་ཉམས་སུ་བླང་པའི་རིམ་པ་ཡན་ལག་བདུན་པའི་ཆོ་ག་ཆོས་དང་བསོད་ནམས་རབ་ཏུ་རྒྱས་པར་བྱེད་པ་ཞེས་བྱ་བ་འདི་ནི། ཡོངས་སུ་རྫོགས་པའི་མཁས་པ་ཆེན་པོ་ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་རྣམ་འཕྱང་གི་ལོ་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་སྦྱར་བའི་ཡི་གེ་པ་ནི་གྲགས་པ་དཔལ་བཟང་པོས་བགྱིས་སོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*