ས་སྐྱ་པཎྜི་ཏའི་རྣམ་ཐར། གྲུབ་ཆེན་བུདྡྷ་ཤྲཱིའི་རྣམ་ཐར།

༼ཀ༽༄༅། །ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར་གསུང་སྒྲོས་མ་བཞུགས།། 

༈ །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཀུན་ནས་རྣམ་དག་བརྗོད་པའི་ཡུལ་ལས་རབ་འདས་ཀྱང༌། །སྨོན་ལམ་མཐར་ཕྱིན་གཞན་གྱིས་དབང་གིས་རྣམ་པ་སྣ་ཚོགས་ཀུན་སྤྲུལ་ཞིང༌། །སྲིད་ཞིའི་དབང་ཕྱུག་མགོན་པོ་དེ་ཉིད་གསུམ་པོ་རང་བཞིན་འགྱུར་མེད་སྐུ། །བླ་མ་མཆོག་ལ་གུས་པས་བཏུད་ནས་རྣམ་ཐར་ཆ་ཙམ་བདག་གིས་བརྗོད། །བདག་ཅག་གི་བླ་མ་ཆོས་ཀྱི་རྗེ་འདི་ནི་ངེས་པར་རྡོ་རྗེ་འཆང་ཡིན་མོད། དེ་ལྟ་ནའང་སོ་སོ་སྐྱེ་བོར་མཐོང་ཞིང་བཏགས་སོ། །འོན་ཀྱང་ངོ་མཚར་བའི་རྣམ་པ་ཐར་པ་འགའ་ཞིག་མཐོང་སྟེ། འདི་ལྟར་ཆོས་ཀྱི་རྗེ་པ་འདི་དང་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སུ། བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པའི་རྨི་ལྟས་ཡུམ་ལ་བྱུང་སྟེ། ཀླུའི་རྒྱལ་པོ་རིན་པོ་ཆེའི་མགོ་རྒྱན་ལ་སོགས་པས་མིག་གིས་ཀྱང་བལྟར་མི་བཟོད་པ་ལྟ་བུས་བརྒྱན་པ་ཅིག་ཁྱོད་ལ་གནས་ཁང་གཡར་བ་ཡིན་ཟེར་ནས་བྱོན་པ་རྨིས། ལྷུམས་ན་བཞུགས་པའི་དུས་ན་ཡང༌། ཡུམ་ལ་ལུས་ལྡང་བ་ཡང་བ་དང༌། ཟོ་མདོག་བདེ་བ་དང༌། རྒྱུད་ལ་ཏིང་ངེ་འཛིན་བཟང་པོ་བྱུང༌། བལྟམས་པའི་ཚེ་ཡང༌། བྱང་ཆུབ་སེམས་དཔའ་བལྟམས་པའི་ལྟས་ཚོ་བྱུང༌། དེ་ནས་སྐྱེད་ཅུང་ཟད་བསྲིངས་ཏེ། གོག་ཐལ་ཐུབ་པའི་དུས་སུ། སྐྱེ་བ་སྔ་མའི་བག་ཆགས་སད་པའི་སྟོབས་ཀྱིས་སཾ་སྐྲྀ་ཏའི་སྐད་དུ་སྨྲ་བ་བྱུང་བས། ཡུམ་ན་རེ། འདི་ལ་རང་གུ་བ་ཅིག་འོང་བ་ལགས་སམ། གཏམ་གོ་རྒྱུ་མེད་པའི་ངག་ངོག་མང་པོ་ཟེར་བ་གཅིག་གདའ་ཞུས་པས། རྗེ་པས་སཾ་སྐྲྀ་ཏའི་སྐད་མཁྱེན་པས། ཁྱོད་ཀྱི་བུ་ལ་གུ་བ་བྱུང་དོགས་མེད་གསུངས། ཡང་ས་ལ་ཕྱག་མཛུབ་གྱིས་ན་ག་ར་དང༌། ལཱཉྩ་ལ་སོགས་པའི་རྒྱ་གར་གྱི་ཨཱ་ལི་ཀཱ་ལི་ཚང་བར་བྲིས་ནས། དེ་ལ་ཀློག་པའི་ཚུལ་མཛད་ནས། ཡང་མི་འགོམ་པར་ཕྱག་གིས་ཟུལ་གྱིས་ཕྱིས་ཀྱིན་བཏང་བ་བྱུང༌། ཡང་རྒྱ་ཀློག་དང༌། བོད་ཀློག་གཉིས་ཀ་མ་བསླབས་པར་སྔ་མོར་ཤེས་འདུག་སྟེ། སྔོན་ལ་འདི་ཤེས་དྲན་པ་ཙམ་མི་འདུག་གསུངས། དེ་ནས་ཅུང་ཟད་ཆེར་སྐྱེས་པ་དང༌། ཡི་གེའི་བྱེ་བྲག་རྒྱ་ཡིག་བོད་ཡིག་ལ་སོགས་པ་དང༌། རྩིས་དང༌། གསོ་དཔྱད་དང༌། རི་མོ་ལ་སོགས་པ་བཟོའི་བྱེ་བྲག་ཐམས་ཅད་ཀྱང་བསླབས་ཙམ་ཉིད་ནས་ཚེགས་མེད་དུ་མཁྱེན་ཅིང༌། གཞོན་ནུ་ནས་ཡོན་ཏན་གྱི་གཏེར་ཆེན་པོར་གྱུར་པས། མཁས་པ་གཞན་དུ་མ་དང༌། ཉིད་ཀྱི་སློབ་དཔོན་དུ་གྱུར་པ་དེ་དག་ཀྱང་སྤྲུལ་པ་དང་བྱིན་གྱིས་བརླབས་པ་ཡིན་གྱི། རང་རྒྱུད་པ་མ་ཡིན་ནོ། །ཞེས་གསུངས་ཤིང༌། ཀུན་གྱིས་ངོ་མཚར་དུ་འཛིན་ཏོ། །གཞན་ཡང་གཞོན་ནུ་ཉིད་ནས་རང་གི་ཡབ་དགེ་བའི་བཤེས་གཉེན་གསང་སྔགས་རིག་པ་ཉིད་ལ་དབང་བསྐུར་བ་ནོད་དེ། དགེས་པ་རྡོ་རྗེ་སྒྲུབ་ཐབས་མཚོ་སྐྱེས་དང༌། ཡན་ལག་དྲུག་པ་དང༌། དབང་ཆུ་དང༌། རབ་གནས། སྦྱིན་སྲེག་གི་ཆོ་ག འཁོར་ལོ་བདེ་མཆོག་ལོ་ཧི་པ། རྡོ་རྗེ་དྲིལ་བུ་སྐོར་གསུམ། མཆོད་པའི་ལག་ལེན་དང༌། མི་གཡོ་བ། སྒྲོལ་མ། འཇམ་དཔལ་སྤྱན་རས་གཟིགས། རྣམ་རྒྱལ། འོད་ཟེར་ཅན། རྡོ་རྗེ་རྣམ་འཇོམས་ལ་སོགས་པའི་སྒྲུབ་ཐབས་ཐུགས་དམ་དུ་མཛད་པ་རྣམས་དང༌། རྩ་ལྟུང༌། བླ་མ་ལྔ་བཅུ་པ། སྡོམ་པ་ཉི་ཤུ་པ། ཕྱག་ན་རྡོ་རྗེ་མདོ་ལུགས་བརྟག་པའི་སྐོར་བཅས་པ། སྨན་དཔྱད་ཀྱི་གཞུང་མན་ངག་རྣམས་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་རྗེ་བཙུན་རིན་པོ་ཆེ་ལ་དབང་བྱིན་རླབས་ཀྱི་རྒྱུད་འགྲེལ་མན་ངག་ལ་སོགས་པ་ཡབ་མེས་ཀྱི་ཆོས་རྣམས་རིམ་གྱིས་གསན་ཅིང་སྦྱངས་པར་མཛད་ནས། དགུང་ལོ་བརྒྱད་པའི་དུས་སུ། མཚོ་སྐྱེས་ལ་བཤད་པ་མཛད། བཅུ་གཉིས་པ་ལ་བརྟག་གཉིས་ལ་བཤད་པ་མཛད། བཅུ་བཞི་པ་ལ་སམྦུ་ཊ་གསུང༌། བཅོ་ལྔ་ལོན་པ་དང་ཡབ་མེས་ཀྱི་ཆོས་ལུགས་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་དགུང་ལོ་བཅོ་བརྒྱད་པའི་དུས་སུ། མནལ་ལམ་དུ། ས་སྐྱའི་ལྟག་གི་ཨ་ཕྱིའི་མཆོད་རྟེན་དེའི་དྲུང་དུ་སློབ་དཔོན་དབྱིག་གཉེན་ལས་མཛོད་གསན་ཏེ། དེ་ཡང་ནུབ་གཅིག་ལ་ཟླ་བ་གཅིག་གི་སྣང་བ་བྱུང༌། སློབ་དཔོན་མཆོད་རྟེན་དྲུང་ནས་ཞལ་ཤར་དུ་གཟིགས་ནས་གསུང༌། སློབ་དཔོན་དེ་ཡང་སྐུ་མདོག་བག་གིས་སྔོ་བ་ཆ་ལུགས་སྐུ་ཉམས་ལ་སོགས་པ་སྒེག་དྲག་ཀྱང་མ་ཡིན་པ། དར་ཡོལ་བ་ལྟར་དུ་སྣང༌། དུས་སྔ་དྲོའི་ཚེ་ན། ཆོས་ཐུན་སུམ་ཅུ་ལ་རྫོགས་པར་གསུངས། ཆོས་རྗེ་སློབ་དཔོན་གྱི་གཡས་ནས་ཞལ་བྱང་དུ་གཟིགས་ཏེ། དཔེ་བཀྲམ་ནས་གསན་པར་རྨིས་ཏེ། མནལ་སད་པ་དང༌། ཚིག་དོན་ཀུན་ཐུགས་ལ་བྱུང་འདུག་གསུངས། ཕྱིས་བླ་མ་པཎ་ཆེན་ལས་དངོས་སུ་གསན་པ་དང་མཐུན་པར་བྱུང་གསུངས་སོ། །ཡང་ནུབ་གཅིག་གི་མནལ་ལམ་ན། མི་གཅིག་ན་རེ། ཕྱོགས་ཀྱི་གླང་པོའི་གདན་ས་གཏོད་པས་འབྱོན་པར་ཞུ་ཟེར་ནས། རྒྱ་གར་ཤར་ཕྱོགས་སུ་ཕྱོགས་གླང་གི་ཕུག་པ་ཡིན་ཟེར་བའི་སྒོ་ཤར་དུ་བལྟས་པ་ཞིག་ཏུ་བྱོན། སྒོ་ཕྱེས་ཏེ་ནང་དུ་བྱོན་པ་དང༌། ཕྱོགས་གཅིག་ན་ཀ་པོད་མང་པོ་འདུག་པ་གཟིགས་ནས། དེ་དག་ཞལ་དབྱེ་བར་བྱས་པའི་ཚེ། མི་ཅིག་གིས་ན་བཟའི་སྣ་ནས་ཕྱིར་འཐེན་པ་སྙམ་བྱེད་པ་ཅིག་བྱུང་བས། མནལ་སད་ནས་དཔེ་གཟིགས་ལོང་མ་བྱུང༌། དེ་ནི་ད་ལྟའི་གཡེང་བ་མང་པོ་དང༌། མཐའ་མི་ལ་སོགས་པས་ཉན་བཤད་ཀྱི་བར་ཆད་ཅུང་ཟད་བྱེད་པ་འདི་ལ་ལྟ་བ་འདྲ་གསུངས་སོ། །དེའི་རྗེས་ལ་ཚད་མ་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་གསུངས། དེ་ནས་དགུང་ལོ་བཅུ་དགུ་ལོན་པའི་དུས་སུ། འཕྲང་དུ་དགེ་བཤེས་ཞུ་ཧྲུལ་ལ་བྱམས་ཆོས་དང་ཚད་མའང་བག་ཙམ་གསན། དགུང་ལོ་ཉི་ཤུ་པའི་དུས་སུ་ཉང་སྟོད་རྐྱང་འདུར་དུ་དགེ་བཤེས་མཚུར་གཞོན་ནུ་སེང་གེའི་དྲུང་དུ་ཚད་མ་གསན་དུ་བྱོན་པས། ཉམས་ཁྲིད་ཚར་གཅིག་ལ་ཚིག་དོན་མ་ལུས་པ་ཐུགས་ལ་བྱོན་ནས་བཤད་པར་ཞུས་པས། ཁོང་རང་གི་བློ་ཡི་རྒྱས་བཀབ་སྟེ། མགོ་མ་ཐོན་གྱིས་དོགས་ནས། ད་རུང་ཉོན་གསུངས། རྣམ་ངེས་སྟོད་ཚར་བཞི་སྨད་ཚར་གཉིས་གསན། དེའི་དུས་ན་མཚུར་ན་རེ། ལྡོག་པ་ཤྭ་མང་གི་སུལ་བཞིན་དུ་ཡོད་ཟེར་བས། རྒྱ་གར་གྱི་བཤད་ལུགས་རང་འདི་འདྲ་ཅིག་མིན་སྙམ་པ་དེ་དུས་རང་ནས་བྱུང་གསུངས། དེ་ནས་ཆོས་རྗེ་པ་རང་གི་ཡབ་སློབ་དཔོན་ཅུང་ཟད་བསྙུང་ཟེར་ནས་ཡར་བྱོན་པས། ཁོང་སྐུ་གཤེགས། དེར་རྗེས་ཀྱི་བྱ་བ་མཛད་དགོངས་པས། མཚུར་ལ། བདག་ད་ལོ་བཤད་གསར་བྱེད་པ་ལགས་པས། ཆོས་ཞག་བར་འཐེན་མཛད་པར་ཞུ། ཞེས་ཕྲིན་བསྐུར་བས་སློབ་དཔོན་ཞག་འགའ་མི་བཤད་པར་བཞེད་པས། གྲྭ་པ་ཚོས་མ་ཉན་ཏེ། ཆོས་རྗེ་པ་ལ། སློབ་དཔོན་ཐུགས་ལ་འདོགས་པས། དེ་གྲྭ་པ་ཚོས་མི་ཐེག ཁྱད་པར་དུ་ཡ་མ་སྟག་ཐེངས་འཇུག ཁྱོད་ལ་ཇོ་སྲས་ས་སྐྱ་པ་ཀས་ཆོག་ན། ངེད་ཚོ་འགྱེས་སོ། །ངེད་ཀྱང་དགོས་ན་ཆོས་ཤོད་ཟེར། དེར་བཤད། དེ་ནས་ཆོས་རྗེ་པས་རྣམ་གཞག་གི་ཡོ་བྱད་མང་པོ་བསྣམས་ནས་མར་བྱོན་པས། དབྱར་ཆོས་གང་འཁོར་དུ་བྱུང་སྟེ། དེར་རྣམ་གཞག་རྒྱ་ཆེན་པོ་མཛད། བཀའ་རྒྱས་འབྲིང་བསྡུས་གསུམ་ཕུལ་ནས། སློབ་དཔོན་ན་རེ། ཆོས་དབུ་ནས་བསྐྱར་ནས་བཤད་ཀྱི་གསུངས་པས། མི་འཚལ་བྱ་སྟེ། སློབ་དཔོན་གྱི་གསུང་ལ་ཡང་མ་བརྟེན་པར། རྣམ་ངེས་དབུ་ནས་གཅིག་བཙུགས། གཞུང་དོན་ནས་གཅིག་བཙུགས་ཏེ། ཉིན་རེ་ཆོས་ཐུན་གཉིས་གཉིས་བཤད་དེ། ཟླ་བ་གཅིག་ལ་གཞུང་རྣམ་པར་ངེས་པར་ཚར་གཅིག་ཐུགས་ལ་ཡང་གསུངས་པས། གྲྭ་ས་ན་ཡོད་པ་ཐམས་ཅད་ངོ་མཚར་དུ་འཛིན་པ་བྱུང༌། དེ་ནས་སློབ་དཔོན་དེ་ཉིད་ལས་ཕྱིས་དབུ་མ་རིགས་ཚོགས་ཀྱང་གསན། དེ་ནས་ས་སྐྱར་བྱོན་ནས་ཡབ་ཀྱི་གཤེགས་བརྫངས་ལ་སོགས་པ་རྗེས་ཀྱི་བྱ་བ་རྣམས་ཚར་ནས། རྐྱང་འདུར་དུ་གསེར་མང་བ་ཅིག་གིས་སྣ་དྲངས་པའི་འབུལ་བ་ཅིག་སྐྱེལ་དུ་བྱོན་པའི་ལམ་དུ། ཆུ་མིག་རིང་མོར་བླ་མ་ཁ་ཆེ་བ་དང་མཇལ་ཏེ། ཚད་མ་ཆོས་མཆོག་ཅིག་གསུང་གིན་འདུག་པའི་འཕྲོ་ལ་སླེབས་ནས། དེར་འབུལ་བ་རྣམས་གཡོག་པོ་ཚོ་བསྐྱེལ་དུ་བཏང་སྟེ། ཆོས་རྗེ་པ་ཆོས་གསན་གྱིན་བཞུགས། དེར་བླ་མ་ཁ་ཆེ་བ་རྒྱ་དཔེ་ལ་གསུངས་པ་ལ། ཆོས་རྗེ་པས་བོད་དཔེ་ཅིག་བཀྲམ་པས། པཎ་ཆུང་ཚོ་དགོད་ཅིང་ཁོང་ལ་ཁྲེལ་འདུག་པས། བླ་མ་ན་རེ། ཁྱེད་ཚོ་ཅི་ལ་དགོད་གསུངས། དེར་ཆོས་རྗེ་པས་བོད་དཔེ་བཀྲམ་པ་ལ་དགོད་པར་འདུག་སྟེ། བླ་མའི་ཞལ་ནས། ཆོས་རྗེ་པ་ལ། ཁྱོད་དཔེ་དེས་ཅི་ལ་ཕན་པ། ཅི་ལའང་མི་ཕན་གསུངས་པས། དེར་ཆོས་རྗེ་པ་ན་རེ། གཞན་ལ་མི་ཕན་ཀྱང་བདག་རང་ལ་ཕན་པར་གདའི་བྱས་ཏེ། བོད་དཔེ་ལ་རྒྱ་སྐད་དུ་བསྒྱུར་ཏེ། བཀླགས་པས་ཇི་ལྟ་བ་བཞིན་དུ་མཁྱེན་པས། པཎ་ཆུང་ཚོ་དངོས་ལ་བཀའ་བཀྱོན་བྱུང་སྟེ། ཁྱེད་ཚོ་ཅི་ལ་དགོད་པ། ས་སྐྱ་པ་ཁོ་རང་གི་ཤེས་ཤིང་འདུག་པ་གསུངས། དེར་བླ་མ་ལ་བདག་ཅག་བོད་ལ། སྔོ་མ་ཡིན་ལས་ལོགས་པའི་སྔོ་ཙམ་བྱ་བ་ཅིག་འདོད་ལགས་ན། དེ་ཅི་ལྟར་ལགས་ཞུས་པས། སྔོན་པོ་དོན་ལ་ཡོད། ཙམ་ཙམ་མམ་དེ་ང་ལ་ཆ་མེད་གསུངས་པས། ཚད་མའི་གནད་ཐམས་ཅད་དེར་གོ་གསུངས། དེར་བླ་མའི་པཎ་ཆུང༌། དཱ་ན་ཤཱི་ལ་ལའང་ཚད་མའི་ཆོས་སྐོར་མང་པོ་དང༌། ཀུ་རུ་ཀུལླེ་དང༌། རྣལ་འབྱོར་པའི་དབྱངས་གཤིན་རྗེའི་གཤེད་དམར་པོ་དང༌། མི་གཡོ་བ་དཀར་པོ་ལ་སོགས་པ་གསན། བལ་པོ་སཾ་གྷ་ཤྲཱི་ལས་སྒྲའི་བསྟན་བཅོས་དང༌། ཚད་མ་རྣམ་འགྲེལ་ལ་སོགས་པ་གསན། དེས་ན་ཆོས་རྗེའི་ཞལ་ནས། ང་བསོད་ནམས་རང་ཆེ་བར་བྱུང༌། རྒྱ་གར་ཤར་ནུབ་གཉིས་ན། བལ་པོ་སཾ་གྷ་ཤྲཱི་བས་སྒྲ་མཁས་པ་མེད་པར་འདུག་སྟེ། དེ་ངའི་གམ་དུ་གཙང་བྱུང་བ་ཡིན་གསུངས། དེ་ནས་བླ་མ་ཁ་ཆེ་བ་དབུས་སུ་གཤེགས་ཏེ། ཆོས་རྗེ་པས་པཎྜི་ཏ་སུ་ག་ཏ་ཤྲཱི་ས་སྐྱར་གདན་དྲངས་ནས། ལོ་གཉིས་སུ་སྒྲ་དང༌། ཚད་མ་དང༌། སྙན་དངགས་དང༌། སྡེབ་སྦྱོར་ལ་སོགས་གསན་ནས་ཐམས་ཅད་ཐུགས་སུ་ཆུད་པར་མཛད། དེ་ནས་དུས་ཕྱིས་བླ་མ་ཁ་ཆེ་བ་གཙང་དུ་བྱོན་ནས། ཉུང་ཆུང་ན་བཞུགས་པའི་དུས་ན། ཆོས་རྗེ་པས་མཇལ་དུ་བྱོན་ནས། དེར་རབ་ཏུ་བྱུང་བར་བཞེད་དེ། རྗེ་པ་ལ་ཞུ་ཡིག་བསྐུར་བ་གནང་ནས། དགུང་ལོ་ཉི་ཤུ་རྩ་ལྔ་པ་ལ། ཉང་སྨད་རྒྱན་གང་གི་གཙུག་ལག་ཁང་དུ་ཟེར་ཡང་ལོ་སྟོན་གྱི་བཞུགས་ས་ཡིན་པས་དབུ་སྐྲ་དེར་བཞར་བ་མ་གཏོགས་པ་སྡོམ་པ་ཉུང་ཆུང་དུ་བླངས་གསུང༌། བླ་མ་ཁ་ཆེ་བས་མཁན་པོ་མཛད། བྱང་ཆུབ་སེམས་དཔའ་སྤྱི་བོ་ལྷས་པས་ལས་སློབ། དགེ་བཤེས་ཞུ་ཧྲུལ་གྱིས་གསང་སྟོན་མཛད་ནས། དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་སུ་བསྙེན་པར་རྫོགས་པ་མཛད་ནས། ཁ་ཆེ་བའི་ཞལ་ནས་ད་རབ་ཏུ་བྱུང་ནས་དེའི་བྱ་ཆ་དང་བསྲུང་སྡོམ་ལ་བརྩོན་པར་གྱིས་གསུངས་ནས། ཆོས་རྗེ་པའི་དྲུང་དུ། ཇོ་གདན་ཤིན་ཏུ་ཐུ་མོ་ཅིག་བཞག་ནས། འཕྲལ་གྱི་སྤྱོད་ལམ་ཐམས་ཅད་ལ་སྐྱོན་བཏང་གིན་པ་ཅིག་བྱུང༌། དེ་ནས་བླ་མ་ཁ་ཆེ་པ་ལ་ཚད་མ་སྡེ་བདུན་ལན་གསུམ་དང༌། རྒྱན་དང༌། ཆོས་མཆོག་ལ་སོགས་པ་འགྲེལ་པ་ཆེན་པོ་ཡན་ལག་དང་བཅས་པ་གསན། ཡང་དེ་ཉིད་ལ། མངོན་པ་མཛོད། འདུལ་བ་མདོ་རྩ། སོ་སོ་ཐར་པ། དགེ་སློང་གི་ཀཱ་རི་ཀཱ་ལ་སོགས་པ་འདུལ་བའི་ཕྲིན་ཐམས་ཅད་དང༌། གཞན་ཡང་དུས་འཁོར་གྱི་འགྲེལ་པ་དྲི་མ་མེད་པའི་འོད་ལ་སོགས་པ་དེའི་ཆ་ལག་ཐམས་ཅད་དང༌། གཞན་ཡང་བདེ་མཆོག གསང་འདུས་འཕགས་སྐོར། ཡེ་ཤེས་ཞབས་ལུགས་ལ་སོགས་པའི་ཆ་ལག་ཐམས་ཅད་གསན་ཅིང༌། དེ་དག་གི་དབང་བསྐུར་བ་ཞུས་ཤིང་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་སློབ་དཔོན་སྤྱི་བོ་ལྷས་པ་ལ་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་འགྲེལ་པ། ཉི་ཁྲིའི་འགྲེལ་པ། མངོན་པ་ཀུན་ལས་བཏུས། སྤྱོད་ཕྱོགས་ཚོ། བཀའ་གདམས་ཀྱི་ཆོས་ཚོ་གསན། གསང་སྔགས་ཀྱི་མན་ངག་ཕྲ་མོ་འགའ་ཞིག་ཀྱང་གསན། གཞན་ཡང་ཐུགས་དམ་མཛད་པས། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་མངའ་བས། ཕྱི་ནང་གི་རྟེན་འབྲེལ་ཟབ་མོའི་འགྲོས་ཐུགས་སུ་ཆུད་པས། མ་འོངས་པའི་དོན་འགའ་ཞིག་འདི་ལྟར་འབྱུང་ཞེས་ལུང་སྟོན་པའང་མཛད། མི་མང་པོའི་གསེབ་ཏུ་བཞུགས་ཀྱང༌། ཐུགས་དམ་མམ། གཟིགས་རྟོག་གང་མཛད་ཀྱང་གཞན་རྐྱེན་གྱིས་གཡེང་བར་མི་ནུས་སོ་གསུང༌། ཡང་བླ་མའི་བྱིན་རླབས་ཞུགས་པ་ལ་བརྟེན་ནས་ཀྱང༌། ལུང་རྟོག་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་འཁྲུངས་པ་ཡིན་ཏེ། ཆོས་རྗེ་ཉིད་ཀྱི་གསུང་ལས། ཁོ་བོ་ཡང་གཞོན་པའི་དུས་སུ། བླ་མའི་རྣལ་འབྱོར་གྱི་བྱིན་རླབས་ཞུས་པས་ཁྱོད་ཀྱིས་སངས་རྒྱས་ཀྱི་འདུ་ཤེས་མི་སྐྱེ། ཁུ་བོའི་འདུ་ཤེས་སྐྱེ། ལུས་ལོངས་སྤྱོད་ཀྱིས་བླ་མའི་ཕྱོགས་སུ་དཀའ་ཐུབ་མི་ནུས་གསུངས་ནས་མ་གནང༌། ཕྱིས་འཆི་ལྟས་འཇིགས་པ་ཅིག་བྱུང༌། ཁམས་ཀྱང་མ་བདེ། དེའི་སྐབས་སུ། ཆོས་རྗེ་རིན་པོ་ཆེ་ལ་སྐུ་ཁམས་མ་བདེ་བ་ཞག་འགའ་བྱུང༌། དེར་ཉིན་མཚན་རྒྱུན་མི་ཆད་པར། གཉིད་དང་ཁ་ཟས་ཀྱི་འདུ་ཤེས་མ་བྱས་པར་ཞབས་ཏོག་བྱས། དེས་སྡིག་པ་ཅུང་ཟད་དག་པ་འདྲ། དེ་ནས་བླ་མའི་རྣལ་འབྱོར་འདི་གནང་བས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་དུ་མཐོང༌། མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། དེ་ཉིད་ཀྱིས་འཆི་ལྟས་ལས་གྲོལ། ཁམས་ཤིན་ཏུ་བདེ། དེ་ནས་སྒྲ་ཚད་མ། སྙན་དངགས། སྡེབ་སྦྱོར། ཚིག་གི་རྒྱན། གསང་སྔགས་ཕ་རོལ་ཏུ་ཕྱིན་པ། མངོན་པ། འདུལ་བ་ལ་སོགས་པའི་ལུང་དང་རིགས་པའི་གནད་རྣམས་ཕྱིན་ཅི་མ་ལོག་པར་གཟོད་གོ །སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཐོབ། ལྷ་འདྲེ་མི་གསུམ་ཡང་ཐམས་ཅད་བྱམས་པར་བྱུང༌། རྒྱ་གར་གྱི་རྒྱལ་པོ་ལ་སོགས་པ་ང་རྒྱལ་ཅན་ཐམས་ཅད་ཀྱང་ངེད་ལ་ཆོས་ཞུ་ཟེར་ནས་རྩིས་བྱེད་པ་གཟོད་བྱུང༌། ནང་དུ་ཡང་དག་པའི་རྟོག་པ་ཅུང་ཟད་ཀྱང་སྐྱེས། དེའི་ཚེ་ཁོ་བོ་ལ་ཕན་པར་བྱ་བའི་དོན་དུ་རྟེན་འབྲེལ་འགྲིག་པར་བྱ་བའི་ཕྱིར་བསྙུང་བའི་ཚུལ་བསྟན་པ་ཡིན་གྱི། དངོས་མ་ཡིན་པར་སྣང༌། གཞན་གྱིས་ཀྱང་དེ་ལྟར་བྱས་ན་རྟེན་འབྲེལ་ཕྱིན་ཅི་མ་ལོག་པར་འགྲིག་པར་འགྱུར་བར་ཐེ་ཚོམ་མི་ཟའོ། །ཞེས་འབྱུང་བ་དང༌། གཞན་ཡང་དངོས་སུ་འཇམ་པའི་དབྱངས། མི་གཡོ་མགོན་པོ་དང༌། སྒྲོལ་མ་ལ་སོགས་པ་རྣམས་གཟིགས་ཤིང༌། དབུགས་ཕྱུང་ནས་ཆོས་ཀྱི་སྒོ་དུ་མ་ཡང་བསྟན་ལ། དེ་ལ་བརྟེན་ནས། ཏིང་ངེ་འཛིན་དང༌། ཡོན་ཏན་གྱི་ཆོས་དུ་མ་ཡང་རྒྱུད་ལ་སྐྱེས་པར་གྱུར་ཏོ། །ཡང་ནུབ་ཅིག་གིས་མནལ་ལམ་དུ། རྡོའི་ཁྲ་ཚན་པ་ཅིག་གི་སྟེང་དུ་བཞུགས་ནས་ཚོགས་པ་བསམ་གྱིས་མི་ཁྱབ་པ་ལ་ཆོས་གསུངས་ཏེ། རྟོག་པའི་དྲྭ་བ་རྣམ་བསལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་རྣམ་འགྲེལ་གྱི་མཆོད་བརྗོད་དེ། སཾ་སྐྲྀ་ཏའི་སྐད་ཀྱི་གསུངས་པའི་ཚེ། བླ་མའི་སྐུའི་ཕྲག་པ་གཡས་གཡོན་ནས། ཉི་ཟླ་གཉིས་དུས་གཅིག་ལ་ཤར་བའི་སྣང་བ་བྱུང༌། ནངས་པར་རྗེ་བཙུན་པའི་སྤྱན་སྔར་ཞུས་པས། རྗེ་བཙུན་པའི་ཞལ་ནས། དེ་ནི་འབྱུང་བར་དཀའ་བའི་རྨི་ལམ་ཡིན་པས་མཆོད་པ་དང་དགའ་སྟོན་རྒྱ་ཆེན་པོ་བྱ་བར་རིགས། དེ་ལྟར་བྱོས་ཤིག་གསུངས་ནས། མང་སྐོལ་ཅིག་བྱས་གསུངས། ཡང་ནུབ་ཀྱི་གྲོག་པོ་དེ་ན་མར་ཆུ་ཆེན་པོ་ཅིག་འབབ་ཅིང་འདུག དེའི་གད་པའི་སྟེང་ན་ཆོས་རྗེ་རིན་པོ་ཆེ་བཞུགས་ནས། སློབ་དཔོན་བསོད་ནམས་ཀྱིས་བཏེག་ནས། སྔགས་ཀྱི་ཆོས་མང་པོ་དབྱངས་ཀྱིས་གསུངས། ཆོས་རྗེ་གད་པ་ལ་འཛེག་ཅིང་གསན། ཁ་ཆེར་བླ་མ་པཎ་ཆེན་ལ་ཡང་དེ་ལྟ་བུའི་མཚན་མ་བྱུང༌། ཕྱིས་གླེང་བསླངས་པས་ནུབ་གཅིག་པར་འདུག དེ་ནས་རྨི་ལམ་མ་ཡིན་པར་དངོས་སུ་བྱོན་པ་ནི། ས་སྐྱ་ན་ཆོས་གསུངས་པའི་ཚེ་བར་སྣང་དུ་བྱུང་བ་ལ་སྒྲ་སྙིང་གའི་གཏིང་ཤེད་ན་གྲགས་པ་སྙམ་བྱེད་པའི་སྒྲ་ལྷངས་ཀྱིས་བྱུང་སྟེ། ཁྱོད་ཀྱིས་ཚད་མ་རྣམ་འགྲེལ་གྱི་པཎྜི་ཏ་བར་མ་ཆད་པར་སྐྱེ་བ་ཉི་ཤུ་རྩ་བདུན་དུ་བྱས་པ་ཡིན་ཟེར། ཕྱིས་ལན་ཅིག་གི་ཚེ་སུམ་ཅུ་སོ་བདུན་ཟེར་བ་བྱུང་གསུངས། གཞན་གྱི་སྐབས་སུ་སྒྲ་ཚད་སློབ་པ་ལ་རྩོལ་བ་ཙམ་མ་དགོས་ཏེ། སྔར་གྱི་བག་ཆགས་ཡོད་པ་འདྲ། ཞེས་ཡང་ཡང་གསུངས། ཡང་ཆོས་གསུངས་པའི་ཚེ། བར་སྣང་ངམ་ཐུགས་ཀ་ནས་ཁྱོད་ནི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྤྲུལ་པ་ཡིན། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་གདུལ་བར་མ་ནུས་པའི་སེམས་ཅན་མང་པོ་འདུལ་བར་ནུས་ཟེར་བའི་སྒྲ་ཅིག་བྱུང༌། ཕྱིས་གཡས་རུ་སྐྱ་བོ་ཁ་གདངས་ཀྱི་གཙུག་ལག་ཁང་ན་ཆོས་གསུངས་པའི་ཚེ་ན། དེ་ནི་ཁྱོད་ཀྱི་སྐྱེ་བ་མང་པོའི་དགེ་བའི་བཤེས་གཉེན་ཡིན་ནོ་ཟེར་བའི་སྒྲ་ཅིག་བྱུང་བའི་ཚེ། སྔར་གྱི་སྒྲ་དེ་ཏུར་གྱིས་དྲན་པ་བྱུང་གསུངས་སོ། །ཡང་དུས་གཅིག་ཅུང་ཟད་བསྙུང་བ་ན། འཇམ་དབྱངས་དང༌། ཀླུ་སྒྲུབ་དང༌། ཞི་བ་ལྷ་ལ་སོགས་པ་རྣམས་ཀྱིས་བསྙུང་གསོལ་མཛད་པའི་སྣང་བ་བྱུང་བ་དང༌། བོ་དོང་རིན་པོ་ཆེ་ལ་སོགས་པ་དག་པའི་གདུལ་བྱ་འགའ་ཞིག་གིས་འཇམ་དབྱངས་དང་དབྱེར་མེད་པར་མཐོང་ཞིང་ངེས་པ་རྙེད་པར་གྱུར་ཏོ། །མངོན་ཤེས་ཀྱང་མངའ་སྟེ་བྱང་ངོས་སུ་བྱོན་པའི་དུས་སུ། ཤིང་མོ་སྦྲུལ་ལོ་སྟོན་ཟླ་འབྲིང་པོ་ཤར་བ་དང་ཕྱག་ཕེབས་ནས་འགྲོངས་པའི་ལོ་གཅིག་གི་གོང་ལྕགས་ཕོ་ཁྱིའི་ལོ་སྟོན་ཟླ་ཐ་ཆུང་ཤར་བ་ན། དྲུང་ན་འདུག་པ་འགའ་ཞིག་ལ། ལྕགས་ཕག་ལ་ཞིང་གཞན་དུ། གཤེགས་གསུངས་པ་ཐོག་ཏུ་ཕེབས་སོ། །མཛད་པའི་ཕྲིན་ལས་ལ་ཡང་འཆད་པའི་ཚེ་རྣམ་བཤད་རིགས་པ་ལས་འབྱུང་བ་ལྟར། དགོས་བསྡུས་ཚིག་དོན་མཚམས་སྦྱོར་བརྒལ་ལན་གྱི་སྒོ་ནས་གཞུང་མཐའ་དག་ལེགས་པར་གཏན་ལ་ཕབ་ཅིང༌། དྲིས་པའི་སྤོབས་པ་ཐོགས་པ་མེད་པར་སྐབས་སུ་བབ་པའི་ལན་ཆོས་དང་མཐུན་པར་འདེབས་ལ། རིག་པའི་གནས་ལྔ་གང་འཆད་ཀྱང་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་མཛད་པ་དང༌། མི་མ་ཡིན་དག་གི་ཐེ་ཚོམ་གྱི་དྲྭ་བའང་གཅོད་པར་མཛད་པ་ཡིན་ནོ། །དེ་ཡང་ཆོས་རྗེ་པ་བསམ་ཡས་སུ་བྱོན་པ་དང་བཙད་པོས་ཆོས་འཁོར་ལ་སྤྱན་དྲངས་ནས། ལམ་འབྲས་ཨ་དོར་ཐོན། རྒྱུད་ཀྱིའང་བརྟག་པ་ཕྱི་མའི་ལྔ་པ་ཐོན་ཙམ་ན། སྲིན་པོ་རི་པ་དང་ཡོན་མཆོད་ཀྱི་འབྲེལ་ཟབ་པར་ཡོད་པས། བཙུན་སྟོན་གྱི་གྲལ་མགོ་ལ་གདན་འདྲེན་དུ་བྱུང༌། སྤྱིར་ཡང་དབུས་ན་དགེ་བཤེས་ཆེ་བ་རེ་སྤྱན་འདྲེན་འབུལ་བ་ཚོ་ཡང་དེ་ལ་བྱེད། དེས་ཐབ་ཁ་རེ་བྱེད་དགོས་ཟེར། དེར་གཞུང་ལྷག་མཚོ་བཀླག དེ་ནས་ཆོས་དང་གྲོས་དང༌། བྱིན་རླབས་ཞུ་བ་མཚན་གང་བྱུང༌། དེར་གོ་ཆ་ཆེ་ཤོས་ཅིག་ན་རེ། འོ་ཅག་གི་ཞུ་དོན་ལ་ཚར་བ་མིན་ཡང་ད་ལྟར་བཞུད་པ་ཡིན། སྐུ་ཁམས་ལྡོག་འོང་ཟེར་སོང༌། དེར་ཉེ་གནས་ཀྱིས་ཕྱི་ནས་སྒོ་ལྕགས་བཅུག་སྟེ། ཙོག་གེ་པ་ཅིག་ལ་མནལ་ཅིག་ལོག་པས་མནལ་ལམ་དུ་མི་སྐྱ་ཤར་ཚན་ཅིག་བྱུང་ནས་ཕྱག་འཚལ་ཕྱག་རྟེན་ཕུལ་ནས། གྲལ་མགོ་མ་ན་རེ། ཆོས་རྗེ་པ། སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་པོ་འདིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བར་མི་གདའ་ཡེ་ཟེར། དེ་དེ་བཞིན་དུ་འདུག་གསུངས་པས། འོ་ན་འདི་ལ་ཕན་པའི་གསོལ་འདེབས་འདྲ་བདོག་གམ་ཟེར་བས། འོ་ན་འདི་བཞིན་དུ་གསོལ་བ་ཐོབ་གསུངས་ཏེ། སྐྱེ་བ་སྐྱེ་བ་མེད་པའི་ཚུལ་རྟོགས་ཀྱང༌། །ད་དུང་སྐྱེ་བའི་གཟེབ་ལས་བདག་མ་གྲོལ། །སྐྱེ་བ་ཀུན་ཏུ་སྐྱེ་བར་སྐྱེ་འགྱུར་བའི། །སྐྱེ་ངན་བདག་གི་སྐྱེ་བའི་སྐྱབས་མཛོད་ཅིག །གྱིས་ལ་གསོལ་བ་ཐོབ་གསུངས་པས། འོ་ན་རྒ་བ་ལ་སོགས་པའང་དེ་བཞིན་དུ་སྦྱར་བས་མཆི་བར་མི་གདའ་ཡེ་ཟེར། འོ་ན་གོ་འདུག་སྙམ་སྟེ། ཕྱག་རེ་འཚལ་ནས། ཐུགས་ལ་བཏགས་ཟེར་སོང་བ་རྨིས་ཏེ། མནལ་སད་དེ་བསམ་པས་དེ་བཞིན་དུ་འོང་བར་འདུག་གསུང་སྐད་དོ། །བསྟན་བཅོས་བརྩམས་པའི་ཚུལ་ལ་ཕན་པ་དང༌། སྡེབ་སྦྱོར་གཙོ་བོར་མཛད་པ་གཉིས་ལས། ཕན་པ་གཙོར་མཛད་པ་ཡང་ཚིག་དང་དོན་ལ་སྐྱོན་མེད་ཅིང་འབྲེལ་ཆགས་པའི་ངག་གིས་མདོ་རྒྱུད་དང་མཐུན་པར་བརྗོད་བྱ་གསལ་བར་སྟོན་ཅིང༌། དེ་ལ་ཡང་མཁས་པ་རྣམས་ཀྱིས་སྐྱོན་གདགས་པར་ཡང་མི་ནུས་ལ། ངོ་མཚར་དུ་འཛིན་པ་ཁོ་ན་ཡིན་ནོ། །སྡེབ་སྦྱོར་གཙོར་མཛད་པ་ཡང༌། བདེ་བར་གཤེགས་པའི་བསྟོད་པ་དང༌། ཐུགས་རྗེ་ལ་བསྐུལ་བ་དང༌། ལེགས་པར་བཤད་པ་ལ་སོགས་པ་ཚིག་དོན་སྡེབ་ལེགས་ཤིང༌། དཔེ་དང་དོན་མི་འགལ་བ། ལྕི་ཡང་དང་རིང་ཐུང་ལ་སོགས་པ་ལེགས་པར་ཕྱེད་ཅིང༌། ཚིག་གི་རྒྱན་དང༌། ངལ་བསོ་བའི་གནས་ལ་སོགས་པས་མཛེས་པར་བྱས་ལ། རྩོམ་པའི་ཕྲེང་བ་མཆོག་ཏུ་གྱུར་པ་མཛད་པ་རྣམས་ནི་བརྗོད་པ་བདེ་ཞིང་རྣ་བར་སྙན་ལ་ཡིད་དུ་འོང་བ་ཡིན་ཏེ། གསེར་གྱི་རྒྱན་རིན་པོ་ཆེ་པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལ་ལ་སོགས་པས་སྤྲས་པ་མུ་ཏིག་གི་ཕྲེང་བས་བསྐོར་ཞིང༌། བལྟ་ན་སྡུག་པ་བས་ཀྱང་མཆོག་ཏུ་མཛེས་པའི་རྩོམ་པའི་ཕྲེང་བ་རྣམས་ནི་མཐོང་ཞིང་ཐོས་པ་ན། མཁས་པ་རྣམས་ཀྱིས་ཡིད་དགའ་བ་སྐྱེ་ཞིང་བློ་གསལ་རྣམས་ཀྱི་ཁ་རྒྱན་དུ་གྱུར་ལ། ཤེས་ལྡན་རྣམས་ཡིད་སྨོན་གྱི་གནས་སུ་བྱེད་པ་ཤ་སྟག་མཛད་པ་ཡིན་ནོ། །འདིའི་རྩོད་པའི་ཚུལ་ནི། མཚུངས་པ་མེད་པའི་བློ་གྲོས་དང་ལྡན་ཞིང་འཇིགས་པ་མེད་པའི་སྤོབས་པ་བརྙེས་ནས་ཕྱིན་ཅི་མ་ལོག་པའི་གཞུང་ལུགས་མཁྱེན་པས། རྣམ་པར་དག་པའི་ངག་གིས་སྨྲས་ཏེ། སྐྱོན་མེད་པའི་དམ་བཅའ་བརྗོད་ཅིང་བཟློག་པར་མི་ནུས་པའི་ཐལ་བ་འཕེན་པས་ཕས་རྒོལ་གྱི་སྤོབས་བ་མྱུར་དུ་འཇོམས་པ་ཡིན་ཏེ། རང་གི་སྡེ་པ་ལ་བོད་ཀྱི་བློ་གསལ་མཁས་པ་ཆེན་པོར་རློམ་ཞིང་སྨྲ་བ་པོར་གྲགས་པ་དུ་མ་ཡང་ཕམ་པར་མཛད་ཅིང་རྒྱ་གར་གྱི་པཎྜི་ཏ་འགའ་ཞིག་ཀྱང་ཟིལ་གྱིས་མནན་ལ། གཞན་གྱི་སྡེ་པ་འཕྲོག་བྱེད་དགའ་བོ་ལ་སོགས་པ་ཕྱི་རོལ་པའི་མཁས་པ་ཆེན་པོ་དྲུག་ཀྱང་སྤོབས་པ་མེད་པར་བྱས་ནས། ལྟ་བ་མཆོག་ལ་བཙུད་པ་ཡིན་ནོ། །དེ་ལྟར་དགུང་ལོ་དྲུག་ཅུ་རེ་གསུམ་པའི་བར་དུ་བོད་དུ་བཞུགས་ནས་རིམ་གཉིས་ཟབ་མོའི་ཐུགས་དམ་ལ་རྟག་ཏུ་མཉམ་གཞག་གི་ངང་ནས་ཆོས་འཆད་པ་དང༌། རྩོད་པ་དང་རྩོམ་པས་དུས་འདའ་བར་བྱེད་ཅིང་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟ་བུར་མཛད་པའི་དབང་གིས་འཛམ་བུའི་གླིང་ཐམས་ཅད་དུ་མཁས་པའི་གྲགས་པས་ཁྱབ་པ་དང༌། བླ་མ་རྗེ་བཙུན་ཆེན་པོས། དུས་ཕྱིས་བྱང་ཕྱོགས་ཀྱི་རྒྱལ་ཁམས་ནས་མི་སྐད་རིགས་མི་གཅིག་པ། ཞྭ་ཁྲ་འཕུར་བ་འདྲ་བ་གོན་པ། ལྷྭམ་ཕག་གི་སྣ་འདྲ་བ་གོན་པས་ཁྱོད་གདན་འདྲེན་དུ་འོང་བ་ཡིན། དེའི་དུས་སུ་ཐེ་ཚོམ་མ་བྱེད་པར་སོང་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང༌། ཞེས་ལུང་བསྟན་པ་དང༌། རྒྱལ་བུ་གོ་དན་གྱིས། ཆོས་རྗེ་པའི་སྐུའི་སྙན་པའི་གྲགས་པ་གསན་པ་ལ་བརྟེན་ནས། དཔོན་པོ་དོར་ཏ་ཞེས་བྱ་བ་གསེར་ཡིག་པ་ལ་བཏང་ནས། བོད་ཀྱི་ཡུལ་ན་ས་སྐྱ་པ་ཞེས་བྱ་བའི་བནྡེ་བཟང་པོ་ཅིག་ཡོད་པར་འདུག་པས། དེ་ཁྱོད་ཀྱི་གདན་དྲངས་ལ་ངེད་ཀྱི་རྩར་སླེབས་སུ་ཆུག་གསུང་བའི་དོན་ལ། དཔོན་པོ་དོར་ཏ་ཁོ་རང༌། བླ་མ་ཆོས་རྗེ་པ་ལ་མཇལ་ནས། རྒྱལ་བུ་གོ་དན་གྱི་ལུང་བསྒྲགས་པས། རྗེ་བཙུན་ཆེན་པོའི་གསུང་དྲན་པའི་སྟོབས་ཀྱིས་དགྱེས་ཤིང་སྤྲོ་བ་དང་བཅས་པས་ཞལ་གྱིས་བཞེས་ནས་ཤིང་ཕོ་འབྲུག་གི་ལོ་དགུང་ལོ་དྲུག་ཅུ་རྩ་གསུམ་བཞེས་པ་ལ། ས་སྐྱ་ནས་ཁུ་དབོན་གསུམ་གདན་བཏེག་ནས་བྱོན་པ་ལ། ལམ་སོ་ན་ཡོད་པའི་དགེ་བའི་བཤེས་གཉེན་རྣམས་དང༌། སྐལ་བ་དང་ལྡན་པའི་གདུལ་བྱ་མང་པོས་དབང་བྱིན་རླབས་དང༌། རྒྱུད་འགྲེལ་མན་ངག་དང་བཅས་པ་ལ་སོགས་པ་དད་པ་ཆེན་པོའི་སྒོ་ནས་ཞུ་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བྱོན་པའི་དབང་གིས་ལམ་དུ་ལོ་གསུམ་འགོར་རོ། །དེའི་ཚེ་དགེ་བའི་བཤེས་གཉེན་བཀའ་གདམས་པ་ནམ་མཁའ་འབུམ་གྱིས། ཧར་འདི་ལ་ཁྱེད་ཀྱི་བྱོན་པས་ཕན་པའི་རྒྱུ་མཚན་བདོག་གམ་ཟེར་བ་ལ། ཧོར་འདིས་ངེད་ལ་ཅིས་ཀྱང་མཆོད་གནས་ལ་ཤོག མི་འོང་ན་དམག་འོང་ཟེར་བས་དམག་བྱུང་ན་བོད་ལ་གནོད་ཀྱིས་དོགས་ནས་འགྲོ་བ་ལགས། སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་མ་གཏོགས་པ་ཕན་ངེས་པའི་རྒྱུ་མཚན་མ་མཆིས། ལར་སེམས་ཅན་ལ་ཕན་ན་རང་གི་ལུས་སྲོག་གཏོང་བ་ལ་མི་ཕོད་རྒྱུ་མི་བདོག་པ་ཙམ་ཤེས་པ་ལ་གདའ་གསུངས། མདོ་སྲང་དུ་ཕེབས་པའི་ཚེ་མིག་ཅིག་གིས། དར་ནག་པོ་གཅིག་ལ་གསེར་གྱི་ཐིག་ལེ་མང་དུ་བྱས་པ་ཅིག་ཕྱག་རྟེན་ལ་བྱུང༌། དེ་ལྷ་རྗེ་བི་ཇི་ལ་གནང་ནས། དེ་ཁྱོད་རང་ཚགས་གྱིས་གསུངས། ནམ་མཁའ་དྭངས་པ་ལ་སྐར་མ་བཀྲ་བ་ལྟ་བུའི་བསྟན་པ་གཅིག་འོ་ཅག་ལ་འོང་བ་ཡིན་གསུངས། ས་སྐྱ་པས་རིང་བསྲེལ་བཀག་ཟེར་བ་ཡོད་པ་ལ། དེ་ཡང༌། རིང་བསྲེལ་ཕལ་ཆེར་གདོན་ལས་བྱུང༌། །དཀར་པོའི་ཕྱོགས་ཀྱིས་བྱས་པའང་སྲིད། །འབྱུང་བཞི་དག་གིས་བསྐྱེད་པའང་ཡོད། །འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་འབྱུང་བ་སྟེ། །འབྱུང་ཁུངས་ནས་བྱུང་རིང་བསྲེལ་ཡིན། །དེ་ལ་གྲངས་ནི་བརྩི་རུ་མེད། །མི་འགྲིབ་འཕེལ་བའི་རིང་བསྲེལ་ཡིན། །ཞེས་བྱ་བ་ཡིན་པས། ང་ལ་རྟེན་བྱོན་ན་གྲངས་བརྩི་རུ་མེད་པ་ཅིག་འབྱོན་པ་ཡིན་པས། ཁྱེད་རང་ཚགས་གྱིས་ལ་དར་འདིས་དེའི་ན་བཟའ་གྱིས་གསུངས། ངས་ཀུ་རེ་བྱས་པ་ཡིན། མི་ལ་མ་ཟློ། སྡིག་པ་སོག་པའི་རྒྱུ་ཡིན་གསུངས། དེ་ནས་དགུང་ལོ་དྲུག་ཅུ་རྩ་ལྔ་བཞེས་པའི་དུས་སུ། མེ་ཕོ་རྟའི་ལོ་ཟླ་བ་བརྒྱད་པ་ལ། བྱང་ངོས་ལིང་ཆུར་གདན་ཕེབས། དེའི་དུས་སུ་རྒྱལ་བུ་གོ་དན། གུ་ཡུག་གན་རྒྱལ་སར་བཏོན་པ་ལ་ཧོར་ཡུལ་དུ་བཞུད་ནས། ཚུར་བྱོན་པ་དང་ལུག་ལོ་ཟླ་བ་གཅིག་པ་ལ་མཇལ། རྒྱལ་བུ་ཡང་ཤིན་ཏུ་མཉེས་ནས། ཆོས་དང་འཇིག་རྟེན་གྱི་ལུགས་ཀྱི་གསུང་གླེང་མང་པོ་ཡང་མཛད་པར་གདའ། དེའི་གོང་དུ་རྒྱལ་བུའི་དྲུང་དུ་བོད་ཀྱི་བནྡེ་ཡང་འགའ་རེ་འདུག་པ་ལ། སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་གྱི་ཁྱད་པར་གང་ཡང་བསྐྱེད་པར་མ་ནུས་ནས། སྨོན་ལམ་འདེབས་པ་ལ་དབང་བར་ཁས་ལེན་པ་འཚོགས་པའི་དུས་སུ། ཨེརྐ་འུན་དང༌། ཧོར་གྱི་ལྷ་པ་ཚོ་གྲལ་མགོར་འཇོག་པ་ཡོད་པར་འདུག དེ་ནས་རྒྱལ་བུ་དང་བླ་མ་ཆོས་རྗེ་པ་ཆོས་ཀྱི་གསུང་གླེང་མང་པོ་མཛད་པ་ལ། མགོ་བའི་སྐབས་སུ་ཡུ་གུར་གྱི་དགེ་བའི་བཤེས་གཉེན་མཁས་པ་མང་པོས་ཀྱང་མཚམས་སྦྱོར་བྱས་ནས། ཆོས་ཀྱི་དོན་ཐམས་ཅད་ལེགས་པར་གོར་བཅུག་པས། རྒྱལ་བུ་ཡང་ཤིན་ཏུ་མཉེས་པར་བྱུང་ནས། དེ་རིང་ཕྱིན་ཆད་ཨེརྐེ་འུན་དང་ལྷ་པ་ཚོ་བནྡེའི་གྲལ་མགོར་མ་སྡོད། ཐམས་ཅད་ཀྱི་གྲལ་མགོར་བླ་མ་ཆོས་རྗེ་པ་བཞུགས་ལ། སྨོན་ལམ་འདེབས་པའི་དུས་སུ་སྔོན་ལ་བནྡེའི་སྨོན་ལམ་ཐོབ་གསུངས་པའི་ལུང་བྱོན་ནས། ཧོར་གྱི་རྒྱལ་ཁམས་སུ་རབ་ཏུ་བྱུང་བའི་དབུ་འཕང་བསྟོད། དེ་ནས་རྒྱལ་བུ་གོ་དན་ལ་ཤ་བཀྲའི་ནད་ཅུང་ཟད་བྱུང་བའི་རིམ་གྲོར། ཆབ་གཏོར་འཇམ་དཔལ་མ་མང་དུ་མཛད་པས། ལུག་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གཅིག་གི་ཐོ་རངས་མནལ་ལམ་དུ། མི་འཐེང་པོ་ལུས་ལ་རྨ་དང་ཤུ་བས་གང་བ་ཅིག་བྱུང་བ་ལ། ཁྱོད་སུ་ཡིན་ཅེས་དྲིས་པས། ང་ལ་དཔོན་གཅིག་ཡོད་པ་ན་རེ། ས་སྐྱ་པས་འབོད་ཅིང་འདུག་པས། ཁྱོད་སོང་ལ་ཅི་ཟེར་ཉོན། ང་ནི་ལུས་པོ་ན་བས་འགྲོ་མི་ནུས་པར་འདུག་ཟེར་ནས་ཡོང་བ་ཡིན་ཟེར། དེ་ནས་ཆོས་རྗེ་པས་གོ་དན་གྱིས་གསེར་ཡིག་པ་བཏང་ནས། ངེད་ཐག་རིང་པོ་ནས་བོས། ད་འདི་ལ་ཕན་པ་ཅིག་དགོས་པར་འདུག་པས། ནད་འདིའི་རྒྱུ་ཅི་ཡིན། ད་ཐབས་ཅི་བྱས་པས་ཕན་ཞེས་དྲིས་པས། མི་དེ་ན་རེ། ཡུལ་ཕྱོགས་འདི་རྣམས་སུས་ཀྱང་མ་བཟུང་བའི་དུས་སུ། ངའི་དཔོན་དེས་བདག་པོ་བྱས་པ་ཡིན། དེའི་ཚེ་གོ་དན་འདི་ཤཱཀྱ་མུ་ནི་ལ་བསོད་ནམས་བསགས་པའི་རྒྱལ་བུ་ཅིག་ཏུ་སྐྱེས། དེ་ནས་ཚེ་འཕོས་ནས་མི་ཉག་གི་རྒྱལ་པོ་ཅིག་ཏུ་སྐྱེས། རྒྱལ་པོ་དེས་ངའི་ཁང་པའི་སྟེང་དུ་མཁར་ལས་བྱས། མི་ཉག་རྒྱལ་པོ་དེས་ཀྱང་བནྡེ་རྣམས་ལ། ངས་མཁར་ལས་བྱེད་པའི་ས་གཞི་སློང་ཟེར། བནྡེ་རྣམས་དབྱངས་འདྲ་བྱེད་པ་དང༌། རོལ་མོ་འདྲ་དཀྲོལ་བ་དང༌། གཏོར་མ་འདྲ་བཏང་གིན་འདུག་སྟེ། ས་ཆོག་མི་ཤེས་པར་འདུག་པས་ས་གཞི་མ་བྱིན། དེར་རྒྱལ་པོས་མཁར་ལས་བྱས་པས། ངེད་དཔོན་གཡོག་རིས་ནོན་པ་བཞིན་སོང༌། དེ་ནས་མི་ཡི་བསོད་ནམས་མ་ཐུབ་པས། བྱང་ངོས་འདིར་འོངས་ནས་ཡུལ་ལེགས་པར་བཟུང༌། དེར་ཡང་རྒྱལ་བུ་དེ་འོངས་ནས་ངེད་ཀྱི་སྟེང་དུ་མེ་བཏང༌། ས་བརྐོས། གཞན་ཡང་གནོད་པ་མང་དུ་བྱས། དེར་ཡང་སྡོད་ས་མ་བྱུང༌། དེ་ནས་ངའི་དཔོན་པོ་དེ་ཁྲོས་ནས་ཡུལ་ཕྱོགས་ཀྱི་ལྷ་འདྲེ་རྣམས་བསྡུས་ནས། རྒྱལ་པོ་འདིས་ང་ཡུལ་ལན་གཉིས་ཕྱུང་བས། ད་འདི་ལ་གནོད་པ་ཅིག་བྱེད་པས་ཁྱེད་རྣམས་ཀྱིས་གྲོགས་གྱིས་བྱས་པས། ལྷ་འདྲེ་རྣམས་ན་རེ། རྒྱལ་པོ་འདི་ཤཱཀྱ་མུ་ནི་ལ་བསོད་ནམས་བསགས་པ་ཡིན་པས། འདིའི་སྟོབས་མི་ཐུབ་ཀྱིས། ཁྱོད་སྐམ་སར་མ་སྡོད་པར་ཆུ་མིག་དང་འདམ་རྫབ་ཡོད་སར་ཡུལ་ཟུང་ཟེར་ནས་དེར་བསྡད་པའི་དུས་སུ། རྒྱལ་པོ་དེས་རྒྱལ་པོ་སྔ་མ་ཀུན་གྱི་བནྡེ་རྣམས་ལ་རྒྱུགས་བྱིན་པའི་ཡི་གེ་བལྟས་པས། སྔར་གྱི་རྒྱུགས་ཆེས་ཟེར་ནས་ཕྲིས། དེའི་ཚེ་རྒྱ་པོ་དེས་གསེར་གྱི་ཤཱཀྱ་མུ་ནི་འདི་ངེས་པར་གསེར་ཡིན་ནམ། ཤིང་ངམ། རྡོ་ཡིན་ནམ་བལྟ་ཞེས་ཟེར་ཏེ། ཞབས་ལ་གཟོང་གིས་བརྐོས་པ་དང༌། དེ་ནས་ལྷ་འདྲེ་རྣམས་ན་རེ། ད་འདིའི་བསོད་ནམས་ཀྱི་ཆ་ཉམས་པས་བར་ཆད་བྱ་བའི་དུས་ལ་བབ་ཟེར་ནས་ལྷ་འདྲེ་རྣམས་འཚོགས་པ་དང༌། འདི་བསོད་ནམས་ཅན་ཡིན་པས། གཞན་སུས་ཀྱང་བརླག་པར་མི་ནུས་པས་ནང་གི་བློན་པོ་དང་རྒྱལ་པོ་ལ་ཕྲ་མ་གཞུག་ཟེར་ནས་ཕྲ་མ་བཅུག་པས། དེར་བློན་པོས་བསད། དེར་རྒྱལ་པོ་དེས་འཆི་ཁར་སྨོན་ལམ་བཏབ་སྟེ། ང་ཚེ་ཕྱི་མ་ལ་རྒྱལ་པོ་ཅིག་གི་བུར་སྐྱེས་ནས་ཁྱེད་རྣམས་ལ་གནོད་པ་སྐྱེལ་ཞིང་ཁྱེད་རྣམས་བྲན་བཞིན་དུ་འཁོར་བར་ཤོག་ཅིག ཅེས་སྨོན་ལམ་བཏབ་པས། ཇིམ་གྱི་རྒྱལ་པོའི་ཚ་བོར་སྐྱེས་ཏེ་གོ་དན་ཡིན། དེས་བྱང་ངོས་འདིར་ཡོངས་ནས་ངེད་ཀྱི་སྡོད་ས་ཆུ་དང་འདམ་རྫབ་ཀྱི་སྟེང་དུ་རྟ་རྒྱུག དེར་རྟ་བསད། རྟ་ཁྲག་གང་སོང་སར། ངད་ལ་ལ་ན། ལ་ལ་ཤི ངའི་ལུས་ལ་ཡོད་པའི་སྦལ་ལྕོང་འདི་རྣམས་ཀྱང་འཆི་ལ་ཁད་པ་ལ། ངའི་ལུས་ཀྱི་དྲོད་ཀྱིས་མ་འཆི་བ་ཡིན་ཟེར་ནས་ལུས་ལ་སྦལ་པ་དང༌། ལྕོང་མོ་ཕྱེད་སྐམ་པ་དང༌། འཆི་ལ་ཁད་ཡོད་པ་ལ། དེ་གོང་གི་བནྡེ་རྣམས་ཀྱིས་གོ་དན་ལ་སྨོན་ལམ་འདྲ་འདེབས་པ་ལས། ངེད་ཀླུ་ལ་ཕན་པ་ཅིའང་མ་བྱུང༌། ད་ཁྱོད་ས་སྐྱ་པས་སྨན་དང་བཟའ་རྒྱུ་བྱིན་པས་ངེད་ཀླུ་ལ་ཕན་པར་བྱུང༌། ང་གར་ཡང་འགྲོ་མི་ནུས་པ་ལ་ད་རེས་ཅུང་ཟད་ཕན་པ་ཡིན། ད་ང་ཡི་དཔོན་དེ་འཆི་ལ་ཁད་ཡོད་དེ། དེ་འཆི་ན་གོ་དན་ཡང་འཆི། ང་ཡི་དཔོན་དེ་གསོས་ན། གོ་དན་ཡང་གསོས་པས། རིམ་གྲོ་ཡང་ཆུང་ཆུང་གིས་མི་ཕན་མི་སོས་པས། ཁྱོད་ཀྱིས་ང་ཡི་དཔོན་པོ་དང༌། གོ་དན་གསོ་བའི་འབད་པ་ཆེན་པོ་གྱིས། ང་ཡི་དཔོན་པོ་གསོས་ན་གོ་དན་ཡང་གསོས། དེ་གསོས་ན་ཁྱོད་ཀྱང་བཟང་པོར་འགྲོ་ཟེར། དེ་ནས་ཆོས་རྗེ་པའི་ཐུགས་དགོངས་ལ། ད་འདི་ལ་ཐབས་ཅི་བྱས་ན་ཕན་འདྲི་སྙམ་པ་ལ། བར་ཆད་ཅུང་ཟད་ཅིག་གི་དེ་ཡལ་སོང་གསུངས་སོ། །དེ་ནས་རྒྱལ་བུའི་དོན་དུ། འཕགས་པ་སེང་གེ་སྒྲའི་ཆོ་ག་མཛད་པས། རྒྱལ་པོ་ནད་ལས་ཐར་བས་ཤིན་ཏུ་དད་དེ། ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་དུ་མ་ཞུས། མཆོད་གནས་རྣམས་ཀྱི་ཕུད་དུ་བཀུར། དེ་ནས་བཟུང་སྟེ་སྐད་རིགས་མི་གཅིག་པའི་གདུལ་བྱ་ཆོས་ལ་མི་དད་པ་རྣམས་ཆོས་ལ་དད་པར་བྱས། དད་པ་རྣམས་ཐེག་ཆེན་ལ་བཙུད། མདོར་ན་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པས་བསྟན་པའི་དར་རྒྱས་ཕུལ་དུ་ཕྱིན་པར་མཛད་དོ། །དེ་ནས་བོད་དུ་བྱོན་པ་བས་ཀྱང་བྱང་ངོས་སུ་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་གནས་དེ་ཉིད་དུ་ཐུགས་ཕབ། བོད་ཀྱི་གྲྭ་སློབ་རྣམས་ལ་གནང་སྦྱིན་དང་འབུལ་བ་མང་པོ་བསྐུར། ཆོས་ཀྱི་སྐྱེས་སུ་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ་ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བ་བསྐུར་ནས། ཚོགས་ཆོས་འདི་དབུས་གཙང་ཁམས་གསུམ་དུ་ངས་བཤད་པ་ཡིན་པས། ངའི་སློབ་མ་ཐམས་ཅད་ཀྱིས་ལུང་ཐོབ་པ་ཡིན་པས་ཡི་གེ་འདི་ལ་ལྟོས་ལ་ཤོད། འདི་བཞིན་དུ་ཉམས་སུ་ལོངས་གསུང་ངོ༌། །དེ་ལྟ་བུའི་བླ་མ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ་དེ་དགུང་ལོ་བདུན་ཅུའི་བར་དུ་རྒྱལ་བའི་བསྟན་པ་དང༌། སེམས་ཅན་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་ནས། མཐར་གཟུགས་ཀྱི་སྐུའི་བཀོད་པ་ཇི་ལྟར་བསྡུ་བའི་ཚུལ་སློབ་དཔོན་བི་ཇིའི་གསུང་ལྟར་བརྗོད་ན། ལྕགས་མོ་ཕག་གི་ལོ་ལ་གཞན་དོན་ལ་བཞུད་པའི་དུས་སུ། ཐ་སྐར་གྱི་ཟླ་བ་ལ་ལྟས་ཆེན་པོ་བཅོ་བརྒྱད་བྱུང༌། ཐ་སྐར་གྱི་ཚེས་བརྒྱད་ཀྱི་ཉིན་པར་ས་གཡོས་ཆེན་པོ་བྱུང༌། བདག་བི་ཇི་ལྷ་རྗེས་རྒྱུ་མཚན་ཞུས་པས། རྒྱལ་བའི་སྲས་སུ་གྱུར་པ་ཆེན་པོ་རྣམས་གཞན་དོན་ལ་འགྲོ་བའི་ལྟས་ཡིན། འོ་ཅག་ཀྱང་དེའི་རྗེས་སུ་འཇུག་པ་འདྲ་གསུང༌། ཉི་ཤུ་དགུའི་ནམ་ཕྱེད་ན་ལོངས་སྐུའི་ཆ་ལུགས་སྒྲ་དབྱངས་མི་ཟད་པ་སྒྲོགས་པའི་རྒྱལ་པོ་མངོན་སུམ་དུ་བྱོན། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་བྱོན་ནས། ཁྱོད་ཀྱིས་སྤོས་ཕུལ་གསུངས་ནས་བདག་གིས་སྤོས་ཕུལ་ཐོ་རངས་ཀྱི་དུས་སུ་སྤྱན་རས་གཟིགས་དབང་ཞལ་བཅུ་གཅིག་པའི་བྱིན་རླབས་མཛད་པའི་སྣང་བ་བྱུང༌། སྤོས་ཕུལ་གསུང་བས་བདག་གིས་སྤོས་ཕུལ། སྨིན་དྲུག་ཟླ་བའི་ཡར་ཚེས་དྲུག་གི་ཉིན་པར་སྒྲ་སྣ་ཚོགས་གྲག བདག་དྲུང་ན་ཡོད་པས། ལྷ་ཁང་གི་ནང་ན་རྣམ་རྒྱལ་མཆོད་པ་བྱེད་མི་རྣམས་ཡིན་ནམ་ཞུས་པས། ལྷ་ཁང་ན་རྣམ་རྒྱལ་བྱེད་པ་ལ་བལྟར་སོང་གསུང༌། དེ་བལྟར་ཕྱིན་པས་ཁོང་རྣམས་ཀྱིས་ཀྱང་སྒྲ་ཐོས་ནས་ཅི་ཡིན་ནམ། ཁྱེད་ཞུར་སོང་ཟེར་བདག་གིས་ཞུས་པས་ལྷའི་སུན་མ་མང་པོ་བྱུང༌། མཆོད་པ་གྱིས། ད་རང་གཞན་དོན་ལ་འགྲོ་དགོས་པ་ཡིན་གསུང༌། མེ་ཏོག་གི་ཆར་པ་ས་ལ་འབབ་རྒྱུ་མེད་པ་ནམ་མཁའ་ལ་མང་པོ་བྱུང༌། ཚེས་བཅུ་གསུམ་གྱི་ཉིན་པར་གདུགས་ལ་བཞུགས་པའི་དུས་སུ། ཉི་མ་ཡོད་འཕྲོ་ལ། སྤྲིན་དཀར་པོ་ལེགས་པ་ཅིག་ནར་གྱིས་བྱུང༌། ནམ་མཁའ་ལ་ཕྱག་མཛུབ་གཏད་ནས་བཞད་ཅིག་མཛད་ནས། ཁྱོད་ཀྱིས་ཨེ་མཐོང་གསུང༌། བདག་གིས་མཐོང༌། ཤིན་ཏུ་སེམས་དགའ་བ་ཅིག་བྱུང་ཞུས་པས། སྡིག་ཤས་ཆུང་བར་འདུག་སྟེ། འོན་ཀྱང་སྡིག་པའི་དྲི་མ་ཡོད་འདྲ་བས་སྡིག་སྦྱོང་གྱིས་གསུངས། སངས་རྒྱས་བཅོམ་ལྡན་འདས་སེང་གེའི་ཁྲི་ལ་འཁོར་ཉན་ཐོས་དང་བཅས་པ་བཞུགས་པའི་སྣང་བ་བྱུང་བས་སྤོས་ཕུལ་གསུང༌། དེ་ནས་སྤོས་ཕུལ། བཅུ་བཞིའི་ཉིན་པར་ཕྱི་དྲོ་གདུགས་ལ་བཞུགས་པའི་དུས་སུ། སྤྲིན་སྔར་གྱི་འདྲ་བ་ཅིག་བྱུང༌། དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གསལ་པོར་གཟིགས་པས་སྤོས་ཕུལ་གསུངས་ནས་སྤོས་ཕུལ། བཅོ་ལྔའི་སྔ་དྲོ་ཡང་ཕྱི་ན་བཞུགས་པའི་དུས་སུ་སྤྲིན་སྔར་གྱི་འདྲ་བ་ཅིག་བྱུང༌། འཇམ་དབྱངས་ལན་གསུམ་གཟིགས། ཡང་སྤོས་ཕུལ། སྤོས་ལན་གསུམ་ཕུལ་བའི་རྟིང་ལ། ང་ལ་གཟིགས་ནས་བཞད་ཅིག་མཛད། ཅི་ལགས་ཞུས་པས། འཇམ་དབྱངས་དང་བྱམས་པ་གཉིས་བགྲོ་གླིང་མཛད་ཀྱིན་འདུག་གསུང༌། དེའི་ཚིག་ཀྱང་གསུངས་པས་བརྗེད། དེའི་ཕྱི་ཉིན་བསྐོར་བ་མཛད་དུས་སུ། མཆོག་སྦྱིན་དཔལ་གྱིས་བཞུགས་ཁྲི་ཅོག་ཙེ་ཆུང་ཆུང་ཅིག་དང༌། བཞུགས་འབོལ་ཅིག་བཟུང་ནས་སྔོན་ལ་འགྲོ། བདག་གི་དཔུང་པ་གཡས་ལ་ཕྱག་གིས་བརྟེན་ནས་བཞུད། མཆོད་ཁང་ཐད་སོར་བྱོན་པ་དང༌། བཞུགས་ཁྲི་དེ་ལ་བཞུགས་ནས། མཆོག་སྦྱིན་དཔལ། ད་ཁྱོད་ཇ་སྐོལ་དུ་སོང་གསུང༌། བདག་ལ་ཁྱོད་སོང་ལ་སྤོས་ཅིག་སྦྱོར་ལ་ཤོག་གསུང༌། སྤོས་ཡོང་བ་དང་ཨཱ་ཡུ་སྟ་ར་གསུང༌། སྒྲོལ་མས་ཞལ་གཟིགས་པར་འདུག ཚེས་བཅུ་བདུན་གྱི་ནམ་གུང་ཙམ་ལ། བདག་དྲུང་ན་ཅོག་གེ་ཡོད་པས། གཟིམས་པ་དེ་ཙོག་གིས་བཞེངས་ནས། ཁྱོད་ཀྱིས་ཅི་ཡང་མ་མཐོང་ངམ། ཀླུ་དབྱངས་རོལ་མོའི་སྒྲ་ཐོས་སམ་གསུང༌། སློབ་དཔོན་ཇོ་ལྡན་དང་ངེད་མང་རབ་ཡོད་པས་རོལ་མོའི་སྒྲ་ཐོས་གཞན་ཅི་ཡང་མ་མཐོང་ཞུས་པས། བདག་ལ་གཟིགས་ཏེ། བདེ་མཆོག་གིས་གཙོ་བྱས་པའི་དཀྱིལ་འཁོར་བཅུ་གསུམ་གྱི་སྣང་བ་བྱུང་གསུང༌། དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་གླུ་དང་གར་མཛད་ཀྱིན་འདུག་གསུང༌། ཚིགས་བཅད་མང་པོ་ཅིག་གསུང་བ་བདག་གིས་མ་ཟིན། སློབ་དཔོན་ཇོ་ལྡན་གྱིས་མང་རབ་ཟིན་སྣང་བ་འདིར་མ་བྲིས། གཞན་ལ་མ་བཤད་སྡིག་པ་བསོག་པའི་རྒྱུར་འགྲོ་གསུང༌། ཇུ་གུར་མེ་མར་ན། དགེ་བཤེས་རྡོ་རང་ཟེར་བ་ཅིག་ན་ཞིང་ཡོད་པས། བདག་གིས་སློབ་མ་རིན་ཆེན་རྒྱལ་མཚན་བལྟར་བཏང་བས། བཤང་ལྕི་ཐམས་ཅད་མལ་དུ་བཏང༌། གཡོག་པོ་མེད། སྡུག་པར་སྣང་བའི་ལོ་རྒྱུས་དྲུང་ན་ཟློ་ཞིང་སྣང་བ་དང༌། ཆོས་རྗེའི་ཞལ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཁྱེན་བཞིན་དུ་ཐུགས་རྗེས་མི་གཟིགས་པ་གསུང༌། དེའི་ནུབ་མོ་ཐོ་རངས་བླ་མ་རྗེ་བཙུན་པ་དང༌། སློབ་དཔོན་བིརྺ་པ་དང༌། ནག་པོ་པ་གསུམ་བྱོན་ནས། ཁྱོད་དེ་ལ་ཡི་མ་ཆད། ཟག་བཅས་ཀྱི་ལུས་འདི་ལ་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་ཡོད་པ་ཡིན་གསུང༌། བིརྺ་པས་འཛུམ་པ་མཛད། ནག་པོ་པས་དེ་ཡིན་གསུང༌། བིརྺ་པས་ཐོད་པའི་བདུད་རྩི་ལ་སྲིན་ལག་གིས་རེག་ནས། ཁྱོད་ཀྱི་ལྗགས་རྐྱོངས་གསུངས་ནས། ལྗགས་ལ་ཐིག་ལེ་བྱས་པའི་སྣང་བ་བྱུང་གསུང༌། དེའི་དུས་སུ་རྟོག་པ་དང་རྟོག་མེད་མཐའ་ལས་འདས་པ། བདེ་གསལ་མི་རྟོག་པ་རྒྱལ་བ་རྣམས་ཀྱི་ཐུགས་ལའང་འདི་ལས་ལྷག་པ་མེད་སྙམ་པའི་སྣང་བ་བྱུང༌། དེ་ནས་བླ་མ་རྗེ་བཙུན་པས་འདི་ནས་གཞན་དོན་ལ་འགྲོ་བའི་དུས་སུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དུ་མ་བརྒལ་བའི་ཕ་རོལ་ཏུ་མཁའ་ལ་གནས་པའི་རིག་པ་འཛིན་པར་གྱུར་ནས། དེ་བཞིན་གཤེགས་པ་དུ་མ་མཉེས་པར་བྱས་ཤིང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང༌། སེམས་ཅན་དུ་མ་ཡོངས་སུ་སྨིན་པར་བྱས་ནས། ས་དང་ལམ་ཕལ་ཆེར་བགྲོད་དེ། སྐྱེ་བ་གསུམ་པ་ལ་འཛམ་བུའི་གླིང་འདི་ཉིད་ཀྱི་རྒྱ་གར་ཤར་ལྷོ་མུ་མུ་ནིར་ཞེས་བྱ་བར། རྒྱལ་པོ་ཉི་མའི་སྟོབས་འཕེལ་ཞེས་བྱ་བའི་བུར་འཁྲུངས་ནས་གཞོན་ནུ་ལ་རྩོམ་པ་དང༌། འཆད་པ་མང་པོ་མཛད། མངོན་པར་ཤེས་པས་འཇིག་རྟེན་ཐམས་ཅད་གཟིགས་ནས། འཁོར་དད་ལྡན་འབུམ་ཕྲག་དུ་མ་གྲོལ་བར་བྱས་ནས་དེའི་དུས་སུ་ངས་དབང་བསྐུར་བ་དང༌། ཆོས་འབྲེལ་བྱས་པ་ཙམ་ཐམས་ཅད་ང་ཡི་འཁོར་དུ་འོང་བར་འདུག་གསུངས་པའི་ཚིག་ཀྱང་ཡོད། སྐུ་ཚེའི་ཚད་ཀྱང་ཡོད་པ་བརྗེད་ཟིན། དེ་ནས་སྐུ་ཚེ་འཕོས་ནས། སངས་རྒྱས་དྲི་མ་མེད་པའི་དཔལ་ཞེས་བྱ་བ་སྐུ་སྐྱེ་བ་བཞེས་ནས། སེམས་ཅན་གྱི་དོན་མཛད་པར་འདུག་གསུང༌། རྗེ་བཙུན་པས་བིརྺ་པ་ལ་དེ་ལྟར་ལགས་སམ་གསུང༌། སློབ་དཔོན་གྱིས་དེ་ཡིན་གསུང༌། ནག་པོ་པས་ཀྱང་དེ་ཡིན་གསུངས་ནས་མཐུན་འགྱུར་མཛད། དེ་ནས་བདག་ལ་ཚོགས་ཀྱི་མཆོད་པ་ཤོམས་ཤིག་གསུངས་ཏེ་བཤམས་སོ། །དེ་ནས་ཟབ་མོའི་ལམ་ལ་ནན་ཏན་དུ་མཛད་པའི་སྟོབས་ཀྱིས་གསང་བའི་གནས་ལྟར་མི་མངོན་པ་དང༌། དབུའི་གཙུག་ཏོར་གསལ་པོར་འཕགས་པ་དང༌། སྨིན་མཚམས་ཀྱི་མཛོད་སྤུ་དུང་ལྟར་འཁྱིལ་བ་ལ་སོགས་པའི་སྐུ་ཡོན་ཏན་དང་ལྡན་པར་གྱུར་ཏོ། །ཟླ་བ་བཅུ་གཅིག་པའི་ཡར་ཚེས་བདུན་ལ། སྤྲུལ་པའི་ལྷ་ཁང་ན་ཚོགས་ཚད་ཀྱིས་ཐོས་པའི་སྒྲ་སྣ་ཚོགས་པའི་རོལ་མོ་གྲགས། ཁོ་བོས་རྒྱུ་མཚན་ཅི་ལགས་ཞུས་པས་ཁྱེད་ཐམས་ཅད་གསོལ་བ་འདེབས་པ་ལ་བརྩོན་པར་གྱིས་གསུང༌། ལམ་ཕ་རོལ་ཏུ་ཕྱིན་པའི་ལུགས་ལ། མགོ་དང་རྐང་ལག་བདོག་པ་ཐམས་ཅད་གཏོང་བ་བས་ཀྱང༌། དབང་བསྐུར་བ་མཆོག་ཐོབ་པའི་བླ་མ་ལ། མོས་གུས་དང་ཞབས་ཏོག་སྐད་ཅིག་ཙམ་བྱས་པ་བསོད་ནམས་ཆེ་གསུང༌། ཡོད་ཚད་བླ་མ་རང་ལ་ཕུལ་བས་དེའི་དུས་སུ་བདག་ལ་འབུལ་རྒྱུ་མེད་པས། སྔོན་གནས་བརྟན་རྐང་པ་བཅོས་པའི་ཡོན་དུ་བྱིན་པའི་ཞྭ་ཕྲུག་གི་ཕྱམ་ཚེ་དམར་པོ་སོ་མ་ལེགས་པ་ཅིག་ཡོད་པ་དེ་ཕུལ་ནས། ཆོས་རྗེ་རང་གིས་བསྣམས་ནས་ཡོད་པས་དེ་འབུལ་དགོས་སྙམ་པ་ཅིག་བྱུང་བས། ཞལ་འཛུམ་པ་ཅིག་མཛད་ནས། དེ་ང་ལ་འབུལ་མི་དགོས། དེ་སྔར་ངས་གོན་པ་དེ་ཕུལ་བ་ཡིན། ཁོ་བོ་བྱང་ཆུབ་དམ་པ་བརྙེས་པའི་དུས་སུ་ཨ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ། ཁྱེད་སློབ་མ་རྣམས་ཀྱིས་ཞབས་ཏོག་ཅི་བྱས་ཐམས་ཅད་གཟིགས་པ་ཡིན། དེའི་དབང་བསྐུར་སེམས་བསྐྱེད་ཞབས་ཏོག་ཅི་བྱས་པ་ཐམས་ཅད་དང་ཁོ་བོ་མཐོང་ཞིང་རྗེས་སུ་དྲན་པ་ཐམས་ཅད་དང་རེག་པ་དང༌། གཏམ་བྱས་པ་དང༌། འབྲེལ་པ་བྱས་པ་ཐམས་ཅད་དོན་མེད་པར་མི་འགྱུར་བར། ངན་འགྲོའི་སྡུག་བསྔལ་ལས་གྲོལ་བ་ཡིན། དེས་ན་ཁྱོད་ཀྱང་ངའི་ཞབས་ཏོག་མང་པོ་བྱས་པས་དགའ་བ་སྒོམས་ཤིག་གསུང༌། བདག་གིས་ནུབ་ཅིག་སྲོད་ནས་ཐོ་རངས་ཀྱི་ཆ་ཚུན་ཆད་ལ་རེས་སྐུའི་རྒྱབ་ནས་བརྟེན། རེས་སྐུའི་སྟ་ཟུར་ནས་བརྟེན་པས། འདུལ་བ་རྒྱལ་མཚན་ལ་ཤོག་གསུངས་ནས། དཔོན་མོ་ཟོ་རོག་ཏས་ཕུལ་བའི་ཕྱམ་ཚེ་དེ་ཁྱེར་ལ་ཤོག་གསུངས་ནས། བདག་ལ་འདི་ཁྱོད་གོན། འོ་ཅག་གཉིས་ཚེ་སྔ་མ་ནས་འབྲེལ་པ་མང་པོ་ཡོད་པ་ཡིན་གསུང༌། ཁྱོད་དང་པོ་ངའི་ཇ་འདྲེན་པར་བྱས། དེ་ནས་མི་ཉག་འགའ་རུ་ཇོ་འབུམ་གུག་ཤྲཱིའི་རྩར་བརྫངས། དེར་ཧོར་གྱིས་དེད་པ་ལ་མ་ཤི་བས། ད་ལྟར་ངའི་ཞབས་ཏོག་མང་དུ་བྱས། ཕྱི་མ་ལ་ངའི་དྲུང་དུ་མི་སྐྱེ་ཁ་མེད་ཡིན་གསུང༌། སྨལ་པོའི་ཟླ་བའི་ཡར་ཚེས་བཅུ་བཞིའི་ཐོ་རངས་ཀྱི་ཆ་ལ་སྣ་ཚོགས་རྒྱལ་མཚན་དང༌། རོལ་མོའི་སྒྲ་དང༌། གླུའི་མཆོད་པ་སྣ་ཚོགས་པ་དང་ས་གཡོ་བ་དང་བཅས་པས་ཞི་བར་གཤེགས་པར་གྱུར་ཏོ། །ཉི་ཤུ་ལྔའི་ཉིན་པར་གདུང་བཞུས་པའི་དུད་པ་ཐམས་ཅད་ཀྱང་འཇའི་རྣམ་པར་གྱུར། རོལ་མོའི་སྒྲ་མང་པོ་ཡང་སྐྱེ་བོའི་ཚོགས་པ་ཐམས་ཅད་ཀྱིས་ཐོས་སོ། །གདུང་ཡང་ཕལ་ཆེ་བ་ཞིག་རིང་བསྲེལ་དུ་གྱུར་ཏོ། །རྡོ་རྗེ་འཆང་དབང་ཆེན་པོ་ལ། །སོ་སོ་སྐྱེ་བོར་རྟོག་པ་འཁྲུལ། །དུང་ལ་སེར་པོར་མཐོང་དང་མཚུངས། །མཛད་པ་མཛད་ཀྱིན་བྱིན་གྱིས་རློབས། །བླ་མ་ཆོས་ཀྱི་རྗེ་ས་སྐྱ་པུཎྜི་ཏ་ཆེན་པོའི་རྣམ་པར་ཐར་པ་དང༌། བདེ་བ་ནས་བདེ་བར་གཤེགས་པའི་དུས་སུ་ལུང་བསྟན་པའི་རྟོགས་བརྗོད་ཆ་འགའ་ཙམ་ཞིག་བརྗོད་པ། དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་ལས། སླར་ཡང་བླ་མ་དམར་སྟོན་ཆོས་ཀྱི་རྒྱལ་པོ། མཁས་པ་རྒྱལ་བ་དཔལ། བི་ཇི་རིན་ཆེན་གྲགས། དམ་པ་ཀུན་དགའ་གྲགས། བར་སྟོན་རྡོ་རྗེ་རྒྱལ་མཚན་རྣམས་ཀྱིས་མཛད་པའི་རྣམ་ཐར་ལས་དོན་ཚང་བར་བསྡུས་ཏེ། སྒྲོ་སྐུར་དང་བྲལ་བའི་རྣམ་ཐར་གསུང་སྒྲོས་མ་ཡོངས་སུ་རྫོགས་སོ།།  །།གསན་ཡིག་སོགས་རྒྱས་པར་དངོས་གྲུབ་བརྙེས་པ་སློབ་དཔོན་རིན་ཆེན་དཔལ་གྱིས་མཛད་པའི་རྣམ་ཐར་དུ་བལྟའོ།།  །།  «༄༅། །བླ་མ་དམ་པ་གྲུབ་ཆེན་བུདྡྷ་ཤྲཱིའི་རྣམ་པར་ཐར་པ་བཞུགས།།»  ༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་གསུང་རབ་ཆུ་གཏེར་ལས་འོངས་པའི། །དཔལ་གྱི་འབྱུང་གནས་མན་ངག་ཡིད་བཞིན་ནོར། །ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་རྩེར་མཆོད་པ། །སྒྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མར་འདུད། །གང་ལ་ལུང་དང་མངོན་རྟོགས་ཀྱི། །རྨད་བྱུང་ཡོན་ཏན་རིན་པོ་ཆེ། །ཇི་ལྟར་མངའ་བའི་རྟོགས་བརྗོད་རྣམས། །མཐའ་གཉིས་སྤངས་ཏེ་བཤད་ཀྱིས་ཉོན། །བདག་གི་བླ་མ་ལུང་དང་རྟོགས་པའི་ཡོན་ཏན་གྱི་ཆོས་མཐའ་ཡས་པ་ལ་དབང་འབྱོར་པའི་བདག་ཉིད་གྲུབ་ཆེན་བུདྡྷ་ཤྲཱི་ཞེས་རྣམ་པར་གྲགས་པ་འདིའི་ཡབ་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་གྱི་ཞབས་འབྲིང་པ་ཆེན་པོ་གུ་ཤྲཱི་དཔལ་འབྱོར་ལེགས་པ་ཞེས་བྱ་བ། ཧོར་ཡུལ་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་པར་མཛད་པ་པོ་དེ་དང༌། ཡུམ་སྒྲོལ་མ་འབུམ་ཞེས་པ་གཉིས་ཀྱི་སྲས་སུ་ས་མོ་ཡོས་ཀྱི་ལོ་ལ། ལ་སྟོད་བྱང་གི་ཕྱོགས་འབྲོག་གི་དགོན་པ་སྒོ་ཕུ་ཞེས་པར་འཁྲུངས། ཆུང་ངུ་ནས་བླ་མ་ཤཱཀྱ་བཟང་པོ་ལ་དགེ་བསྙེན་ཞུས། ཚེ་དཔག་མེད་ཀྱི་དབང་ནོད་དེ་མཚན་ཡང་སངས་རྒྱས་དཔལ་དུ་བཏགས། སྤྱོད་འཇུག་ཁ་དོན་བྱེད་པའི་མ་མ་ཅིག་དང་ལྷན་ཅིག་ཏུ་བཞུགས་པས་གཞུང་ཐུགས་སུ་ཆུད། ཀློག་དང་ཡི་གེ་སོགས་ལ་སྦྱངས་ནས་དགེ་བསྙེན་གྱི་རྟེན་དེ་ཉིད་ལ་སྒོ་ཕུར་བཤད་གསར་མཛད། རང་གི་ཞང་པོ་སློབ་དཔོན་དྷྭ་ཛ་ཤྲཱི་ལ་བརྟག་པ་གཉིས་པའི་རྒྱུད་དང༌། ཀྱེ་རྡོ་རྗེའི་ལག་ལེན་སོགས་སློབ་གཉེར་མང་དུ་མཛད། དགུང་ལོ་ཉི་ཤུ་རྩ་གསུམ་པ་ལ་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཆོས་རྗེ་ས་བཟང་པས་མཁན་པོ་དང༌། མཁས་ཤིང་གྲུབ་པ་བརྙེས་པའི་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོས་ལས་ཀྱི་སློབ་དཔོན་དང༌། སྡེ་སྣོད་འཛིན་པ་མཁན་ཆེན་སངས་རྒྱས་བཟང་པོ་པས་གསང་སྟེ་སྟོན་པའི་སློབ་དཔོན་མཛད་ནས་དཔལ་བཟང་ལྡན་གྱི་གཙུག་ལག་ཁང་དུ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དུས་གཅིག་མཛད་དེ། སྔར་གྱི་མཚན་སཾ་སྐྲྀ་ཏར་བསྒྱུར་ནས་བུདྡྷ་ཤྲཱི་ཞེས་པར་བཏགས་སོ། །རབ་ཏུ་བྱུང་བའི་དགའ་སྟོན་དང་ཡབ་རྒྱ་ཡུལ་དུ་གཤེགས་པའི་ཚོགས་གསོག་རྒྱ་ཆེན་པོ་མཛད་དོ། །དེ་ནས་མཁན་ཆེན་ཤེས་རབ་རྒྱ་མཚོ་བ་ལས་ཕར་ཕྱིན་དང་མངོན་པ་ཀུན་ལས་བཏུས་ལ་སློབ་གཉེར་མཛད་ཅིང་སྔ་ཕྱིར་ཆོས་མང་པོ་གསན། མཁན་ཆེན་མགོན་རྒྱལ་བ་ལས་རྣམ་འགྲེལ་གྱི་སློབ་གཉེར་ཅུང་ཟད་མཛད་ཅིང་སྔ་ཕྱིར་ཆོས་དུ་མ་གསན། དཔལ་ལྡན་ས་སྐྱར་རྟོག་གེ་པ་དཔལ་ལྡན་བཟང་པོ་ཤངས་པ་བློ་མཆོག་ཏུ་གྲགས་པ་ལས་རྣམ་འགྲེལ་གྱི་སློབ་གཉེར་མཛད་པ་ཉི་ཐོག་གི་ལས་ཚབ་དང་འཆད་ཉན་སོགས་དགུང་ལོ་སུམ་ཅུ་སོ་གཅིག་གི་བར་ལ་མཛད་དོ། །དེ་དག་གི་བར་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ལས་མ་ཎིའི་ལུང༌། ཆོས་རྗེ་ས་བཟང་པཎྜི་ཏ་ལས་དུས་ཀྱི་འཁོར་ལོའི་དབང༌། ཡུམ་རྒྱས་པའི་ལུང་ལ་སོགས་པ་དང༌། འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་རྒྱལ་སྲས་ཐོགས་མེད་ལས་དེ་ཉིད་ཀྱིས་མཛད་པའི་བློ་སྦྱོང་དོན་བདུན་མ། རྟེན་འབྲེལ་སྙིང་པོ། སྐྱིད་སྡུག་ལམ་ཁྱེར་རྣམས་ཀྱི་ཁྲིད། སེམས་བསྐྱེད་ལུགས་གཉིས་ཀའི་ཆོ་ག སྨྱུང་གནས་ཀྱི་ཆོ་ག་རྣམས་ཞུས། ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་ལས་གསང་འདུས་རིམ་ལྔའི་དམར་ཁྲིད་དེ་ཉིད་ཀྱིས་མཛད་པ། རྒྱལ་སྲས་རིན་པོ་ཆེའི་བཀའ་འབུམ་འཐོར་བུ་བ། བསྙུང་གཞི་ལ་ཕན་པའི་ཕྱིར་དུ་རྡོ་ཟ་བའི་མན་ངག་རྣམས་ཞུས་ཤིང་ནད་ཞི་བར་བྱིན་གྱིས་བརླབ་པ་མཛད་དོ། །དུས་ཀྱི་འཁོར་ལོ་པ་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་ལས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་བཤད་པ་ནོད། རྡོ་རྗེ་འཆང་ཆེན་པོའི་སྤྲུལ་པའི་སྐུ་རྒྱལ་བ་བྲག་ཕུག་པ་ཆེན་པོའི་སློབ་མ་ཆོས་རྗེ་དཀོན་མཆོག་རྒྱལ་མཚན་པ་ལས་ས་ལུགས་ཀྱི་རྡོ་རྗེ་འཇིགས་བྱེད། གཤེད་དམར་ལྷ་བཅུ་གསུམ་མ། སྒྲོལ་མ་ལྷ་བཅུ་བདུན་མ། འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར་བ་རྣམས་ཞུས་ཤིང༌། མོས་གུས་དང་བྱིན་རླབས་ཚད་མེད་པ་ཐུགས་རྒྱུད་ལ་འཁྲུངས་སོ། །གཞན་ཡང་སྐྱེས་བུ་དམ་པ་མང་པོ་ལས་དམ་པའི་ཆོས་མང་དུ་གསན་ཅིང༌། གཙོ་ཆེར་རྣམ་འགྲེལ་གྱི་སློབ་གཉེར་ལ་རྩོལ་བ་དྲག་པོ་མཛད་དོ། །སྔོན་ཡབ་མཁན་པོར་སོང་བས་དེ་ལ་སྲས་བྱུང་ན་ཞབས་འདྲེན་ཆེ་བསམ་ནས། ཡུམ་གྱིས་རྗེ་ཉིད་མངལ་དུ་ཞུགས་པའི་ཚེ། སྦྱོར་སྨན་མང་དུ་བཏང་བའི་མཐུས་སྐུ་ལུས་ཤིན་ཏུ་ངན། ཕོ་བ་ལ་ནད་དྲག་པོ་སྐབས་འགའ་རེར་ཟུག་རྔུ་བཟོད་བརླག་མེད་པ་འབྱུང་བ་ཅིག་ཡོད། དེ་ལ་ལྷ་རྗེ་སོགས་ཀྱིས་ཀྱང་ཆེར་མ་ཕན་པ་ལ། རྒྱུས་ཡོད་འགའ་ཞིག་ན་རེ། མུས་ཀྱི་མཁར་སྟེང་ན་མ་གཅིག་ཆོས་སྒྲོན་ཟེར་བའི་སྒྲུབ་པ་མོ་མངོན་ཤེས་ཅན་ཁྱད་པར་འཕགས་པ་ཅིག་ཡོད། དེས་ནད་པ་མང་པོ་ལ་ཕན་གྱིན་འདུག་ཟེར་ནས་དེར་བྱོན་པས། ཁྱེད་ཀྱི་འདི་སྔོན་ལས་སུ་གདའ་བས་ཕུག་སངས་རང་མི་འགྲོ། འཕྲལ་སློབ་གཉེར་ལ་མི་གནོད་པ་ཙམ་ཅིག་འོང་ལགས་ཀྱི་གསུངས་ནས། གཅོད་ནམ་མཁའ་སྒོ་འབྱེད་ཅིག་བསྟན། དེ་ཀ་རྒྱུན་དུ་མ་ཆགས་པར་མཛོད། ད་སློབ་གཉེར་ལ་གནོད་པས་འདིར་མ་བཞུགས་པར་བྱོན། སྤྱིར་སློབ་དཔོན་ཉིད་ཐུགས་དམ་ཅིག་མཛད་ན་ལེགས་པར་གདའ་གསུངས། དམིགས་པ་དེ་རྣམས་མཛད་པས་སྔར་བས་ཅུང་དྲག་པར་གྱུར་ནས་སློབ་གཉེར་ལ་འབད་པ་ཆེན་པོ་མཛད་དེ། སྐུ་ལུས་སྡུག་བསྔལ་བའི་ངང་ནས་རྣམ་འགྲེལ་གྱི་སློབ་གཉེར་མཐར་ཕྱིན་ཏེ། དཔལ་ལྡན་ས་སྐྱར་གྲྭ་སྐོར་མཛད་ནས་ཉི་ཐོག་གི་ལས་པ་དང་ཆུད་ཁའི་འཆད་ཉན་རྣམས་མཛད་དོ། །དེ་ནས་བྱི་བའི་ལོ་ལ་བླ་མ་ཆོས་སྒྲོན་ཅན་ན་བྱོན་ནས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཅིག་ཞུས། ཐོག་མེད་པའི་རྩིག་སྐྱོར་ཅིག་ཏུ་བསྒོམ་པས་ཉམས་མྱོང་བཟང་པོ་སྐྱེས། སྦྱོར་དྲུག་གི་རྟགས་སྣང་ཕལ་ཆེར་དེ་དུས་ཤར་འདུག་ཟེར། འཇིག་རྟེན་གྱི་སྣང་བ་ལ་ཞེན་ལོག་དང་ཉམས་ལེན་ཁོ་ན་བྱས་དགོས་སྙམ་པའི་བློ་དྲག་པོ་འཁྲུངས། མཁར་སྟེང་དུ་ཚེ་དང་སྒྲུབ་པ་མཉམ་པར་བྱ་སྙམ་ཡང་མ་གཅིག་ན་རེ། ད་ལེན་ས་སྐྱར་བྱོན་མཛོད། དེར་འཇམ་དབྱངས་ཀྱི་སྤྲུལ་པ་ཅིག་ལ་མན་ངག་ཆེན་པོ་བཞིའི་མྱོང་བརྒྱུད་ལ་སྐྱེ་བའི་རྟེན་འབྲེལ་འགྲིག མན་ངག་དེ་རྣམས་དངོས་སུ་སྟོན་མཁན་གྱི་བླ་མ་ཅིག་དང་ལས་བཟང་པོའི་འབྲེལ་པ་ཚུད་པར་གདའ་བས་ཅིས་ཀྱང་བྱོན་གསུངས་ནས་ས་སྐྱར་བྱོན་པས། རྒྱལ་བའི་རྒྱལ་ཚབ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་ཉིད་བོ་དོང་གི་ཆོས་འཁོར་ཚར་ནས་ས་སྐྱར་ཕེབས་པ་དང་འཛོམ། མཇལ་ཏུ་ཕྱིན་པས་འགྲོ་མགོན་ཆོས་རྗེ་ཞྭ་ལུ་ཁང་གསར་ནས་ཤིང་ཁང་བླ་བྲང་དུ་ཆོས་གསུང་དུ་འབྱོན་གྱིན་འདུག་པ་ལ་བྱིན་རླབས་ཞུས་པས། དཔོན་ཆེན་དབང་ཕྱུག་དཔལ་ཞལ་ཏ་ཅིག་ཞུ་བ་དང་ཐུག་ནས་ཁོང་ཞལ་ཏ་དེ་ཞུ་མ་ཚར་བར་ལ་སྒྲོལ་མ་ཚར་གཅིག་འདོན་རིང་ཙམ་ཅིག་བྱུང་བ་དེ་བར་རྗེ་ཉིད་ཀྱི་ཕྱག་གིས་བླ་མའི་དབུ་སྐྲར་བཟུང་ནས་བཞུགས་པས་དགའ་སྤྲོ་ཁྱད་པར་ཅན་སྐྱེས། ཕྱི་ནང་གི་རྟེན་འབྲེལ་གྱི་གནད་ཅིག་དེ་ནས་འགྲིག ཆོས་རྗེ་ཉིད་འཇམ་དབྱངས་དངོས་ཡིན་ཐག་ཆོད་སྙམ་པའི་དད་པ་ཤུགས་ཅན་འཁྲུངས། དེ་ནས་ཤིང་ཁང་དུ་ཆོས་འབྲེལ་ཞུས་པས་གསུང་ངག་རིན་པོ་ཆེའི་བླ་མའི་རྣལ་འབྱོར་ལ་འཕོ་བ་དང་བར་དོའི་མན་ངག་ཞིབ་མོ་ཅིག་ནན་ཏན་མཛད་ནས་གནང༌། དེ་དུས་སྦྱོར་དྲུག་གི་དམིགས་པ་ཞུ་ཚར་བའི་དགེ་བཤེས་འགའ་ཞིག་ལ་ཆོས་རྗེ་ཉིད་ཀྱིས་མཛད་པའི་ངོ་སྤྲོད་ཆེན་མོ་གསུང་གིན་འདུག་པ་ལ་དེ་ཐོབ་པར་འདོད་ནས། ཁྲིད་གཉེར་ལ་བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་པ་འདུག་པ་ལ་ཞུ་བ་བསྐུར་བས། ཁྱོད་ཀྱིས་ཁྲིད་ཨེ་ཐོབ་གསུངས་པས། མ་ཐོབ་བྱས་པས་འོ་ན་མི་འོང༌། ཞུ་དགོས་ཟེར་ནས་ཞུ་བ་བྱ་གསུང༌། རྒྱུ་མཚན་ཞུས་པས་ཁར་སང་ཡུན་རིང་བྱིན་རླབས་ཞུ་མཁན་དེ་ཡིན་ན་བྱ་གསུངས་ནས། བླ་མ་བརྒྱུད་པའི་རྣམ་ཐར་ཡན་ཆད་སོང་འདུག དེ་མན་ཆད་རྫོགས་པར་གནང༌། དེ་དུས་ཁྲིད་མ་ཐོབ་ཀྱང་སྣང་བ་དེ་ད་ལྟ་སྦྱོར་དྲུག་གི་མྱོང་བ་ཅུང་ཟད་ཙམ་འོང་བ་དེ་མཁྱེན་པར་འདུག་གསུངས། གཞན་མང་པོས་ཆོས་འབྲེལ་དུ་ཞུ་ཡིན་འདུག་ནས་སུམ་པ་ལོ་ཙཱ་བའི་བློ་སྦྱོང་ཐོབ། ཡང་ལན་ཅིག་ཉང་སྟོད་མག་པའི་དགེ་སློང་གཉིས་ཀྱིས་ཞུས་པའི་ཞར་ལ་གསང་འདུས་རིམ་ལྔའི་ཉམས་ལེན་རྒྱས་པ་ཅིག་ཐོབ། དེ་རྣམས་ཀྱི་རྟེན་འབྲེལ་གྱིས་ཕྱིས་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ལས་གསུང་ངག་རིན་པོ་ཆེ། རིམ་ལྔ། སྦྱོར་དྲུག་གསུམ་གྱི་མན་ངག་རྒྱས་པར་ཐོབ་པ་དང་དེ་གསུམ་ལ་གོ་མྱོང་ཆེ་སེ་བ་ཡོད་པ་འདི་དང༌། གཞན་རེ་རེ་ཙམ་ལ་ཕན་པ་ཅུང་ཟད་བྱུང་བ་ཡིན་གསུངས། གཞན་ཡང་འགྲོ་མགོན་ཆོས་ཀྱི་རྗེ་དེ་ཉིད་ལས་སྔ་སོར་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ལན་གསུམ། རྣམ་འགྲེལ། དུས་འཁོར། རྒྱལ་སྲས་ལམ་བཟང་རྣམས་ཀྱི་ཆོས་ཐུན་འགའ་རེ་གསན། དུས་ཕྱིས་སྦྲུལ་གྱི་ལོ་ལ་དཔལ་ས་སྐྱར་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ་ལ་ཤར་སྟོད་ཀྱི་གཟིམས་ཁང་དུ་དཔལ་ཀྱེའི་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་བསྐུར་བ་ཞུས་ནས་གསུང་ངག་རིན་པོ་ཆེའི་ཁྲིད་གཞུང་བཤད་སོགས་མན་ངག་ཕལ་ཆེར་རྫོགས་པ་ཅིག་ཞུས། བླ་མ་ལ་དད་པ་དང་མན་ངག་ལ་ཡིད་ཆེས་བསམ་གྱིས་མི་ཁྱབ་པ་སྐྱེས་གསུངས། ཕྱིས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ་ལ་སྟོད་བྱང་པས་གདན་དྲངས་ནས་དགོན་པ་མཁའ་སྤྱོད་ན་བཞུགས་དུས་ཕྱིན་ནས་ཡང་གསུང་ངག་རིན་པོ་ཆེའི་བཀའ་ལུང་ཕལ་ཆེར་ཚར་གཅིག་ཞུས། ཉམས་མྱོང་བཟང་པོ་ཁ་ཅིག་སྐྱེས་པས་ཡིད་སྤྲོ་ནས་སྒོམ་འཇུར་པོ་བྱས་པས་ཉམས་ཀྱི་སྣ་ཟིན་ཙམ་བྱུང༌། ཡང་ཕྱིས་ཞི་དགོན་རི་ཁྲོད་དུ་སྤྱན་དྲངས། ལོ་གཅིག་དང་ཟླ་བ་ལྔ་བཞུགས། ལོངས་སྤྱོད་ཀྱི་ཞབས་ཏོག་ཀྱང་བསམ་གྱིས་མི་ཁྱབ་པ་ཕུལ་ནས་ཞུས་པས། གསུང་ངག་རིན་པོ་ཆེའི་སྨིན་གྲོལ་གྱི་ལམ་ཡོངས་སུ་རྫོགས་པ། གཞུང་ཇི་ལྟ་བ་བཞིན་གྱི་ཁྲིད་ཐད་ཀའི་ཉམས་རྫོགས་པ་ཐོན་ཐོན་གྱི་བར་དུ་བསྒོམས་ཤིང༌། བརྡར་ཤ་བཅད་ནས་ཞུས་པས་མན་ངག་མཐའ་དག་རྫོགས་པར་གནང༌། དེ་དུས་ཀྱེ་རྡོ་རྗེ་ལུས་དཀྱིལ་གྱི་དབང་ཞུས་པའི་ཚེ། ལུས་ལ་བདེ་དྲོད་དང་སེམས་ལ་གསལ་སྟོང་གི་ཡེ་ཤེས་ཅུང་ཟད་སྐྱེས། དབང་དེ་ཟིན་པའི་ཚོགས་འཁོར་གྱི་གྲལ་དུ་སྐྱུག་འདོད་པ་ཅིག་བྱུང༌། བསྲན་པས་མ་ཐུབ་ནས་ཁྲག་ཤ་དུད་མདོག་ཅན་ཆེན་པོ་གསུམ་བྱུང༌། དེ་རྗེས་གནས་གཞན་དུ་ཕྱིན་ནས་སྐྱུགས་པས་དྲི་ང་ལ་སྐྱུག་བྲོ་བའི་ཁྲག་མང་པོ་འཐོན། དེ་ཕྱིན་ཆད་སྔར་གྱི་བསྙུང་གཞི་དེ་རྣམས་ལས་གྲོལ་ཏེ་སྐུ་གཟུགས་བཟང་བའི་མཆོག་ཅིག་བྱུང་ངོ༌། །མདོར་ན་བླ་མ་དཔལ་ལྡན་ཚུལ་ཁྲིམས་ཉིད་ཀྱིས། བླ་མ་དམ་པ་བློ་གྲོས་བརྟན་པ་དང༌། འགྲོ་མགོན་ཆོས་ཀྱི་རྗེ་ཉིད་དང༌། གྲུབ་ཆེན་དཀར་པོ་བྲག་པ་རིན་ཆེན་སེང་གེ་གསུམ་ལས་ཇི་ལྟར་གསན་པའི་གསུང་ངག་རིན་པོ་ཆེ་དང་འབྲེལ་པའི་དབང༌། བཤད་པ། ཁྲིད། གེགས་སེལ། མན་ངག་ཕྲ་མོ་ཚུན་ཆད་ཀྱི་བར་ཡོངས་སུ་རྫོགས་པར་ཞུས་པས་དབང་གི་ཆུ་བོ་མ་ནུབ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས། གདམས་ངག་གི་སརྒ་མ་ལོག མོས་གུས་ཀྱི་བསམ་པ་ཚིམ་པ་སྟེ་སྙན་བརྒྱུད་བཞིའི་བྱིན་གྱིས་བརླབས་ཤིང་གདམས་པས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་བྱེད་དཔེའི་ཚུལ་དུ་ཐུགས་རྒྱུད་ལ་འཁྲུངས་སོ། །རྗེ་དཔལ་ལྡན་ཚུལ་ཁྲིམས་པས་གསུང་ངག་རིན་པོ་ཆེའི་མན་ངག་ཕལ་ཆེར་རྫོགས་པར་གནང་བའི་སློབ་མ་མང་དུ་ཡོད་ཀྱང༌། ཉིད་ལ་ཇི་ལྟར་མངའ་བ་བཞིན་གྱི་གདམས་ངག་ཕྲན་ཚེགས་དང་བཅས་པ་མ་ལུས་པར་གནང་བ་ནི། བླ་མ་དམ་པ་འདི་ཉིད་དང༌། བླ་མ་དམ་པ་མཁས་པའི་དབང་ཕྱུག་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་དང༌། མི་ཉག་གི་སྟོན་པ་རིན་ཆེན་རྡོ་རྗེ་དང་གསུམ་ཁོ་ན་ཡིན་གསུངས། མདོར་ན་གནས་དེ་ཉིད་དུ་གསུང་ངག་གི་ཆོས་སྐོར་རྫོགས་པར་མཛད་ནས། སྒྲུབ་པ་ལུང་སྦྱིན་པའི་ཚེ། ཁྱོད་ལ་ཚེ་རིང་པོ་དང་རྟོགས་པ་བཟང་པོ་འོང་བས་ཉམས་ལེན་ལ་འབད་པ་ཐོན། ཕྱི་དུས་སློབ་མ་འགའ་ཞིག་ལའང་ཕན་པ་འབྱུང་གསུངས། ཡང་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ས་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཞུས་ནས་བསྐྱེད་རིམ་མདོར་བྱས་ཀྱི་ལུང་བཤད་ཙམ་ཅིག་དང༌། རྫོགས་རིམ་ལམ་རིམ་པ་ལྔའི་གདམས་ངག་བླ་མ་ཉིད་ཀྱིས་འགྲོ་མགོན་ཆོས་རྗེ་དང༌། ཐམས་ཅད་མཁྱེན་པ་བུ་སྟོན་ལས་ནོས་པའི་དམར་ཁྲིད་ཀྱི་གདམས་ངག་ངོ་སྤྲོད་དང་བཅས་པ་དང་གསེར་སྡིངས་པ་ལས་བརྒྱུད་པའི་ནག་ཁྲིད་དུ་གྲགས་པའི་མན་ངག་རབ་ཏུ་མང་པོ་རྣམས་དང༌། རྒྱ་ཕོ་བ་ལུང་པའི་མན་ངག བླ་མ་མར་པའི་རིམ་ལྔ་བསྡུས་གསལ་ཕོ་བ་ལུང་པའི་འགྲེལ་པ་དང་བཅས་པ་དང༌། རྔོག་ལུགས་ཀྱི་མཆོག་དབང་གོང་མ་གསུམ་གྱི་ཆོ་ག་དང༌། བླ་མ་བོ་དོང་པ་ནམ་མཁའ་དཔལ་ལས་ནོས་པའི་རྡོ་རྗེ་གདན་གྱི་ནག་པོ་པ། བཙུན་མོ་ཅན། མངོན་ཤེས་ཅན་གསུམ་གྱི་གདམས་ངག འགོས་ཀྱི་ཤོག་དྲིལ་གསུམ་མར་གྲགས་པ་དང༌། བླ་མ་ཚུལ་ཁྲིམས་རྒྱལ་མཚན་ལས་ནོས་པའི་གསང་འདུས་ལུས་དཀྱིལ་གྱི་དབང་བསྐུར་དུ་གྲགས་པ་རྣམས་གསན་ཞིང་བསྒོམ་པས། རྨི་ལམ་སྦྱང་བ་དང༌། སྤེལ་བསྒྱུར་མང་པོ་ནུས་པ་དང༌། འོད་གསལ་དང༌། ཟུང་འཇུག་གི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས་སོ། །ཡང་དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་དཀྱིལ་འཁོར་དུ་མཆོག་དབང་གོང་མ་བཞི་ཞུས་ནས་ཟབ་ལམ་རྡོ་རྗེ་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཉམས་ལེན་གྱི་ཁྲིད་བླ་མ་ཉིད་ཀྱིས་འགྲོ་མགོན་ཆོས་རྗེ་ལས་ནོས་པའི་བརྒྱུད་པ་སོ་སོའི་གདམས་ངག་རབ་ཏུ་མང་པོ་དང༌། རྒྱ་གར་གྱི་སྦྱོར་དྲུག་གི་གཞུང་དུ་མ་དང༌། དབང་མདོར་བསྟན། དཔལ་ནཱ་རོ་པའི་འགྲེལ་པའི་བཤད་པ་དང་བཅས་པ་དང༌། གྲུབ་ཆེན་སྲོན་ལུང་པའི་མན་ངག་རབ་ཏུ་མང་པོ་དང༌། ཡང་བླ་མ་རིན་ཆེན་དབང་ཕྱུག་ལས་ནོས་པའི་སྦྱོར་དྲུག་དབང་རྒྱལ་ལུགས་སུ་གྲགས་པའི་གདམས་ངག ཞལ་ཤེས་དང༌། ལག་ལེན་རབ་ཏུ་མང་པོ་དང་བཅས་པ་དང༌། བུ་སྟོན་ཆོས་རྗེ་ལས་ནོས་པའི་སྦྱོར་དྲུག་གི་ཁྲིད་ཡིག་ངོ་སྤྲོད་རྣམས་ཏེ་མདོར་ན་བླ་མ་འདི་ཉིད་ལ་མངའ་བའི་སྦྱོར་བ་ཡན་ལག་དྲུག་པའི་གདམས་ངག་བོད་ན་བཞུགས་པ་ཕལ་ཆེ་བ་མངའ་བ་རྣམས་གསན་ཅིང་བསྒོམས་པས་མཚན་མོའི་རྣལ་འབྱོར་གྱི་སྐབས་སུ་ཕྱི་རོལ་གྱི་ཁང་པ་ལ་སོགས་པའི་དངོས་པོ་འགའ་ཞིག་མུན་ཁང་གི་ནང་ནས་གསལ་པོར་མཐོང་བ་སོགས་པ་གསལ་སྣང་གི་ཡོན་ཏན་གྱི་ཁྱད་པར་འགའ་ཞིག་སྐྱེས་གསུང་ངོ༌། །གཞན་ཡང་འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། སྒྲོལ་མ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། ཀུན་རིག ཚེ་དཔག་ཏུ་མེད་པ། གཟུངས་གྲྭ་ལྔ་རྣམས་ཀྱི་དབང་བསྐུར་བ་ཞུས། རྗེ་བཙུན་ནཱ་རོ་ཏ་པའི་ཐུགས་དམ་མཁའ་སྤྱོད་མའི་བྱིན་རླབས་ཞུས་ནས་དེ་དག་གི་བསྐྱེད་རིམ་གྱི་གདམས་ངག་ཡན་ལག་དང་བཅས་པ་དང༌། རྫོགས་པའི་རིམ་པ་རྩ་དབུ་མའི་མན་ངག་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་སོ། །གཞན་ཡང་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་དང༌། ཐུན་མོང་མ་ཡིན་པ་ལྷ་བརྒྱད་དང༌། ལས་མགོན་པུ་ཊ་རྣམས་ཀྱི་རྗེས་གནང་བཀའ་བསྒོ་དང་བཅས་པ་དང༌། མགོན་པོ་གདོང་བཞི་པའི་རྗེས་སུ་གནང་བ་རྣམས་ཞུས་ཤིང༌། མན་ངག་རྣམས་རྫོགས་པར་མཛད་དོ། །ཡང་གཙུག་ཏོར་རྣམ་རྒྱལ། ས་ལུགས་ཀྱི་དོན་ཞགས་གཙོ་རྐྱང་གི་རྗེས་གནང་ཆོས་སྐོར་དང་བཅས་པ་དང༌། རྩ་རྒྱུད་བརྟག་པ་གཉིས་པ། བཤད་རྒྱུད་རྡོ་རྗེ་གུར། དཔལ་སམྦུ་ཊ་རྣམས་ཀྱི་ལུང་ཙམ་ཞིག་གསན་ཏོ། །གཞན་ཡང་བླ་མ་ཡང་དགོན་པའི་རི་ཆོས་ཆ་ལག་འགའ་ཞིག་དང་བཅས་པ་དང༌། བླ་མ་ཤངས་པའི་ནི་གུ་ཆོས་དྲུག་ཡན་ལག་དང་བཅས་པ་རྣམས་ཀྱང་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །དེ་ལྟར་དགེ་བའི་བཤེས་གཉེན་དམ་པ་རྣམས་བསྟེན་ནས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྒྱས་པར་མཛད་པ། མཁྱེན་པའི་ཡེ་ཤེས་ཚད་མེད་པ་མངའ་བ་ཡིན་ནོ། །གཞན་ཡང་བདག་ཅག་གི་བླ་མ་ཐུགས་རྗེ་ཆེན་པོ་འདི་ནི་མཉམ་གཞག་ཏུ་སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མར་གཟིགས་ནས། དེ་རྣམས་ལ་བྱམས་པ་དང༌། སྙིང་རྗེ་དང༌། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་རྒྱུན་ལྡན་དུ་བསྒོམས་པས་རྗེས་ཐོབ་ཏུ་གཞན་དབུལ་པོ་དང༌། ནད་དང༌། སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་ཕན་པ་ཁོ་ན་སྒྲུབ་པར་མཛད་དོ། །ཡུལ་གཞན་ཐག་རིང་པོར་ནད་དང་སྡུག་བསྔལ་གྱིས་ཉེན་པ་གསན་ན། དེ་ལ་དམིགས་ཏེ་བདག་གཞན་བརྗེ་བའི་བྱང་སེམས་མང་པོར་མཛད་ལ་དེ་ཙམ་ཐུགས་ལོང་མ་བྱུང་ན་བརྒྱ་རྩ་རེ་མཛད་པ་སྲོལ་དུ་སྣང་ངོ༌། །དེ་ལྟར་བྱང་ཆུབ་ཀྱི་སེམས་རྒྱུན་དུ་སྦྱངས་པས་བརྩེ་བའི་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མངའ་བ་ཡིན་ནོ། །གཞན་འགྲོ་བ་མང་པོ་ལ་ཟང་ཟིང་གི་སྦྱིན་པའི་སྒོ་ནས་ཀྱང་ཕན་པར་མཛད་དེ། རྗེ་ཉིད་ཀྱི་ཡབ་ཧོར་ཡུལ་དུ་བྱོན་པས་དངོས་པོ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་དེ་དག་ལ་འཛིན་པ་ཅུང་ཟད་ཀྱང་མི་མངའ་ཕལ་ཆེར་ཡབ་ཡུམ་གཉིས་ཀྱི་དོན་དུ་རྫོགས་པར་མཛད་ཅིང༌། བར་སྐབས་སུ་ཆུད་ཁའི་ཆབ་འོག་ཏུ་མུ་གེ་བྱུང་བའི་ཚེ། དངུལ་བྲེ་ཆེན་ཅིག་གིས་ཐོག་དྲངས་བའི་ནང་ནོར་ཡོངས་སུ་རྫོགས་པ་ཆུད་ཁ་སྡེ་པ་ལ་བཙོངས་ནས་རིན་གྱི་ནས་རྣམས་ཀྱིས་སེམས་ཅན་བཀྲེན་པས་གཟིར་བ་རྣམས་ཚིམ་པར་བྱས་པ་དང༌། བདེ་བར་གཤེགས་པའི་ལོ་གསུམ་གྱི་གོང་དུ་ཞིང་གཞིས་གང་ཡོད་རྣམས་བཙོངས་ནས་དེ་དག་གི་ཆ་རྐྱེན་རྣམས་དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་རྣམས་ལ་ཕུལ་ནས་མཐར་ཆོས་ཀྱི་སྐུ་མངོན་དུ་མཛད་པ་ན། རྡོ་རྗེ་དྲིལ་བུ་དང་ནང་མཆོད་དང་བཅས་པའི་མཆོད་ཆ་ཅུང་ཟད་ཅིག་དང༌། རྣམ་སྦྱར། ལྷུང་བཟེད། ན་བཟའ་ཉུང་ཟད་ཅིག བཞུགས་གདན་དབུ་རྟེན་དང་བཅས་པ་ཅིག་མ་གཏོགས་གསེར་སེ་བ་གཅིག་གམ། ནས་ཁལ་གཅིག་ཏུ་ལོངས་པ་མེད་པར་སྦྱིན་པ་གཏང་བ་ཡིན། བྱེ་བྲག་ཏུ་ཏིང་ངེ་འཛིན་དོན་དུ་གཉེར་བའི་གང་ཟག་བྱུང་ན་ཟས་གོས་ཀྱི་ཕན་པ་ལྷུར་མཛད་དོ། །དེ་བཞིན་དུ་བསམ་གཏན་ལ་བློ་ཁ་མ་ཕྱོགས་པའི་གང་ཟག་རྣམས་ལ་ཏིང་ངེ་འཛིན་གྱི་ཕན་ཡོན་དང་བསྟན་པ་ལ་བྱ་བ་ཚུལ་བཞིན་བསྒྲུབ་པ་དེ་ཆོས་ཤེས་ནས་ཉམས་སུ་ལེན་པ་འདི་ཁོ་ན་ཡིན་ནོ་ཞེས་སྙན་པར་སྨྲ་བའི་ཚིག་ཡང་དང་ཡང་དུ་གསུངས་པས། གདུལ་བྱ་དེ་དག་ཏིང་ངེ་འཛིན་ཉམས་སུ་ལེན་པ་ལ་འཇུག་པར་མཛད་དོ། །གདུལ་བྱ་ཏིང་ངེ་འཛིན་ལ་དད་པར་བྱས་ཟིན་པའི་གང་ཟག་ཐུན་མོང་པ་རྣམས་ལ་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མ། ལམ་རྣམ་པར་ངེས་པ། ཀ་མ་ལ་ཤཱི་ལའི་དབུ་མ་སྒོམ་རིམ་རྣམས་ཇི་ལྟར་འཚམ་པར་གསུངས་ལ། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་པའི་གང་ཟག་རྣམས་ལ། གསུངས་ངག སྦྱོར་དྲུག གསང་འདུས་རིམ་ལྔ་རྣམས་ཇི་ལྟར་འོས་པར་གསུངས་པས། གདུལ་བྱའི་རྒྱུད་ཏིང་ངེ་འཛིན་ལ་ལོངས་སྤྱོད་དུ་འཇུག་པར་མཛད་དོ། །གདུལ་བྱ་གཞན་ལ་མན་ངག་བསྟན་པ་ལྟར་རང་ཉིད་ཀྱང་ཉམས་སུ་ལེན་ཏེ། གསུང་ངག་སྔོན་མ་ཞུས་ནས་ད་ཉམས་ལེན་ལ་དྲིལ་དགོས་འདྲ་སྙམ་པའི་འདུན་པ་སྐྱེས་པ་ན། མཚན་ཅིག་མནལ་ལམ་ན་ཞི་དགོན་གྱི་རི་ལ་འཛེགས་ནས་ཁང་ཆུང་ཅིག་ཏུ་ཕྱིན་པས། དེ་ན་རྗེ་བཙུན་ག་ཡ་དྷ་ར་ཡིན་སྙམ་པའི་པཎྜི་ཏ་དཀར་པོ་ཅིག་ན་རེ། ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམས་པས་ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་འཚང་རྒྱ་བར་གསལ་བས། བཤད་རྒྱུད་ཅེས་པའི་གཞུང་དེ་འདོན་ཅིང་འདུག་པ་གསལ་བ་ཅིག་རྨིས། སད་པ་དང་དེ་ལྟར་བསྡད་པ་འཐད་པ་ཡིན་དགོངས་ཏེ། ཞི་དགོན་རི་ཁྲོད་ལ་མཁར་ལས་མཛད་ནས་བདེ་བར་མ་གཤེགས་བར་ལ་གནས་དེ་ཉིད་དུ་བཞུགས་ནས་འདུ་འཛི་དང་རྣམ་གཡེང་ཐམས་ཅད་སྤངས་ཏེ། ཉམས་ལེན་ཁོ་ན་ལ་དྲིལ་ནས་བཞུགས་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས་ཤིང༌། དེའི་རྒྱུད་ཐུགས་དམ་ལ་བརྩོན་པར་མཛད་དེ། དེ་ཡང་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་བཞེངས་ནས་སྐྱབས་འགྲོ་མང་དུ་མཛད། དེ་ནས་སྤྱོད་འཇུག་ནས་འབྱུང་བའི་སེམས་བསྐྱེད་རྒྱས་པ་རེ་ལེན། དེ་ནས་ལམ་ཟབ་བླ་མའི་རྣལ་འབྱོར་དང༌། དེ་ཁོ་ན་ཉིད་ལ་སེམས་འཇོག་པའི་སྐབས་སུ་ཡུན་རིང་དུ་མཉམ་པར་བཞག འདིར་སྦྱོར་དྲུག་པའི་སོར་སྡུད་ཀྱི་ཏིང་ངེ་འཛིན་ཇི་ལྟ་བ་བཞིན་སྐྱེ་ཡིན་འདུག་པས་ལུས་གནད་སྦྱོར་དྲུག་བཞིན་བྱས་གསུངས། དེ་ནས་ཚེ་དཔག་མེད་ཀྱི་རྣལ་འབྱོར་རེ་མཛད་པས། མདུན་དུ་ཚེ་དཔག་མེད་བསྒོམས་ནས་གཟུངས་བརྒྱ་རྩ་རེ། སྔགས་ཐུང་བ་ལྔ་བརྒྱ་རེ་བཟླས་པར་མཛད་དོ། །དེ་ནས་དཔལ་ཀྱེ་རྡོ་རྗེའི་བསྐྱེད་རིམ་ཡན་ལག་དྲུག་པ་ལུས་ཀྱི་དཀྱིལ་འཁོར་དང་བཅས་པ་བསྒོམས་ནས་ལམ་དུས་ཀྱི་དབང་རྒྱས་པ་རེ་ལེན། དེ་ནས་དབང་བཞི་བསྡུས་པའི་ལམ་ཁྱད་པར་ཅན་བཞིའི་ཉམས་ལེན་རྫོགས་པ་མཛད། དེ་ཡང་ལོ་ཁ་ཅིག་ལྟ་བ་བསྐྱང་པ་གཙོ་བོར་བྱས། རྗེས་ལ་རླུང་གཏུམ་མོ་བསྐྱེད་རིམ་གསུམ་ལ་གཙོ་བོར་བྱས་གསུངས། རྗེས་ལ་བཟླས་པ་ཨཥྚ་བརྒྱ་ལྔ་བཅུ་རེ་བཟླས་ནས་དཀྱིལ་འཁོར་བསྡུས་ནས་བསྔོ་བ་སོགས་རྫོགས་པར་མཛད་དེ། དེ་ནས་སྒོམ་ཁང་ནས་ཐོན་ནས་ལམ་འབྲས་བརྒྱུད་པའི་ཕྱག་འཚལ། དཀར་གཏོར་ཆ་བཞི། ཛམྦྷ་ལའི་ཆུ་སྦྱིན། དབྱུ་གུ་མ་དང་མི་གཡོ་བ་དྲུག་ཅུ་རྩ་བཞི། སྒྲོལ་མ་ཉེར་གཅིག་གཏོར་མ་བརྒྱ་རྩ། ཐུགས་རྗེ་ཆེན་པོའི་བྲུལ་གཏོར་ཆ་གསུམ་དང་ཁ་དོན་མང་དུ་མཛད་དེ། ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ཟས་ལ་ལོངས་སྤྱོད། མཐར་མདོ་དང་བསྔོ་བ་མང་དུ་མཛད་ནས་མན་ངག་བསྒོམ་པ་རྣམས་བསྐོར་བ། དམིགས་པ་སྤོང་བ་ཆོས་གསུངས་པ་སོགས་མཛད་དོ། །དེ་ནས་བདེ་མཆོག་དྲིལ་བུ་པའི་བསྐྱེད་རིམ། འཇམ་དབྱངས་ཨ་ར་པ་ཙ་ན། སྒྲོལ་མ་ཚར་ཉེར་གཅིག་རེ། ཁྲོ་ཕུ་ལོ་ཙཱ་བའི་སྨོན་ལམ་རིན་པོ་ཆེའི་ལྗོན་ཤིང་རྣམས་མཛད་དོ། །དགུང་ཐུན་ལ་བབ་པ་ན། དཔལ་ཀྱེ་རྡོ་རྗེའི་མངོན་རྟོགས་བསྡུས་པ་ལུས་དཀྱིལ་ལམ་དུས་ཀྱི་དབང་བསྡུས་པ་དང་བཅས་པ་རྩ་སྔགས་ཕྱེད་དང་ཉིས་བརྒྱ་རེ་དང་བཅས་པ་དང༌། ཀུ་རུ་ཀུལླེ། སེང་གེ་སྒྲ། ཁྱུང་ཁྲ། ནཱ་རོ་མཁའ་སྤྱོད་རྣམས་ཀྱི་སྒོམ་བཟླས་རེ་མཛད། སྤྱོད་འཇུག་གི་བསྔོ་བའི་ལེའུ་ཚར་རེ་མཛད། དགོངས་ཐུན་ལ་བབ་པ་ན་དཔལ་ཀྱེ་རྡོ་རྗེའི་བསྐྱེད་རིམ་རྫོགས་པ། ལམ་དུས་ཀྱི་དབང་རྒྱས་པ་རྩ་སྔགས་བརྒྱ་རྩ་རེ་དང་བཅས་པ་སྔོན་དུ་བཏང་ནས་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ། གཏོར་མ་དང་པོ་ཀྱེ་རྡོར། གཉིས་པ་བདེ་མཆོག གསུམ་པ་ནཱ་རོ་མཁའ་སྤྱོད་རྣམས་ལ་ཕུལ་ནས། ཆོས་སྐྱོང་ཆེ་ཆུང༌། པུ་ཏྲ་རྣམས་ཀྱི་གཏོར་མ་རྒྱས་པ་དང༌། དཔའ་བོའི་སྟོན་མོ་ཚུལ་བཞིན་རྫོགས་པར་མཛད་དོ། །དེ་ནས་ཁྲོ་ཕུ་ལོ་ཙཱ་བའི་སྨོན་ལམ་ལེགས་བཞི་མ་འདོན་ནོ། །དེ་ནས་དཀོན་མཆོག་གི་སྤྱན་སྔར་ཕྱག་མཆོད་རྒྱས་པ་མཛད་ནས་སྒོམ་ཁང་དུ་ཞུགས་ཏེ། ཀྱེ་རྡོ་རྗེའི་ཕྱི་ནང་གི་བསྐྱེད་རིམ་བསྡུས་པ། ལམ་དུས་སུ་དབང་བླང་བའི་ཆོ་ག་རྣམས་སྔོན་དུ་བཏང་ནས། རླུང་སྦྱོར་དང་གཏུམ་མོའི་དམིགས་པ་ཁ་སྤོས་ནས་གང་རུང་རེ་རྣམས་བསྒོམས་པས་བདེ་དྲོད་དང༌། དེ་ལ་བརྟེན་ནས་ལྟ་བ་རྣམ་པར་དག་པ་ཐུགས་རྒྱུད་ལ་འཁྲུངས་ཤིང༌། དེ་ལ་ཡུན་རིང་དུ་འཇོག་པ་སོགས་ཀྱི་སྒོ་ནས་ནམ་ཕྱེད་ཀྱི་བར་དུས་འདས་ནས་མཐར་འཁྲུལ་འཁོར་དང་ལུས་སྦྱོང་མང་དུ་མཛད་དེ་ཉལ་བའི་རྣལ་འབྱོར་ལ་གནས་པར་མཛད་དོ། །དེ་ལྟར་སྐུ་ཚེ་ཁོར་ཡུག་ཏུ་ཐུགས་དམ་འབའ་ཞིག་གིས་དུས་འདའ་ཞིང༌། ཐུན་བར་ལ་གདུལ་བྱ་སྐལ་ལྡན་འགའ་ལ་མན་ངག་ཟབ་མོ་རྣམས་ཏིང་ངེ་འཛིན་སྐྱེས་ཁྲིད་ཀྱི་ཚུལ་གྱིས་གཏན་ལ་འབེབས་པ་སོགས་སྐུ་ཚེ་རང་པོ་བཤད་སྒྲུབ་ཀྱིས་དུས་འདའ་བ་ཞིག་གོ །དེ་དག་གི་བར་སྐབས་སུ་མན་ངག་ཟབ་མོ་ཡི་གེར་བཀོད་པ་ཡང་འགའ་ཞིག་ཡོད་དེ། འགྲོ་མགོན་ཆོས་ཀྱི་རྗེ་ལ་གསོལ་བ་གདབ་པ། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་ལ་གསོལ་བ་གདབ་པ། མཁན་ཆེན་ཤེས་རབ་རྒྱ་མཚོའི་གདུང་མཆོད་དུས་ཀྱི་གསོལ་བ་འདེབས་པ། བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་ཀྱི་རྣམ་ཐར། གསུང་ངག་རིན་པོ་ཆེའི་ཁྲིད་ཡིག་ལམ་འབྲས་གཞུང་བཤད་དང་གེགས་སེལ་གྱི་ཟིན་བྲིས། འཆི་ལྟས་བརྟག་པའི་གདམས་ངག་ཚིགས་བཅད་མ། གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་ཀྱི་ཞལ་ཤེས། ཕྲིན་ལས་སོ་གཉིས་ཀྱི་སྡོམ་ཚིག སྦྱོར་དྲུག་གི་ཁྲིད་ཡིག་སྲོན་ལུགས་ཀྱི་རླུང་སྦྱོར་སོགས་ཀྱི་ཟིན་བྲིས། དབང་རྒྱལ་བའི་སྦྱོར་དྲུག་གི་ཞལ་ཤེས་ཡི་གེར་བཀོད་པ། ཁྲིད་ཞུ་སྤྱི་ལ་གདམས་པ། ཚེ་སྒྲུབ་ཀྱི་གདམས་ངག དབུ་མའི་གཞི་ལམ་འབྲས་གསུམ་རྣམས་མཛད་དོ། །དགུང་ལོ་བདུན་ཅུ་དོན་གཅིག་པ་བྱི་བ་ལོ་ནག་པའི་ཟླ་བ་ལ་བདག་རྗེ་ཉིད་ཀྱི་དྲུང་དུ་སླེབ་སྟེ། དེ་དུས་སྒོམ་ཆེན་ཅིག་གིས་བློ་སྦྱོང་ཞུས། དོན་དམ་བྱང་ཆུབ་སེམས་ཀྱི་སྐབས་སུ་ཞི་གནས་བསྒོམ་དུ་བཅུག་པས་རྣམ་རྟོག་ཁེགས་མ་ནུས་པ་ཞིག་བྱུང་བ་ལ་བསམ་གཏན་གྱི་བག་ཆགས་མེད་པ་སྙིང་རྗེ་གསུངས་ནས་མདུན་དུ་བཞག ལུས་གནད་བྱེད་དུ་བཅུག་ནས་ཁྱོད་རང་ངའི་སྣ་རྩེ་འདི་ལ་མིག་མ་ཡེངས་པར་ལྟོས་ཤིག་གསུངས། རྗེ་ཉིད་ལུས་གནད་མཛད་དེ། སྤྱན་འབྲུ་ཚུགས་སུ་མཛད་དེ་ཁོའི་སྙིང་གའི་ཐད་དུ་གཟིགས་ནས། ཚ་བ་ཚར་བ་ནས་གྲོ་མ་རན་ཙམ་གྱི་བར་དུ་བཞུགས་པས་ཁོ་ལ་ལུས་ཉམས་དང་ངག་ཉམས་མང་པོ་ཞིག་བྱུང༌། དེའི་རྗེས་སེམས་ཟིན་ནས་ཏིང་ངེ་འཛིན་མང་པོ་སྐྱེས་ཏེ་སྒོམ་ཆེན་བཟང་པོ་ཅིག་བྱུང་འདུག་གོ །ཡང་སྒོམ་ཆེན་ཅིག་སྨྱོ་ནས་བླ་མ་གཞན་གཉིས་ཙམ་ལ་གཏུགས་ན་ཡང་ཡེ་མ་ཕན་ཟེར་བ་ཞིག་རྗེ་ཉིད་ཀྱི་དྲུང་དུ་ཁྲིད་བྱུང་བས། སྔར་ཀོ་བྲག་པས་སྨྱོ་པ་ཅིག་ལ་འདི་འདྲ་བྱས་པས་ཕན་བྱ་བ་འདུག རང་རེ་ཀྱང་ཨེ་ཕན་བལྟ་གསུངས་ནས། མི་དེ་ལ་ཁྱོད་རང་རླུང་ཉི་ཤུ་རྩ་གཅིག་བུས། དགེ་སློང་རིན་བློས་གྲངས་འཛིན་དང་བསྐུལ་མཁན་གྱིས་གསུངས། ཁོས་རླུང་རེ་བུས་པ་དང༌། བླ་མས་རླུང་རྔུབ་ཐེངས་རེ་མཛད་ཀྱི་སྣང༌། ཉེར་གཅིག་སོང་བ་དང་བསྐད་སའི་སྒོར་བྱོན་ནས་རླུང་བཏང་སྟེ་གཟིམས་ཁང་དུ་བྱོན་སོང༌། ཁོའི་སྨྱོ་བ་དེ་འཕྲལ་ལ་སངས་ནས། དྲིལ་བུ་པའི་དབང་བསྐུར་ཞིག་དང༌། གུར་མགོན་གྱི་རྗེས་གནང་ཞིག་ཞུས་ནས་སོང་ངོ༌། །ཡང་ཁམ་པ་དགེ་བཤེས་ཅིག་ལ་ཁམས་འཛག་པའི་གེགས་ཐུ་མོ་ཅིག་འདུག་པ་རྒྱུ་མཚན་ཞུས་པས་ཅི་ཡང་མ་གསུང༌། ནང་པར་ཁ་སང་གི་དགེ་བཤེས་དེ་ཁྲིད་ཤོག་གདོན་གྱིས་འཛག་པར་འདུག་གསུངས་ནས་མི་དེ་ལ་བྱིན་རླབས་དང་དམིགས་པ་འདྲ་མཛད་ཀྱིན་འདུག་པས་བར་ཆད་དེ་ལས་གྲོལ་ལོ། །དེ་ལ་སོགས་པ་དགེ་སྦྱོར་མ་སྐྱེས་པ་བསྐྱེད་པ་དང༌། གེགས་སེལ་ལ་དབང་ཐོབ་པ་ཅིག་སྣང་ངོ༌། །ཡང་སྦྱོར་དྲུག་གསུང་དུས་ཞིག སྟོང་གཟུགས་འདི་བསྐྱེད་རིམ་རྟོག་བསྒོམ་ལ་མི་འཆར་བར་གསུངས་འདུག་ཀྱང་ངེས་པ་ཆེར་མེད་པ་འདྲ། ངས་ཐོ་རངས་ཚེ་སྒྲུབ་བྱེད་ཀྱིན་ཡོད་པ་དེ་དུས་མདུན་དུ་ཚེ་དཔག་མེད་བསྒོམས་པས། སྤྲུལ་སྐུའི་རྣམ་པ་ཁྲི་དང་བཅས་པ་ཇི་ལྟར་བསྒོམས་པ་བཞིན་འཆར། དེ་ལ་མཆོད་པ་འབུལ་བའི་དམིགས་པ་བྱས་པས་མེ་ཏོག་མར་མེ་ལྷ་བཤོས་སོགས་ཀྱིས་ཉལ་ཁང་གི་ནང་ཁྲིག་གེ་གང་བར་སོང་དེ་དང་པོ་ཐེང་རེ་ཐེང་གཉིས་འཆར་བ་བྱུང༌། ད་དུས་ཕྱིས་རྟག་ཏུ་འོང་གིན་འདུག་སྟོང་གཟུགས་སུ་ནི་གདའ་གསུངས། གླང་ལོར་ལམ་འབྲས་གསུངས་དུས་ཤིག མན་ངག་འདི་པའི་ལུགས་ཀྱི་རྗེས་ཐོབ་ཏུ་ངོ་བོ་ཉིད་གསུམ་སྐྱོང་ཚུལ་འདི་ཟབ་པོ་རང་ཅིག་འདུག འདི་ཀ་ལ་དྲན་འཛིན་མ་ཆད་པར་བྱས་ཙ་ན་དགེ་སྦྱོར་དགའ་མོ་འོང་གིན་འདུག་གསུངས། ཆོས་དེ་གྲོལ་རྗེས་བདག་གིས་རྗེས་ཐོབ་ལམ་ཁྱེར་ཇི་ལྟར་མཛད་ཞུས་པས། ངས་སྤྲོས་པ་ཙམ་མ་བྱས་པར་བསྒོམས་པས། དེ་རྗེས་ཐོབ་ཏུ་གྲོགས་མེད་གཅིག་པུར་བསྡད་ཙ་ན། སྣང་བ་ཐམས་ཅད་ཉམས་སྣང་འབའ་ཞིག་ཏུ་འཆར། དེ་ལས་གཞན་དུ་སེམས་མི་གཡོ་བ་ཞིག་འོང༌། མི་ཅིག་རྩར་འབྱུང་བའམ། ཐུགས་སྒྲ་སོགས་བྱུང་ཙ་ན་ཁང་ཁྱིམ་སོགས་སྣང་བ་རང་དགའ་མ་འདི་འཆར། ཡང་ཅུང་ཟད་ནས་ཉམས་སྣང་དུ་འགྲོ་བ་ཞིག་བྱུང༌། དེ་ལམ་འབྲས་པའི་ངོ་བོ་ཉིད་གསུམ་སྐྱོང་ཚུལ་དེ་ཀ་ལ་ཉམས་ལེན་བྱས་པའི་འབྲས་བུར་འདུག་གསུངས། དེ་ལ་སོགས་པ་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་ཞིག་གོ །ཡང་དུས་ཅིག་བདེ་མཆོག་འདི་ལམ་ཁྱད་འཕགས་ཅིག་ཡིན་པར་འདུག ངས་ཆོས་རྗེ་དཔལ་ལྡན་པ་ལ་དྲིལ་བུ་པའི་དབང་ཐོབ་ནས་ཡེ་མ་ཡེངས་པར་བསྒོམས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཞུས་ནས་བསྒོམ་བཟླས་བྱས་པས་རྫོགས་རིམ་གྱི་རྟོགས་པ་སྐྱེ་བར་ཕན་པར་བྱུང་གསུངས། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱང་ཇི་ལྟར་བསྒོས་པའི་ཕྲིན་ལས་སྒྲུབ་བར་སྣང་སྟེ། དུས་ཅིག་ཞི་དགོན་པའི་གཡག་བདུན་རྐུན་མས་ཁྱེར་འདུག་པ། དེ་ནུབ་གཏོར་མ་བསྔོ་བའི་སྐབས་སུ་མོན་བུ་པུ་ཏྲ་གཡག་དེད་པ་མ་ཤི་བ་ཞིག་གྱིས། རྐུན་མ་རྣམས་ཀྱི་སྲོག་ལ་གནོད་པ་མ་སྐྱེལ། ཚམ་རྔམ་གྱིས་ལ་འཇིགས་སུ་ཆུག་ཅེས་གསུང་སྐད་ཆེན་པོས་ལན་གསུམ་གསུང་གིན་སྣང༌། ཕྱིས་ཞག་གསུམ་སོང་དུས་འཇིགས་མེད་ཟེར་བའི་སྤྱི་པ་ཅིག་འདུག་པ་དེ་ལ། ཆུ་འོག་པའི་མི་ཅིག་ན་རེ་ཁྱེད་ཀྱི་གཡག་བོར་བ་ངེད་ཁ་ཅིག་གིས་རྙེད་ཡོད་པས་འབུལ་ཟེར། གཏམ་མང་དུ་བྱས་པས་བླ་མའི་བྱིན་རླབས་དང་ཆོས་སྐྱོང་གི་གཏོར་དབང་དགོས། ཕྱིས་ཆོས་སྐྱོང་གི་གནོད་པ་མི་ཡོང་བའི་སྲུང་འཁོར་དགོས་ཟེར་ནས་གཡག་བདུན་ཀ་བསྐྱལ་སོང༌། ཆོ་འཕྲུལ་འགའ་ཞིག་བྱུང་བར་སྣང་ངོ༌། །དབོན་པོ་ཤེས་རབ་སེང་གེ་ལ་ཁོང་ནད་ཐུ་མོ་ཅིག་ཡོད་པ་ལ་གཅོད་ཀྱི་དམིགས་པ་བྱེད་དུ་བཅུག་པས་ཆེར་མ་ཕན་པ། འབྱུང་པོ་ཅིག་གི་བར་ཆད་ཅིག་ཡིན་པ་འདྲ། གུར་མགོན་གྱི་རྗེས་གནང་ཞིག་ཞུས་གསུངས། ཉི་ཤུ་དགུ་ཞིག་ལ་ཞུས་པས་བཀའ་བསྒོ་བྱེད་པའི་འདིའི་དུས་སུ་བར་ཆད་ཞི་བར་གྱིས་གསུངས་པའི་ཚེ་ལུས་ཉམས་བྱུང་སྟེ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་བཞིན་པ་ལ། གཏོར་མ་ཕྱག་ཏུ་བཟུང་ནས་འཕར་ཏེ་ཁོང་གི་ལུས་སྟེང་དུ་འཕགས་པ་བྱུང༌། དེ་ཀས་ནད་གཞི་དེ་ལས་གྲོལ། དེ་ལ་སོགས་པ་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་སྒྲུབ་པའི་ལོ་རྒྱུས་མང་དུ་སྣང་ངོ༌། །སྟག་གི་ལོ་ལ་ད་ལོ་ས་སྐྱར་འགྲོ། ད་ལན་མི་སླེབ་གསུངས་ནས་བྱོན། ས་སྐྱ་ས་བཟང་གཉིས་སུ་ཟླ་བ་དགུ་བཞུགས། དེའི་ཚེ་སྒོ་རུམ་དུ་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་སྐུ་ལ་ཤེལ་རྒྱན་དང་ན་བཟའ་དང་གཏོར་མ་ཅོད་པཎ་མང་པོ་ཕུལ་ནས་གསོལ་བ་བཏབ་པས། ས་སྐྱ་པ་ཅུང་དྲག་ཏུ་འགྲོ་བའི་རྟེན་འབྲེལ་ཅིག་འདུག་གསུངས། དེའི་ཚེ་སྡེ་སྣོད་མཐའ་དག་གི་དབང་ཕྱུག་མཁས་པའི་དབང་པོ་ཆོས་རྗེ་སངས་རྒྱས་དཔལ་བ་ལ་སོགས་པ་དགེ་བའི་བཤེས་གཉེན་མང་པོས་དབང་བཀའ་དང་ཁྲིད་དང་མན་ངག་མང་དུ་ཞུས། བདག་གིས་འང་ཆོས་ཞུ་འཕྲོ་ཐམས་ཅད་རྫོགས་པར་མཛད་ནས། ད་སེམས་བདེ་གསུངས་ནས་རི་ཁྲོད་དུ་བྱོན་ནོ། །ཡོས་ལོ་ནས་ལོ་གསུམ་དུ་སྐུ་མཚམས་དམ་པར་མཛད། དགེ་བཤེས་གལ་ཆེན་རེ་རེ་ཙམ་ལ་འདོད་ཆོས་སྣ་རེ་ཙམ་གནང་བ་མ་གཏོགས་ཉིན་མཚན་ཁོར་ཡུག་ཏུ་ཏིང་ངེ་འཛིན་བསྒོམ་པས་རྟོགས་པ་བཟང་པོ་འཁྲུངས་སོ། །རྟ་ལོ་ལ་བདག་གིས་ལོ་གཅིག་ཙམ་ནས་དབུས་ན་ཕྱིན་ན་འཆིའམ་ཞུས་པས། ཁྱེད་ན་ནིང་ནས་ཀྱང་ཡང་ཡང་འགྲོ་ཟེར་གྱིན་འདུག་ནའང༌། ངེད་ལ་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ཀྱི་གནང་བའི་གདམས་ངག་འདི་རྣམས་ཐམས་ཅད་ཁྱོད་ལ་རྫོགས་པ་ཅིག་འཕྲོད་ན་སྙམ་པ་དེ་སྔ་མ་ཚར་བ་དང༌། ཆོས་རྗེ་འཕགས་པའི་སྐུ་ཚེ་ཅི་འདྲ་ཡོང་མི་ཤེས་འདུག་པས་སྡོད་བྱས་པ་ཡིན། ད་ལན་སོང་དབུས་སུ་ལོ་བཞི་འགོར་བར་འདུག རྟེན་འབྲེལ་དགའ་མོ་ཅིག་བྱུང་བས་བར་ཆད་མི་འོང༌། ང་ཡང་མ་འཆི་ཙམ་དང་འཕྲད་པར་འདུག་གསུངས་ནས་སྐུ་མཚམས་སྔར་བས་དམ་དུ་བཏང༌། ཐུགས་དམ་ལ་དྲིལ་བས་རྫོགས་རིམ་གྱི་རྟོགས་པས་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་སོ། །བྱ་ལོ་ཟླ་བ་ལྔ་པ་ལ་བདག་གིས་དབུས་ནས་ས་སྐྱར་སླེབ་དུས། རྗེ་ཉིད་སྐུ་ཁམས་བསྙེལ་པོ་ཡོད་ཟེར་བ་ཐོས། དེ་འཕྲལ་མཇལ་དུ་ཕྱིན་པས་དགོན་པའི་རྩར་སླེབས་པ་དང༌། ཉེ་གནས་ནམ་མཁའ་མགོན་བསུ་བ་ལ་བྱུང༌། བདག་གིས་ང་ཡོང་བ་སུ་ལས་ཚོར་བྱས་པས། གཞན་སུ་ལ་ཡང་མ་ཚོར། ཁར་སང་ཟླ་བ་སྔ་མ་ནས་བླ་མས་ས་སྐྱར་སླེབ་ཡོད། གྲབས་གྱིས་ཡང་ཡང་གསུངས། ཁྱད་པར་ཁར་སང་དེ་རིང་གཉིས་བྱར་གྱིས་གསུངས་ནས་བྱས་པ་ལགས་ཟེར། སླེབས་འཕྲལ་སྐུ་མདུན་དུ་མཇལ་བས་སྐུ་བསྙེལ་པོ་རང་ལས་མི་འདུག་ན་ཡང་ཤིན་ཏུ་མཉེས། ཇ་མང་དུ་གསོལ། གསུང་གླེང་མང་དུ་མཛད། སང་ཚ་བའི་དུས་སུ། ཁར་སང་ཟླ་བ་སྔ་མའི་ཚེས་ལྔའི་ནུབ་རྨི་ལམ་བཞིན་ཟ་ཟི་ཅིག་ལ་འགྲོ་མགོན་ཆོས་རྗེ་བྱོན་ནས་ཁྱོད་རང་གི་སློབ་མ་དེ་ཚེས་བརྒྱད་ལ་སླེབ་ཡོང་བ་ཡོད། ཁོས་གསོལ་བ་བཏབ་ན་ད་དུང་ལོ་བཞི་མི་འཆི་གསུང་བ་ཅིག་བྱུང༌། དེ་དོན་གྱིས་ཁྱོད་སླེབ་བམ་སྙམ་པ་ད་སླེབས་པ་ལེགས། དོ་ནུབ་ཚེས་བརྒྱད་ཡིན་པ་འདྲ་བས་ཁྱོད་ཀྱིས་མགོན་པོ་གདོང་བཞི་པའི་བསྐང་གསོ་ཞིག་གྱིས། ཞིང་སྐྱོང་འདིས་ན་ནིང་ནས་ལམ་སྒྲུབ་པའི་གྲོགས་ཁྱད་འཕགས་ཞིག་བྱས་གསུངས། སྤྱིར་ཕྱི་ནང་གི་རྟེན་འབྲེལ་འདི་ངོ་མཚར་ཆེ་བ་ཅིག་འདུག ཁར་སང་ཇ་འཐུངས་པ་དང༌། ལབ་མང་བས་ཁམས་ཟློག་གམ་སྙམ་པ་བྱུང༌། ནམ་མགོན་ཡང་དེ་སྐད་ཟེར་གྱིན་འདུག་ནའང༌། ད་ཕན་འདུག་གསུང༌། དེ་ཉིན་ཇ་དང་གསུང་གླིང་མང་དུ་ཞུས། ཉིན་ཕྱེད་ཙམ་དུས་བདག་གི་དྲུང་ནས་ན་ནིང་ནས་ཐུགས་དམ་འཕེལ་པོ་བྱུང་གདའ། བསྐྱེད་རྫོགས་ཀྱི་རྟོགས་པ་རྣམས་སྔར་དང་ཁྱད་ཅི་ཙམ་འཕེལ། སྟོང་གཟུགས་རྣམས་བརྟན་པོ་བདོག་གམ་ཞུས་པས། སྟོང་གཟུགས་ཕྲ་ཆིལ་ཆིལ་དེ་ད་སྒོམ་ཁང་དུ་བསྡད་མ་བསྡད་འདྲ་བར་འདུག བསྐྱེད་རྫོགས་གཉིས་ཀྱི་རྟོགས་པ་གཞན་དེ་ཀ་ལ་ཡོད་གསུངས། ཅུང་ཟད་ཅིག་ནས་ཞལ་འཛུམ་པ་མཛད་ནས། བདག་གི་རྣ་བ་གཡོན་པ་ནས་ཕྱག་གཡས་པས་འཐེན་ཏེ་གསང་གྲོས་ཀྱི་ཚུལ་དུ་གསུང་ཆུང་ངུ་མཛད་ནས། ཨང་ཀེ། ཨང་ཀེ། ན་ནིང་ནས་དགེ་སྦྱོར་འཕེལ་པོ་བྱུང༌། བཤང་གཅིའི་གསེབ་ན་སེམས་ཅན་སོགས་ཡེ་མེད། ལུས་ལ་ཤིག་མེད། དམྱལ་བར་སོང་ནའང་དགའ་སྟེ། སྙམ་པ་ཡོད་གསུངས། དེ་དུས་བདག་གི་རྟོག་པ་ལ་ཅི་གསུང་བ་ཡིན་ནམ། བཤང་གཅིའི་ནང་དུ་སུ་ཡིས་གཡེང་བ་ནི་མེད་སྙམ་པ་བྱུང༌། སང་ཐོ་རངས་བསམ་པས། ཤེར་ཕྱིན་གྱི་འགྲེལ་པར། དགེ་བའི་རྩ་བ་འཇིག་རྟེན་ལས་མངོན་པར་འཕགས་པ་ཉིད་ཀྱི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་མི་འབྱུང་བ་དང༌། དགེ་བའི་རྩ་བ་རྣམ་པར་དག་པས་སེམས་གྱ་གྱུ་མེད་པ་དང༌། རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་མི་ལྟ་བ་ཉིད་ཀྱིས་ཕྱག་དར་ཁྲོད་པ་ཉིད་ལ་སོགས་པ་སྦྱོང་བའི་ཡོན་ཏན་ཡང་དག་པར་ལེན་པ་དང༌། སྦྱིན་པ་ལ་སོགས་པའི་ཁྱད་པར་བསྒྲུབས་པས། དེ་དག་དང་འགལ་བ་སེར་སྣ་དང༌། འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་མེད་པ་དང༌། ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཉིད་ཀྱིས་ཆོས་ཉིད་དང་མི་འགལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྲོ་བ་དང༌། འགྲོ་བ་བདག་ཉིད་ཀྱི་བྱས་པ་ཉིད་ཀྱིས་གཞན་གྱི་དོན་དུ་དམྱལ་བར་འདོད་པ་ཞེས་བྱ་བ་རྣམ་པ་དྲུག་དང་ཞེས་པའི་གཞུང་དེ་དྲན་པས་དད་པ་བསམ་གྱིས་མི་ཁྱབ་པ་སྐྱེས། སྦྱོར་ལམ་རྩེ་མོའི་ཡེ་ཤེས་སྐྱེས་པར་ཞལ་གྱིས་བཞེས་པར་གོ་ཞིང་ཐག་ཆོད་དོ། །ཚེས་བཅུའི་ཉིན་གདན་བཞུགས་ཀྱི་གསོལ་འདེབས་དང༌། སྐུ་རིམ་མང་རབ་ཅིག་བྱས། ཆོས་རྗེ་ཉིད་ཀྱི་ཆག་ཕྱི་བདག་ཅག་བདུན་གྱིས་བགྱིས་ནས། བདེ་མཆོག་དྲིལ་བུ་པའི་སྒྲུབ་མཆོད་བྱས། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ་ཕུལ་ཞིང་གསོལ་བ་བཏབ་སྟེ། དབོན་པོ་ཤེས་རབ་སེང་གེ་ན་རེ་ལོ་བརྒྱའི་བར་དུ་བཞུགས་དགོས་ཞུ་ཡིན་འདུག་པས། ལོ་བརྒྱ་ཙམ་སྡོད་མཁན་སུ་ཡོད། ཚེ་རིང་པོ་ཡིན། ད་ལན་བླ་མས་མ་སླེབས་ན་ཤི་ཉེན་འདུག་ནའང་རྟེན་འབྲེལ་གྱིས་ཁོང་སླེབས། ད་ཤི་རུང་འགྱོད་པ་དང༌། སེམས་ཀྱི་འཁྲི་བ་ཅིག་ཀྱང་མེད། ང་ཁར་སང་འགྲོ་མགོན་ཆོས་རྗེས་ལོ་བཞི་མི་འཆི་གསུང་བ་ཡང་བྱུང༌། ཁྱེད་རྣམ་པའི་དེ་རིང་ཕུལ་བའི་གདན་འདི་ལའང་བཞི་འདུག་པས་ལོ་བཞི་སྡོད། དེ་ནས་ཕྱིན་པ་དྲག་གསུངས། དེ་ནས་བདག་སྐུ་མདུན་དུ་ཟླ་བ་གཅིག་བསྡད། ཕྱག་རྫས་ཕལ་ཆེར་ཆོས་ཕྱོགས་སུ་བཏང་ཚར་ནས་མི་འདུག ལྷག་མ་འདུག་པ་རྣམས་ཉེ་གནས་སོགས་ལ་གནང་སྦྱིན་དགོས་པ། དགེ་བཤེས་ཐ་དད་ལ་ཕྱག་དཔེ། མཆོད་ཆ་སོགས་གང་འོས་རྣམས་མོས་གུས་ཀྱི་རྟེན་དུ་གནང༌། དགོན་པའི་སྟོད་ཟུར་ན་ཡོད་པ་མ་གཏོགས། གཞན་རྫས་སྣེ་གཅིག་ཀྱང་མ་བཟུང་བར་སྦྱིན་པ་གཏང༌། བདེ་བར་མ་གཤེགས་ཀྱི་བར་ཞབས་ཏོག་ཆུད་ཁ་ནས་སྦྱར་ཏེ། ཉེ་གནས་གཅིག་མ་གཏོགས་གཞན་སུ་དང་ཡང་མི་མཇལ་བར་མཛད་ནས་ཐུགས་དམ་འབའ་ཞིག་ལ་བཞུགས་སོ། །ཁྱི་ལོའི་དཔྱིད་བདག་མཇལ་དུ་ཕྱིན་པས། ཁམས་བདེ་དགེ་སྦྱོར་ནན་ལྟར་འཕེལ། ཁྱེད་རང་ཡང་དགེ་སྦྱོར་ལ་དྲིལ་བ་འཐད། མི་ཉུང་བ་འདི་བས་དགེ་སྦྱོར་ལ་དྲག་པ་མི་འདུག་གསུངས། ས་མོ་ཕག་གི་ལོ་ཤར་བའི་ཚེ། ད་སྤྲོས་པ་མང་པོ་ཁམས་ཀྱིས་མི་ནུས་པ་འདུག་པས། ཆོས་སྐྱོང་རྣམས་ལ་གཏོར་མ་དུས་གཅིག་ལ་འབུལ་བ་ཡིན་གསུངས་ནས། གཏོར་མ་མང་པོ་ཞིག་ཞག་གསུམ་གྱི་བར་དུ་ཕུལ་ནས། གཏོར་མ་བསྔོ་བའི་རྗེས་མ་དེ་ལ་གྱིས་གསུངས། སློབ་དཔོན་དབོན་པོ་སོགས་མན་ངག་གི་ཞུ་འཕྲོ་ཡོད་པ་རྣམས་ད་ལན་ཤོག་གསུངས་ནས་ཆོས་ཁ་ཅིག་གསུངས་ནས། ཁོང་ཚོས་དོན་གཉེར་བ་རྣམས་ཀྱི་འཕྲོ་ཡང་རྫོགས་ཡོད། ད་ཁྲིད་གསར་པ་སྐྱོང་བ་སོགས་ཆོས་འཆད་པའི་སྤྲོས་པ་འཇོག་པ་ཡིན་གསུངས་ནས། སྐུ་མཚམས་དམ་དུ་བཏང་ནས་ཐུགས་དམ་གྱིས་དུས་འདའ་བར་མཛད་དོ། །ཆུ་ཕོ་བྱི་བའི་ལོ་ཟླ་བ་དགུ་པ་ལ་ཞབས་ཅུང་ཟད་བསྙུང་དུ་བྱུང་བས། ཉེ་གནས་ཀྱིས་སྐུ་མཚམས་གསེངས་ནས་ཆུ་ཚན་ལ་འབྱོན་པ་དྲག་ཞུས་པས། མི་ཕན་མི་འགྲོ་གསུངས། སློབ་དཔོན་དབོན་པོ་སོགས་ཐམས་ཅད་ཀྱིས་ཞུས་པས། སློབ་དཔོན་ཆུ་ཚན་ལ་ཚེས་བརྒྱད་ལ་བྱོན། དེར་མི་མང་པོས་ཆོས་འབྲེལ་དང༌། བྱིན་རླབས་སྲུང་སྐུད་སོགས་ཞུས་པས་གྲིབ་ཅིག་བྱུང་ནས་སྐུ་ཁམས་དྲག་ཏུ་མ་སོང་བར་ཚེས་བཅུ་ལ་དགོན་པར་ཕེབས། སྐུ་ཁམས་ཉོག་གེ་བ་ཞིག་བྱུང༌། དེའི་ཚེ་སྣང་བ་ཐམས་ཅད་སྟོང་གཟུགས་ཀྱི་ཚེ་དཔག་མེད་ཀྱི་སྐུ་འབའ་ཞིག་ཏུ་འཆར་གྱིན་འདུག་པས། ཕྱི་མ་ལ་ཡང་ཚེ་རིང་པོ་ཅིག་ཡོང་བར་འདུག་གསུངས། ད་འགྲོ་བར་གདའ། སེམས་ཀྱི་འཁྲི་བ་ཅིག་ཀྱང་མེད། བློ་སྦྱོང་ན་འདུག་པའི་ཁ་རག་པའི་གཏམ་རྒྱུད་དང་འདྲ་གསུངས། ཚེས་བཅོ་ལྔའི་ཉིན་ཕྱེད་ཡོལ་བ་ན་ལུས་ཉམས་མང་པོ་ཅིག་མཛད། གཽ་རཱི་ཙཽ་རཱི་ཞེས་སོགས་ཀྱེ་རྡོ་རྗེའི་འཁོར་གྱི་ལྷ་མོ་རྣམས་ཀྱི་སྔགས་མང་པོ་གསུང་གིན་འདུག ཅུང་ཟད་ཅིག་ནས་ད་ལྟ་ལུས་ཉམས་མང་པོ་འབབ་ཀྱིན་གདའ་བས་སྐུ་ཁམས་མི་ལྕིའམ་ཞུས་པས། ཁམས་བདེ། ད་ལྟ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ལ་ལྷ་ཐམས་ཅད་གར་བྱེད་པའི་སྣང་བ་བྱུང་ཤེས་པ་གསལ་པོ་ཡོད་གསུངས། དེ་ལྟར་ཐུགས་དམ་དང་དག་པའི་སྣང་བ་ཁོ་ནས་དུས་འདའ་བའི་ངང་ནས། ཚེས་བཅོ་ལྔའི་སྲོད་ལ་བབ་པ་ན་འདའ་ཀ་མའི་ཉམས་ལེན་ཁྱད་པར་ཅན་དང་བཅས་ཏེ་ཆོས་ཀྱི་སྐུའི་དབྱིངས་སུ། གཟུགས་ཀྱི་སྐུའི་བཀོད་པ་རེ་ཞིག་ཏུ་བསྡུ་བར་མཛད་དོ། །སྐུ་གདུང་ཞུགས་ལ་བ་ཞེན་པའི་ཚེ་ཡང་རིང་བསྲེལ་ཁྱད་པར་ཅན་འགའ་ཞིག་བྱུང་ཞིང༌། གང་ཟག་ཐ་དད་ཀྱི་གདུང་སྐལ་རྣམ་ལ་ཡང་རིང་བསྲེལ་མང་པོ་བྱོན་ནོ། །དམ་པ་དེ་ཉིད་ཀྱི་བྱིན་རླབས་འཇུག་ཅིང་ཐུགས་ཀྱི་དགོངས་པ་རྫོགས་པའི་ཆེད་དུ་བདག་གིས་རྒྱལ་བ་རྡོ་རྗེ་འཆང་ནས་རྗེ་ཉིད་ཀྱི་བར་གྱི་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་རྣམས་གཙོ་བོར་གྱུར་པ་ལ། བླ་མ་བརྒྱུད་པ་དང་ཡི་དམ་མང་པོས་བསྐོར་བའི་བྲིས་སྐུ་བཅུ་གཅིག་བཞེངས་ཏེ། དེའི་རས་འདུལ་ལ་རྗེ་ཉིད་ཀྱི་གདུང་དྲི་བཟང་པོ་དང་ལྷན་ཅིག་ཕྱེ་མར་བྱས་ཏེ་བགོ་བའི་ཆེད་དུ་གདུང་བཏགས་པའི་གསེབ་ནས་རིང་བསྲེལ་ཁྱད་འཕགས་གཉིས་བྱོན་ནོ། །དམ་པ་གང་གི་ངང་ཚུལ་སངས་རྒྱས་དང༌། །ཐ་དད་མེད་ཕྱིར་བདག་ལྟས་རྟོགས་པར་དཀའ། །འོན་ཀྱང་དད་པས་མདོ་ཙམ་བྲིས་འདི་ལ། །གྲུབ་ཆེན་བླ་མའི་བྱིན་རླབས་འཇུག་གྱུར་ཅིག །དྲིན་ཆེན་རྩ་བའི་བླ་མ་དམ་པ་མཁས་པ་དང་གྲུབ་པའི་དབང་ཕྱུག་རྡོ་རྗེ་འཆང་གཉིས་པ་བུདྡྷ་ཤྲཱིའི་རྣམ་ཐར་མདོར་བསྡུས་པ་འདི་ནི་རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*