རྒྱལ་བུ་ཇི་བིག་ལ་སྤྲིང་བ། ཡང་རྒྱལ་བུ་ཇི་བིག་ལ་སྤྲིང་བ། ཡང་རྒྱལ་བུ་ཇི་བིག་ལ་སྤྲིང་བ།

༼བ༽

༄༅། །རྒྱལ་བུ་ཇི་བིག་ལ་སྤྲིང་བ་བཞུགས།།

༄༅། །ཡེ་ཤེས་དཀྱིལ་འཁོར་རབ་རྒྱས་ཤིང༌། །སྒྲིབ་པའི་སྤྲིན་ལས་རྣམ་པར་གྲོལ། །ལེགས་པར་བཤད་པའི་འོད་འཕྲོ་བ། །སངས་རྒྱས་ཉི་མས་ཁྱོད་སྐྱོངས་ཤིག །སྤྲོས་མེད་ཞི་བའི་ངང་བསིལ་ཞིང༌། །རྣམ་རྟོག་རབ་རིབ་རྣམ་པར་འཕྲོགས། །ཆགས་པའི་གདུང་སེལ་འོད་འབྱིན་པ། །དམ་ཆོས་ཟླ་བས་ཁྱོད་སྐྱོངས་ཤིག །ཚུལ་ཁྲིམས་དག་པའི་དབྱིབས་མཛེས་ཤིང༌། །ཏིང་འཛིན་ཞི་བའི་མདངས་དང་ལྡན། །འདོད་དགུའི་དཔལ་འབྲས་ཀུན་སྦྱིན་པ། །དགེ་འདུན་རིན་ཆེན་ཁྱོད་སྐྱོངས་ཤིག །རིགས་གཟུགས་འབྱོར་པའི་དཔལ་ལྡན་ཞིང༌། །དད་དང་ཤེས་རབ་ཕུན་སུམ་ཚོགས། །ཁྱད་པར་བདག་ལ་རབ་འདུན་པ། །རྒྱལ་བུ་ཇི་བིག་དེ་མུར་ཁྱོད། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །སྟོན་པའི་བསྟན་པ་རྒྱས་བྱེད་ཅིང༌། །གཞན་ཡང་ཁྱོད་ཀྱིས་གང་དགོངས་པ། །དེ་ཀུན་ཆོས་བཞིན་འགྲུབ་གྱུར་ཅིག།  །། ༄༅། །ཡང་རྒྱལ་བུ་ཇི་བིག་ལ་སྤྲིང་བ་བཞུགས།། ༄༅། །སྤྲོས་པ་མེད་པའི་ངང་ཉིད་ལས། །སྤྲུལ་པའི་སྤྲོས་པ་སྤྲོ་མཛད་ཅིང༌། །སྤྲོས་དང་སྤྲོས་པ་མེད་པ་ཡི། །སངས་རྒྱས་མཉམ་ཉིད་ཆེན་པོར་འདུད། །རྒྱལ་བ་མཆོག་གི་རྗེས་ཞུགས་ཤིང༌། །རྒྱལ་བའི་སྲས་སུ་ཉེར་བསྐྲུན་ལ། །རྒྱལ་བུ་ཇི་བིག་དེ་མུར་ནི། །རྒྱལ་བ་རྣམས་ཀྱིས་སྐྱོང་གྱུར་ཅིག །སྤྲིང་ཡིག་འདི་ནི་གཟིགས་པས་ཁྱེད་ཀྱི་ཐུགས། །རྣམ་པར་བདེ་ཞིང་ཇི་ལྟར་དགོངས་པའི་དོན། །ཆོས་བཞིན་གྲུབ་ནས་བསྟན་དང་འགྲོ་བ་ཡི། །དཔལ་དུ་གྱུར་ནས་ཡུན་རིང་ཞབས་བརྟན་ཤོག།  །།

༄༅། །ཡང་རྒྱལ་བུ་ཇི་བིག་ལ་སྤྲིང་བ་བཞུགས།།

༄༅། མཁྱེན་པའི་དཔལ་ནི་རབ་གསལ་ཞིང༌། །ཐུགས་རྗེའི་དཔལ་ནི་ཉེར་འཇུག་ལ། །དུས་གསུམ་དཔལ་ནི་ཐོགས་མེད་པ། །སངས་རྒྱས་དཔལ་གྱིས་ཁྱེད་སྐྱོངས་ཤིག །རྒྱལ་བུ་ཇི་བིག་ལའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*