མགོན་གཡག་ལ་བསྔགས་པ།

༼བ༽

༄༅། །མགོན་གཡག་ལ་བསྔགས་པ་བཞུགས།།

༄༅། །གང་ལུས་ཆར་སྤྲིན་ཕུང་པོ་ནི། །མཁའ་ལ་དྲག་ཏུ་གཡོ་ལྟར་སྣང༌། །དེ་ཡི་སྣ་དང་ཁ་སྒོ་ནས། །རླངས་པ་སྤྲིན་ནག་མཆེད་ལྟར་འཕྱུར། །ལྕེ་ནི་གློག་ལྟར་འགྱུ་བ་སྟེ། །ངུར་སྒྲ་འབྲུག་གི་སྒྲ་ལྟར་སྒྲོགས། །ཨིནྡྲ་ནཱི་ལའི་བྲག་ལྟ་བུའི། །རྨིག་པ་བརྡབས་པས་ས་གཞི་གཡོ། །ཤིན་ཏུ་བསྐྱོད་པའི་རྭ་ཙེ་ཡིས། །རི་བོའི་ལྷུན་ཡང་བསྙིལ་བར་ནུས། །མིག་གཉིས་ཉི་མ་ཟླ་བ་ནི། །སྤྲིན་མཐོང་མཁའ་ལ་གཡོ་བ་བཞིན། །རྔ་མ་ལྗོན་པ་རྒྱས་པ་འདྲ། །དེ་བསྐྱོད་པ་ཡིས་ནམ་མཁའི་སྤྲིན། །རྣམ་པར་འཐོར་བ་བཞིན་དུ་སྣང༌། །དེ་ཡི་སྒྲ་ཡིས་གླུ་སྒྲ་ཡང༌། །ཀུན་ནས་རབ་ཏུ་ཟིལ་གྱིས་གནོན། །འདི་འདྲ་གངས་ཅན་གནས་པ་ཡི། །རྐང་བཞི་པ་ཡི་ངོ་མཚར་ཏོ། །འདི་ཡིད་བསྒྲིན་པར་གནས་པ་ཡི། །རྐང་གཉིས་པ་ལའང་རབ་ཏུ་དཀོན། །དེ་འདྲ་བརྩེ་མེད་སྐྱེས་བུ་ཡི། །མཚོན་ལས་རབ་ཏུ་རྒྱལ་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*