སེམས་བསྐྱེད་ཀྱི་ཆོ་ག་བསྡུས་པ།

༼བ༽

༄༅། །སེམས་བསྐྱེད་ཀྱི་ཆོ་ག་བསྡུས་པ་བཞུགས།།

༄༅། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འོ་ཉིད་ཅག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་བཞེད་པར་གདའ་བས། བདག་གིས་སེམས་བསྐྱེད་པའི་ཆོ་ག་བགྱི། དེ་ལ་འོ་སྐོལ་ཐམས་ཅད་ཀྱིས་སྐྱེ་བ་སྔ་མ་ལ་བསོད་ནམས་བསགས་པའི་སྟོབས་ཀྱིས་མིའི་ལུས་རིན་པོ་ཆེ་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ། དེ་ལྟར་གྱུར་པའི་གནས་སྐབས་འདིར་ཆོས་རེ་མ་བྱས། ལམ་སྣ་རེ་མ་ཟིན་ན་ཚེ་ལ་ངེས་པ་མེད་པས་ནམ་འཆི་མི་ཤེས། སྐྱེ་བ་ལ་རང་དབང་མ་ཐོབ་པས་གར་སྐྱེ་མི་ཤེས། ཅིས་ཀྱང་འཆི་ཞིང་སྐྱེ་བ་བཟང་ངན་གང་ལེན་ལས་དགེ་སྡིག་གི་རྗེས་སུ་འབྲང་བ་ལགས། ད་ལྟར་རང་དབང་ཡོད་པའི་སྐབས་འདིར་དཀར་པོའི་དགེ་བའི་ཆོས་རེ་བགྱིད་འཚལ། ཆོས་དེའང་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ་མུ་སྟེགས་དང༌། སོག་པོ་ལ་སོགས་པའི་ལམ་དེ་རྣམས་སྟོན་པ་འཁོར་བ་ལས་མ་གྲོལ། བསྟན་པ་ཉོན་མོངས་པའི་གཉེན་པོར་མི་འགྱུར་བས། ལམ་གྱི་ཚུལ་དེ་དག་ལ་འབད་པ་བགྱིས་ཀྱང་མཐོ་རིས་ཀྱི་འབྲས་བུའང་ཐོབ་པར་དཀའ་ན། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་སྨོས་ཅི་འཚལ། འོ་ན་ལམ་གང་གིས་གྲོལ་བར་འགྱུར་ན། འོ་སྐོལ་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བདག་ཉིད་འཁོར་བའི་ཉེས་པ་ལས་གྲོལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མཛད། ཉིད་ཀྱིས་ཇི་ལྟར་མངོན་དུ་མཛད་པ་ལྟར། གཞན་དག་ལའང་བསྟན་པས། སྟོན་པ་མྱ་ངན་ལས་འདའ་བར་བྱེད་པ་ཞེས་བགྱི་བ་ལགས། དེ་ལྟ་བུའི་སངས་རྒྱས་དེས་བསྟན་པའི་ཆོས་སྤྱིར་བསམ་གྱིས་མི་ཁྱབ་ནའང༌། ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལགས་པར་གདའ་བས། ཐེག་པ་ཆུང་ངུའི་ལམ་གྱིས་རང་ཉིད་ཞི་བར་བྱེད་ཙམ་མ་གཏོགས་པ། གཞན་གྱི་དོན་རྒྱ་ཆེན་པོ་དང་སངས་རྒྱས་ཐོབ་པའི་གགས་སུ་འགྱུར་བས། ཐེག་པ་དམན་པར་གསུངས་པ་ལགས། ཐེག་པ་ཆེན་པོ་འདི་བསམ་པ་དང་སྦྱོར་བ་རྒྱ་ཆེན་པོས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བགྱིད་པས་ཐེག་པ་ཆེན་པོའི་ལམ་འདི་ལ་ནན་ཏན་དུ་བགྱིད་འཚལ། ཐེག་པ་ཆེན་པོའི་དེའི་གཞི་དང་ལམ་གྱི་ངོ་བོར་གྱུར་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཡིན་པར་གསུངས། དེའང་དང་པོར་ཡང་དག་པར་བླངས་པ་ཞེས་བགྱི་བ་དགེ་བའི་བཤེས་གཉེན་ལས་ལེན་དགོས་པར་གདའ་ན། ཉིད་ཅག་ཕལ་ཆེར་གྱིས་སེམས་བསྐྱེད་པ་ཐོབ་པ་ལགས་པས་དེ་རྣམས་ཀྱི་བག་ཆགས་གསོ་ཞིང་གསལ་འདེབས་པ་དང༌། མ་ཐོབ་པ་རྣམས་ཀྱིས་ཐོབ་པར་བྱ་བའི་དོན་དུ། དེ་རིང་ཡང་སེམས་བསྐྱེད་པ་བགྱིད་པས། མདུན་གྱི་ནམ་མཁའི་གནས་སུ་བླ་མ་དམ་པ་བརྒྱུད་པ་དང་བཅས་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསྒོམ། དེ་རྣམས་ཀྱི་སྤྱན་སྔར་བདག་ལ་སེམས་བསྐྱེད་པ་གནང་བར་ཞུ་ཞེས་གསོལ་བ་འདེབས་པར་བསྒོམས་ལ་བདག་གི་ལད་མོ་མཛོད་ཅིག རིགས་ཀྱི་བུ་བདག་ལ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་བགྱིད་པ་དེ་ཁྱེད་ཀྱིས་བདག་ལ་གསོལ་བ་བཏབ་པ་ལགས། ད་བདག་གིས་ཀྱང་སེམས་བསྐྱེད་པའི་ཆོ་ག་བགྱིད་པ་ལགས། དེ་ལ་སྦྱོར་བ་དངོས་གཞི། རྗེས་རྣམ་པ་གསུམ་ཡོད་པ་ལས། ཐོག་མར་སྦྱོར་བའི་ཆོ་ག་ལ་བདུན་ཡོད་པའི་སེར་སྣའི་ལས་ཀྱི་སྒྲིབ་པ་དག་པར་བྱ་བའི་དོན་དུ་དཀོན་མཆོག་མཆོད་པ་བགྱི། དེ་ལ་ཐག་མར་བཀུར་སྟིའི་མཆོད་པ་ཞེས་བྱ་བ་ཕྱག་འཚལ་བ་ལགས་པས། བདག་གི་ལུས་དཔག་ཏུ་མེད་པར་སྤྲུལ་ལ་སེམས་ཅན་ཐམས་ཅད་དང་ཐབས་ཅིག་ཏུ་ཕྱག་འཚལ་བར་བསྒོམས་ལ། ཐལ་མོ་སྦྱོར་ལ་བདག་གི་ལད་མོ་མཛོད་ཅིག ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མསྶཾ་གྷཱ་ཡ། ན་མསྶརྦ་བུདྡྷ་བྷོ་དྷི་ས་ཏྭཱ་ནཱཾ། མནྟྲ་དེ་ཝ་ཏ། ཨོཾ་ན་མོ་གུ་རུ་བྷྱཿ ཞེས་ལན་གསུམ་བརྗོད། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ཐམས་ཅད་ལྷ་རྫས་ལས་གྲུབ་པ། ནམ་མཁའི་ཁམས་ཁྱབ་པས་བླ་མ་དང་དཀོན་མཆོག་གསུམ་མཆོད་པར་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པཱ་དྱཾ་པྲ་ཏཱིཙྪ། བཛྲ་པཱུཥྤེ། བཛྲ་དྷཱུཔྤེ། བཛྲ་ཨཱ་ལོ་ཀེ བཛྲ་གནྡྷེ། བཛྲ་ནཻ་ཝི་དྱེ། བཛྲ་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་དོ། །དེ་རྣམས་མཆོད་པ་ལགས། ད་ལོག་པའི་སྐྱབས་གནས་ལ་མོས་པའི་ལས་ཀྱི་སྒྲིབ་པ་སྦྱང་བ་དང༌། རྟེན་ཁྱད་པར་ཅན་ལ་བརྟེན་པའི་དོན་དུ་སྐྱབས་སུ་འགྲོ་བ་བགྱིད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་དུས་ད་ནས་བཟུང་ནས་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསྒོམས་ལ། བདག་གི་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་སྐྱབས་སུ་སོང་བས་སྐྱབས་ཁྱད་པར་ཅན་དང་བཅས་ཤིང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་དང་ལྡན་པར་གྱུར་པ་ལགས། ད་སྔོན་བསགས་ཀྱི་སྡིག་པ་ཐམས་ཅད་དག་པར་བྱ་བའི་དོན་དུ་སྡིག་པ་བཤགས་པར་བགྱིད་པ། བླ་མ་དང༌། དཀོན་མཆོག་གི་སྤྱན་སྔར་བདག་དང་སེམས་ཅན་ཐམས་ཅད་ཀྱིས་སྔར་བྱས་པའི་སྡིག་པ་ཐམས་ཅད་བཤགས། ཕྱིན་ཆད་ནུས་ཚད་ཀྱིས་བསྡམ་སྙམ་དུ་བསྒོམས་ལ་བདག་གི་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཚེ་ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པས། ལུས་དང༌། ངག་དང༌། ཡིད་ཀྱི་སྒོ་གསུམ་ནས། སྡིག་པ་མི་དགེ་བའི་ལས་བགྱིས་པ་ཐམས་ཅད་སོ་སོར་བཤགས་ཤིང་ཡང་མི་བགྱིད་དོ། །ཞེས་ལན་གསུམ་བརྗོད། དེས་སྡིག་པ་རྣམས་བསྲབས་ཤིང་དག་པར་འགྱུར་བ་ལགས། ད་དགེ་བའི་རྩ་བ་སྤེལ་བའི་དོན་དུ་རྗེས་སུ་ཡི་རང་བ་བགྱིད་པས་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པ། གཞན་གྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་སྙམ་དུ་བསྒོམས་ལ་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སོ་སོའི་སྐྱེ་བོ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིའོ། །དེས་རང་གི་རྒྱུད་ལ་དགེ་བའི་རྩ་བ་དཔག་ཏུ་མེད་པ་འཕེལ་བར་འགྱུར་བ་ལགས། ད་སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་བགྱི་བའི་དོན་དུ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བགྱིད་པས། རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ནས། སེམས་ཅན་ཐམས་ཅད་དང་ཐབས་གཅིག་ཏུ་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་ཕྱིན་ནས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལ་སོགས་པ་ཡོན་དུ་ཕུལ་ནས་ཆོས་གསུང་བར་ཞུ་བར་བསྒོམས་ལ་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རྣམ་པར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་བཞེད་པ་དེ་དག་ཐམས་ཅད་ལ། སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བགྱི་བའི་སླད་དུ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ་ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་བསྐུལ་བས་སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པར་འགྱུར་བའི་དགེ་བ་རང་རེ་རྣམས་ཀྱིས་ཐོབ་པར་འགྱུར་བ་ལགས། ད་ཆོས་ཀྱི་འཁོར་ལོ་དེ་རྒྱུན་མི་འཆད་པར་འབྱུང་བར་བྱ་བའི་དོན་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ལགས་པས། ཡང་རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་པ་དང༌། སེམས་ཅན་ཐམས་ཅད་དང་ཐབས་ཅིག་ཏུ་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་ཕྱིན་ཏེ། མཆོད་པའི་ཚོགས་རྣམས་ཀྱིས་མཆོད་ནས། འཁོར་བ་རྒྱུན་མ་ཆད་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་ཞུ་སྙམ་དུ་བསྒོམས་ལ་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་རྣམ་པར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་དགོངས་པ་དེ་དག་ཐམས་ཅད་ལ། འཁོར་བ་སྲིད་དུ་མྱ་ངན་ལས་མི་འདའ་བར་བཞུགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་གསོལ་བ་འདེབས་སོ་ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་གསོལ་བ་བཏབ་པས་སངས་རྒྱས་རྣམས་མྱ་ངན་ལས་མི་འདའ་བར་བཞུགས་ནས་སེམས་ཅན་རྣམས་ཀྱི་དོན་མཛད་པར་འགྱུར་བའི་དགེ་བ་རང་རེ་རྣམས་ཀྱིས་ཐོབ་པར་འགྱུར་བ་ལགས། ད་དགེ་བའི་རྩ་བ་དེ་དག་ཆུད་མི་འཛའ་བར་བྱ་བའི་དོན་དུ་ཆོ་གའི་རིམ་པ་ཚང་བར་བྱ་བའི་ཕྱིར་བསྔོ་བ་བགྱིད་པས་དགེ་བ་ཐམས་ཅད་ཡོངས་སུ་བསྔོ་སྙམ་བགྱིས་ལ་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གིས་དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེ་དག་གི་མཐུས། བདག་ཅག་གི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང༌། མཐར་ཕྱིན་པར་གྱུར་ཅིག་ཅེས་ལན་གསུམ་བརྗོད། དེ་ལྟར་བདུན་པོ་དེས་སྦྱོར་བའི་ཆོ་ག་ཡན་ལག་བདུན་པ་ཚང་བ་ལགས། ད་དངོས་གཞི་བགྱིད་པ་ལགས། དེ་ལ་ཐོག་མར་བསམ་པ་སྦྱང་བ་དང༌། བསམ་པ་འབྱོངས་ནས་དམ་འཆའ་བ་གཉིས་ཡོད་པ་ལགས། དེ་ལ་ཐོག་མར་བསམ་པ་སྦྱང་བ་བགྱི་བས་བདག་ཟེར་བ་བཞིན་བསྒོམ་པར་ཞུ། བདག་གི་ལུས་དང༌། ལོངས་སྤྱོད་དང༌། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་བྱིན་པས། སེམས་ཅན་རེ་རེས་ཀྱང་ཡོངས་སུ་རྫོགས་པར་ཐོབ་ནས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་དང་བྲལ། དགེ་བ་དང་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན། མྱུར་དུ་འཚང་རྒྱ་བའི་རྒྱུར་འགྱུར་བར་བསྒོམ་པར་ཞུ། དེས་བསམ་པ་སྦྱང་བ་ལགས། དེ་ལྟར་བསམ་པ་འབྱོངས་ནས་དམ་འཆའ་བ་ལགས་པས། སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་ལམ་རྣམས་ལ་རིམ་པ་བཞིན་དུ་བསླབ་པར་བགྱི་སྙམ་དུ་བསྒོམས་ལ་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་དེ་དག་གིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་སྦྱོར་བ་དང་དངོས་གཞི་གཉིས་ཀྱི་སྒོ་ནས་ཁྱེད་རྣམས་ཀྱིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཐོབ་པས། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་ཀུན། །བདེར་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར། རྒྱལ་བ་རྣམས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་འགྱུར་ཞིང༌། མྱུར་དུ་འཚང་རྒྱ་བའི་སྐལ་བ་དང་ལྡན། ལྷ་དང་བཅས་པའི་འཇིག་རྟེན་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཕྱག་བྱ་བའི་གནས་སུ་འགྱུར་བ་ལགས། ད་མཇུག་གི་ཆོ་ག་ལ་གཉིས་བདོག་པའི་ཐོག་མར་རང་དགའ་བ་བསྒོམ་པར་བགྱི་བས། བདག་བྱང་ཆུབ་སེམས་དཔར་གྱུར་པ་ཤིན་ཏུ་དོན་ཆེ། ད་རིགས་དང་མཐུན་པའི་སྤྱོད་པ་ལ་ཅི་ནས་ཀྱང་བསླབ་དགོས་སྙམ་དུ་བསྒོམས་ལ་ལད་མོ་མཛོད་ཅིག དེ་རིང་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །དེ་རང་དགའ་བ་བསྒོམ་པ་ལགས། །ད་གཞན་དགའ་བ་བསྒོམ་དུ་གཞུག་པར་བགྱི་བས། །བདག་ཅག་གིས་སེམས་བསྐྱེད་པ་ཐོབ་ཅིང༌། བྱང་ཆུབ་སེམས་དཔར་གྱུར་པས་བསྟན་པ་ལ་དགའ་བའི་ལྷ་ལ་སོགས་པ་ཐམས་ཅད་དགའ་བར་གྱིས་ལ། བདག་བྱང་ཆུབ་སྒྲུབ་པའི་གྲོགས་ཀྱང་མཛོད་ཅེས་བསྐུལ་བར་བསྒོམས་ལ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དག་གི །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་བརྗོད་དོ། །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཡོངས་སུ་རྫོགས་པ་ཐོབ་པ་ལགས། དེའི་བསླབ་པར་བྱ་བ་ལ་ནུས་ཚད་ཀྱིས་སྡིག་པ་མི་བྱེད། དབང་མེད་བྱ་དགོས་བྱུང་ན་བཤགས་པ་བྱ། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་རྒྱུན་དུ་བསྒོམ་པའི་བསླབ་པར་བྱ་བ་གལ་ཆེ་བ་རྣམས་འདུ་བ་ལགས་པར་གདའ། རྒྱས་པར་གཞན་དུ་མཁྱེན་པར་མཛད་འཚལ། ད་དགེ་བའི་རྩ་བ་ཐམས་ཅད་ཆུད་མི་འཛའ་ཞིང་མཐར་ཕྱིན་པར་བྱ་བའི་དོན་དུ་བསྔོ་བ་བགྱི་བས། རང་གཞན་གྱིས་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་བསམ་པ་རྣམ་པར་དག་པས་བསྡུས་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སངས་རྒྱས་ཐོབ་པའི་རྒྱུར་བསྔོ་སྙམ་དུ་བསྒོམས་ལ་ལད་མོ་མཛོད་ཅིག ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་གི་དགེ་བའི་རྩ་བ་འདི་དང༌། དགེ་བའི་རྩ་བ་གཞན་ཐམས་ཅད་གཅིག་ཏུ་བསྡོམས་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུའང་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་ལྷ་དང་མིའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག ཡང་དག་པའི་བླ་མ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་ནས་དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པ་རྒྱུད་ལ་སྐྱེས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་རྣམ་པ་བཞི་སྤྱད་ནས། ས་བཅུ་དང་ལམ་ལྔ་བགྲོད་དེ་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །གནས་སྐབས་སུའང་བདག་ཅག་ཐམས་ཅད་ཚེ་རིང་བ་དང༌། ནད་མེད་པ་དང༌། ལོངས་སྤྱོད་ཆེ་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*