པཎྜི་ཏ་ལཀྵི་མ་ཀ་ར་ལ་སྤྲིང་བ།

༼བ༽

༄༅། །པཎྜི་ཏ་ལཀྵྨཱི་ཀ་ར་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགེ་སློང་བློ་གྲོས་ཀྱི་མིང་དང་ལྡན་པས། བློ་གྲོས་ཀྱི་ལུས་ཡོངས་སུ་དག་པ། སྒྲ་དང་ཚད་མའི་མིག་གཉིས་དང་ལྡན་ཞིང༌། སྙན་ངག་གི་དབྱངས་སྙན་པ། སྡེབ་སྦྱོར་གྱི་ལྕེའི་དབང་པོས་རྣམ་པ་དུ་མར་ཡོངས་སུ་འགྱུར་བའི་སྒྲ་དབྱངས་སྣ་ཚོགས་པ་ཀུན་ཏུ་སྒྲོགས་པས་མཁས་པའི་སྐྱེ་བོའི་ཡིད་འཕྲོག་པར་བྱེད་པའི་ངང་ཚུལ་ཅན། བྲམ་ཟེའི་པཎྜི་ཏ་ལཀྵྨཱི་ཀ་རའི་སྙན་དུ་གསོལ་པ། ཁྱེད་ཀྱི་རིགས་དང་ཀུན་ཏུ་སྤྱོད་པ་དང༌། ཡོན་ཏན་གྱི་ཚུལ་ཤོང་སྟོན་ལོ་ཙཱ་བའི་སྤྲིང་ཡིག་ལས་གསལ་བར་ཁུམས། དེང་སང་དཔལ་ས་སྐྱའི་གཙུག་ལག་ཁང་ན། པཎྜི་ཏ་དང་ལོ་ཙཱ་བའི་རྒྱུ་དང་རྐྱེན་ཟུང་དུ་འཇུག་པའི་བྱེད་པས། བསྟན་པའི་བྱ་བ་རྗེས་སུ་བསྒྲུབ་ཅིང༌། དོན་དུ་གཉེར་བའི་སྐྱེ་བོ་རྣམས་ཀྱི་བློའི་ཆུ་སྐྱེས་རྣམ་པར་རྒྱས་པར་བྱེད་པའི་ཚུལ་གསལ་བར་ཐོས་པས། སླར་ཡང་ཡིད་དགའ་བའི་ཆུ་གཏེར་རྣམ་པར་འཕེལ་བར་གྱུར། ཁོ་བོ་ཡང་འཕྲད་པར་འདོད་མོད། རེ་ཞིག་གནས་ཀྱིས་བསྐལ། དེ་ལྟ་ནའང་འདུན་པའི་ཡིད་ལས་བྱུང་བའི་ཚིག་རྣམ་པར་སྦྱར་བའི་ཡི་གེ་ཕན་ཚུན་མཐོང་བས་འཕྲད་ཅིང་གླེང་ལངས་བྱུང་བ་དང་ཅིའི་ཕྱིར་མི་མཚུངས། བོད་ཀྱི་ཡུལ་བསིལ་ཞིང་ཁམས་དང་རྗེས་སུ་མཐུན་པའི་ཁ་ཟས་མེད་པས་བསོད་ནམས་དང་ལྡན་པར་འགྱུར་བ་དཀའ་ཡང༌། གཞན་གྱི་དོན་ལ་ཉེ་བར་ཞུགས་པའི་བྱང་ཆུབ་སེམས་དཔའ་སྡུག་བསྔལ་བ་མཐོང་ཡང་གཞན་གྱི་དོན་ལ་འཇུག་པ་དང༌། མཁས་པའི་སྐྱེ་བོས་མཁས་པའི་བྱ་བ་རྗེས་སུ་བསྒྲུབ་པ་ལ་སྣ་ཚོགས་པའི་སྡུག་བསྔལ་ཁྱད་དུ་གསོད་པ། ཚུལ་ལུགས་ལགས་པར་མཁྱེན་གྲང༌། དེ་དེ་ལྟར་དགོངས་ནས། ད་དུང་དུ་ཡང་བལ་པོའི་ཡུལ་ཚུན་ཆད་དུ་ཡུན་རིང་དུ་བཞུགས་ནས། མཁས་པའི་བྱ་བས་གཞན་ལ་ཕན་པ་རྗེས་སུ་བསྒྲུབ་པར་ཞུ། དེ་ལྟར་ཞུ་བའི་རྟེན་དུ་ས་ལེ་སྦྲམ་སྲང་གང་པ་གཅིག་མཆིས། རྟ་ལོ་ཟླ་བ་གསུམ་པའི་ཚེས་ཉི་ཤུ་ལྔ་ལ་རྒྱ་ནག་ཅོང་ཏོར་བྲིས།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*