སྡོམ་བརྩོན་ཞིག་ལ་སྤྲིང་བ།

༼བ༽

༄༅། །སྡོམ་བརྩོན་ཞིག་ལ་སྤྲིང་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་དབུས་སུ་ལེགས་འཁྲུངས་ཤིང༌། །ཡེ་ཤེས་བཞི་ཡི་རང་བཞིན་ལས་གྲུབ་ལ། །ཕྲིན་ལས་རྣམ་བཞིའི་བང་རིམ་ཉེར་མཛེས་པ། །རྒྱལ་བ་ལྷུན་པོའི་རྒྱལ་པོར་ཕྱག་འཚལ་ལོ། །འཕགས་པ་མིན་ཡང་འཕགས་པའི་མིང་ཅན་གྱི། །མངོན་སུམ་མིན་ཡང་མངོན་སུམ་ཇི་བཞིན་དུ། །དད་དང་དགའ་བའི་འཛུམ་ཟེར་ལེགས་བསྟན་ནས། །སྡོམ་བརྩོན་ཁྱེད་ཀྱི་སྙན་དུ་འདི་གསོལ་ལོ། །བདག་ཅག་བདེ་བར་ས་སྐྱའི་ཆོས་གྲྭར་སླེབ་བདོག ཁྱོད་ཀྱང་སྐུ་ཁམས་བདེ་ཞིང༌། བརྟུལ་ཞུགས་དྲི་མ་མེད་པ་ལ་གནས་ནས། གཅིག་ཏུ་དཀར་ཞིང་རྣམ་པར་དགེ་བའི་མཛད་སྤྱོད་འབའ་ཞིག་གིས་བདག་དང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོར་ཉེ་བར་གཞོལ་ཞིང་བཞུགས་པ་ཁུམས་ཤིང༌། ཁྱེད་ཐུགས་དགེ་བ་ལས་བྱུང་བའི། །སྤྲིང་ཡིག་མཐོང་བས་བདག་གི་ཡིད། །དགའ་བ་ངང་གིས་འཕེལ་བ་ནི། །དབྱར་གྱི་ཆུ་ཀླུང་ཇི་བཞིན་ནོ། །གཞན་ཡང་སྐབས་ཀྱི་དོན་ལ། སྐུ་ཁམས་ལེགས་པར་བཙའ་བར་ཞུ། ཐུགས་དམ་ལ་བརྩོན་པར་བསྐུལ་ཅི་འཚལ། ཁྱེད་ཀྱི་གསུང་ལྟར་ངེད་ཀྱིས་ཀྱང༌། ལྷ་སྡེ་མི་སྡེ་སྤྱི་ལ་གང་ཕན་པའི་བཀོད་པ་བྱེད་པ་ལགས། ཡི་གེའི་རྟེན་ལ་གསོལ་ཇ་བཟང་པོ་ཁོད་ཅིག་དང༌། ཐུགས་དམ་གྱི་ཞལ་ཁབ་རྒྱུ་དར་བར་མ་ཡུག་གཅིག་བདོག བསིལ་ཟེར་ཆུ་ཤེལ་ལ་ཕོག་ལྟར། །སྤྲིང་ཡིག་གཟིགས་པས་ཁྱེད་ཀྱི་ཐུགས། །དགྱེས་པའི་ཆུ་གཏེར་རབ་འཕེལ་ནས། །འགྲོ་བའི་ཉེར་འཚོའི་གནས་གྱུར་ཅིག །མེ་མོ་གླང་གི་ལོ། ཁྲའི་ཟླ་བའི་ཚེས་བཞི་ལ་ས་སྐྱར་བྲིས་པའི་ཡི་གེ་བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*