ཚ་རོང་པ་ལ་སྤྲིང་བ།

༼བ༽

༄༅། །ཚ་རོང་པ་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དམིགས་མེད་ཐུགས་རྗེའི་དཀྱིལ་འཁོར་རྒྱ་ཆེ་ཞིང༌། །ཇི་བཞིན་ཇི་སྙེད་མཁྱེན་པའི་འོད་ཟེར་ཅན། །འགྲོ་བའི་ཡིད་ལ་ཀུན་ཏུ་མཉམ་འཇུག་པ། །སངས་རྒྱས་སྐྱེ་དགུའི་སྒྲོན་མར་ཕྱག་འཚལ་ལོ། །དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་ནས། འཕགས་པས་ཚུལ་ཁྲིམས་རྣམ་པར་དག་ཅིང༌། སྤང་བ་དང༌། བསྒྲུབ་པའི་བརྟུལ་ཞུགས་དམ་པ་དང་ལྡན་པ། དགེ་བའི་བཤེས་གཉེན་ཚ་རོང་བའི་ཕྱག་དུ་སྤྲིང་བ། ཆོས་ཀྱི་འབྲེལ་པར་འགྱུར་བའི་ཡི་གེ་ཞིག་སྤྲིང་བར་ཞུ་གསུང་བ་དེ་བསྒྲུབ་པའི་ཕྱིར་ཚིགས་སུ་བཅད་དེ་བརྗོད་པ། ཚེ་འདིའི་སྣང་བ་རྨི་ལམ་ཇི་བཞིན་དུ། །གཡོ་ཞིང་མི་རྟག་བདེ་སྡུག་གང་མྱོང་བ། །དྲན་པའི་ཡུལ་ཙམ་འགྱུར་ཞིང་ཡུད་ཙམ་པས། །ཚེ་འདི་ལ་ནི་བློ་ལྡན་སུ་ཞིག་ཆགས། །བདེ་བར་སྣང་བ་གཡན་པ་ཕྲུག་འདྲ་ཞིང༌། །སྡུག་བསྔལ་རང་བཞིན་གློ་བུར་སྡུག་བསྔལ་གྱིས། །ཀུན་ཏུ་གདུང་ཞིང་རྒྱུན་མི་འཆད་པ་ཡི། །སྲིད་པ་འདི་ལ་མཁས་པ་སུ་ཞིག་དགྱེས། །རང་གི་ཡོན་ཏན་ཡོངས་སུ་མ་རྫོགས་ཤིང༌། །གཞན་གྱི་དོན་ཡང་ཀུན་ནས་ཉམས་གྱུར་ལ། །ཟད་ཅིང་ཡོངས་སུ་གཏུགས་པའི་ཆོས་ཉིད་ཅན། །མྱ་ངན་འདས་ལ་བརྩེ་ལྡན་སུ་ཞིག་སྨོན། །ཡོད་པར་འཛིན་པས་འཇིག་ཚོགས་ལྟ་བ་འཕེལ། །མེད་པར་ཞེན་པས་ངན་འགྲོའི་རྒྱུ་བསྒྲུབ་ལ། །གཉིས་ཀར་ལྟ་བས་ལྟ་ངན་རྣམ་འཕེལ་བའི། །མཚན་མ་ཉིད་དུ་ཤེས་ལྡན་སུ་ཞིག་ཞེན། །དེ་ལྟར་ཤེས་པས་ཞེན་པ་ཀུན་སྤངས་ཀྱང༌། །བརྩེ་བ་ཆེན་པོས་སྲིད་པ་མི་གཏོང་ཞིང༌། །ཐབས་ལ་མཁས་པས་ཚོགས་གཉིས་སྡུད་བྱེད་པ། །འདི་ནི་མ་འོངས་པ་ཡི་སངས་རྒྱས་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་ལྔ་པོ་འདི་ཆོས་ཀྱི་སྐྱེས་སུ་འབུལ་བ་ལགས། ཤེས་ནས་དད་པའི་ཡིད་དང་ལྡན་གྱུར་པ། །ཁྱོད་ཀྱི་ཐུགས་དགོངས་དགེ་བ་རྫོགས་བགྱིའི་སླད། །དེ་སྐད་བརྗོད་ལ་ནོངས་གང་བཟོད་པར་གསོལ། །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་པར་ཤོག །མེ་མོ་ཡོས་བུའི་ལོ་དབྱར་ཟླ་ཐ་ཆུངས་ལ་བྲིས་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*