ཐོག་མར་ལམ་འབྲས་གསོལ་འདེབས།

༼ཀ༽༄༅། །ཛཡེནབིམལཾབྱཱཀརཎོབཛྲདྷརཱནནྡབྷདྲཔཱདསྱཝཙནཾཔུསྟཀོཔྲཐམཱནསུཔནྠིཤསྱཾགུརུཀུལཱཾནཱཾསམིཿམུཀྟཱམཱལཱབིཧརཏིསྨ།།

༄༅། །རྒྱལ་བས་དྲི་མེད་ལུང་གིས་བསྔགས་པའི་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞབས་ཀྱི་གསུང་རབ་གླེགས་བམ་དང་པོ་ལས་ལམ་འབྲས་བླ་མ་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་བཞུགས་སོ།།

༄། །མཉམ་པའི་བྲྀཏྟའི་སྐྱེ་འགྲོ་ལ་ངོ་མཚར་རྟོགས་བྱེད་ཀྱི་རྣམ་གྲངས་«༤༠༩༦»བཞི་སྟོང་གོ་དྲུག ཡང་བའི་བྱ་བ་གཅིག་ཡང་པ་ཉི་མའི་གྲངས་ལྡན་རྗེས་འབྲང་བཅས་ཡི་གེ་ཆིག་ཁྲི་«༡༨༡༧༩»རྗེས་འབྲང་བཅས། ལྕི་ཡང་དགུ་«༩༠༧»བརྒྱ་རྗེས་འབྲང་བཅས། ཕྱི་མོ་ཉིས་སྟོང་རྗེས་«༢༠༠༠»འབྲང་བཅས། ཨདྷྭ་འཕྲེད་ཉེར་གསུམ་སྟེང་འོག་གོ་«༩༡»གཅིག་བཅས་མཆིས་པའི་ནང་གསེལ་ནཥྚ་ཛ་ཡ་ཡ་མ་ཨུདྡིཥྚ་དོན་བདུན་པ་ནས་རྙེད་པའི་པྲཱསྟཱ་རས་བཅིང་པའོ།།

༄༅། །བིཤུདྡྷཙཏུརྨཎྜལཾབྷཱུམྱཻཝརྵཱསྶུདྷེནྭཙཏུཿཔྲཱབྷིཥིཉྩཾབིཤྭེཏཾ། བིམུཀྟཙཏུཿཀཱཡཤསྱེཿཔུཥྚཾཀྲྀཤྩཏུརྒུརུམདྷྱེཥཎོམདྭིཛྙཱནཾ།

༄༅། །རྣམ་དག་དཀྱིལ་འཁོར་བཞི་ཡི་འཛིན་མ་ལ། །རྣམ་དཀར་དབང་བཞིའི་ཆར་རྒྱུན་ལེགས་ཕབ་ནས། །རྣམ་གྲོལ་སྐུ་བཞིའི་ལོ་ཏོག་རྒྱས་མཛད་པའི། །རྣམ་མཁྱེན་བླ་མ་བཞི་ལ་གསོལ་བ་འདེབས། །ཁྱབ་བདག་རྡོ་རྗེ་འཆང་དབང་བདག་མེད་མ། །མཐུ་སྟོབས་དབང་ཕྱུག་གྲུབ་ཆེན་ནག་པོ་པ། །ཌཱ་མ་རུ་པ་ཨ་ཝ་དྷཱུ་ཏི་པ། །ག་ཡ་དྷ་ར་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །བསྐྱེད་པ་ཕྱི་དབྱིབས་རྡུལ་ཚོན་དཀྱིལ་འཁོར་དུ། །བུམ་པའི་དབང་བསྐུར་བསྐྱེད་རིམ་ལམ་བསྒོམ་པས། །རྩ་ཡི་འགྲོས་ཀྱིས་ལུས་ཀྱི་སྒྲིབ་སྦྱངས་ནས། །སྤྲུལ་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །བྷ་ག་བྱང་སེམས་ནང་གི་དཀྱིལ་འཁོར་དུ། །གསང་བའི་དབང་བསྐུར་གཏུམ་མོའི་ལམ་བསྒོམ་པས། །ཡི་གེའི་འགྲོས་ཀྱིས་ངག་གི་སྒྲིབ་སྦྱངས་ནས། །ལོངས་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཀུན་རྫོབ་བྱང་སེམས་གསང་བའི་དཀྱིལ་འཁོར་དུ། །གསུམ་པའི་དབང་བསྐུར་ཕོ་ཉའི་ལམ་བསྒོམས་པས། །བདུད་རྩི་འགྲོས་ཀྱིས་ཡིད་ཀྱི་སྒྲིབ་སྦྱངས་ནས། །ཆོས་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །དོན་དམ་བྱང་སེམས་མཐར་ཐུག་དཀྱིལ་འཁོར་དུ། །བཞི་པའི་དབང་བསྐུར་རྦ་རླབས་ལམ་བསྒོམས་པས། །རླུང་གི་འགྲོས་ཀྱིས་སྒོ་གསུམ་སྒྲིབ་སྦྱངས་ནས། །ངོ་བོ་ཉིད་སྐུ་ཐོབ་པར་བྱིན་གྱིས་རློབས། །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་འདི་ནི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ་བར་འགྱུར་ཅིག།  །།  ༄༅། །རྩ་བའི་བླ་མ་སྤྱི་ལ་བསྟོད་པ་རྗེས་སུ་དྲན་པ་ཞེས་བྱ་བ་བཞུགས།།  ༈ །རྒྱ་གར་སྐད་དུ། སངྒུརུ་སརྦ་མཱུ་ལ་སྟོཏྟྲཔྲ་ཀ་ར་ཎ་གུ་ཎ་ཨ་ནུ་སྨྲྀ་ཏི་ནཱ་མ། བོད་སྐད་དུ། རྩ་བའི་བླ་མ་དམ་པ་རྣམས་ལ་བསྟོད་པའི་རབ་ཏུ་བྱེད་པ་ཡོན་ཏན་རྗེས་སུ་དྲན་པ་ཞེས་བྱ་བ། རྗེ་བཙུན་དམ་པ་བཀའ་དྲིན་ཅན་རྣམས་ཀྱི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །མཁྱེན་པའི་ཡེ་ཤེས་ཉི་ཟླ་ལྟར་གསལ་ཞིང༌། །བརྩེ་བའི་རྒྱལ་མཚན་ལྷུན་པོ་ལྟར་བརྗིད་པ། །ནུས་མཐུའི་དཔལ་འབྱོར་རྒྱ་མཚོ་ལྟར་ཡངས་པའི། །འདྲེན་མཆོག་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །སྙན་བརྒྱུད་གདམས་པའི་དཔལ་དང་རབ་ལྡན་ཞིང༌། །ཚུལ་ཁྲིམས་ཐོས་བསམ་ནོར་གྱིས་རབ་འབྱོར་པས། །མཁས་མང་རྒྱ་མཚོའི་ཚོགས་ཀྱིས་རབ་བཏུད་པ། །བླ་མའི་བླ་མར་གྱུར་ལ་ཕྱག་འཚལ་ལོ། །ཀུན་རྫོབ་ཆོས་ཅན་སྣང་བ་སྣ་ཚོགས་སངས། །དོན་དམ་སྤྲོས་དང་བྲལ་བའི་རྟོགས་པ་རྒྱས། །བདེན་གཉིས་དབྱེར་མེད་སྲིད་དང་ཞི་བའི་དཔལ། །གྲུབ་ཆེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །ཕུན་ཚོགས་ཡོན་ཏན་ཀུན་ལ་དབང་འབྱོར་ཞིང༌། །ཟག་མེད་བདེ་ཆེན་དགའ་བཞིའི་དཔལ་གྱིས་འབྱོར། །བདེ་གཤེགས་བསྟན་པའི་རྒྱལ་མཚན་ལེགས་འཛིན་པའི། །བླ་ཆེན་འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །མཐའ་ཡས་བསྐལ་པར་ཚོགས་གཉིས་ལེགས་བསྒོམས་པས། །ཐེག་མཆོག་སྔགས་ཀྱི་ཚུལ་ལ་གཞོན་ནུ་ནས། །རབ་འབྱམས་མཁྱེན་པ་རྒྱས་པའི་བློ་གྲོས་ཅན། །མཚུངས་མེད་འཕགས་པའི་ཞབས་ལ་ཕྱག་འཚལ་ལོ། །དགེ་ལེགས་བཀྲ་ཤིས་རྒྱས་པའི་སྤྲིན་ལམ་ལ། །རྨད་བྱུང་མཁྱེན་བརྩེའི་རྟ་བདུན་རབ་རྒྱས་ཤིང༌། །ཡོན་ཏན་རིན་ཆེན་འོད་སྟོང་འཕྲོ་བ་པོ། །དྲིན་ཆེན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་གསུང་རབ་ཟབ་མོའི་མཛོད་འཛིན་ཅིང༌། །ཐུབ་དབང་བསྟན་པའི་དཔལ་དུ་གྱུར་པའི་མཐུས། །གངས་ཅན་ཁྲོད་འདིར་འགྲན་ཟླས་དབེན་པ་ཡི། །མཁས་མཆོག་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྐྱབས་མཆོག་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །དཔལ་གྱི་འབྱུང་གནས་དམ་ཆོས་ཀུན་གྱི་གཏེར། །བཟང་པོའི་ལམ་སྟོན་འདུས་པ་ཀུན་གྱི་གཙོ། །སྒྲ་བསྒྱུར་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་དག་བློ་གྲོས་མཁའ་ལྟར་རྒྱ་ཆེ་ཞིང༌། །རྨད་བྱུང་བཟང་པོའི་ཕྲིན་ལས་མངའ་བའི་མཐུས། །མཐའ་ཡས་གྲགས་པའི་དཔལ་གྱིས་མངོན་མཐོ་བའི། །ཀུན་མཁྱེན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཡོན་ཏན་རྒྱ་མཚོ་བླ་མའི་ཚོགས་རྣམས་ལ། །མཆོད་སྤྲིན་རྒྱ་མཚོ་ནམ་མཁའ་མཉམ་པས་མཆོད། །ཐོག་མེད་དུས་ནས་བདག་གིས་སྡིག་པའི་ལས། །བག་མེད་བགྱིས་གང་འདྲེན་པའི་སྤྱན་སྔར་བཤགས། །བརྩེ་ཆེན་རྒྱལ་དང་བྱང་ཆུབ་སེམས་སོགས་ཀྱིས། །དོན་ཆེན་དགེ་བ་མཛད་ལ་རྗེས་ཡི་རང༌། །མ་དག་འཁོར་བའི་བྱ་བས་ལྡོངས་རྣམས་ལ། །རྣམ་དག་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཐུབ་མཆོག་མྱ་ངན་འདའ་བར་གང་བཞེད་པའི། །སྐྱེས་མཆོག་དེ་དག་བཞུགས་པར་གསོལ་བ་འདེབས། །བསམ་ཡས་དགེ་བ་འདི་དང་དགེ་བ་གཞན། །མཐའ་ཡས་འགྲོ་བའི་དོན་ཕྱིར་ཡོངས་སུ་བསྔོ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །བདག་ཉིད་ཆེན་པོ་བླ་མའི་ཚོགས་རྣམས་ལས། །བདག་མེད་དོན་སྟོན་དམ་པའི་ཆོས་ཐོས་ནས། །བདག་འཛིན་རྒྱུ་དང་བཅས་པ་སྤོང་བར་ཤོག །རྣམ་མང་འགྲོ་ལ་ཕན་བདེ་འབྱུང་བའི་གཞི། །རྣམ་མཁྱེན་རྒྱལ་བའི་བསྟན་པ་ལེགས་བཟུང་ནས། །རྣམ་དག་དམ་པའི་ཆོས་ལ་སྤྱོད་པ་ཡི། །རྣམ་དཀར་ཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །མ་རིག་མུན་པས་ལྡོངས་པའི་སེམས་ཅན་ལ། །མུ་བཞི་སྤྲོས་ཀུན་བྲལ་བའི་ཆོས་བསྟན་ནས། །མི་རྟོག་ཏིང་འཛིན་ཤིན་ཏུ་ཟབ་པའི་དོན། །མེ་ཏོག་བུང་བས་བསྟེན་ལྟར་བསྒོམ་པར་ཤོག །ཅེས་པ་རྩ་བའི་བླ་མ་དམ་པ་རྣམས་ལ་བསྟོད་པའི་རབ་ཏུ་བྱེད་པ་ཡོན་ཏན་རྗེས་སུ་དྲན་པ་ཞེས་བྱ་བ་འདི་ནི་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག།  །།  «༄། །ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ལ་བསྟོད་པ་ལྔ་བཞུགས།། » ༈ །ཨོཾ་སྭ་སྟི་སིདྡྷཾ། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པར་ཕྱག་འཚལ་ལོ། །ཡིད་འོང་མཚན་དཔེའི་ཚོགས་ཀྱིས་སྤྲས་པའི་སྐུ། །ཡིད་འཕྲོག་ཚངས་དབྱངས་ལྟ་བུར་སྙན་པའི་གསུང༌། །ཡིད་བཞིན་ནོར་ལྟར་འགྲོ་ལ་སྙོམས་པའི་ཐུགས། །ཡིད་ལ་རེ་བའི་འབྲས་སྩོལ་དེ་ལ་འདུད། །ཡེ་ཤེས་ལྔ་ཡི་རོ་ཡིས་གང་བའི་ཐུགས། །རྒྱལ་བའི་གསུང་རབ་ཇི་བཞིན་སྟོན་པའི་གསུང༌། །མཚན་དཔེའི་ཚོགས་ཀྱིས་རྣམ་པར་མཛེས་པའི་སྐུ། །དཔལ་འབྱོར་བཟང་པོ་བླ་མའི་ཞབས་ལ་འདུད། །ཡེ་ཤེས་ཆེན་པོའི་བདེ་བས་ཡོངས་གང་ཞིང༌། །ཡེ་ཤེས་དམ་པའི་གཟིགས་པས་འགྲོ་བ་ཀུན། །ཡེ་ཤེས་ཟག་མེད་བདེ་ལ་སྐྱོང་མཛད་པའི། །ཡེ་ཤེས་ལྔ་ལྡན་བླ་མའི་ཞབས་ལ་འདུད། །རྒྱལ་སྲས་དམ་པའི་སྤྱོད་པ་མཐར་ཕྱིན་པས། །རྒྱལ་བ་ལྟ་བུར་ཀུན་ལ་སྙོམས་མཛད་ཅིང༌། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པ། །རྒྱལ་བ་གཉིས་པ་བླ་མའི་ཞབས་ལ་འདུད། །མཚན་མོའི་མགོན་ལྟར་དྲི་མེད་གསལ་བའི་སྐུ། །མཚན་དང་དཔེ་བྱད་ཚོགས་ཀྱིས་ཉེར་མཛེས་ཤིང༌། །མཚན་ཙམ་དྲན་པས་ཡིད་ཀྱི་གདུང་སེལ་བ། །མཚན་ཉིད་ཡོངས་རྫོགས་བླ་མའི་ཞབས་ལ་འདུད། །དཔལ་མཆོག་བདེ་གཤེགས་གསུང་གི་མཛོད་འཛིན་ཅིང༌། །དཔལ་འབྱོར་དམ་པའི་ཆོས་ལ་ལེགས་རོལ་པས། །དཔལ་གྱི་འབྱུང་གནས་བསྟན་པ་སྤེལ་མཛད་པའི། །དཔལ་མགོན་མཐར་ཐུག་བླ་མའི་ཞབས་ལ་འདུད། །བཟང་པོའི་ལས་དང་སྨོན་ལམ་ཡོངས་དག་པས། །བཟང་པོའི་ཐུགས་ཀྱིས་མཐའ་ཡས་སེམས་ཅན་ཀུན། །བཟང་པོའི་སྤྱོད་པ་མཆོག་ལ་སྦྱོར་མཛད་པའི། །བཟང་པོའི་ལམ་སྟོན་བླ་མའི་ཞབས་ལ་འདུད། །སྐུ་དང་ཡེ་ཤེས་ཚོགས་ལ་མངའ་བརྙེས་པས། །སྐུ་ཡི་རྣམ་འཕྲུལ་སྣ་ཚོགས་དང་ལྡན་ཞིང༌། །སྐུ་མཆོག་མཐོང་བས་ཡིད་ཀྱི་དཔལ་འཕྲོག་པའི། །སྐུ་གསུམ་མཐར་ཕྱིན་བླ་མའི་ཞབས་ལ་འདུད། །གསུང་རབ་ཀུན་གྱི་སྙིང་པོ་ལེགས་བསྡུས་པའི། །གསུང་གི་ཟེར་གྱིས་འགྲོ་བློའི་མུན་སེལ་ཞིང༌། །གསུང་དབྱངས་ཡན་ལག་དྲུག་ཅུས་ལེགས་འབྱོར་པའི། །གསུང་གི་དབང་ཕྱུག་བླ་མའི་ཞབས་ལ་འདུད། །ཐུགས་རྒྱུད་བྱམས་དང་སྙིང་རྗེས་རབ་གང་ཞིང༌། །ཐུགས་ཀྱི་དགོངས་པ་རྨད་བྱུང་མངའ་བའི་མཐུས། །ཐུགས་ཀྱིས་བཞེད་ལྟར་སྲིད་གསུམ་སྨིན་མཛད་པའི། །ཐུགས་རྗེ་ཆེ་ལྡན་བླ་མའི་ཞབས་ལ་འདུད། །མཁྱེན་པའི་ཡེ་ཤེས་དཔག་མེད་མངའ་བའི་མཐུས། །མཁྱེན་བརྩེ་ནུས་ལྡན་གཞན་གྱིས་མངོན་བསྟོད་ཅིང༌། །མཁྱེན་ཆེན་གསུང་རབ་ཟབ་མོའི་མཛོད་འཛིན་པའི། །མཁྱེན་རབ་དབང་ཕྱུག་བླ་མའི་ཞབས་ལ་འདུད། །རྣམ་དག་བློ་གྲོས་མཁའ་ལྟར་རབ་ཡངས་ཤིང༌། །རྣམ་དཔྱོད་ཤེས་རབ་ཐོགས་པ་མེད་ལྡན་པས། །རྣམ་མང་འགྲོ་ལ་དམ་པའི་ཆོས་སྟོན་པའི། །རྣམ་མཁྱེན་གཉིས་པ་བླ་མའི་ཞབས་ལ་འདུད། །དབང་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་ལ། །དབང་རབ་འབྱོར་ཞིང་དགེ་ལེགས་ཡོན་ཏན་གྱི། །དབང་ཕྱུག་དམ་པའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་རབ་བསྒྱུར་མཛད་བླ་མའི་ཞབས་ལ་འདུད། །ཆོས་ཀུན་རང་དང་སྤྱི་ཡི་མཚན་ཉིད་ལ། །ཆོས་བཞིན་མཁྱེན་པ་རྨད་བྱུང་མངའ་བའི་མཐུས། །ཆོས་སྨྲ་རྣམས་ཀྱི་གཙུག་གི་རྒྱན་གྱུར་པའི། །ཆོས་རྗེ་འགྲོ་མགོན་བླ་མའི་ཞབས་ལ་འདུད། །དོན་གྲུབ་རྒྱལ་བའི་སྲས་ཀྱི་གསུང་རབ་རྣམས། །དོན་བཞིན་རྟོགས་ནས་ཐུགས་རྗེས་གཞན་དག་ལ། །དོན་མིན་སྤངས་པའི་ཆོས་ཀྱི་ཆར་འབེབས་པའི། །དོན་གཉིས་ལྷུན་གྲུབ་བླ་མའི་ཞབས་ལ་འདུད། །མངོན་པར་རྟོགས་པའི་ཡོན་ཏན་བསམ་ཡས་པ། །མངོན་དུ་གྱུར་པས་དད་ལྡན་གདུལ་བྱ་ཀུན། །མངོན་པར་མཐོ་བའི་ས་ལ་འཇོག་མཛད་པའི། །མངོན་སུམ་སྤྱན་ལྡན་བླ་མའི་ཞབས་ལ་འདུད། །དགེ་བའི་འབྱུང་གནས་ཐུབ་བསྟན་ཡིད་བཞིན་ནོར། །དགེ་བའི་ཐུགས་ཀྱིས་རྟག་ཏུ་སྲུང་མཛད་ཅིང༌། །དགེ་ལེགས་ཡོན་ཏན་དཔལ་གྱིས་མངོན་འབྱོར་པའི། །དགེ་བའི་བཤེས་གཉེན་བླ་མའི་ཞབས་ལ་འདུད། །འགྲོ་བའི་དོན་དུ་བྱང་ཆུབ་ཐུགས་བསྐྱེད་ནས། །འགྲོ་རྣམས་བུ་ལྟར་བརྩེ་བས་ཉེར་དགོངས་ཤིང༌། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་བྱེད་པའི། །འགྲོ་བའི་མགོན་པོ་བླ་མའི་ཞབས་ལ་འདུད། །བྱམས་དང་ཐུགས་རྗེ་ཚད་མེད་མངའ་བའི་མཐུས། །བྱམས་ཆེན་ལྟ་བུར་འགྲོ་ལ་ཕན་མཛད་ཅིང༌། །བྱམས་པའི་དཔལ་གྱིས་གདུལ་བྱའི་དཔལ་མཛད་པའི། །བྱམས་པའི་དབང་ཕྱུག་བླ་མའི་ཞབས་ལ་འདུད། །སྐྱབས་མགོན་བྲལ་བའི་བདག་སོགས་སེམས་ཅན་ལ། །སྐྱབས་དང་དཔུང་གཉེན་གཞན་ནས་མི་ཚོལ་བར། །སྐྱབས་གནས་མཐར་ཐུག་ཁྱེད་ལ་གསོལ་འདེབས་ཀྱིས། །སྐྱབས་མཆོག་དཔལ་ལྡན་བླ་མས་བྱིན་གྱིས་རློབས། །ཞེས་པས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ཉི་ཤུ་པ་འདི། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱར་སྦྱར་བའོ།།  ༈ །ཨོཾ་སྭ་སྟི། བསོད་ནམས་ཡེ་ཤེས་ཚོགས་གཉིས་ལས་གྲུབ་པའི། །ཐར་པའི་རྒྱལ་མཚན་ཡོན་ཏན་ནོར་བུ་སྤྲས། །འགྲོ་ལ་དཔལ་འབྱོར་བཟང་པོའི་འབྲས་རྩོལ་བའི། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཁྱེན་རབ་ནམ་མཁའི་ངོས་ལྟར་རབ་ཡངས་ཤིང༌། །ཐུགས་རྗེ་ཟླ་བའི་ཟེར་ལྟར་རྙོག་པ་མེད། །ཕྲིན་ལས་ཉི་མའི་འོད་ལྟར་ལེགས་འཕྲོ་བའི། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །འཆད་ན་ཆོས་ཀྱི་དེ་ཉིད་འབྱེད་མཁས་ཤིང༌། །རྩོད་ན་ལོག་ལྟའི་རྒྱུ་སྐར་སྐྱེངས་ནུས་ལ། །རྩོམ་ན་བློ་གསལ་ཡིད་ཀྱི་དཔལ་འཕྲོག་པའི། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཐོས་པའི་ཁང་བརྩེགས་རྒྱ་ཆེན་གཞལ་མེད་ཁང༌། །བསམ་པ་རིན་ཆེན་ནོར་མང་གིས་གང་ཞིང༌། །བསྒོམ་པ་སྙིང་པོའི་ཏོག་གིས་ཉེར་མཛེས་པའི། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ལུང་གི་བྱ་ལམ་རྣམ་པར་ཡངས་པ་ལ། །རིགས་པའི་སྤྲིན་ཚོགས་སྟུག་པོ་རབ་བསྡུས་ནས། །མན་ངག་ཆར་གྱིས་འགྲོ་ཀུན་གདུང་སེལ་བའི། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཁས་པའི་བཞིན་རས་གསལ་ཞིང་བཀྲ་བ་ལ། །བཙུན་པའི་ལུས་རྒྱས་ཡོན་ཏན་ནོར་གྱིས་གང༌། །བཟང་པོའི་གོས་དང་རྒྱན་གྱིས་ཉེར་མཛེས་པའི། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །སོ་ཐར་སྡོམ་པའི་རྩ་བ་ལེགས་བརྟན་ཞིང༌། །བྱང་སེམས་ཁྲིམས་ཀྱི་ཡལ་གས་ཉེར་མཛེས་ལ། །རིག་འཛིན་སྡོམ་པའི་འབྲས་བུས་རྣམ་སྤུད་པའི། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཡོ་བྱད་རྣམས། །དངོས་གྲུབ་འབྱུང་གནས་དཔལ་ལྡན་བླ་མ་ལ། །དངོས་པོའི་གནས་ལུགས་རྟོགས་པའི་བློས་འབུལ་གྱི། །དངོས་དང་བརྒྱུད་པའི་སྒོ་ནས་བྱིན་གྱིས་རློབས། །ཁྱེད་ཉིད་འོག་མིན་གནས་སུ་བྱང་ཆུབ་ཀྱང༌། །ཁྱེད་ཀྱི་ཕྲིན་ལས་འགྲོ་ལ་འཇུག་བྱའི་ཕྱིར། །ཁྱེད་ཉིད་ཕལ་པའི་ཚུལ་དུ་བསྟན་པའོ་ཞེས། །ཁྱེད་ལ་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །སྤྲོས་པའི་མཚན་མས་ཕྱི་ནང་ཀུན་གཡེངས་པའི། །སྤྲོས་པ་འདི་དག་རང་སེམས་ཡིན་ན་ཡང༌། །སྤྲོས་པའི་སེམས་འདི་རང་བཞིན་སྟོང་པའོ་ཞེས། །སྤྲོས་མེད་རྣལ་འབྱོར་བསྒོམ་པར་བྱིན་གྱིས་རློབས། །སྣང་བ་ཐམས་ཅད་སྒྱུ་མའི་རྟ་གླང་བཞིན། །སྣང་བ་འཁྲུལ་པའི་ངོ་བོར་བདེན་ན་ཡང༌། །སྣང་བའི་ཆོས་ཀུན་གདོད་ནས་ཞི་བའོ་ཞེས། །སྣང་བ་བདེན་མེད་རྟོགས་པར་བྱིན་གྱིས་རློབས། །རབ་མཆོག་མཚུངས་མེད་རྩ་བའི་བླ་མ་ལ། །རབ་གུས་གདུང་བའི་ཡིད་ཀྱི་གསོལ་འདེབས་ཀྱིས། །རབ་མང་ཚེ་རབས་ཀུན་ཏུ་རྗེས་བཟུང་ནས། །རབ་ཟབ་ལམ་བཟང་བསྒོམ་པར་བྱིན་གྱིས་རློབས། །ཞེས་པ་བླ་མ་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་གཉིས་པ་འདི་ཡང༌། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  ༈ །ཨོཾ་སྭ་སྟི། བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཕྱིན་པས། །ནོར་བུ་རིན་ཆེན་རྒྱལ་མཚན་རྩེར་སོན་ལྟར། །དཔལ་འབྱོར་བཟང་པོའི་འབྲས་སྩོལ་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པའི་ཞབས་ལ་ཕྱག་འཚལ་ལོ། །ལུང་རིགས་མན་ངག་ཚོགས་ལ་དབང་འབྱོར་པས། །སྐལ་ལྡན་གདུལ་བྱའི་བསམ་པ་ཇི་བཞིན་དུ། །ཟབ་ཡངས་ཆོས་འཁོར་བསྐོར་མཛད་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པའི་ཞབས་ལ་ཕྱག་འཚལ་ལོ། །དཔྱོད་པའི་གངས་རིར་འགལ་འབྲེལ་ལུས་སྟོབས་རྒྱས། །ཡོན་ཏན་རལ་པའི་ཁུར་གྱིས་རབ་བརྗིད་པས། །དངོས་འཛིན་ཝ་ཚོགས་སྐྲག་མཛད་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པའི་ཞབས་ལ་ཕྱག་འཚལ་ལོ། །སྡེ་སྣོད་གསུམ་གྱི་འཛིན་མ་རབ་ཡངས་པར། །གྲུབ་མཐའ་བཞི་ཡི་ཆུ་བོ་འདུས་པ་ལས། །ལམ་ལྔ་ས་བཅུའི་བཅུད་རྒྱས་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱུད་སྡེ་བཞི་ཡི་ཁང་བཟངས་མཛེས་པ་ལ། །དམ་ཚིག་སྡོམ་པའི་ཏོག་གིས་རྣམ་པར་བརྒྱན། །རིམ་གཉིས་ནོར་གྱིས་ཕྱུག་པའི་ཆོས་ཀྱི་རྗེ། །ཐམས་ཅད་མཁྱེན་པའི་ཞབས་ལ་ཕྱག་འཚལ་ལོ། །མཐའ་ཡས་འགྲོ་བའི་གཉེན་གྱུར་ཆོས་ཀྱི་རྗེ། །མཐའ་མེད་འཁོར་བའི་རྒྱ་མཚོར་གནས་པ་རྣམས། །མཐའ་བྲལ་ཆོས་ཀྱི་སྐམ་སར་རབ་བཞག་ནས། །མཐར་ཐུག་རྒྱལ་བའི་གོ་འཕང་བསྒྲུབ་ཏུ་གསོལ། །ཅེས་པ་འདི་ཡང༌། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་གསོལ་བ་བཏབ་པའོ།།  ༈ །ཨོཾ་སྭ་སྟི། དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ཡེ་ཤེས་སྐུ། །གཅིག་བསྡུས་ཐུབ་དབང་བསྟན་པའི་རྒྱལ་མཚན་འཛིན། །རབ་བྱམས་ཤེས་བྱའི་དཔལ་འབྱོར་བཟང་པོ་ཅན། །རྗེ་བཙུན་བླ་མའི་ཞབས་ལ་སྤྱི་བོས་འདུད། །དགེ་ལེགས་ཆུ་གཏེར་ཆེ་ལས་ལེགས་འཁྲུངས་ཤིང༌། །ཡོན་ཏན་པདྨོའི་ཟེའུ་འབྲུ་རབ་མཛེས་པས། །གདུལ་བྱ་བུང་བའི་ཚོགས་ཀུན་ཚིམ་མཛད་པའི། །ཆུ་སྐྱེས་དབང་པོ་བླ་མའི་ཞབས་ལ་འདུད། །བསྒོམ་པའི་ལུས་རྒྱས་ཐོས་པའི་མིག་ཡངས་ཤིང༌། །ལུང་དང་རིག་པའི་གཤོག་ཡངས་ཟུང་ལྡན་པས། །ཉོན་མོངས་ལྟོ་འཕྱེའི་གྲོང་ཁྱེར་བརླག་བྱེད་པའི། །མཁའ་ལྡིང་དབང་པོ་བླ་མའི་ཞབས་ལ་འདུད། །རྣམ་དག་ཤེས་བྱའི་སྤྲིན་ལམ་རབ་ཡངས་པར། །ཐོགས་མེད་མཁྱེན་པའི་འོད་ཟེར་འབུམ་ལྡན་པས། །ལྟ་ངན་རྨོངས་པའི་མུན་པ་སེལ་མཛད་པའི། །རྟ་བདུན་དབང་པོ་བླ་མའི་ཞབས་ལ་འདུད། །མཐའ་ཡས་སྡེ་སྣོད་རྒྱུད་སྡེའི་རྒྱ་མཚོ་ལས། །རྣམ་མང་ལེགས་བཤད་ནོར་བུའི་ཚོགས་བླངས་ནས། །གྲངས་མེད་གདུལ་བྱའི་དབུལ་བ་སེལ་མཛད་པའི། །དེད་དཔོན་དབང་པོ་བླ་མའི་ཞབས་ལ་འདུད། །རྒྱ་ཆེན་ཚོགས་གཉིས་རྐང་འཐུང་རྩ་བ་བརྟན། །ཕྲིན་ལས་ཡལ་འདབ་མཁྱེན་པའི་འབྲས་བུ་ཅན། །རྣམ་དག་ཐུགས་རྗེའི་བསིལ་གྲིབ་ལྡན་པ་ཡི། །ལྗོན་ཤིང་དབང་པོ་བླ་མའི་ཞབས་ལ་འདུད། །ཚད་མེད་ཐུགས་རྗེའི་ཡེ་ཤེས་རིན་ཆེན་གཏེར། །ཐབས་ལ་མཁས་པའི་རྒྱལ་མཚན་རྩེར་བཟུང་ནས། །འབད་མེད་ལྷུན་གྲུབ་དཔལ་འབྱོར་བཟང་པོ་ཅན། །ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་འདུད། །ཅེས་པ་འདི་ཡང་དགེ་སློང་ཀུན་དགའ་བཟང་པོའི་ཡིད་མཚོ་ལས་སྐྱེས་པའོ།།  ༈ །ཨོཾ་སྭ་སྟི་སིདྡྷཾ། མཁྱེན་པའི་ཡེ་ཤེས་དཔག་ཡས་ཤིང༌། །ཐུགས་རྗེའི་རྒྱལ་མཚན་དྲི་མ་མེད། །ཕྲིན་ལས་དཔལ་འབྱོར་བཟང་པོ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །སྐྱབས་གཅིག་སྟོན་པའི་གསུང་རབ་ཀུན། །སྐད་ཅིག་ལ་མཁྱེན་གདུལ་བྱ་ཡི། །གཉེན་གཅིག་གྱུར་པ་བླ་མ་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཤིང༌། །དོན་གཉིས་འབྱོར་པའི་ཡལ་འདབ་རྒྱས། །སྐུ་གཉིས་ལྷུན་གྲུབ་བླ་མ་ལ། །ལག་གཉིས་བཏུད་དེ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ངོ་བོ་ཉིད། །ཁམས་གསུམ་འགྲོ་བའི་དཔལ་གཅིག་པུ། །ས་གསུམ་མངའ་བདག་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །རིགས་བཞིའི་སེམས་ཅན་མ་ལུས་ལ། །དབང་བཞིའི་ལམ་མཆོག་རབ་བསྟན་ནས། །འགྲོས་བཞི་ཐིམ་མཛད་བླ་མ་ལ། །སྐུ་བཞི་ཐོབ་ཕྱིར་ཕྱག་འཚལ་ལོ། །དུག་ལྔས་གཟིར་བའི་འགྲོ་བ་རྣམས། །རིགས་ལྔའི་གོ་འཕང་ལ་སྦྱོར་བའི། །ལམ་ལྔ་ཐུགས་ཆུད་བླ་མ་ལ། །སྨད་ལྔ་བཏུད་དེ་ཕྱག་འཚལ་ལོ། །ཞེས་པ་འདི་ཡང་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྨྲས་པའོ།།  །།  «༄། །གྲུབ་ཆེན་བུདྡྷ་ཤྲཱི་ལ་བསྟོད་པ།། » ༈ །ན་མཿཤྲཱི་གུ་ར་ཝེ། ཉི་ཁྲི་ཆིག་སྟོང་རླུང་གི་མུན་པ་སངས། །འགྱུར་མེད་ཐིག་ལེས་གཙུག་ཏོར་ཆེན་པོ་རྒྱས། །དེ་ཉིད་རྣམ་པ་བཅུ་དྲུག་རིག་པའི་དཔལ། །གྲུབ་ཆེན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །འཕོ་བ་བཅུ་གཉིས་ཟླ་ཉིའི་བགྲོད་པ་སངས། །དོན་དམ་བདེན་དོན་རྣམ་པ་བཅུ་གཉིས་རྒྱས། །དྷཱུ་ཏིར་ཡང་དག་དེ་ཉིད་གཟིགས་པའི་དཔལ། །གྲུབ་ཆེན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །ཀུན་རྫོབ་འཛག་པའི་དྲི་མ་མཐའ་དག་སངས། །དོན་དམ་འཛག་མེད་བདེ་བའི་ལོ་ཏོག་རྒྱས། །འགྱུར་མེད་བདེ་སྟོང་གཉིས་སུ་མེད་པའི་དཔལ། །གྲུབ་ཆེན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །གཟུང་འཛིན་འཁྲུལ་པའི་བག་ཆགས་མ་ལུས་སངས། །ཆོས་ཀུན་སྟོང་པར་རྟོགས་པའི་བློ་གྲོས་རྒྱས། །བདེན་གཉིས་ཟུང་དུ་འཇུག་པ་སྲིད་ཞིའི་དཔལ། །གྲུབ་ཆེན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །རང་དང་གཞན་སོགས་གཉིས་འཛིན་རྟོག་པ་སངས། །འགྲོ་ཀུན་ཕ་མར་མཁྱེན་པའི་སྙིང་རྗེ་རྒྱས། །བྱམས་དང་ཐུགས་རྗེ་རྒྱུན་ཆད་མེད་པའི་དཔལ། །གྲུབ་ཆེན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །མ་དག་སེམས་ཀྱི་སྣང་བའི་བག་ཆགས་སངས། །འོད་གསལ་དག་པའི་སྣང་བ་རབ་འབྱམས་རྒྱས། །ཤེས་དང་ཤེས་བྱ་དབྱེར་མེད་གཅིག་པའི་དཔལ། །གྲུབ་ཆེན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །ཟག་བཅས་འཁོར་བའི་བདེ་བ་ལྟར་སྣང་སངས། །ཟག་མེད་ཐར་པའི་བདེ་བ་ཕུན་ཚོགས་རྒྱས། །འཁོར་བའི་རང་བཞིན་ཐར་པར་གཟིགས་པའི་དཔལ། །གྲུབ་ཆེན་བུདྡྷ་ཤྲཱི་ལ་གསོལ་བ་འདེབས། །དངོས་གྲུབ་མཆོག་བརྙེས་སྦས་པའི་རྣལ་འབྱོར་པ། །གསུང་ངག་ཟབ་མོའི་མཛོད་འཛིན་བྱིན་རླབས་གཏེར། །ཉམས་དང་རྟོགས་པའི་མངའ་བདག་བུདྡྷ་ཤྲཱི། །རྗེ་བཙུན་ཁྱོད་ཞབས་པདྨོ་སྤྱི་བོས་ལེན། །ཁྱོད་ཀྱི་ཐུགས་རྗེས་བདག་རྒྱུད་བྱིན་རླབས་ནས། །རྣམ་དག་དབང་བཞི་ཚུལ་བཞིན་བསྐུར་བྱས་ཏེ། །དམ་ཚིག་སྡོམ་པས་རྒྱུད་ཀུན་ལེགས་སྦྱངས་ནས། །རིམ་གཉིས་ཟབ་མོ་བསྒོམ་པར་བྱིན་གྱིས་རློབས། །དད་དང་བརྩོན་པས་ཏིང་འཛིན་ལེགས་བསྒོམས་པས། །ལམ་གྱི་བར་ཆད་མཐའ་དག་རབ་ཞི་ཞིང༌། །ཡོན་ཏན་ཡར་ངོའི་ཟླ་ལྟར་རབ་རྒྱས་ནས། །ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཅེས་པ་དྲིན་ཆེན་རྩ་བའི་བླ་མ་དམ་གྲུབ་པ་ཆེན་བུདྡྷ་ཤྲཱི་ལ་གསོལ་བ་གདབ་པའི་ཚིགས་སུ་བཅད་པ་འདི་ཡང༌། དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །།  «༄། །ཆོས་རྗེ་ས་བཟང་འཕགས་པ་ལ་བསྟོད་པ།། » ༈ །ན་མཿཤྲཱི་གུ་ར་ཝེ། རྣམ་ཀུན་མཆོག་ལྡན་སྟོང་ཉིད་དཀྱིལ་འཁོར་རྒྱས། །མཆོག་ཏུ་མི་འགྱུར་བདེ་བའི་ཆ་ཤས་རྫོགས། །སྤངས་རྟོགས་ཡོན་ཏན་དུ་མའི་འོད་དཀར་ཅན། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །སྡིག་ཏོ་མི་དགེའི་ས་ལས་རིང་འཕགས་པའི། །བློ་མཆོག་རྒྱལ་སྲས་གཞོན་ནུ་ཇི་བཞིན་དུ། །རབ་འབྱམས་ཤེས་བྱ་མཁྱེན་པའི་བློ་གྲོས་ཅན། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །མཁས་གྲུབ་བླ་མ་མང་པོ་ཉེར་བསྟེན་ནས། །བཀའ་ལུང་མན་ངག་མཐའ་དག་ལེགས་ནོས་ཏེ། །ཐོས་པ་རྒྱ་མཚོའི་ཕ་རོལ་མཐར་སོན་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །ཇི་ལྟར་ཐོས་པའི་རྗེས་སུ་གདམས་པ་རྣམས། །ཐུགས་རྗེ་ཆེན་པོས་གཞན་ལ་སྟོན་པ་ལ། །ཉིན་དང་མཚན་དུ་བསྙེལ་བ་མི་མངའ་བའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །བྱ་སྤྱོད་རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི། །རྣམ་དག་དཀྱིལ་འཁོར་ཆེན་པོ་མཐའ་ཡས་པར། །སྐལ་ལྡན་མཆོག་གི་ཆོ་གས་སྨིན་མཛད་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །ཟབ་ཡངས་རྒྱུད་སྡེ་རྣམ་བཞིའི་ཚིག་དོན་རྣམས། །གདམ་ངག་དྲུག་དང་རྒྱན་བདུན་ལ་སོགས་པས། །དྲང་ངེས་དོན་རྣམས་གསལ་བར་འགྲེལ་མཛད་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །རྒྱུད་སྡེའི་སྙིང་པོ་མཚན་བཅས་མཚན་མེད་དང༌། །རིམ་གཉིས་གྲོགས་དང་བཅས་པ་ལེགས་མཁྱེན་ནས། །རང་གིས་བསྒྲུབས་ལྟར་གཞན་ལ་རྗེས་འདོམས་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །སྲིད་པར་སྐྱེ་བའི་རིམ་པ་ཀུན་སྦྱོང་ཞིང༌། །གཟུགས་སྐུའི་སྒྲུབ་ཐབས་བསྐྱེད་རིམ་མཐར་ཕྱིན་པས། །མ་དག་སྣོད་བཅུད་མཐའ་དག་ལྷར་གཟིགས་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །ཆོས་སྐུའི་ས་བོན་རྫོགས་རིམ་མཐར་སོན་པས། །གྱ་ནོམ་ལྷར་ཞེན་བཟང་རྟོག་མ་ལུས་ཀུན། །འོད་གསལ་ཞི་བའི་དབྱིངས་སུ་སྡུད་མཛད་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །སྐུ་གཉིས་སྒྲུབ་བྱེད་བསྐྱེད་རྫོགས་རྣལ་འབྱོར་ལ། །མར་མེའི་རྩེ་དང་ཆུ་བོའི་རྒྱུན་བཞིན་དུ། །གསལ་དྭངས་རྒྱུན་ཆད་མེད་པར་དུས་འདའ་བའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །རལ་གྲི་མིག་སྨན་རྐང་མགྱོགས་ས་འོག་སོགས། །ཞི་སོགས་དམན་པའི་དངོས་གྲུབ་ཐམས་ཅད་ལ། །ཇི་ལྟར་བཞེད་པ་དེ་བཞིན་དབང་བསྒྱུར་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །མཁའ་སྤྱོད་རིག་འཛིན་འཁོར་ལོས་སྒྱུར་རྒྱལ་སོགས། །རྡོ་རྗེ་ཐེག་པའི་དངོས་གྲུབ་འབྲིང་པོ་རྣམས། །རྒྱུད་ལས་གསུངས་པ་ཇི་བཞིན་ལེགས་བརྙེས་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །དང་པོའི་སངས་རྒྱས་དགྱེས་རྡོར་བདེ་བའི་མཆོག །དུས་ཀྱི་འཁོར་ལོ་ཨེ་ཝཾ་རྡོར་སེམས་སོགས། །དངོས་གྲུབ་མཆོག་གི་གོ་འཕང་ཆེ་བརྙེས་པའི། །དཔལ་ལྡན་འཕགས་པའི་ཞབས་ལ་གསོལ་བ་འདེབས། །དེང་ནས་བཅུ་གསུམ་ས་ལ་མ་གནས་པར། །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་རྡོ་རྗེ་འཆང༌། །དཔལ་ལྡན་བླ་མ་ཁྱོད་ལ་གསོལ་འདེབས་ཀྱི། །རྟག་ཏུ་ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས། །རང་བཞིན་རྣམ་དག་ཕུང་ཁམས་སྐྱེ་མཆེད་རྣམས། །བུམ་པ་གསང་བ་ཤེས་རབ་ཡེ་ཤེས་དང༌། །བཞི་པས་ལྷ་ཡི་རོལ་པར་ངོ་སྤྲད་ནས། །ལམ་བཟང་སྣོད་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ཚེ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་དཔང་པོར་བྱས་ནས་ཁས་བླངས་པའི། །བསྟེན་དང་བཟའ་བསྲུང་མི་འབྲལ་དམ་ཚིག་རྣམས། །ཚུལ་བཞིན་བསྲུང་སྡོམ་བྱེད་པར་བྱིན་གྱིས་རློབས། །གསལ་སྟོང་དབྱེར་མེད་བསྐྱེད་རིམ་རྣལ་འབྱོར་གྱིས། །གང་ཤར་ལྷ་སྐུར་འཛིན་པའི་རྟོག་པ་རྣམས། །རྫོགས་རིམ་བདེ་སྟོང་དགའ་བཞིའི་ཏིང་འཛིན་གྱིས། །འོད་གསལ་སྣང་བ་རྒྱས་པར་བྱིན་གྱིས་རློབས། །ཕྱོགས་ལས་རྣམ་རྒྱལ་རྒྱལ་བུ་གཞོན་ནུ་སོགས། །མཐའ་ཡས་སྤྱོད་པས་ལམ་གྱི་བོགས་ཕྱུང་ནས། །ཉེ་རྒྱུའི་སྦྱོར་བས་མྱུར་དུ་མཚམས་སྦྱར་ཏེ། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཡུལ་ཁྱད་པར་དུ་གྱུར་པ་ཆོས་ཀྱི་རྗེ་ས་བཟང་འཕགས་པ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་ཤཱཀྱའི་དགེ་སློང་ཨཱ་ནནྡ་བྷ་དྲས་སྦྱར་བའོ།།  །། « ༄། །བཀྲ་ཤིས་རིན་ཆེན་པ་ལ་བསྟོད་པ།། » ༈ །ན་མཿཤྲཱི་གུ་ར་ཝེ། ཐུབ་དབང་ཆོས་ཚུལ་བཀྲ་ཤིས་རིན་ཆེན་གཏེར། །་ལེགས་བཤད་ཡོན་ཏན་རིན་ཆེན་འབྱུང་གནས་མཚོ། །དཔལ་ལྡན་ཏིང་འཛིན་ཀླུ་དབང་གིས་བསྟེན་པ། །ཆོས་ཀྱི་རྒྱལ་པོ་བླ་མའི་ཞབས་ལ་འདུད། །ཁྱོད་སྔོན་ཚོགས་གཉིས་ལེགས་པར་གོམས་པའི་མཐུས། །ཡང་སྲིད་བདུན་པར་བདེ་གཤེགས་བསྟན་པ་ཡི། །གསལ་བྱེད་བཤེས་གཉེན་ཆེན་པོར་སྐུ་བརྙེས་པའི། །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱད་པར་སྐུ་ཚེ་འདི་ཡི་སྔ་མ་ལ། །ཆོས་རྒྱལ་འཕགས་པས་རྗེས་བཟུང་ཐུགས་ཀྱི་སྲས། །ཇོ་སྲས་འཕགས་འཇུ་ཞེས་བྱར་སྐུ་འཁྲུངས་པའི། །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞིང་འདིར་བལྟམས་ཚེ་སྔོན་གྱི་སྐྱེ་བ་དྲན། །ཕ་རོལ་ཕྱིན་གཞུང་རྩོལ་མེད་ཐུགས་ལ་ཤར། །དམ་པས་བྱིན་རླབས་ལུང་བསྟན་དབུགས་དབྱུང་མཛད། །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྒྲ་དང་ཚད་མ་སྙན་ངག་སྡེབ་སྦྱོར་སོགས། །ཐ་སྙད་གཙུག་ལག་ཀུན་ལ་རབ་སྦྱངས་པས། །སྲས་བཅས་རྒྱལ་བའི་གདུང་འཛིན་ཆེན་པོར་གྱུར། །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདུལ་བའི་སྡེ་སྣོད་མཐའ་དག་ཐུགས་སུ་ཆུད། །ཆོས་མངོན་ཤེས་བྱ་རྒྱ་མཚོའི་ཕ་རོལ་སོན། །བྱམས་ཆོས་ཡིད་བཞིན་ནོར་བུའི་དཔལ་གྱིས་འབྱོར། །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །བྱ་སྤྱོད་རྒྱུད་སྡེའི་དོན་ལ་བློ་གྲོས་རྒྱས། །རྣལ་འབྱོར་རྒྱུད་ལ་སྔོན་ནས་བག་ཆགས་སད། །བླ་མེད་རྡོ་རྗེའི་ཚིག་གི་གསང་དོན་མཁྱེན། །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བདེ་མཆོག་འཁོར་ལོས་རྗེས་སུ་བཟུང༌། །བཅོམ་ལྡན་གཤིན་རྗེའི་གཤེད་ཀྱིས་བྱིན་གྱིས་རློབ། །ངལ་བསོས་རྒྱལ་པོས་ཅི་འདོད་ཕྲིན་ལས་སྒྲུབ། །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །བསྐྱེད་རིམ་བརྟན་པས་ཐ་མལ་རྟོག་པ་བྲལ། །གསང་སྔགས་བཟླས་པས་ཐུན་མོང་དངོས་གྲུབ་ཐོབ། །རྫོགས་རིམ་གོམས་པས་གཟུང་འཛིན་གཉིས་མེད་རིག །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །ལུང་དང་རྟོགས་པའི་ཡོན་ཏན་མཐའ་ཡས་ཕྱིར། །མཁས་མང་རྒྱ་མཚོའི་གཙོ་བོར་རབ་བསྔགས་ཤིང༌། །བཤེས་གཉེན་དམ་པ་མང་པོས་ལེགས་བཏུད་པའི། །རིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་བླ་མ་དམ་པས་རྗེས་བཟུང་ནས། །བདེ་གཤེགས་བསྟན་ལ་བྱ་བ་བྱེད་པ་དང༌། །རྩོལ་མེད་གཞན་དོན་ནུས་པར་བྱིན་གྱིས་རློབས། །ཞེས་དཔལ་ལྡན་བླ་མ་དམ་པ་བཀྲ་ཤིས་རིན་ཆེན་ལ་གསོལ་བ་འདེབས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །། «༄། །ལོ་ཆེན་རིན་ཆེན་བཟང་པོའི་བསྟོད་པ།། » ༈ །སྭ་སྟི་པྲ་ཛ་བྷྱཿ དགེ་ལེགས་ཀུན་འབྱུང་དམ་ཆོས་རིན་པོ་ཆེ། །ལྷ་ཡི་སྐད་ལས་བོད་ཡུལ་རང་སྐད་དུ། །ལེགས་པར་བསྒྱུར་བའི་ཞུ་ཆེན་ལོ་ཙྪ་བ། །རིན་ཆེན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ།།  །། «༄། །སྡོམ་གསུམ་བརྒྱུད་པའི་གསོལ་འདེབས།།»  ༈ །ཐུབ་པའི་དབང་པོ་ཤེས་རབ་ཅན་གྱི་མཆོག །སྒྲ་གཅན་འཛིན་དང་བྲམ་ཟེ་སྒྲ་གཅན་འཛིན། །འཕགས་པ་ཀླུ་སྒྲུབ་གུ་ཎ་མི་ཏྲ་དང༌། །རིན་ཆེན་བཤེས་གཉེན་ཆོས་ཀྱི་བཟང་པོས་ཞབས། །གུ་ཎ་པ་ཏི་ཆོས་ཀྱི་ཕྲེང་བ་དང༌། །འབྱུང་གནས་སྦས་པ་པཎ་ཆེན་ཤཱཀྱ་ཤྲཱི། །རྡོ་རྗེ་དཔལ་དང་མཁན་ཆེན་འོད་ཟེར་དཔལ། །བསོད་ནམས་དཔལ་དང་བཀྲ་ཤིས་ཚུལ་ཁྲིམས་དང༌། །གནས་བརྟན་ཆེན་པོ་ཡེ་ཤེས་རྒྱལ་མཚན་ཏེ། །སོ་ཐར་སྡོམ་པའི་བརྒྱུད་ལ་ཕྱག་འཚལ་ལོ། །ཐུབ་པ་ཆེན་པོ་རྗེ་བཙུན་འཇམ་པའི་དབྱངས། །ཀླུ་སྒྲུབ་ཡབ་སྲས་ཟླ་བ་གྲགས་པ་དང༌། །སློབ་པའི་རྡོ་རྗེ་སློབ་དཔོན་ཛེ་ཏཱ་རི། །རྡོ་རྗེ་གདན་པ་པཎ་ཆེན་པུཎྱ་ཤྲཱི། །རིན་ཆེན་གྲགས་པ་ཆོས་རྗེ་ས་སྐྱ་པ། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་དང༌། །ཆོས་རྗེ་ཆོས་རྒྱལ་འཇམ་དབྱངས་གཞི་ཐོག་པ། །ཨེ་པ་འཁོན་སྟོན་བྱང་སེམས་རིན་ཆེན་མགོན། །རྒྱལ་སྲས་ཐོགས་མེད་ལོ་ཆེན་བྱང་རྩེ་དང༌། །སེམས་དཔའ་ཆེན་པོ་ཡེ་ཤེས་རྒྱལ་མཚན་ཏེ། །བྱང་སེམས་སྡོམ་པའི་བརྒྱུད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དབང་བདག་མེད་བིརྺ་པ། །ནག་པོ་ཌཱ་མ་རུ་པ་གཉིས་སྤངས་ཞབས། །ག་ཡ་དྷ་ར་འབྲོག་མི་སེ་སྟོན་ཞང༌། །ས་ཆེན་རྩེ་མོ་རྗེ་བཙུན་ཆོས་རྗེ་པ། །འཕགས་པ་དཀོན་མཆོག་དཔལ་དང་བྲག་ཕུག་པ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང༌། །རྡོ་རྗེ་འཛིན་པ་ཡེ་ཤེས་རྒྱལ་མཚན་ཏེ། །རིག་འཛིན་སྡོམ་པའི་བརྒྱུད་ལ་ཕྱག་འཚལ་ལོ།།  །། ༄། །རྗེ་ས་ཆེན་གྱི་བསྟོད་པ་གང་ཐུགས་མ་བཞུགས།།  ༈ །ཨོཾ་སྭ་སྟི་སིདྡྷཾ། གང་ཐུགས་ཀུན་ནས་དགའ་བའི་དཔལ་མངའ། །དེའི་གསུང་སྙིང་པོ་མཆོག་གི་ལམ་སྟོན། །ཁྱེད་སྐུ་ལྟ་བས་མི་ངོམས་རབ་མཛེས། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །སྤྲོས་པ་རྒྱ་མཚོ་ཉེ་བར་ཞི་ཡང༌། །བདེ་བ་རྒྱ་མཚོའི་རོ་ཡིས་ཡོངས་གང༌། །སྤྲུལ་པ་རྒྱ་མཚོས་གདུལ་བྱ་སྐྱོང་བའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །ཡོངས་འཛིན་རྒྱ་མཚོའི་ཚོགས་ཀུན་བསྟེན་ཏེ། །བཀའ་ལུང་རྒྱ་མཚོའི་ཕ་མཐར་སོན་པས། །དོན་གཉེར་རྒྱ་མཚོའི་རེ་བ་སྐོང་བའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །སྡེ་སྣོད་རྒྱ་མཚོའི་དོན་ལ་དབང་འབྱོར། །མཁས་པ་རྒྱ་མཚོའི་གཙུག་ན་ཉེར་མཛེས། །གསང་སྔགས་རྒྱ་མཚོའི་ཕ་རོལ་མཐར་སོན། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །འཁོར་བའི་རྒྱ་མཚོའི་ཏིང་དཔག་དཀའ་ལས། །སེམས་ཅན་རྒྱ་མཚོའི་སྒྲོལ་བའི་གྲུ་ཆེན། །སྡུག་བསྔལ་རྒྱ་མཚོའི་སྐེམ་པའི་ཉི་མ། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །ཐོས་པ་རྒྱ་མཚོའི་དཔལ་དང་ལྡན་པས། །ལེགས་བཤད་རྒྱ་མཚོ་སྤེལ་པའི་མཐུ་ལྡན། །བཀྲ་ཤིས་རྒྱ་མཚོའི་གཏེར་དུ་གྱུར་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །བློ་གྲོས་རྒྱ་མཚོ་རྣམ་པར་དག་པས། །དམ་ཆོས་རྒྱ་མཚོ་ཐུགས་སུ་ཆུད་ཅིང༌། །སྐྱེ་དགུ་རྒྱ་མཚོའི་འདྲེན་པར་འགྱུར་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །བསོད་ནམས་རྒྱ་མཚོའི་དཔལ་ལས་འཁྲུངས་གྱུར། །ཡེ་ཤེས་རྒྱ་མཚོའི་ཕ་རོལ་མཐར་ཕྱིན། །རྒྱལ་བ་རྒྱ་མཚོ་རྒྱལ་ཚབ་འཛིན་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །མཐུ་སྟོབས་རྒྱ་མཚོའི་དབང་ཕྱུག་གང་དེས། །སྐལ་ལྡན་རྒྱ་མཚོའི་མཆོག་གྱུར་ཁྱེད་ལ། །གསུང་རབ་རྒྱ་མཚོ་རྗེས་སུ་གདམས་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱོད་ཉིད། །སངས་རྒྱས་རྒྱ་མཚོའི་རྣམ་འཕྲུལ་ཡིན་ཞིང༌། །མཁའ་འགྲོ་རྒྱ་མཚོའི་སྤྱི་བོས་མཆོད་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །ངོ་མཚར་རྒྱ་མཚོའི་གཏམ་མང་མངའ་བས། །ས་སྟེང་རྒྱ་མཚོའི་མཐར་ཐུག་བར་གྱི། །མཁས་བཙུན་རྒྱ་མཚོའི་གཙུག་གིས་མཆོད་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །རྒྱུད་སྡེ་རྒྱ་མཚོ་ཐུགས་སུ་ཆུད་པས། །དམ་ཚིག་རྒྱ་མཚོ་རྣམ་པར་དག་ཅིང༌། །སྔགས་འཆང་རྒྱ་མཚོའི་གཙོ་བོར་གྱུར་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །སྨོན་ལམ་རྒྱ་མཚོའི་སྟོབས་དང་ལྡན་པས། །ཏིང་འཛིན་རྒྱ་མཚོའི་ཚོགས་ལ་མངའ་བརྙེས། །མན་ངག་རྒྱ་མཚོའི་མཛོད་དུ་གྱུར་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །ཞིང་ཁམས་རྒྱ་མཚོར་རྣམ་འཕྲུལ་དུ་མས། །བསྐལ་པ་རྒྱ་མཚོར་བརྟན་པར་བཞུགས་ནས། །གདུལ་བྱ་རྒྱ་མཚོའི་འདྲེན་པ་མཛད་པའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །རྒྱལ་བ་རྒྱ་མཚོའི་སྲས་སུ་གྱུར་པས། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་ཅིང༌། །ཚོགས་གཉིས་རྒྱ་མཚོ་རྣམ་པར་སྤེལ་བའི། །བླ་ཆེན་ས་སྐྱ་པ་ལ་ཕྱག་འཚལ། །ཡོན་ཏན་རྒྱ་མཚོ་བླ་མ་རྗེ་བཙུན། །མཆོད་སྤྲིན་རྒྱ་མཚོས་རབ་ཏུ་མཆོད་ཅིང༌། །བསྟོད་དབྱངས་རྒྱ་མཚོས་ཀུན་ནས་བསྟོད་ལ། །དད་པ་རྒྱ་མཚོས་སྐྱབས་སུ་མཆིའོ། །སངས་རྒྱས་རྒྱ་མཚོས་བགྲོད་པའི་ལམ་མཆོག །མདོ་རྒྱུད་རྒྱ་མཚོའི་སྙིང་པོར་གྱུར་པའི། །རྒྱུད་གསུམ་རྒྱ་མཚོའི་བཤད་སྲོལ་མ་ལུས། །ལུས་ཅན་རྒྱ་མཚོའི་དཔལ་དུ་གྱུར་ཅིག །རིག་འཛིན་རྒྱ་མཚོ་གཤེགས་པའི་ཤུལ་ལམ། །ཟབ་དོན་རྒྱ་མཚོ་གསུང་ངག་རིན་ཆེན། །ལག་ལེན་རྒྱ་མཚོའི་ཚོགས་དང་བཅས་པ། །འགྲོ་བ་རྒྱ་མཚོས་རྟོགས་པར་གྱུར་ཅིག །ཚེ་རབས་རྒྱ་མཚོར་དཔལ་ལྡན་བླ་མ། །བསྟན་པ་རྒྱ་མཚོའི་མངའ་བདག་ཁྱེད་ཀྱི། །གསུང་རབ་རྒྱ་མཚོའི་དཔལ་ལ་སྤྱོད་ཅིང༌། །དམ་ཆོས་རྒྱ་མཚོའི་མཛོད་དུ་གྱུར་ཅིག །གང་གིས་དད་པས་བསྟོད་པ་འདི་ཀུན། །དགའ་དང་སྤྲོ་བས་ལན་ཅིག་ཙམ་ཡང༌། །དད་པ་བཟང་པོས་བརྗོད་པར་བྱེད་ན། །རྗེ་བཙུན་བླ་མས་རྗེས་སུ་འཛིན་འགྱུར། །མངྒ་ལཾ་བྷ་ཝནྟུ།།  །། «༄། །ལམ་ཟབ་བླ་མ་བརྒྱུད་པའི་གསོལ་འདེབས།། » ༈ །ཨོཾ་སྭ་སྟི། བླ་མ་དམ་པ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང༌། །མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་བིརྺ་པ། །མཐའ་ཡས་རྒྱུད་སྡེའི་མངའ་བདག་ས་སྐྱ་པར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཤེས་བྱ་ཀུན་རིག་རྗེ་བཙུན་བསོད་ནམས་རྩེ། །བདག་ཉིད་ཆེན་པོ་རྗེ་བཙུན་རིན་པོ་ཆེ། །བསྟན་པའི་སྒྲོན་མེ་ས་སྐྱ་པཎྜི་ཏར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་ཆེན་པོ་ཚོགས་སྒོམ་ཀུན་དགའ་དཔལ། །དུས་གསུམ་གཟིགས་པ་ཉན་ཆེན་བསོད་ནམས་བརྟན། །རླུང་སེམས་དབང་འབྱོར་ཆོས་རྗེ་བྲག་ཕུག་པར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ། །སྙན་བརྒྱུད་གདམས་པའི་བདག་པོ་དཔལ་ལྡན་པ། །ཆོས་ཀྱི་རྒྱལ་པོ་རྗེ་བཙུན་བླ་མ་གཉིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མི་བཟད་ཕུང་ཁྲོལ་བསྐྱེད་པའི་གཞིར་གྱུར་པ། །བདག་ཏུ་བཟུང་བའི་ཡོ་བྱད་ཅི་མཆིས་རྣམས། །དཔལ་ལྡན་བླ་མའི་ཉེ་འཁོར་འབུལ་ལགས་ཀྱིས། །འཛིན་ཆགས་སེར་སྣ་ཞི་བར་བྱིན་གྱིས་རློབས། །འཇིགས་རུང་འཁོར་བར་ཆགས་སྡང་འཕེལ་བའི་རྒྱུ། །དགྲ་གཉེན་བར་མའི་འགྲོ་བ་གང་མཆིས་རྣམས། །རྗེ་བཙུན་བླ་མའི་བྲན་དུ་འབུལ་ལགས་ཀྱི། །ཆགས་སྡང་རང་སར་དག་པར་བྱིན་གྱིས་རློབས། །ཉེས་ཀུན་རྩ་བ་བདག་འཛིན་ཕུང་པོ་འདི། །དགོས་འདོད་འབྱུང་བའི་བདུད་རྩིར་བྱིན་བརླབས་ནས། །ཆོས་རྗེ་བླ་མ་མཉེས་ཕྱིར་འབུལ་ལགས་ཀྱིས། །བདག་འཛིན་རྩད་ནས་ཐོན་པར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བའི་སྐུ་གསུམ་ངོ་བོ་ཉིད། །གནས་གསུམ་ཡིག་འབྲུའི་ཚོགས་ལས་འོད་འཕྲོས་པས། །ལུས་ངག་ཡིད་ལ་དབང་བཞི་བསྐུར་བྱས་པས། །ལྷན་སྐྱེས་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །ཅིར་སྣང་ཐམས་ཅད་རང་གི་སེམས་སུ་ཤེས། །སེམས་ཀྱང་སྒྱུ་མ་ལྟ་བུར་ཐག་ཆོད་ཅིང༌། །དེའང་སྤྲོས་ཀུན་བྲལ་བར་རབ་རྟོགས་ནས། །གནས་ལུགས་བརྗོད་བྲལ་བསྒོམ་པར་བྱིན་གྱིས་རློབས། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་མན་ངག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་འདི་ནི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །། ༈ །ཨོཾ་སྭ་སྟི། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །རྟ་མཆོག་བི་ན་ཨིནྡྲ་བྷཱུ་ཏིའི་ཞབས། །ལེགས་སྨིན་པ་ཏ་སྒེག་པའི་རྡོ་རྗེ་དང༌། །གུནྡྷ་རི་པ་རྣམས་ལ་གསོལ་བ་འདེབས། །པདྨ་བཛྲ་དཔལ་ལྡན་ཆོས་ཀྱི་སྡེ། །བཟང་པོའི་ཞབས་དང་རྗེ་བཙུན་ཏོག་རྩེ་པ། །བྷུ་ཥ་ན་པ་དྷརྨ་ཀརྞ་པ། །དཔའ་བོ་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྒྱལ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །རང་སེམས་གདོད་ནས་སྤྲོས་བྲལ་ནམ་མཁའི་དབྱིངས། །གཉིས་འཛིན་རྟོག་པའི་སྤྲིན་གྱིས་བསྒྲིབས་པ་རྣམས། །སྐྱེ་མེད་བསམ་གྱིས་མི་ཁྱབ་རྣལ་འབྱོར་གྱིས། །གཉིས་མེད་ཡེ་ཤེས་འབར་བར་བྱིན་གྱིས་རློབས། །ཞེས་པ་བསམ་མི་ཁྱབ་པའི་བརྒྱུད་པའོ། །རྡོ་རྗེ་འཆང་དབང་བདག་མེད་བིརྺ་པ། །ཌོམྦྷི་ངོ་མཚར་རྡོ་རྗེ་ནགས་ཁྲོད་པ། །གརྦྷ་རི་པ་བསོད་སྙོམས་མི་ཐུབ་ཟླ། །དཔའ་བོ་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུ་ཡི་ལྷན་སྐྱེས་སེམས་ཉིད་སྐྱེ་བ་མེད། །ལམ་གྱི་ལྷན་སྐྱེས་དུག་གསུམ་རང་སར་དག །འབྲས་བུའི་ལྷན་སྐྱེས་རྣམ་ཐར་སྒོ་གསུམ་དང༌། །སྐུ་གསུམ་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་པ་ལྷན་ཅིག་སྐྱེས་གྲུབ་ཀྱི་བརྒྱུད་པའོ། །རྡོ་རྗེ་འཆང་ཆེན་ཕྱག་ན་རྡོ་རྗེ་དང༌། །ཀླུ་སྒྲུབ་ཨཱརྻ་དེ་བ་ནག་པོ་པ། །ཟླ་བ་གྲགས་པ་བྲམ་ཟེ་དཔལ་འཛིན་ཞབས། །དཔའ་བོ་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་ལ་སོགས་པའི། །རྟོག་པའི་དྲི་མ་ངན་པས་མ་བརྟགས་པའི། །སྟོང་ཉིད་ཟབ་མོ་རྟོགས་པར་བྱིན་གྱིས་རློབས། །ཞེས་པ་འཕགས་པ་ཀླུ་སྒྲུབ་ཀྱི་ལམ་གྱི་བརྒྱུད་པའོ། །རྡོ་རྗེ་འཆང་ཆེན་རྗེ་བཙུན་སྒྲོལ་མ་དང༌། །མཁས་གྲུབ་ཆེན་པོ་ངག་གི་དབང་ཕྱུག་གྲགས། །པཎ་ཆེན་ལྷ་ཡི་འབྱུང་གནས་ཟླ་བའི་ཞབས། །དོན་ཡོད་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །མཐའ་གཉིས་སྤངས་པ་དང་པོ་སེམས་བཟུང་ཞིང༌། །དྲན་པའི་ལྕགས་ཀྱུས་རང་སེམས་རབ་བཏུལ་ནས། །སྤྲོས་བྲལ་ཟབ་མོའི་དོན་ལ་བློ་བཞག་པས། །ཟུང་འཇུག་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་ཀྱི་བརྒྱུད་པའོ། །རྡོ་རྗེ་འཆང་ཆེན་བི་ལ་སྱ་བཛྲ། །ཡན་ལག་མེད་པའི་རྡོ་རྗེ་མཚོ་སྐྱེས་དང༌། །ཨིནྡྲ་ལེགས་སྨིན་ནག་པོ་དཔལ་འཛིན་ཞབས། །ག་ཡ་དྷ་ར་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །སྣོད་བཅུད་ཐ་མལ་ཞེན་པའི་རྣམ་རྟོག་ཀུན། །བསྐྱེད་རིམ་ཟབ་མོའི་ཚུལ་དགུའི་རྣལ་འབྱོར་གྱིས། །ཅིར་སྣང་ལྷ་ཡི་འཁོར་ལོར་རབ་ཤར་ནས། །རྣམ་རྟོག་དབྱིངས་སུ་དག་པར་བྱིན་གྱིས་རློབས། །ཞེས་པ་པདྨ་བཛྲ་ལམ་གྱི་བརྒྱུད་པའོ། །རྡོ་རྗེ་འཆང་ཆེན་རྗེ་བཙུན་རྣལ་འབྱོར་མ། །རྡོ་རྗེ་དྲིལ་བུ་པ་དང་རུས་སྦལ་ཞབས། །འབར་བ་འཛིན་དང་ནག་པོ་ཤྲཱི་དྷ་ར། །ག་ཡ་དྷ་ར་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །རྒྱུད་དང་སྔགས་དང་ཡེ་ཤེས་རིམ་པ་དང༌། །གསང་དང་གཉིས་སུ་མེད་པའི་རིམ་པ་ལྔས། །ཐོག་མཐའ་མེད་པའི་དོན་དམ་བྱང་ཆུབ་སེམས། །མཐའ་བཞི་རྣམ་གྲོལ་རྟོགས་པར་བྱིན་གྱིས་རློབས། །ཞེས་པ་གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པའོ། །རྒྱལ་བ་རྡོ་རྗེ་འཆང་དང་དབང་ཕྱུག་ཆེ། །འཆི་མེད་དངོས་གྲུབ་བརྙེས་པའི་ཨུ་ཙིཥྚ། །སྤྱོད་པའི་རྡོ་རྗེ་དཔལ་ལྡན་ཤྲཱི་དྷ་ར། །ག་ཡ་དྷ་ར་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །གཟུང་འཛིན་ཀུན་རྟོག་སྐྱེད་བྱེད་རོ་རྐྱང་རླུང༌། །དྷཱུ་ཏིར་གཡོ་བ་མེད་པར་བཅུག་པའི་མཐུས། །སྤྲོས་བྲལ་སྟོང་ཉིད་ཟབ་མོའི་དོན་མཐོང་ཞིང༌། །འཆི་མེད་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་ཡོན་པོ་སྲོང་བའི་བརྒྱུད་པའོ། །ཡང་དག་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། །རྒྱལ་བས་ལུང་བསྟན་ཨིནྡྲ་བྷཱུ་ཏི་ཆེ། །དེ་ཡིས་རྗེས་བཟུང་ལེགས་སྨིན་ཀ་ར་དང༌། །ཤེས་རབ་གསང་བ་རྣམས་ལ་གསོལ་བ་འདེབས། །བླ་ཆེན་འབྲོག་མི་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་དཔལ་ལྡན་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་ཆོས་རྗེ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དཔལ་དང་ཆོས་རྗེ་བསོད་ནམས་དཔལ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་ཞབས། །བཀའ་དྲིན་མཉམ་མེད་གྲུབ་ཆེན་བུདྡྷ་ཤྲཱི། །དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །དངོས་པོ་ཀུན་ཁྱབ་སེམས་ཉིད་བདེ་བ་ཆེ། །འདུས་བྱས་རྐྱེན་གྱིས་མི་འཇིག་རྡོ་རྗེའི་སྐུ། །དུས་གསུམ་འགྱུར་མེད་ཡེ་ཤེས་གྲུབ་པའི་དོན། །ཕྱག་རྒྱའི་ལམ་གྱིས་རྟོགས་པར་བྱིན་གྱིས་རློབས། །ཞེས་པ་ཨིནྡྲ་བྷཱུ་ཏིའི་ལམ་གྱི་ཉེ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པའི་རིམ་པའོ། །ལམ་སྐོར་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་ཚིགས་བཅད་འདི་ཡང་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །།དགེ་དེས་བླ་མས་རྗེས་འཛིན་ཤོག།  །། «༄། །མ་ཧཱ་མཱ་ཡཱའི་བླ་མ་བརྒྱུད་པའི་གསོལ་བ་འདེབས་པའི་རིམ་པའོ།།»  ༈ །ན་མཿཤྲཱི་གུ་ར་ཝེ། བདེ་སྟོང་དབྱེར་མེད་རྡོ་རྗེ་འཆང་ཆེན་དང༌། །བདེ་གཤེགས་ཡུམ་གྱུར་རྡོ་རྗེ་རྣལ་འབྱོར་མ། །བདེ་ཆེན་ས་བརྙེས་ཀུ་ཀུ་རི་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པའི་སྐྱེས་མཆོག་མཚོ་སྐྱེས་རྡོ་རྗེ་དང༌། །གྲུབ་ཆེན་མཉམ་མེད་ཌོམྦྷི་ཧེ་རུ་ཀ །གྲུབ་ཐོབ་མཁས་པའི་དབང་པོ་ཏི་ལོ་པ། །གསོལ་བ་འདེབས་སོ་བདག་རྒྱུ་བྱིན་གྱིས་རློབས། །རིག་གནས་ཀུན་མཁྱེན་དཔལ་ལྡན་ནཱ་རོ་དང༌། །རིག་པའི་གནས་ལྔ་ཐུགས་ཆུད་ཞི་བ་བཟང༌། །རིག་དང་གྲོལ་ལྡན་མར་པ་ལོ་ཙྪ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱུད་དོན་བསྒོམས་པས་གྲུབ་བརྙེས་ཆོས་རྡོར་དང༌། །རྒྱུད་སྡེའི་དབང་ཕྱུག་ཞེ་སྡང་རྡོ་རྗེ་ཞབས། །རྒྱུད་མང་མཁས་པའི་མཆོག་གྱུར་ཆོས་སྐུ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བའི་སྲས་པོ་དཀོན་མཆོག་དཔལ་དང་ནི། །རྒྱལ་བས་བྱིན་བརླབས་གློག་སྐྱ་དབང་ཕྱུག་གྲགས། །རྒྱལ་བའི་རྒྱལ་ཚབ་བླ་མ་ལྡོང་སྟོན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ཀྱི་རྒྱལ་པོ་འགྲོ་མགོན་འཕགས་པ་དང༌། །ཆོས་སྨྲའི་གཙོ་བོ་མཁན་ཆེན་ཁྲོ་ཕུ་བ། །ཆོས་དབྱིངས་དོན་རྟོགས་འཇམ་དབྱངས་སྐྱ་བོ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་པའི་དབང་པོ་བུ་སྟོན་རིན་པོ་ཆེ། །མཁས་ཤིང་གྲུབ་བརྙེས་གཞོན་ནུ་བསོད་ནམས་ཞབས། །མཁས་བཙུན་དམ་པ་བཀྲ་ཤིས་རིན་ཆེན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཕ་རོལ་ཕྱིན་གཞུང་ལམ་གྱི་རྒྱུད་སྦྱངས་ཤིང༌། །སྨིན་བྱེད་དབང་གི་རིམ་པས་སྨིན་བྱས་ནས། །དམ་ཚིག་སྡོམ་པ་ཐམས་ཅད་ཚུལ་བཞིན་དུ། །བསྐྱེད་རྫོགས་ཏིང་འཛིན་བསྒོམ་པར་བྱིན་གྱིས་རློབས། །དམན་པ་དབྱིབས་ཀྱི་རྣལ་འབྱོར་བསྒོམས་པའི་མཐུས། །སྣོད་བཅུད་ཐ་མལ་ཞེན་པ་ཀུན་སྤངས་ནས། །དངོས་ཀུན་དག་པའི་སྣང་བར་འཆར་བ་དང༌། །སྤྲུལ་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཟབ་པ་སྔགས་ཀྱི་རྣལ་འབྱོར་ལེགས་བསྒོམས་པས། །རང་སེམས་བདེ་བ་ཆེན་པོའི་ཏིང་ངེ་འཛིན། །འབད་མེད་རྒྱུན་མི་ཆད་དུ་སྐྱེ་བ་དང༌། །ལོངས་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །མཐར་ཐུག་ཆོས་ཀྱི་རྣལ་འབྱོར་གོམས་པ་ལས། །སེམས་ཉིད་སྤྲོས་བྲལ་སྐྱེ་མེད་ཆོས་ཀྱི་དབྱིངས། །འོད་གསལ་ནམ་མཁའ་ལྟ་བུར་རྟོགས་པ་དང༌། །ཆོས་སྐུའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །དམ་ཆོས་བསྒྲུབ་པའི་བར་ཆད་ཀུན་ཞི་ཞིང༌། །ལམ་གྱི་རྟོགས་པའི་ཡོན་ཏན་རབ་རྒྱས་ནས། །སྐུ་བཞིའི་དབང་ཕྱུག་སྒྱུ་མ་ཆེན་པོ་ཡི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱི་རློབས། །དཔལ་སྒྱུ་མ་ཆེན་པོའི་མན་ངག་སྤྲོས་པ་མེད་པའི་ཁྲིད་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་པའོ།།  །། «༄། །བདེ་མཆོག་རིམ་ལྔའི་རྒྱུད་འདེབས།། » ༈ །ན་མཿཤྲཱི་གུ་ར་ཝེ། ཚོགས་གཉིས་མཐར་ཕྱིན་རྒྱལ་བ་རྡོ་རྗེ་འཆང༌། །དོན་གཉིས་ལྷུན་གྲུབ་རྡོ་རྗེ་རྣལ་འབྱོར་མ། །རིམ་གཉིས་དབང་འབྱོར་རྡོ་རྗེ་དྲིལ་བུ་པ། །རྒྱལ་དང་དེ་སྲས་གསུམ་ལ་གསོལ་བ་འདེབས། །རྨད་བྱུང་ངོ་མཚར་གཞིར་གྱུར་རུས་སྦལ་ཞབས། །ཟབ་མོའི་དོན་གཟིགས་ཛ་ལན་དྷ་རི་པ། །རྒྱལ་བས་ལུང་བསྟན་ནག་པོ་སྤྱོད་པ་བ། །རྣལ་འབྱོར་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་གུ་ཧྱ་པ། །མི་མཐུན་ཕྱོགས་ལས་རྒྱལ་བའི་རྣམ་རྒྱལ་ཞབས། །ཡང་དག་རྟོགས་པས་རྒྱུད་ཕྱུག་ཏི་ལོ་པ། །མཉམ་མེད་གྲུབ་ཆེན་གསུམ་ལ་གསོལ་བ་འདེབས། །གྲུབ་ཆེན་བླ་མས་རྗེས་བཟུང་ནཱ་རོ་པ། །འགྲོ་ཀུན་བརྩེ་བས་སྐྱོང་མཛད་ཕམ་མཐིང་པ། །དེ་སྲས་ཐུ་བོ་ཕམ་མཐིང་གཉིས་པའི་ཞབས། །སྦས་པའི་རྣལ་འབྱོར་གསུམ་ལ་གསོལ་བ་འདེབས། །དཔག་ཡས་མཁྱེན་པའི་གཏེར་མངའ་ཤེས་རབ་བརྩེགས། །སྐད་གཉིས་སྨྲ་བའི་དབང་པོ་བློ་གྲོས་གྲགས། །འཇམ་དབྱངས་སྤྲུལ་སྐུ་རྗེ་བཙུན་ས་སྐྱ་པ། །མཁས་གྲུབ་དམ་པ་གསུམ་ལ་གསོལ་བ་འདེབས། །རིག་པའི་གནས་ལྔ་མཐར་ཕྱིན་བསོད་ནམས་རྩེ། །སྔགས་འཆང་གཙོ་བོ་རྗེ་བཙུན་རིན་པོ་ཆེ། །འཛམ་གླིང་མཁས་པའི་གཙུག་རྒྱན་ཆོས་རྗེ་པ། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །མཁྱེན་རབ་མཐར་སོན་བོ་དོང་རིན་པོ་ཆེ། །ཐུགས་རྗེའི་བདག་ཉིད་ཁྲོ་ཕུ་རིན་པོ་ཆེ། །མཐུ་སྟོབས་ཐོགས་མེད་ཡང་རྩེ་རིན་པོ་ཆེ། །རིན་ཆེན་བླ་མ་གསུམ་ལ་གསོལ་བ་འདེབས། །གཅིག་ཏུ་སྒྲུབ་ལ་བརྩོན་མཛད་གཉན་མཁར་བ། །རྒྱུད་སྡེའི་དབང་ཕྱུག་གཞོན་ནུ་བསོད་ནམས་ཞབས། །ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་དཔལ། །རྗེ་བཙུན་ཆོས་རྗེ་གསུམ་ལ་གསོལ་བ་འདེབས། །སེམས་ཀྱི་ཆོས་ཉིད་དྲི་མས་བསྒྲིབས་པ་རྣམས། །རྣམ་དག་དབང་བཞིའི་ཆོ་གས་སྨིན་བྱས་ནས། །བྱིན་རླབས་རིམ་པས་མཚོན་དུ་མེད་པའི་དོན། །ཆོས་ཉིད་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ས་བོན་བཅས་དང་ས་བོན་མེད་པ་ཡི། །རང་བྱིན་བརླབ་པའི་རིམ་པ་མཐར་ཕྱིན་ནས། །དབང་ཤེས་ཡུལ་ལ་རྒྱུ་བ་རབ་སྤངས་ནས། །ཐིག་ལེའི་རྣལ་འབྱོར་བསྒོམ་པར་བྱིན་གྱིས་རློབས། །རྣམ་པ་སྣ་ཚོགས་སྣ་ཚོགས་རྡོ་རྗེ་ཡི། །རྣལ་འབྱོར་གཉིས་ཀྱི་ཏིང་འཛིན་མཐར་ཕྱིན་པས། །ལུས་སེམས་བདེ་བ་ཆེན་པོའི་རོས་གང་ཞིང༌། །དེ་ཡང་སྟོང་པར་རྟོགས་པར་བྱིན་གྱིས་རློབས། །ལས་དང་དམ་ཚིག་ཆོས་དང་ཕྱག་ཆེན་སོགས། །ནོར་བུ་འགེངས་པའི་རྣལ་འབྱོར་མཐར་ཕྱིན་པས། །བརྟན་གཡོ་ཀུན་ལ་ཁྱབ་པའི་སྟོང་པ་ཉིད། །ཕྱག་རྒྱ་ཆེན་པོར་འཁྱུད་པར་བྱིན་གྱིས་རློབས། །སྤྲུལ་འཁོར་མེ་ཡིས་སྤྱི་བོའི་ཧཾ་ཡིག་ཞུ། །བདུད་རྩིའི་རྒྱུན་གྱིས་བདེ་བ་རྒྱས་བྱེད་པ། །ཛ་ལན་དྷ་རའི་རྣལ་འབྱོར་མཐར་ཕྱིན་པས། །བདེ་སྟོང་ཏིང་འཛིན་སྐྱེ་བར་བྱིན་གྱིས་རློབས། །གཟུང་འཛིན་ཀུན་བྲལ་དམིགས་མེད་སྟོང་པའི་ངང༌། །ཁམས་གསུམ་སྣོད་བཅུད་མཐའ་དག་སྡུད་བྱེད་པའི། །བསམ་མི་ཁྱབ་པའི་རིམ་པ་མཐར་ཕྱིན་པས། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །དཔལ་འཁོར་ལོ་བདེ་མཆོག་གི་རྫོགས་པའི་རིམ་པ་ལམ་རིམ་པ་ལྔའི་བླ་མ་རྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་འདི་ཡང་ཤཱཀྱའི་དགེ་སློང་བསམ་གཏན་པ་ཀུན་དགའ་བཟང་པོས་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག།  །། «༄། །རྩ་དབུ་མའི་ཁྲིད་ཀྱི་གསོལ་འདེབས།།»  ༈ །ན་མཿཤྲཱི་གུ་ར་ཝེ། བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཤིང༌། །ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་གཏན་སྤངས་ནས། །རང་དང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི། །རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །མི་འགྱུར་བདེ་བ་མཆོག་བརྙེས་རྣལ་འབྱོར་མ། །གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་བུ་པ། །ལྷག་པའི་ལྷ་ཡི་རྗེས་བཟུང་ཌེཾ་གི་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དོན་དམ་མཆོག་བརྙེས་གྲུབ་ཆེན་ཨནྟར་པ། །རྣམ་དག་ཏིང་འཛིན་མཐར་སོན་ཏི་ལོ་པ། །གསང་ཆེན་བསྟན་པ་རྒྱས་མཛད་ནཱ་རོ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལམ་བཟང་གསལ་མཛད་ཕམ་མཐིང་སྐུ་མཆེད་གཉིས། །ཟབ་མོའི་རྒྱུད་སྦྱང་ཀློག་སྐྱ་ཤེས་རབ་བརྩེགས། །འཇིག་རྟེན་མིག་གཅིག་རྗེ་བཙུན་བློ་གྲོས་གྲགས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཐའ་ཡས་རྒྱུད་སྡེའི་མངའ་བདག་ས་སྐྱ་པ། །རླབས་ཆེན་ཤེས་བྱའི་གནས་རིག་བསོད་ནམས་རྩེ། །མཁྱེན་བརྩེའི་དབང་ཕྱུག་རྗེ་བཙུན་རིན་པོ་ཆེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་མཁྱེན་གཉིས་པ་ས་སྐྱ་པཎྜི་ཏ། །རྒྱལ་བའི་རྒྱལ་ཚབ་འཕགས་པ་རིན་པོ་ཆེ། །འཇིག་རྟེན་ཆོས་བརྒྱད་སྤངས་པའི་དཀོན་མཆོག་དཔལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྩོན་པས་སྒྲུབ་པ་ལྷུར་ལེན་བྲག་ཕུག་པ། །འགྲོ་ཀུན་བརྩེ་བས་རྗེས་འཛིན་བློ་བརྟན་པ། །དེ་སྲས་ཐུ་བོ་དཔལ་ལྡན་ཚུལ་ཁྲིམས་མཚན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བའི་དགོངས་པ་གསལ་མཛད་ཆོས་ཀྱི་རྗེ། །བདེ་གཤེགས་བསྟན་པའི་ཁུར་འཛིན་རིན་པོ་ཆེ། །དམིགས་མེད་ཐུགས་རྗེའི་དབང་ཕྱུག་ཡེ་ཤེས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྣམ་མང་སྔོན་འགྲོའི་ཚོགས་ཀྱིས་རྒྱུད་སྦྱངས་ཤིང༌། །ཡང་དག་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས། །གསང་ཆེན་བྱིན་རླབས་རིམ་པས་སྨིན་བྱས་ཏེ། །རིམ་གཉིས་ལམ་ལ་འཇུག་པར་བྱིན་གྱིས་རློབས། །ཐ་མལ་སྣོད་དང་བཅུད་དུ་རབ་ཞེན་པའི། །ཀུན་རྫོབ་འཁྲུལ་བའི་སྣང་བ་མ་ལུས་ཀུན། །རྣམ་དག་ལྷ་ཡི་སྣང་བར་སྒྱུར་བྱེད་པའི། །མཁའ་སྤྱོད་བསྐྱེད་རིམ་བསྒོམ་པར་བྱིན་གྱིས་རློབས། །གཟུང་འཛིན་སྤྲོས་པ་སྐྱེད་བྱེད་རོ་རྐྱང་རླུང༌། །གཡས་གཡོན་འཕོ་བ་མེད་པར་བཀག་བྱས་ནས། །དབུ་མར་ཞུགས་པས་སྤྲོས་མེད་མཆོག་སྐྱེ་བའི། །རྫོགས་རིམ་དབུ་མ་བསྒོམ་པར་བྱིན་གྱིས་རློབས། །ཏིང་འཛིན་ལམ་གྱི་བར་ཆད་ཀུན་སྤངས་ཤིང༌། །མཐའ་ཡས་རྟོགས་པའི་ཡོན་ཏན་རབ་རྫོགས་ནས། །སྐུ་གསུམ་དབྱེར་མེད་མཁའ་སྤྱོད་ཆེན་པོ་ཡི། །གོ་འཕང་མྱུར་དུ་ཐོབ་པ་བྱིན་གྱིས་རློབས། །ཡང་ན་ཆོས་རྗེ་པའི་རྗེས་ལ། དམ་པས་བྱིན་བརླབས་ཚོགས་སྒོམ་རིན་པོ་ཆེ། །མཐའ་ཡས་མན་ངག་ཀུན་འཛིན་ཉན་ཆེན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བྲག་ཕུག་པ་མན་ཆད་སྔར་བཞིན། ཡང་ན། བློ་གྲོས་བརྟན་པའི་ཚབ་ཏུ། འགྲོ་བའི་བླ་མ་བསོད་ནམས་རྒྱལ་མཚན་ཞབས། །ཞེས་པ་བཅུག་པས་རུང་ངོ༌། །དཔལ་ནཱ་རོ་ཏ་པའི་མན་ངག་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་ཀྱི་རིམ་གཉིས་ལམ་གྱི་ཡན་ལག་དང་བཅས་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་ཤཱཀྱའི་དགེ་སློང་སྤོང་བ་པ་ཀུན་དགའ་བཟང་པོས་སྦྱར་བའོ།།  །། «༄། །རྩ་དབུ་མའི་ཉེ་བརྒྱུད་ཀྱི་གསོལ་འདེབས།།»  ༈ །ན་མཿཤྲཱི་གུ་ར་ཝེ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་ནཱ་རོ་པ་དང་ཕམ་མཐིང་པ། །ཤེས་རབ་བརྩེགས་དང་མལ་ཇོ་ས་སྐྱ་པ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །དཀོན་མཆོག་དཔལ་དང་ཆོས་རྗེ་བྲག་ཕུག་པ། །བསོད་ནམས་རྒྱལ་མཚན་དཔལ་ལྡན་ཚུལ་ཁྲིམས་དང༌། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །བསྐྱེད་རིམ་ཟབ་མོའི་མཁའ་སྤྱོད་རྣལ་འབྱོར་དང༌། །རྫོགས་རིམ་དབུ་མའི་རྣམ་འབྱོར་བསྒོམས་པའི་མཐུས། །བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེ་བ་དང༌། །མཁའ་སྤྱོད་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ནཱ་རོ་པའི་མན་ངག་གི་ཉེ་བརྒྱུད་ལ་གསོལ་བ་འདེབས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །། «༄། །བདེ་མཆོག་དཀར་པོའི་བརྒྱུད་འདེབས་སོ།། » ༈ །ན་མཿཤྲཱི་གུ་ར་ཝེ། ཟག་མེད་ཡན་ལག་བདུན་ལྡན་རྫོགས་སངས་རྒྱས། །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བདེ་ཆེན་སྒྱུ་མའི་གར་གྱིས་རྣམ་རོལ་པ། །རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས། །མ་བྱོན་སངས་རྒྱས་གསུམ་པ་འགྲོ་བའི་མགོན། །པཎ་ཆེན་ཤཱཀྱ་ཤྲཱི་ལ་གསོལ་བ་འདེབས། །གངས་ཅན་མཁས་པའི་དབང་པོ་ཆོས་ཀྱི་རྗེ། །ས་སྐྱ་པཎ་ཆེན་ཞབས་ལ་གསོལ་བ་འདེབས། །སྐད་གཉིས་སྨྲ་བའི་དབང་པོ་གཡག་སྡེ་པ། །བསོད་ནམས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ལྷག་པའི་ལྷ་ཡིས་རྗེས་བཟུང་ཟེ་དམར་པ། །སངས་རྒྱས་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །བྱང་སེམས་རྒྱལ་བའི་སྲས་པོ་རིན་པོ་ཆེ། །བསོད་ནམས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །སྡོམ་བརྩོན་ཚོགས་གཉིས་དཔལ་གྱིས་རབ་འབྱོར་པ། །གྲགས་པ་ཚུལ་ཁྲིམས་ཞབས་ལ་གསོལ་བ་འདེབས། །བཀའ་ལུང་རྒྱ་མཚོའི་མཛོད་འཛིན་བྱ་སྡེར་བ། །བྱང་ཆུབ་སེང་གེའི་ཞབས་ལ་གསོལ་བ་འདེབས། །འདྲེན་མཆོག་རྩ་བའི་བླ་མ་རྡོ་རྗེ་འཆང༌། །ས་བཟང་འཕགས་པའི་ཞབས་ལ་གསོལ་བ་འདེབས། །གསལ་སྟོང་འཛིན་མེད་བསྐྱེད་རིམ་རྣལ་འབྱོར་གྱིས། །གཟུང་འཛིན་སྤྲོས་པ་འགགས་པར་བྱིན་གྱིས་རློབས། །བདེ་སྟོང་དབྱེར་མེད་ཐིག་ལེའི་རྣལ་འབྱོར་གྱིས། །དགའ་བཞིའི་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །རིག་སྟོང་འགག་མེད་དོན་དམ་རྣལ་འབྱོར་གྱིས། །ཆོས་ཀུན་སྟོང་པར་རྟོགས་པར་བྱིན་གྱིས་རློབས། །བདེན་གཉིས་དབྱེར་མེད་བསྐྱེད་རྫོགས་རྣལ་འབྱོར་གྱིས། །ཟུང་འཇུག་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །བདེ་མཆོག་དཀར་པོའི་མན་ངག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་འདི་ཡང་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དོན་གཉེར་དག་གི་ངོར་སྦྱར་བའོ།།  །། «༄། །གསང་འདུས་འགོས་ལུགས་ཀྱི་བརྒྱུད་འདེབས།།»  ༈ །ན་མཿཤྲཱི་གུ་ར་ཝེ། སྐུ་གསུམ་དབྱེར་མེད་ལྷུན་གྲུབ་རྡོ་རྗེ་འཆང༌། །སྒྲ་འཛིན་རྣམ་དག་གསང་བདག་རྡོ་རྗེ་འཛིན། །རྒྱལ་བས་དབང་བསྐུར་ཨིནྡྲ་བྡྷུ་ཏི་ཆེ། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །གསང་སྔགས་བདག་པོ་ཀླུ་ཡི་རྣལ་འབྱོར་མ། །དངོས་གྲུབ་མཆོག་བརྙེས་བི་སུ་ཀལྤའི་ཞབས། །སྙིང་པོའི་དོན་རྟོགས་བྲམ་ཟེ་ས་ར་ཧ། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །དོན་དམ་སྤྲོས་བྲལ་རྟོགས་པའི་ཀླུ་སྒྲུབ་ཞབས། །མུ་སྟེགས་སྨྲ་བ་ངན་འཇོམས་འཕགས་པ་ལྷ། །དེ་ཉིད་དོན་མཐོང་ཤཱཀྱ་བཤེས་གཉེན་ཞབས། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །རིག་འཛིན་གྲུབ་པ་བརྙེས་པ་ཀླུ་ཡི་བློ། །རྒྱུད་རྒྱལ་གསལ་མཛད་དཔལ་ལྡན་ཟླ་བ་གྲགས། །རིམ་ལྔའི་དོན་སྒོམ་སློབ་པའི་རྡོ་རྗེ་ཞབས། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །རིག་པ་བརྟུལ་ཞུགས་མཆོག་སྤྱད་ནག་པོ་པ། །ཡན་ལག་བདུན་ལྡན་རྒྱལ་སྲས་ས་འདྲེས་པ། །བསླབ་གསུམ་རྣམ་དག་བརྩོན་འགྲུས་བཟང་པོའི་ཞབས། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཟུང་འཇུག་ཏིང་འཛིན་མཐར་ཕྱིན་སྒྲ་བསྒྱུར་འགོས། །གསང་སྔགས་བསྟན་པ་རྒྱས་མཛད་མང་ར་བ། །མཐའ་དྲུག་གསལ་མཛད་ཡེ་ཤེས་སེང་གེའི་ཞབས། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །མ་རིག་མུན་སེལ་ཉི་མ་སེང་གེའི་ཞབས། །ཤེས་རབ་ལུས་བརྟས་རྒྱལ་སྲས་ཉི་མ་ལྕམ། །འཕགས་པའི་ནོར་བདུན་དབང་འབྱོར་འཕགས་པ་སྐྱབས། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཉེས་ལྟུང་དྲི་མས་མ་གོས་གཞོན་ནུ་འོད། །ངེས་དོན་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཞབས། །ཡོན་ཏན་རྒྱ་མཚོ་འཕགས་འོད་རིན་པོ་ཆེ། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། །མཁས་གྲུབ་དམ་པ་དཔལ་ལྡན་ཚུལ་ཁྲིམས་ཞབས། །གྲུབ་པའི་དབང་ཕྱུག་དཔལ་ལྡན་བུདྡྷ་ཤྲཱི། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །རྣམ་དག་དབང་བཞིས་བདག་རྒྱུད་སྨིན་བྱས་ཤིང༌། །དམ་ཚིག་སྡོམ་པ་རྣམ་དག་དང་ལྡན་པས། །བསྐྱེད་རིམ་ཟབ་མོའི་རྣལ་འབྱོར་མཐར་ཕྱིན་ནས། །སྔགས་ཀྱི་ནུས་པ་ཐོབ་པར་བྱིན་གྱིས་རློབས། །ཐ་མལ་ཕྱི་རོལ་དངོས་པོར་འཛིན་པ་སྤངས། །སེམས་ཙམ་དངོས་པོར་རིགས་བརྒྱའི་ལྷ་རུ་ཤེས། །དེ་ཡང་ལྔ་དང་གསུམ་དུ་ལེགས་ཤེས་ནས། །གསང་ཆེན་རིགས་གཅིག་རྟོགས་པར་བྱིན་གྱིས་རློབས། །ལས་ཀྱི་རླུང་ལྔ་ཡེ་ཤེས་ལྔ་རུ་རིག །འབྲུ་གསུམ་སྔགས་ཀྱང་གསང་བ་གསུམ་དུ་རྟོགས། །སྒྲ་ཀུན་སྐྱེ་མེད་ནམ་མཁར་རབ་ཤེས་ནས། །མི་སྐྱེའི་བཟོད་པ་ཐོབ་པར་བྱིན་གྱིས་རློབས། །སེམས་ཀྱི་རང་བཞིན་དྲི་མ་གསུམ་སྤངས་ཤིང༌། །སྣང་བ་གསུམ་གྱི་མཚན་ཉིད་ཡང་དག་རིག །སྟོང་པ་གསུམ་པོ་རྣམ་པར་རིག་པ་ཡི། །ཡེ་ཤེས་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །རླུང་དང་རྣམ་ཤེས་ཡེ་ཤེས་གསུམ་པོ་ལས། །ཁམས་གསུམ་ཁྱབ་བདག་རྡོ་རྗེ་འཆང་གི་སྐུ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཡི། །འཇའ་ཚོན་ལྟ་བུར་ཐོབ་པར་བྱིན་གྱིས་རློབས། །ཀུན་རྫོབ་བདེན་པ་སྒྱུ་ལུས་རྣམ་དག་པས། །ནམ་མཁའ་ལྟ་བུར་གདོད་ནས་དྲི་མ་མེད། །མ་བཅོས་མི་འགྱུར་འདུ་འབྲལ་མེད་པ་ཡི། །དོན་དམ་བདེན་པ་རྟོགས་པར་བྱིན་གྱིས་རློབས། །བདེན་པ་གཉིས་པོ་རོ་གཅིག་མཉམ་པར་སྦྱོར། །འཁོར་དང་མྱ་ངན་འདས་པའི་རྟོགས་པ་སྤངས། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི། །ཟུང་འཇུག་ས་ལ་གནས་པར་བྱིན་གྱིས་རློབས། །དཔལ་གསང་བ་འདུས་པའི་ལམ་རིམ་པ་ལྔ་འགོས་ལུགས་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  «།།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྭ་རྩེ་སེམས་འཛིན་སྐྱོ་ལུགས་ཀྱི་བརྒྱུད་འདེབས།། » ༈ །ན་མཿཤྲཱི་བཛྲ་བྷེ་ར་ཝཱ་ཡ། ཡེ་ཤེས་ལྔ་ལྡན་རྡོ་རྗེ་འཆང་ཆེན་དང༌། །བདེ་ཆེན་དབང་ཕྱུག་ཡེ་ཤེས་མཁའ་འགྲོ་མ། །དུས་དགྲས་བྱིན་བརླབས་རོལ་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟུང་དུ་གསོལ། །མཁྱེན་པའི་གཏེར་ཆེན་འཇམ་དཔལ་བཤེས་གཉེན་དང༌། །ཐུགས་རྗེའི་བདག་ཉིད་གྲུབ་ཆེན་ཨ་གོ་གྷ། །མཐུ་སྟོབས་དབང་ཕྱུག་དོན་ཡོད་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བཟུང་དུ་གསོལ། །མཁས་གྲུབ་བླ་མས་རྗེས་བཟུང་འོད་འབྱུང་དང༌། །དེ་ཡི་རིགས་སྲས་སྐྱོ་སྟོན་སྐུ་མཆེད་གཉིས། །སྒྲུབ་པ་མཐར་ཕྱིན་ཇོ་སྲས་ཁམས་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟུང་དུ་གསོལ། །བརྟུལ་ཞུགས་སྤྱོད་མཛད་རིན་ཆེན་བརྟན་པ་དང༌། །རྒྱུད་འགྲེལ་གདམས་པའི་མཛོད་འཛིན་འོད་སྲུངས་ཞབས། །གྲུབ་པའི་དབང་ཕྱུག་གཉན་སྟོན་ཆོས་རྒྱལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་བཟུང་དུ་གསོལ། །མདོ་རྒྱུད་ཀུན་མཁྱེན་རིན་ཆེན་ཤེས་རབ་དང༌། །སེམས་དཔའ་ཆེན་པོ་ཐུགས་རྗེ་རིན་ཆེན་ཞབས། །འཇམ་དབྱངས་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟུང་དུ་གསོལ། །འཇིག་རྟེན་བྱ་བ་ཀུན་སྤངས་ཆ་གན་དང༌། །སྡེ་སྣོད་འཛིན་པ་ཀློག་སྐྱ་གྲགས་ཆེན་ཞབས། །མན་ངག་མཐར་སོན་ཀུན་མཁྱེན་གངས་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟུང་དུ་གསོལ། །ཤེས་བྱ་ཀུན་མཁྱེན་ས་བཟང་པཎ་ཆེན་དང༌། །གསང་སྔགས་རྒྱ་མཚོའི་མངའ་བདག་འཕགས་པའི་ཞབས། །ཐར་པའི་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟུང་དུ་གསོལ། །འགལ་རྐྱེན་སྤངས་ཤིང་མཐུན་རྐྱེན་སྒྲུབ་པའི་ལམ། །སྔོན་འགྲོའི་རྣལ་འབྱོར་ཉམས་སུ་བླངས་པའི་མཐུས། །བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པ་དང༌། །ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་རློབས། །མན་ངག་བཞི་ལྡན་བསྐྱེད་རིམ་རྣལ་འབྱོར་གྱིས། །ཐ་མལ་རྣམ་རྟོག་མཐའ་དག་རབ་སྤངས་ནས། །ཅི་སྣང་རྡོ་རྗེ་འཇིགས་བྱེད་དཀྱིལ་འཁོར་དུ། །རང་གི་རྒྱུད་ལ་འཆར་བར་བྱིན་གྱིས་རློབས། །སྐུ་གསུམ་སྒྲུབ་བྱེད་རྫོགས་རིམ་རྣལ་འབྱོར་གྱིས། །འགྱུར་མེད་བདེ་ཆེན་རང་བཞིན་ལྷན་ཅིག་སྐྱེས། །དངོས་པོ་ཀུན་གྱི་གནས་ལུགས་དམ་པའི་དོན། །ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །རིམ་གཉིས་ལམ་གྱི་བར་ཆད་ཀུན་ཞི་ཞིང༌། །མངོན་པར་རྟོགས་པའི་ཡོན་ཏན་རབ་རྒྱས་ནས། །སྐུ་བཞིའི་དབང་ཕྱུག་གཤིན་རྗེ་མཐར་བྱེད་ཀྱི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་མན་ངག་དགེ་བའི་བཤེས་གཉེན་སྐྱོ་ཡབ་སྲས་ཀྱི་ལུགས་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །། «༄། །སྤྲོས་མེད་ཀྱི་བརྒྱུད་འདེབས།། » ༈ །ཨོཾ་སྭ་སྟི། དཔལ་ལྡན་གཤིན་རྗེ་གཤེད་དང་བིརྺ་པ། །ཌོམྦྷི་པ་དང་གྲུབ་ཆེན་དཔལ་འཛིན་དང༌། །བློ་བཟང་སྙིང་པོ་དར་པཎ་ཨཱ་ཙརྻ། །ཤེས་རབ་རིན་ཆེན་རྣམས་ལ་གསོལ་བ་འདེབས། །འགྲོ་མགོན་ས་པ་མཆོག་ལྡན་ལེགས་པའི་བློ། །དཔལ་ལྡན་སེང་གེ་བུ་སྟོན་རིན་ཆེན་གྲུབ། །བསོད་ནམས་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ་ཞབས། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །གཟུང་འཛིན་སྤྲོས་པའི་སྣང་བ་སྣ་ཚོགས་ཀྱིས། །འཁོར་བའི་རྒྱ་མཚོ་ཆེན་པོར་ལྟུང་བྱེད་པའི། །གཡོ་བའི་སེམས་འདི་སྤྲོས་མེད་རྣལ་འབྱོར་གྱིས། །འོད་གསལ་དབྱིངས་སུ་ཐིམ་པར་བྱིན་གྱིས་རློབས། །ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །། «༄། །སྤྱོད་འཇུག་གི་བརྒྱུད་འདེབས།།  »༈ །ན་མོ་རཏྣ་ཏྲ་ཡཱ་ཡ། ཆོས་ཀྱི་རྒྱལ་པོ་ཐུབ་དབང་ཉི་མའི་གཉེན། །ས་བཅུའི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །རབ་དགའི་ས་བརྙེས་རྒྱལ་སྲས་ཞི་བ་ལྷ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་བརྗེད་གཟུངས་ཐོབ་པཎ་ཆེན་ལྔ་བརྒྱའི་ཚོགས། །བདུད་དཔུང་དགྲ་ལས་རྣམ་རྒྱལ་ཛེ་ཏཱ་རེ། །སེམས་དཔའ་ཆེན་པོ་ཙནྡྲ་ཀཱིརྟིའི་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱ་ཆེན་ལུང་གི་མཛོད་འཛིན་པུཎྱ་ཤྲཱི། །བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཀ་ན་ཤྲཱི། །ཐུགས་རྗེའི་དབང་ཕྱུག་བློ་གྲོས་ལེགས་པའི་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བས་ལུང་བསྟན་བློ་ལྡན་ཤེས་རབ་ཞབས། །ཐོས་བསམ་བསྒོམས་པས་རྒྱུད་ཕྱུག་གྲོ་ལུང་པ། །རིག་པའི་དབང་ཕྱུག་ཕྱྭ་པ་ཆེན་པོའི་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མཐའ་ཡས་མཁྱེན་པའི་དཔལ་མངའ་བསོད་ནམས་རྩེ། །རྟོགས་པའི་དབང་ཕྱུག་རྗེ་བཙུན་རིན་པོ་ཆེ། །ཤེས་བྱ་ཀུན་རིག་ས་སྐྱ་པཎྜི་ཏ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྡོམ་བརྩོན་འདུལ་བ་འཛིན་པ་བྱང་ཆུབ་དཔལ། །མང་ཐོས་སྒྲུབ་ལ་ཆེར་བརྩོན་བདེ་བ་དཔལ། །སྡེ་སྣོད་ཀུན་མཁྱེན་གྲགས་པ་གཞོན་ནུའི་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གནས་བརྟན་མཁས་པའི་དབང་པོ་བསོད་ནམས་གྲགས། །སྐྱེ་དགུའི་གཙུག་རྒྱན་བསོད་ནམས་རྒྱལ་མཚན་དཔལ། །གདམས་པའི་དབང་ཕྱུག་དཔལ་ལྡན་ཚུལ་ཁྲིམས་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ལྡན་བསྟན་པའི་རྒྱལ་མཚན་འཛིན། །བྱམས་དང་སྙིང་རྗེའི་དཔལ་འབྱོར་བཟང་པོ་ཅན། །བཀའ་དྲིན་མཉམ་མེད་དགེ་བའི་བཤེས་གཉེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་ཁོམ་བརྒྱད་སྤངས་འབྱོར་པ་བཅུ་ལྡན་པའི། །ལུས་རྟེན་ཕུན་ཚོགས་དལ་བ་ཐོབ་དུས་འདིར། །སྡིག་སྤངས་དགེ་བ་འབད་པས་བསྟེན་དགོས་ཞེས། །བསམ་གཏན་དགེ་བློ་སྐྱེ་བར་བྱིན་གྱིས་རློབས། །ཐེག་ཆེན་ལམ་གི་རྩ་བ་སེམས་བསྐྱེད་ཀྱི། །བསམ་ཡས་ཕན་ཡོན་རྣམ་མང་རྗེས་དྲན་པས། །སྨོན་དང་འཇུག་པའི་རིན་ཆེན་སེམས་བསྐྱེད་མཆོག །རྣམ་དག་ཆོ་གས་ལེན་པར་བྱིན་གྱིས་རློབས། །རིན་ཆེན་སེམས་དེ་རབ་ཏུ་གཟུང་བྱའི་ཕྱིར། །རྒྱལ་བའི་སྲས་ཀྱི་ལམ་མཆོག་ཚུལ་ཁྲིམས་གསུམ། །རྣམ་མང་མདོ་སྡེའི་ཚོགས་ལས་གང་གསུང་རྣམས། །ཚུལ་བཞིན་བསྲུང་སྡོམ་བྱེད་པར་བྱིན་གྱིས་རློབས། །སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང༌། །བསམ་གཏན་ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱི། །རང་ལ་སངས་རྒྱས་ཆོས་རྣམས་ཡོངས་རྫོགས་ནས། །རྒྱལ་སྲས་སྤྱོད་ལ་གནས་པར་བྱིན་གྱིས་རློབས། །བྱང་ཆུབ་ལམ་ལ་སྦྱངས་པའི་དགེ་རྩ་ཀུན། །རྨད་བྱུང་སྨོན་ལམ་བཟང་པོས་མཚམས་སྦྱར་ནས། །སྐུ་གསུམ་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་འདི་ནི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ།།  །། «༄། །ཞེན་པ་བཞི་བྲལ་གྱི་བརྒྱུད་འདེབས་སོ།།»  ༈ །ན་མཿཤྲཱི་གུ་ར་ཝེ། འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས། །རྒྱལ་སྲས་ཐུ་བོ་མགོན་པོ་འཇམ་པའི་དབྱངས། །དེ་ཡིས་རྗེས་བཟུང་རྗེ་བཙུན་ས་སྐྱ་པ། །སྐྱབས་མཆོག་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །རིག་པའི་གནས་ལྔ་མཐར་ཕྱིན་བསོད་ནམས་རྩེ། །མདོ་རྒྱུད་ཀུན་མཁྱེན་རྗེ་བཙུན་རིན་པོ་ཆེ། །ཐུབ་དབང་གཉིས་པ་ས་སྐྱ་པཎྜི་ཏ། །རྒྱལ་བའི་རྒྱལ་ཚབ་གསུམ་ལ་གསོལ་བ་འདེབས། །བསྟན་པའི་མངའ་བདག་འཕགས་པ་རིན་པོ་ཆེ། །ཐོས་བསམ་བསྒོམས་པས་རྒྱུད་ཕྱུག་དཀོན་མཆོག་དཔལ། །དངོས་གྲུབ་མཆོག་བརྙེས་ཆོས་རྗེ་བྲག་ཕུག་པ། །མཁས་གྲུབ་དམ་པ་གསུམ་ལ་གསོལ་བ་འདེབས། །སྐྱེ་དགུའི་གཙུག་རྒྱན་བསོད་ནམས་རྒྱལ་མཚན་དཔལ། །གདམས་པའི་དབང་ཕྱུག་དཔལ་ལྡན་ཚུལ་ཁྲིམས་ཞབས། །ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན་ཏེ། །འདྲེན་མཆོག་བླ་མ་གསུམ་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མའི་ཚོགས་ལ་གསོལ་འདེབས་ཀྱི། །མྱུར་མགྱོགས་ཐུགས་རྗེའི་སྤྱན་གྱིས་ལེགས་གཟིགས་ནས། །ཕུང་ཁྲོལ་གཞིར་གྱུར་ཚེ་འདིའི་སྣང་བ་ལ། །ཞེན་པ་གཏིང་ནས་ལོག་པར་བྱིན་གྱིས་རློབས། །ཅུང་ཟད་ཙམ་ཡང་བདེ་བའི་སྐབས་མེད་ཅིང༌། །བཟོད་དཀའི་སྡུག་བསྔལ་ཤིན་ཏུ་མི་བཟད་པས། །རྒྱུན་དུ་གདུང་བྱེད་ཁམས་གསུམ་འཁོར་བ་ལས། །ངེས་འབྱུང་དྲག་པོ་སྐྱེ་བར་བྱིན་གྱིས་རློབས། །སྲས་བཅས་རྒྱལ་བའི་བགྲོད་པ་གཅིག་པའི་ལམ། །བདག་གཞན་མཉམ་དང་བརྗེ་བའི་བྱང་ཆུབ་སེམས། །མ་གྱུར་འགྲོ་བའི་དོན་དུ་ལེགས་བསྒོམས་པས། །རང་དོན་ཡིད་བྱེད་བྲལ་བར་བྱིན་གྱིས་རློབས། །ཆོས་ཀུན་གདོད་ནས་རྨི་ལམ་སྒྱུ་མ་ལྟར། །སྣང་ཡང་བདེན་པས་སྟོང་པར་ཐག་ཆོད་ནས། །ཕྱོགས་འཛིན་ཀུན་བྲལ་ཟུང་འཇུག་དབུ་མའི་ལམ། །ཡང་དག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་ཞེན་པ་བཞི་བྲལ་གྱི་མན་ངག་གི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་འདི་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག།  །། «༄། །འཆི་འཇོམས་ཀྱི་བསྟོད་པ་བཞུགས།།»  ༈ །ན་མོ་བཛྲ་སཏྭ་ཡ། ཆོས་དབྱིངས་ཡེ་ཤེས་ལས་བྱུང་ཞིང༌། །རྣམ་སྣང་ཆེན་པོའི་ངོ་བོ་ཉིད། །གཏི་མུག་སྦྱོང་མཛད་སངས་རྒྱས་སྐུ། །ཕྱག་འཚལ་འཆི་བདག་འཇོམས་བྱེད་ལའོ། །མེ་ལོང་ཡེ་ཤེས་ལས་བྱུང་ཞིང༌། །མི་བསྐྱོད་རྡོ་རྗེའི་ངོ་བོ་ཉིད། །ཞེ་སྡང་འཇོམས་མཛད་རྡོ་རྗེའི་ཐུགས། །ཕྱག་འཚལ་མི་འཁྲུགས་མགོན་པོ་ལའོ། །མཉམ་ཉིད་ཡེ་ཤེས་ལས་བྱུང་ཞིང༌། །རིན་ཆེན་འབྱུང་ལྡན་ངོ་བོ་ཉིད། །སེར་སྣ་སྦྱང་མཛད་ཡོན་ཏན་མཆོག །ཕྱག་འཚལ་རིན་ཆེན་ཏོག་ཁྱོད་ལའོ། །སོར་རྟོག་ཡེ་ཤེས་ལས་བྱུང་ཞིང༌། །འོད་དཔག་མེད་ཀྱི་ངོ་བོ་ཉིད། །འདོད་ཆགས་སྦྱང་མཛད་པདྨའི་གསུང༌། །ཕྱག་འཚལ་ཚེ་དཔག་མེད་མགོན་ལའོ། །བྱ་གྲུབ་ཡེ་ཤེས་ལས་བྱུང་ཞིང༌། །དོན་ཡོད་གྲུབ་པའི་ངོ་བོ་ཉིད། །ཕྲག་དོག་སྦྱོང་མཛད་ཕྲིན་ལས་བདག །ཕྱག་འཚལ་དམ་ཚིག་གྲུབ་པ་ལའོ། །སྤྲིན་བཞིན་རྡོ་རྗེ་བདུག་པ་མ། །སོགས་གཞན་ཕན་མཐའ་ཡས་ལྟར་བྱེད། བཀའ་བཅུ་པ་རྒྱལ་མཚན་བཀྲ་ཤིས་ཀྱི་ཆེད་དུ་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་ཉེ་འདབས་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས། སློབ་བུ་ཐ་ཤལ་པ་གུ་རུས་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*