ཨ་རོག་ཆེས་འབུམ་བཞེངས་པའི་རབ་བྱེད།

༼བ༽

༄༅། །ཨ་རོག་ཆེས་འབུམ་བཞེངས་པའི་རབ་བྱེད་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྲིད་ཞིའི་བདེ་ལེགས་མ་ལུས་འབྱུང་བའི་གཞི། །རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། །དུས་གསུམ་རྒྱལ་བ་སྐྱེད་པར་བྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །རྒྱུ་ལམ་རྣམ་པའི་རང་བཞིན་སྐྱེ་མེད་པར། །བསྒོམ་པ་གོམས་ཤིང་སྦྱོར་བ་རྣམ་བཞི་ཡི། །ཕྲིན་ལས་བཅས་པའི་ཆོས་སྐུ་ལེགས་བརྙེད་པ། །བདེ་གཤེགས་སྐྱོབ་པ་རྣམས་ལ་ཕྱག་འཚལ་ལོ། །ཡི་གེའི་མིང་ཚིག་སྣ་ཚོགས་སྦྱོར་བ་ཡི། །བརྗོད་པས་བརྗོད་དུ་མེད་པའི་དོན་སྟོན་ཞིང༌། །ཟབ་ཅིང་སྤྲོས་བྲལ་ངང་དུ་ཞི་བྱེད་པ། །ཆགས་བྲལ་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །བགྲོད་པ་གཅིག་ལམ་ཆོས་ལ་ཞུགས་གྱུར་ཞིང༌། །སེམས་ཅན་ཀུན་དོན་བསྒྲུབ་པའི་གོ་བགོས་ནས། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོར་ཉེར་གཞོལ་བ། །རྒྱལ་སྲས་དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་ངོ་བོ་ཉིད་གྱུར་པ། །གང་ལས་དཀོན་མཆོག་གསུམ་དགེ་གསུམ་འབྱུང་ཞིང༌། །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་གྱུར་པ། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཐུབ་པའི་བསྟན་པ་ལྔ་བརྒྱ་བདུན་པའི་ཚེ། །རང་གིས་སྔོན་དགེ་སྤྱད་པའི་འབྲས་སྨིན་པས། །ཧོར་གྱི་རིགས་ཀྱི་གཙོ་བོར་ཉེར་བསྐྲུན་ཞིང༌། །བློ་དང་མཐུ་སྟོབས་ཕུན་སུམ་ཚོགས་གྱུར་པས། །འཛམ་གླིང་བྱང་ཕྱོགས་སྲིད་ལ་དབང་གྱུར་པའི། །རྒྱལ་པོའི་མཆོག་གྱུར་དེ་ནི་ཇིང་གིར་གན། །དེ་ཡིས་ལོ་གྲངས་སུམ་ཅུ་ལྷག་པ་རུ། །རྒྱལ་སྲིད་བསྐྱངས་ནས་དེ་སྲས་མཆོག་གྱུར་པ། །ག་གན་རྒྱལ་པོས་རྒྱལ་ཐབས་རིང་དུ་མཛད། །དེ་སྲས་གོ་ཡུག་གན་ཞེས་བྱ་བས་ཀྱང༌། །རྒྱལ་སྲིད་གཙོ་བོ་རྣམ་པར་ཐོབ་པར་གྱུར། །དེ་ཡི་ཡབ་མཆེད་མོ་གོ་གན་ཞེས་བྱ། །རྒྱལ་སྲིད་བཟུང་ནས་དེ་རྗེས་དེ་ཡི་གཅུང༌། །གོ་པེ་ལ་ཞེས་མཚན་དུ་རབ་གྲགས་པ། །དད་དང་ཤེས་རབ་བརྩེ་བའི་ངང་ཚུལ་ཅན། །བདེན་པའི་སྟོབས་ཀྱིས་ས་ཆེན་སྐྱོང་བ་ཡི། །རྒྱལ་ཆེན་ཉིད་གྱུར་བཙུན་མོའི་མཆོག་གྱུར་པ། །ཆའུ་ག་དུན་ཞེས་གྲགས་ཟུང་གི་སྲས། །ཇིམ་གྱིམ་མངྒ་ལ་དང་ནོ་མོ་གན། །དེ་དག་གི་གཅུང་ཨ་རོག་ཆེ་ཞེས་པས། །ཡབ་དང་གཅེན་གྱི་དྲི་ལན་བསབས་ཕྱིར་དང༌། །རང་གིས་རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །རྒྱ་བོད་ས་མཚམས་ཤིང་ཀུན་ཞེས་བྱ་བར། །ཤིང་ཕོ་ཁྱི་ལོའི་སྟོན་ཟླ་རྣམ་གསུམ་ལ། །དགེ་སློང་ད་རིག་ཞེས་བྱས་གཙོར་བྱས་པའི། །ཡིག་མཁན་རྣམས་དང་གཞན་ཡང་བཟོ་རིག་ལ། །མཁས་པ་ཤིན་ཏུ་མང་པོ་ཉེར་བསྡུས་ནས། །རྒྱལ་བའི་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིན། །སྟོང་ཕྲག་བརྒྱ་པ་གསེར་གྱི་རང་བཞིན་ལས། །ཉེ་བར་བསྒྲུབས་པའི་དགེ་བའི་རྩ་བ་འདིས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །གནས་སྐབས་རྒྱལ་པོ་མཆོག་དང་གཅེན་རྣམས་དང༌། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །རྟག་ཏུ་དམ་ཆོས་ཚུལ་བཞིན་སྤྱོད་པར་ཤོག །ཤིང་ཕོ་ཁྱིའི་ལོ་སྟོན་ཟླ་གསུམ་པའི་ཚེས་བཅུ་གསུམ་ལ་བྲིས་པའི་ཡི་གེའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*