ཆང་ལ་བསྔགས་པ་བདུད་རྩིའི་བུམ་པ།

༼བ༽

༄༅། །ཆང་ལ་བསྔགས་པ་བདུད་རྩིའི་བུམ་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པ་ལ་ཕྱག་འཚལ་ལོ། །ས་ཡི་སྙིང་པོ་འགྲོ་བའི་ཉེར་འཚོ་དང༌། །དེ་བཞིན་མེ་ཏོག་འབྲས་བུའི་ཚོགས་རྣམས་དང༌། །རྩི་སྨན་སྣ་ཚོགས་སྦྱར་བའི་ཕབས་དང་ནི། །འགྲོ་བའི་དག་བྱེད་གྱུར་པའི་ཆུ་གཙང་རྣམས། །སྣོད་དང་རྐྱེན་དང་སྣ་ཚོགས་སྦྱོར་བ་དང༌། །དུས་ཀྱི་འགྱུར་བ་བཟང་པོས་ཡོངས་སྨིན་པར། །བྱས་ཤིང་དྭངས་མའི་དྭངས་མ་ལེགས་བྱུང་བས། །འདི་ཡི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་ཡིན། །ཆེར་དྭངས་ཤེལ་ལྟར་སྣང་བའི་ལྦུ་བ་ཡི། །ཕྲེང་བ་མུ་ཏིག་ཕྲེང་བས་སྤྲས་འདྲ་བ། །མཐོང་བས་མིག་གི་དཔལ་ཏེ་ཆིལ་ཆིལ་སྒྲ། །ཐོས་པས་རྣ་བའི་དཔལ་ལ་བསུང་ངད་ཀྱིས། །དྲི་འཛིན་དབང་པོ་ཚིམ་པར་བྱེད་པ་ཡིན། །ཀུན་ནས་མྱངས་པས་ལྕེ་ཡི་དཔལ་ཡང་བདེ། །གྲང་དང་ཚ་བའི་ཚེ་ན་དྲོད་དང་ནི། །བསིལ་བྱེད་ལུས་ཀྱི་དབང་པོ་བདེ་བའི་རྒྱུ། །མྱ་ངན་ཐིབས་པ་སེལ་བའི་ཉི་མ་སྟེ། །དགའ་བདེའི་བསིལ་བ་བསྐྱོད་པའི་ཟླ་བ་ཡིན། །ཤེས་རབ་མེ་ལྕེ་འབར་བྱེད་རླུང་ཡིན་ལ། །སྨྲ་འདོད་རྣམས་ཀྱི་སྤོབས་པའི་དཔལ་ཡང་ཡིན། །གཡུལ་ངོར་ཞུགས་པའི་བརྟུལ་ཞུགས་སྐྱེད་བྱེད་ཅིང༌། །འདོད་ལྡན་རྣམས་ཀྱི་བདེ་བའང་རྒྱས་བྱེད་ཡིན། །ཞིར་འདོད་རྣམས་ཀྱི་རྒྱུད་ལ་འདི་ཡིས་ནི། །ཏིང་འཛིན་དམ་ལ་ལྷུག་པར་བསྐྱེད་པ་ཡིན། །དེ་ཕྱིར་འདི་ནི་བཏུང་བའི་ཕུལ་ཡང་ཡིན། །ལོངས་སྤྱོད་རྣམས་ཀྱི་སྙིང་པོར་གྱུར་བ་ཡིན། །དེ་སླད་འདི་ནི་མཆོད་འོས་མཆོད་པ་དང༌། །སྦྱིན་འོས་རྣམས་ལ་སྦྱིན་པར་བྱ་བ་ཡིན། །ཆང་ལ་བསྔགས་པའི་རབ་ཏུ་བྱེད་པ་བདུད་རྩིའི་བུམ་པ་ཞེས་བྱ་བ་ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*